ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཨཥྚ་ཨཾ་ག་ཧྲྀ་ད་ཡ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 198 · folio 44b

༄༅༅། །རྒྱ་གར་སྐད་དུ། ཨཥྚ་ཨཾ་ག་ཧྲྀ་ད་ཡ། སཾ་ཧིཏྟ་ནཱ་མ། བོད་སྐད་དུ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདོད་ཆགས་ལ་

སོགས་མ་ལུས་པ་ཡིནད། །རྒྱུན་དུ་འབྲེལ་པས་ལུས་ཀུན་མ་ལུས་ཁྱབ། །འདོད་དང་གཏི་མུག་ཁྲོ་བ་སེལ་བ་ཡི། །སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ལོ། །དེ་ནས་ཚེ་རིང་པར་འདོད་པའི་ལེའུ་བཤད་པར་བྱའོ། །རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་

རྣམས་ཀྱིས་འདི་ལྟར་བཤད་དོ། །ཚེ་ནི་རིང་པར་འདོད་པ་ཡིས། ཆོས་དང་ནོར་དང་བདེ་བ་བསྒྲུབ། །ཚེ་ཡི་རིག་བྱེད་ལུང་བཤད་པ། །རབ་ཏུ་གུས་པར་བྱ་བར་གྱིས། །ཚངས་པས་ཚེ་ཡི་རིག་བྱེད་དྲན། །སྐྱེ་དགུའི་བདག་ལ་བཤད་པ་ཡིན། །དེ་ཡིས་ཐ་སྐར་

དེས་བརྒྱ་བྱིན། །དེས་རྒྱུན་ཤེས་སྩོགས་དྲང་སྲོང་ལའོ། །དེ་ཡིས་མེ་བཞིན་འཇུག་ལ་སྩོགས། །དེ་རྣམས་ཀྱིས་རྒྱུད་སོ་སོར་བྱས། །ཤིན་ཏུ་འཐོབ་པ་དེ་རྣམས་ལས། །རབ་ཅེས་ཕལ་ཆེར་བཏུས་པ་ནི། །ཤིན་ཏུ་བསྡུས་མིན་རྒྱས་མིན་པར། །ཡན་ལག་བརྒྱད་

པའི་སྙིང་པོ་བྱས། །ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་ཙ། །གསོ་དཔྱད་གང་ལ་གནས་པ་ཡི། །ཡན་ལག་བརྒྱད་དུ་དེ་བཤད་དོ། །རླུང་དང་མཁྲིས་པ་བད་ཀན་ཡང་། །ཉེས་པ་རྣམ་གསུམ་མདོར་བསྡུས་ཡིན། །དེ་ནི་རྣམ་གྱུར་

མ་གྱུར་པས། །ལུས་ནི་འཇོམས་དང་གནས་པ་ཡིན། །དེས་ཁྱབ་གྱུར་ཀྱང་སྙིང་ག་དང་། །ལྟེ་བའི་འོག་བར་སྟེང་ན་གནས། །ན་ཚོད་ཉིན་ཞག་ཟས་ཟོས་ལ། །དེ་ནི་མཐའ་དབུས་སྩོགས་རྟོགས་རིམ། །དེས་ནི་འཇུ་བ་མི་སྙོམས་རྣོ། །ཆུང་དང་མཉམ་པས་

མཉམ་པར་འགྱུར། །དེ་ནི་ལྟོ་བ་སྲ་སྙི་རན། །མཉམ་པས་ཀྱང་ནི་བར་མར་འགྱུར། །སྐྱེ་བའི་དང་པོར་ཁུ་ཁྲག་གནས། །དུག་ཅན་སྲིན་བུའི་དུག་དང་མཚུངས། །དེ་ནི་རང་བཞིན་རྣམ་གསུམ་སྟེ། །ཆུང་འབྲིང་ཆེན་པོ་སོ་སོར་ལྟ། །མ་ལུས་པ་ལ་ཁམས་མཉམ་པ། །

Vol. 198 · folio 45a

མཆོག་ཡིན་ཉེས་པ་གཉིས་འབྱུང་སྨད། །དེ་ལ་རླུང་ནི་རྩུབ་ཅིང་ཡང་། །གྲང་ཞིང་སྲ་ལ་ཕྲ་ཞིང་གཡོ། །མཁྲིས་པ་སྨུམ་བཅས་རྣོ་ཞིང་དྲོ། །ཡང་ཞིང་དྲི་མནམ་འཁྲུ་ཞིང་གཤེར། །བད་ཀན་སྣུམ་བསིལ་ལྕི་བ་དང་། །རྟུལ་ཞིང་འཇམ་བརྟན་འབྱར་བ་གཅན། །

དེ་གཉིས་གསུམ་ཟད་འཁྲུགས་པ་ལས། །ལྡན་པ་དང་ནི་འདུས་པ་ཡིན། །ལུས་ཟུངས་དངས་མ་ཁྲག་དང་ཤ།།ཚིལ་དང་རུས་རྐང་ཁུ་ཆུ་སྟེ། །གནོད་བྱ་བདུན་ཡིན་དྲི་མ་གཅིན། །བཤང་བརྡུལ་ལ་སྩོགས་པ་ཡིན། །ཐམས་ཅད་མཉམ་པས་འཕེལ་འགྱུར་ཞིང་། །དེ་ལས་

བཟློག་པས་གནོད་པར་འགྱུར། །རོ་ནི་མངར་སྐྱུར་ལན་ཚྭ་དང་། ཚ་དང་ཁ་དང་བསྐ་བ་སྟེ། །རྫས་དྲུག་ལ་གནས་དེ་དག་ཀྱང་། །གོ་རིམས་བཞིན་དུ་སྟོབས་ཆེན་ཡིན། །དེ་ལས་དང་པོའི་གསུམ་པོ་ནི། །རླུང་འཇོམས་ཚྭ་སྩོགས་བད་ཀན་སེལ། །བསྐ་དང་ཁ་དང་

མངར་བ་ནི། །མཁྲིས་སེལ་གཞན་དག་སྐྱེད་པ་ཡིན། །དེ་ལྟར་རྫས་ནི་རྣམ་པ་གསུམ། །ཞི་འཁྲུགས་ཐ་མལ་གནས་ལ་ཕན། །དེ་ལ་ཚ་བསིལ་ཕུལ་བྱུང་བས། །ནུས་པ་རྣམ་པ་གཉིས་སུ་བཤད། །རྫས་ནི་ཁུ་བ་རྣམ་གསུམ་སྟེ། །མངར་སྐྱུར་ཚ་བའི་བདག་ཉིད་ཅན།

ཡོན་ཏན་ལྕི་རྟུལ་བསིལ་དང་སྣུམ། །འཇམ་དང་བསྐ་བ་མཉེན་དང་བརྟན། །ཕྲ་དང་བཅས་ཤིང་བསྐ་བག་ཅན། །དེ་བཟློག་པ་དང་ཉི་ཤུ་ཡིན། །དུས་དོན་ལས་ཀྱི་སྦྱོར་བ་རྣམས། །དམན་དང་ལོག་པར་ལྷག་པ་དང་། །ཡང་དག་སྦྱོར་བས་ནད་དང་ནི། །ནད་མེད་རྒྱུ་

གཅིག་ཡིན་ཞེས་བྱ། །ནད་ནི་ཉེས་པ་མ་སྙོམས་ཡིན། །ཉེས་པ་སྙོམས་པ་ནད་མེད་ཉིད། །དེ་ལ་ནད་ནི་རང་བཞིན་གནས། །གློ་བུར་ཆ་ཡིས་གཉིས་སུ་བཤད། །དེ་རྣམས་ལུས་སེམས་དབྱེ་བ་ཡིས། །གནས་ཀྱང་རྣམ་པ་གཉིས་ཡིན་ནོ། །འདོད་ཆགས་གཏི་

མུག་ཀྱང་ཡིད་ཀྱི། །ཉེས་པ་གཉིས་སུ་བསྟན་པ་ཡིན། །ནད་པ་བལྟ་དང་རེག་པ་དང་། །དྲིས་པ་ཡས་ནི་ཡོངས་སུ་བརྟག །ནད་ཀྱི་གཞི་ཡི་དང་པོའི་ཚུལ། །མཚན་ཉིད་ཉེར་བསྟེན་འཐོབ་པ་ཡིན། །ས་དང་ལུས་ཀྱི་བྱེ་བྲག་གིས། །འདི་ལ་ཡུལ་ས་རྣམ་གཉིས་བཤད། །

Vol. 198 · folio 45b

སྐམས་ཕལ་ཆེར་རླུང་སྐྱེད་ཅིང་། །རླན་ཅན་བད་ཀན་འཕེལ་བ་ཡིན། །ཆ་མཉམ་ཉེས་པ་མཉམ་པ་སྟེ། །ས་ཡི་ཕྱོགས་ནི་གསུམ་དུ་བཤད། །སྐད་ཅིག་ལ་སོགས་ནད་ཀྱི་སྐབས། །དུས་སུ་སྨན་ནི་སྦྱོར་བར་བྱེད། །མདོར་ན་སྨན་ནི་རྣམ་གཉིས་ཏེ། །སྦྱང་བ་དང་ནི་

ཞི་བའོ། །ལུས་ལས་བྱུང་བའི་ནད་རྣམས་ཀྱི། །རིམ་གྱིས་སྨན་གྱི་དམ་པ་ནི། །མས་གཏོང་བཀྲུ་སྨན་སློན་སྨན་དང་། །དེ་བཞིན་ཏིལ་མར་མར་སྦྲང་རྩི། །བློ་དང་བརྟན་བདག་སྩོགས་ཤེས་པ། །སེམས་ཀྱི་ཉེས་པའི་སྨན་མཆོག་ཡིན། །གསོ་བ་དག་ཏུ་བསྟན་

པ་ནི། །སྨན་པ་སྨན་དང་ནད་གཡོག་དང་། །ནད་པ་ཡན་ལག་རྣམ་བཞི་སྟེ། །རེ་རེའང་རྣམ་པ་བཞི་བཞི་ཡིན། །སྨན་པ་མཁས་སྟེགས་གཞུང་དོན་ཤེས། །ལས་རྣམས་མཐོང་བཞིན་གཙང་བ་ཡིན། །སྨན་ནི་ཆོ་ག་མང་པོ་དང་། །ཡོན་ཏན་མང་ལྡན་ཕུན་

ཚོགས་འཕྲོད། །ནད་གཡོག་རྗེས་བརྩེ་གཙང་སྦྲ་ཅན། །སྒྲིམ་ཞིང་བློ་དང་ལྡན་པ་ཡིན། །ནད་པ་ཕྱུག་ཅིང་བསྒོ་བ་ཉན། །ཤེས་པར་ནུས་ཤིང་སྙིང་སྟོབས་ལྡན། །སྨན་ཀུན་བཟོད་པར་ནུས་པའི་ལུས། །སྐྱེས་བུ་གཞོན་ཞིང་བདག་ཉིད་ཐུལ། །གནད་དུ་མ་སོང་

རྒྱུ་སྔར་ཚུལ། །མཚན་ཉིད་ཆུང་དང་གནོད་པ་མེད། །གནོད་བྱ་ཡུལ་དུས་རང་བཞིན་རྣམས། །མཚུངས་མིན་ཡན་ལག་ཕུན་སུམ་ཚོགས། །བཟའ་ནི་རྗེས་སུ་མཐུན་པ་ལ། །ཉེས་པ་ལམ་གཅིག་གསར་གསོ་སླ། །ནད་ནི་མཚན་སྩོགས་ཀྱིས་བཏབ་ཅིང་། །གསོ་

བ་དཀའ་ཞིང་དེ་ལས་འདྲེས། །ཚེ་ཡི་ལྷག་མ་ལུས་ཕྱིར་འཚོ། །གོ་བཟློག་པ་ལ་གོམས་ཕན་ཉིད། །བཅོས་པའི་ཐབས་མེད་ཉིད་དུ་འགྱུར། །ཤིན་ཏུ་ཕྱིན་ཅི་ལོག་པར་གནས། །འདོད་དང་རྨོངས་དང་ཁྲོ་བར་བྱེད། །འཆི་ལྟས་སྣང་ཞིང་དབང་པོ་ཉམས། །སྨན་པ་རྒྱལ་པོ་

ལ་སྡང་དང་། །དེ་དང་མི་མཛའ་སྡང་བ་དང་། །ཡོ་བྱད་མི་འབྱོར་བྲེལ་བ་དང་། །ཉན་དུ་མི་བཏུབ་ཚེ་ཟད་དང་། །གཏུམ་ཞིང་མྱ་ངན་ལ་མནན་འཇིགས། །བྱས་པ་མི་གཟོ་སྨན་བརྙས་སྤངས། །དེ་ནས་གཞན་ཡང་རྒྱུད་འདི་ཡི། །ལེའུ་བསྡུས་པ་བཤད་བྱ་སྟེ། །ཚེ་རིང་ཉིན་རེ་

Vol. 198 · folio 46a

དུས་སྤྱོད་དང་། །ནད་མེད་བྱ་དང་བཏུང་བ་དང་། །ཟས་ཤེས་བྱ་དང་ཟས་བསྡམ་དང་། །ཟས་ཚོད་སྨན་དང་རོ་ལ་གནས། །ནད་ཤེས་བྱ་དང་དེའི་དབྱེ་བ། །དེ་གསོ་བ་དང་གསོ་ཐབས་གཉིས། །སྦྱང་སྩོགས་སྣུམ་ཆོས་ཁྲུས་བརྟ་བྱ། །སྨན་དུང་ཁར་

དོར་མིག་བཀྲུ་དང་། །གསོ་དང་དབྱུང་ཐབས་ཟུག་རྔུ་མཚོན། །གཏར་དཔྱད་ཟུག་རྔུ་དབྱུང་བའི་དཔྱད། །མཚོན་དང་ཐལ་སྨན་མེ་བཙའི་ལས། །མདོག་ནས་ལེའུ་སུམ་ཅུ་ནི། །འདི་ཡིན་ལུས་ཀྱི་བརྗོད་བྱ་སྟེ། །མངལ་དུ་འཇུག་དང་དེའི་ནད་དང་། །ཡན་ལག་གནད་ཀྱི་བྱེ་

བྲག་དང་། །རྣམ་འགྱུར་བང་ཆེན་ལས་བྱུང་དྲུག །ནད་ཀུན་འབྱུང་བའི་ནད་གཞི་དང་། །རིམས་ཁྲག་དབུགས་མི་བདེ་གཅོང་སྩོགས། །ཆང་དང་གཞང་འབྲུམ་ཚད་པའི་ནད། །ཆུ་འགགས་གཅིན་ནི་སྙི་བ་དང་། །ཁོང་འབྲས་དམུ་རྫིང་དག་དང་ནི། །སྐྱ་རྦབ་མཛེ་ནད་རླུང་

གིས་གཟིར། །དྲེག་ནག་དག་དང་བཅུ་དྲུག་ཡིན། །རིམས་ནད་གསོ་དང་ཁྲག་དང་ནི། །ལུད་པ་དབུགས་མི་བདེ་དང་གཅོང་། །སློན་དང་ཆང་ནད་གཞང་འབྲུམ་དང་། །ཚད་ནད་ཕོ་བ་གཅིན་ནད་གཉིས། །ཁོང་འབྲས་སྐྲན་དང་དམུ་རྫིང་དང་། །སྦྱ་རྦབ་འོར་ནད་མེ་

དབལ་དང་། །མཛེ་དང་ཤ་བཀྲ་རླུང་ནད་དང་། །དྲག་ནད་གསོ་བའི་དཔྱད་རྣམས་ཏེ། །ལེའུ་ཉི་ཤུ་གཉིས་འདི་ཡིན།། །།དེ་ལས་གཞན་པ་ཆོ་ག་གྲུབ། །སྐྱུག་སྨན་བཀྲུ་སྨན་ཆོ་ག་དང་། །དེ་གྲུབ་མས་གཏོང་ཆོ་ག་དང་། །མས་གཏོང་ཉེས་གྲུབ་དྲུག་པ་ནི། །

སྨན་ཡིན་དེ་ནས་ཕྱི་མ་ནི། །བྱིས་པ་ཉེར་སྤྱོད་དེའི་ནད་དང་། །དེ་གདོན་འབྱུང་པོར་གཏོགས་པ་གཉིས། །སྨྱོ་དང་བརྗེད་བྱེད་སྩོགས་གཉིས་གཉིས། །མིག་ཆུ་རྫི་མའི་གྲྭ་མཚམས་དང་། །མིག་འབྲས་རབ་རིབ་མཐོང་ཉམས་གསུམ། །གཉིས་གཉིས་ཀུན་ལ་

འགྲོ་བ་ཡིན། །རྣ་ནད་སྣ་དང་ཁ་ནད་མགོའི། །རྨ་དང་ཆག་གྲུགས་མཚན་བར་རྡོལ། །འབྲས་སྩོགས་ཕྲ་མོའི་ནད་རྣམས་དང་། །གསང་བའི་ནད་ནི་ཐ་དད་གཉིས། །དུག་དང་སྦྲུལ་དང་སྲིན་བུའི་དུག །བྱི་བ་དང་ནི་བཅུད་ཀྱིས་ལེན། །བུ་མེད་ས་བོན་གསོ་བ་སྟེ། །

Vol. 198 · folio 46b

ལེའུ་བཞི་བཅུ་ཉིད་ཡིན་ནོ། །དེ་ལྟར་ལེའུ་ནི་བརྒྱ་ཉི་ཤུ། །གནས་ནི་དྲུག་ཏུ་བཤད་པ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། མདོའི་གནས་ཀྱི་ལེའུ་དང་པོའོ།། །།དེ་ནས་ཉིན་རེ་ཞིང་དཔྱད་པའི་ལེའུ་བཤད་པར་བྱའོ། །བདེ་གནས་ཚེ་ནི་

བསྲུང་བའི་ཕྱིར། །ཡུད་ཙམ་ཚངས་ཕྱིར་གནས་ཏེ་ལངས། །ལུས་ཀྱི་བྱ་བ་རྫོགས་བྱས་ནས། །དེ་ནས་གཙང་སྦྲའི་ཆོ་ག་བྱ། །ཨརྐ་ནྱ་གྲོ་དྷ་སེང་ལྡེང་། །ཀ་རཉྫ་ཀ་ཀུ་ལ་སྩོགས། །བསྐ་དང་ཚ་དང་ཁ་བ་དག །རྩེ་འཇམ་ནང་པར་ཟས་སྤྱད་ནས། །སོ་

དང་རྙིལ་ལ་མ་གནོད་པར། །སོ་ཡི་དག་བྱེད་བཅའ་བར་བྱ། །མ་ཞུ་སློན་བྲོ་དབུགས་མི་བདེ། །ལུད་པ་ལུ་རིམས་ཁ་ཡོན་ཅན། །སྐོམ་ཞིང་ཁ་སྐམས་སྙིང་མིག་རྣ། །མགོ་བོ་ན་བས་འདི་མི་བཅའ། །རྟག་ཏུ་མིག་སྨན་སྐྱེར་ཁཎྜ། །མིག་ལ་ཕན་པས་དེ་ཕྱིར་

བསྟེན། །དེ་ནི་མེ་ཡི་རང་བཞིན་ཏེ། །ལྷག་པར་བད་ཀན་ལ་འཇིགས་པས། །མཆི་མ་འཛག་ཕྱིར་སྐྱེར་ཁཎྜ། །ཞག་བདུན་ཞིང་ནི་བླུགས་པར་བྱ། །དེ་ནས་སྣ་སྨན་མཁུར་བཀང་དོར། །དུད་པ་སོ་རྩི་བསྟེན་པར་བྱ། །སོ་རྩི་གློ་འགྲམས་མཁྲིས་པ་ཁྲག །རྩུབ་

པས་མིག་ནི་ན་བ་དང་། །དུག་གིས་བརྒྱལ་ཞིང་ཆང་ནད་གཟིར། །ལུས་སྐེམ་གྱུར་ལ་གནོད་པ་ཡིན། །རྟག་ཏུ་བསྐུ་བྱུག་སྤྱོད་བྱེད་ན། །དེ་ནི་རྒས་ངལ་རླུང་འཇོམས་ཡིན། །མིག་གསལ་ལུས་རྒྱས་ཚེ་འཕེལ་ཞིང་། །གཉིད་འོད་པགས་འཇམ་རྟས་བྱེད་ཡིན། །

དེས་ནི་མགོ་དང་རྣ་བ་དང་། །རྐང་པ་ཁྱད་པར་རྟག་ཏུ་བརྟན། །བད་ཀན་སྐྱེས་དང་མ་ཞུ་དང་། །བཀྲུ་སྨན་སྩོགས་བཏང་བསྐུ་བྱུག་སྤང་། །ཡང་ཞིང་ལས་ནི་ནུས་པ་དང་། །མེ་ཡི་དྲོད་སྐྱེད་ཚུལ་འབྲི་ལ། །ལུས་ཀྱི་སྐབས་ཕྱེད་མཁྲེགས་པ་ཉིད། །རྩོལ་བ་ལས་ནི་

འབྱུང་བར་འགྱུར། །རླུང་མཁྲིས་ནད་ཅན་བྱིས་པ་དང་། །རྒས་ཤིང་འཁོགས་པས་དེ་སྤང་བྱ། །སྟོབས་ལྡན་སྣུམ་བག་ཟ་བ་དང་། །གྲང་བའི་དུས་དང་དཔྱིད་དུས་དང་། །ནུས་ལྡན་དག་གིས་དེ་བསྟེན་བྱ། །དེ་ལས་གཞན་ཚེ་དལ་བ་ཉིད། །དེ་བྱས་ཅི་བདེར་ལུས་དག་ནི། །ཀུན་

Vol. 198 · folio 47a

ནས་ཡོངས་སུ་མཉེ་བར་བྱ། །རྩོལ་བ་དེ་བྱས་ཟིན་ནས་ནི། །བདེ་བར་ལུས་ཀུན་གནས་པར་བྱ། །ཤིན་ཏུ་རྩོལ་བས་ལུད་པ་དང་། །སྐོམ་དང་གཅོང་ཅན་མི་དྲན་མུན། །ཁྲག་དང་མཁྲིས་རྒྱས་ངལ་དང་དུབ། །རིམས་དང་སློན་པ་འབྱུང་བར་འགྱུར། །

རྩོལ་བ་མི་ཉལ་ལམ་བུད་མེད། །དགོད་དང་སྨྲ་སོགས་ཤུགས་འབྱིན་དང་། །སེང་གེས་གླང་པོ་དྲངས་པ་བཞིན། །ཤིན་ཏུ་དྲགས་པས་མ་རུང་འགྱུར། །དྲིལ་ཕྱིས་བད་ཀན་སེལ་བ་དང་། །ཚིལ་ནི་རབ་ཏུ་ཞུ་བྱེད་ཅིང་། །ཡན་ལག་བརྟན་པར་བྱེད་པ་དང་། །པགས་པ་

གསལ་བར་བྱེད་པའི་མཆོག། །ཁྲུས་ནི་དྲོད་སྐྱེད་རོ་ཙ་དང་། །ཚེ་དང་མདངས་དང་སྟོབས་རབ་སྐྱེད། །གཡའ་དང་དྲི་མ་ངལ་དང་རྡུལ། །སྙོམ་སྐོམ་ལུས་ཚ་མི་ཤིས་སེལ། །ཆུ་དྲོན་གྱིས་ནི་ལུས་ཀྱི་སྨད། །བླུགས་ཤིང་བཀྲུས་པ་སྟོབས་སྐྱེད་ཡིན། །དེ་ཉིད་མགོར་བླུགས་

ཁྲུས་བྱས་ན། །སྐྲ་དང་མིག་གི་སྟོབས་འཕྲོག་ཡིན། །ཁྲུས་ནི་འགྲམ་ཆགས་མིག་ནད་དང་། །རྣ་བའི་ནད་དང་ཚད་པས་འཁྲུ། །ལྟོ་སྦོས་ཆམ་པ་མ་ཞུ་དང་། །ཟོས་མ་ཐག་པ་རྣམས་ལ་སྨད། །ཞུ་ནས་ཕན་ཞིང་རན་པར་ཟ། །བཤང་སྩོགས་ནན་གྱིས་བརྣག་མི་བྱ། །ཤུགས་མ་

ཕྱུང་བར་གཞན་མི་བྱ། །གནོད་ལས་མི་བདེ་བར་མ་ཡིན། །སེམས་ཅན་ཐམས་ཅད་བདེ་འདོད་ཕྱིར། །རྩོམ་པ་ཀུན་ལ་འཇུག་པར་འདོད། །བདེ་བར་ཆོས་མེད་པར་མ་ཡིན། །དེ་བས་ཆོས་ལ་བརྩོན་པར་བྱ། །མོས་པས་དགེ་བའི་བཤེས་གཉེན་བསྟེན། །ཅིག་ཤོས་

རིང་དུ་སྤང་བར་བྱ། །འཚེ་དང་བརྐུ་དང་འདོད་ལོག་སྤྱོད། །ཕྲ་མ་ངག་རྩུབ་བརྫུན་ཚིག་དང་། །མི་འབྲེལ་སྨྲ་དང་གནོད་སེམས་དང་། །བརྣབ་སེམས་ལྟ་བ་ཕྱིན་ཅི་ལོག །དེ་ལྟར་སྡིག་པའི་ལས་རྣམས་བཅུ། །ལུས་ངག་ཡིད་ཀྱིས་སྤང་བར་བྱ། །ཕོངས་པ་ནད་པ་

མྱ་ངན་གཟིར། །ཅི་ནུས་པར་ནི་ཕན་གདགས་བྱ། །འབུ་སྲིན་གྲོག་སྦུར་དག་ལ་ཡང་། །རང་དང་འདྲ་བར་རྟག་ཏུ་བལྟ། །ལྷ་དང་དགེ་སློང་བྲམ་ཟེ་དང་། །སྨན་པ་རྒན་རྒྱལ་མགྲོན་པོས་མཆོད། །སློང་ལ་རྒྱབ་ཀྱིས་ཕྱོགས་མི་བྱ། །བརྙས་པར་མི་བྱ་ཚར་མི་གཅད། །

Vol. 198 · folio 47b

གནོད་པར་བྱེད་བརྩོན་དགྲ་གཞན་ལའང་། །ཕན་གདགས་པ་ནི་གཙོ་ཆེར་བྱ། །འབྱོར་དང་རྒུད་ལའང་ཡིད་གཅིག་བྱ། །རྒྱུ་ལ་ཕྲག་དོག་འབྲས་བུ་མིན། །དུས་སུ་ཕན་དང་རན་པར་སྨྲ། །སླུ་བ་མེད་ཅིང་ངེས་པར་བྱ། །བཞིན་འཛུམ་གསོང་པོར་སྨྲ་བ་དང་། །སྤྱོད་པ་

བཟང་ཞིང་སྙིང་རྗེ་འཇམ། །གཅིག་པུ་བདེ་མིན་ཐམས་ཅད་ལ། ཡིད་མི་བརྟན་ཞིང་དོགས་མི་བྱ། །སུ་ཡང་བདག་གི་དགྲ་ཡིན་དང་། །བདག་ནི་སུ་ཡི་དགྲར་གྱུར་དང་། །བརྙས་དང་བདག་ལ་གཙོ་བོ་ནི། །མི་བྱམས་ཞེས་ནི་སྨྲ་མི་བྱ། །འགྲོ་བའི་བསམ་

པ་ཤེས་ནས་ནི། །གང་ཞིག་ཇི་ལྟར་ཡོངས་མགུ་བ། །དེ་ལ་དེ་བཞིན་རྗེས་འཇུག་ཅིང་། །གཞན་དག་དགའ་བྱེད་མཛངས་པ་ཡིན། །དབང་པོ་གཟིར་བར་མི་བྱ་ཞིང་། །འདི་རབ་ཉམས་བདེར་བྱ་བའང་མིན། །ཚོམས་གསུམ་མེད་པའི་རྩོམ་པ་ལ། །མི་བསྟེན་དེ་དང་

འགལ་མི་བྱ། །ཆོས་རྣམས་ཀུན་གྱི་ལམ་ལ་ནི། །དབུ་མའི་ལམ་གྱི་རྗེས་འཇུག་བྱ། །སྐྲ་སེན་ཁ་སྤུ་རིང་མི་གཞག །སྒོ་དགུ་རྐང་པ་དྲི་མེད་བྱ། །ཁྲུས་ལ་དགའ་ཞིང་དྲི་ཞིམ་བསྒོ། །ཆ་ལུགས་བཟང་ཞིང་མི་འཕྱར་སྤ། །རིན་ཆེན་གྲུབ་པའི་གསང་སྔགས་དང་། །

སྨན་ཆེན་རྟག་ཏུ་བཅང་བར་བྱ། །གདུགས་དཀར་ལྷམ་དང་ལྡན་པ་ནི། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ། །མཚན་མོ་དོན་ཆེན་དག་ལ་ནི། །དབྱིག་ཐོགས་མགོ་དཀྲི་གྲོགས་ལྡན་བྱ། །མཆོད་རྟེན་མཆོད་བྱ་རྒྱལ་མཚན་དང་། །མི་ཤིས་གྲིབ་མ་ཐལ་ཕུབ་དང་། །མི་

གཙང་གསེག་བོད་གཏོར་མ་དང་། །ཁྲུས་བྱས་ས་ནི་འགོམ་མི་བྱ། །ཆུ་བོར་རྒྱལ་ཏེ་འགྲོ་མི་བྱ། །མེ་ཆེན་ཕུང་པོར་འགྲོ་མི་བྱ། །ཐེ་ཚོམ་བཅས་པའི་གྲུ་ཤིང་ལ། །བཞོན་པ་མི་བསྲུན་བཞིན་མི་འཛེག །སྦྲིད་པ་གད་མོ་གླལ་བ་ལ། །ཁ་ནི་གདངས་པར་མི་བྱའོ། །

སྣ་ནི་བྲུད་པར་མི་བྱ་ཞིང་། །དོན་མེད་ས་རིས་མི་བྱའོ། །ལུས་ཀྱི་ཡན་ལག་མི་གཅུ་ཞིང་། །ཙོག་ཙོག་པོར་ཡང་འདུག་མི་བྱ། །ལུས་ངག་ཡིད་ཀྱི་སྤྱོད་པ་ནི། །སྔ་ནས་ངལ་ལས་བཟློག་པར་བྱ། །བུས་འགྲེང་ཡུན་རིངས་གནས་མི་བྱ། །མཚན་མོ་ཤིང་དྲུང་བསྟེན་མི་བྱ། །

Vol. 198 · folio 48a

སུམ་མདོ་མཆོད་རྟེན་དྲུང་བཞི་མདོ། །ལྷའི་ཁང་པ་ཡང་དེ་བཞིན་ནོ། །གསོད་ས་འབྲོག་སྟོང་ཁང་སྟོང་དང་། །དུར་ཁྲོད་དུ་ནི་ཉིན་མོའང་མིན། །རྣམ་ཀུན་ཉི་མ་ལ་མི་བལྟ། །མགོ་ཡིས་ཁུར་ནི་བསྐུར་མི་བྱ། །ཤིན་ཏུ་ཕྲ་དང་འཚེར་བ་དང་། །མི་གཙང་མི་

སྡུག་རྒྱུན་མི་བལྟ། །ཆང་འཚོང་བ་དང་སྦྱོར་བ་དག །སྦྱིན་དང་ལེན་ལ་སྤྱད་མི་བྱ། །མདུན་གྱི་སེར་བུ་ཉི་ཚན་རྡུལ། །བ་མོ་དང་ནི་རླུང་རྩུབ་དང་། །སྦྲིད་བསྒྲེགས་པ་ལུད་པ་ཟས། །གཉིད་ལོག་ཉལ་པོ་གཅུ་མི་བྱ། །གད་ཁའི་གྲིབ་མ་རྒྱལ་པོ་སྡང་། །སྦྲུལ་གདུག་

གཅན་གཟན་རྭ་ཅན་དང་། །དུས་མཚམས་དག་ཏུ་ཟས་བཟའ་དང་། །བུད་མེད་ཉལ་ཀློག་སེམས་ལས་དང་། །དགྲ་བོའི་ནར་མར་ཟན་ཚོགས་འདུས། །སྨད་འཚོང་ཚོང་པའི་ཟས་དག་དང་། །ལུས་དང་མཆུ་དང་སེན་སྒྲ་འབྱིན། །ལག་པ་སྐྲ་ནི་སྤྲུགས་པ་དང་། །ཆུ་མེ་

མཆོད་བྱའི་བར་དུ་འགྲོ། །རོ་བསྲེགས་ལ་བརྟེན་དུད་པ་དང་། །ཆང་སྩོགས་ཆགས་དང་བུད་མེད་ལ། །ཡིད་རྟོན་རང་དབང་གྱུར་པ་སྤང་། །བློ་ལྡན་སྤྱོད་པ་ཐམས་ཅད་ལ། །འཇིག་རྟེན་ཉིད་ནི་སློབ་དཔོན་ཡིན། །དེ་བས་འཇིག་རྟེན་པ་ཡི་དོན། །རྟོགས་པར་བྱེད་པས་དེ་ཉིད་བྱ། །

སྙིང་རྗེས་བརླན་ཞིང་གཏོང་དང་ལྡན། །ལུས་དང་ངག་ཡིད་དུལ་བ་དང་། །གཞན་གྱི་དོན་ལ་རང་དོན་སེམས། །དེ་དག་དམ་པའི་སྤྱོད་མཐར་ཐུག །ད་ལྟར་བདག་ནི་ཉིན་མཚན་དུ། །ཇི་ལྟ་བུར་ནི་གནས་འགྲོ་ཞེས། །རྟག་ཏུ་དྲན་པ་ཉེར་འཇོག་པ། །སྡུག་བསྔལ་སྣོད་དུ་མི་

འགྱུར་རོ། །དེ་ལྟར་སྤྱོད་པ་མདོར་བསྡུས་པས། །གང་ཞིག་ཀུན་ཏུ་སྤྱོད་བྱེད་པ། །ཚེ་དང་ནད་མེད་དབང་ཕྱུག་དང་། །གྲགས་པ་འཇིག་རྟེན་རྟག་འཐོབ་འགྱུར། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་གཉིས་པའོ།། །།དེ་ནས་དུས་སུ་

