ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཨཥྚ་ཨཾ་ག་ཧྲྀ་ད་ཡ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 198 · folio 103a
ལས་གྱུར། །སྐྱུར་དང་ལན་ཚྭ་ཚ་བ་དང་། །གཞན་གང་འཁྲུ་བ་གཅོད་བྱེད་དང་། །ཚ་དང་བསིལ་དང་ལྕི་བ་ཡང་། །འབྲུ་ས་ར་ལ་སོགས་སྡེ་ཚན་འདི། །རྨ་དང་ལན་པའི་ནད་ཀུན་སྐྱེད། །ཆང་ནི་རྣོ་བ་ཚ་རྩུབ་འགྱུར། །རྨ་ལ་མྱུར་དུ་གནོད་པར་
བྱེད། །བ་ལ་ཨུཪྴི་རས་གཡབ་ཅིང་། །འདི་ནི་བསྐྱོད་པར་མི་བྱ་ལ། །དྲག་ཤུལ་མི་གཟུག་འཕྲུག་མི་བྱ། །བསྐྱོད་པའི་ཚེ་ན་བག་བྱའོ། །མཛའ་དང་བྲམ་ཟེ་རྒན་སྩོགས་ཀྱི། །གཏམ་ནི་ཡིད་ལ་དགའ་བ་ཉན། །ནད་ལས་ཐར་བའི་རེ་བཅས་པས། །རྨ་ནི་མྱུར་དུ་འཚོ་
བར་འགྱུར། །ཉིན་གསུམ་ལོན་ཚེ་རྨ་ཡི་ཚས། །སླར་ཡང་བཀྲུས་སོགས་ལས་རྣམས་ནི། །སྔ་མ་བཞིན་བྱ་དེ་བཞིན་དུ། །ཉིན་ཞག་གཉིས་པར་མི་བྱའོ། །ཚབས་ཆེར་ན་ཞིང་མི་འབྱར་ལ། །རྨ་ནི་ཡུན་རིང་ཞིག་ན་འཚོ། །རྨ་ཚངས་སམ་ནི་ལྡེ་གུས་གླན། །སྣུམ་ཆེས་རྩུབ་
ཆེས་དམ་པ་དང་། །ལྷོད་དྲགས་གཞག་ཉེས་མི་བྱ་སྟེ། །སྣུམ་ཆེས་རྨ་ནི་རིད་པར་འགྱུར། །རྩུབ་ཆེས་ཤ་འཆད་ཤིན་ཏུ་ན། །གས་ཤིང་ཁྲག་ནི་འབྱུང་བར་འགྱུར། །དམ་དང་ཀློད་དྲགས་གཞག་ཉེས་པས། །རྨ་ཡི་ཁ་ནི་འདྲུད་པར་འགྱུར། །རྨ་ནི་རྣག་བཅས་སྐྲངས་ཤིང་
མཐོ། །རྒྱུ་བཅས་རྣག་ཕུགས་འཆས་པ་དག །རྨ་ཚངས་འཇམ་པོ་ནང་གནས་པས། །རྨ་ཡི་སྐྱོན་ནི་དག་པར་བྱེད། །སྐྲངས་པ་ཧ་ཅང་མ་སྨིན་བརྟོལ། །སྨིན་ཞིང་རྣགས་པར་འགྱུར་བ་སྤྱད། །ཕན་པའི་སྨན་དང་ཟས་སྦྱིན་དཀྲི། །ཤིན་ཏུ་རྨར་མི་གནོད་པས་གསོ། །
སྣད་པའི་རྨ་ནི་གསར་དུ་བྱུང་། །རལ་ཞིང་ཁ་བྱེ་འཕྲལ་དུ་བཙེམ། །རྨེན་བུ་ཆེན་པོ་བཀས་པ་དང་། །རྣ་ཤལ་བུ་ག་ཆད་པའང་བཙེམ། །མགོ་དང་མིག་ཕུགས་སྣ་དང་མཆུ། །མཁུར་ཚོས་རྣ་པ་དཔུང་པ་བརླ། །མགུལ་པ་ཕྲག་པ་རླིག་པ་དཔྱི། །ཕོ་མཚན་གཞང་དང་ལྟོ་བ་
སྩོགས། །ཕུགས་རིང་བ་ཡི་གནས་རྣམས་དང་། །ཤ་ཆེ་མི་འགུལ་མ་ཡིན་དང་། །ཆུ་སོ་མཆན་ཁུང་ལ་སྩོགས་དང་། །ཤ་ཆུང་མགུལ་པའི་རྨ་དག་དང་། །དབུགས་དབྱུང་ཟུག་རྔུ་ཡོད་པ་དང་། །ཐལ་སྨན་དུག་མེས་ཚིག་མི་བཙེམ། །བཙེམ་པ་རུས་དུམ་ཁྲག་སྐམ་
Vol. 198 · folio 103b
དང་། །རྩ་དང་སྤུ་རྣམས་བསལ་ནས་ནི། །ཤ་ཆད་དུམ་བུ་འཕྱང་བ་དང་། །རང་གི་གནས་སུ་གླན་པ་དང་། །རུས་ཚིགས་བཅུག་ཅིང་ཁྲག་གཟགས་ལ། །སྐུད་པ་ཤིང་ཤུན་རྒྱུས་པས་བཙེམ། །སྲུབས་ནི་ཉེ་བའམ་རིང་མི་བྱ། །བླང་བ་ཆེ་བའམ་ཆུང་མི་བྱ། །དེ་ནས་སྤྲོ་
བསྲིང་བྱས་ནས་མཐར། །རྨ་ནི་སྦྲང་རྩི་མར་སྦྱར་དང་། །སྐྱེར་པ་ཟར་མའི་དུད་པ་དང་། །འབྲས་བུ་གསུམ་དང་ས་ལ་ཀི། །སེང་ཕྲོམ་མངར་དང་སྣུམ་བཅས་པས། །བསྐུས་ལ་བཅིང་སྩོགས་སྔོན་བཞིན་བྱ། །རྨ་ཁ་ཁྲག་ནི་མེད་འགྱུར་གང་། །དེ་ནི་ཅུང་ཟད་འབྲུད་བྱ་སྟེ། །རྨ་
འབྱོར་བྱེད་པ་ཁྲག་ཡིན་པས། །ཕྱུང་སྟེ་ལེགས་པར་དྲུབ་པར་བྱ། །དེ་ལ་བཅིངས་པ་ཡུལ་ལ་སྩོགས། །བརྟགས་ནས་ངེས་པར་སྦྱར་བར་བྱ། །བལ་གོས་པགས་པ་དར་གསུམ་དྲོ། །ཟར་མའི་རས་ནི་བསིལ་བ་ཡིན། །དྲོ་གྲང་རན་པ་ཤིང་བལ་འདབ། །རས་བལ་རྒྱུས་པ་ཤིང་
ཤུན་ཡིན། །ཟངས་ལྕགས་ཞ་ཉེ་རོ་ཉེ་ཡིས། །བད་ཀན་ཚིལ་ཆེས་རྨ་ལ་གླན། །ཆག་ཐུར་ཤིང་བྱང་པགས་པ་དང་། །ཤིང་ཤུན་སྨྱིག་ཚལ་སྩོགས་པས་བཅིངས། །དབྱིབས་ནི་རང་མིན་རྗེས་མཐུན་པའི། །བཅིང་བ་བཅོ་ལྔ་རྣམ་བྱ་སྟེ། །ཤུབས་དང་བཀྲ་ཤིས་ལྷོད་པར་
བཅིང་། །མཐར་ཆགས་བཅིང་དང་ཟླུམ་པོར་བཅིང་། །མདའ་ལྕགས་ཁྲི་དང་དམ་བཅིང་དང་། །སྒྱེའུ་བླ་རེ་ལྐོག་ཤལ་དང་། །འུར་མཐིལ་ཟུང་གླན་ཟླུམ་པ་དང་། །ཡན་ལག་ལྔ་པ་ཞེས་བྱ་སྦྱར། །དེ་ལས་གང་ཞིག་གང་ལེགས་སྦྱོར། །དེ་ནི་དེ་རུ་ལེགས་པར་སྦྱར། །
བརླ་དང་མཇུག་ཙོས་མཆན་ཁུང་དང་། །ཆུ་སོ་སྤྱི་བོར་དམ་དུ་བཅིང་། །ལག་ངར་གདོང་དང་རྣ་བ་དང་། །རྒྱབ་དང་རྩིབ་ལོགས་མགུལ་པ་ལྟོ། །ཕོ་མཚན་རླིག་པ་རན་པར་བཅིང་། །མིག་དང་ཚིགས་སུ་ལྷོད་པར་བཅིང་། །ལྷོད་བཅིངས་རྨ་ནི་བད་ཀན་དང་། །རླུང་ཤས་ཆེ་
ལ་རན་པར་བཅིང་། །རན་ཞིང་གནས་སུ་དམ་དུ་བཅིང་། །དམ་ཞིང་ཤིན་ཏུ་དམ་དུ་བཅིང་། །དགུན་དང་དེ་བཞིན་དཔྱིད་ཀྱི་ཚེ། །ཞག་ནི་གསུམ་གསུམ་དག་ནས་དགྲོལ། །ཁྲག་མཁྲིས་ཤས་ཆེའི་རྨ་དག་ནི། །དམ་བཅིང་གནས་སུ་རན་པར་བཅིང་། །རན་བཅིང་
Vol. 198 · folio 104a
གནས་སུ་ལྷོད་པར་བཅིང་། །ལྷོད་བཅིང་གནས་སུ་བཅིང་མི་བྱ། །དེ་གཉིས་སོ་ག་སྟོན་གྱི་ཚེ། །སྔ་དྲོ་ཕྱི་དྲོ་དགྲོལ་བར་བྱ། །མ་བཅིངས་ཤ་སྦྲང་སྦྲང་བུ་དང་། །ལྷགས་པ་སེར་བུ་སྩོགས་པས་གནོད། །རྨ་རེད་འགྱུར་ཞིང་དེར་སྣུམ་དང་། །སྨན་ནི་
ཡུན་རིང་གནས་མི་འགྱུར། །སྦྱང་བའམ་འཚོ་བར་དཀའ་བ་དང་། །འཚོབ་ཀྱང་མདོག་ནི་མི་སྡུག་འགྱུར། །བཅིངས་ན་ཆག་བཅིང་ཕྱི་མར་འགྱུར། །འཕྲེས་སམ་འབུར་གྱུར་དྲལ་གྱུར་ཏམ། །རྩ་དང་རྒྱུས་པ་ཆད་གྱུར་ཀྱང་། །རྨ་ནི་མྱུར་དུ་བདེ་བར་འཚོ། །ལྡང་
དང་ཉལ་བ་ལ་སོགས་པའི། །སྤྱོད་ལམ་ཀུན་ལ་གནོད་པ་མེད། །རྨ་ཁ་སྐྱེས་མཐོ་མི་མཉམ་དང་། །སྲ་ཞིང་རབ་ན་འཚོ་བ་དཀའ། །འཇམ་ཞིང་མཉམ་ལ་ན་བ་མེད། །རྨ་ནི་མྱུར་དུ་དག་ཅིང་འཚོབ། །རྨ་ནི་ཡུན་རིང་ཤ་ཆུང་དང་། །རྩུབ་པས་འབྱོར་པར་མ་གྱུར་ན། །
ནད་གཞི་དུས་ཚིགས་ཇི་བཞིན་དུ། །སྨན་དང་ལོ་མས་དགབ་པར་བྱ། །མ་རྙིང་གཞོན་ཞིང་བུ་ག་མེད། །ཀུན་ནས་ལེགས་པར་ཁེབས་པ་དང་། །ཕྱིས་ཤིང་མི་རྩུབ་ལོ་མ་ནི། །འོ་མ་ཅན་ཤིང་སྟག་པ་དང་། །ཨརྫུ་ན་དང་ཀ་དམྦའི། །ལོ་མ་ཡིས་ནི་གཡོགས་པར་
བྱ། །མཛེ་དང་མེ་ཡིས་ཚིག་པ་དང་། །འབུས་ཟོས་གཅིན་ནད་སྦྲང་རྩི་འདྲ། །བྱི་བ་སྦྲུལ་གྱི་དུག་དང་ནི། །ཐལ་སྨན་རྣོ་དང་དུག་གིས་ཕོ། །རྨ་ནི་བཅིང་བར་མི་བྱ་ཞིང་། །ཤ་འདྲུལ་གཞང་ཁར་མི་བཟད་རྣགས། །འདྲུལ་ཞིང་ཚ་དང་ན་བཅས་པར། །སྐྲངས་སྐམས་
མེད་བལ་མི་བཅིང་ངོ་། །རྨ་གང་ལེགས་པར་མ་བསྲུངས་པར། །སྦྲང་མ་སྲིན་བུ་འཇུག་བྱེད་དེ། །དེ་ཡིས་ཟོས་པས་ན་བ་དང་། །སྐྲང་དང་རྣག་ཁྲག་འཛག་པར་བྱེད། །དེར་ནི་བཀྲུ་དང་དག་པར་ནི། །བྱེའུ་རུག་ལ་སོགས་སྡེ་ཚན་སྦྱར། །སཔྟ་པརྞི་ཀ་རཉྫ། །ཨརྐ་དང་
ནི་ནིམ་པ་དང་། །ར་ཚ་དང་ནི་ཤིང་ཚ་རྣམས། །བ་གཅིན་དང་ནི་བཏགས་པ་ཡི། །ལྡེ་གུ་དེ་ལ་བསྐུ་བ་དང་། །ཐལ་སྨན་ཆུ་ནི་བླུགས་པས་ཕན། །ཡང་ན་ཤ་རློན་གྱིས་གཡོགས་ལ། །དེ་ནི་མྱུར་དུ་དབྱུང་བར་བྱ། །འདི་ནི་ནང་ན་སྐྱོན་བཅས་པས། །མྱུར་དུ་
Vol. 198 · folio 104b
འཚོབ་བར་མི་བྱ་སྟེ། །དེ་ནི་གནོད་པའང་ཆུང་ངུས་ཀྱང་། །སླར་ཞིང་འགྲམས་པར་འགྱུར་བ་ཡིན། །འཚོབ་པར་གྱུར་ཀྱང་མ་ཞུ་དང་། །དྲག་ཤུལ་བུད་མེད་བསྟེན་སྩོགས་སྤང་། །ཟླ་བ་དྲུག་གམ་བདུན་གྱི་བར། །ཆོ་ག་འབད་པས་བསྲུང་བར་བྱ། །གནས་
སྐབས་དེ་དང་དེར་ནི་བྱུང་གྱུར་ཚེ། །ནད་གཞི་ལ་སྩོགས་སྟོབས་ཀྱིས་རྗེས་འབྲངས་ཏེ། །ཕྱི་མ་ནས་བཤད་རྒྱ་ཆེར་ལེགས་བརྟགས་ལ། །ཐབས་ནི་དེ་དང་དེ་ཡིས་འབད་དེ་གསོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་ཉི་ཤུ་རྩ་དགུ་པའོ།། །།
དེ་ནས་ཐལ་སྨན་རྣོན་པོ་དང་མེ་བཙའ་གདབ་པའི་ཆོ་གའི་ལེའུ་བཤད་པར་བྱའོ། །གཙགས་སྤྱད་ལྕགས་སྤྱད་རྗེས་འདྲ་བ། །མང་པོ་ཀུན་ལས་ཐལ་སྨན་མཆོག །དཀའ་བ་རྣམས་སུའང་བཅད་པའམ། །དབུག་པ་ལ་སྩོགས་བྱེད་པར་འགྱུར། །གཙགས་བུས་གདབ་པར་
དཀའ་བ་ལའང་། །དེ་ཡིས་བསྒྲུབ་པར་རུང་བ་དང་། །ཤིན་ཏུ་གསོ་དཀའི་ནད་རྣམས་ལ། །གང་ཞིག་བཏུང་དུའང་རུང་བ་ཡིན། །དེ་ནི་གཞང་འབྲུམ་མེ་དྲོད་ཉམས། །རྡེའུ་འགགས་སྦྱར་དུག་སྐྲན་སྩོགས་བཏུང་། །སྨེ་བ་ཤ་བཀྲ་སྣ་འཐོར་དང་། །ཕྱི་རོལ་གཞང་འབྲུམ་ཚོར་
མེད་མཛེ། །ཐོར་བུ་འབྲུམ་ཕྲན་མཚན་བར་རྡོལ། །རྨ་ལོག་སྩོགས་ལ་བྱུག་པར་བྱ། །ཁྲག་མཁྲིས་རླུང་ཅན་ནད་སྟོབས་ཆུང་། །རིམས་དང་ཚད་འཁྲུ་སྙིང་ཀླད་ནད། །སྐྱ་རྦབ་ཡི་ག་འཆུས་པ་དང་། །རབ་རིབ་ཅན་ལ་སློན་ཁྲུས་བཏང་། །ལུས་ཀུན་ཁྱབ་པའི་འོར་ནད་དང་། །
འཇིགས་དང་སྦྲུམ་མ་ཟླ་མཚན་འཛག །ཕོ་མཚན་མོ་མཚན་སྐྲངས་པ་དང་། །བྱིས་པ་རྒན་པོ་ཟས་མ་ཞུ། །རྩ་བོ་ཆེ་དང་རུས་ཚིགས་གནད། །རུས་པ་གཞོན་ནུ་ཆུ་བ་རྩ། །ལྟོ་བསྲུབས་མགུལ་པ་ལྟེ་བ་དང་། །ཤ་སྲབ་ཕྱོགས་དང་རླིག་པ་དང་། །ཕོ་མཚན་བུ་ག་སེན་མོ་
ཕྲག །མིག་མཆུ་མ་གཏོགས་མིག་ནད་རྣམས། །ཚ་གྲང་ཆར་དང་ཡུལ་རྨུས་ཚེ། །གཉི་གའང་གཏང་བར་མི་བྱའོ། །མུ་ཀ་ཀ་ནག་ཤ་མྱ་ཀ །ཆུ་ཤིང་པ་རི་བ་ཏྲ་ཀ །ཨ་ཤྭ་ཀ་རྞ་འཛམ་བུའི་ཤིང་། །པ་ལ་ཤ་དང་ཨ་པོ་ཏ། །ཨེནྡྲ་བྲྀཀྵ་ཨརྒ་དང་། །ནགྷ་མ་ལ་
Vol. 198 · folio 105a
མུཀྟི་ཀ །སྲིང་ཤིང་ཨ་པ་མརྒ་དང་། །ཀ་ཀ་ཛ་ཀ་ཙི་ཏྲ་ཀ། །ཨགྣི་མནྟ་ཏིལ་བཅའ་སྒ། །རློན་ཤིང་རྩ་བ་ལ་སྩོགས་བཅས། །དུམ་བུར་ཡོངས་སུ་གཏུབས་པ་དང་། །ཀོ་ཤ་ཏ་ཀ་རྣམ་བཞི་དང་། །ནས་ཀྱི་སོག་མ་གྲམ་རྣམས། །རླུང་མེད་གནས་སུ་
བསགས་ནས་དེ། །རྡོ་ལེབ་སྟེང་དུ་སོ་སོར་གཞག །མུ་ཀ་ཀ་ཡི་ཕུང་པོ་དང་། རྡོ་ཐལ་རྡོ་ནི་བཅུག་པར་བྱ། །དེ་ནས་ཏིལ་གྱི་སྡོང་བུས་བསྲེག །ཚིག་ནས་མེ་ནི་ཤི་བ་དང་། །རྡོ་ཐལ་ཐལ་བ་ལོགས་ཤིག་དབྱེ། །ཐལ་བ་གཞན་དག་བྲེ་གང་སྟེ། །མུ་ཀའི་
ཐལ་ལྷག་བླངས་ནས་ནི། །སོ་སོར་ཕྱེ་སྟེ་ཆུ་དང་གཅིན། །སྲང་སྟོང་དག་དང་བསྲེས་ནས་བཞུ། །ཚགས་ནི་བཟང་པོས་དེ་བཙགས་ལ། །ཇི་སྲིད་འབྱར་བག་དམར་ཞིང་དངས། །རྣོ་བར་གྱུར་པའི་བར་དུ་ནི། །ཐལ་བའི་དངས་མ་དེ་བླངས་ལ། །ལྕགས་སྣོད་བཟང་པོར་
བསྐོལ་ཞིང་དཀྲུགས། །དེ་ནས་འཚོད་པར་བྱེད་པ་དེར། །རྡོ་ཐལ་བསྲེགས་རྡོའི་དུམ་བུ་དང་། །ཉ་ཕྱིས་ཀྵི་ར་པ་ཀ་དང་། །དུང་གི་ལྟེ་བ་ལྕགས་སྣོད་གཞུག །མེ་མདོག་ཅན་དུ་ལན་མང་བྱ། །ཐལ་སྨན་ཆ་ནི་ཕུལ་གང་དང་། །མེ་བསད་དེ་ཉིད་དང་བཏགས་ལ། །ལྡེ་གུ་དེར་
ནི་གཞུག་པར་བྱ། །ཁྱིམ་བྱ་རྨ་བྱ་བྱ་རྒོད་དང་། །ཀངྐ་ཕུག་རོན་རྟུག་པ་དང་། །བྱ་དང་རྐང་བཞིའི་མཁྲིས་པ་དང་། །བ་བླ་ལྡོང་རོས་ལན་ཚྭ་རྣམས། །ཞིབ་བཏགས་བཅུག་བྱ་དེ་ནས་ནི། །གཟར་བུས་དེ་ཡང་ཀུན་ཏུ་དཀྲུགས། །གང་ཚེ་ལྦུ་བར་བཅས་པར་ཁོལ། །ཆུ་