སྤྱོད་པའི་ལེའུ་བཤད་པར་བྱའོ། །དགུན་ཟླ་ར་བ་སྩོགས་གཉིས་གཉིས། །རིམ་བཞིན་དུས་ནི་དྲུག་ཏུ་བཤད། །དེ་ལས་དགུན་ཟླ་ཐ་ཆུངས་སྩོགས། །གསུམ་ནི་བྱང་དུ་འགྲོ་ཞེས་བྱ། །དེ་ཚེ་མི་རྣམས་ཉིན་རེ་བཞིན། །མཐུ་འཕྲོགས་པ་ཞེས་བྱ་བ་ཡིན། །དེ་ཚེ་ཤིན་ཏུ་རྣོ་

Vol. 198 · folio 48b

ཞིང་ཚ། །རྩུབ་པའི་ལས་ཀྱི་ངོ་བོ་ཉིད། །ཉི་མ་རླུང་གི་ཟླ་བ་ཡི། །ས་ཡི་ཡོན་ཏན་ཟད་པར་བྱེད། །འདིར་ནི་ཚབ་སྐ་ཁ་བ་ཡི། །རོ་རྣམས་སྟོབས་ནི་ཆེ་བ་ཡིན། །དེ་བས་མེ་ནི་མཐུ་སྟོབས་འཕྲོག །ལྷོ་ཕྱོགས་སུ་ནི་འགྲོ་བའི་དུས། །དབྱར་ལ་སོགས་པའི་སླར་

སྟོབས་སྐྱེད། །འདི་སྟོབས་སླར་ནི་སྐྱེད་པས་ན། །འདིར་ནི་བསིལ་བས་ཟླ་བ་ནི། །སྟོབས་དང་ལྡན་པས་ཉི་མ་འབྲི། །ཆར་འབབ་པ་དང་རླུང་བསིལ་བས། །ས་སྟེངས་ཚ་བ་ཞི་བ་ན། །འདིར་ནི་སྣུམ་དང་སྐྱུར་ལན་ཚྭ། །མངར་བའི་རོ་རྣམས་མཐུ་སྐྱེད་དོ། །

དགུན་ཚེ་ཆར་དང་ཚ་དུས་སུ། །སྟོབས་ཆུང་ལྷག་མ་དག་ལ་འབྲིང་། །སྟོབས་ལྡན་གྲང་བས་བཀག་པས་ན། །དགུན་གྱི་དུས་སུ་མེ་སྟོབས་ལྡན། །དེ་ནི་རླུང་གིས་སྦར་བས་ན། །ཟས་ཉུང་གྱུར་ན་ལུས་ཟུངས་སྐེམས། །དེ་བས་དགུན་ནི་མངར་སྐྱུར་དང་། །ལན་ཚྭའི་རོ་ནི་

བསྟེན་པར་བྱ། །དེ་ཚེ་མཚན་མོ་རིང་བས་ན། །ནང་པར་ཉིད་ནི་བཀྲེས་པར་འགྱུར། །ངེས་པར་བྱ་བ་བྱས་ནས་ནི། །ཇི་སྐད་བཤད་རྫོགས་དེ་རྗེས་ལ། །རླུང་འཇོམས་ཏིལ་མར་གྱིས་བྱུག་ཅིང་། །སྤྱི་བོའང་ཏིལ་མར་གྱིས་བྱུག་མཉེ། །བག་ཡོད་པ་དང་སྟོབས་འགྱེད་ཅིང་། །རྐང་པས་རན་པར་མཉེ་བར་བྱ། །

དེ་ནས་བསྐ་བས་སྣུམ་བསལ་ལ། །ཆོ་ག་བཞིན་དུ་ཁྲུས་དག་བྱ། །གུར་གུམ་གླ་རྩི་དང་བཅས་པས། །ལུས་བསྐུ་ཨ་ཀ་རུ་ཡིས་བདུག། །ཤ་ཚོན་ཁུ་བ་སྣུམ་པ་དང་། །བུ་རམ་ཆང་དང་ཆང་དང་ས་ཆང་། །གྲོ་དང་འབྲས་ཁུར་མ་ཤ་དང་། །འོ་མ་བུ་རམ་ཤིང་བྱས་བཟའ། །

ཁ་ཟས་གསར་དང་ཞག་ཏིལ་མར། །དྲོ་འཇམ་ཆུ་ཡིས་གཙང་སྦྲ་བྱ། །བེའུ་རས་སླག་པ་དར་སྩོགས་གོ། །དྲེའུ་རྔོག་རེའུ་བལ་ཆེན་གདིང་། །རང་བཞིན་དྲོ་ཞིང་ཡང་བ་ཡི། །གོས་བགོ་མལ་ལ་བརྟེན་པར་བྱ། །ཉི་མའི་འོད་ལ་རན་པར་འདེ། །དུགས་བྱ་ལྷམ་ནི་རྟག་ཏུ་བགོ། །

ཆུང་མ་གཞོན་ཞིང་ཡིད་འོང་རྒྱགས། །ནུ་མ་བརླ་དང་རོ་སྨད་རྒྱས། །གུར་གུམ་གྱིས་བྱུགས་སྤོས་ཀྱིས་བདུག། །ལུས་ཀྱི་དྲོད་ཀྱིས་གྲང་སེལ་བའོ། །ས་ཁང་ཁང་པ་ཉིས་རིམ་བྱས། །མདག་མེའི་དྲོད་ཀྱིས་བསྲོས་པ་ནི། །གྲང་དང་རྩུབ་པ་ལས་བྱུང་བའི། །ཉེས་པ་ནམ་ཡང་མི་

Vol. 198 · folio 49a

འབྱུང་ངོ་། །དགུན་སྨད་དུས་སུ་ལྷག་པར་ཡང་། །ཆོ་ག་འདི་ཉིད་བྱ་བ་ཡིན། །དེ་ཚེ་ལྷག་པར་གྲང་བ་དང་། །སྟོབས་འཕྲོགས་ལས་བྱུང་རྩུབ་པ་ཡིན། །དགུན་ནི་བད་ཀན་ཁོང་ན་སྩོགས། །དཔྱིད་དུས་ཉི་མའི་འོད་དྲོས་པ། །མེ་ཡི་དྲོད་ཉམས་ནས་

སྐྱེད་དེ། །དེ་བས་དེ་ནི་མྱུར་དུ་བསལ། །རྣོ་དང་སྐྱུག་སྨན་སྣ་སྨན་སོགས། །ཡང་དང་རྩུབ་པའི་ཁ་ཟས་དང་། །བཅག་དང་ལུས་ཕྱི་མཉེས་པ་ཡིས། །བད་ཀན་བདོ་བའི་ནད་བསལ་བྱ། །ཁྲུས་བྱས་ག་པུར་ཙནྡན་དང་། །གུར་གུམ་སྩོགས་པས་བསྐུ་བར་

བྱ། །ནས་དང་གྲོ་ནི་རྙིང་པ་དང་། །སྦྲང་རྩི་སྐམ་སའི་བསྲེགས་ཤ་བཟའ། །ཨ་མྲའི་ཁུ་བ་དང་སྦྱར་བའི། །ཁུ་བ་སྐོམ་དུ་སྦྱར་བ་བཏུང་། །ཆུང་མ་དྲི་ཞིམ་ཨུཏྤལ་གྱི། །མིག་དང་ལྡན་དང་ལྷན་ཅིག་ཅིང་། །ཡིད་ནི་དགའ་ཞིང་བདེར་བྱས་པས། །གྲོགས་

དང་ལྷན་ཅིག་བཏུང་བར་བྱ། །སྐྱོན་མེད་ཆང་རྒན་དྲོ་འཇམ་དང་། །བུ་རམ་རྒུན་ཆང་སྦྲང་ཆང་དང་། །སྒ་ཆུ་བསྐོལ་དང་སེའུའི་ཆུ། །སྦྲང་ཆུའམ་གླ་སྒང་ཆུ་བཏུང་བྱ། །ལྷོ་ཕྱོགས་སེར་བུས་བསིལ་བ་དང་། །མཐའ་མ་ཀུན་ཏུ་ཆུ་འབབ་ལ། །ཉི་མའི་འོད་ནི་མི་སྣང་དང་། །

ནོར་བུ་བཅག་འདྲའི་མདངས་ལྡན་པ། །ཁུ་བྱུག་སྙན་པ་སྒྲ་སྒྲོགས་ཤིང་། །འདོད་པའི་ལོངས་སྤྱོད་ལྡན་པའི་ས། །སྣ་ཚོགས་མེ་ཏོག་ལྡན་པའི་ཤིང་། །དྲི་ཞིམ་སྐྱེད་མོས་ཚལ་དུ་ནི། །དགའ་འདུན་གཏམ་ནི་སྣ་ཚོགས་པས། །ཕྱེད་དུ་བདེ་བས་བདེ་བར་བྱ། །ལྕི་བསིལ་

ཉིན་མོ་ཉལ་བ་དང་། །སྣུམ་བག་མངར་སྐྱུར་སྤང་བར་བྱ། །ཉི་མའི་འོད་ཟེར་རབ་ཚ་བས། །སོ་ག་འཕྲོག་པ་འདྲ་བ་ཡིན། །དེ་བས་དེ་ཚེ་ལན་ཚྭ་ཚ། །སྐྱུར་རྩོལ་ཉི་མའི་འོད་ཟེར་སྤང་། །ཟས་ནི་མངར་དང་ཡང་བ་དང་། །སྣུམ་བསིལ་སླ་བ་ཉིད་བསྟེན་བྱ། །རབ་བསིལ་ཆུ་

ཡིས་ལུས་བཀྲུ་ཞིང་། །ཕྱེ་ཟན་ཁ་རར་བཅས་པ་བཟའ། །ཆང་མི་བཏུང་སྟེ་འཐུང་ན་ཡང་། །ཉུང་བའམ་ཆུ་མང་བསྲེས་ལ་བཏུང་། །གཞན་དུ་དེ་ནི་ཁ་སྐོམ་ལྷོད། །ཚ་དང་རྨོངས་པར་བྱེད་པ་ཡིན། །འབྲས་ཆན་ཀུནྡ་ལྟར་དཀར་དང་། །སྐམ་སའི་སྲོག་ཆགས་ཤ་དག་བཟའ། །

Vol. 198 · folio 49b

ཁུ་བ་མི་སྐ་ཞོ་དང་ནི། །བུ་རམ་སྦྱར་སྩོགས་གཡོས་བྱས་བཏུང་། །ཕལ་ཆེར་སྐྱུར་བ་བཏུང་བར་བྱའོ། །སྙིང་པོ་ལྔ་ཡི་བཏུང་བ་ནི། །ཁམ་ཕོར་སར་པ་ལ་གནས་པ། །ཆུ་ཤིང་རྒྱ་སྟར་དུམ་བུ་བསྲེས། །སྐྱུར་བཅས་ཁམ་ཕོར་སྣོད་ཀྱིས་བཏུང་། །ཆུ་ནི་པ་ཏ་ལས་བསྒོས་ཤིང་། །

ག་བུར་བཅས་ཤིང་ཤིན་ཏུ་བསིལ། །ཟླ་ཟེར་ལྟ་བུའི་བཟའ་བ་ནི། །མཚན་མོའི་དུས་སུ་བཟའ་བ་དང་། །ཟླ་བ་སྐར་མ་ལྟར་དཀར་བའི། །མ་ཧེའི་འོ་མ་བསིལ་མོ་བཏུང་། །སཱ་ལ་ཏ་ལ་ཆེན་མོ་ནི། །སྤྲིན་རེག་ཚ་བའི་འོད་ཟེར་སྒྲིབ། །རྒུན་འབྲུའི་སྙེ་མ་གཡུར་ཟ་ཞིང་། །

འཁྲི་ཤིང་ལྡན་དང་ནགས་ཚལ་བཟང་། །དྲི་བཟང་ཁང་པ་ཆུ་ཡིས་ནི། །བསིལ་ཁང་ལུས་དང་འཚམ་བྱས་ལ། །ཆག་ཆག་བཏབ་དང་ཨ་མྲ་ཡི། །ལྡུམ་བུ་འབྲས་བུ་འཕྱང་བ་དང་། །ཆུ་ཤིང་འདབ་དང་ཀལ་ལྟར། །པད་རྩ་པདྨ་ཨུཏྤལ། །མེ་ཏོག་རྒྱས་པ་དང་ལྡན་པར། །

འཇམ་པའི་གནས་མལ་བཅས་ནས་ནི། །ཕྱེད་དུས་ཉི་མས་གདུངས་པ་ན། །ཉལ་བའམ་ཆུ་ཡི་ཁང་པ་ནི། །བུད་མེད་བཅོས་གཟུགས་ནུ་མ་ལག །ཁ་ལས་ཨུ་ཤིར་ཆུ་འབབ་བྱ། །མཚན་མོ་ཡང་ཐོག་རྡོ་ཐལ་བྱུགས། །ཟླ་བའི་འོད་ཀྱིས་བསིལ་བར་ཉལ། །

མལ་སྟན་བདེ་བར་སེམས་བདེ་ཞིང་། །ཙནྡན་ལྡེ་གུ་ཕྲེང་བ་ཐོགས། །རབ་ཏུ་ཕྲ་བའི་གོས་བགོས་ཏེ། །འདོད་པའི་རྒྱུན་ལས་བཟློག་པར་བྱ། །ཏ་ལའི་བསིལ་ཡབ་སྤོས་ཆུས་བཏབ། །པདྨའི་འདབ་རྒྱས་རླུང་ཡབ་དང་། །དལ་གྱིས་ལེགས་པར་གཡོབ་པ་དང་། །རྫི་ཆར་

སེར་བུ་དང་ལྡན་བྱ། །ག་བུར་མ་ལི་ཀའི་ཕྲེང་བ། །མུ་ཏིག་དོ་ཤལ་ཙནྡན་དཀར། །ནེ་ཙོ་ཤ་རི་ཀ་ལ་སྩོགས། །སྒྲ་སྙན་ཡིད་འོང་སྒྲོགས་པ་དང་། །ཆུང་མ་གདུ་བུ་པད་རྩ་འདྲ། །པདྨ་རྒྱས་པ་ལྟ་བུར་མཛེས། །པདྨ་ཅན་ནི་འགྲོ་འདྲལ། །སྙོམ་པ་སེལ་བར་བྱེད་པ་

ཡིན། །མཐུ་འཕྲོགས་པ་ནི་ན་བའི་ལུས། །དམན་པ་ལས་ཀྱང་དམན་གྱུར་ཏེ། །དབྱར་ནི་གནོད་པས་གནོད་གྱུར་ཏེ། །མཁའ་ལ་སྤྲིན་འདུས་ཆུ་ཡིས་བརླན། །ཆུ་ཐིགས་བཅས་པའི་རླུང་དང་ནི། །གྲང་བ་དྲག་པོར་ལྡང་བ་དང་། །ས་ཡི་རླངས་པ་སྐྱུར་མིན་དང་། །ཆུ་ནི་རྙོག་མ་

Vol. 198 · folio 50a

ཅན་དག་གིས། །མེ་དྲོད་ཆུང་བས་གནོད་པར་བྱེད། །ཕན་ཚུན་གནོད་པ་དེ་ལ་ནི། །དྲོ་ཞིང་མེ་ཡི་སྟོབས་སྐྱེད་པ། །ཐུན་མོང་གང་ཡིན་བསྟེན་པར་བྱ། །སྦྱང་བས་ལུས་ནི་དག་བྱས་ལ། །ཟས་ནི་ཡང་བག་ཁུ་བ་བཟའ། །སྐམ་སའི་སྲོག་ཆགས་ཤ་ཁུ་དང་། །

སྦྲང་རྩི་ཅན་ནི་རྙིང་པ་བཏུང་། །དར་བ་ཁ་རུ་ཚར་སྦྱར་བའམ། །ཚ་བ་ལྔ་ནི་ཕྱེ་མ་ཅན། །ཁྲོན་པའི་ཆུ་ནི་བསྐོལ་བའང་རུང་། །ཆར་ཆེའི་དུས་སུ་ཁ་ཟས་ནི། །རབ་སྐྱུར་ལན་ཚྭ་སྣུམ་དང་བཅས། །སྐམ་ཞིང་སྦྲང་རྩིར་ལྡན་ལ་ཡང་། །རྐང་གིས་མི་འགྲོ་དྲི་ཞིམ་བྱུགས། །རྟག་

ཏུ་གོས་ནི་སྤོས་ཀྱིས་བདུག །ཁང་བཟངས་སྟེང་དུ་བ་མོ་བསིལ། །ཆར་གྱི་ཟེར་སྤངས་གནས་པར་བྱས། །རླུང་ཆུ་དང་སྦྱར་སྐྱོམ་དང་། །ཉིན་གཉིད་རྩོལ་དང་ཉི་ཚན་སྤང་། །དབྱར་ལུས་བསིལ་བར་གྱུར་པ་ལ། །འཕྲལ་དུ་ཉི་ཟེར་གྱིས་གདུངས་པས། །ཆར་

འབབ་ཚེ་ནའང་བསགས་པ་ཡི། །མཁྲིས་པ་སྟོན་ནི་ལྡང་བར་འགྱུར། །དེ་བསལ་ཕྱིར་ནི་སྨན་མར་ཁ། །བཀྲུ་སྨན་གཏང་དང་གཏར་ག་བྱ། །ཁ་དང་མངར་དང་བསྐ་བ་དང་། །བཀྲེས་ཚེ་ཟས་ནི་ཡང་བ་བཟའ། །འབྲས་ཆན་མུངྒ་སྐྱུ་རུར། །སྦྲང་རྩི་སྐམ་སའི་པ་ཏོ་ལ། །

ཉི་མའི་ཟེར་གྱིས་གདུངས་པ་དང་། །ཟླ་བའི་འོད་ཀྱིས་བསིལ་བྱས་ལ། །རྀ་ཥི་ཤར་བས་དུག་མེད་པ། །ཉིན་མཚན་གཉིས་ཀར་སྦྱངས་ཆུ་བཏུང་། །དངས་པའི་དྲི་མད་ཆུ་ཞེས་པ། །དྲི་མེད་དྲི་མ་སེལ་འགྱུར་བ། །མི་འབྲུག་རྩུབ་པ་མ་ཡིན་པ། །བཏུང་བ་ལ་སོགས་བདུད་

རྩིར་མཚུངས། །ཙནྡན་ཨུར་ཤིང་ག་པུར་དང་། །མུ་ཏིག་ཆུན་འཕྱངས་ཕྲེང་གོས་མཛེས། །ཁང་བཟངས་རྡོ་ཐལ་གྱིས་དཀར་ཞིང་། །ཟླ་ཟེར་ཅན་དུ་མཚན་གནས་བྱ། །ཟིལ་པ་ཐལ་སྨན་ཧ་ཅང་འགྲངས། །ཞོ་དང་ཏིལ་མར་ཞག་ཉི་ཚན། །མི་བཟད་ཆང་དང་ཉིན་པར་ཉལ། །

མདུན་གྱི་སེར་བུ་ཡོངས་སུ་སྤང་། །དགུན་དང་དབྱར་ནི་དང་པོའི་གསུམ། །དཔྱིད་ནི་ཐ་མའི་རོ་གསུམ་བསྟེན། །སོས་ཀ་མངར་ཏེ་སྟོན་ཀ་ནི། །མངར་དང་ཁ་དང་བསྐ་བ་བསྟེན། །མདོར་ན་ཟས་དང་སྐོམ་དག་ནི། །སྟོན་དང་དཔྱིད་ནི་རྩུབ་པ་སྟེ། །སོ་ག་དབྱར་མཐའ་བསིལ་

Vol. 198 · folio 50b

བར་བྱ། །གཞན་དག་ཏུ་ནི་དེ་ལས་བཟློག །རྟག་ཏུ་རོ་ཀུན་བསྟེན་པ་ལས། །རང་རང་དུས་སུ་ལྷག་པར་བསྟེན། །དུས་གཉིས་ཐོག་མའི་ཞག་བདུན་ནི། །དུས་མཚམས་ཡིན་པར་ཤེས་པར་བྱ། །དེ་ནི་སྔ་མའི་ཆོ་ག་སྤང་། །འོག་མ་རིམ་བཞིན་བསྟེན་པར་བྱ། །

མ་སྤངས་ན་ནི་ནད་འགྱུར་ཏེ། །འཕྲལ་དུ་ནད་ནི་འོང་བར་འགྱུར། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། མདོའི་གནས་ཀྱི་ལེའུ་གསུམ་པའོ།། །།དེ་ནས་ནད་མི་འབྱུང་བར་བྱ་བའི་དཔྱད་ཀྱི་ལེའུ་བཤད་པར་བྱའོ། །ཕྱི་དབུགས་བཤང་གཅི་སྦྲིད་པ་དང་། །

བཀྲེས་སྐོམ་གཉིད་དང་ལུད་པ་དབུགས། །གླལ་དང་མཆིལ་མ་སྐྱུགས་པ་དང་། །ཁུ་བའི་ཤུགས་ནི་དགག་མི་བྱ། །འཕྱེན་ནི་བཀག་པར་གྱུར་པ་ཡིས། །སྐྲན་དང་རྟུག་སྐམ་གཟེར་སྙོམ་ལྕི། །འཕྱེན་དང་བཤང་གཅི་ཁོང་དུ་འགགས། །མིག་རྟུལ་དྲོད་ཆུང་སྙིང་ནད་

འགྱུར། །བཤང་འགགས་བྱིན་པའི་ཉ་འགྱུར་ཞིང་། །ཆམ་པས་འདེབས་ཤིང་ཀླད་པ་ན། །ཁར་ནི་མི་གཙང་འབྱུང་བ་དང་། །སྔར་བཤད་ནད་དུའང་འགྱུར་བ་ཡིན། །གཅིན་འགགས་པ་ཡིས་ཡན་ལག་ན། །རྡེའུ་ཆུ་སོ་ཕོ་མཚན་དང་། །དཀུ་ཡི་ནང་ན་སྔར་གྱི་ནད། །ཕལ་

ཆེར་འབྱུང་ངོ་དེ་ཡི་སྨན། །རེང་བུ་བསྐུ་བྱུག་ལུས་བཅིང་དང་། །དུགས་དང་སྨན་མར་མས་གཏོང་བའོ། །ཟས་སྐོམ་བཤང་བ་འགགས་པ་དང་། །བཤང་འགགས་ལས་བྱུང་གློ་གཅོང་མཚུངས། །ཆུ་བཀག་པ་ལས་མར་གསར་ནི། །ཆེ་ཚད་ཙམ་ནི་རབ་ཏུ་སྦྱར། །སྒྲེགས་

པ་བགག་ན་ཡི་ག་འཆུས། །ལུས་འདར་སྙིང་དང་བྲང་འགགས་ན། །སྦོ་ཞིང་ལུད་པ་སྐྱིགས་བུས་འདེབས། །དེའི་སྨན་སྐྱིགས་བུ་དག་དང་འདྲ། །སྦྲིད་བཀག་མགོ་ན་དབང་མི་རྣོ། །གཉའ་རེངས་ཁ་ཡོ་འགྲམ་ཆགས་འགྱུར། །དུད་རྣོན་གྱིས་བདུག་མིག་སྨན་དང་། །སྣ་

སྨན་ཉི་མ་ལྟ་བ་ཡིས། །སྦྲིད་པ་འགགས་པ་བསལ་བྱ་ཞིང་། །སྣུམ་དང་དུགས་ཀྱང་བསྟེན་པར་བྱ། །སྐོམ་པ་འགགས་པས་ཁ་སྐམས་ཤིང་། །ཡན་ལག་མི་བདེ་རྣ་མི་གསང་། །མགོ་འཁོར་མྱོས་ཤིང་སྙིང་ནད་འབྱུང་། །དེར་བསིལ་ཆོ་ག་ཐམས་ཅད་ཕན། །བཀྲེས་པས་ལུས་

Vol. 198 · folio 51a

ཞིག་ཡི་ག་འཆུས། །ལུས་སྙོམ་ཉམ་ཆུང་གཟེར་མགོ་འཁོར། །དེ་ལ་ཟས་ཡང་སྣུམ་དྲོ་དང་། །ཆུང་བ་དག་ནི་སྦྱར་བར་བྱ། །གཉིད་བཀག་ཁོང་མྱོས་སྤྱི་བོ་མིག །ལྕི་ཞིང་སྙོམ་ལ་གླལ་འོང་ཞིང་། །ལུས་ཞིག་སྙམ་སེམས་དེ་ལ་ནི། །གཉིད་ལོག་

ལུས་མཉེ་ཕན་པ་ཡིན། །ལུད་པ་བཀག་པས་དེ་འཕེལ་ཞིང་། །དབུགས་མི་བདེ་ཞིང་ཡི་ག་འཆུས། །སྙིང་ནད་སྐེམས་བྱེད་སྐྱིགས་བུས་འདེབས། །དེར་ནི་ལུད་པས་ལ་ཆོ་ག་བྱ། །ངལ་དུབ་དབུགས་ནི་བཀག་པ་ལས། །སྐྲན་དང་སྙིང་ནད་མྱོས་པར་འགྱུར། །དེ་ལ་

ངལ་གསོ་བྱ་བ་དང་། །རླུང་སེལ་བྱ་བའི་ཆོ་ག་ཕན། །གླལ་བཀག་ན་ནི་སྦྲིད་བཀག་མཚུངས། །ཆོ་ག་ཐམས་ཅད་རླུང་འཇོམས་བྱ། །མཆིལ་མ་བཀག་པས་མགོ་སྙིང་ན། །གཉའ་རེངས་ཡི་ག་འཆུས་མགོ་འཁོར། །སྐྲན་བཅས་སྣ་ཆུ་འཛག་འགྱུར་དེར། །གཉིད་

ངོམས་ཆང་བཏུང་གཏམ་སྙན་ཕན། །སྐྱུག་བྲོ་བརྣགས་པས་མི་དབལ་མཛེ། །འབྲས་དང་མིག་ནད་གཡན་པ་རིམས། །སྐྱ་རྦབ་ལུད་པ་དབུགས་མི་བདེ། །དང་ག་རོ་སྟོད་མི་བདེ་སྐྲང་། །དེར་ཁ་བཀང་དབོ་དུད་སྨྱུང་གནས། །རྩུབ་བྲོས་དེ་ཉིད་སྐྱུགས་པ་དང་། །རྩོལ་

དང་མྱུར་བར་གཏར་ག་གདབ། །བཀྲུ་སྨན་གཏང་བའང་བསྔགས་པ་ཡིན། །ཁུ་བ་བཀག་པས་དེ་འཛག་དང་། །ཕོ་མཚན་ན་དང་འོར་ནད་རིམས། །སྙིང་ནད་ཆུ་འགགས་ལུས་ཞིག་དང་། །རྡེའུ་འཕེལ་དང་མ་ནིང་འགྱུར། །དེ་ལ་ཁྱིམ་བྱའི་ཤ་དང་ཆང་། །འབྲས་ཆན་

མས་གཏོང་ལུས་བཅིང་དང་། །ཆུ་སོའི་ནད་བསལ་ཏིལ་མར་བཙོས། །འོ་མ་བུད་མེད་གཞོན་བསྟེན་ཕན། །ཤུགས་ནི་བཀག་དང་བཙིར་བ་ཡིས། །ནད་ནི་ཀུན་ཀྱང་འབྱུང་བར་འགྱུར། །ཤིན་ཏུ་མང་པོ་དེ་ཡི་ཕྱིར། །གསོ་དཔྱད་མང་པོ་འདིར་བཤད་དོ། །དེ་ལས་ཕལ་ཆེར་

རླུང་དུ་མ། །གང་ཕྱིར་འཁྲུགས་པར་འགྱུར་བས་ན། །དེ་ཕྱིར་དེའི་ཟས་སྐོམ་དང་སྨན། །མཉམ་པར་འགྱུར་བར་སྦྱར་བར་བྱ། །འདི་དང་གཞན་དུ་ཕན་འདོད་པས། །འདོད་ཆེན་ཕྲག་དོག་ཞེ་སྡང་དང་། །སེར་སྣ་འདོད་ཆགས་ལ་སོགས་ཤུགས། །རྟག་བཀག་དབང་པོ་ཐུལ་བར་བྱ། །

Vol. 198 · folio 51b

དྲི་མ་རྣམས་ནི་སྦྱང་བའི་ཕྱིར། །ཇི་བཞིན་དུས་སུ་ནན་ཏན་བྱ། །དེ་ནི་ཤིན་ཏུ་སོགས་འགྱུར་ན། །ཤས་ཆེར་འཁྲུགས་པས་སྲོག་རྒྱུན་གཅོད། །གནོད་པ་སྨྱུང་དང་གཞུ་བྱས་པས། །བསལ་ཀྱང་སླར་ནི་ལྡང་སྲིད་ཀྱི། །གང་ཞིག་ལེགས་པར་སྦྱངས་པ་དག །དེ་ནི་

སླར་ཡང་འབྱུང་མི་འགྱུར། །དུས་ཤེས་པ་ཡིས་དེ་ཕན་ཆད། །རིམ་པ་བཞིན་དུ་ཅི་རིགས་པར། །བཅུད་ཀྱིས་ལེན་རྣམས་གྲུབ་པ་དང་། །རོ་ཙའི་སྦྱོར་བ་སྦྱར་བར་བྱ། །སྨན་རྣམས་ཀྱིས་ནི་ལུས་སྦྱངས་ཕན། །སཱ་ལུ་དྲུག་ཅུ་པ་དང་དྲོ། །མུངྒ་ཤ་དང་མར་ལ་སོགས། །

ཕན་པའི་ཟས་ཀྱིས་རིམ་ལུས་བརྟས། །ཡིད་འོང་དྲོད་སྐྱེད་སྨན་སྦྱར་བ། །ཡི་ག་འབྱེད་ཅིང་འཇུ་བྱེད་དང་། །བསྐུ་ཞང་དྲིལ་ཕྱིས་ཁྲུས་བྱས་དང་། །དྲག་པོ་འཇམ་རྩི་མས་གཏོང་བརྟས། །དེས་ནི་མེ་ཀུན་སྟོབས་ལྡན་ཞིང་། །བློ་མདོག་དབང་པོ་དྲི་མ་མེད། །དེ་བཞིན་ཚེ་

རིང་རོ་ཙ་དང་། །དཔལ་དང་གཟི་མདངས་ཐོབ་པར་འགྱུར། །འབྱུང་པོ་དུགས་དང་རླུང་དང་མེ། །མཚོན་སྨས་ཆག་གྲུགས་སྩོགས་འབྱུང་དང་། །འདོད་ཆགས་ཞེ་སྡང་འཇིག་ཚོགས་གང་། །དེ་ནི་གློ་བུར་ནད་ཅེས་བྱ། །ཤེས་རབ་ཉེས་པ་སྤང་བ་དང་། །དབང་པོ་ཉེར་

ཞི་དྲན་པ་དང་། །ཡུལ་དུས་བདག་ཉིད་ཤེས་པ་དང་། །དམ་པའི་སྤྱོད་པའི་རྗེས་འཇུག་པ། །ལྷན་ཅིག་སྐྱེས་དང་གློ་བུར་ནད། །མདོར་ན་མ་སྐྱེས་མི་འབྱུང་དང་། །སྐྱེས་པ་ཞི་བར་བྱ་བའི་ཕྱིར། །ཆོ་ག་འདི་ནི་བསྟེན་པ་ཡིན། །གྲང་བ་ལས་བྱུང་ཉེས་ཚོགས་དཔྱིད་ཀྱི་ཚེ། །

རྣམ་བསལ་སོག་ལས་བྱུང་དབྱར་དུས་ན། །དབྱར་བསགས་སྤྲིན་བྲལ་དུས་སུ་ལེགས་སྦྱངས་ན། །དུས་བྱུང་ནད་ནི་ནམ་ཡང་འབྱུང་མི་འགྱུར། །རྟག་ཏུ་ཕན་པའི་ཟས་དང་སྤྱོད་ལམ་བསྟེན། །བརྟགས་ཏེ་བྱེད་ཅིང་ཡུལ་རྣམས་ལ་མི་ཆགས། །གཏོང་ལྡན་སེམས་སྙོམས་བདེན་

བརྩོན་བཟོད་དང་ལྡན། །ཉམས་ལྡན་སྟེན་པར་བྱེད་ན་ནད་མེད་འགྱུར། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་བཞི་པའོ།། །།དེ་ནས་ཆུ་སྣ་ཚོགས་པ་ལ་སོགས་པའི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །མཁའ་ལས་འབབ་

Vol. 198 · folio 52a

པའི་གང་གཱའི་ཆུ། །འཚོ་བྱེད་ངོམས་བྱེད་ཡི་གར་འོང་། །ཚིམ་བྱེད་སེམས་ནི་གསལ་བྱེད་ལ། །སླ་ཞིང་རོ་མི་གསལ་ལ་ཞིམ། །བསིལ་ཞིང་ཡང་བ་བདུད་རྩིར་མཚུངས། །ཉི་ཟླ་རླུང་གིས་རེག་གྱུར་པ། །དེ་ནི་ཡུལ་དུས་ལ་ལྟོས་ནས། །ཕལ།

ཆེར་ཕན་དང་གནོད་པ་ཡིན། །གང་ཞིང་ཆར་འབབ་དྲི་མ་མེད། །འབྲས་ཆན་དངུལ་ཕོར་ནང་གནས་པ། །མ་རུལ་མདོག་ཀྱང་མ་གྱུར་པ། །གང་གཱའི་ཆུ་དེ་བཏུང་བར་བྱ། །གཞན་དུ་མཚོ་ཆུ་སྟོན་ཟླ་ནི། །འབྲིང་པོ་མིན་པར་བཏུང་མི་བྱ། །ཆར་པའི་ཆུ་ནི་སྣོད་བཟང་བཞག།

འགྱུར་བ་མེད་པར་རྟག་ཏུ་བཏུང་། །དེ་མེད་ན་ནི་ཐང་ལ་གནས། །བར་སྣང་བ་དང་རྗེས་མཐུན་ཡིན། །ས་ཕྱོགས་དཀར་ནག་གཙང་ཞིང་ཡངས། །ཉི་འོད་རླུང་གིས་ཕོག་པ་བསྔགས། །ལྟེང་ཀ་འདམ་རྫབ་ཉ་ལྕིབས་དང་། །རྩ་དང་ལོ་མ་རྙོག་མ་ཅན། །ཉི་ཟླ་རླུང་གིས་

མ་ཕོག་པ། །མངོན་དུ་འབབ་དང་ཆུ་གར་ལྕི། །དབུ་བ་སྲོག་ཆགས་ཅན་དང་དྲོ། །གྲང་ཆེས་སོ་ཡིས་མི་བཟོད་པ། །ཆར་གང་དུས་སུ་མ་བབ་དང་། །དུས་ཀྱི་དང་པོར་བབ་པ་གང་། །སྲོག་ཆགས་གདུག་དང་བ་སྩོགས་འདྲེས། །བཤང་གཅི་དུག་འདྲེས་གནོད་

མི་བཏུང་། །ནུབ་ཕྱོགས་ནས་ནི་རྒྱ་མཚོར་བབ། །གང་ཡང་མྱུར་འབབ་རྡུལ་མེད་ཆུ། །དེ་དག་མདོར་ན་དགེ་བ་ཡིན། །དེ་ལས་ཟློག་ན་བཟང་མ་ཡིན། །རྡོ་ལ་ཤུགས་དྲག་རྡེབས་པ་ཡིས། །རྒྱུན་ཆད་གཡེངས་པའི་ཆུ་དག་དང་། །གངས་ཅན་མ་ལ་ཡ་ལས་བྱུང་།

དགེའོ་དེ་ནི་བརྟན་གཡུང་ན། །སྲིན་བུ་རྐང་བམ་སྙིང་དང་ནི། །ལྐོག་མ་ཀླད་པའི་ནད་སྐྱེད་འགྱུར། །ཤར་དང་ནུབ་ཀྱི་མཐའ་ལས་བྱུང་། །གཞང་འབྲུམ་སྐྱེད་དོ་དབང་ཆེན་འབབ། །དམུ་རྫིང་རྐང་བམ་ནད་སྐྱེད་འགྱུར། །ས་ཧྱ་བིན་དའི་རི་ལས་འབབ། །མཛེ་དང་སྐྱ་རྦབ་

ཀླད་ནད་འགྱུར། །པ་རི་ཡ་ཏྲའི་ནད་ཀུན་སེལ། །ཁྲོན་པ་རྫིང་ལ་སྩོགས་པའི་ཆུ། །སྐམ་ས་རླན་ཅན་བྲག་ལས་ཤེས། །དྲོད་ཆུང་སྐྲན་ཡོད་སྐྱ་རྦབ་དང་། །དམུ་རྫིང་ཚད་འཁྲུ་གཞང་འབྲུམ་མམ། །ཕོ་བའི་དྲོད་ཆུང་འོར་ནད་ཅན། །མི་བཏུང་བརྣག་དཀའ་ཉུང་ཟད་བཏུང་། །

Vol. 198 · folio 52b

སྟོན་ཀ་སོ་ག་མ་གཏོགས་པར། །ནད་མེད་མིས་ཀྱང་ཅུང་ཟད་བཏུང་། །ཟན་ཟོས་བར་མཐའ་ཐོག་མར་ནི། །ཆུ་འཐུངས་རན་དང་སྦོམ་སྐེམས་འགྱུར། །ཆུ་བསིལ་ཆང་ནད་བརྒྱལ་བ་དང་། །སྐྱུགས་དང་ངལ་དང་མགོ་འཁོར་དང་། །སྐོམ་དང་ལུས་ཚ་མཁྲིས་པ་དང་། །

ཁྲག་རྒྱས་དུག་ནཾ་སེལ་བྱེད་ཡིན། །ཆུ་ཚན་དྲོད་སྐྱེད་ཟས་འཇུ་ཞིང་། །མགུལ་བདེ་ལུས་ཡང་གཅིན་ནད་སེལ། །སྐྱིགས་བུ་ལྟོ་སྦོས་རླུང་བད་ཀན། །རིམས་སར་འཕྲལ་དུ་ཟློག་བྱེད་ཅིང་། །ལུད་པ་ཆམ་སར་དབུགས་མི་བདེ། །རྩིབ་ལོགས་ཟུག་ལ་བསྔགས་པ་ཡིན། །

ཆུ་ནི་བསྐོལ་བ་གྲང་བ་དག །བད་ཀན་མི་སྐྱེད་ལུས་ཡང་ཞིང་། །མཁྲིས་པ་ཅན་ལའང་ཕན་པ་ཡིན། །དེ་ནི་ཞག་ལོན་ཉེས་གསུམ་སྐྱེད། །རྒྱ་སྟར་ཆུ་ནི་སྣུམ་པ་དང་། །རོ་མངར་རོ་ཙ་བསིལ་ཞིང་ཡང་། །སྐོམ་དང་མཁྲིས་པ་རླུང་ནད་སེལ། །དྲོད་སྐྱེད་ལྒང་

པའི་ནད་སྦྱོང་བྱེད། །དབྱར་གྱི་ཆར་ཆུ་ཆུ་བོའི་ཆུ། །མཆོག་ཏུ་བཟང་དང་ངན་པར་བཤད། །ཆུའི་སྡེ་ཚན་ནོ།། །།འོ་མ་ཕལ་ཆེར་རོ་ཞུ་མངར། །སྣུམ་ཞིང་མདངས་སྐྱེད་ལུས་ཟུངས་འཕེལ། །རླུང་དང་མཁྲིས་སེལ་རོ་ཙ་བྱེད། །བད་ཀན་སྐྱེད་ལྕི་བསིལ་བ་ཡིན། །

བ་ཡི་འོ་མ་འཚོ་བྱེད་ཅིང་། །བཅུད་ཀྱིས་ལེན་ཡིན་གློ་རྡོལ་དང་། །གློ་གཅོང་ལ་ཕན་ཡིད་གཞུངས་བྱེད། །སྟོབས་སྐྱེད་ནུ་ཞོ་སྐྱེད་དང་འཁྲུ། །ངལ་དང་མགོ་འཁོར་མྱོས་དཔལ་ཉམས། །ལུད་པ་དབུགས་མི་བདེ་བཀྲེས་སྐོམ། །རིམས་རྙིང་གཅིན་ནི་སྲིབ་དང་། །ཁྲག་དང་མཁྲིས་

པ་སེལ་བ་ཡིན། །མ་ཧེའི་འོ་མ་འཇུ་དྲགས་དང་། །གཉིད་མེད་ལ་ཕན་རབ་ལྕི་བསིལ། །ར་ནི་ཆུ་ཉུང་འཐུང་ཟས་རྒོད། །ཁ་ཞིང་ཚ་བ་ཟ་བས་ཡང་། །སྐེམས་དང་རིམས་དང་དབུགས་མི་བདེ། །ཁྲག་དང་མཁྲིས་པ་ཚད་ནད་སེལ། །རྔ་མོའི་འོ་མ་ཅུང་རྩུབ་དྲོ། །ལན་ཚྭ་བྲོ་ཞིང་

དྲོད་ཆེ་ཡང་། །རླུང་དང་བད་ཀན་ལྟོ་སྦོས་སྲིན། །འོར་ནད་དམུ་རྫིང་གཞང་ནད་སེལ། །བུད་མེད་ནུ་ཞོ་རླུང་མཁྲིས་ཁྲག །སྣད་པའི་མིག་ནད་སེལ་བྱེད་དེ། །ཚིམ་བྱེད་མིག་དང་སྣར་བླུགས་ཕན། །ལུག་གི་འོ་མ་སྙིང་གནོད་ཚ། །རླུང་འཇོམས་སྐྱིགས་བུ་དབུགས་མི་བདེ། །མཁྲིས་

Vol. 198 · folio 53a

པ་བད་ཀན་སྐྱེད་པ་ཡིན། །བན་གླང་མོ་ཡིས་རབ་བརྟན་བྱེད། །རྨིག་པ་གཅིག་པའི་འོ་མ་ཚ། །ཡན་ལག་རླུང་སལ་སྐྱུར་བཅས་ཤིང་། །ལན་ཚྭ་བོ་ཞིང་རྨོངས་པར་བྱེད། །འོ་རློན་བད་ཀན་སྐྱེད་ཅིང་ལྕི། །རིགས་པར་བསྐོལ་བས་དེ་ལས་གཞན། །ཤིན་ཏུ་

བསྐོལ་ན་འཇུ་དཀའ་ལྕི། །བཞོས་མ་ཐོག་དྲོ་བདུད་རྩིར་མཚུངས། །ཞོ་ནི་རོ་དང་ཞུ་རྗེས་སྐྱུར། །རྟུག་སྐམ་ལྕི་ལ་རླུང་ནད་སེལ། །ཚིལ་དང་ཁུ་ཆུ་སྟོབས་བད་ཀན། །ཁྲག་མཁྲིས་དྲོད་སྐྱེད་འོར་ནད་སྐྱེད། །ཡི་ག་འབྱེ་ཞིང་ཁ་ཟས་ལེན། །གྲང་བའི་རིམས་དང་མི་སྙོམས་

རིམས། །ཆམ་པ་གཅིན་འགགས་གྱུར་པ་དང་། །འཁྲུ་བའི་ནད་ལ་རྩུབ་མོ་ཕན། །ཞོ་དྲོན་དཔྱིད་དང་སོག་དང་། །སྟོན་དུས་མཚན་མོ་བཏུང་མི་བྱ། །དེ་ནི་མུངྒའི་སྲན་ཚོད་དང་། །སྦྲང་རྩི་མར་དང་ཤ་ཁར། །སྐྱུ་རུ་ར་ནི་མེད་མི་བཏུང་། །རྟག་ཏུ་མ་ཡིན་མ་ལངས་མིན། །

གཞན་དུ་མེ་དབལ་རིམས་ཁྲག་དང་། །མཛེ་དང་སྐྱ་རྦབ་མགོ་འཁོར་སྐྱེད། །དར་སར་ཡང་ལ་བསྐ་ཞིང་སྐྱུར། །དྲོད་སྐྱེད་བད་ཀན་རླུང་དག་སེལ། །སྐྲན་ནད་དམུ་རྫིང་གཞང་འབྲུམ་དང་། །ཕོ་ནད་ཆུ་སྲི་ཡི་ག་འཆུས། །མཆེར་པ་སྐྲན་དང་མར་མ་ཞུ། །སྦྱར་དུག་སྐྱ་རྦབ་ནད། །

རྣམས་སེལ། །དེ་འདྲ་ཞོག་ཆུ་འཁྲུ་ཡང་། །རྩ་སྦུབས་སྦྱོང་ལ་རྟུག་སྐམ་སེལ། །འཕྲལ་གྱི་མར་སར་རོ་ཅི་ཞིང་། །བསིལ་ཞིང་མདོག་སྟོབས་དྲོད་སྐྱེད་བྱེད། །འཁྲུ་གཅོད་རླུང་མཁྲིས་ཁྲག་གཞང་འབྲུམ། །གློ་གཅོང་ཁ་ཡོན་ལུང་པ་སེལ། །ཞུན་མར་བློ་རྣོ་དྲན་གསལ་ཞིང་། །

ཡིད་གཞུངས་དྲོད་སྐྱེད་སྟོབས་ཚེ་འཕེལ། །མིག་དང་བྱིས་རྒན་བུ་འདོད་དང་། །མདངས་བཟང་རབ་གཞོན་སྐད་སྙན་ཕན། །གློ་རྡོལ་སྐེམ་དང་གཅོད་དང་འབྲས། །མཚོན་སྨས་མེས་ཚིག་རྨ་ལའང་བསྔགས། །རླུང་དང་མཁྲིས་པ་དུག་དང་སྨྱོ། །ལུས་སྐེམས་མདངས་ཉམས་

རིམས་ནད་སེལ། །སྣུམ་གྱི་ནང་ན་སྣུམ་མཆོག་སྟེ། །བསིལ་ཞིང་ན་ཚོད་འཇོག་པའི་མཆོག །ཞུན་མར་སྟོབས་ནི་སྟོང་དང་ལྡན། །སྦྱོར་བས་ལས་ནི་སྟོང་བྱེད་འགྱུར། །མར་རྙིང་སྨྱོ་དང་བརྗེད་བྱེད་བརྒྱལ། །གླད་ནད་རྣ་མིག་མངལ་ནད་དང་། །རྨ་རྣམས་སྦྱང་ཞིང་འཚོ་བྱེད་པས། །

Vol. 198 · folio 53b

ནད་ལས་རྒྱལ་བྱེད་དམ་པ་ཡིན། །ཕྲུམ་སར་སྦྲི་དང་རྒྱ་ཕྲུམ་དང་། །ཆུར་བ་ལ་སོགས་སྟོབས་སྐྱེད་ཅིང་། །ཁུ་བ་གཉིད་དང་བད་ཀན་འཕེལ། །རྟུག་སྐམ་བྱེད་ལྕི་ཉེས་བ་དང་། །བ་མར་འོ་མ་མཆོག་ཡིན་ཏེ། །ལུག་ལས་བྱུང་བ་སྨད་པ་ཡིན། །འོ་མའི་སྡེ་ཚན་ནོ།། །།

བུ་རམ་ཤིང་ཁུ་འཁྲུ་ལྕི་སྣུམ། །ཤ་སྐྱེ་རོ་ཙ་བད་གཅིན་འཕེལ། །བསིལ་ཞིང་ཁྲག་མཁྲིས་སེལ་བ་དང་། །རོ་དང་ཞུ་རྗེས་མངར་བ་ཡིན། །དེ་ཚེ་ལན་ཚྭ་བྲོ་ཞིང་སོས། །བཅས་ན་ཁར་དག་དང་འདྲ། །རྩ་བ་རྩེ་མོ་དབུས་ཟོས་སྩོགས། །བཙིར་དང་དྲི་མས་སྦགས་པ་དང་། །དུས་

ནི་ཅུང་ཟད་ལོན་པ་ལས། །འཁྲུལ་འཁོར་ཅན་ནི་རྣམ་འགྱུར་ཏེ། །ཚ་ཞིང་ལྕི་ལ་མ་ཁྲིགས་པར་འགྱུར། །དེ་ལ་ཁར་དཀར་པོའི་ཤིང་། །བསིལ་དང་མངར་བས་མཆོག་ཡིན་ལ། །དེ་ཡི་འོག་མ་སྦུབས་ཅན་ཡིན། །ཚིགས་བརྒྱ་པ་དང་ཀནྟ་ར། །བལ་ཡུལ་སྐྱེས་སྩོགས་

དེ་ལས་རིམ། །ཅུང་ཟད་ཚ་བྲོ་བསྐ་བ་དང་། །དྲོད་བཅས་ཅུང་ཟད་ཚ་བ་སྐྱེད། །དབུ་བ་ཅན་ལྕི་བད་ཀན་སྐྱེད། །སོགས་བྱེད་གཅིན་ནི་སྦྱོང་བྱེད་ཡིན། །དཀར་པོར་དཀན་ཆེར་མི་སྐྱེད། །བཤང་དང་གཅི་བ་བདེ་བར་འབྱིན། །དམར་ནག་ཕལ་ཆེར་སྲིན་བུ་ཁྲག །རྐང་ཚིལ་

ཤ་དང་བད་ཀན་སྐྱེད། །རྙིང་པ་ཡིད་འོང་ཕན་པ་ཡིན། །སར་པ་དྲོད་འབྲི་བད་ཀན་སྐྱེད། །ཧྭགས་དང་ཁཎྜ་ཀར་དཀར། །རིམ་གྱིས་ཡོན་ཏན་ཆེ་བ་སྟེ། །རོ་ཙ་གློ་གཅོང་གློ་རྡོལ་དང་། །ཁྲག་དང་མཁྲིས་པ་རླུང་སེལ་ཡིན། །ཡ་བ་ཁ་ར་ཚ་ཞིང་མངར། །བསྐ་སྟེ་ཡོན་ཏན་དེ་

དང་འདྲ། །ཁ་ར་ཀར་ཀུན་ཚ་དང་སྐོམ། །སྐྱུག་བྲོ་བརྒྱལ་དང་ཁྲག་མཁྲིས་སེལ། །བུ་རམ་ཤིང་གདུས་ཁང་དང་། །དབུ་བ་ཅན་མཆོག་ཐ་མ་ཡིན། །སྦྲང་རྩི་མིག་ཕན་གཅོད་སྐོམ་དང་། །བད་ཀན་སྐྱིགས་བུ་ཁྲག་མཁྲིས་འཇོམས། །ཚིལ་ཆེན་མཛེ་ནད་གཅིན་ནད་སྐྱུག།

ལུད་པ་དབུགས་མི་བདེ་ཚད་སེལ། །རྨ་སྦྱོང་རྨ་འཚོ་ཆག་གྲུགས་སྦྱོར། །རླུང་ནི་སྐྱེད་པར་བྱེད་པ་ཡིན། །རྩུབ་ཅིང་བསྐ་ལ་མངར་བ་སྟེ། །སྦྲང་རྩིའི་ཁཎྜ་དེ་དང་འདྲའོ། །ཚ་ཞིང་ཚས་གདུངས་ཚ་བར་ལྡན། །ཚ་བ་དེས་ནི་གསོད་པར་འགྱུར། །སྐྱུག་སྨན་སྨན་མར་མས་གཏོང་ལ། །སྦྲང་རྩི་

Vol. 198 · folio 54a

དྲོ་བའམ་བཀག་པ་མེད། །བུ་རམ་ཤིང་གི་སྡེ་ཚན་ནོ།། །།འབྲུ་མར་རང་གནས་ལྟ་བུ་ཡིན། །དེ་ལ་ཏིལ་མར་ཏིལ་དང་མཚུངས། །གཙོ་བོ་རྣོ་ཞིང་ཁྱབ་པ་ཡིན། །པགས་པའི་ཉེས་སེལ་མིག་ལ་གནོད། །ཚ་ཞིང་རྣོ་ལ་བད་ཀན་

སེལ། །སྐེམ་པོ་དག་ནི་ཤ་སྐྱེད་ཅིང་། །སྦོམ་པོའི་ཤ་འབྲི་མཁྲེགས་པར་འོང་། །རྟུག་སྐམ་སྲིན་བུ་འཇོམས་པ་དང་། །སྦྱར་བས་ནད་རྣམས་ཐམས་ཅད་སེལ། །ཨེ་རཎྜ་མར་ཚ་ཞིང་ཁ། །ཞུ་རྗེས་མངར་ལྕི་འཁྲུ་བ་ཡིན། །རླིག་རླུགས་སྐྲང་རླུང་བད་ཀན་དང་། །ལྟོ་ནད་

ལྡང་དུབ་རིམས་ནད་སེལ། །འོར་ནད་རྐེད་པ་གསང་བའི་ནད། །ལྟོ་བ་རོ་རྒྱབ་ནད་ལ་ཕན། །ཨེ་རཎྜ་ནི་དམར་པོའི་མར། །རྣོ་ཚ་དྲི་ང་རབ་འབྱིལ་འདྲེད། །ཡུངས་མར་ཚ་དྲོ་རྣོ་བ་དང་། །བད་ཀན་རླུང་སེལ་ཁུ་བ་འབྲི། །ཡང་ཞིང་ཁྲག་མཁྲིས་སྐྱེད་བྱེད་ལ། །ཤ་བཀྲ་མཛེ་

འབྲུམ་རྨེན་བུ་སེལ། །བ་རུ་རའི་མར་མངར་བསིལ་ལྕི། །སྐྲན་སྐྱེ་རླུང་དང་མཁྲིས་པ་སེལ། །ནིམ་དམར་རབ་ཏུ་ཚ་མིན་ཁ། །ལྟོ་སྲིན་མཁྲིས་པ་བད་ཀན་སེལ། །ཟར་མ་ལེ་བརྒན་རྩི་ཡི་མར། །དྲོ་ཞིང་པགས་ནད་བད་མཁྲིས་སྐྱེད། །ཞག་དང་རྐང་ནི་རླུང་འཇོམས་ཤིང་། །

སྟོབས་དང་ཁུ་ཆུ་བད་ཀན་སྐྱེད། །ཤ་ནི་རང་དངོས་རྗེས་མཐུན་ལ། །ཚིལ་ཡང་དེ་དང་འདྲར་ཤེས་བྱ། །ཏིལ་མར་ལ་སྩོགས་པའི་སྡེ་ཚན་ནོ།། །།ཆང་ནི་དྲོད་འབར་ཡི་ག་འབྱེད། །རྣོ་ཞིང་དྲོད་སྐྱེད་ཁོར་བརྟ་དགའ། །མངར་བཅས་ཁ་ཞིང་ཚབ་དང་། །ཞུ་རྗེས་སྐྱུར་ཞིང་ཅུང་ཟད་

འཁྲུ། །བསྐ་བཅས་གདངས་སྙན་ནད་མེད་དང་། །སྤོབས་བསྐྱེད་མདོག་འགྱུར་ཁོང་ཡངས་ཤིང་། །གཉིད་མེད་པ་དང་གཉིད་ཆེ་ལ། །ཕན་ཞིང་ཁྲག་དང་མཁྲིས་པ་སྐྱེད། །རིགས་འཐུངས་སྐེམ་དང་སྦོམ་ཕན་ཞིང་། །རྩུབ་རྣོ་ལས་སྒོ་ཁྱབ་ཅིང་སྦྱོང་། །རླུང་དང་བད་ཀན་སེལ་བ་ཡིན། །

གཞན་དུ་བསྟེན་ན་དུག་དང་མཚུངས། །ཆང་སར་ལྕི་ཞིང་ཉེས་སྐྱེད་ཡིན། །ཆང་རྙིང་དེ་ལས་གཞན་དུ་བྱེད། །ཚ་བའི་སྤྱོད་པར་ལྡན་མི་བཏུང་། །སུན་ཅིང་བཀྲེས་ཉེན་ནད་བས་མིན། །ཤིན་ཏུ་རྣོ་མིན་སར་པ་དང་། །ལེགས་པར་མ་བསླངས་རྙོག་ཅན་ཡིན། །འབྲུ་ཆང་སྐྲན་དང་དམུ་

Vol. 198 · folio 54b

རྫིང་དང་། །རྟུག་སྐེམ་གློ་གཅོང་སེལ་བ་དང་། །རླུང་འཇོམས་ཚིལ་དང་ཁྲག་སྐྱེད་ཅིང་། །གཅིན་བདེར་འབྱིན་ཞིང་བད་ཀན་སྐྱེད། །ཆང་དངས་ཡོན་ཏན་དེ་འདྲ་ལས། །ཡིད་འོང་ཡང་ཞིང་རྣོ་བ་དང་། །གཟེར་དང་ལུད་པ་དབུགས་མི་བདེ། །སྐྱུག་བྲོ་བཤང་འགགས་

སྦོས་ཆམ་འཇོམས། །བ་རུར་ཆང་ཡང་ཞིང་ཕན། །ཤིན་ཏུ་ར་རོར་མི་འགྱུར་ཞིང་། །རྨ་དང་སྐྱ་རྦབ་མཛེ་ནད་ལ། །ཧ་ཅང་གནོད་པར་མི་འགྱུར་ཞིང་། །རྫས་བཞིན་ཡོན་ཏན་རྗེས་མཐུན་ཆང་། །ཆང་གི་ཡོན་ཏན་ཀུན་ལས་ལྷག །ཕོ་ནད་སྐྱ་རྦབ་མཛེ་གཞང་འབྲུམ། །ལུས་

སྐེམ་སྐྲང་འོར་དམུ་རྫིང་རིམས། །སྐྲན་དང་སྲིན་བུ་མཆེར་ནད་སེལ། །རོ་ནི་བསྐ་ཞིང་ཚ་རླུང་སྐྱེད། །རྒུན་ཆང་ནད་སྦྱོང་སྙིང་ལ་ཕན། །ཤིན་ཏུ་དྲོ་མིན་མངར་ཞིང་འཁྲུ། །མཁྲིས་རླུང་ཅུང་ཟད་སྐྱེད་སྐྱ་རྦབ། །གཅིན་ནད་གཞང་འབྲུམ་སྲིན་ནད་སེལ། །བུ་རམ་ཆང་ནི་གཅིན་རྟུག་

འགགས། །འབྱིན་ཞིང་ངོམས་ལ་དྲོད་སྐྱེད་ཡིན། །བུ་རམ་ཤིང་ཆང་རླུང་མཁྲིས་སྐྱེད། །སྣུམ་དང་བད་ཀན་ལས་བྱུང་འཇོམས། །ཚིལ་འོར་དམུ་རྫིང་གཞང་འབྲུམ་སེལ། །དེ་བས་ཁུ་བ་བསྐོལ་མཆོག་ཡིན། །སྦྲང་ཆང་འགྲིབ་བྱེད་རྣོ་བ་སྟེ། །གཅིན་ནད་ཆམ་པ་ལུད་པ་སེལ། །

ཚ་ནི་ཁྲག་མཁྲིས་བད་ཀན་དག །འཇུ་ཞིང་རླུང་ནི་སྙོམས་བྱེད་ལ། །རབ་ཏུ་ཚ་ཞིང་རྣོ་རྩུབ་སྐྱུར། །ཡིད་འོང་ཡིག་འབྱེ་ཞིང་འཁྲུ། །དྲོད་སྐྱེད་རེག་ན་བསིལ་བ་དང་། །སྐྱ་རྦབ་སྲིན་སེལ་མིག་ལ་གནོད། །བུ་རམ་བུར་ཤིང་རྒུན་ཆང་དང་། །ཚ་ནི་ཕྱི་མ་ཕྱི་མ་ཡང་། །སྡོང་བུ་རྩ་བ་འབྲས་

སྩོགས་ལས། །མནན་བྱས་དེ་དང་འདྲར་ཤེས་བྱ། །རྡོ་གུ་ལ་སོགས་བཞུར་བ་གཞན། །དུས་ཀྱི་སྐྱུར་པོ་ཡང་ཟས་ལེན། །འབྲས་ཁུའི་རང་སྐྱུར་འཁྲུ་རྣོ་ཚ། །མཁྲིས་པ་སྐྱེད་བྱེད་བསྐུས་ན་བསིལ། །ངལ་དང་རྨྱ་སེལ་ཡིག་འབྱེད། །དྲོད་སྐྱེད་ཆུ་སེའི་ནད་སེལ་ཡིན། །

མས་གཏོང་ལ་ཕན་ཡིད་དུ་འོང་། །ཡང་ཞིང་རླུང་དང་བད་ཀན་འཇོམས། །བ་གཅིན་ར་ལུག་མ་ཧེ་དང་། །གླང་པོ་རྟ་བོང་རྔ་མོའི་གཅིན། །མཁྲིས་སྐྱེད་རྩུབ་ཅིང་རྣོ་ལ་ཚ། །འཐུངས་རྗེས་ཚ་བྲོ་རོ་ཚ་སྟེ། །སྲིན་ནད་འོར་ནད་དམུ་རྫིང་སྦོས། །གཟེར་དང་སྐྱ་རྦབ་བད་ཀན་རླུང་། །དུག་སྐྲན་ཤ་བཀྲ་

Vol. 198 · folio 55a

ཡི་ག་འཆུས། །མཛེ་དང་གཞང་འབྲུམ་མྱུར་དུ་འཇོམས། །དེ་ལྟར་ཆུ་བོ་བུ་རམ་ཤིང་། །ཏིལ་མར་ཆང་གི་སྡེ་ཚོགས་རིམ། །གཤེར་བའི་རྫས་ཕྱོགས་གཅིག་པ་འདི། །རགས་རིམ་ཇི་བཞིན་བསྟན་པ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །

མདོའི་གནས་ཀྱི་ལེའུ་ལྔ་པའོ།། །།དེ་ནས་ཁ་ཟས་ཀྱི་ཚུལ་བརྟག་ཅིང་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །རྩ་སྣར་འབྲས་ཆན་ཀ་མ་ལ། །དྲུག་ཅུ་པ་དང་བྱ་ཡིས་བླངས། །སྒྲོན་བུའི་མཆུ་དང་རྩེ་རྣོན་དང་། །རོ་འདྲའི་འབྲས་འདྲ་དྲི་བཟང་དང་། །པ་ཏང་ཀ་དང་གསེར་

མདོག་ཅན། །གང་གཞན་འབྲས་ནི་བཟང་པོ་རྣམས། །རོ་མངར་ཞུ་རྗེས་མངར་ཞིང་སྣུམ། །རོ་ཙ་བཤང་གཅི་སྐ་ཞིང་ཆུང་། །རོ་རྗེས་བསྐ་ཞིང་ཕན་པ་དང་། །ཡང་ཞིང་གཅིན་མང་བསིལ་བ་ཡིན། །དེ་ལ་རྩེ་རྣོ་ནང་རྩ་སྣར། །མཆོག་ཡིན་སྐོམ་དང་ཉེས་གསུམ་སེལ། །

དེ་ཡི་འོག་ཏུ་འབྲས་ཆན་སྨད། །དེའི་འོག་ཀ་མ་ལ་དེའི་འོག །ནས་འདྲ་ཧ་ཡན་ཆར་མ། །ནེ་ཤ་ད་ཀ་ལ་སོགས་ནི། །རོ་མངར་དྲི་ཞིམ་ལྕི་ལ་སྣུམ། །ཞུ་བའི་རྗེས་སྐྱུར་བད་མཁྲིས་སྐྱེད། །བཤང་དང་གཅི་བ་ཐུར་དུ་འབྱིན། །སྔ་མ་སྔ་མ་སྨད་པ་ཡིན། །འབྲས་ནང་དྲུག་ཅུ་བ་མཆོག་

སྟེ། །རྩ་སེར་ཤུན་པ་ནག་པ་དག །སྣུམ་ཞིང་འཇུ་སླ་བརྟེན་ཞིང་མངར། །ཉེས་པ་གསུམ་སེལ་བསིལ་རྟུག་འདྲིལ། །དེ་ལས་རིམ་བཞིན་ཐུག་ཆེན་དང་། །ཤུན་ནག་རྒྱ་སྐྱེགས་ཚིགས་མ་འདྲ། །ཁྱིམ་བྱའི་སྒང་འདྲ་འུར་བའི་མིག །ཕུག་རོན་འབྲས་དང་སུ་ཁར། །འབའ་

ར་ཁ་དང་ཨུཏྤལ་དམར། །ཙི་ཏ་སྟོན་སྐྱེས་ད་དུར། །གན་དྷན་དང་ཀུ་རུ་བིན། །ཡོན་ཏན་རིམ་བཞིན་ཆུང་ཤེས་བྱ། །འབྲས་གཞན་མངར་ཞིང་ཞུ་རྗེས་སྐྱུར། །མཁྲིས་པ་སྐྱེད་ཅིང་ལྕི་བ་དང་། གཅིན་རྟུག་མང་ཞིང་ཚབ་ཡིན། །པ་ཏ་ལ་ཉིད་ཉེས་གསུམ་སྐྱེད། །ཅི་ཚེ་ཁྲེ་དང་

ནི་བ་ར། །ཁྲེ་རྒོད་སྣེ་འབྲས་སྩོགས་བསིལ་ཡང་། །རྩའི་འབྲུ་དེ་དག་རླུང་སྐྱེད་ཅིང་། །ཁོང་རྩུབ་བད་ཀན་མཁྲིས་པ་སེལ། །དེ་ལ་ཁྲེ་ནི་རྟས་བྱེད་ལྕི། །ལུས་ཀྱི་ཆག་གྲུགས་འབྱོར་བར་བྱེད། །ཁྲེ་རྒོད་མཆོག་ཏུ་འཁྲུ་གཅོད་ཅིང་། །རེག་ན་བསིལ་ལ་དུག་སེལ་ཡིན། །ནས་

Vol. 198 · folio 55b

ནི་རྩུབ་བསིལ་ལྕི་ལ་མངར། །ཅུང་ཟད་ཁོང་འཁྲུ་བཤང་རླུང་འཕེལ། །རོ་ཙ་བརྟན་བྱེད་གཅིན་དང་ནི། །ཚིལ་དང་མཁྲིས་པ་བད་ཀན་སེལ། །ཆམ་པ་ལུད་པ་དབུགས་མི་བདེ། །ད་རྒན་ལྐོག་ནད་པགས་ནད་སེལ། །ནས་རྒོད་ཅུང་ཟད་དམན་པ་ཡིན། །སྨྱིག་

སྐྱེས་འབྲས་ནས་རྩུབ་ཅིང་ཚ། །གྲོ་ནི་རོ་ཙ་སྣུམ་བསིལ་ལྕི། །འཚོ་བྱེད་རླུང་དང་མཁྲིས་པ་སེལ། །ཆག་གྲུགས་འབྱོར་བྱེད་མངར་བ་དང་། །ཤ་མཁྲེགས་བྱེད་ཅིང་ཅུང་ཟད་འཁྲུ། །ནནྟི་མུ་ཀ་རོ་བསྐ་ཞིང་། །བསིལ་ཞིང་མངར་ཡང་ཕན་པ་ཡིན། །གྲ་མ་ཅན་གྱི་འབྲུ་སྣ་

ཚོགས་ཀྱི་སྡེ་ཚན་ནོ།། །།མོན་སྲན་སྡེའུ་དཀར་སྲན་ཆུང་སྩོགས། །གང་བུ་ཅན་འབྲུ་རྩ་སྒོ་བཀག །རོ་བསྐ་མངར་ཞིང་འཁྲུ་བ་གཅོད། །ཞུ་རྗེས་ཚ་ལ་བསིལ་ཞིང་ཡང་། །ཚིལ་དང་ཁྲག་དང་མཁྲིས་པ་ལ། །བསྐུས་ཤིང་བླུགས་ན་ཕན་པ་ཡིན། །འདི་ལས་མུངྒ་མཆོག་

རླུང་ཆུང་། །སྲན་མ་ཤིན་ཏུ་རླུང་སྐྱེད་ཡིན། །མོན་སྲན་དཀར་པོ་རླུང་སྐྱེད་ཅིང་། །རྩུབ་ཅིང་ལྕི་ལ་བཤང་བ་འཕེལ། །རྒྱ་སྲན་ནག་ཚ་ཞུ་རྗེས་སྐྱུར། །ཁུ་ཆུའི་རྡེའུ་ཆམ་ལུད་པ། །དབུགས་མི་བདེ་རླུང་བད་གཞང་འབྲུམ། །འཇོམས་ཤིང་ཁྲག་མཁྲིས་མཆོག་ཏུ་སྐྱེད། །

ནིས་པ་བ་ནི་རླུང་ཁྲག་མཁྲིས། །ནུ་ཞོ་གཅིན་འཕེལ་ལྕི་ཞིང་འཁྲུ། །ཚ་བྱེད་མིག་གནོད་ཁུ་བ་འབྲི། །བད་ཀན་འོར་ནང་དུག་རྣམས་སེལ། །མ་ཤ་སྣུམ་སྟོབས་བད་ཀན་སྐྱེད། །བཤང་གཅི་མཁྲིས་པ་འཕེལ་བྱེད་འཁྲུ། །ལྕི་ཞིང་ཚ་ལ་རླུང་འཇོམས་དང་། །ཁུ་བ་འཕེལ་ཞིང་