བུར་སྦོམ་སྐ་ལྡེ་གུ་འདྲ། །དེ་ཚེ་ཕབ་ལ་གྲངས་པ་དང་། །ལྕགས་སྣོད་བཅུག་སྟེ་ནས་ནང་གཞུག །འདི་ནི་ཐལ་སྨན་འབྲིང་པོ་ཡིན། །འཇམ་པོ་མ་བཏགས་ཕར་བཅུག་ལ། །གསུར་ལ་སླར་ནི་གདོན་པར་བྱ། །རྣོན་པོར་སྔ་མ་བཞིན་བཅུག་ལ། །ལངྐ་ལིངྐ་དནྟི་དང་། །ཤུ་
དག་པོང་ང་ཙི་ཏྲ་ཀ ། སྭ་རྩི་ཀ་དང་ཁྲོན་བུ་དང་། །ཤིང་ཀུན་ཀ་རཉྫའི་ལོ་མ། །ཏ་ལའི་ལོ་མ་ཁ་རུ་ཚའི། །ཕྱེ་བཅུག་ཞག་བདུན་དེ་གཞག་བྱ། །རྣོན་པོ་དེ་ནི་རླུང་བད་ཀན། །ཚིལ་སྐྱེས་ཐོར་བུ་ཚོགས་ལ་བཏང་། །འདི་ཉིད་ནད་ཚབས་འབྲིང་ལ་འབྲིང་། །འཇམ་པོ་ཁྲག་
Vol. 198 · folio 105b
མཁྲིས་གཞང་འབྲུམ་ལའོ། །མཐུ་བསྐྱེད་ཕྱིར་ནི་འོ་མ་ཆུ། །ཐལ་སྨན་ཆུ་ནི་སླར་ཡང་གཞུག །ཤིན་ཏུ་རྣོ་མིན་འཇམ་དང་མཉེན། །འབྱར་བག་སྣ་རྣོ་དཀར་བ་དང་། །རྩེ་ཅན་བདེ་བར་འཇིལ་བ་དང་། །མི་འཛག་བྱུགས་ན་ནད་མི་ཆེ། །ཐལ་སྨན་ཡོན་ཏན་བཅུ་དང་ལྡན། །
གཙགས་བུ་མེ་བཙའི་ལས་ཀྱང་བྱེད། །དཀྲུགས་པས་གཞིབས་པ་ལྟ་བུ་དང་། །ལུས་ནི་བཙིར་བ་ལྟ་བུ་དང་། །ནད་ཀྱི་རྗེས་འགྲོ་སྙེགས་པས་ན། །རྩ་བ་ནས་ནི་འབྱིན་པར་བྱེད། །ལས་བྱས་ནད་དང་བྲལ་ནས་ཀྱང་། །རང་ཉིད་བར་ཞི་བར་འགྱུར། །ཐལ་སྨན་གྱིས་
ནི་གསོ་བའི་ནད། །མཚོན་བཅད་བྲུད་པའམ་གཏར་ག་བྱ། །ཐལ་སྨན་ཐུར་མ་གོས་ཀྱིས་ནི། །དཀྲིས་པ་བསྒོས་ཏེ་གླན་ནས་སུ། །གྲངས་བརྒྱའི་བར་དུ་བསྡད་ནས་ཕྱི། །དེ་ལ་གཞང་འབྲུམ་བསྐུས་གོས་ཀྱིས། །གཡོགས་ཏེ་ལག་པས་དགབ་པར་བྱ། །མིག་མཆུའི་
ནད་ལ་མིག་མཆུ་བཟློག །མིག་འབྲས་ནག་པོ་རས་བལ་གྱིས། །བཀབ་སྟེ་ལེགས་པར་བྱུག་པར་བྱ། །ཐལ་སྨན་པད་ལོ་ཙམ་སྲབ་བསྐུ། །སྣ་ཡི་བུ་གའི་ཐོར་བུ་ནི། །ཉི་མ་ལ་བལྟས་འདུག་པ་ལ། །སྣ་རྩེ་ལེགས་པར་བཏག་ནས་ནི། །གྲངས་ནི་ལྔ་བཅུའི་བར་དུ་
གཞག །རྣ་བའི་ཐོར་བུ་ལ་དེ་བཞིན། །ཐལ་སྨན་བསྐུས་པའི་འོག་ཏུ་ནི། །ཕྱིས་ལ་ལེགས་ཉེས་རྟོགས་བྱ་སྟེ། །ལེགས་ཚིག་མར་དང་སྦྲང་རྩི་བསྐུ། །འོ་མ་རང་སྐྱུར་ཞོ་ག་ཆུས། །དབལ་བསད་དེ་ནས་མར་བཅས་པའི། །མངར་དང་བསིལ་བས་བྱུག་པར་བྱ། །
བཟའ་བཏུང་བད་ཀན་བསྐྱེད་པ་དང་། །བསྲུལ་པའི་ཕྱིར་ནི་སྦྱིན་པར་བྱ། །གལ་ཏེ་རྩ་བ་བརྟན་གྱུར་པས། །ཐལ་སྨན་གྱིས་བསྲེགས་མི་འདྲུལ་ན། །འུ་སུ་སྐྱུར་སྙིགས་ཤིང་མངར་དང་། །ཏིལ་གྱི་ལྡེ་གུས་དེ་ཚེ་བསྐུ། །ཏིལ་གྱི་ལྡེ་གུ་ཤིང་མངར་བཅས། །མར་གྱིས་
བསྐུས་ན་རྨ་འཚོབ་བྱེད། །སྨིན་པ་འཛམ་བུ་ལྟར་ཀུན་གནག །ལེགས་ཚོས་དེ་ལས་གོ་བཟློག་པ། །དམར་ཞིང་ན་ལ་གཡའ་སྩོགས་བྱེད། །བསྲེགས་ཉེས་ཡིན་ཏེ་དེ་སླར་བསྲེག །བསྲེགས་དྲགས་ཁྲག་ནི་འཛག་པ་དང་། །བརྒྱལ་ཞིང་ཚ་དང་རིམས་སྩོགས་འགྱུར། །
Vol. 198 · folio 106a
གཞང་ཁར་བསྲེགས་དྲགས་ཁྱད་པར་དུ། །འགགས་པའམ་ཤས་ཆེར་འབྱུང་བར་འགྱུར། །ཁུ་བ་ཟད་པར་འགྱུར་བའམ། །གཞང་ཁ་འབྱུང་བས་འཆི་བར་འགྱུར། །སྣར་དྲགས་སྣ་ཡི་མཚུལ་བར་ནི། །ཉམས་པའམ་ཡང་ན་ཡོ་བའམ། །ཡུལ་
ནི་འཛིན་མི་ནུས་པར་འགྱུར། །རྣ་བ་སྩོགས་པའང་དེ་དང་འདྲ། །འདིར་ནི་མཆོག་ཏུ་སྐྱུར་བ་བླུགས། །ཤིང་མངར་མར་དང་ཏིལ་བཏགས་བྱུག །རླུང་དང་མཁྲིས་པ་སེལ་བ་དང་། །བསིལ་པའི་སྤྱོད་པ་ཐམས་ཅད་ཕན། །སྐྱུར་བའི་རེག་པ་བསིལ་བས་ན། །ཐལ་
སྨན་དེ་དང་འདྲེས་གྱུར་ན། །དེ་ཡིས་མྱུར་དུ་མངར་འགྱུར་བས། །སྐྱུར་བས་ཚ་བ་ཤིན་ཏུ་འཇིལ། །མེ་བཙའ་ཐལ་སྨན་ལས་མཆོག་སྟེ། །དེས་བསྲེགས་པས་ནི་སླར་མི་འབྱུང་། །སྨན་དང་ཐལ་སྨན་མཚོན་སྤྱད་ཀྱིས། །མ་གྲུབ་པར་ཡང་གྲུབ་བྱེད་ཡིན། །པགས་པ་ཤ་དང་
རྩ་རྒྱུས་དང་། །ཚིགས་དང་རུས་སྩོགས་དེ་ལ་གདབ། །སྨེ་བ་མཛེ་ནད་གླད་ནད་དང་། །མགོ་བོའི་གཞོགས་ཕྱེད་ན་སྩོགས་ལ། །པགས་བསྲེགས་རས་བལ་བ་ལང་སོ། །མེ་ཤེལ་མདའ་སྨྱུག་སྩོགས་མེ་གདབ། །གཞང་འབྲུམ་རྨེན་བུ་མཚན་བར་རྡོལ། །བུ་ག་རྨ་
ལོངས་ལ་སྩོགས་ལ། །ཤ་བསྲེག་སྤྲ་ཚིལ་མར་བསྲེགས་དང་། །བུ་རམ་འཛམ་བུའི་ཆུ་ཡིས་བསྲེག །པགས་པ་འཇར་དང་ཁྲག་མ་ཆོད། །ཐིག་ལེ་གནག་སྩོགས་པགས་ནད་ན། །དེ་དག་ཉིད་ཀྱི་རྩ་བསྲེག་གོ། །བསྲེག་མིན་ཐལ་སྨན་བཀག་པ་དང་། །ནང་ན་མཚོན་
ལུས་རྨ་ཆེན་འབྱུང་། །ཁྲག་ཟགས་པ་དང་ལྟོ་དྲལ་བའོ། །ལེགས་བསྲེག་མར་དང་སྦྲང་རྩིས་བསྐུ། །སྣུམ་དང་བསིལ་བས་བྱུག་པར་བྱ། །ལེགས་པའི་མཚན་མ་ཁྲག་མི་དབྱུང་། །སྒྲ་ཅན་ཆུ་བུར་ཕྲེའུ་འབྱུང་། །ཏ་ལའི་འབྲས་སྨིན་ཐི་བ་འདྲ། །ན་བ་ཆུང་ཞིང་འཚོབ་པ་
སླ། །བག་མེད་པས་བསྲེགས་ཐམས་ཅད་དང་། །བསྲེགས་ཉེས་བསྲེགས་ནི་དྲགས་པ་དང་། །མ་ཚོས་མཚན་ཉིད་དང་བཅས་བཞི། །མ་ཚོས་པགས་མདོག་མི་སྡུག་ཚ། །ཆུ་བུར་འབྱུང་བར་མི་འགྱུར་རོ། །བསྲེགས་ཉེས་ཆུ་བུར་ཆེ་རབ་ཚ། །བསྲེགས་དྲགས་པས་ནི་ཤ་
Vol. 198 · folio 106b