འབྱིན་པར་བྱེད། །ཀ་ཀན་དུ་ལ་ཁ་སྲལ་ཕྲེའུ། །ཡོན་ཏན་མོན་སྲན་གྲེའུ་དང་འདྲ། །ཏིལ་འབྲུ་དྲོ་ཞིང་པགས་པ་འཇམ། །བསིལ་ཞིང་སྐྲ་དང་སྟོབས་སྐྱེད་པ། །ལྕི་ཞིང་གཅིན་ཉུང་ཞུ་རྗེས་ཚ། །ཡིད་གཞུངས་དྲོད་སྐྱེད་བད་མཁྲིས་སྐྱེད། །ཟར་མ་སྣུན་མངར་ཁ་ཞིང་དྲོ། །

ལྕི་ཞིང་བད་ཀན་མཁྲིས་པ་སྐྱེད། །མིག་གནོད་ཁུ་སྐེམས་ཞུ་རྗེས་ཚ། །ལེ་བརྒན་རྩི་འབྲས་དེ་དང་འདྲ། །གྲ་མ་ཅན་ལས་ནས་རྒོད་དང་། །མ་ཤ་གང་བུ་ཅན་ཐ་ཆད། །འབྲུ་ཡི་གསར་ཐོག་བད་ཀན་སྐྱེད། །ལོར་ལོན་འབྲུ་ནི་ཡང་བ་ཡིན། །མྱུར་སྐྱེ་དེ་བཞིན་སྲན་མ་ནི།

Vol. 198 · folio 56a

སྤུན་མེད་ལེགས་བརྔོས་ཚོད་མ་ཡང་། །གང་བུ་ཆགས་པའི་འབྲུ་སྣ་ཚོགས་ཀྱི་སྡེ་ཚན་ནོ།། །།འབྲས་ཐུག་སླ་སྐ་གར་བ་དང་། །འབྲས་ཆན་རྣམས་ནི་སྔ་མ་བཞིན། །ཡང་ངོ་དེ་ལས་སླ་བ་ནི། །དགེ་འོ་རླུང་ནི་ལུགས་མཐུན་བྱེད། །སྐོམ་རྨྱ་ཉེས་པ་

ལྷག་མ་འཇོམས། །འཇུ་ཞིང་ལུས་ཟུངས་མཉམ་པར་བྱེད། །རྩ་སྦུབས་མཉེན་བྱེད་རྔུལ་བ་དང་། །མེ་ཡི་དྲོད་ནི་སྐྱེད་པར་བྱེད། །ཐུག་སྐ་བཀྲེས་སྐོམ་ཉམ་ཆུང་རྨྱ། །ལྟོ་ནད་རིམས་ནད་སེལ་བ་ཡིན། །དྲི་མ་འགགས་ལ་ཕན་པ་དང་། །དྲོད་སྐྱེད་ནད་ནི་འཇུ་བར་བྱེད། །

ཐུག་གར་འཁྲུ་གཅོད་ཡི་གར་འོང་། །སྐོམ་སེལ་དྲོད་སྐྱེད་རྨ་དང་མིག །བཀྲུ་སྨན་རྗེས་དང་ཉམ་ཆུང་དང་། །སྣུམ་འཐུངས་རྗེས་ལ་ཕན་པ་ཡིན། །འབྲས་ཆན་ལེགས་བཀྲུས་ཁུ་བཙགས་ཚོས། །རླངས་པ་དང་ནི་བྲལ་བ་དང་། །གང་ཡང་ཚ་བའི་སྨན་རྣམས་ཀྱིས། །བསྐོལ་

བའི་འབྲས་ཚོས་ཡང་བ་ཡིན། །དེ་ལས་བཟློག་པ་གང་ཞིག་ནི། །ཤ་ཁུ་འོ་མ་བསྐོལ་སྩོགས་ལྕི། །དེ་ལྟར་རྫས་དང་བྱ་སྦྱོར་དང་། །ཚད་ལ་སོགས་པས་ཀུན་ཤེས་བྱ། །ཁུ་བ་ཉམས་རྟས་ཚིམ་བྱེད་ཅིང་། །རོ་ཙ་མིག་ཕན་རྨ་ལ་གནོད། །མོན་སན་སྡེའུ་སྦྱོང་དང་རྨ། །ལྐོག་

མ་མིག་ནད་དག་ལ་ཕན། །ཀུ་ལངྒ་ཐ་ཁུ་རླུང་དང་སྐྲན། །རོ་སྨད་སླར་གཟེར་གནོད་པ་སེལ། །ཏིལ་ཚིགས་གཡོས་སུ་སྦྱར་བྱས་ནས། །ཚོད་མ་སྐམ་དང་མྱུ་གུ་དང་། །སྐྱུར་པོར་ཆང་བུ་བཅུག་པ་ནི། །མིག་གནོད་ཉེས་སྐྱེད་རྨྱ་བྱེད་ལྕི། །དྲི་འཛིན་ལུས་བརྟ་རོ་ཙ་ཞིང་། །སྣུམ་

ཞིང་སྟོབས་སྐྱེད་ཡི་ག་འབྱེ། །རྒུན་ཆུའི་བཏུང་བ་ངལ་དུབ་དང་། །བཀྲེས་སེལ་ཚིམ་པར་བྱེད་ཅིང་ལྕི། །རྟུག་སྐམ་གཅིན་མང་ཡི་གར་འོང་། །དེ་ཡི་ཡོན་ཏན་སྨན་བཞིན་བལྟ། །འབྲས་ཡོས་སྐོམ་དང་སྐྱུག་ཚད་འཁྲུ། །གཅིན་མང་ཚིལ་དང་བད་ཀན་སེལ། །ལུད་པ་

མཁྲིས་པ་ཉེར་ཞི་བྱེད། །དྲོད་སྐྱེད་ཡང་ཞིང་བསིལ་བ་ཡིན། །སྲུས་ལེབ་ལྕི་ཞིང་སྟོབས་སྐྱེད་ལ། །བད་ཀན་བཤང་བ་སྲ་བྱེད་ཅིང་། །ནས་ཡོས་རྟུག་མཁྲེགས་རྩུབ་པ་དང་། །སྐོམ་ཞིང་ཁོང་འཁྲུགས་ལྕི་བ་ཡིན། །ནས་ཕྱེ་ཁོང་ཡང་བཀྲེས་སྐོམ་དང་། །ངལ་དུབ་མིག་

Vol. 198 · folio 56b

ནད་རྨ་ལ་ཕན། །སྐྱོ་མར་བྱས་པ་འཐུངས་པ་ཡིས། །འཕྲལ་དུ་སྟོབས་ནི་སྐྱེད་བྱེད་ཡིན། །ཆུ་དང་ཕྱེ་སྤེལ་མི་བཟའ་ཞིང་། །དུས་གཉིས་མཚན་མོ་འཕྲད་མེད་མིན། །འགྲངས་རྗེས་མི་བཟའ་སོས་བཅད་མིན། །ཧ་ཅང་འགྲངས་ཆེས་བཟའ་མི་བྱ། །འབའ་ཆ་ཉམ་

འབྲི་རྩུབ་པ་དང་། །བཤང་མཁྲེགས་མིག་ལ་གནོད་པ་ཡིན། །ཤ་གཡོས་སྤོད་སྦྱར་སྣུམ་ཞིང་ལྕི། །སྟོབས་སྐྱེད་ཤ་འཕེལ་རྟས་བྱེད་ཡིན། །མུངྒ་གཡོས་སྦྱར་ལྕི་བ་དང་། །སྨན་གྱི་ཆ་དང་ཡོན་ཏན་འདྲ། །ཁུར་བ་མདག་བཙོས་དོག་ལེ་དང་། །ས་སླང་ད་ནུར་རྒྱ་སོལ་

བསྲེགས། །ཁུར་བ་འདི་རྣམས་རིགས་གཅིག་ཀྱང་། །ཕྱི་མ་ཕྱི་མ་ཡང་བ་ཡིན། །གཡོས་སུ་བྱས་པའི་ཟས་ཀྱི་སྡེ་ཚན་ནོ།། །།ཤ་བ་དགོ་བ་ཀུ་རང་ག །རྐྱང་དང་རི་ཤ་རི་དྭགས་མ། །རི་བོང་དང་སྒོ་ཙ་རུ་ཀ། །ལྡང་སྒོ་ལ་སོགས་རི་དྭགས་ཡིན། །ལ་བ་བར་ཏི་བར་

ཏི་ཀ། །གོ་ཙ་དམར་དང་གོང་མོ་དང་། །སྲེག་པ་ཨུ་པ་ཙཀྲ་དང་། །ཀ་པིན་ཙ་ར་ཀུ་རུ་བ། །བར་ད་ཀ་དང་བར་ཏི་ཀ། །གོང་མ་སྲེག་དང་རྨ་བྱ་དང་། །ཁྱིམ་བྱ་དང་ནི་ཙ་ཀོར། །གོན་ནད་དང་རི་ལ་གནས། །ཤ་ར་བ་དང་ཨིནྡྲ་བ། །རི་བྱ་འདི་དག་ཟས་ཁྲོན་རྐོ། །ཤང་ཤང་

ཏེའུ་ད་དུ་ཧ། །བུང་འདྲ་ནེེ་ཙོ་ཤ་རི་ཀ །ཏ་ལ་ཁུ་བྱུག་ཧ་རི་ཏ། །བྱེའུ་ལ་སོགས་མཆུས་རྐོ་ཡིན། །སྦལ་པ་སྦྲུལ་དང་སྐྱིན་གོར་དང་། །བི་དུར་ལ་སོགས་ཁུང་ན་གནས། །བ་ལང་རྟ་བོང་དྲེའུ་དང་། །སྟག་གཟིག་སེང་གེ་དོམ་སྤྲེའུ། །བྱི་ལ་བྱི་བ་སྤྱང་ཀི་དང་། །སྲེ་

མོ་དང་ནི་དྲེད་དག་དང་། །ཝ་དང་འཕར་བ་ཁྲ་དང་ནི། །ཆུན་ལག་ཁྲ་སྤྱང་བྱ་རོག་གི། །བྱ་རིགས་ཁྲ་སྔོན་བྱ་ཀུ་རུ། །བྱ་རྒོད་འུག་པ་ཀ་ལིང་ཀ། །དུང་ཅན་མ་དུ་ཧ་ལ་སོགས། །བྱ་དང་གཅན་གཟན་རྩལ་མཐུས་ཟ། །ཕག་རྒོད་རུ་རུ་མ་ཧེ་སྐྱིན། །རོ་ཧི་ཏ་དང་གླང་པོ་

ཆེ། །མཛོ་རྒོད་གཡག་རྒོད་བསེ་དང་ནི། །སྨྱིག་གླང་ཞེས་གྲགས་རི་དྭགས་ཆེ། །ཆུར་གནས་ངང་པ་ས་ར་ས། །ཆུ་སྐྱར་ཀ་རན་ད་བྱ་བླ། །རྒྱ་དང་ཁྲུང་ཁྲུང་ངུར་པ་དང་། །སོ་བྱ་ཀ་ཏམྦ་སོགས་ཡིན། །ཉ་རོ་ཧ་ཏི་བ་ཏི་ན། །ཉ་ཕྱིས་རུས་སྦལ་ཀུམ་བིར། །ཀར་ཏ་

Vol. 198 · folio 57a

དུང་སྲམ་ཤམྦུ་ཀ། །ཉེ་ལྡང་བར་མི་ཙན་ཏི་ཀ །བུ་ལུ་ཆུ་སྲིན་ནག་ཁྲ་དང་། །ཉ་བོ་ཆེ་ནི་བྱིས་པ་གསོད། །ཇ་རི་ཅི་ལི་ཙི་མ་སྩོགས། །དེ་ལྟར་ཤ་ནི་བརྒྱད་དུ་བཤད། །ར་ལུག་གཟས་ཀྱི་སྤྱོད་ཡུལ་ནི། །འདྲེས་པས་རིགས་གཅིག་ངེས་མ་ཡིན། །ཐོག་མ་

ཐ་མ་སྐམ་གཤེར་གནས། །བར་མ་གཉིས་པོ་ཐུན་མོང་བཤད། །དེ་ལས་སྐམ་སའི་ཤ་རྟུག་འགགས། །བསིལ་བ་དང་ནི་ཡང་པ་ཡིན། །འདུས་པ་མཁྲིས་པ་ཤས་ཆེ་ཞིང་། །རླུང་འབྲིང་བད་ཀན་ཆུང་ལ་ཕན། །རི་བོང་ཤ་ནི་དྲོད་སྐྱེད་རྩུབ། །ཞུ་རྗེས་ཚ་ཞིང་འཁྲུ་གཅོད་

བསིལ། །བར་ཏ་ཀི་ལ་སོགས་པའི་ཤ། །ཅུང་ཟད་སྣུམ་དྲོ་ལྕི་རྟས་བྱེད། །དེ་རྣམས་ལས་ཀྱང་རྒྱ་བྱའི་ཤ།། །ཡིད་གཞུངས་དྲོད་སྟོབས་ཁུ་བ་འཕེལ། །བཤང་སྐེམས་མདོག་བཟང་རླུང་ཤས་ཆེ། །འདུས་པ་སེལ་བའི་དམ་པ་ཡིན། །རྨ་བྱའི་ཤ་ནི་བཟང་མིན་ཡང་། །རྣ་མིག་

སྐད་འགགས་རྒས་སྲར་ཕན། །ཁྱིམ་བྱེད་འདྲའི་རོ་ཙ་ལ། །གྲང་གནས་ལྕི་ཞིང་བད་ཀན་སྐྱེད། །གོང་མོ་ཨུ་པ་ཙ་ཀྲར་བཅས། །ཡིད་གཞུངས་དྲོད་སྐྱེད་ཡི་གར་འོང་། །ཐི་བ་ཞར་བའི་ཤ་ལྕི་ཞིང་། །ཚ་བྲོ་ཉེས་པ་ཐམས་ཅད་སྐྱེད། །བྱེའུ་ཤ་བད་ཀན་སྐྱེད་ཅིང་སྣུམ། །རླུང་འཇོམས་

ཁུ་བ་རབ་ཏུ་འཕེལ། །སྡེ་ཚན་དེ་ལས་ཕྱི་མ་རྣམས། །རིམ་བཞིན་ལྕི་དྲོ་སྣུམ་ཞིང་མངར། །གཅིན་མང་རོ་ཙ་སྟོབས་སྐྱེད་ཅིང་། །རླུང་འཇོམས་བད་ཀན་མཁྲིས་པ་སྐྱེད། །དེ་ལས་རི་དྭགས་ཆེན་པོ་བསིལ། །རྩལ་མཐུས་ཤ་རློན་ཟ་བའི་ཡང་། །རོ་རྗེས་ལན་ཚྭ་བྲོ་ཞུ་རྗེས། །

ཚ་ཞིང་ཤ་ནི་འཕེལ་བར་བྱེད། །གཞང་འབྲུམ་རྙིང་པ་ཕོ་བ་གྲང་། །སྐེམ་ནད་ཉེན་ལ་མཆོག་ཏུ་ཕན། །ར་ཤ་ཤིན་ཏུ་བསིལ་མིན་ཞིང་། །ལྕི་སྣུམ་མ་ཡིན་ཉེས་མེད་ཡིན། །ལུས་དང་ཁམས་ནི་མཉམ་པས་ན། །བད་ཀན་མི་སྐྱེད་ལུས་རྟས་བྱེད། །ལུག་ཤ་དེ་ལས་བཟློག་

པ་སྟེ། །ལུས་རྟས་ཡིན་པར་ཤེས་པར་བྱ། །བ་ལང་ཤ་ནི་ལུད་སྐམ་དང་། །ངལ་དང་ཚོ་ཆེས་མ་སྙོམས་རིམས། །ཆམ་པ་དང་ནི་སྐེམ་པ་དང་། །རླུང་ནད་གཅིག་པུ་ན་བ་སེལ། །མ་ཧེའི་ཤ་ནི་ལྕི་ཞིང་ཚ། །གཉིད་ཆེ་བརྟན་བྱེད་ཤས་ཆེར་སྐྱེད། །ཕག་རྒོད་ཤ་ནི་དེ་འདྲ་ཞིང་། །

Vol. 198 · folio 57b

ངལ་སེལ་ཟས་ལེན་ཁུ་སྟོབས་སྐྱེད། །ཉ་ནི་མཆོག་ཏུ་བད་ཀན་སྐྱེད། །ཙི་ལི་ཙི་མ་ཉེས་གསུམ་སྐྱེད། །ལ་བ་རོ་ཧ་ཏི་སྐྱིན་གོར། །ཤ་བ་རང་རང་སྡེ་ཚན་མཆོག །ཤ་ནི་འཕྲལ་བསད་པ་དག་དང་། །དར་ལ་བབ་པ་བསྟེན་པར་བྱ། །རང་ཤི་རིད་དང་ཤིན་ཏུ་ཚོ། །ནད་ཆུ་དུག་

གིས་ཤི་བ་སྤང་། །ཕོ་དང་མོ་ཡི་སྟོད་སྨད་ཕྱེད། །ལྕི་སྟེ་སྦྲུམ་མ་ཐམས་ཅད་ལྕི། །རྐང་བཞི་མོ་ཡི་ཡང་བ་ཡིན། །བྱ་རྣམས་ཀྱི་ནི་ཕོ་ཡི་ཡང་། །མགོ་བོ་རོ་སྟོད་བྲང་དང་རྒྱབ། །རྐེད་པ་དཔྱི་ཡི་ལྕི་བ་ཡིན། །དེ་བཞིན་ཕོ་བ་རྒྱུ་མ་སོགས། །གོ་རིམས་བཞིན་དུ་

ལྕི་བ་ཡིན། །ཁྲག་ལ་སོགས་པའི་ལུས་ཟུངས་རྣམས། །ཕྱི་མ་ཕྱི་མ་ལྕི་བ་ཡིན། །ཤ་ལས་རླིག་པ་ཕོ་མཚན་དང་། །མཁལ་མ་མཆེར་པ་གཞང་དག་ལྕི། །ཤའི་སྡེ་ཚན་ནོ།། །།ཚོད་མ་པ་ཐ་ཤ་ཏི་དང་། །སུ་ཤ་སུ་ནི་ཤ་ན་དང་། །ས་ཏིན་ཛ་རྒྱ་སྣེའུ་སྩོགས། །

ཉེས་པ་གསུམ་འཇོམས་རྟུག་སྲི་ཡང་། །དེ་ལས་སུ་ནི་ཤན་དྲོ། །རོ་ཙ་ར་ཛཀྵ་པ་ཏི། །ཕོ་བ་གཞང་འབྲུམ་ནད་སེལ་མཆོག །རྒྱ་སྣེའུ་རྟུག་སྐམ་འཇོམས་པ་ཡིན། །མོན་སྣེའུ་དམེ་རུ་ཉེས་གསུམ་འཇོམས། །མཛེ་སེལ་རོ་ཙ་བཅུད་ལེན་དྲོ། །འཁྲུ་ཞིང་མགུལ་པ་སྙན་

པར་བྱེད། །ཙང་གི་རི་སྐྱུར་མེ་དྲོད་སྐྱེད། །ཕོ་བ་གཞང་འབྲུམ་བད་ཀན་རླུང་། །དྲོད་ཆེ་འཁྲུ་གཅོད་ཡང་བ་ཡིན། །པ་ཏོ་ལ་དང་སབ་ཏ་ལ། །ནིམ་པ་ཤང་གསྠ་སླེ་ཏྲེས། །ཨ་པལ་གུ་ཟ་རྩའི་མྱུ་གུ། །བྲི་ཧ་ཏི་དང་བཱ་ཤ་དང་། །ཏི་ལ་པར་ཎི་ཀུ་ཏ་ལ། །

མན་དུ་ཀ་འདབ་ཀར་ཀོ་ཏ། །ཀ་ར་བེ་ལ་པར་བ་ཏ། །ཎ་ཏི་དང་ནི་ཀ་ཏ་ཡ། །གོ་ཛི་ཧ་དང་བར་ད་ཀ །བ་ན་ཏིག་ཏ་ཀ་རི་རམ། །ཀུ་ལི་ཀ་དང་ནན་ཏི་དང་། །ཀུ་ཙེལ་ཤག་ཀུན་ད་ནི། །ཀ་ཏིལ་དང་ཀེའུ་ཀམ། །ཤོ་ཏམ་ཀོ་ཤ་ཏ་ཀ་དང་། །ཀར་ཤ་འཇམ་བསིལ་ཁ་

ཞིང་ཚ། །བཤང་སྲི་རླུང་སྐྱེད་བད་མཁྲིས་སེལ། །པ་ཏོ་ལ་ཞིམ་སྲིན་ནད་སེལ། །ཞུ་རྗེས་མངར་ཞིང་ཡི་ག་འབྱེད། །བྲི་ཧ་ཏི་གཉིས་མཁྲིས་སྐྱེད་འཁྲུ། །དྲོད་སྐྱེད་རླུང་ནི་འཇོམས་པ་ཡིན། །བྲི་ཤན་རླུང་དང་ལུད་པ་འཇོམས། །ཁྲག་མཁྲིས་སེལ་བའི་དམ་པ་

Vol. 198 · folio 58a

ཡིན། །ཀར་བེལ་ལ་ཁ་བ་དང་། །དྲོད་སྐྱེད་བད་ཀན་སེལ་མཆོག་ཡིན། །བར་ཏ་ཀ་རོ་ཁ་ཞིང་ཚ། །མངར་དྲོ་བད་ཀན་རླུང་དག་སེལ། །ལན་ཚྭར་བཅས་པ་མེ་དྲོད་སྐྱེད། །ཡིད་འོང་ཟས་ལེན་མཁྲིས་མི་སྐྱེད། །ཀ་རི་ར་ནི་སྦོས་བྱེད་ཅིང་།

རོ་བསྐ་མངར་ཞིང་ཁ་བ་ཡིན། །ཀོ་ཤ་ཏ་ཀ་བལ་གུ་ཟ། །འཁྲུ་ཞིང་དྲོད་ནི་སྐྱེད་བྱེད་ཡིན། །ཏན་དུ་ལི་བསིལ་རྩུབ་པ་དང་། །རོ་མངར་ཞུ་རྗེས་མངར་ཞིང་ཡང་། །ཆང་ནད་མཁྲིས་ནད་དུག་ཁྲག་སལ། །མུན་ཛ་ལས་བྱུང་རླུང་མཁྲིས་སེལ། །སྣུམ་བསིལ་ལྕི་ཞིང་མངར་བ་དང་། །

ལུས་རྟས་ཁུ་བ་འཕེལ་བའི་མཆོག །པ་ལག་ཀྱ་ལྕི་འཁྲུ་བར་བྱེད། །ཨུ་པོ་ད་ཀ་ཆང་ནད་འཇོམས། །ཙུ་ཙུ་པ་ལག་ཀྱ་འདྲ་ལས། །དེ་ནི་འཁྲུ་གཅོད་བདག་ཉིད་ཅན། །བི་ད་རི་ནི་རླུང་མཁྲིས་སེལ། །གཅིན་མང་མངར་ཞིང་བསིལ་བ་ཡིན། །འཚོ་བར་བྱེད་ཅིང་

ལྐོག་ནད་སེལ། །ལུས་བརྟ་རོ་ཙ་ལྕི་བཅུད་ལེན། །ཛི་བན་ཏི་མངར་བསིལ་བ་དང་། །མིག་ལ་ཕན་ཞིང་ཉེས་གསུམ་སེལ། །ཀུ་སྨན་ད་བུམ་ཤ་ཀ་ལིང་། །ཀར་ཀ་དང་ནི་ཨེར་བ་རུ། །ད་ན་དིས་ཞེས་བྱ་བ་དང་། །ད་ན་དིས་དང་ག་གོན་དང་། །ཙིན་ཏ་ཀ་དང་ཙིར་བི་ཏ། །

བད་རླུང་སྐྱེད་ཅིང་འཁྲུག་ཅིན་མང་། །བཤང་སྲི་ལྕི་ཞིང་ཞུ་རྗེས་མངར། །འཁྲི་ཤིང་འབྲས་བུའི་ནང་ན་མཆོག །ཀུ་སྨན་ད་སྟེ་རླུང་མཁྲིས་སེལ། །གཅིན་ནད་སེལ་ཞིང་རོ་ཙར་བྱེད། །ག་གོན་ཤིན་ཏུ་གཅིན་མང་ཞིང་། །ཀུ་བ་ཤིན་ཏུ་རྩུབ་པ་ཡིན། །ཀ་ལིང་ཀ་དང་ཨེར་

བ་རུ། །ཙིར་བི་མཁྲེགས་གཞོན་མཁྲིས་སེལ་བསིལ། །སྨིན་པ་དེ་ལས་གཞན་དུ་བྱེད། །འབྲས་བུ་རྙིང་ལུང་ལན་ཚྭར་བཅས། །མཁྲིས་སྐྱེད་བད་ཀན་རླུང་ནད་སེལ། །ཡི་ག་འབྱེ་ཞིང་དྲོ་ཡིད་འོང་། །ཧེན་ལངས་ལྟོ་ལྦོས་སེལ་ཞིང་ཡང་། །པད་རྩ་རྩ་བ་ཨུཏྤལ་རྩ། །

ཀུ་མུ་ཨུཏྤལ་ཆུ་བ་དང་། །ཆུས་པ་ཤ་ལུ་ཀ་ཏ་དང་། །སྲིང་གདང་ག་ཤ་རུ་ཀ། །ཀྲོན་ཛ་ད་ན་ཀ་ལོད། །རྩུབ་ཅིང་བཤང་སྲི་བསིལ་ཞིང་ལྕི། །ཀ་ལམ་པ་དང་ན་ལི་ཀ། །མར་ཤེ་ཞེས་ནི་བྱ་བ་དང་། །ཀུ་ཏི་ན་ཛ་ར་ཀུ་ཁ། །སེང་ཕྲོམ་ཡུངས་མ་ལོ་ནི་ཀ །ཀ་རུ་ད་ཀ་ག་པེ་དུ། །

Vol. 198 · folio 58b

འཚོ་བྱེད་དང་ནི་ཛུན་ཛུ་དང་། །ཨེ་དག་ཛ་དག་དང་ནི། །ཡ་བ་ཤ་ཀ་ལྕམ་པ་དང་། །ཨ་ལུ་ཀ་སྩོགས་ཐམས་ཅད་དང་། །སྲན་ལོ་ཤིང་མངར་ལོ་མ་དང་། །མངར་ཞིང་རྩུབ་ལ་ལན་ཚྭ་བྲོ། །བད་ཀན་རླུང་སྐྱེད་ལྕི་བ་དང་། །བསིལ་ཞིང་བཤང་ལྕི་འབྱུང་སླ་བྱེད། །ཕལ་

ཆེར་ཞུ་ནས་བཤང་གཅི་མཁྲེགས། །ཚོས་ཤིང་ཁུ་བ་ལེགས་བཙིར་ལ། །མར་ཆེར་བཏབ་པ་ཉེས་མི་སྐྱེད། །སེང་ཕྲོམ་འདབ་མ་ཞེས་བྱ་གང་། །དེ་ནི་རྒྱ་སྣེའུ་དང་འདྲར་འདོད། །ཏར་ཀ་རི་བར་ན་མངར། །ཁ་བཅས་རླུང་དང་བད་ཀན་སེལ། །པུརྞ་རྣམ་གཉིས་ཀ་ལ་

ཤ། །ཅུང་ཟད་ཚ་བྲོ་ཁ་ཞིང་ཚ། །དྲོད་སྐྱེད་ཁོང་འཁྲུ་སྦྱར་དུག་དང་། །འོར་ནད་བད་ཀན་རླུང་ནད་འཇོམས། །ཙི་བི་ར་ཡི་མྱུ་གུ་ནི། །དྲོད་སྐྱེད་རླུང་དང་བད་སེལ་འཁྲུ། །ཉེའུ་ཤིང་མྱུ་གུ་ཁ་བ་སྟེ། །རོ་ཙ་ཉེས་གསུམ་སེལ་བ་ཡིན། །སྨྱིག་མའི་མྱུ་གུ་རྩུབ་པ་དང་། །

ཁོང་ཚ་རླུང་དང་མཁྲིས་པ་སྐྱེད། །བ་རུ་ར་ནི་དྲོད་སྐྱེད་ཁ། །མཆེར་པ་གཞང་འབྲུམ་བད་རླུང་སེལ། །ཀ་ས་མར་ད་སྲིན་ལུང་པ། །བད་ཀན་སེལ་ཞིང་ཞུ་བྱེད་འཁྲུ། །ལེ་བརྒན་རྩི་ཚོད་རྩུབ་སྐྱུར་ཚ། །ལྕི་ཞིང་མཁྲིས་པ་སྐྱེད་ལ་འཁྲུ། །ཡུངས་ཀར་ཚོད་མ་ལྕི་ཞིང་ཚ།

བཤང་དང་ལྕི་འགགས་ཉེས་ཀུན་སྐྱེད། །ལ་ཕུག་གཞོན་ནུ་རོ་མི་གསལ། །ཅུང་ཟད་ཚ་བྲོ་ཁ་དང་བཅས། །གང་ཡིན་དེ་ནི་ཉེས་ཀུན་སེལ། །ཡང་ཞིང་ཅུང་ཟད་ཚ་བ་དང་། །སྐྲན་དང་ལུད་གཅོང་དབུགས་མི་བདེ། །རྨ་དང་མིག་ནད་ལྐོག་ནད་སེལ། །སྐད་འགགས་

དྲོད་ཆུང་རྟུག་སྐམ་དང་། །ཆམ་པའི་ནད་ནི་འཇོམས་པ་ཡིན། །ནར་སོན་རོ་དང་ཞུ་རྗེས་ཚ། །དྲོད་སྐྱེད་བྱེད་ཅིང་ཉེས་གསུམ་སྐྱེད། །བད་ཀན་སྐྱེད་ལྕི་བཙོས་པ་ནི། །སྣུམ་ཞིང་དེ་ཡང་རླུང་སེལ་ཡིན། །སྐམ་པོ་རླུང་དང་བད་ཀན་སེལ། །རྗེན་པ་ཐམས་ཅད་ཉེས་སྐྱེད་

ཡིན། །ཡུངས་མ་ཚ་ཞིང་དྲོ་བ་དང་། །བད་ཀན་རླུང་སེལ་མཁྲིས་པ་སྐྱེད། །ཤན་ཏ་མཱུ་ལ་མཁྲིས་སེལ་ཞིང་། །བསིལ་ཞིང་ཞུ་རྗེས་མངར་བ་དང་། །རོ་མངར་ཁ་ཞིང་བསྐ་བ་སྟེ། །བད་ཀན་དུག་ཀྱང་སེལ་བར་བཤད། །ཀུ་ཐེར་བྱེའུ་རུག་ཤི་ཀྲུ། །སུ་མུ་ཁ་དང་སྐེ་

Vol. 198 · folio 59a

ཚེ་དང་། །བུ་སྲིན་དང་ཕ་ནི་ཛ། །ཟིན་ཐིག་ལེ་དང་ཛམ་བི་ར། །དེ་ལ་སྩོགས་པའི་ལྡུམ་རྣམས་ནི། །བཤང་གཅི་སྲ་ཞིང་མེ་དྲོད་སྐྱེད། །ཁོང་པ་ཚ་བྱེད་ཁ་རྩུབ་ཚ། །ཡིད་འོང་ལུས་དྲོ་ཡི་ག་འབྱེ། །མིག་གནོད་ཁུ་བ་སྲིན་འཇོམས་རྣོ། །

སྐྲང་པར་བྱེད་དང་ཡང་བ་ཡིན། །བྱེ་རུག་སྐྱིགས་ལུད་དབུགས་མི་བདེ། །རྩིབ་ལོགས་ཟུག་དུག་ཁ་མནམ་སེལ། །སུ་མུ་ཁ་ནི་རབ་ཚ་མིན། །སྦྱར་དུག་འོར་ནད་སེལ་བ་ཡིན། །འུ་སུའི་ལོ་མ་ཁ་ཞིང་མངར། །གཅིན་མང་མཁྲིས་པ་སྐྱེད་མ་ཡིན། །སྒོག་སྐྱ་རབ་ཏུ་

ཚ་ཞིང་རྣོ། །ཞུ་རྗེས་ཚ་ཞིང་འཁྲུ་བ་དང་། །ཞིམ་ཞིང་སྐྲ་སྐྱེད་ལྕི་རོ་ཚ། །སྣམ་ཞིང་དྲོད་སྐྱེད་ཡི་ག་འབྱེ། །ཤ་བཀྲ་མཛེ་སྐྲན་གཞང་འབྲུམ་དང་། །གཅིན་ནད་སྲིན་དང་བད་ཀན་རླུང་། །སྐྱིགས་བུ་ཆམ་པ་དབུགས་མི་བདེ། །ལུད་པ་སེལ་ཏེ་ཁྲག་མཁྲིས་སྐྱེད། །ཀུན་དོང་དེ་ལས་

ཡོན་ཏན་དམན། །བད་ཀན་སྐྱེད་མཁྲིས་རབ་མི་སྐྱེད། །ཀེའུ་བཙོས་དུག་སྦྱར་ཟོས་པ་ཡིས། །བད་ཀན་རླུང་དང་གཞང་འབྲུམ་སེལ། །རྣོ་ཞིང་རྟུག་པ་སྲི་བ་དང་། །དེ་ནི་མཁྲིས་ཅན་ལ་ཕན་མིན། །སུ་ར་དྲོད་སྐྱེད་ཁ་ཟས་ལེན། །བད་སེལ་དྲི་མ་སྦྱོང་ཞིང་ཡང་། །མཆོག་ཏུ་

གཞང་འབྲུམ་དག་ལ་ཕན། །སྦང་ཕྲུམ་ཤིན་ཏུ་ཉེས་སྐྱེད་ཡིན། །མེ་ཏོག་འདབ་མ་འབྲས་ཡལ་ག །སྡོང་བུ་རིམ་བཞིན་ལྕི་བ་ཡིན། །ཚོད་མའི་རབ་མཆོག་འཚོ་བྱེད་ཡིན། །ཡུངས་ཀར་ཚོད་མ་ཐ་ཆད་ཡིན། །ཚོད་རྔད་རྣམས་ཀྱི་སྡེ་ཚན་ནོ།། །།རྒུན་འབྲུམ་

འབྲས་བུའི་མཆོག་ཡིན་ཏེ། །རོ་ཙ་མིག་སྨན་བཤང་གཅི་སླ། །མངར་ཞིང་ཞུ་རྗེས་སྣུམ་པ་དང་། །ཅུང་ཟད་བསྐ་ཞིང་བསིལ་ལ་ལྕི། །རླུང་དང་ཁྲག་མཁྲིས་སེལ་བྱེད་ཅིང་། །ཁ་ནང་ཁ་བྲོ་ཆང་ནད་དང་། །སྐོམ་ལུད་ཚད་རིམས་དབུགས་མི་བདེ། །སྐད་འཛེར་གློ་རྡོལ་གློ་

གཅོང་སེལ། །བལ་པོ་སེའུ་མངར་མཁྲིས་རྒྱས་དང་། །ཉེས་པ་གསུམ་པོ་སེལ་བ་ཡིན། །སྐྱུར་བ་མཁྲིས་སྐྱེད་མིན་ཅུང་དྲོ། །རླུང་དང་བད་ཀན་འཇོམས་པར་བྱེད། །སེའུ་ཀུན་ཀྱང་ཡིད་འོང་སྣུམ། །ཡང་ཞིང་བཤང་སྲ་དྲོད་ཟས་ལེན། །མོ་ཚ་འབྲ་གོ་པ་ནས། །རྒྱ་

Vol. 198 · folio 59b

སྟར་པ་རུ་ཤ་ཀ་དང་། །ཨ་མྲ་ཏ་ལ་ཀསྨ་འབྲས། །ར་ཇ་ད་ན་མ་དུའི་འབྲས། །རྒྱ་ཤུག་སོ་བི་ར་ཨང་ཀོལ། །ཕལ་ཀུ་སླེས་མ་ཏའི་འབྲས་བུ། །ཏ་མལ་བི་ཤུ་སྟར་གའི་འབྲས། །མྱུ་གུ་ལ་དང་རྒྱ་ཁམ་དང་། །ཨ་རུ་མ་ན་པི་ཡལ་འབྲས། །རྟས་བྱེད་ལྕི་ཞིང་བསིལ་

བ་ཡིན། །ལུས་ཚ་གློ་རྡོལ་གློ་གཅོང་སེལ། །ཁྲག་དང་མཁྲིས་པ་སྙོམས་པར་བྱེད། །ཞུ་རྗེས་མངར་ཞིང་སྣུམ་པ་དང་། །བཤང་ལྕི་བད་ཀན་ཁུ་བ་འཕེལ། །ཏ་ལའི་འབྲས་བུ་མཁྲིས་སྐྱེད་འཁྲུ། །ཀསྨ་རྒྱ་འབྲས་བསིལ་བ་དང་། །བཤང་ལྕི་འགགས་པ་སེལ་བྱེད་

ཅིང་། །སྐྲ་བྱེད་ཡིད་གཞུངས་བཅུད་ལེན་འགྱུར། །པ་ཏ་མ་སྩོགས་དྲོ་བ་དང་། །བད་ཀན་མཁྲིས་པ་སྐྱེད་བྱེད་འཁྲུ། །སྣུམ་ཞིང་མཆོག་ཏུ་རླུང་སྐྱེད་བྱེད། །པི་ལ་ཡའི་འབྲས་ཚབ་མིན། །པི་ལ་ཡ་ཡི་ཚི་གུ་མངར། །རོ་ཙ་མཁྲིས་པ་རླུང་ནད་སེལ། །རྒྱ་ཤུག་ཚི་གུའི་ཡོན་ཏན་ནི། །དེ་འདྲ་

སྐམ་སློན་ལུད་པ་སེལ། །བིལ་འབྲས་སྨིན་པ་འཇུ་དཀའ་ཞིང་། །ཉེས་སྐྱེད་འཕྱེན་ནི་དྲི་བ་བྱེད། །མ་སྨིན་དྲོད་སྐྱེད་བད་རླུང་སེལ། །དེ་དག་གཉིས་ཀ་འཁྲུ་བ་གཅོད། །མ་སྨིན་ཀ་པིད་མགུལ་ནད་དབ། །ཉེས་པ་ཀུན་སྐྱེད་སྨིན་པ་ནི། །ཉེས་འཇོམས་སྐྱིགས་བུ་སློན་བྲོ་སེལ། །

ཀུན་ཀྱང་འཁྲུ་གཅོད་དུག་འཇོམས་ཡིན། །འཛམ་བུའི་ཤང་ཏོག་བཤང་གཅི་སྲི། །བསིལ་ཞིང་ཤིན་ཏུ་རླུང་སྐྱེད་ཡིན། །བཤང་དང་ལྕི་བ་གཅོད་བྱེད་ཅིང་། །ལྐོག་མ་ལ་གནོད་བད་མཁྲིས་སེལ། །ཨ་མྲའི་འབྲས་བུ་མ་སྨིན་རླུང་། །ཁྲག་མཁྲིས་སྐྱེད་བྱེད་རུས་ཆགས་པ། །

བད་ཀན་མཁྲིས་སྐྱེད་མིན་རླུང་སྐྱེད། །ལྕི་མངར་བད་ཀན་ཁུ་བ་འཕེལ། །བྲྀཀྵ་ཨམླ་རྩུབ་བཤང་སྲི། །ལྕི་ཚ་བད་ཀན་རླུང་དག་འཇོམས། །ཤ་མྱ་ཚ་ལྕི་སྐྲ་གནོད་རྩུབ། །པི་ལུའི་འབྲས་བུ་མཁྲིས་པ་སྐྱེད། །བད་ཀན་རླུང་ནད་སེལ་ཞིང་འཁྲུ། །མཆེར་པ་

གཞང་འབྲུམ་སྐྲན་སྲིན་སེལ། །པི་ལུ་མངར་ཞིང་ཁ་བ་གང་། །ཤིན་ཏུ་ཚ་མིན་ཉེས་གསུམ་འཇོམས། །བ་ལུ་ཤུན་ཁ་ཚ་ཞིང་སྣུམ། །རླུང་ནད་སེལ་བར་བྱེད་པ་ཡིན། །བ་ལུང་འབྲས་ཤས་རྟས་བྱེད་མངར། །རླུང་དང་མཁྲིས་པ་སེལ་ཞིང་ལྕི། །དེ་ཡིས་རྐང་ཡང་

Vol. 198 · folio 60a

སྐྱིགས་ལུད་པ། །དབུགས་མི་བདེ་དང་ཆང་ནད་སེལ། །ཁ་སྐམ་རླུང་དང་བད་ཀན་དང་། །རྟུག་སྲ་སྐྱུགས་བྲོ་ཡི་ག་འཆུས། །སྐྲན་དང་གཞང་འབྲུམ་གཟེར་ནད་དང་། །མེ་དྲོད་ཆུང་བ་ཉིད་སེལ་ཏོ། །ན་རང་ག་འབྲས་མངར་ཅུང་སྐྱུར། །

ཡི་གར་འོང་ཞིང་ཁ་ཟས་ལེན། །ལྕི་ཞིང་རླུང་ནི་རབ་སྐྱེད་པའི། །ཡོན་ཏན་ལྡན་པར་ཤེས་པར་བྱ། །བསེ་ཤིང་འབྲས་བུའི་ཤུན་པ་ཤ། །ཁོང་རྟས་བྱེད་ཅིང་མངར་ལ་བསིལ། །དེའི་རུས་མེ་མཉམ་ཡིད་གཞུངས་བྱེད། །བད་ཀན་རླུང་ནི་སེལ་བའི་མཆོག །ཀུ་ཤུ་རྣམ་

གཉིས་ལྕི་བ་སྟེ། །མངར་སྐྱུར་བསིལ་དང་ཚ་བ་ཡིན། །ཡི་ག་འབྱེ་ཞིང་མེ་རབ་འབྲི། །ཁམ་ཤ་ཡི་ག་འབྱེད་ཅིང་མངར། །སྨིན་པ་མྱུར་དུ་འཇུ་བར་འགྱུར། །ཤིན་ཏུ་ཚ་མིན་ལྕི་ཉེས་སྐྱེད། །རྒུན་འབྲུམ་པ་རུ་ཤ་ཀ་དང་། །ཀ་ར་མར་དང་བཙོས་རློན་སྐྱུར། །མཁྲིས་པ་

བད་ཀན་སྐྱེད་ཅིང་འཁྲུ། །ལྕི་ཞིང་ནུས་ཚ་རླུང་འཇོམས་སོ། །རྒྱ་ཤུག་སྐྱུར་ཐུང་ལི་གུ་ཚེ། །ཨ་མྲ་ཀ་ཏ་དེ་བཞིན་ནོ། །ཨེ་ར་བ་ཏི་ཏུ་ད་དང་། །མྲི་ཀ་ལིན་ད་ཛམ་བིར་བཅས། །སྨིན་དང་ཀ་ར་ཡར་ཏ་སྐམ། །མཁྲིས་པ་ཤིན་ཏུ་སྐྱེད་བྱེད་མིན། །ཨམླི་ཀ་དང་རྒྱ་

ཤུག་སྐྱུར། །སྐམ་པོ་དྲོད་སྐྱེད་འཁྲུ་བ་དང་། །སྐོམ་དང་ངལ་དང་རྨྱ་བ་སེལ། །ཡང་ཞིང་རླུང་དང་བད་ཀན་འཇོམས། །དེ་ལས་འབྲས་བུ་ཀུན་ཐ་ཆད། །ལི་གུ་ཙི་སྟེ་ནད་ཀུན་སློང་། །ཁ་བ་མེ་དང་རླུང་གནོད་ཉེན། །སྦྲུལ་གྱི་ཁ་ཆུ་སྩོགས་པས་ཕོག །སྲིན་

བུས་ཟོས་དང་ཆུ་ནང་ལྟུང་། །ས་ངན་དུས་མིན་སྐྱེས་པ་དང་། །འབྲུ་གཞན་འདྲེས་ཞིང་མཐུ་ཉམས་དང་། །ཤིན་ཏུ་རྙིང་འགྱུར་འབྲུ་སྤང་བྱ། །ཚོད་མའང་དེ་བཞིན་རྩུབ་པར་ནི། །གཡོས་པ་དག་དང་མི་སྙི་དང་། །རོ་ནི་སྨིན་པར་མ་གྱུར་དང་། །ལ་ཕུག་མ་གཏོགས་

སྐམ་པོ་དང་། །འབྲས་བུའང་ཕལ་ཆེར་དེ་བཞིན་ཏེ། །བིལ་བ་མ་གཏོགས་རློན་པ་སྤང་། །འབྲས་བུའི་སྡེ་ཚན་ནོ།། །།ལན་ཚྭ་ཀུན་ཀྱང་བད་ཀན་སྐྱེད། །ཕྲ་ཞིང་བཤང་གཅི་འབྱིན་ལ་འཇམ། །རླུང་འཇོམས་འཇུ་བྱེད་ཚ་ཞིང་རྣོ། །ཡི་ག་འབྱེ་ཞིང་བད་མཁྲིས་སྐྱེད། །

Vol. 198 · folio 60b

དེ་ལ་ལྕེ་མྱང་ཚ་མངར་བཅས། །རོ་ཙ་ཡིད་འོང་ཉེས་གསུམ་སེལ། །ཡང་ཞིང་ཚ་ལ་མིག་ལ་ཕན། །ཚ་བ་མི་སྐྱེད་མེ་དྲོད་སྐྱེད། །རྩལ་རུ་ཚ་ཡང་ཡིད་འོང་ཞིང་། །སྒྲེགས་པ་སྦྱོང་ཞིང་དྲི་ཞིམ་ལ། །ཞུ་རྗེས་ཚ་ཞིང་བཤང་སྲི་སེལ། །དྲོད་སྐྱེད་ཡི་ག་འབྱེད་བྱེད་ཡིན། །

ཁ་རུ་ཚ་ནི་སྟོད་བད་ཀན། །སྨད་ཀྱི་རླུང་འབྱིན་དྲོད་སྐྱེད་ལ། །བཤང་འགགས་ལྟོ་སྦོས་རྟུག་སྐམ་དང་། །གཟེར་ཟུག་ལུས་ལྕི་སེལ་བ་ཡིན། །རྒྱ་མཚོའི་ལན་ཚྭ་ཞུ་རྗེས་མངར། །ལྕི་ཞིང་བད་ཀན་རྣམ་འཕེལ་བྱེད། །བཀོད་མའི་ཚ་ནི་ཅུང་ཟད་ཁ། །ཚ་དང་བ་ཚ་རྣོ་བྱེད་

གཤེར། །ཁ་རུ་ཚ་ནག་ཡོན་ཏན་དྲི། །མ་གཏོགས་ཡོན་ཏན་བི་དར་མཚུངས། །མཚོ་ཚ་ཡང་སྟེ་ས་སྐམ་ཚ། །བད་ཀན་སྐྱེད་ཅིང་འཇུ་དཀའ་ལྕི། །ལན་ཚྭ་རྣམས་ཀྱི་སྦྱོར་བ་ལ། །རྒྱ་མཚོ་ལ་སོགས་རབ་ཏུ་སྦྱར། །ནས་ཚིག་འཁུས་པའི་ལན་ཚྭ་ནི། །སྐྲན་དང་

སྙིང་ནད་སྐྱ་རྦབ་དང་། །ཕོ་བ་མཆེར་པ་ལྐོག་ནད་དང་། །ལུད་པ་གཞང་འབྲུམ་དབུགས་མི་བདེ། །ལྟོ་སྦོས་བད་ཀན་སེལ་བ་ཡིན། །སྭ་རྫི་ཀ་སོགས་ཐལ་ཚ་ཀུན། །རབ་རྣོ་ཚ་ཞིང་སྲིན་སེལ་ཡང་། །ཁྲག་མཁྲིས་སྐྱེད་བྱེད་སྨིན་བྱེད་ལ། །གཅོད་ཅིང་མི་ཞིམ་རྣམ་

པར་འབྱེད། །ནས་ཚིག་འཁུས་ཚ་ཁ་བས་ན། །མདོག་མདངས་ཁུ་བ་སྐྲ་མིག་གནོད། །ཤིང་ཀུན་རླུང་དང་བད་ཀན་སེལ། །གཟེར་འཇོམས་མཁྲིས་པ་སྐྱེད་བྱེད་དེ། །ཞུ་རྗེས་རོ་ཚ་ཡི་ག་འབྱེད། །དྲོད་སྐྱེད་ཟས་འཇུ་ཡང་བ་ཡིན། །ཨ་རུ་ར་བསྐ་ཞུ་རྗེས་

མངར། །རྩུབ་ཅིང་ལན་ཚྭའི་རོ་མེད་ཡང་། །དྲོད་ཆེ་ཟས་འཇུ་ཡིད་གཞུངས་བྱེད། །ན་ཚོད་ལ་འཇོག་དམ་པ་ཡིན། །དྲོ་ཞིང་འཁྲུལ་ཚེ་ལ་ཕན། །བློ་དང་དབང་གསལ་སྟོབས་རབ་སྐྱེད། །མཛེ་དང་བཞིན་ལུས་མདོག་མི་སྡུག །སྐད་འགགས་རིམས་རྙིང་

མི་བཟད་རིམས། །གླད་པ་མིག་ནད་སྐྱ་རྦབ་དང་། །མིག་སེར་ཕོ་བའི་ནད་རྣམས་དང་། །སྐེམ་བཅས་འོར་དང་གཅིན་ནད་སེལ། །ཚད་འཁྲུ་རྨོངས་བག་མྱོས་སློན་སྲིན། །མཆིལ་མང་ལུད་པ་དབུགས་མི་བདེ། །གཞང་འབྲུམ་མཆེར་པ་ལྟོ་སྦོས་དུག། །

Vol. 198 · folio 61a

གསུམ་འཕེལ་རྒྱུན་འགགས་སྐྲན་དང་ནི། །ད་རྒན་ན་དང་ཡི་ག་འཆུས། །རླུང་དང་བད་ཀན་ལས་གྱུར་ནད། །དེ་དང་དེ་ནི་སེལ་བྱེད་ཡིན། །སྐྱུ་རུ་ར་ཡང་དེ་འདྲ་བསིལ། །རོ་སྐྱུར་བད་མཁྲིས་སེལ་དེ་ལས། །ཡོན་ཏན་ཅུང་དམན་བ་རུ་ར། །

ཞུ་རྗེས་ཚ་མངར་སྐྲ་མིག་ཕན། །འབྲས་བུ་གསུམ་པོ་འདི་དག་ནི། །བཅུད་ཀྱིས་ལེན་མཆོག་མིག་ནད་སེལ། །རྨ་འཚོ་པགས་ནད་རྨ་རེད་དང་། །ཚིལ་ཆེས་གཅིན་སྙི་བད་ཁྲག་སེལ། །ཤིང་ཚ་སུག་སྨེལ་བྷ་དྲ་གསུམ། །གེ་སར་བཅས་པ་དྲི་བཟང་བཞི། །ན་

ལེ་ཤམ་ནི་མཁྲིས་སྐྱེད་རྣོ། །རྩུབ་ཅིང་དྲོད་སྐྱེད་ཡི་ག་འབྱེད། །རོ་དང་ཞུ་རྗེས་དག་ཀྱང་ཚ། བད་ཀན་འཇོམས་ཤིང་ཡང་བ་ཡིན། །པི་པི་ལིང་རློན་བང་སྐྱེད་མངར། །བསིལ་ཞིང་ལྕི་ལ་སྣུམ་པ་ཡིན། །སྐམ་པོ་དེ་ལས་བཟློག་པ་ཡིན། །སྣུམ་ཞིང་རོ་ཙ་རོ་ཚ་ལ། །ཞུ་

རྗེས་མངར་ཞིང་བད་རླུང་དང་། །ལུད་པ་དབུགས་མི་བདེ་སེལ་འཁྲུ། །དེ་གཉིས་བཅུད་ལེན་མ་གཏོགས་པ། །གཞན་ལས་ཤས་ཆེར་སྦྱར་མི་བྱ། །དོང་གྲ་དྲོད་སྐྱེད་རོ་ཙ་དང་། །འཁྲུ་གཅོད་ཡིད་འོང་མཁྲེགས་པ་སེལ། །ཡི་ག་འབྱེ་ཡང་ཞུ་རྗེས་མངར། །ཁོང་སྣུམ་དྲོད་

ཆེ་བད་རླུང་སེལ། །སྒེའུ་གཤེར་དེ་འདྲ་དེ་དག་ནི། །ཚ་བ་གསུམ་སྟེ་ཤ་སྤོམ་དང་། །མེ་དྲོད་ཉམས་དང་དབུགས་མི་བདེ། །ལུད་པ་རྐང་བམ་ཆམ་པ་འཇོམས། །དབྱི་མོ་པི་པི་ལིང་རྩ་བ། །ནལ་ཤམ་ཡོན་ཏན་ཅུང་ཟད་ཆུང་། །ཙི་ཏྲ་ཀ་སྟོབས་མེ་དང་མཉམ། །

འོར་ནད་གཞང་འབྲུམ་སྲིན་མཛེ་སེལ། །འདི་རྣམས་ལས་ནི་ན་ལེ་ཤམ། །མ་གཏོགས་ཚ་བ་ལྔ་ཞེས་བཤད། །སྐྲན་ཆེན་དམུ་རྫིང་ལྟོ་སྦོས་དང་། །གཟེར་འཇོམས་དྲོད་ནི་སྐྱེད་པའི་མཆོག །བིལ་བ་ཀཤྨ་ཏར་ཀ་རི། །བ་ཏ་ལ་དང་དུན་དུ་ཀ །རྩ་ཆེན་ལྔ་པོ་

བསྐ་ཁ་དྲོ། །རླུང་དང་བད་ཀན་སེལ་བྱེད་ཡིན། །ཨང་ཤུ་མ་ཏི་པྲི་ཧ་ཏི། །གཉིས་གཉིས་གཟེ་རྩ་ཆུང་ལྔར་བཤད། །ཞུ་རྗེས་རོ་མངར་ཧ་ཅང་ནི། །བསིལ་དང་ཚ་མིན་ཉེས་ཀུན་སེལ། །བ་ལ་པུརྞ་ཨེ་རཎྜ། །སུ་པྱ་པརྞི་རྣམ་གཉིས་རྩ། །འབྲིང་ཡིན་བད་

Vol. 198 · folio 61b

ཀན་རླུང་འཇོམས་ཡིན། །ཤིན་ཏུ་མཁྲིས་པ་མི་སྐྱེད་འཁྲུ། །ཉེའུ་ཤིང་ཀ་ཀོ་ལ་འཚོ་བྱེད། །ཛི་བ་ཀ་དང་རི་ཤར་བཤད། །འཚོ་བྱེད་ཅེས་བྱ་མིག་ལ་ཕན། །རོ་ཙ་རླུང་དང་མཁྲིས་པ་སེལ། །འཇག་མ་ཀུ་ཤ་འབྲས་བུར་ཤིང་། །འདམ་རྩ་རྩར་བཤད་ལྔ་

མཁྲིས་སེལ། །གྲ་མ་གང་བུ་གཡོས་སྦྱར་ཟས། །ཤ་དང་ཚོད་མ་ཤིང་ཏོག་སྨན། །ཟས་ཆ་ཅུང་ཟད་ཚན་གདུས་འདི། །རྟག་ཏུ་དགོས་པ་ཡོད་པ་སྨྲ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་དྲུག་པའོ།། །།

དེ་ནས་ཁ་ཟས་བསྲུང་བའི་ལེའུ་བཤད་པར་བྱའོ། །རྒྱལ་པོའི་ཕོ་བྲང་ཉེ་འཁོར་དུ། །སྲོག་འཚོའི་སློབ་དཔོན་གཞག་པར་བྱ། །དེ་ལྟར་བྱས་པས་ཐམས་ཅད་དུ། །ཐམས་ཅད་ལས་ནི་བསྲུང་བར་འགྱུར། །ཁྱད་པར་དུ་ནི་ས་བདག་གི། །ཟས་སྐོམ་དུག་ལས་

བསྲུང་བར་བྱ། །ཆོས་ལ་སྩོགས་དང་གང་འབྲེལ་པའི། །འབྱོར་བ་དེ་དེ་ལ་རག་ལས་སོ། །འབྲས་ཆན་དུག་བཅས་གཤེར་བག་ཀྱང་། །སྐམ་བག་ཅན་ནི་འདྲ་བར་འགྱུར། །ཡུན་རིང་ཚོས་པར་གྱུར་པ་དང་། །ཚོས་པའང་ཞག་ལོན་ལྟ་བུར་འགྱུར། །རླངས་པ་རྨ་

བྱའི་མགྲིན་འདྲ་ཞིང་། །ཁོང་མྱོས་བརྒྱལ་དང་ལུས་རྔུལ་སྐྱེད། །དྲི་དང་མདོག་སྩོགས་ཉམས་པར་འགྱུར། །རུལ་ཞིང་རྨ་བྱའི་སྒྲོ་ལྟར་འཚེར། །ཚོད་མ་མྱུར་དུ་སྐམས་པ་དང་། །བསྐོལ་བའི་མདོག་ནི་གནག་འགྱུར་ཞིང་། །དེར་གཟུགས་ཆུང་བའམ་ཆེ་བའམ། །

མི་སྡུག་པའམ་མི་སྣང་འགྱུར། །དབུ་བ་སྟེང་འབྱུང་རི་མོ་མཚམས། །ཁ་ཆུ་འདྲ་དང་ཆུ་བུར་འབྱུང་། །བཏུང་བ་མངར་སྐྱུར་ཚོད་མ་དང་། །ཤ་དག་མཚམས་བྱེ་རོ་དང་བྲལ། །ཤ་ཁུའི་རི་མོ་སྔོར་སྣང་ཞིང་། །འོ་མ་ཟངས་མདོག་ཞོ་དྲི་མ། །

དར་བ་ལ་ནི་སེར་དང་གནག །མར་ཁུ་ཆུ་དང་འདྲ་བར་སྣང་། །ཆང་དང་ཆུ་རྣག་སྦྲང་རྩི་ལ། །ལྗང་སྣང་ཏིལ་མར་དག་ལ་དམར། །ཤིང་ཏོག་མ་སྨིན་སྨིན་པར་སྣང་། །སྨིན་པ་དག་ནི་ཡོངས་སུ་འདྲུལ། །ཁ་ཟས་རློན་དང་སྐམ་པ་དག །རྙིངས་ཤིང་མདོག་

Vol. 198 · folio 62a

ནི་ཉམས་པར་འགྱུར། །སྙི་བ་དང་ནི་སྲ་བ་དག །རེག་པ་གོ་ནི་བཟློག་པར་འགྱུར། །མེ་ཏོག་ཕྲེང་རྩེ་ལོ་མ་གས། །རྙིང་ཅིང་དྲི་ནི་མི་ཞིམ་འགྱུར། །གོས་ལ་ནག་པོ་ཏལ་ཏིལ་དང་། །སྤུ་རྣམས་འཐུལ་ཞིང་ཁ་ཚར་འཆད། །གསེར་

དངུལ་མུ་ཏིག་ཤིང་དང་རྡོ། །རིན་ཆེན་སྩོགས་ལ་དྲི་མ་ཆགས། །གཟི་མདངས་རེག་པ་འོད་ཉམས་འགྱུར། །ས་ཡི་སྣོད་ནི་མདོག་བཅས་བྱེད། །དུག་སྟེར་ཁ་ནི་སྔོ་བསྐམས་ལ། །གནོང་བག་གིས་ནི་ཕྱོགས་སུ་བལྟ། །རྔུལ་ཞིང་འདར་ལ་སྐྲག་པ་དང་། །འཇིགས་

ཤིང་འགྲོས་འཁྱོར་གླལ་བར་འགྱུར། །དུག་ལྡན་ཟས་ནི་མེས་བསྲེགས་ན། །མེ་ལྕེ་གཅིག་འཁྱིལ་མེ་སྟག་རྒལ། །དུ་བ་རྨ་བྱའི་མགྲིན་འདྲར་འགྱུར། །མེ་ལྕེ་མི་འབར་འབར་ཡང་མནན། །སྦྲང་མས་ཟོས་ན་འཆི་བར་འགྱུར། །བྱ་རོག་གིས་ཟོས་སྐད་ཞན་འགྱུར། །

འདི་ནི་ནེ་ཙོ་ད་རུ་ཧ། །རི་སྐེགས་ཀྱིས་མཐོང་ཅ་ཅོ་འབྱིན། །ངང་པས་ཟོས་ན་རྡེག་འཆོས་ལ། །ཤང་ཤང་ཏེའུ་ན་བར་འགྱུར། །སྲེག་པ་མིག་ནི་མི་ཆགས་བྱེད། །ཁྲུང་ཁྲུང་དག་ནི་འཛུར་བར་འགྱུར། །ཕུག་རོན་ཁུ་བྱུག་བྱ་གག་དང་། །ངུར་བས་ཟོས་ན་འཆི་བར་འགྱུར། །

བྱི་ལ་སྐྱོ་ཞིང་འདོར་བར་འགྱུར། །སྤྲེའུ་མི་གཙང་འདོར་བར་བྱེད། །རྨ་བྱས་དེ་མཐོང་དགའ་བར་བྱེད། །དུག་གི་དབལ་ནི་ཉམས་པར་འགྱུར། །དེ་ལྟར་ཟས་ནི་དུག་ལྡན་པར། །ཤེས་ཤིང་ཅི་ནས་དེ་ཡི་ནི། །སྲོག་ཆགས་ཕྲ་མོ་ཡན་ཆད་ལ། །གནོད་པར་འགྱུར་བས་

འབད་དེ་དོར། །རེག་ན་ཚ་ཞིང་གཡའ་ལན། །རིམས་འདེབས་འབྲུམ་འབྱུང་ཚོར་བ་ཆུང་། །སེན་མོ་སྤུ་འབྱུང་ལུས་སྐྲངས་ཏེ། །དེ་ལ་དུག་ནི་རྣམ་འཇིག་པའི། །ཙནྡན་ཤུག་པ་པུ་ཤེལ་ཙི། །སོ་མའི་ཤུན་བཅས་བལ་བུའི་འདབ། །རུ་རྟ་སླེ་ཏྲེས་ཨ་ཀ་རུའི། །

ཆུས་བཀྲུས་བླུགས་ཤིང་བསྐུ་བར་བྱ། །ཁར་ཆུད་ན་ནི་མཆིལ་སྣབས་མང་། །ལྕེ་མཆུ་སྦྲིད་ཅིང་བེམ་པོར་བྱེད། །ལུས་ཚན་ཞིང་སོ་བརྩེ་ལ། །རོ་མི་ཚོར་ཞིང་འགྲམ་སོ་འཐམས། །དེ་ལ་དུག་ཀུན་འཇོམས་སྨན་དང་། །ཨུར་ཤི་སྩོགས་ཁུས་མཁུར་བཀང་

Vol. 198 · folio 62b

དབོ། །མ་ཞུའི་གནས་འབབ་རྡུལ་བ་དང་། །བརྒྱལ་ཞིང་ལྟོ་སྦོས་མྱོས་མགོ་འཁོར། །བ་སྤུ་ལྡང་ཞིང་སྐྱུག་ལུས་ཚ། །མིག་མི་གསལ་ཞིང་སྙིང་མི་དྲན། །ཡན་ལག་ཐིག་ལེས་ཁྱབ་པར་འགྱུར། །ཞུ་བའི་གནས་སུ་ཕྱིན་ན་ཡང་། །ཁ་དོག་སྣ་ཚོགས་སྐྱུག་པ་

དང་། །གཅིན་མངར་རབ་ཏུ་འཁྲུ་བར་འགྱུར། །རྨྱ་སྙོམ་སྐེམ་ཞིང་མདོག་སྐྱ་ལ། །གསུས་པ་ཆེ་ཞིང་ཉམས་སྟོབས་ཟད། །དེ་གཉིས་སློན་དང་ཁྲུས་བྱས་ནས། །སེར་གཉིས་བུ་རམ་གིར་ཀར་ནི། །སནྡུ་བ་རི་ནིས་པ་བ། །བ་ཤི་ཀ་དང་ཚིགས་བརྒྱ་པ། །ཏན་དུ་

ལི་ཡའི་རྩ་བ་དང་། །བྱ་གག་སྒོ་ང་བལ་ཀུ་ཟ། །སྣར་གཏང་མིག་སྨན་བླུད་བྱ་བ། །དུག་ཞིའི་ཕྱིར་ནི་སྦྱར་བར་བྱ། །དུག་འཐུངས་པ་དག་སྟེང་དང་ནི། །དེ་བཞིན་འོག་ནི་སྦྱངས་གྱུར་ནས། །དུས་སུ་ཟངས་བཟང་བདར་ཕྱེ་མ། །སྦྲང་རྩིར་བཅས་པ་སྙིང་སྦྱོང་སྦྱིན། །

སྙིང་ནད་སྦྱངས་ནས་གསེར་ཕྱེ་ནི། །ཞིབ་མོ་ཞོ་ཕྱེད་སྦྱིན་བྱས་ན། །པདྨའི་འདབ་མར་ཆུ་བཞིན་དུ། །གསེར་གྱིས་ཡན་ལག་ལ་མི་ཆགས། །ཚེ་ཡང་རིང་དུ་འཕེལ་བར་འགྱུར། །སྦྱར་དུག་ལ་ཡང་ཆོ་ག་འདིའོ། །ཁ་ཟས་དག་ཀྱང་མི་མཐུན་ཟོས། །སྦྱར་དུག་

འདྲ་བར་ཤེས་པར་བྱ། །རླན་ཅན་ཤ་དང་མོན་སྲན་གྲེའུ། །སྦྲང་རྩི་འོ་མ་མྱུ་གུ་ཅན། །པདྨའི་རྩ་བ་ལ་ཕུག་གམ། །བུ་རམ་དང་བཅས་མི་འཕྲོད་ཡིན། །ཁྱད་པར་དུ་ནི་འོ་མ་ཉ། །ཉ་རྣམས་ལས་ཀྱང་ཙི་ལི་ཙིམ། །འོ་མ་ལྷན་ཅིག་སྐྱུར་ཀུན་ནི། །མི་འཕྲོད་

ཤིང་ཏོག་དེ་བཞིན་ནོ། །དེ་བཞིན་རྒྱ་སྲན་ཁྲེ་དག་དང་། །བ་ལ་ཀུ་མུ་ཏ་མི་འཕྲོད། །ལ་ཕུག་ལ་སྩོགས་སྔོ་རྔད་ནི། །ཟོས་ནས་འོ་མ་སྤང་བར་བྱ། །ཕག་རྒོད་བྱི་དུར་ཤ་མི་བཟའ། །ཁྱིམ་བྱ་བྲི་ཤ་ཏ་ཞོར་མིན། །ཤ་རློན་མཁྲིས་པ་དག་དང་ནི། །ལ་

ཕུག་མ་ཤའི་ཚོད་མར་མིན། །ལེ་བརྒན་ཙི་ཚོད་ལུག་ཤར་མིན། །མྱུ་གུའི་ཚོད་མ་པད་རྩར་མིན། །མ་ཤའི་སྲན་ཚོད་བུ་རམ་ཞོ། །མར་འོ་ལི་གུ་རྩེའི་འབྲས་མིན། །ཆུ་ཤིང་འབྲས་བུ་དར་བར་མིན། །ཏ་ལའི་འབྲས་བུ་ཞོར་མི་འཕྲོད། །ཚབ་གཉིས་

Vol. 198 · folio 63a

པོ་བུ་རམ་དང་། །སྦྲང་རྩི་ཀ་ཀམ་ཙིར་མིན། །དེ་ནི་ཉ་བཙོས་པའི་སྣོད་དང་། །དོང་གྲ་བཙོས་བར་གཡོས་པ་མིན། །ཀ་མ་ཏ་ནི་སྣོད་གཞན་དུ། །བཙོས་ནས་ཉིན་མཚན་ལོན་མི་བཟའ། །ཉ་བརྔོས་པ་ཡི་སྣུམ་ལ་ནི། །པི་པི་ལིང་བརྔོས་

སྤང་བར་བྱ། །མར་སར་ཁར་སྣོད་ཞག་བཅུ་ལོན། །གོ་བྱེའི་འབྲས་བུ་དྲོར་མི་བཟའ། །བ་ས་བསྲེགས་ཤར་མི་འཕྲོད་ཅིང་། །དར་བར་ཀམ་པི་ལ་བཙོས་མིན། །འོ་ཐུག་དང་ནི་ཀྲི་སར། །ཆང་དང་ལྷན་ཅིག་མི་འཕྲོད་སྤང་། །སྦྲང་རྩིར་མར་སར་ཞག་ཏིལ་མར། །ཆུ་