འཕྱང་དང་། །པགས་པ་འཁུམས་ཤིང་རབ་ཏུ་ཚ། །དུད་པ་འཁྱིམས་པ་ལྟ་བུ་དང་། །རྩ་སྩོགས་འཁུམས་ཤིང་སྐོམ་དང་བརྒྱལ། །རྨ་ཡི་གཏིང་ཟབ་འཆི་བར་འགྱུར། །མཚོས་པ་ནི་མེ་ཕྲད་ཅིང་། །ཚ་བའི་སྨན་ནི་གཏང་བར་བྱ། །ཁྲག་སྐ་ཤིན་ཏུ་ན་བར་འགྱུར།
ཟགས་པར་གྱུར་ན་ནད་ཚབས་ཆུང་། །བསྲེགས་ཉེས་བསིལ་དང་དྲོ་བའི་སྨན། །དང་པོར་བཏང་ན་དེ་འོག་བསིལ། །བསྲེགས་ལེགས་ན་ནི་ཅུ་གང་དང་། །པླག་ཤ་ཙནྡན་བཙག་ཡུག་སྣམ། །སླེ་ཏྲེས་བཅས་པ་མངར་བཅས་བསྐུ། །དེ་འོག་མཁྲིས་མེ་དབལ་
ལྟར་སྤྱད། །བསྲེགས་དྲགས་མཁྲིས་པ་མེ་དབལ་གྱི། །ཆོ་ག་ཐམས་ཅད་མྱུར་དུ་སྤྱད། །སྣུམ་གྱིས་ཤིན་ཏུ་བསྲེགས་དྲགས་པ། །དེར་ནི་རྩུབ་པའི་ཆོ་གའང་བྱ། །སྙིང་པོ་གསང་བ་ལྟ་བུ་ནི། །གནས་འདིར་རྫོགས་པར་བྱས་པ་ཡིན། །འདིར་དོན་ཕྲ་བ་མདོར་
བཤད་ཀྱི། །རྒྱ་ཆེར་ཀུན་ཏུ་བསྟན་པ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཀྱི་ལེའུ་སུམ་ཅུ་ཐམ་པའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །མདོའི་གནས་ཏེ་གནས་དང་པོ་རྫོགས་སོ།། །།དེ་ནས་ལུས་ཀྱི་
རུམ་དུ་ཞུགས་པའི་གནས་དང་པོ་བཤད་པར་བྱའོ། །དེ་ཡང་སྔོན་གྱི་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སྩོགས་པས་འདི་སྐད་བཤད་དོ། །ཁུ་ཁྲག་སྐྱོན་མེད་པར་སེམས་ཅན། །རང་ལས་ཉོན་མོངས་ཀྱིས་བསྐུལ་ནས། །ཚོགས་པས་མངལ་ཆགས་འགྱུར་ཏེ། །གཙུབ་
ཤིང་ལས་ནི་མེ་འབྱུང་མཚུངས། །ས་བོན་བདག་ཉིད་འབྱུང་བ་ཆེ། །ཕྲ་མོ་སེམས་ཀྱི་རྗེས་འགྲོ་དང་། །མ་ཡི་ཁ་ཟས་དངས་མ་ལས། །རིམ་གྱིས་མངལ་དུ་རྣམ་པར་འཕེལ། །ཇི་ལྟར་ཉི་མའི་ཟེར་གྱི་མེ། །མེ་ཤེལ་དང་ནི་ཕྲད་གྱུར་པའི། །ཤིང་ལ་འགྲོ་བར་མི་སྣང་སྟེ། །སེམས་
ཅན་མངལ་གནས་དེ་དང་འདྲ། །རྒྱུ་ཡི་རྗེས་སུ་འགྲོ་བས་ན། །འབྲས་བུ་དེ་དང་སྐལ་མཉམ་ཉིད། །སེམས་ཅན་སྐྱེ་གནས་སྣ་ཚོགས་འཛིན། །ཟངས་མ་ལ་སྩོགས་བཞུ་དང་མཚུངས། །དེ་བས་ཁུ་བ་མང་བ་ལས། །ཕལ་ཆེར་སྐྱེས་པར་སྐྱེ་འགྱུར་ལ། །ཟླ་མཚན་མང་བས་
Vol. 198 · folio 107a
བུད་མེད་དེ། །དེ་གཉིས་མཉམ་ལས་མ་ནིང་འགྱུར། །ཁུ་ཁྲག་རླུང་གིས་མང་དུ་ཕྱེ། །ཇི་ལྟ་བ་ལས་མཚེ་མར་འགྱུར། །སྐྱེ་གནས་མི་མཐུན་གཟུགས་མི་སྡུག །གནོད་པའི་དྲི་མས་སྐྱེ་བར་འགྱུར། །བུད་མེད་ཟླ་བ་རེ་རེའི་ཁྲག །དངས་མ་ལས་བྱུང་
ཞག་གསུམ་འཛག །ལོ་ནི་བཅུ་གཉིས་ཡན་ཆད་ནས། །ལྔ་བཅུའི་བར་འཛག་དེ་ནས་ཟད། །བུད་མེད་ལོ་ནི་བཅུ་དྲུག་ལོན། །སྐྱེས་པ་ཉི་ཤུ་ལོན་དང་འདུས། །མངལ་གནས་ལམ་དང་ཁུ་བ་ཁྲག །རླུང་དང་སེམས་ནི་དག་གྱུར་པའི། །པུ་ནི་སྟོབས་དང་ལྡན་པ་སྐྱེ། །དེ་
ལས་ལོ་ནི་མ་ཚང་བའི། །ནད་ཅན་ཚེ་ཐུང་སྐལ་ངན་པའི། །བུ་ཆགས་པའམ་ཆགས་མི་འགྱུར། །རླུང་སྩོགས་རུལ་དང་མདུད་པ་ཅན། །དྲི་མ་སྐྱོན་དང་ལྡན་བཤད་པའི། །ཁུ་ཁྲག་ས་བོན་བྱེད་མི་ནུས། །རང་གི་མཚན་མས་སྐྱོན་བྱུང་བཤད། །ཁྲག་གིས་རུལ་ཞིང་བད་
ཀན་དང་། །རླུང་གིས་མདུད་པ་ཅན་འདྲར་འགྱུར། །ཁྲག་དང་མཁྲིས་པས་རྣག་འདྲ་ལ། །རླུང་དང་མཁྲིས་པས་ཟད་པར་འགྱུར། །འདི་དག་གསོ་དཀའ་ཉེས་གསུམ་ལྡན། །བཤང་གཅི་འདྲ་བ་གསོར་མི་རུང་། །རླུང་ལ་སོགས་པས་གནོད་གྱུར་པ། །རང་གི་སྨན་གྱིས་
གསོ་བར་བྱ། །རུལ་ལ་ད་ཏ་ཀའི་མེ་ཏོག །སེང་ལྡེང་སེ་འབྲུ་ཨརྫུ་ན། །མར་དང་བསྐོལ་བ་བླུད་པའམ། །ཨ་ས་ན་སྩོགས་བསྐོལ་བ་བླུད། །ཁུ་ཁྲག་མདུད་འདྲ་པ་ལ་ཤའི། །ཐལ་བ་སྲུ་སྲུའི་རྩ་བས་ཕན། །རྣག་འདྲ་པ་རུ་ཤ་ཀ་དང་། །ནྱ་གྲོ་དྷ་སྩོགས་བསྐོལ་
བ་བླུད། །ཁུ་བ་ཟད་ལ་རོ་ཙའི་དཔྱད། །བཤང་འདྲ་སློན་ཁྲུས་ཤིང་ཀུན་དང་། །པུ་ཤེལ་ཙི་ཏྲ་ཀ་བསྐོལ་བླུད། །ཟླ་མཚན་མདུད་འདྲ་པ་ཐ་དང་། །ཚ་གསུམ་དུག་མོ་ཉུང་བསྐོལ་བླུད། །ཟླ་མཚན་རུལ་དང་རྣག་འདྲ་ལ། །ཙནྡན་བླུད་བྱ་ཕྱིས་བཤད་པའི། །གསང་བའི་
ནད་གསོར་བཤད་ཀུན་དང་། །འཇམ་རྩིར་བཅས་པ་གང་ཡིན་བྱ། །ཁུ་བ་དཀར་ཞིང་ལྕི་བ་དང་། །དམར་དང་བསྐ་དང་མང་བ་དང་། །མར་དང་སྦྲང་རྩི་ཏིལ་མར་འདྲ། །མངལ་དུ་ལེགས་ཆགས་ཟླ་མཚན་ཡང་། །རྒྱ་སྐྱེགས་ཁུ་བ་རི་བོང་ཁྲག །འདྲ་ཞིང་བཀྲུས་ན་དག་འགྱུར་
Vol. 198 · folio 107b
བཟང་། །ཁུ་ཁྲག་སྐྱོན་མེད་ནད་མེད་ཅིང་། །ཕན་ཚུན་དུ་ནི་ཆགས་པ་དང་། །རོ་ཙའི་སྣུམ་གྱིས་བརྟས་པ་དང་། །སྦྱང་བ་བྱས་ཤིང་འཇམ་རྩི་བཏང་། །མཆོག་ཏུ་སྐྱེས་པ་འོ་མ་མར། །མངར་བའི་སྨན་གྱིས་བརྟ་བར་བྱ། །བུད་མེད་ཏིལ་མར་ཤ་དག་ནི། །མཁྲིས་པ་
སྐྱེད་པ་ཉེ་བར་སྤྱད། །བུད་མེད་ཉམ་ཆུང་བཞིན་རས་དང་། །ནུ་མ་རྐེད་པ་འགུལ་བ་དང་། །མིག་དང་དཀུ་གཡོ་སྐྱེས་པ་འདོད། །ཟླ་མཚན་ལྡན་པར་ཤེས་པར་བྱ། །དཔེར་ན་ཉི་མ་ནུབ་པ་ན། །པདྨའི་ཁ་ནི་ཟུམ་པར་འགྱུར། །དེ་བཞིན་ཟླ་མཚན་དུས་འདས་པའི། །
མངལ་ནི་ཁུ་བ་ལེན་མི་འགྱུར། །ཟླ་བ་གཅིག་ཏུ་བསགས་པའི་ཁྲག །རྩ་ཆེན་གཉིས་ལས་དུས་སུ་ནི། །ཅུང་ཟད་གནག་ཅིང་དྲི་བྲལ་བ། །རླུང་གིས་མངལ་གྱི་སྒོ་རུ་འབྱིན། །དེ་ནས་ཟླ་མཚན་མཐོང་ཉིད་ནས། །ཞག་གསུམ་བར་དུ་སེམས་དགེ་བསམ། །རྒྱན་དང་