རྣམས་གཉིས་གཉིས་གསུམ་གསུམ་མམ། །ཆ་མཉམ་ལྷན་ཅིག་ཟོས་པ་དག །ཕན་ཚུན་དག་ནི་མི་མཐུན་ནོ། །མར་སྦྲང་ཆ་ནི་མི་མཉམ་ཡང་། །ཆར་པའི་ཆུ་ནི་འཐུངས་ན་གནོད། །སྦྲང་རྩི་པདྨའི་ས་བོན་དང་། །སྦྲང་རྩི་འབྲུ་ཆང་ཁ་རར་མིན། །འོ་ཐུག་རྗེས་ལ་སྐྱོ་མར་མིན། །

ཤ་མོ་ཡུངས་མར་བརྔོས་མི་འཕྲོད། །ཨུ་པོ་ཏ་ཀ་ཏིལ་ཚིགས་ལ། །བཙོས་པ་འཁྲུ་བར་བྱེད་པ་ཡིན། །བྱ་གག་ཤ་ནི་ཆང་དངས་དང་། །ཀུལ་མ་ཤ་ཡི་ཐུག་མི་འཕྲོད། །དེ་ཉིད་ཕག་རྒོད་ཚིལ་ལ་བརྔོས། །སྲོག་ནི་འཕྲལ་དུ་འཇོམས་པར་བྱེད། །དེ་བཞིན་སྲེག་པ་རྨ་བྱ་

དང་། །ལ་བ་ཀ་པིན་ཛ་ལ་སྲམ། །ཨེ་རཎྜ་ཡི་མེ་ལ་ནི། །ཨེ་རཎྜ་མར་བརྡོས་མི་འཕྲོད། །ཧ་རིད་ཏྲ་ཤ་སྐྱེར་པ་ཡི། །ཐུར་མ་དག་ལ་བསྐྱོན་ནས་ནི། །སྐྱེར་པའི་མེ་ལ་བསྲེགས་གྱུར་པ། །འཕྲལ་དུ་སྲོག་ནི་འཇོམས་པར་བྱེད། །དེ་ཉིད་ཐལ་བརྡུལ་གྱིས་གོས། །སྦྲང་

རྩིར་བཅས་པ་འཕྲོད་མ་ཡིན། །གང་ཡང་ཉེས་པ་མ་སྦྱངས་པ། །མདོར་ན་དེ་ནི་མི་འཕྲོད་ཡིན། །ཉེས་འདི་སྦྱང་བར་འདོད་པའམ། །ཡང་ན་དེ་དང་མི་མཐུན་པའི། །རྫས་དེ་ཉིད་ཀྱིས་དང་པོ་ནི། །ལུས་ནི་མངོན་པར་སྦྱང་བར་བྱ། །རྩོལ་ཅན་སྣུམ་བསྟེན་དྲོད་ཆེ་དང་། །དར་

ལ་བབ་ཅིང་ཉམས་སྟོབས་ལྡན། །གོམས་པར་ཟོས་དང་ཅུང་ཟད་ཟོས། །མི་འཕྲོད་གྱུར་ཀྱང་གནོད་མི་འགྱུར། །མི་འཕྲོད་ཆ་ཡིས་གོམས་བྱའམ། །ཆ་ཡིས་ཆ་ཡིས་ཡོངས་སུ་སྤང་། །ཕན་པའང་དེ་བཞིན་བསྟེན་བྱ་སྟེ། །འདི་དག་གཉིས་གསུམ་གྱིས་

Vol. 198 · folio 63b

ཆོད་བྱ། །སྐྱོན་ནི་རིམ་གྱིས་འགྲིབ་པ་དང་། །ཡོན་ཏན་རིམ་གྱིས་འཕེལ་འགྱུར་ན། །སླར་སྐྱེ་བར་ནི་མི་འགྱུར་ཞིང་། །གཡོ་བ་མེད་པ་དག་ཏུ་འགྱུར། །མི་འཕྲོད་པ་ཡང་སྤངས་གྱུར་ཞིང་། །འཕྲོད་པ་གོམས་པར་གྱུར་པ་ཉིད། །འཕྲལ་དུ་སྤངས་དང་མ་བསྟེན་ལས། །

ཉེས་པ་རྣམས་ནི་འབྱུང་བར་འགྱུར། །གནོད་པ་གནོད་བྱའི་བདག་ཉིད་ཅན། །ཤིན་ཏུ་ཉེས་པར་གྱུར་པ་ལ། །ཕན་མེད་གནོད་པར་བྱེད་པ་ནི། །མཁས་པས་ཕྱིར་ཞིང་བྱ་མི་རིགས། །ཟས་དང་མལ་སྟན་འདོད་ལ་སྤྱོད། །རན་ཞིང་རིགས་པར་སྦྱར་བ་ཡིས། །ཁང་ཁྱིམ་

འཆོས་པ་ལྟ་བུར་ནི། །རྟག་ཏུ་ལུས་ནི་གཟུང་བར་བྱ། །དེ་ལ་ཟས་ནི་བཤད་ཟིན་ཞིང་། །དེ་དང་དེར་ནི་བཤད་པར་བྱ། །བདེ་སྡུག་སྦོམ་སྐེམ་སྟོབས་ཆེ་ཆུང་། །བུད་མེད་ལ་ཕོད་མི་ཕོད་དང་། །ཤེས་དང་མི་ཤེས་འཚོ་དང་འཆི། །གཉིད་ལ་རག་ནི་ལུས་པ་ཡིན། །

དུས་མིན་ཧ་ཅང་ཐལ་ཆེས་དང་། །གཉིད་ནི་ཀུན་ཏུ་འགེགས་པ་དག །བདེ་དང་ཚེ་ནི་ཉམས་བྱེད་དེ། །དུས་མཚན་གཉིས་པ་ལྟ་བུ་ཡིན། །མཚན་མོ་གཉིད་ནི་མ་ལོག་རྩུབ། །ཉིན་མོ་གཉིད་ལོག་སྣུམ་ལྕིར་འགྱུར། །ཙོག་པུར་འདུག་སྟེ་ཡུར་བདག །མིག་

རྩུབ་བད་ཀན་མེད་པར་འགྱུར། །སོ་ག་རླུང་འཕེལ་སྟོབས་འཕྲོག་དུས། །རྩུབ་ཅིང་མཚན་མོ་ཐུང་བས་ན། །ཉིན་པར་གཉིད་ཕན་གཞན་དག་ཏུ། །དེ་ནི་བད་ཀན་མཁྲིས་པ་སྐྱེད། །སྨྲ་མང་བཞོན་དང་ལམ་གྱིས་དུབ། །ར་རོ་བུད་མེད་བསྟེན་ཁུར་ལས། །

ཁྲོས་དང་མྱ་ངན་འཇིགས་པས་དུབ། །སྐྱིགས་བུ་དབུགས་མི་བདེ་ཚད་འཁྲུ། །རྒན་དང་བྱིས་པ་ཉམས་སྟོབས་ཟད། །གློ་རྡོལ་སྐེམ་དང་གཟེར་གྱིས་གནོད། །ཟས་མ་ཞུ་དང་བཅོམ་དང་སྨྱོ། །ཉིན་པར་གཉིད་ལོག་རིགས་མ་གཏོགས། །འདི་དག་དེ་བཞིན་

ལུས་ཟུངས་སྙོམས། །བད་ཀན་སྐྱེས་ཤིང་ལུས་བརྟས་གྱུར། །ཚིལ་ཆེ་བད་ཀན་མང་དང་སྣུམ། །རྟག་ཟ་ཉིན་པར་གཉིད་མ་ལོག །དུག་གིས་ཕོག་དང་ལྐོག་ནད་ཅན། །མཚན་མོ་ནམ་ཡང་གཉིད་མ་ལོག །དུས་མིན་གཉིད་ལོག་རྨོངས་བག་དང་། །རིམས་

Vol. 198 · folio 64a

སྐྱེད་རྨུགས་ཤིང་ཆམ་པས་འདེབས། །མགོ་ན་སྐྲང་ཞིང་སློན་སྒྱིད་སྐྱུར། །རྩ་ཡི་རྒྱུན་འགགས་མེ་དྲོད་ཉམས། །དེ་ལ་བསྙུང་དང་སློན་སྨན་དང་། །རྔུལ་འབྱུང་སྣ་སྨན་བཏང་བ་དང་། །གཉིད་ཆེས་གྱུར་ལ་སྐྱུག་སྨན་རྣོ། །མིག་སྨན་རྣོ་དང་སྣ་སྨན་

དང་། །སྨྱུང་བ་སེལ་ལས་བུད་མེད་བསྟེན། །མྱ་ངན་འཇིགས་དང་ཁྲོས་བ་སྦྱར། །འདི་དག་ཉིད་ཀྱིས་གཉིད་དྲགས་པ། །འཇིག་ཅིང་བད་ཀན་རབ་ཟད་བྱེད། །གཉིད་ཡར་བ་ཡིས་ཡན་ལག་སྙོམས། །ཀླད་པ་ལྕི་ཞིང་གླལ་འོང་ལ། །མི་གསལ་ན་ཞིང་མགོ་འཁོར་

ལ། །ཟས་མི་འཇུ་རྨྱ་རླུང་སྐྱེད་ནད། །དེ་བས་མཚན་མོ་དུས་བཞིན་དུ། །ཅི་བདེར་གཉིད་ནི་ལོག་པར་བྱ། །མ་གོམས་གཉིད་ཀྱིས་མ་ལོག་ན། །ནང་པར་མ་ཟོས་ཕྱེད་གཉིད་ལོག །གཉིད་ཡར་གྱུར་ན་འོ་མ་དང་། །ཆང་དང་ཤ་ཁུ་ཞོ་རྣམས་བཏུང་། །ལུས་བསྐུ་

དྲིལ་དང་ཁྲུས་བྱ་ཞིང་། །མགོ་བསྐུ་རྣ་བ་མིག་དག་བྱ། །ན་ཆུང་ལག་ངར་གྱིས་འཁྱུད་དང་། །སེམས་བདེ་བྱ་བ་ཟིན་པ་དང་། །ཡིད་དང་རྗེས་མཐུན་ཡུལ་ལྡན་པ། །ཅི་འདོད་གཉིད་འོང་བདེ་བར་སྐྱེད། །ཉལ་པོའི་བདེ་ལ་སེམས་མ་ཆགས། །ཚངས་པར་སྤྱོད་པ་ལ་

དགའ་བ། །ཆོག་ཤེས་པ་ཡིས་མགུ་བའི་གཉིད། །རང་གི་དུས་ལས་འདའ་མི་བྱེད། །ཉལ་པོའི་ཆོས་ནི་སྤང་བྱ་བ། །བཀན་མིན་ཟླ་མཚན་ལྡན་པ་དང་། །ཡིད་དུ་མི་འོང་མི་སྡུག་སྤྱོད། །མངལ་ནི་སྐྱོན་གྱིས་ཁྱབ་པ་དང་། །རབ་སྦོམ་སྐེམ་དང་བཙས་པ་དང་།

སྦྲུམ་མ་གཞན་གྱི་བུད་མེད་དང་། །རིགས་གཞན་སྐྱེ་གནས་མི་མཐུན་དང་། །བླ་མ་ལྷ་དང་རྒྱལ་པོའི་གནས། །མཆོད་རྟེན་དུར་ཁྲོད་གསོད་གནས་དང་། །བསྟི་ས་ལམ་གྱི་བཞི་མདོ་ཆུ། །དུས་ཚིགས་ཉིན་མོ་ཡན་ལག་མིན། །སྙིང་ག་མགོ་བོར་བརྡེག་སྤང་བྱ། །

འགྲངས་ཆེས་ལྟོགས་དང་སྟན་བྲལ་དང་། །ཡན་ལག་མི་བདེར་གནས་དང་སྐོམ། །བྱིས་པ་རྒན་དང་ཤུགས་གཞན་ཉེན། །ནད་པ་ཡིས་ཀྱང་འཁྲིག་པ་སྤང་། །དགུན་དུས་རོ་ཙ་བྱས་དྲགས་ཚེ། །འདོད་པས་འདོད་པ་བསྟེན་བར་བྱ། །དཔྱིད་སྟོན་ཞག་ནི་གཉིས་

Vol. 198 · folio 64b

གཉིས་ནས། །སོ་ག་དབྱར་ཚེ་ཟླ་ཕྱེད་ཅིང་། །གཞན་དུ་བུད་མེད་ལ་ཞུགས་ན། །མགོ་འཁོར་ངལ་དང་བླ་མཐུ་ཉམས། །སྟོབས་དང་ལུས་ཟུངས་དབང་པོ་ཉམས། །དུས་མིན་འཆི་བར་བྱེད་པ་ཡིན། །བུད་མེད་དག་ལ་ལེགས་གདམས་ན། །དྲན་དང་ཡིད་གཞུངས་ནད་

མེད་ཚེ། །དབང་པོ་རྟས་ཤིང་གྲགས་སྟོབས་རྣམས། །ལྷག་པར་འཕེལ་ཞིང་རྒས་སྲར་འགྱུར། །ཁྲུས་དང་བྱུག་པ་རླུང་བསིལ་ཁར་ལ་སོགས་བཟའ། །ཆུ་བསིལ་འོ་མ་ཤ་ཁུ་སྲན་ཚོད་ཆང་དངས་འཐུངས། །ཉལ་པོ་དགའ་བྱས་འོད་ད་དང་བྲལ་གྱུར་རྗེས་ལ་བསྟེན། །

དེ་འདྲས་དེ་ཡི་ལུས་མདངས་སྟོབས་སླར་སྐྱེ་བར་འགྱུར། །སྨན་པ་ཐོས་སྤྱོད་ཕུན་ཚོགས་ལྡན་ཞིང་ལས་མཁས་སྙིང་རྗེ་ཅན། །གགས་དང་གནོད་མེད་ལུས་སྲུང་བྱེད་པ་ཉེ་བར་བཞག་བྱས་ནས། །རྒྱལ་པོ་རང་གི་དགེ་བའི་འབྲས་བུའི་ལོངས་སྤྱོད་བདེར་སྤྱོད་ཅིང་། །ནད་མེད་

མཐུ་དང་གཟི་བརྗིད་གྲགས་པ་ཡུན་རིང་འཕེལ་བར་འགྱུར། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་བདུན་པའོ།། །།དེ་ནས་ཁ་ཟས་ཀྱི་ཚོད་རན་པར་བཟའ་བའི་ལེའུ་བཤད་པར་བྱའོ། །དུས་ཀུན་དུ་ནི་ཚོད་ཟིན་བཟའ། །དེ་ནི་

མེ་དྲོད་སྐྱེད་བྱེད་ཡིན། །རྫས་ནི་ལྕི་བའམ་ཡང་བའང་རུང་། །ཆད་ལ་ལྟོས་པར་བྱ་བ་ཡིན། །ལྕི་བ་ལས་ནི་ཕྱེད་འགྲངས་བྱ། །ཡང་བ་ལས་ནི་རབ་འགྲངས་མིན། །བདེ་བླག་འཇུ་བ་དེ་ཙམ་ལ། །ཚོད་ཟིན་ཞེས་ནི་བཤད་པ་ཡིན། །ཟས་ཚོད་མ་ཟིན་ཆུང་གྱུར་

ན། །སྟོབས་དང་གཟི་མདངས་འཕེལ་མི་འགྱུར། །རླུང་གི་ནད་ནི་ཐམས་ཅད་ཀྱི། །རྒྱུ་ཉིད་དུ་ནི་འགྱུར་བ་ཡིན། །ཚད་ལས་ཤིན་ཏུ་ཆེས་བ་ཡང་། །ཉེས་པ་ཐམས་ཅད་མྱུར་དུ་སྐྱེད། །མ་ཞུའི་ཟས་ནི་མི་བཟད་པ། །དེ་ཡིས་རླུང་སྩོགས་གཟིར་གྱུར་པས། །

ཅིག་ཅར་རྣམ་པར་འཁྲུགས་འགྱུར་ཞིང་། །དེ་ཉིད་དུ་ནི་ཞུགས་གྱུར་ནས། །རྩ་སྒོ་འགགས་ཤིང་བེ་སྣབས་སྐྱེད། །སྟེང་དང་འོག་གི་ལམ་དག་ཏུ། །བསྐྱོད་པས་གསུད་ཅིང་ཟུག་བྱེད་པ། །བརྐམ་ཆགས་ཅན་ལ་འཕྲལ་སྐྱེད་བྱེད། །དེ་ལས་རླུང་ལས་གཟེར་མགོ་

Vol. 198 · folio 65a

འཁོར། །ཁོང་སྦོས་འདར་ཞིང་རེངས་སྩོགས་འགྱུར། །མཁྲིས་པ་ལས་ནི་འཁྲུ་རིམས་འདེབས། །ཁོང་ཚ་སྐོམ་ཞིང་ཁ་སྩོགས་འགྱུར། །བད་ཀན་སློན་ཞིང་ཡན་ལག་ལྕི། །ཚིགས་ཐོག་མཆིལ་མ་མང་བར་འགྱུར། །ཁྱད་པར་དུ་ནི་

ཉམ་ཆུང་ཞིང་། །མེ་དྲོད་ཞན་དང་ཤུགས་བཀག་པའི། །ཟས་ནི་རླུང་གིས་བཀག་པ་དང་། །བད་ཀན་གྱིས་ནི་བར་བཀག་པའི། །ཉེས་པ་བེའུ་སྣབས་དཀྲུགས་པས་ན། །ཟུག་རྔུ་ཟུག་པ་ལྟ་བུར་གནས། །འཁྲུ་དང་སློན་པར་མི་བྱེད་པར། །གཟེར་ལ་སོགས་པ་

མི་བཟད་པ། །བེའུ་སྣབས་དེ་ཡིན་ཉེས་རབ་གདུག །བེ་སྣབས་མི་བཟད་ཀྱིས་སྦུབས་བཀག །རྩིབ་ལོགས་ཀུན་ཏུ་དྲང་པོར་འགྲོ། །ཤིང་བཞིན་རེངས་པར་འགྱུར་ན་ནི། །མ་ཞུ་ཤིང་འདྲ་ཞེས་བྱ་སྟེ། །མྱུར་དུ་གསོད་བྱེད་དེ་སྤང་བྱ། །མི་འཕྲོད་ལྷག་ཟ་མ་ཞུ་བར། །

ཟད་བྱེད་མ་ཞུ་དུག་གི་ནི། །མཚན་ཉིད་ཅན་དེ་མི་བཟད་པ། །དུག་གི་མིང་ཅན་གང་ཡིན་ཏེ། །དུག་གི་ཚུལ་ཅན་མྱུར་གསོད་བྱེད། །གསོ་དཔྱད་བྱ་བར་དཀའ་བས་སྤང་། །དེ་ནས་མ་ཞུའི་བེའུ་སྣབས་འགྱུར། །གསོར་རུང་ཤུ་དག་རྒྱམ་ཚ་དང་། །པོ་སོན་ཆ་བཅུག་ཆུ་

དྲོན་ནི། །འཐུང་བས་སྐྱུགས་བཅུག་དེ་ནས་ན། །དུག་དང་མས་གཏོང་རིང་བུ་དག །དྲི་མ་རླུང་དག་ལེགས་རྒྱུ་སྦྱར། །ཡན་ལག་འཁུམས་པར་གྱུར་པ་ལ། །ཤིན་ཏུ་དུགས་བྱ་དཀྲི་བར་བྱ། །གསུད་ནད་ཤིན་ཏུ་འཕེལ་བ་དང་། །རྟིང་པར་མེ་བཙའ་གདབ་པ་

བསྔགས། །དེ་ནི་དེའི་ཉིན་ནི་སྨྱུང་པར་གཞག །ཁྲུས་བཏང་ལྟ་བུར་ཉེ་བར་སྤྱད། །མ་ཞུ་མི་བཟད་ཉེན་གྱུར་ཀྱང་། །གཟེར་འཇོམས་སྨན་ནི་བཏུང་མི་བྱ། །བེའུ་སྣབས་མ་ཞུ་མེ་དྲོད་ཉམས། །ནད་ཀྱི་སྨན་ནི་འཇུ་མི་ནུས། །དེ་ཡིས་ནད་པ་འཕྲལ་དུ་ནི། །

ཐུང་ཞིང་འཆི་བ་དག་ཏུ་འང་འགྱུར། །ཁ་ཟས་ཞུ་ནས་ལྟོ་བ་ནི། །རྩུབ་སྲར་གྱུར་ལ་སྨན་དག་ཀྱང་། །ཉེས་པའི་ལྷག་མ་སྦྱང་ཕྱིར་དང་། །ཕོ་བའི་མེ་ནི་བསྐྱེད་ཕྱིར་གཏང་། །མ་ཞུའི་འགྱུར་བ་ཞི་བ་དག །ཉམས་སྨད་པར་ནི་བྱས་ལས་གྱུར། །དེ་གསུམ་ཉེས་པ་

Vol. 198 · folio 65b

རྣམ་གསུམ་ནི། །བརྟགས་ནས་རབ་ཏུ་སྦྱར་བར་བྱ། །དེ་ལ་ཆུང་ལ་སྨྱུང་བ་ཕན། །འབྲིང་ལ་སྨྱུང་དང་བཞུ་བྱ་བ། །ཆེན་པོ་ལ་ནི་སྦྱང་བ་སྟེ། །དེ་ཡིས་དྲི་མ་རྩ་ནས་འབྱིན། །དེ་བཞིན་ནད་གཞན་དག་ལ་ཡང་། །རང་ནད་གཞི་ལས་གོ་བཟློག་པས། །གསོ་བ་

དེ་ལས་རྗེས་འབྲེལ་ཡོད། །རྒྱུ་ལས་གོ་བཟློག་རྣམ་སྤང་བ། །སྨན་པས་ཇི་ལྟ་ཇི་ལྟ་བར། །ནད་ལས་གོ་བཟློག་སྦྱར་བའམ། །དེའི་དོན་བྱེད་པ་སྦྱོར་བར་བྱ། །ཉེས་སྨིན་མེ་དྲོད་སྐྱེད་འགྱུར་ནས། །ཉམས་རྟས་སྣུམ་གྱིས་བྱུག་པ་དང་། །བཏུང་དང་འཇམ་རྩི་སྩོགས་རིགས་

སྦྱར། །བད་ཀན་མ་ཞུའི་བེ་སྣབས་ཏེ། །དེ་ནི་མིག་དང་མཁུར་བ་སྐྲང་། །སྒྲེགས་པ་ཟོས་མ་ཐག་འདྲ་འབྱུང་། །མཆིལ་མ་མང་ཞིང་ཉེས་གཡོ་ལྕི། །རླུང་ལས་རེངས་བག་གཟེར་བ་དང་། །བཤང་གཅི་འགགས་ཤིང་སྦོས་དྲོད་ཉམས། །མཁྲིས་ལས་ཁོང་ཚ་སྐོམ་མགོ་

འཁོར། །རྨོངས་བག་སྒྲེགས་པ་སྐྱུར་ཞིང་ཚ། །མ་ཞུ་བེེ་སྣབས་སྨྱུང་བར་བྱ། །རེངས་བག་ལས་ནི་དུགས་རབ་བྱ། །ཚ་བའི་མ་ཞུ་སྐྱུག་སྨན་དག །བཏང་བའམ་གནས་སྐབས་གང་ཕན་བྱ། །མ་ཞུའི་བེ་སྣབས་ལྕི་བ་ན། །རྩ་སྦུབས་ཐིམ་ལས་ཡུན་རིངས་ཅན། །

བད་ཀན་རླུང་ནི་འདྲེས་མཚན་མ། །དེ་དང་མཉམ་པར་བསྒྲུབ་པར་བྱ། །དངས་མ་ལུས་ལས་ཟས་དད་ཆུང་། །སྙིང་ན་སྒྲེགས་པ་མནམ་པར་འགྱུར། །འདི་ལ་ཅུང་ཟད་གཉིད་ལོག་བྱ། །མ་ཞུ་ཀུན་གྱིས་ཉིན་པར་ནི། །ཟས་མ་ཟོས་པར་གཉིད་ལོག་ལ། །བཀྲེས་

གྱུར་ཡང་ལས་རན་པར་བཟའ། །མ་ཞུ་སྤྱི་ཡི་མཚན་མ་ནི། །རྣམ་པར་འགགས་སམ་ཤས་ཆེར་འབྱུང་། །ན་ཞིང་རླུང་ནི་མི་གསལ་རྒྱུ། །མཁྲེགས་ཤིང་ལུས་ལྕི་མགོ་བོ་འཁོར། །ཟས་ཚོད་ལྷག་པར་གྱུར་པ་ཉིད། །གཅིག་བུ་མ་ཞུམ་ཟད་ཀྱི། །མི་འདོད་

གགས་བྱེད་ཚིག་མ་ཚོས། །ལྕི་དང་རྩུབ་དང་མི་གཙང་དྲང་། །ཁོང་ཚ་སྐོམ་དད་ཆུ་མང་དང་། །བསྲེས་པའི་ཟས་ནི་འཇུ་མི་འགྱུར། །མྱ་ངན་ཁྲོ་དང་བཀྲེས་པ་ཡིས། །ཉེ་བར་གདུངས་ཤིང་ཟས་མི་འཇུ། །ཕན་དང་མི་ཕན་བསྲེས་པ་དག། །ཟོས་པ་མཉམ་ཟ་

Vol. 198 · folio 66a

ཡིན་པར་འདོད། །འགྲངས་རྗེས་སླར་ཡང་ཟ་གྱུར་པ། །ལྷག་པར་ཟ་བ་ཡིན་ཞེས་བྱ། །དུས་མིན་ཆེ་བའམ་ཆུང་ཟོས་པ། །མི་མཉམ་པར་ནི་ཟབ་ཡིན། །གསུམ་པོ་འདིས་ཀྱང་གསོད་པའམ། །མི་བཟད་ནད་ཀྱིས་འདེབས་པར་བྱེད། །དུས་

སུ་གོམས་ཤིང་གཙང་ལ་ཕན། །སྣུམ་དྲོ་ཡང་དང་མ་ཡེངས་དང་། །རོ་དྲུག་ལྡན་ཞིང་མངར་བག་ཆེ། །ཤིན་ཏུ་མྱུར་མིན་དལ་བར་མིན། །ཁྲུས་བྱས་བཀྲེས་ཤིང་དབེན་པར་གནས། །ཁ་གདོང་ལག་པ་རྐང་པ་བཀྲུས། །ལྷ་དང་ཡི་དགས་རྗེད་ཅིང་སྦྱིན། །

བླ་མ་བྱིས་པ་མགྲོན་མཆོད་བྱས། །དུད་འགྲོ་རྣམས་ཀྱང་རབ་བརྟགས་ཤིང་། །བདག་ཉིད་ལེགས་པར་བརྟགས་ནས་ནི། །མ་སྨད་སྨྲའམ་ཡིད་འོང་སྨྲ། །སྐྱེ་བོ་གཙང་ཞིང་གུས་པས་སྟོབས། །ཡིད་འོང་གཉེན་དང་ལྷན་ཅིག་བཟའ། །ཟས་ནི་རྩྭ་དང་སྐྲ་སྦུ་སྩོགས། །

འདྲེས་ཤིང་ཁོང་དུ་སླར་སྲོས་དང་། །ཚོད་མ་ཟས་ངན་མང་བ་དང་། །ཚ་ཆེས་ལན་ཚྭ་མང་བ་སྤང་། །ཕྲུམ་དང་ཞོ་དང་ཕྲུམ་སྐམ་དང་། །བ་ཚ་ཚ་དང་ལ་ཕུག་རྗེན། །ཕག་རྒོད་ལུག་དང་བ་གླང་ཉ། །མ་ཧེའི་ཤ་དང་རིད་དང་སྐམ། །མ་ཤ་ཆུ་ལྡུམ་ནིས་ཤ་བ། །

པད་རྩ་འབྲས་འཁུར་མྱུ་གུར་གྱུར། །ཚོད་མ་སྐམ་དང་ནས་འདྲ་དང་། །བུ་རམ་ཕྲ་མོ་བཟའ་མི་བྱ། །སཱ་ལུའི་འབྲས་དང་གྲོ་དང་ནས། །དྲུག་ཅུ་པ་དང་སྐམ་སའི་ཤ། །ཨ་རུ་སྐྱུ་རུ་རྒུན་འབྲུམ་དང་། །མུངྒ་ཁ་ར་པ་ཏོ་ལ། །ཞུན་མར་ཆར་ཆུ་འོ་མ་དང་། །སྦྲང་རྩི་སེའུ་

འབྲུམ་རྒྱམ་ཚ་བཟའ། །མིག་དང་སྟོབས་ཕྱིར་མཚན་མོ་ནི། །འབྲས་གསུམ་སྦྲང་རྩི་མར་སར་བཟའ། །མི་ནར་འཇོག་པར་བྱེད་གང་དང་། །ནད་སེལ་བྱེད་པ་གང་ཡིན་བསྟེན། །པད་རྩ་བུར་ཤིང་ཙོ་ཙ་དང་། །མོ་ཙ་ཨ་མྲའི་འབྲས་བུ་དང་། །ལ་དུ་འཁུར་

བ་བུ་རམ་ཅན། །ཟས་ནི་ལྕི་ཞིང་སྣུམ་པ་དང་། །མངར་ཞིང་འཇུ་དཀའ་བསྟེན་པ་རྣམས། །དང་པོ་ཉིད་དུ་བཟའ་བར་བྱ། །དེ་ལས་བཟློག་པ་ཐ་མར་བཟའ། །བར་དུ་སྐྱུར་ཚ་ལན་ཚྭ་ཅན། །ལྟོ་ཡི་ཆ་གཉིས་ཟས་ཀྱིས་ཏེ། །ཆ་གཅིག་སྐོམ་གྱིས་དགང་བར་བྱ། །

Vol. 198 · folio 66b

རླུང་ལ་སོགས་པའི་གནས་སུ་ནི། །ཆ་བཞི་པ་ནི་ལྷག་མར་གཞག །ཟོས་རྗེས་སྐོམ་ནི་བསིལ་བའི་ཆུ། །ནས་དང་བག་ཕྱེའི་གཡོས་བྱས་ཟོས། །ཞོ་ཆང་དུག་འབགས་སྦྲང་རྩི་ལ། །ཆུ་བསིལ་རྗེས་སུ་འཐུངས་ན་ཕན། །མི་འཇུ་འགགས་ལ་ཆུ་དྲོན་གཏང་། །

ཆད་མ་མུངྒའི་གནོད་པ་ལ། །ཞོག་ཆུ་དང་དར་བ་དང་། །རང་སྒྱུར་རྩབ་མོ་བཏུང་བར་བྱ། །སྐེམ་པོ་རྒྱས་ཕྱིར་ཆང་བཏུང་སྟེ། །སྦོམ་པོས་སྦྲང་རྩིའི་ཆུ་བཏུང་ངོ་། །གཅོང་ཆེན་ནད་ལ་ཤ་ཁུ་བཏུང་། །དྲོད་ཆུང་ཤ་ཟོས་ཆང་བཏུང་བྱ། །ནད་དང་སྨན་སྩོགས་སྦྲུམ་

བུད་མེད། །ཟན་བཅད་དཀའ་ཐུབ་ལས་རྣམས་ཀྱིས། །སྐེམ་དང་བྱིས་པ་རྒན་པོ་ལ། །འོ་མ་བདུད་རྩི་ལྟ་བུར་ཕན། །མདོར་ན་ཟོས་རྗེས་བཏུང་བ་ནི། །གང་ཞིག་ཟས་དང་ཡོན་ཏན་གྱིས། །མི་མཐུན་མི་འཕྲོད་མེད་གྱུར་པ། །དེ་ནི་རྣམ་པ་ཀུན་ཏུ་བསྔགས། །ཟས་

རྗེས་སྐོམ་འཐུངས་ངོམས་དང་ཁྱབ། །སྟོབས་འཕེལ་ལུས་ནི་བརྟན་བྱེད་ལ། །ཟས་སྡུད་སྙི་བར་འགྱུར་བ་དང་། །འདྲུལ་ཞིང་རྣམ་པར་འཇུ་བར་འགྱུར། །དེ་ནི་ནམ་ཚང་ཡན་ཆད་ནད། །དབུགས་ལུད་གློ་རྡོལ་ཆམ་པ་དང་། །གླུ་ལེན་སྨྲ་མང་ལ་ཆགས་དང་། །སྐད་

འགགས་པ་ལ་གནོད་པ་ཡིན། །ལུས་ལས་རྣག་འཛག་གཅིན་ནད་མིག །ལྐོག་ནད་རྨ་ཡི་ནད་ཀྱིས་ཉེན། །སྐོམ་སྤང་ཀུན་གྱིས་སྐོམ་འཐུངས་ནས། །མང་སྨྲ་ལམ་ཞུགས་ཉལ་བ་སྤང་། །ཟས་ཟོས་ནས་ནི་ཉི་ཚན་མེ། །རྟ་ཞོན་རྐྱལ་དང་འདེགས་པ་སྤང་། །བཤང་

དང་གཅི་གསལ་སྙིང་ལ་དྲི་མེད་ཉེས་པ་ལམ་མིན་པར་མི་འགྲོ། །སྒྲེགས་པ་དག་ཅིང་བྲུ་བ་ཚ་གྱུར་ཐུར་གྱི་རླུང་ནི་ཐ་མལ་རྒྱུ། །དེ་བཞིན་མེ་ཡི་དྲོད་བདོ་དབང་པོ་གསལ་ཞིང་ལུས་ཀྱང་རབ་ཏུ་ཡང་། །ཟས་ཀྱི་ཚོད་རན་ཆོ་གར་སྦྱར་བཞིན་ཟ་བ་དེ་ནི་དུས་སུ་འདོད། །

ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་བརྒྱད་པའོ།། །།དེ་ནས་སྨན་ལ་སྩོགས་པའི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །སྨན་རྣམས་ཉིད་ཀྱི་རོ་ལ་སྩོགས། །དེ་ནི་དེ་ལ་བསྟེན་པས་མཆོག །དེ་ཡང་འབྱུང་

Vol. 198 · folio 67a

ལྔའི་བདག་ཉིད་ཅན། །ས་ལ་བརྟེན་ཏེ་སྐྱེ་བ་ཡིན། །ཆུ་ནི་སྐྱེ་གནས་མེ་དང་རླུང་། །ནམ་མཁའ་རྣམས་ནི་ཚོགས་པ་ལས། །དེ་སྐྱེས་གྱུར་དང་ཁྱད་པར་ཕྱུང་། །མིང་ནི་ཤས་ཆེ་ལས་གྱུར་ཡིན། །དེ་བས་འབྱུང་བ་འདུས་པ་ལས། །བྱུང་བས་སྨན་ནི་

རོ་གཅིག་མིན། །དེ་ཕྱིར་ནད་ཀྱང་ཉེས་གཅིག་མིན། །དེ་ལ་གསལ་བ་རོ་ཞེས་བཤད། །མི་གསལ་རོ་རྗེས་མཐའ་མར་ནི། །ཅུང་ཟད་གསལ་བདག་ཏུའང་འདོད། །སྨན་གྱི་ཡོན་ཏན་ལྕི་སོགས་དང་། །རོ་ནི་ས་ལ་སྩོགས་བསྟེན་པས། །མཚུངས་པར་སྤྱོད་པ་ཉེར་གདགས་

པས། །རོ་ལས་མིང་དུ་བཏགས་པ་ཡིན། །དེ་ལ་སའི་སྨན་ལྕི་དང་སྦོམ། །སྲ་ཞིང་དྲི་ཡི་ཤེས་རབ་ཆེ། །ལྕི་ཞིང་བརྟན་དང་འདུས་པ་དང་། །ཉེ་བར་འཕེལ་བར་བྱེད་པ་ཡིན། །ཆུ་ཡི་གཤེར་དང་ལྕི་བསིལ་སྣུམ། །རྟུལ་ཞིང་བསྐལ་རོ་ཤས་ཆེ། །འཇམ་ཞིང་བད་ཀན་འདྲ་

བ་ལ། །འདྲུལ་ཞིང་ཚིམ་བྱེད་སྡུད་པར་བྱེད། །མེ་ཡི་རྩུབ་རྣོ་ཚ་ཞིང་སྐམ། །ཕྲ་ཞིང་གཟུགས་ཀྱི་ཡོན་ཏན་ཆེ། །ཚ་ཞིང་འབར་ལ་མདོག་སྐྱེད་ཅིང་། །གསལ་ཞིང་སྨིན་པའི་བདག་ཉིད་ཅན། །རླུང་གི་རྩུབ་ཅིང་ཁྱབ་ལ་ཡང་། །རེག་པའི་ཡོན་ཏན་ཤས་ཆེ་ཡིན། །རྩུབ་

ཅིང་ཡང་ལ་དྲི་མ་སེལ། །རྣམ་དཔྱོད་ན་བར་བྱེད་པ་ཡིན། །ནམ་མཁའི་ཕྲ་ཞིང་དངས་ལ་ཡང་། །སྒྲ་ཡི་ཡོན་ཏན་ཤས་ཆེ་སྟེ། །ཁོང་སྟོང་ཡང་བར་བྱེད་པ་ཡིན། །དེ་ལྟར་འགྲོ་ན་དོན་དང་ནི། །སྦྱོར་བ་སྣ་ཚོགས་དབང་གིས་ནི། །སྨན་མིན་ཅི་ཡང་ཡོད་མ་ཡིན། །དེ་ལ་སྨན་

ནི་གྱེན་དུ་འགྲོ། །ཕལ་ཆེར་མེ་དང་རླུང་ཤས་ཆེ། །ཐུར་དུ་འགྲོ་བ་ཕལ་ཆེར་ནི། །ས་ཆུའི་ཡོན་ཏན་ཤས་ཆེར་ཡིན། །དེ་ལྟར་སྨན་ནོ་རོའི་བྱེ་བྲག །འདི་ཡི་འོག་ནས་སྟོན་པ་ཡིན། །སྨན་མཐུ་ལ་ལས་བཤད་པ་ནི། །ལྕི་སྣུམ་བསིལ་དང་འཇམ་པ་དང་། །ཡང་རྩུབ་ཚ་

དང་རྣོ་བ་སྟེ། །དེ་ལྟར་རྣམ་པ་བརྒྱད་དུ་འདོད། །སྨན་མཐུ་ཙར་ཀས་བཤད་པ། །གང་གིས་བྱ་བ་གང་བྱེད་པ། །མཐུ་མིན་ཅིར་ཡང་མི་བྱེད་ཀྱི། །དེ་དག་ཐམས་ཅད་མཐུ་ཡིས་བྱེད། །དེས་ན་ལྕི་ལ་སྩོགས་པ་ཉིད། །ནུས་པའི་ཁྱད་པར་ལྡན་པ་དང་། །ཡོན་ཏན་མ་

Vol. 198 · folio 67b

ལུས་སྙིང་པོར་ནི། །གྱུར་པས་མཐུ་ཞེས་བཤད་པ་དག །དོན་དང་མཐུན་པར་བཏགས་པ་ཡིན། །གཅིས་པ་མང་དུ་ཡོད་ན་ཡང་། །ཐ་སྙད་གཙོ་བོ་ཉིད་ཀྱིས་ཡིན། །དེ་བས་གོ་ནི་བཟློག་པའི་ཕྱིར། །དེ་ནི་རོ་ལ་སྩོགས་པ་ལ། །སྲིད་དུ་ཟིན་ཀྱང་མ་བཤད་དེ། །དེ་བས་ལྕི་བ་

ལ་སོགས་ཡིན། །གཞན་དག་ཚ་དང་བསིལ་ཉིད་གཉིས། །སྟོབས་ཡིན་ཞེས་ཀྱང་སྟོན་པར་བྱེད། །སྨན་ནི་སྣ་ཚོགས་བདག་ཉིད་ཅན། །ཉི་མ་ཟླ་བའི་སྟོབས་ཅན་ཡིན། །འགྲོ་འདི་གསལ་དང་མི་གསལ་ལས། །ནམ་ཡང་འདའ་བར་མི་འགྱུར་རོ། །དེ་ལ་ཚ་བ་མགོ་

འཁོར་སྐོམ། །རྨྱ་རྡུལ་ཚ་ཞིང་མྱུར་འཇུ་བྱེད། །རླུང་དང་བད་ཀན་ཞི་བར་བྱེད། །བསིལ་བ་དག་ནི་ཚིམ་བྱེད་ཅིང་། །འཚོ་དང་རེངས་པར་བྱེད་པ་དང་། །ཁྲག་དང་མཁྲིས་པ་རབ་དང་བྱེད། །ཕོ་བའི་མེ་དང་ཕྲད་པ་ལས། །གང་ཞིག་རོ་གཞན་བྱུང་གྱུར་པའི། །རོ་རྣམས་

ཀྱི་ནི་མཐར་ཞུ་བ། །དེ་ནི་ཞུ་བ་ཞེས་བཤད་དོ། །མངར་དང་ལན་ཚྭ་ཞུ་རྗེས་མངར། །སྐྱུར་བའི་ཞུ་རྗེས་སྐྱུར་བ་ཡིན། །ཁ་དང་བསྐ་དང་ཚབ་རྣམས། །ཞུ་རྗེས་ཕལ་ཆེར་ཁ་བ་ཡིན། །རོ་དང་ཞུ་རྗེས་འབྲས་བུ་མཉམ། །དེ་ལ་སྨན་ནི་བཟང་དང་ངན། །ལ་ལ་རོ་ཡིས་ལས་བྱེད་

ལ། །གཞན་དག་འཇུ་བར་བྱེད་པ་ཡིན། །ཡོན་ཏན་གཞན་དང་ནུས་པ་དང་། །མཐུ་ཡིས་ལ་ལ་བྱེད་པ་ཡིན། །སྨན་གྱི་རོ་སྩོགས་གང་དང་གང་། །སྟོབས་ལྡན་ཉིད་ཀྱིས་གནས་བྱེད་དེ། ཤིན་ཏུ་ཟིལ་མནན་དེ་དང་དེ། །སྒྲུབ་བྱེད་རྒྱུ་ནི་ཉིད་དུ་གནས། །ཡོན་

ཏན་མི་འཕྲོད་སྦྱར་བ་ནི། །མང་པོས་ཉུང་ངུ་ཟིལ་གྱིས་གནོན། །རོ་དང་འཇུ་བའི་མཐུ་དག་ནི། །དེ་ཡི་སྟོབས་ཀྱི་ཟིལ་གྱིས་གནོན། །རོ་སྩོགས་དེ་ལྟར་སྟོབས་ནི་མཉམ། །མ་བཅོས་པ་ཡི་སྟོབས་དང་ལྡན། །རོ་སྩོགས་མཉམ་པའི་ལས་གང་ནི། །ཁྱད་འཕགས་

དེ་ནི་མཐུ་ལས་སྐྱེས། །དན་ཏི་དང་ནི་ཙི་ཏྲ་ཀ། །རོ་སྩོགས་མཚུངས་ཀྱང་དན་ཏི་འཁྲུ། །ཤིང་མངར་རྒུན་འབྲུམ་འདྲ་ཡང་འཁྲུ། །འོ་མ་མར་འདྲ་མར་དྲོད་སྐྱེད། །དེ་ལྟར་སྨན་ལ་སོགས་པ་ཡི། །སྤྱི་ཡི་ལས་ཏེ་དེ་ཡང་ནི། །སྣ་ཚོགས་རྐྱེན་གྱི་དབྱེ་བ་ཡིས། །

Vol. 198 · folio 68a

སྨན་དབྱེ་ཐ་དད་གྱུར་པ་ཡིན། །གྲོ་དང་ནས་ནི་མངར་བ་དང་། །ལྕི་ལས་རླུང་འཇོམས་སྐྱེད་པ་ཡིན། །ཉ་གྲོ་འོ་མ་བསིལ་བ་དང་། །སེང་གེ་ཁ་ཡིས་ཕག་མ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་དགུ་པའོ།། །།

དེ་ནས་རོ་ཐ་དད་པ་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །མངར་བ་ལ་སོགས་རོ་སྐྱེ་བ། །ས་ཆུ་མེ་ས་ཆུ་དང་མེ། །མཁའ་རླུང་མེ་རླུང་ས་དང་རླུང་། །གཉིས་གཉིས་ཤས་ཆེ་ལས་རིམ་འབྱུང་། །དེ་ལས་རོ་ནི་མངར་བ་དག །གང་ཞིག་མྱངས་པའི་ཚེ་ན་ནི། །ཁ་ལ་ཆགས་ཤིང་

ལུས་ཀྱང་ནི། །ཚིམ་བྱེད་དབང་པོ་རབ་དང་བྱེད། །གྲོག་མ་ལ་སོགས་དགའ་བ་ཡིན། །སྐྱུར་བ་ཁ་ནས་ཆུ་འཛག་ཅིང་། །སོ་བརྩེ་སྦུ་ནི་ལྡང་བ་དང་། །མིག་དང་སྨིན་མ་འཛུམ་པར་བྱེད། །ལན་ཚྭ་ཁར་ནི་མཆིལ་མ་འདུ། །མཁུར་བ་གྲེ་བ་ཚ་བར་བྱེད། །ཁ་བ་ཁ་ཡི་དྲི་མ་སྦྱང་། །

ལྕེ་ནི་འཇོམས་པར་བྱེད་པ་ཡིན། །ཚ་བ་ལྕེ་རྩེ་སྐྱོ་བྱེད་ཅིང་། །ཙག་ཙག་བྱེད་པར་འགྱུར་བ་དང་། །ཁ་མིག་སྣ་ལས་འཛག་བྱེད་ཅིང་། །མཁུར་བསྲེག་པར་བྱེད་པ་ཡིན། །བསྐ་བས་ལྕེ་ནི་བེམ་པོར་བྱེད། །གྲེ་བ་རྩ་སྦུབས་འགགས་པར་བྱེད། །རོ་ཡི་ཚུལ་ནི་དེ་དག་སྟེ། །ལས་ནི་

རོ་མངར་བ་དག་གིས། །སྐྱེས་ནས་འཕྲོད་པར་བྱེད་པ་དང་། །ལུས་ཟུངས་མཐུ་སྟོབས་རབ་སྐྱེད་ཅིང་། །བྱིས་པ་རྒན་པོ་གློ་རྡོལ་སྐེམ། །མདོག་མདངས་སྐྲ་དང་དབང་པོ་བཟང་། །ལུས་རྟས་སྐད་འགགས་ཕན་ཞིང་ལྕི། །ནུ་ཞོ་སྐྱེད་ཅིང་རྨ་འབྱོར་བྱེད། །ཚེ་རིང་འཚོ་བྱེད་སྣུམ་པ་དང་། །

རླུང་དང་མཁྲིས་པ་དུག་རྣམས་སེལ། །ཧ་ཅང་དྲགས་ན་ཚིལ་བཅས་དང་། །བད་ཀན་ལས་བྱུང་ནད་སྐྱེད་ཅིང་། །ལུས་སྦོམ་དྲོད་བྲི་ཆང་ནད་དང་། །གཅིན་ནད་ལྦ་བ་རྨེན་སྩོགས་སྐྱེད། །སྐྱུར་བ་མེ་དྲོད་སྐྱེད་བྱེད་སྣུམ། །ཞིམ་ཞིང་འཇུ་བྱེད་ཡི་ག་འབྱེ། །དྲོ་བའི་ནུས་སྐྱེད་རེག་

པ་བསིལ། །ཚིམ་བྱེད་འདྲུལ་བྱེད་ཡང་བ་སྟེ། །བད་ཀན་ཁྲག་མཁྲིས་རྒྱས་པར་བྱེད། །རླུང་འགགས་རྒྱུ་བར་བྱེད་པ་ཡིན། །དེ་ནི་ཤིན་ཏུ་བསྟེན་དྲགས་ན། །ལུས་ལྷོད་རབ་རིབ་མགོ་འཁོར་དང་། །གཡན་པ་སྐྱ་རྦབ་མེ་དབལ་དང་། །འོར་ནད་ཐོར་བུ་སྐོམ་རིམས་སྐྱེད། །

Vol. 198 · folio 68b

ལན་ཚྭ་སྲ་དང་འཁྱིལ་པ་དང་། །འགགས་པ་འབྱིན་ཞིང་དྲོད་སྐྱེད་བྱེད། །སྣུམ་དང་དུགས་ཀྱིས་རྡུལ་ཞིང་རྣོ། །ཡི་ག་འབྱེད་ཅིང་གཅོད་འབྱེད་བྱེད། །དེ་ནི་དྲགས་པས་རླུང་ཁྲག་དང་། །སྐྲ་འབྱི་སྐྲ་དཀར་གཉེར་མ་དང་། །སྐོམ་མཛེ་དུག་དང་མེ་དབལ་རྣམས། །སྐྱེད་ཅིང་

སྟོབས་ནི་བྲི་བར་བྱེད། །ཁ་བ་རང་ཉིད་ཞིམ་མིན་ཞིང་། །ཡི་ག་འཆུས་དང་སྲིན་སྐོམ་དུག །མཛེ་དང་རྒྱལ་དང་རིམས་སློན་བྲོ། །ཚ་དང་མཁྲིས་པ་བད་ཀན་འཇོམས། །འདྲུལ་དང་ཚིལ་དང་ཞག་དང་རྐང་། །བཤང་དང་གཅི་བ་སྐེམས་པ་དང་། །ཡང་ཞིང་ཡིད་གཞུངས་བསིལ་

ཞིང་རྩུབ། །ནུ་མའི་ནད་དང་སྐད་འགགས་སེལ། །དེ་ནི་ཤིན་ཏུ་དྲགས་གྱུར་ན། །ལུས་ཟུངས་ཟད་ཅིང་རླུང་ནད་སྐྱེད། །ཚ་བས་ལྐོག་ནད་འགགས་པ་དང་། །མཛེ་དང་མ་ཞུ་འོར་ནད་སེལ། །རྨ་འཇིག་བྱེད་ཅིང་སྣུམ་པ་དང་། །ཚིལ་དང་འདྲུལ་བག་སྐེམས་པར་བྱེད། །དྲོད་

སྐྱེད་འཇུ་བྱེད་ཡི་ག་འབྱེད། །སྦྱོང་ཞིང་ཟས་ནི་འཇིག་པར་བྱེད། །འཆིང་བ་གཅོད་ཅིང་རྩ་སྦུབས་དག །རྣམ་པར་འབྱེད་ཅིང་བད་ཀན་སེལ། །དེ་ནི་ཤིན་ཏུ་དྲག་འགྱུར་བས། །སྐོམ་སྐྱེད་ཁུ་བ་སྟོབས་ཟད་ཅིང་། །བརྒྱལ་ཞིང་ལུས་འཁུམས་འདར་བ་དང་། །རྐེད་པ་རྒྱབ་

སྩོགས་ན་བར་བྱེད། །བསྐ་བས་མཁྲིས་པ་བད་ཀན་སེལ། །ལྕི་ཞིང་ཁྲག་ནད་རྣམ་པར་སྦྱོང་། །སྐེམ་ཞིང་རྨ་འཚོ་བསིལ་བ་དང་། །འདྲུལ་དང་ཚིལ་ནི་རྣམ་པར་སྐེམས། །བེའུ་སྣབས་འཁྱིལ་ཞིང་སྲི་བར་བྱེད། །རྩུབ་ཅིང་ལྤགས་མདོག་རབ་དང་བྱེད། །དེ་ནི་ཤིན་ཏུ་

བསྟེན་དྲགས་ན། །བཤང་འགགས་ལྟོ་སྦོ་སྙིང་ནད་དང་། །སྐོམ་དང་སྐེམ་ཞིང་སྐྱེས་མཐུ་ཉམས། །རྩ་སྒོ་འགགས་ཤིང་དྲི་མ་སྲི། །ཞུན་མར་བུ་རམ་སྟར་ག་གསེར། །མོ་ཙ་ཙོ་ཙ་པ་རུ་ཤ། །ཉེའུ་ཤིང་རམ་ཉེ་པ་ནས། །ར་ཛ་དན་པ་ལ་གསུམ། །མེད་གཉིས་དང་

པརྞི་བཞི། །འཚོ་བྱེད་ཛི་བ་རི་ཤོ་བ། །ཤིང་མངར་མ་དུ་ཀ་བིམྦི། །ཤྲ་བ་ནི་གཉིས་བི་ད་རི། །ཅུ་གང་ཀྵི་ར་ཤུ་ཀུ་ལ། །ས་ཧའོ་ཅན་ཀཤྨ་རི། །འོ་མ་བུ་རམ་ཤིང་གཟེ་མ། །རྒུན་འབྲུམ་སྦྲང་སྩོགས་མངར་བའི་སྡེ། །སྐྱུར་བ་སྐྱུ་རུ་ཨམླི་ཀ། །བ་ལུང་དང་ནི་

Vol. 198 · folio 69a

སྟར་བུ་དང་། །སེའུ་འབྲུ་རྡུལ་དང་དར་བ་དང་། །ཚྭ་དང་ཀུ་ཤུ་ཨ་མྲ་དང་། །ཨམླ་ཏ་ཀ་བྷ་བྱ་དང་། །ཀ་རམ་རྡ་ཀ་པིད་ཏའོ། །ཚ་མཆོག་རྩལ་རུ་ཁ་རུ་ཚ། །བི་ད་རྒྱ་མཚོ་བཀོད་མའི་ཚ། །མཚོ་ཚ་སྐམ་ཚ་རོ་ཉེ་དང་། །ཀྵ་ར་ལན་ཚྭའི་སྡེ་ཚན་ཡིན། །

ཁ་བ་ཀྱི་ལྕེ་པ་ཏོ་ལ། །ཙནྡན་ཨུར་ཤི་བ་ལེ་ཀ། །ཅི་སྐྲིགས་ནིམ་པ་པུ་ཙེ་ཤེལ། །རྒྱ་སྤོས་ཨ་ཀར་བ་ཚ་ཀ །ནག་ཏ་མ་ལ་སེར་པོ་གཉིས། །གླ་སྒང་མུར་བ་བ་ཤ་ཀ །ཨ་པ་མརྒ་པོ་སོན་ཆ། །འཁར་ལྕགས་སླེ་ཏྲེས་བྱི་ཚེར་བ། །རྩ་བ་ཆེ་ལྔ་བྱ་གྲི་གཉིས། །བོང་ང་

ཤུ་དག་བི་ཤ་ལ། །ཚ་བ་ཤིང་ཀུན་ན་ལེ་ཤམ། །བྱི་དང་ག་དང་ཚ་བ་ལྔ། །ཀུ་ཐེ་ར་སྩོགས་ལྡུམ་རྔད་སྔོ། །མཁྲིས་པ་གཅིན་དང་གོ་བྱེ་ཡིན། །བསྐ་ཚན་ཨ་རུ་བ་རུ་ར། །སྦྲང་རྩི་སེང་ལྡེང་ཤི་རི་ཤ། །ཀ་དམ་ཨུ་དུམྦྷཱར་དང་། །མུ་ཏིག་བྱུ་རུ་ཨན་ཙན་བཅག །ཀ་པིད་ཐ་

གཞོན་ཁ་རྫུར། །པད་རྩ་པདྨ་ཨུཏྤ་ལའོ། །འབྲས་རྙིང་ནས་རྙིང་གྲོ་རྙིང་དང་། །མུངྒ་སྦྲང་རྩི་ཤ་ཀ་ར། །སྐམ་སའི་ཤ་རྣམས་མ་གཏོགས་པའི། །མངར་བ་ཕལ་ཆེར་བད་ཀན་སྐྱེད། །སྐྱུ་རུ་སེ་འབྲུ་མ་གཏོགས་པའི། །སྐྱུར་བ་ཕལ་ཆེར་མཁྲིས་པ་སྐྱེད། །རྒྱམ་ཚ་ལྕེ་

མྱང་ཚ་མ་གཏོགས། །ལན་ཚྭ་ཕལ་ཆེར་མིག་ལ་གནོད། །སླེ་ཏྲེས་པ་ཏོ་ལ་བཅའ་སྒ། །སྒོག་སྐྱ་པི་པི་ལིང་མ་གཏོགས། །ཁ་དང་ཚ་བ་ཕལ་ཆེར་ནི། །རོ་ཙ་འབྲི་ཞིང་རླུང་སྐྱེད་ཡིན། །བསྐ་ལས་ཨ་རུ་ར་མ་གཏོགས། །ཕལ་ཆེར་བསིལ་ཞིང་སྲི་བར་བྱེད། །རོ་ཚ་

སྐྱུར་དང་ལན་ཚྭ་རྣམས། །གོ་རིམས་བཞིན་དུ་དྲོ་ནུས་ལྡན། །ཁ་དང་བསྐ་དང་མངར་བ་རྣམས། །དེ་བཞིན་དུ་ནི་བསིལ་བ་ཉིད། །ཁ་དང་ཚ་དང་བསྐ་བ་རྣམས། །དེ་བཞིན་རྩུབ་ཅིང་དྲི་མ་སྲི། །ལན་ཚྭ་སྐྱུར་མངར་སྣུམ་པ་དང་། །བཤང་གཅི་ཐུར་གྱི་དབུགས་

འབྱིན་བྱེད། །ལན་ཚྭ་ལས་བསྐ་དེ་བས་ཀྱང་། །མངར་བ་མཆོག་ཏུ་ལྕི་བ་ཡིན། །སྐྱུར་ལས་ཚ་དང་དེ་བས་ཀྱང་། །ཁ་བདག་ནི་ཡང་བ་ཡིན། །རོ་རྣམས་ཀྱིས་ནི་དབྱེ་བ་ལས། །སྦྱོར་བ་ལྔ་བཅུ་རྩ་བདུན་དང་། །བརྟགས་པ་དྲུག་ཅུ་རྩ་གསུམ་དུ། །རགས་རིམ་

Vol. 198 · folio 69b

ཇི་བཞིན་ཕྱེ་བ་ཡིན། །དེ་ལྔ་རེ་རེ་ཕྲི་བ་ལས། །ལྔར་གྱུར་པ་ནི་རོ་གཉིས་པ། །གསུམ་པ་མངར་བཅུ་སྐྱུར་དྲུག་སྟེ། །ལན་ཚྭ་གསུམ་སྟེ་ཁ་བ་གཅིག །བཞི་པ་ལ་ནི་མངར་པོ་བཅུ། །སྐྱུར་བ་བཞི་པོ་ལན་ཚྭ་གཅིག། །ལྔ་པ་ལ་ནི་སྐྱུར་གཅིག་པུ། །མངར་བ་ལྔ་ལ་བརྟེན་པ་ཡིན། །

སྨན་ནི་རོ་དྲུག་གཅིག་པུ་ཡིན། །མ་འདྲེས་པ་ནི་རོ་དྲུག་འགྱུར། །ལྔ་པ་དྲུག་དང་རོ་ནི་ཐ་དད་དྲུག །བཞི་པ་གཉིས་པ་རྣམ་པ་བཅྭ་ལྔ་ཡིན། །དབྱེ་བ་གསུམ་པ་ཉི་ཤུ་གཅིག་ཉིད་དེ། །སྨན་ནི་རོ་དྲུག་དེ་ལྟར་དྲུག་ཅུ་གསུམ། །དེ་རྣམས་རོ་དང་རྡོ་རྗེས་རོའི་དབྱེ་བ། །རབ་དང་རབ་

མཆོག་དག་ཏུ་བརྟགས་པ་ལས། །རྩིས་ལས་འདས་པར་བྱུང་བར་གྱུར་པ་ནི། །ནད་དང་སྨན་གྱི་དབང་ལས་ཉེ་བར་སྦྱར། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་བཅུ་པའོ།། །།དེ་ནས་ནད་ལ་སྩོགས་པའི་ཚུལ་ཤེས་པར་བྱ་བའི་ལེའུ་བཤད་

པར་བྱའོ། །ནད་དང་ལུས་ཟུངས་དྲི་མ་རྣམས། །རྟག་ཏུ་ལུས་ཀྱི་རྩ་བ་ཡིན། །དེ་རླུང་དབུགས་འབྱུང་དབུགས་རྔུབ་དང་། །བསྐྱོད་དང་ལས་སྤྱོད་ཤུགས་འབྱིན་དང་། །ལུས་ཟུངས་ལེགས་པར་རྒྱུ་བ་དང་། །དབང་པོ་རྣམས་ནི་གསལ་བ་དག །མི་གནོད་པ་ནི་རྗེས་འཛིན་ཡིན། །

མཁྲིས་པ་འཇུ་དྲོད་མཐོང་བྱེད་དང་། །བཀྲེས་སྐོམ་ཟས་ལེན་མདངས་ཡིད་གཞུངས། །བློ་ལྡན་དཔའ་སྙིང་ལུས་འཇམ་པས། །བད་ཀན་བརྟན་ཞིང་སྣུམ་ཉིད་དང་། །ཚིགས་འབྲེལ་བཟོད་ལ་སྩོགས་པས་སོ། །ལུས་ཟུངས་ལས་གཙོ་གོ་རིམས་བཞིན། །ཚིམ་བྱེད་འཚོ་བྱེད་གཡོགས་

པ་དང་། །སྣུམ་དང་བརྟན་དང་འགེངས་པ་དང་། །མངལ་ནི་སྐྱེད་བྱེད་ཡིན་པར་བཤད། །བརྟན་པར་བྱེད་པ་བཤང་བ་ཡིན། །འདྲུལ་དང་འབྱིན་པ་གཅིན་གྱི་ཡིན། །བ་སྤུ་བརྟན་པ་རྡུལ་གྱི་ཡིན། །རླུང་ནི་འཕེལ་བར་གྱུར་པ་ཡིས། །སྐེམ་དང་མདོག་གནག་དྲོད་བག་

དགའ། །འདར་དང་ལྟོ་སྦོས་བཤང་བ་སྲེ། །སྟོབས་དང་གཉིད་དང་དབང་པོ་ཉམས། །སྨྲ་མང་མགོ་འཁོར་ཞུམ་པར་བྱེད། །མཁྲིས་པ་བཤང་གཅི་པགས་མིག་སེར། །བཀྲེས་སྐོམ་ལུས་ཚ་གཉིད་ཆུང་བྱེད། །བད་ཀན་དྲོད་ཉམས་མཆིལ་མ་མང་། །ཁོང་སྙོམ་ལྕི་

Vol. 198 · folio 70a

དང་ཤ་མདོག་དཀར། །ལུས་གྲང་ཡན་ལག་ལྷོད་པ་དང་། །ལུད་པ་དབུགས་མི་བདེ་གཉིད་ཆེ། །དངས་མའང་བད་ཀན་དང་འདྲ་ལ། །ཁྲག་འཕེལ་མེ་དབལ་ཁོང་འབྲས་མཆེར། །མཛེ་དང་རླུང་ཁྲག་མཁྲིས་པ་ཁྲག །སྐྲན་དང་རྙིལ་ནད་མིག་སེར་

དང་། །བསྐྱོད་དཀའ་དྲོད་ཉམས་རྨོངས་བག་ཅན། །མིག་དང་གཅིན་པགས་དམར་བར་འགྱུར། །ཤ་འཕེལ་ཝ་བ་རྨེན་བུ་མདུད། །མཁུར་ཚོས་བྲང་ལྟོ་བརླ་སྦོམ་ཞིང་། །མགུལ་སྩོགས་ལྷག་པར་ཤ་ཡང་ཆེ། །ཚིལ་འཕེལ་དེ་འདྲ་དེ་བཞིན་ངལ། །ཅུང་ཟད་བསྐྱོད་

ཀྱང་དབུགས་རྒོད་ཅིང་། །རྐུབ་ཚོས་ནུ་མ་གསུས་འཕྱང་འགྱུར། །རུས་འཕེལ་རུས་ལྷག་སོ་ལྷག་འགྱུར། །རྐང་འཕེལ་ལུས་ལྕི་མིག་རྩ་གཡུང་། །ཚིགས་ཀྱི་མགོ་བོ་སྦོམ་པ་དང་། །ཚིགས་ལ་ཐོར་བུ་གསོ་དཀའ་འབྱུང་། །ཁུ་འཕེལ་བུད་མེད་ལ་རབ་གདུང་། །

ཁུ་བའི་རྡེའུ་དག་ཏུ་འང་འགྱུར། །བཤང་འཕེལ་ལྟོ་སྦོས་རྒྱུ་འཁྲུག་ཅིང་། །ལུས་ལྕི་ལྟོ་བ་ན་བར་བྱེད། །གཅིན་འཕེལ་ཆུ་སོར་ཟུག་ཅིང་ན། །གཅིས་ཀྱང་མ་གཅིས་སྙམ་སེམས་འགྱུར། །རྔུལ་འཕེལ་རྡུལ་ཆེ་དྲི་མི་ཞིམ། །གཡན་པ་ཉིད་ཀྱང་སྐྱེད་ཅེས་བྱ། །མིག་རྡུལ་ལ་སྩོགས་དྲི་

མ་རྣམས། །མང་བས་ལྕི་ལ་སྩོགས་པར་བྱེད། །རླུང་ཟད་མཚན་མ་ལུས་མི་བདེ། །སྨྲ་ཉུང་རྩོལ་བ་ཆུང་བར་འགྱུར། །དྲན་པ་མི་གསལ་བད་ཀན་འཕེལ། །སྔར་བཤད་པ་ཡི་ནད་རྣམས་འབྱུང་། །མཁྲིས་ཟད་དྲོད་ཉམས་གྲང་བ་དང་། །མདོག་ཉམས་བྱེད་དེ་བད་ཀན་ཟད། །

མགོ་འཁོར་བད་ཀན་གནས་སྟོངས་ཤིང་། །སྙིང་འདར་ཚིགས་ནི་ལྷོད་པར་འགྱུར། །ཅུང་ཟད་རྩུབ་ངལ་སྐམ་པ་དང་། །ན་ཞིང་སྒྲ་ཆེར་མི་བཟོད་འགྱུར། །ཁྲག་ཟད་སྐྱུར་དང་བསིལ་ལ་དགའ། །རྩ་ལྷོད་པགས་པ་རྩུབ་པར་འགྱུར། །ཤ་ཟད་དབང་ཉམས་མིག་མཁུར་བའི། །

རུས་སྐམ་ལྷུ་ཚིགས་ན་བར་འགྱུར། །ཚིལ་ཟད་གཉིད་ཆེ་དཔྱི་རྐེད་མངོན། །མཆེར་པ་ཆེ་དང་ལུས་སྐེམ་འགྱུར། །རུས་ཟད་རུས་ཟུག་སོ་དང་ནི། །སེན་མོ་སྐྲ་ལ་སོགས་པ་འབྱུང་། །རྐང་ཟད་རྐང་སྦུབས་སྟོང་པ་དང་། །མགོ་འཁོར་རབ་རིབ་ཅན་དུ་འགྱུར། །ཁུ་བ་

Vol. 198 · folio 70b

ཟད་པས་རིང་ནས་འབྱུང་། །ཡང་ན་ཁུ་བ་ཁྲག་ཉིད་འབྱུང་། །རླིག་པ་ཤིན་ཏུ་ན་བ་དང་། །ཕོ་མཚན་ཚིག་པ་སྙམ་དུ་སེམས། །བཤང་ཟད་རླུང་ནི་རྒྱུ་མའི་ནང་། །སྒྲ་བཅས་འཁྱིལ་པ་ལྟ་བུར་བྱེད། །ལྟོ་བར་རྒྱུ་ཞིང་གྱེན་དུ་འགྲོ། །སྙིང་ག་རྩིབ་ལོགས་མི་བཟད་ན། །གཅིན་

ཟད་གཅིན་ནི་ཉུང་སྲི་དང་། །མདོག་འགྱུར་བ་འམ་ཁྲག་བཅས་ཉིད། །རྡུལ་ཟད་སྦུ་འབྱི་སྤུ་འགྲེངས་ལ། །པགས་པ་རྣམས་ནི་འགས་པར་འགྱུར། །དྲི་མ་ཤིན་ཏུ་ཕྲ་བ་རྣམས། །ཟད་པས་བརྟག་དཀའ་དྲི་མ་ཡི། །རང་གནས་བསྐམས་དང་ན་བ་དང་། །སྟོང་དང་ཡང་བ་