ཁྲུས་ནི་སྤང་བ་དང་། །ཀུ་ཤའི་སྟན་ལ་ཉལ་བར་བྱ། །ནས་ཐུག་འོ་མར་བཙོས་ཉུང་ཟད། །བླུད་ཅིང་ལྟོ་སྦྱང་ཉམས་སྨད་བྱ། །ལོ་མའམ་རྫ་སྐྱོགས་ལེགས་པར་ནི། །བཟའ་ཞིང་འཁྲིག་པ་སྤང་བར་བྱ། །དེ་ནས་ཞག་ནི་བཞི་པ་ལ། །ཁྲུས་བྱས་གོས་ཕྲེང་དཀར་ཞིང་
གཙང་། །ཕ་དང་འདྲ་བའི་བུ་འདོད་ཅིང་། །མདུན་དུ་ཁྱོ་ནི་བལྟ་བར་བྱ། །ཟླ་མཚན་ཞག་ནི་བཅུ་གཉིས་དུས། །དེ་ལས་དང་པོའི་ཞག་གསུམ་དང་། །བཅུ་གཅིག་པ་སྨད་ཚེས་ཟུང་ལ། །བུར་འགྱུར་གཞན་དུ་བུ་མོར་འགྱུར། །དེ་ནས་བུ་ཕྱིར་སློབ་དཔོན་གྱིས། །ཆོ་ག་ཆོ་
ག་བཞིན་བྱས་ལ། །དམངས་རིགས་ཕྱག་འཚལ་ལ་བརྩོན་པས། །སྔགས་ཀྱིས་བྱ་བ་མེད་པར་བྱ། །དེ་ལྟར་འདོད་སྤྱོད་དོན་ལྡན་ཞིང་། །ཡིད་ལ་འདོད་པའི་བུ་སྐྱེད་འགྱུར། །བུ་འདོད་བཟའ་བྲན་དབེན་པར་ནི། །འདོད་སྤྱད་བྱ་ཞེས་དམ་པ་སྨྲ། །གཞན་དུ་རིགས་
བཟང་ལས་ཀྱང་ནི། །བུ་ངན་རིགས་སྲེག་མེ་འདྲར་འགྱུར། །ཇི་ལྟ་བ་ཡི་བུ་འདོད་པ། །དེ་ཡི་ཚལ་དུ་དེ་ཡིས་སྤྱད། །ཡུལ་དེའི་སྐྱེ་བོའི་སྤྱོད་པ་དང་། །དེ་ཡི་ཡོ་བྱད་ལ་བསམ་བྱ། །ལས་མཐར་སྐྱེས་པས་ཞུན་མར་དང་། །འོ་མ་འབྲས་ཆན་བཅས་པ་བཟའ། །སྐར་
Vol. 198 · folio 108a
མཁན་ལུང་གིས་མལ་ཁྲིར་ནི། །སྐྱེས་པ་དང་པོ་རྐང་གཡས་ཀྱིས། །འཛེག་བྱ་བུད་མེད་གཡོན་གྱིས་འཛེག །དེ་ཡི་གཡས་ལོགས་ངག་ཏུ་ཉལ། །ཏིལ་མར་མོན་སྲན་གྲེའུ་སྦྱར་བཟའ། །དེར་ནི་སྔགས་ཀྱི་ཚིག་བརྗོད་བྱ། །ཨ་ཧི་ར་སི། །ཨ་
ཡུ་ར་སི། སརྦ་ཏཿཔྲ་ཏིཥྛ་སི་དྷ་ཏྭ་དྷ་ཏུ། །བི་དྷ་བ་ཏྭ། བ་དྷ་དུ། བྲཧྨ་བརྩ་ས་བྷ་བ་ཞེས་བྱའོ། །ཚངས་པ་ཕུར་བུ་ཁྱབ་འཇུག་དང་། །ཉི་ཟླ་ཐ་སྐར་བུ་གཉིས་དང་། །ལེགས་ལྡན་མཛའ་བོ་ཆུ་ལྷ་རྣམས། །བདག་ལ་དཔའ་བའི་བུ་སྩོལ་ཅིག །དེ་ནས་ཕན་ཚུན་སྤྲོ་
བསྐྱེད་དེ། །དགའ་དང་བཅས་པས་གནས་པར་བྱ། །བུད་མེད་དེར་སེམས་གན་རྐྱལ་གནས། །ཡན་ལག་ལེགས་པར་གནས་འདུག་བྱ། །དེ་ལྟར་ཉེས་པ་རང་གནས་འདུག །ས་བོན་ལེགས་པར་འཛིན་པར་འགྱུར། །འཕྲལ་དུ་མངལ་ཆགས་མཚན་མ་ནི། །མངལ་
དུ་ས་བོན་འཛིན་པ་དང་། །འདོད་ངོམས་ལྕི་དང་གཡོ་བ་དང་། ཁྲག་དང་ཁུ་བ་རྗེས་འདྲེས་དང་། །སྙིང་འཕར་བ་དང་སྙོམ་པ་དང་། །སྐོམ་དང་རྨྱ་དང་བ་སྤུ་ལྡང་། །ཟླ་བ་དང་པོ་མིག་གསལ་ཞག །བདུན་ནས་ནུར་ནུར་པོ་རུ་འགྱུར། །འདིར་ནི་མངལ་གྱི་བུ་སྐྱེས་
པ། །གསལ་བར་མ་གྱུར་གོང་དུ་བྱ། །སྐྱེས་བུ་བྱེད་པ་འདི་སྟོབས་ལྡན། །ལས་ཀྱང་ཟིལ་གྱིས་གནོན་པར་ནུས། །སྐར་མ་རྒྱལ་སྐྱེས་བུ་ཡི་གཟུགས། །གསེར་རམ་དངུལ་ལམ་ལྕགས་ལས་བྱས། །མེ་མདོག་འགྱུར་བསྲེགས་འོ་མར་བཅུག །དེ་ནི་སྙིམ་གང་བླུད་
པར་བྱ། །ཡང་ན་གོ་ར་དནྡ་དང་། །ཨ་པ་མརྒ་ཛི་བ་ཀ །ཟངས་རྩི་བ་དང་ཤེརྱ་ཀ །གཅིག་གམ་གཉིས་སམ་གསུམ་ཞིག་གམ། །ཐམས་ཅད་ཆུ་ལ་བཏབ་པ་ནི། །སྐར་མ་རྒྱལ་ལ་བབ་ཚེ་བླུད། །བྲི་ཧ་ཏི་ནི་དཀར་པོའི་རྩ། །འོ་མར་བཏབ་པ་རང་ཉིད་ཀྱིས། །
བུ་འདོད་སྣ་ཁུང་གཡས་པར་བླུགས། །བུ་མོ་འདོད་ན་གཡོན་པར་བླུགས། །ལག་སྨ་ནའི་རྩ་འོ་མར་སྦྱར། །བུ་སྐྱེད་གནས་པ་རབ་སྟེར་བྱེད། །དེ་བཞིན་ནྱ་གྲོའི་མྱུ་གུ་བརྒྱད། །སྦྱར་བ་སྣ་འམ་ཁ་ནས་བཏུང་། །འཚོ་བྱེད་ཀྱི་ནི་སྨན་སྡེ་རྣམས། །ཕྱི་དང་ནང་ནས་ཉེ་བར་
Vol. 198 · folio 108b
སྦྱར། །མངལ་འཛིན་ཡིད་འོང་ཕན་པ་ཡི། །ཁྱོ་དང་འཁོར་གྱིས་བསྙེན་བཀུར་བྱ། །མར་གསར་ཞུན་མར་འོ་མ་རྣམས། །རྟག་ཏུ་དེ་ལ་བླུད་པར་བྱ། །ཉལ་པོ་དྲགས་དང་རྩོལ་དྲགས་དང་། །ཁུར་དང་གོས་ནི་ལྕི་བ་དང་། །ཉིན་ཉལ་ནུབ་མོ་གཉིད་མི་ལོག །
སྟན་སྲབ་ཙོག་པུར་འདུག་པ་དང་། །མྱ་ངན་ཁྲོ་དང་འཇིགས་དང་སྐྱོ། །ཤུགས་དང་སྲེད་པ་དགག་པ་དང་། སྨྱུང་བ་ལམ་འགྲོ་རྣོ་དང་ཚ། །ལྕི་དང་བཤང་འགགས་ཟན་ཟ་དང་། །གོས་དམར་གྱོན་དང་གཡང་ས་དང་། །ཁྲོན་ལྟ་ཤ་ཟ་ཆང་འཐུངས་དང་། །གན་རྐྱལ་
ཉལ་དང་བུད་མེད་དང་། །མི་འདོད་གང་ཡིན་དེ་ཀུན་སྤང་། །དེ་བཞིན་གཏར་ག་གདབ་སློན་ཁྲུས། །མས་གཏོང་ཟླ་བརྒྱད་བར་མི་བྱ། །འདི་དག་གིས་ནི་མངལ་འཇིག་པའམ། །དཀུ་སྐམས་པའམ་འཆི་བར་འགྱུར། །རླུང་ནི་སྐྱེད་པར་བྱེད་པས་མངལ། །སྒུར་པོ་འོན་
ལོང་མི་ཐུང་འགྱུར། །མཁྲིས་པ་ཅན་གྱིས་སྤྱི་ཐེར་སེར། །བད་ཀན་ཤ་བཀྲ་སྐྱ་རྦབ་འགྱུར། །ནད་གཞན་འཇམ་ཞིང་བདེ་བ་དང་། །རྣོན་པོ་མ་ཡིན་སྨན་གྱིས་གསོ། །ནུར་ནུར་པོ་ལས་ཟླ་གཉིས་བར། །གོར་གོར་མེར་མེར་ནར་ནར་པོ། །དེ་ལས་ཕོ་མོ་མ་ནིང་
རིམ། །དེ་ནས་གསལ་འགྱུར་མཚན་མ་ནི། །རིད་ཅིང་དཀུ་ནི་ལྕི་བ་དང་། །བརྒྱལ་སྐྱུགས་ཡི་ག་འཆུས་པ་དང་། །གླལ་དང་མཆིལ་མང་སྙོམ་བག་དང་། །སྤུ་ཡི་ཕྲེང་བ་གསལ་བ་དང་། །སྐྱུར་ལ་དགའ་ཞིང་ནུ་མ་རྒྱས། །ནུ་ཞོར་བཅས་ཤིང་རྩེ་མོ་གནག །
རྐང་པ་སྐྲངས་ཤིང་ཁ་ཟས་ཚ། །སྲེད་པ་སྣ་ཚོགས་ཉིད་དུ་འགྱུར། །འདི་ཡི་སྙིང་ནི་མ་ལས་སྐྱེས། །མ་ཡི་སྙིང་ཡང་དེ་དང་ནི། །འབྲེལ་པས་དེ་ཕྱིར་སྦྲུམ་མ་ནི། །སྲེད་པ་དགག་པར་མི་བྱའོ། །དེ་ལ་གནོད་པར་འགྱུར་བའང་། །ཕན་དང་བསྲེས་ཏེ་ཅུང་ཟད་སྦྱིན། །སྲེད་
པ་བཀག་ན་མངལ་གྱི་བུ། །མི་སྡུག་པའམ་འཇིག་པར་འགྱུར། །ཟླ་བ་གསུམ་པར་དེ་ཡི་ལུས། །མགོ་བོ་དཔྱི་གཉིས་དཔུང་པ་གཉིས། །ཡན་ལག་ལྔ་ནི་གསལ་དོད་འགྱུར། །ཡན་ལག་ཕྲ་མོ་རྣམས་ཀྱང་འབྱུང་། །མགོ་བོ་སོགས་དང་ཆ་མཉམ་དུ། །བདེ་དང་
Vol. 198 · folio 109a
སྡུག་བསྔལ་ཤེས་པ་འབྱུང་། །མངལ་གནས་ལྟེ་བ་མ་ཡི་ནི། །སྙིང་གི་རྩ་དང་འབྲེལ་པའི་ཕྱིར། །དེ་ཡིས་དེ་ནི་འཕེལ་འགྱུར་ཏེ། །ཞིང་གི་ཡུར་བ་དག་དང་མཚུངས། །བཞི་པར་ཡན་ལག་གསལ་དོད་འགྱུར། །ལྔ་པར་སེམས་ནི་གསལ་བར་
འགྱུར། །དྲུག་པར་ཆུ་བ་རྩ་དང་སྤུ། །སེན་མོ་པགས་པ་མདོག་སྟོབས་འགྱུར། །བདུན་པར་དངོས་པོ་ཐམས་ཅད་ཀྱིས། །ཡན་ལག་ཀུན་ནི་རྫོགས་པར་འགྱུར། །མངལ་གནས་ནད་ཀྱིས་ཉེར་གཟིར་ན། །དེ་ཚེ་སྙིང་དང་འབྲེལ་པའི་ཕྱིར། །གཡའ་དང་ཚ་བར་བྱེད་
པ་དང་། །པགས་གས་རྨ་ཕྲན་འབྱུང་བར་འགྱུར། །དེར་ནི་མར་སར་རྒྱ་ཤུག་ཆུ། །མངར་བའི་སྨན་སྡེ་བསྐོལ་བ་ཕན། །ལན་ཚྭ་ཉུང་ཞིང་སྣུམ་བག་ཅན། །ཡང་ཞིང་མངར་བའི་ཁ་ཟས་བཟའ། །ཙནྡན་པུ་ཤེལ་རྩིའི་ལྡེ་གུས། །བྲང་དང་ནུ་མ་ལྟོ་ལ་བསྐུ། །འབྲས་
བུ་གསུམ་པའམ་ཨེ་ནེ་ཡ། །ཤ་བཀྲ་རི་བོང་ཁྲག་སྦྱར་བསྐུ། །ཀ་ར་བཱི་རའི་ལོ་མ་དང་། །ཏིལ་མར་བསྐོལ་བས་བསྐུས་ཏེ་མཉེ། །པ་ཏོ་ལ་དང་ནིམ་པ་བཙོད། །བྱེའུ་རུག་གིས་ཀྱང་བསྐུ་བར་བྱ། །སྐྱེར་པ་ཤིང་མངར་ཆུ་ཡིས་ནི། །བཀྲུ་དང་བསྐུ་བ་བསྟེན་པར་བྱ། །
ཟླ་བ་བརྒྱད་པར་མ་དང་བུ། །ཐང་རེ་རིམ་གྱིས་གཟི་མདངས་འཕོ། །དེ་ཡིས་དེ་གཉིས་ཞུམ་དགར་འགྱུར། །བྱིས་མདངས་མ་ལ་མི་གནས་པས། །དེ་ཚེ་བཙས་ན་མི་འཚོ་ལ། །བུད་མེད་ཐེ་ཚོམ་བཅས་སྐབས་འགྱུར། །འདིར་ནིའོ་མ་ཅན་བླུད་ཅིང་། །མངར་བའི་
སྨན་དང་བསྐོལ་བ་ཡི། །མར་གྱི་འཇམ་རྩི་གཏང་བྱ་ཞིང་། །ཕྱིས་རྙིང་པ་དག་བྱ་བའི་ཕྱིར། །ལ་ཕུག་སྐམ་དང་རྒྱ་ཤུག་སྐྱུར། །བསྐ་བ་དང་ནི་བསྐོལ་བ་བསྔགས། །ཤ་ཏ་པུཏྤའི་ལྡེ་གུ་ནི། །རྒྱམ་ཚ་ཏིལ་མར་འཇམ་རྩི་གཏང་། །དེ་ཚེ་ཞག་གཅིག་འདས་པ་
ནའང་། །དུས་སུ་བཙས་ཡིན་དེ་ཕན་ཆད། །རླུང་གིས་དཀུར་ནི་བཀག་གྱུར་ན། །ལོ་ཡི་བར་དུ་གནོད་པ་སྐྱེད། །ཟླ་དགུ་ལོན་ན་སྣུམ་བཅས་པའི། །འབྲས་ཆན་ཤ་ཁུ་བླུད་པ་བསྔགས། །སྣུམ་མང་ནས་ཐུག་སྦྱིན་པའམ། །སྔར་བཤད་པ་ཡི་འཇམ་རྩི་གཏང་། །དེ་
Vol. 198 · folio 109b
ཉིད་ལ་བཅུག་རས་བལ་ནི། །མཚན་མར་རྟག་ཏུ་གཞུག་པར་བྱ། །རླུང་འཇོམས་ལོ་མ་བསྐོལ་བའི་ཆུ། །བསྒྲངས་པས་ཉིན་རེ་བཀྲུས་པ་ཕན། །ཟླ་དགུ་ཕན་ཆད་ལུས་ལ་ནི། །སྣུམ་མེད་པར་ནི་མི་གཞག་གོ། །ནུ་ཞོ་གཡས་པ་སྔར་བྱུང་ཞིང་། །གཡས་ལོགས་ལ་
ནི་བརྟེན་པ་དང་། །འདྲི་ཚིག་སྐྱེས་པའི་མིང་ཅན་སྨྲ། །དགའ་ཞིང་རྨི་ལམ་སྐྱེས་པ་མཐོང་། །དཀུ་ནི་གཡས་པ་མཐོ་བ་དང་། །མངལ་ཡང་ཀུན་ནས་ཟླུམ་པ་དག། །བུ་སྐྱེ་གཞན་དུ་བུ་མོར་འགྱུར། །གང་ཡང་སྐྱེས་པ་ཕྲད་འདོད་དང་། །གླུ་གར་རོལ་མོ་ལ་དགའ་དང་། །
དྲི་དང་ཕྲེང་ཆགས་བུ་མོར་སྐྱེ། །དེ་འདྲེས་པས་ནི་མ་ནིང་འགྱུར། །དཀུ་ཡི་དབུས་ནི་མཐོ་བ་ཡིན། །མཚེ་མ་ལོགས་གཉིས་མཐོ་བས་ན། །ལྟེ་བ་དམའ་བར་འདུག་པ་ཡིན། །དགུ་པའི་དང་པོ་ནས་བརྩམས་ཏེ། །ས་ཕྱོགས་ཤིས་ཤིང་ཡོ་བྱད་ནི། །ཕུན་ཚོགས་ལྡན་
པར་དགེ་བའི་ཞག །དེ་ནི་བཙས་ཁྱིམ་ཞུགས་པར་བྱའོ། །དེར་ནི་བུད་མེད་བཙའ་མྱོང་བས། །བསྐོར་ཏེ་བཙའ་བའི་དུས་བར་བསྡད། །དེང་ངམ་སང་ནི་བུ་བཙས་རྟགས། །སྙོམ་ཞིང་དཀུ་དང་མིག་ལྷོད་དུབ། །སྨད་དུ་ལྕི་ཞིང་ཡི་ག་འཆུས། །མཆིལ་མ་མང་ཞིང་
གཅིན་མང་འབྱུང་། །བརླ་དང་རྐེད་པ་ལྟོ་དང་རྒྱབ། །སྙིང་དང་ཆུ་སོ་བརླ་རྩ་ན། །མཚན་བྱེ་ན་ཞིང་ཟུག་པ་དང་། །འགུལ་ཞིང་འཛག་པར་འགྱུར་བ་ཡིན། །རང་དབང་མེད་གྱུར་རྗེས་སུ་ནི། །དེ་འོག་མངལ་གྱི་ཆུ་འཛག་འགྱུར། །དེ་ནས་མངལ་ནས་ལས་བྱུང་རྩོམ། །
བཀྲ་ཤིས་བསྲུང་བའི་ཆོ་ག་བྱས། །ལག་པར་འབྲས་བུ་སྐྱེས་མིང་གཞག །ལེགས་བསྐུས་ཆུ་ནི་དྲོན་མོ་བླུགས། །མར་དང་བཅས་པའི་ཐུག་པ་བླུད། །དེ་འོག་ས་ལ་མལ་བཅས་འདུག། །བརླ་གཉིས་བཀུག་སྟེ་གན་རྐྱལ་གནས། །ཡན་ལག་ཡང་ནས་ཡང་དུ་བསྐུ། །
ལྟེ་བ་མན་ཆད་མཉེ་བྱ་ཞིང་། །གླལ་དང་འཆག་པ་བྱེད་དུ་གཞུག །དེ་ལྟས་མངལ་གནས་ཐུར་དུ་འབྱུང་། །དེ་རྟགས་སྙིང་ག་ལས་འཕོས་ནས། །མངལ་གནས་ལྟོ་བར་ཞུགས་ནས་ནི། །ཆུ་སོའི་སྟེང་ན་གནས་པར་འགྱུར། །དེ་ནས་དབང་མེད་ནད་ལྡང་སྟེ། །མྱུར་དུ་ཁྲི་ལ་
Vol. 198 · folio 110a
གཞག་པར་བྱ། །དེ་འོག་མངལ་གནས་ལེགས་བཙིར་ནས། །དེ་ཡི་མཚན་ནི་དབྱེ་བར་བྱ། །དང་པོར་དལ་གྱིས་བཙིར་བྱ་ཞིང་། །བཙའ་ཁར་དྲག་ཏུ་བཙིར་བར་བྱ། །དེ་ནས་བུ་སྐྱེའི་སྒྲ་དང་ནི། །ཆུ་དང་རླུང་གིས་དགའ་བ་སྐྱེད། །བཙའ་བའི་ནད་ཀྱིས་