ལས་ཤེས་བྱ། །ནད་སྩོགས་རང་ཉིད་ཇི་ལྟ་བའི། །ཡོན་ཏན་འདི་ནི་བཟློག་པ་དང་། ཟད་པ་དང་ནི་འཕེལ་གྱུར་ལས། །འཕེལ་འབྲི་སྨན་པས་ཤེས་པར་བྱ། །དྲི་མ་ཐོགས་ལས་འཕེལ་བ་སྟེ། །ཤིན་ཏུ་འབྱུང་ལས་ཟད་ཤེས་བྱ། །ལུས་ནི་དྲི་མས་བརྟེན་པས་ན། །འཕེལ་

བས་ཟད་པ་གནོད་པ་ཡིན། །དེ་ལ་རླུང་ནི་རུས་པར་གནས། །མཁྲིས་པ་རྔུལ་དང་ཁྲག་ལ་གནས། །བད་ཀན་ལྷག་མ་གནས་དེས་འདི། །ཕན་ཚུན་རྟེན་དང་བརྟེན་པ་ཡིན། །འཕེལ་དང་ཟད་པར་བྱེད་པའི་སྨན། །གཅིག་གི་གང་ཡིན་གཞན་གྱིའང་དེ། །རུས་པ་རླུང་གཉིས་ལ་འདི་མིན། །ཕལ་ཆེར་

རྟས་པས་འཕེལ་བར་འགྱུར། །བད་ཀན་རྗེས་མཐུན་དེ་ཡི་ཕྱིར། །དེ་ལས་བཟློག་པས་ཟད་པ་ཡིན། །རླུང་དང་རྗེས་མཐུན་དེ་ལྟར་ན། །འཕེལ་དང་ཟད་པ་འབྱུང་འགྱུར་བའི། །སྨྱུང་དང་བརྟ་བར་བྱ་བ་ཡིས། །ནད་ནི་རིམ་གྱིས་གསོ་བར་བྱ། །རླུང་མ་གཏོགས་

ཏེ་དེ་སྐྱེས་ལ། །དེ་ཉིད་བཟློག་ཐབས་སྦྱར་བར་བྱ། །ཁྱད་པར་དུ་ནི་ཁྲག་སྐྱེས་ནད། གཏར་ག་བཀྲུ་སྨན་དག་གིས་གསོ། །ཤ་ཆེར་སྐྱེས་ལས་བྱུང་བའི་ནད། །གཏར་ག་མེ་བཙའ་ཐལ་སྨན་སྦྱར། །ཚིལ་ཆེས་སྦོམ་སྐེམ་གསོ་བར་བྱ། །རུས་པ་ཟད་པ་ལས་བྱུང་ལ། །མར་དང་འོ་

མ་ཁ་རང་སྦྱར། །དེ་བཞིན་འཇམ་རྩི་གཏང་བས་གསོ། །བཤང་བ་འཕེལ་ལ་འཁྲུ་བས་གསོ། །བཤང་བཟས་ལས་བྱུང་བའི་ནད། །ར་ལུག་ནང་གྲོལ་ཟན་དྲོན་དང་། །སྦྱར་ཐུག་མ་ཤ་གཉིས་སོགས་སྦྱིན། །གཅིན་འཕེལ་གྱུར་ལ་གཅིན་འབྲི་བ། །གཅིན་ཟད་ལས་བྱུང་

Vol. 198 · folio 71a

གཅིན་སྙི་གསོ། །རྡུལ་མི་འབྱུང་ལ་རྩོལ་དང་བསྐུ། །རྡུལ་འབྱུང་ཆོ་གས་གསོ་བར་བྱ། །ལུས་ཀྱི་མེ་དྲོད་རང་གནས་འདུག །ཆ་ཤས་ལུས་ཟུངས་རྣམས་ལ་བརྟེན། །དེ་རྣམས་འབྲི་ཞིང་རབ་འབར་བ། །ལུས་ཟུངས་འཕེལ་དང་ཟད་པར་འགྱུར། །ལུས་

ཟུངས་དང་པོ་ཕྱི་མ་ནི། །རྒྱས་བྱེད་ཟད་པའང་དེ་བཞིན་ནོ། །ཉེས་འཁྲུགས་པས་ནི་ལུས་ཟུངས་ཉེན། །གཉི་གས་དྲི་མ་ལ་གནོད་བྱེད། །འོག་ན་གཉིས་ཏེ་མགོ་བོར་བདུན། །བུ་ག་དང་ནི་རྡུལ་འབྱུང་བའི། །དྲི་མའི་གནས་ནི་དྲི་མ་སྟེ། །རང་རང་གནས་སུ་ནད་སྐྱེད་འགྱུར། །ལུས་

ཟུངས་ཁུ་བའི་མཐར་ཐུག་པའི། །ནང་ནས་གཟི་ཅན་མདངས་མཆོག་ཡིན། །སྙིང་ལ་གནས་ཀྱང་ཁྱབ་པ་དང་། །ལུས་ནི་བརྟན་པར་གནས་པ་ཡིན། །གང་ཞིག་འཇིག་ན་ངེས་འཇིག་ལ། །གང་ཞིག་གནས་ན་གནས་གྱུར་པ། །གང་ལ་དངོས་རྣམས་སྣ་ཚོགས་པ། །ལུས་

ལ་བརྟེན་པ་འབྱུང་བ་ཡིན། །མདངས་ནི་སེམས་འཁྲུགས་བཀྲེས་སེམས་ལས། །མྱ་ངན་ངལ་ལ་སྩོགས་པས་ཟད། །དེ་ཟད་སྡང་ཞིང་ལུས་རིད་ལ། །ཡང་ཡང་སེམས་ཤིང་དབང་པོ་ཉམས། །གཟི་ཉམས་རྩུབ་དང་ཡིད་མི་དགའ། །ཉམ་ཆུང་བར་ནི་འགྱུར་བ་ཡིན། །འཚོ་

བྱེད་སྨན་དང་འོ་མ་དང་། །ཤ་ཁུ་ལ་སོགས་དེའི་སྨན་ཡིན། །ཟས་གང་མི་འདོད་གང་ཞིག་སློང་། །དེ་ལ་མི་འཕྲོད་འཕྲོད་པ་ནི། །སྤང་དང་སྦྱིན་པར་བྱ་བ་དག །དེ་དང་དེས་འཕེལ་ཟད་པར་འགྱུར། །ཉེས་པ་ཕྱིན་ཅི་ལོག་པ་དང་། །མཐུན་པས་སྲེད་པ་སྐྱེད་བྱེད་དེ། །ཕལ་

ཆེར་འཕེལ་དང་ཟད་པ་དག །མི་མཁས་པ་ཡིས་མི་ཤེས་སོ། །ཇི་བཞིན་སྟོབས་དང་རང་ཇི་བཞིན། །འཕེལ་ན་ཉེས་པ་རྒྱས་པར་འགྱུར། །ཟད་པས་རང་བཞིན་འདོར་བར་འགྱུར། །མཉམ་ན་རང་གི་ལས་རྣམས་བྱེད། །གང་ཞིག་མཉམ་པས་ལུས་ནི་འཕེལ་བར་

བྱེད། །ཉེས་པ་དེ་ཉིད་མི་མཉམ་གསོད་པར་བྱེད། །དེ་བས་ཟད་བའང་འཕེལ་བ་ལྟ་བུ་ནི། །ཕན་པའི་སྤྱོད་པ་ཉིད་ཀྱིས་བསྲུང་བར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་བཅུ་གཅིག་པའོ།། །།དེ་ནས་ནད་ཀྱི་བྱེ་བྲག་

Vol. 198 · folio 71b

ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །ཞུ་བའི་གནས་དང་རྐེད་པ་དཔྱི། །རྣ་བ་རུས་པ་རེག་དབང་པོ། །རླུང་གནས་ཡིན་ཏེ་དེ་ལས་ཀྱང་། །ཞུ་བའི་གནས་སུ་ཁྱད་པར་གནས། །མཁྲིས་གནས་ལྟེ་བ་ཕོ་བ་རྡུལ། །ཆུ་སེར་དངས་མ་ཁྲག་དང་ནི། །མིག་དང་པགས་པ་དག་ཡིན་

ཏེ། །དེ་ལས་ལྟེ་བ་ཁྱད་པར་གནས། །བད་ཀན་བྲང་དང་མགུལ་པ་མགོ །གློ་བ་རུས་ཚིགས་མ་ཞུའི་གནས། །དངས་མ་ཚིལ་དང་སྣ་ལྕེར་གནས། །བྲང་ནི་ཁྱད་པར་དག་གི་གནས། །རླུང་ནི་སྲོག་སྩོགས་དབྱེ་བ་ཡིན། །ལྔ་ཡི་བདག་ཉིད་འདིར་སྲོག་ནི། །སྤྱིར་གནས་བྲང་དང་

གྲེ་བར་རྒྱུ། །བློ་དང་དབང་པོ་སེམས་འཛིན་བྱེད། །མཆིལ་འདོར་སྦྲིད་འབྱུང་སྒྲེགས་པ་འདོན། །དབུགས་རྔུབ་ཟས་ནི་མིད་པར་བྱེད། །གྱེན་རྒྱུའི་གནས་ནི་བྲང་ཡིན་ཏེ། །སྣ་དང་ལྕེ་དང་ལྐོག་མར་རྒྱུ། །ཚིགས་འབྱིན་འབད་རྩོལ་མདངས་དང་ནི། །སྟོབས་དང་ཁ་དོག་དྲན་ལས་བྱེད། །

ཁྱབ་བྱེད་སྙིང་གནས་ལུས་ཀུན་ལ། །མ་ལུས་ཁྱབ་ཅིང་རབ་ཏུ་མགྱོགས། །འགྲོ་དང་འདེགས་དང་འཇོག་པ་དང་། །མིག་འབྱེད་འཛུམས་པ་ལ་སོགས་པ། །ལུས་ཅན་བྱ་བ་ཕལ་ཆེར་ནི། །དེ་ལ་རག་ནི་ལུས་པ་ཡིན། །མཉམ་གནས་མེ་དྲོད་ཉེ་བར་གནས། །ནང་གྲོལ་ཀུན་ཏུ་རྒྱུ་བ་

ཡིན། །བྱ་བ་ཟས་ལེན་འཇུ་བ་དང་། །དངས་སྙིགས་འབྱེད་ཅིང་འདོར་བར་བྱེད། །ཐུར་སེལ་གཞང་གནས་འདོང་མོ་དང་། །ལྒང་པ་ཕོ་མཚན་བརླ་ནང་རྒྱུ། །བྱ་བ་ཁུ་བ་ཟླ་མཚན་དང་། །བཤང་གཅི་མངལ་གནས་འབྱིན་པར་བྱེད། །མཁྲིས་པའི་རང་བཞིན་ལྔ་དེ་ལ། །ཞུ་

དང་མ་ཞུའི་གནས་པར་གནས། །འབྱུང་ལྔའི་བདག་ཉིད་ཅན་གྱིས་ནི། །གང་མེའི་ཡོན་ཏན་ཤས་ཆེ་བས། །གཤེར་ཉིད་སྐེམས་བྱེད་འཇུ་ལ་སྩོགས། །ལས་ཀྱི་མེ་ཡི་སྒྲར་བཤད་དོ། །ཟས་ནི་འཇུ་དང་དེ་བཞིན་དུ། །དངས་མ་ཚིགས་མ་འབྱེད་པར་བྱེད། །དེར་གནས་

བཞིན་དུ་མཁྲིས་པ་ནི། །ལྷག་མ་རྣམས་ཀྱི་གྲོགས་བྱེད་པས། །སྟོབས་བསྐྱེད་པ་ཡིས་བྱེད་འགྱུར་བས། །དེ་ནི་འཇུ་བྱེད་ཅེས་བཤད་དོ། །མཁྲིས་པ་མ་ཞུའི་གནས་ལ་བརྟེན། །དངས་མདོག་བསྒྱུར་བས་དམར་སྒྱུར་ཡིན། །མཁྲིས་པ་སྒྲུབ་བྱེད་སྙིང་ལ་གནས། །བློ་དང་

Vol. 198 · folio 72a

ཡིད་གཞུངས་ང་རྒྱལ་སྩོགས། །མངོན་འདོད་དོན་ནི་སྒྲུབ་བྱེད་པས། །མིག་ལ་གནས་ཏེ་གཟུགས་མཐོང་བྱེད། །མཐོང་བྱེད་ཅེས་བཤད་མདོག་གསལ་ནི། །པགས་མདོག་གསལ་བྱེད་པགས་པར་གནས། །བད་ཀན་རྣམ་ལྔ་བྲང་གནས་པ། །

རང་གི་སྟོབས་ཀྱིས་སུམ་མདོ་དང་། །སྙིང་དང་ཟས་ཀྱི་མཐུ་དང་ནི། །དེ་ཉིད་ལ་གནས་ཆུ་ལས་བྱེད། །བད་ཀན་ལྷག་མའི་གནས་གྱུར་པའི། །རྟེན་ནི་གང་ཕྱིར་བྱེད་གྱུར་པས། །དེ་ཕྱིར་རྟེན་བྱེད་ཅེས་བཤད་དོ། །གང་ཞིག་མ་ཞུའི་གནས་ལ་གནས། །དེ་ནི་ཟས་སྩོགས་འདྲུལ་བྱེད་

པས། །མྱགས་བྱེད་ཅེས་ནི་བྱ་བ་ཡིན། །མྱོང་བྱེད་ལྕེར་གནས་རོ་ཚོར་བྱེད། །རྟས་བྱེད་མགོར་གནས་དབང་པོ་ནི། །ཚིམ་པར་བྱེད་དེ་འབྱོར་བྱེད་ནི། །ཚིགས་ལ་གནས་ནས་འབྱོར་པར་བྱེད། །དེ་ལྟར་ནད་ནི་ཕལ་མོ་ཆེ། །མི་འགྱུར་བདག་ཉིད་ཅན་ཁྱབ་ཀྱང་། །གནས་

ཡིན་པར་ནི་ཤེས་བྱ་སྟེ། །ལས་རྣམས་ཀྱང་ནི་ཐ་དད་ཡིན། །རྩུབ་སོགས་དྲོ་བར་ལྡན་པས་ནི། །རླུང་ནི་སྩོགས་པར་འགྱུར་བ་ཡིན། །གྲང་བས་ལྡང་བྱེད་སྣུམ་ལ་སོགས། །ཡོན་ཏན་དྲོ་ལྡན་ཞི་བྱེད་འགྱུར། །རྣོ་སྩོགས་བསིལ་བ་དང་ལྡན་པས། །མཁྲིས་པ་སྩོགས་པར་

བྱེད་འགྱུར་ལ། །དྲོ་བས་ལྡང་ཞིང་རོ་རྟུལ་སྩོགས། །བསིལ་བར་ལྡན་པས་ཞི་བར་འགྱུར། །སྣུམ་སྩོགས་གྲང་དང་ལྡན་པ་ཡིས། །བད་ཀན་སྩོགས་པར་བྱེད་འགྱུར་ལ། །གྲོ་བས་ལྡང་འགྱུར་དེ་ཉིད་ནི། །རྩུབ་སོགས་ཡོན་ཏན་གྱིས་ཞིར་འགྱུར། །རང་གནས་ཉིད་དུ་འཕེལ་

སྩོགས་ཡིན། །དཀྱིལ་འགྱུར་རྒྱུ་ལས་འཁྲུགས་པ་དང་། །མི་མཐུན་པ་ཡི་ཡོན་ཏན་འདོད། །ལྡང་བ་ལོག་པའི་ལམ་ཞུགས་ཉིད། །རང་གི་རྟགས་ནི་སྟོན་པ་དང་། །བདེ་མེད་ནད་ནི་འབྱུང་འགྱུར་བའོ། །རང་གནས་གནས་པ་མཉམ་ཉིད་དང་། །ནད་རྣམས་མ་བྱུང་

ཞི་བ་ཡིན། །སོགས་དང་ལྡང་དང་རབ་ཞི་བ། །རླུང་ནི་སོ་ག་སྩོགས་གསུམ་ཚེ། །མཁྲིས་པ་དབྱར་ལ་སོགས་པར་ཏེ། །བད་ཀན་དགུན་སྨད་སྩོགས་པར་རོ། །ཡང་དང་རྩུབ་པ་ལ་སོགས་པའི། །སྨན་དང་ལུས་ཀྱང་དེ་མཚུངས་པས། །སོ་ག་རླུང་ནི་སོགས་འགྱུར་གྱི། །

Vol. 198 · folio 72b

དྲོ་བའི་དུས་ཀྱིས་ལྡང་མི་འགྱུར། །ཆུ་རྣམས་འཇུ་བ་སྐྱུར་བ་དང་། །སྨན་ཡང་དེ་དག་འདྲ་བ་ཡིས། །མཁྲིས་པ་སྩོགས་ཀྱི་དུས་ཀྱིས་ནི། །གྲང་བ་ཉིད་ཀྱིས་ལྡང་མི་འགྱུར། །ཆུ་དང་སྨན་ནི་བསིལ་བ་དང་། །སྣུམ་པས་དུས་ནི་མཚུངས་འགྱུར་ཡང་། །དགུན་སྨད་བད་ཀན་སྩོགས་

འགྱུར་གྱི། །བསྒོངས་པས་ལྡང་བར་མི་འགྱུར་རོ། །དེ་ལྟར་དུས་ཀྱི་རང་བཞིན་འདི། །ཟས་ལ་སྩོགས་པའི་དབང་གིས་ནི། །དུས་ལ་བབ་པར་མ་གྱུར་ཀྱང་། །འཕྲལ་དུ་སྩོགས་པ་ལ་སོགས་འགྱུར། །ནད་ནི་ལྡང་གྱུར་འཕྲལ་དུ་ལུས། །མགོ་ནས་རྐང་གི་བར་དུ་ཁྱབ། །

ལྡོག་འགྱུར་ཆུ་ཡི་རྒྱུན་བཞིན་དུ། །ཅུང་ཞིག་ཅུང་ཞིག་དག་གིས་ཞི། །ནད་འཁྲུགས་སྣ་ཚོགས་ཚུལ་ཅན་ནི། །གྲངས་མེད་པར་ནི་གྱུར་པའི་ལུས། །ཐམས་ཅད་ཉེ་བར་གཟིར་གྱུར་པ། །དེ་རྒྱུ་ཚུལ་དང་སྒྲུབ་པ་དག །རེ་རེ་ནས་ནི་བསྟན་མི་ནུས། །དེ་བས་སྤྱི་ཡི་བརྗོད་པ་

ཡིན། །ནད་རྣམས་དག་ནི་ཐམས་ཅད་ཀྱི། །ཉེས་པའི་རྒྱུ་ནི་གཅིག་པུ་ཉིད། །དཔེར་ན་བྱ་ནི་ལྡིང་འགྱུར་པ། །ཉིན་རངས་ཀུན་ཏུ་སེང་གྱུར་ཀྱང་། །རང་གི་གྲིབ་མ་དང་མི་འབྲལ། །འགྲོ་ཀུན་དེ་དང་འདྲ་བ་ཡིན། །ཡང་ན་ཇི་ལྟར་མ་ལུས་པའི། །འགྲོ་བ་མི་འདྲ་སྣ་ཚོགས་

འདི། །ཡོན་ཏན་གསུམ་དང་མི་འབྲལ་ལོ། །དེ་བཞིན་རང་ཁམས་མ་སྙོམས་པའི། །རྒྱུ་ཡང་གནས་སྐབས་ཐམས་ཅད་དུ། །ནད་རིགས་ཉེས་པ་གསུམ་མི་འབྲལ། །དེ་རྣམས་ཀྱིས་ནི་ལྡང་བའི་རྒྱུ། །དབང་དོན་མི་འཚམ་ཕྲད་པ་དང་། །དུས་དང་ཉེས་པའི་ལས་རྣམས་སོ། །

དེ་ཡང་དམན་ལྟག་ལོག་སྦྱོར་བས། །དབྱེ་བ་རྣམ་པ་གསུམ་དུ་འགྱུར། །དབང་དོན་རང་ཡུལ་ཆུང་དུའམ། །མི་སྦྱོར་བ་ནི་དམན་པ་སྟེ། །ཤས་ཆེར་གཏད་པ་ལྷག་སྦྱོར་བ། །རབ་ཕྲའི་འོད་དང་འཇིགས་པ་དང་། །ཤིན་ཏུ་ཉེ་དང་ཤིན་ཏུ་རིང་། །ཡིད་དུ་མི་འོང་མི་སྡུག་པའི། །

གཟུགས་ལ་མིག་ནི་ལྟ་བྱེད་པ། །ལག་སྦྱོར་དེ་ནི་མི་ཟད་ཡིན། །དེ་བཞིན་རབ་དྲགས་རྡུལ་ལ་སོགས། །དབང་དོན་ཇི་བཞིན་ཤེས་པར་བྱ། །དུས་ཀྱང་གྲང་དང་ཚ་བ་དང་། །ཆར་དུས་དབྱེ་བས་གསུམ་དུ་འདོད། །དེ་དམན་གྲང་སྩོགས་ཆུང་བ་དང་། །ལྷག་སྦྱོར་ཤིན་ཏུ་ཆེ་

Vol. 198 · folio 73a

མཚན་ཉིད། །རང་གི་མཚན་ཉིད་ཕྱིན་ཅི་ལོག །ལོག་པའི་སྦྱོར་བ་ཡིན་པར་བཤད། །ལུས་ངག་ཡིད་ཀྱི་དབྱེ་བ་ཡིས། །ལས་ཀྱང་རྣམ་པ་གསུམ་དུ་བཤད། །ལུས་ལ་སོགས་པའི་ལས་དམན་ལ། །འཇུག་པ་དམན་པའི་མིང་ཅན་ཡིན། །

བརྟུན་ངས་འཇུག་པ་ལྷག་སྦྱོར་བའོ། །ཤུགས་བཀག་པ་དང་བཙིར་བ་དང་། །མི་བཟད་ལུས་ཀྱི་ལས་རྣམས་དང་། །གཅུས་དང་རྡེག་འཆོས་གོམ་འཁྱོར་སྩོགས། །ལྡང་བཞིན་སྨྲ་བར་བྱེད་པ་དང་། །འདོད་ཆགས་ཞེ་སྡང་འཇིག་སྩོགས་དང་། །སྲོག་གཅོད་ལ་སོགས་

ལས་རྣམས་དང་། །རྣམ་བཅུ་དེ་ཡང་སྨད་པ་ཡིན། །འདི་དང་གཞན་དུ་བྱས་པ་རྣམས། །དེ་དག་མ་ལུས་ལོག་སྦྱོར་ཡིན། །འདི་དག་ནད་ཀྱི་རྒྱུ་ཡིན་ནོ། །ལྡང་འགྱུར་དེ་ནི་མཐའ་ཡས་ཏེ། །སྣ་ཚོགས་ནད་ནི་བྱེད་པར་འགྱུར། །ཡན་ལག་ནང་ཁྲོལ་ལྷུ་ཚིགས་བརྟེན། །ཡན་ལག་

ཁྲག་སྩོགས་པགས་པ་ཡིན། །དེ་ནི་ཕྱི་རོལ་ནད་གནས་ཏེ། །དེ་བརྟེན་མ་ཞུ་ཡན་ལག་ན། །ལྦ་བ་བེའུ་སྣབས་འབྲུམ་པ་སྩོགས། །གཞང་འབྲུམ་སྐྲན་དང་འོར་ནད་སོགས། །དེ་དག་ཕྱི་རོལ་ནད་ཅེས་བྱ། །ནང་ནད་རྩ་སྦུབས་ཆེན་པོ་དང་། །མ་ཞུ་ཞུ་བའི་གནས་ལ་བརྟེན། །

གནས་དེ་ལས་ནི་སྐྱུགས་ཚད་འཁྲུ། །དམུ་རྫིང་ལུད་པ་དབུགས་མི་བདེ། །ནང་གི་ཆ་ཡི་གཞང་འབྲུམ་སྐྲང་། །སྐྲན་དང་མེ་དབལ་ཁོང་འབྲུམ་པ། །མགོ་བོ་སྙིང་དང་ཆུ་སོ་སྩོགས། །རུས་པའི་ཚིགས་ནད་གནད་ཡིན་ནོ། །དེ་འབྲེལ་རྩ་དང་ཆུ་བ་དང་། །ཆུ་བ་ཆེན་སྩོགས་བར་

མ་ཡིན། །དེ་ལ་ནད་ལམ་དེར་གནས་པ། །གཅོང་ཆེན་གཞོགས་ཕྱེད་མཇིང་ཁ་ཡོ། །གླད་ནད་སྩོགས་དང་ཚིགས་རུས་དང་། །དཔྱི་ཡི་གཟེར་དང་གནོད་ནད་སྩོགས། །འབྱིན་ཁྱབ་ཟུག་དང་སྙོམ་པ་དང་། །ལུས་ཚ་ནད་གཟེར་བྱེ་བ་དང་། །འཇའ་ཞིང་ཆག་སྙམ་

རྐང་ལག་འཁུམས། །བསྒོངས་དང་རྩེ་དང་སྐོམ་བྱེད་དང་། །འདར་དང་རྩུབ་དང་ཁོང་སྟོང་དང་། །སྐེམ་དང་མགུལ་དང་དཀྲིས་སྙམ་དང་། །རེངས་དང་རོ་བསྐ་བྲོ་བའོ། །མདོག་ནི་གནག་གམ་དམར་བ་དག །རླུང་གི་ལས་ཡིན་མཁྲིས་པའི་ལས། །ལུས་ཚ་མདོག་དམར་དྲོ་

Vol. 198 · folio 73b

སྨིན་བྱེད། །རྔུལ་དང་གནག་དང་འཛག་རྨ་རེད། །འདྲུལ་དང་བརྒྱལ་ཞིང་མྱོས་པ་དང་། །ཁའི་རོ་ཁ་དང་སྒྱུར་བ་དང་། །མདོག་སྐྱ་དམར་རྩ་མ་ཡིན་པའོ། །བད་ཀན་ལས་ནི་མཁྲང་ཞིང་སྣུམ། །གཡའ་ཞིང་ཁོང་གྲང་ལྕི་བ་དང་། །ཚིགས་དམ་ཤ་རྒྱས་རྨོངས་བག་དང་། །

སྐྲང་ཞིང་གཉིད་ཆེ་ཟས་མི་འཇུ། །མདོག་དཀར་ཁ་རོ་ལན་ཚྭ་མངར། །ལས་ཀྱི་མཐའ་ལས་འདམ་རིང་ངོ་། །དེ་ལྟར་ཇི་སྐད་བཤད་པ་ཡི། །མཚན་ཉིད་ཀྱིས་ནི་ནད་ཀུན་ཁྱབ། །དེ་ནི་མ་ཡེངས་ལྟ་སྩོགས་པས། །ཡང་དག་པར་ནི་ཤེས་པར་བྱ། །ནད་ཀྱི་གནས་སྐབས་དབྱེ་ཤེས་

པས། །ནད་པ་སྐད་ཅིག་རེ་རེར་བལྟ། །གོམས་པས་ངེས་པར་ཐོབ་འགྱུར་ཏེ། །ལས་རྣམས་གྲུབ་པ་གསལ་བྱེད་ཡིན། །རིན་ཆེན་ལ་སོགས་བཟང་ངན་ཤེས། །བསྟན་བཅོས་འབའ་ཞིག་ལས་མི་འབྱུང་། །ནད་ནི་འདི་ལྟར་རྣམ་གསུམ་སྟེ། །ལ་ལ་ཚེ་འདིའི་ཉེས་ལས་བྱུང་། །ལ་ལ་སྔོན་གྱི་ཉེས་ལས་བྱུང་། །

གཞན་དག་དེ་གཉིས་འདྲེས་ལས་བྱུང་། །ཉེས་འབྱུང་ནད་གཞི་ཇི་བཞིན་པར། །ལས་སྐྱེས་རྒྱུ་ནི་མེད་པ་ཡིན། །རྒྱུ་ཆུང་བ་ལ་དཀྱེལ་ཆེའི་ནང་། །ཉེས་དང་ལས་ལས་བྱུང་བ་ཡིན། །དང་པོ་མི་མཐུན་བཟའ་བ་ཡིན། །ལས་སྐྱེས་ལས་ནི་ཟད་པ་

སྟེ། །གཉི་ག་ལས་བྱུང་ཉེས་དང་ལས། །ཟད་པས་ཟད་པར་འགྱུར་བ་ཡིན། །ནད་ནི་རང་རྒྱུད་གཞན་རྒྱུད་ལས། །གཉིས་འགྱུར་མཐའ་འང་གཉིས་ཡིན་ཏེ། །སྔར་སྐྱེས་སྔ་མའི་ཚུལ་དུ་བཤད། །ཕྱི་སྐྱེས་པ་ནི་བླ་བརྣན་ཡིན། །རང་གནས་ཇི་བཞིན་གནས་པ་ནི། །རང་རྒྱུད་

ཅན་དེ་མཚན་ཉིད་གསལ། །གཞན་དག་དེ་ལས་གོ་བཟློག་པ། །དྲི་མའང་དེ་བཞིན་ཤེས་པར་གྱིས། །དེ་ནི་ནད་རེ་ལྡང་བ་ན། །མ་ཡེངས་པས་ནི་ཤེས་བྱ་སྟེ། །དེ་རྣམས་གཙོ་བོ་ཞི་བྱས་པས། །ཞི་འགྱུར་ཞི་བར་མ་གྱུར་ན། །དེ་བཞིན་ཕྱི་ནས་གསོ་བར་བྱ། །འོན་ཏེ་

བླ་བརྣན་སྟོབས་ཆེ་ན། །མྱུར་གསོ་དེ་ནད་ཀྱིས་གཟིར་བ། །ལུས་ལ་ཤས་ཆེར་གནོད་བྱེད་ཡིན། །ནད་ལ་རྣམ་པར་མི་མཁས་ཤེས། །ངོ་ཚ་ནམ་ཡང་མ་བྱེད་ཅིག །ནད་ཀྱི་འགྱུར་བ་ཐམས་ཅད་ཀྱི། །མིང་གི་ངེས་བསྟན་ཡོད་པ་མིན། །ཉེས་པ་དེ་ཉིད་འཁྲུགས་ནས་ནི། །ཁྱད་

Vol. 198 · folio 74a

པར་དུ་ནི་ལྡང་གྱུར་ནས། །གནས་གཞན་དག་ཏུ་སོང་ནས་ནི། །ནད་ནི་མང་པོར་བྱེད་པར་འགྱུར། །དེ་བས་ནད་ཀྱི་རང་བཞིན་ནི། །རང་གནས་གཞན་དུ་འཕོས་པ་དང་། །རྒྱུ་ཡི་ཁྱད་པར་ཤེས་བྱས་ལ། །སྨན་དཔྱད་ཀྱིས་གསོ་མྱུར་དུ་བྱ། །གནོད་བྱ་ཡུལ་

དང་ཉམས་སྟོབས་དུས། །མེ་དྲོད་རང་བཞིན་ན་ཚོད་དང་། །སྙིང་སྟོབས་གོམས་དང་ཟས་རྣམས་ཀྱིས། །གནས་སྐབས་རྣམ་པ་ཐ་དད་པ། །འདི་དག་ཕྲ་མོ་ཡན་ཆད་བརྟག །ནད་དང་སྨན་གྱི་ཚུལ་བརྟགས་པས། །གང་ཞིག་གསོ་བ་ལ་འཇུག་པ། །དེ་ནི་ནམ་ཡང་འཁྲུལ་མི་

འགྱུར། །ནད་དཀྱེལ་ཆེ་བའམ་ཆུང་བ་དག །ཕོག་སྙ་ལུས་ཉམས་ཆེ་ཆུང་ལས། །གནོད་པར་བྱེད་པ་སྣང་འགྱུར་བས། །དེ་ལའང་མ་ཡེངས་ཉིད་དུ་བྱ། །སྨན་པ་ངན་པས་ནད་རྣམས་ནི། །ལྕི་བ་ཡང་བར་ཡོངས་རྟོག་ཅིང་། །ནད་ཉུང་དག་ཏུ་བརྟགས་པ་ཡིས། །

གསོ་བ་ལོག་པ་དག་ཏུ་འགྱུར། །དེ་བས་ཆུང་བའང་སྟོབས་ཆུང་བ། །དཀྱེལ་ཆེན་ནད་ལ་རབ་ཏུ་སྦྱོར། །སྦྱོར་བ་ཆུང་ངུར་སྦྱར་བ་ཡིས། །ནད་ནི་ཤིན་ཏུ་སློང་བ་ཡིན། །སྦྱོར་བའང་ལྷག་པར་སྦྱོར་བ་དང་། །ལོག་པར་སྦྱོར་བས་ཕྱིན་ཅི་ལོག །དྲི་མ་འབྱུང་བར་མི་ཟད་ཀྱི། །

ལུས་ཀྱང་ཤིན་ཏུ་མ་རུང་འགྱུར། །དེ་བས་རྟག་ཏུ་བརྩོན་པ་དང་། །ཐམས་ཅད་ཀུན་ཏུ་ལེགས་བརྟགས་ནས། །ཅི་ནས་ནད་མེད་བརྟན་གྱུར་པ། །དེ་ལྟར་སྨན་དཔྱད་སྦྱར་བར་གྱིས། །དེ་ནས་གཞན་ཡང་ནད་རྣམས་ནི། །འཕེལ་ཟད་དབྱེ་བས་བཤད་བྱ་སྟེ། །ཐ་དད་པ་ལས་གསུམ་

ཤེས་བྱ། །ལྡན་གསུམ་དེ་ཡང་དེ་དགུ་ཡིན། །མཉམ་པར་འཕེལ་བས་གསུམ་ཉིད་དེ། །གཅིག་རབ་ལྷག་པས་དྲུག་ཏུ་འགྱུར། །མ་ལུས་པ་ལས་བཅུ་གསུམ་ཡིན། །གཉིས་གཅིག་ལྷག་པ་ལས་དྲུག་སྟེ། །མཚུངས་ལས་གཅིག་ཡིན་རབ་དང་ནི། །རབ་མཆོག་

བརྟགས་པ་ལས་དྲུག་ཡིན། །དེ་ལྟར་ཉི་ཤུ་རྩ་ལྔ་ནི། །འཕེལ་བའོ་ཟད་པའང་དེ་སྙེད་ཡིན། །དེ་དག་རེ་རེ་འཕེལ་མཉམ་ཟད། །དྲུག་སྟེ་སླར་ཡང་དེ་དག་ནི། །གཅིག་ཟད་གཉིས་གཉིས་འཕེལ་བ་ནི། །གོ་བཟློག་བཅས་ལས་དྲུག་ཏུ་འགྱུར། །དབྱེ་བ་དྲུག་ཅུ་གཉིས་སུ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words