གཟིར་བ་ཡི། །སྲེག་བྲལ་འདྲ་བ་སླར་གསོ་བྱ། །མངལ་དུ་ཐོགས་ན་སྦྲུལ་ནག་པོའི། །པགས་པས་མོ་མཚན་བདུག་པར་བྱ། །བྱ་རྞུའི་མེ་ཏོག་རྩ་བའམ། །ལྕམ་པའམ་ཡང་ན་བྱི་ཤ་ལྱ། །རྐང་པའམ་ལག་པར་གདགས་པར་བྱ། །ཤ་མ་དབྱུང་བའི་ཕྱིར་ཡང་ནི། །དེ་དག་
ཉིད་བྱ་དེ་ནས་བཏེག །དཔུང་པ་གཉིས་ནས་བཟུང་སྟེ་སྦྲུག །རྟིང་པས་མཇུག་ཏོ་རྡེག་པ་དང་། །རྐུབ་ཚོས་དམ་དུ་བཙིར་པར་བྱ། །སྐྲ་ཡིས་ལྐོག་མ་རྐན་རེག་བྱ། །སྣུ་ཧའི་འོ་མ་སྤྱི་པོར་བླུགས། །སྟག་པ་ཀུ་བ་ལངྐ་ལི། །སྦྲུལ་ལྤགས་རུ་རྟ་ཡུངས་ཀར་རྣམས། །རེ་
རེ་འམ་གཉིས་སམ་མ་ལུས་པས། །མོ་མཚན་བྱུག་པའམ་བདག་པར་བྱ། །རུ་རྟའམ་བལ་བུའི་ལྡེ་གུ་ནི། །ཆང་དངས་དང་ནི་བླུག་པར་བྱ། །ཀུ་ལངྠ་འམ་བལ་བ་ཛ། །ཆང་རྙིངས་དག་ལ་བཏབ་སྟེ་བླུད། །ཤུ་ཏི་ཉུངས་ཀར་ཟི་ར་དང་། །ཤི་ཀྲུ་ཏིག་སྣ་ཀྲུ་དྲུག་ཏྲེས། །ཤིང་
ཀུན་རུ་རྟ་པོ་སོན་ཆ། །འོ་མ་བ་གཅིན་ཡུངས་མར་དང་། །བསྐོལ་བ་བཤང་བའི་སྒོའམ་ནི། །མོ་མཚན་ནས་ནི་འཇམ་རྩི་བཏང་། །ཤུ་ཏི་ཤུ་དག་རུ་རྟ་དང་། །ཡུངས་ཀར་པི་པི་ལིང་ལྡེ་གུ། །སྣུམ་དང་ལན་ཚྭར་བཅས་པ་ཡི། །མས་གཏོང་ཤ་མ་མྱུར་དུ་འབྱིན། །དེར་
ཐོགས་རྒྱུ་ནི་རླུང་ཡིན་ཏེ། །དེ་བཅོམ་ཤ་མ་མྱུར་དུ་འབྱུང་། །ཡང་ན་ལག་བཀྲུས་སོར་མོ་བྲེགས། །མཁས་པ་ཡིས་ནི་དྲངས་ཏེ་དབྱུང་། །ཤ་མ་བྱུང་ན་མོ་མཚན་དང་། །ཡན་ལག་ཏིལ་མར་གྱིས་བྱུགས་མཉེ། །མངལ་ནད་གཟེར་ནི་ཆུ་སོ་མགོ །ལྟོ་བ་གཟེར་ལ་ཐལ་སྨན་
ནི། །རྣོན་པོ་ཞིབ་ཏུ་བཏགས་པ་དག །མར་རམ་ཆུ་ཚན་སྦྱར་བ་བླུད། །འུ་སུ་བསྐོལ་ཆུ་བུ་རམ་དང་། །ཚ་གསུམ་དྲི་བཟངས་གསུམ་བཏབ་བླུད། །དེ་ནས་བྱེས་པའི་ཉེར་སྤྱོད་ཀྱིས། །བྱིས་པ་མ་མས་སྐྱོང་དུ་གཞུག །བུ་བཙས་བཀྲེས་ཡོད་ཏིལ་མར་དང་། །མར་ལས་ཚད་
Vol. 198 · folio 110b
ཆེན་བླུད་བྱ་བ། །ཚ་བ་ལྔ་ཕྱེ་རན་བཏབ་སྦྱིན། །དེ་འོག་བུ་རམ་ཆུ་དྲོན་ནམ། །རླུང་འཇོམས་སྨན་བསྐོལ་ཆུ་བླུད་དེ། །དེས་ནི་རླུང་ནད་ལྡང་མི་འགྱུར། །ཁྲག་ངན་དག་ཀྱང་དག་པར་བྱེད། །རིམ་འདི་ཞག་ནི་གཉིས་གསུམ་བྱ། །སྣུམ་མི་འཕྲོད་ལ་ཆོ་ག་འདི། །སྣུམ་
མེད་པར་ནི་བསྟེན་པར་བྱ། །འཐུངས་ནས་ལྟོ་བ་ཏིལ་མར་དང་། །མར་བསྐུས་ནས་ནི་གོས་ཀྱིས་དཀྲི། །ཞུ་ནས་ཁྲུས་བྱས་ཐུག་པ་ནི། །སྔར་བཤད་སྨན་དང་བསྐོལ་བ་བླུད། །ཞག་གསུམ་ཕན་ཆད་བི་ད་རི། །ལ་སྩོགས་སྨན་སྡེའི་ཁུ་བར་བསྐོལ། །ནས་ཐུག་ཕན་
ཞིང་སྣུམ་མང་བའམ། །གོམས་པའི་དབང་ལས་འོ་ཐུག་བླུད། །ཞག་བདུན་ཕན་ཆད་དེ་ལ་ནི། །རིམ་གྱིས་བརྟ་བའི་ཆོ་ག་ཕན། །ཞག་ནི་བཅུ་གཉིས་མ་ལོན་པར། །ཤ་ནི་སྦྱིན་པར་མི་བྱའོ། །མངལ་དུ་འཕེལ་དང་བཙས་པའི་ནད། །གཤེར་དང་ཁྲག་འཛག་བཙིར་བ་
ཡིས། །ནད་དེ་གསོ་དཀའ་ཡིན་པའི་ཕྱིར། །བཙས་ཚེ་འབད་དེ་རིམ་གྲོ་བྱ། །དེ་ལྟར་ཟླ་བ་ཕྱེད་དང་གཉིས། །ཁ་ཟས་བསྡམས་སྩོགས་དང་བྲལ་ནས། །བཙས་པའི་མིང་དང་བྲལ་བའམ། །ཟླ་མཚན་བྱུང་བར་གྱུར་བར་དུའོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་
ལས། །ལུས་ཀྱི་གནས་ཀྱི་ལེའུ་དང་པོའོ།། །།དེ་ནས་ལུས་ཀྱི་རུམ་དུ་ཞུགས་པའི་ནད་ཀྱི་བྱེ་བྲག་བཤད་པར་བྱའོ། །སྦྲུམ་མས་སྤང་བར་བྱ་བ་དག །བསྟེན་པའམ་ནད་ཀྱི་དབང་ལས་ནི། །ཟླ་མཚན་བྱུང་བའམ་གཟེར་ཞིང་ན། །ཕྱི་ནང་སྣུམ་དང་བསིལ་ཐབས་བྱ།
ཨུཪྴི་པདྨ་ཙནྡན་དང་། །འོ་མ་ཅན་ཤིང་ཤུན་པ་ཡི། །ལྡེ་གུར་མར་ནི་བསྐུ་བ་དང་། །རས་བལ་སྦངས་པ་བཤང་སྒོ་དང་། །མོ་མཚན་གཉིས་སུ་ཐེམ་བུར་གཞུག། །ལན་བརྒྱར་བཀྲུས་པའི་མར་གྱིས་ནི། །བསྐུ་བའམ་བུད་མེད་དེ་ཡི་ལུས། །ཨུཪྴི་ར་སྩོགས་ཆུ་ནང་གཞུག།
ཁ་ར་སྦྲང་རྩི་ཀུ་མུ་ཏ། །པདྨ་ཨུཏྤལ་གེ་སར་ནི། །འོ་མའི་མར་སྦྱར་ཀ་ཤེ་རུ། །ཤྀངྒ་ཏ་ཀ་སྦྱིན་བར་བྱ། །གནྡྷ་པྲི་ཡང་ཀུ་དང་ནི། །ཆུ་སྐྱེས་རྣམས་ཀྱི་རྩ་བ་དང་། །ཨུ་དུ་མྦའ་ར་གཞོན་ནུ་དང་། །ལྡན་པའི་འོ་མ་སྐོམ་དུ་བླུད། །སཱ་ལུའི་རྩ་བ་ཀ་ཀོ་ལ། །བ་ལ་གཉིས་
Vol. 198 · folio 111a
དང་ཤིང་མངར་དང་། །བུ་རམ་ཤིང་དང་བསྐོལ་བ་ཡི། །འོ་མ་སཱ་ལུ་རྩ་སྣར་ཆན། །སྦྲང་རྩི་ཁ་རར་བཅས་པ་ནི། །སྐམ་སའི་ཤ་ཁུ་ལྡན་པར་བཟའ། །བཀྲུ་སྨན་མ་གཏོགས་ཁྲག་མཁྲིས་ཀྱི། །གསོ་དཔྱད་བཤད་པ་ཐམས་ཅད་བྱ། །
ཟླ་གསུམ་མ་ཚང་བར་དུ་ནི། །ཁྲག་དགག་ཕྱིར་ནི་འབད་པར་བྱ། །བེའུ་སྣབས་ལྡན་པའང་དགག་པར་བྱ། །དེར་ནི་བསིལ་པན་རྩུབ་པ་དང་། །སྨྱུང་དང་གླ་སྒང་ཨུཪྴིར། །སླེ་ཏྲེས་འུ་སུ་ཨ་རལ། །བྱི་ཚེར་དང་ནི་པརྦ་ཏ། །ཙནྡན་བ་ལ་བོང་ང་དཀར། །བསྐོལ་
བའི་ཆུ་ནི་བླུད་པར་བྱ། །རྩ་འབྲུ་ལས་གཡོས་ཟས་སྦྱིན་དང་། །མུངྒ་སོགས་ཁུས་བེའུ་སྣབས་ནི། །བསལ་ལ་སྣུམ་སྩོགས་སྔོན་བཞིན་གཏང་། །མངལ་ནི་རྣམ་པར་འཇིག་གྱུར་ན། །མངལ་ནང་དག་པར་བྱ་ཕྱིར་དང་། །ནད་ཀྱིས་གཟིར་བ་མི་དྲན་ཕྱིར། །ཆང་
རྣོ་ཅི་ནུས་བཏུང་བར་བྱ། །དེ་ནས་རྩ་བ་ལྔ་པོ་ནི། །ཆུང་ངུའི་ཐུག་པ་རྩུབ་དེ་བླུད། །ཆང་མི་འཐུངས་ལ་ཐུག་པ་ནི། །ཚ་བ་ལྔ་དང་བསྐོལ་བ་དང་། །བིལ་བ་ལ་སོགས་ལྔ་དང་བསྐོལ། །ཏིལ་དང་རྩ་འབྲུ་ཆན་སྦྱིན་བྱ། །ཟླ་བ་དང་མཉམ་ཉིན་ཞག་རིམ། །མངལ་
འཇིག་པ་ལ་ཐུག་སྩོགས་སྦྱིན། །ཡང་ཞིང་སྣུམ་དང་ལན་ཚྭ་མེད། །དྲོད་བསྐྱེད་ལྡན་ལ་ཕན་པ་ཡིན། །ནད་དང་ལུས་ཟུངས་ལྗན་ལྗིན་ནི། །སྐམ་ཕྱིར་ཆོ་ག་འདི་བྱའོ། །དེ་ཕན་ཆད་ཟས་སྣུམ་འཇམ་རྩི། །སྟོབས་སྐྱེད་དྲོད་སྐྱེད་འཚོ་བྱེད་སྦྱིན། །སྙིང་པོར་ལྡན་
པས་ཆེར་སྐྱེས་ལ། །མོ་མཚན་ནས་ནི་ཁྲག་འཛག་པས། །མངལ་དུ་སྐྱེ་བར་མི་ནུས་ལ། །ལྟོ་ན་འགུལ་དང་བཅས་པར་གནས། །དེ་ནི་སོ་ན་གནས་ཤེས་བྱ། །དེས་ནི་ལྟོ་བ་རྒྱས་མི་འགྱུར། །མྱ་ངན་སྨྱུང་དང་རྩུབ་སོགས་སམ། །ཡང་ན་མངལ་ནས་ཁྲག་འཛག་པས། །
མངལ་དུ་སྐྱེ་བར་མི་ནུས་ལ། །རླུང་འཁྲུག་སྐམ་ཞིང་བསྐམས་གྱུར་པའི། །མངལ་དེ་ཀླུ་ཡི་ལྟོ་ཞེས་བྱ། །འདིར་ནི་ལྟོ་བ་རྒྱས་གྱུར་ཡང་། །འགྲིབ་ཅིང་ཡུན་རིངས་ལོན་ན་འཕར། །དེ་གཉིས་བརྟ་དང་རླུང་འཇོམས་སྨན། །མངར་བ་དག་དང་བསྐོལ་བ་ཡི། །མར་
Vol. 198 · folio 111b
དང་འོ་མ་ཚིམ་སྦྱིན་ཞིང་། །སྐྱེས་མ་ཐག་པའི་ཤ་སྦྱིན་བྱ། །དེ་གཉིས་ཀྱིས་ནི་ཚིམ་བྱའི་ཕྱིར། །ཁྱོགས་དང་བཞོན་པར་བསྐྱོན་ཏེ་བསྐུལ། །སྔོན་པོ་ཞེས་བྱ་མི་འགུལ་ལ། །ཁྲ་དང་བ་ལང་ཉ་ཤ་དང་། །སྒྲ་སྒྲོགས་བྱ་དང་རྨ་བྱ་ཡི། །ཤ་ཁུ་མར་ནི་མང་པོ་དང་། །མོན་
སྲན་གྲེའུ་དག་དང་ནི། །ལ་ཕུག་དག་གི་ཁུ་བ་བླུད། །བིལ་བ་གཞོན་ནུ་མ་ཤ་ཏིལ། །ཕྱེ་དང་འོ་མ་སྦྱར་བ་བླུད། །ཚིལ་བཅས་ཤ་དང་སྦྲང་ཆང་སྦྱིན། །རྐེད་པ་བསྐུ་བ་བསྟེན་པར་བྱ། །དེ་ནི་རྟག་ཏུ་དགའ་བ་སྐྱེད། །དེ་འདྲས་མངལ་ནི་འཕེལ་བར་འགྱུར། །རྒྱས་
པ་གཞན་དུ་ལོ་ཚང་ནས། །དཀའ་བས་བཙས་པའམ་སྐྱེ་མི་འགྱུར། །སྦྲུམ་མ་རྟུག་པ་འགགས་གྱུར་ན། །སྣུམ་མམ་མཐུན་པའི་འཇམ་རྩི་ཡིས། །མྱུར་བ་ཁོ་ནར་གསོ་བར་བྱ། །གཞན་དུ་སྦྲུམ་མ་བུ་བཙས་འཆི། །མངལ་དུ་ནང་རབ་བསགས་པས་སམ། །
མི་མཐུན་པའམ་གནོད་གཞན་གྱིས། །ནང་དུ་ཤི་ན་ལྟོ་གྲང་ཞིང་། །རེངས་དང་སྦོ་དང་ནད་ཚབས་ཆེ། །མངལ་མི་འགུལ་དང་མགོ་འཁོར་སྐོམ། །དབུགས་འབྱིན་དཀའ་ཞིང་དུབ་པ་དང་། །དགའ་བ་མེད་ཅིང་མི་འགྱུར་དང་། །དབང་མེད་ནད་ནི་མང་པོ་འབྱུང་། །དེ་
ལ་ཆུ་དྲོན་བླུགས་པ་དང་། །བུ་རམ་སྤང་མ་ལན་ཚྭར་བཅས། །བཏགས་པས་མོ་མཚན་བསྐུ་བ་དང་། །ཤལ་མ་ལི་དང་ཟར་མ་ཡ། །ཁུ་བ་མར་དང་ལྡེ་གུར་བྱས། །ནང་དུ་ཡང་དང་ཡང་དུ་གཞུག། །སྔགས་དང་ཤ་མ་འབྱིན་སྦྱོར་བྱ། །གལ་ཏེ་བུ་ཤི་མ་བྱུང་ན། །
དེ་ནས་སྨན་པས་རྒྱལ་པོ་ལ། །ཞུ་ལ་དེ་འབད་མྱུར་དུ་དབྱུང་། །ཤལ་མ་ལི་ཡི་ཐང་ཆུ་མར། །བཅས་པས་ལག་པ་མོ་མཚན་བསྐུ། །ལག་པས་དབྱུང་ནུས་དེ་ཉིད་ཀྱི། །ལུས་ནི་ལེགས་པར་མི་གནས་ན། །གཅུས་ཤིང་བསྒྱུར་དང་བཟློག་པ་དང་། །བཙིར་དང་འདེགས་
གཞག་ལ་སྩོགས་ཀྱིས། །ལུགས་དང་མཐུན་པར་དྲངས་ནས་ནི། །མངལ་གྱི་སྒོར་ནི་དྲང་པོར་དྲང་། །གང་ཞིག་རྐང་ལག་མགོ་བོ་ནི། །ཡོན་པོར་མངལ་དུ་གནས་གྱུར་དང་། །རྐང་པ་གཅིག་ནི་མཚན་དུ་འབྱུང་། །གཉིས་པ་བཤང་སྒོར་ཆུད་ཡོན་པོ། །དེ་ནི་འགགས་པ་
Vol. 198 · folio 112a
ཞེས་བྱ་སྟེ། །མཚོན་གྱིས་བཅད་པར་འོས་པ་ཡིན། །ལས་དེར་དཀྱིལ་འཁོར་སོར་གདུབ་ཅན། །གཙགས་བུ་གཉིས་ནི་བསྔགས་པ་ཡིན། །འཕེལ་གཙགས་རྩེ་མོ་རྣོ་བས་ནི། །མངལ་དུ་གཏང་བར་མི་བྱའོ། །དང་པོར་མགོ་བོའི་ཐོད་པ་ནི། །ཕྱེ་ལ་རྣམ་པར་དབྱུང་
བར་བྱ། །དེ་ནས་མཆན་ཁུང་བྲང་ཀོས་ཀོ། །རྐན་གྱི་ཕྱོགས་ནི་གང་རུང་བར། །གཏང་དེ་མངལ་གྱི་ལྕགས་ཀྱུ་ནི། །བརྟན་པོ་དག་གིས་མཁས་པས་དྲང་། །མགོ་བོ་མ་ཕྱེ་མིག་སྦུབས་དང་། །མཁུར་ཚོས་ནས་ཀྱང་དྲང་བྱ་ཞིང་། །ཕྲག་པ་ཐོགས་ན་དཔུང་པར་བཅད། །ལྟོ་བ་རླུང་གིས་
སྦོས་གྱུར་པ། །ནང་གྲོལ་དབྲལ་ཏམ་རྒྱུ་མ་ནི། །ཕྱི་རོལ་དུ་ནི་བཏོན་ཏེ་དབྱུང་། །རྐེད་པར་ཐོགས་ན་དེ་བཞིན་དུ། །དེ་ཡི་རུས་ཚིགས་དབྱེ་བར་བྱ། །རླུང་གི་དབང་གིས་ཡན་ལག་གང་། །མངལ་དུ་ཐོགས་པ་དེ་དང་དེ། །དུམ་བུར་གཏུབས་ལ་ལེགས་ཕྱུང་སྟེ། །འབད་དེ་བུད་མེད་
བསྲུང་བར་བྱ། །རླུང་ནི་རྣམ་པར་འཁྲུགས་གྱུར་པས། །མངལ་གྱི་གནས་སྐབས་སྣ་ཚོགས་བྱེད། །དེ་ཕྱིར་དེ་ནི་མཁས་པ་ཡིས། །གནས་སྐབས་དག་ནི་བལྟས་ཏེ་སྤྱད། །མ་དང་ལྷན་ཅིག་འཆི་འགྱུར་བས། །གསོན་པོ་མངལ་དུ་གཅད་མི་བྱ། །འཆི་བར་འགྱུར་བ་དག་ལ་ནི། །
ཡུད་ཙམ་བཏང་སྙོམས་གཞག་མི་བྱ། །མོ་མཚན་འགགས་དང་ཉམས་པ་དང་། །གཟེར་ནད་དབུགས་ཀྱིས་ཉམ་ཐག་དང་། །སྒྲེགས་པ་མནམ་དང་ལུས་གྲང་བའི། །མངལ་དུ་བུ་ཤི་བུད་མེད་སྤང་། །དེ་ནས་ཤ་མ་ཐོན་ན། །སྨན་པས་སྔོན་བཞིན་དབྱུང་བར་བྱ། །དེ་ལྟར་ཟུག་
རྔུ་ཕྱུང་ནས་ནི། །ཆུ་དྲོན་གྱིས་ནི་བཀྲུ་བར་བྱ། །ལུས་ལ་སྣུམ་གྱིས་བྱུགས་པ་དང་། །མཚན་དུ་རས་བལ་སྣུམ་ཅན་གཞུག །དེས་ནི་མོ་མཚན་འཇམ་འགྱུར་ཞིང་། །དེ་ཡིས་གཟེར་བ་ཞི་བར་འགྱུར། །ལ་ལ་ཕུད་དང་བོང་བ་དཀར། །ར་སྣ་ཤིང་ཀུན་སུག་སྨེལ་དང་། །ཚ་བ་ལྔ་ཡི་ཕྱེ་མ་
སྣུམ། །སྦྱར་བའམ་ལྡེ་གུ་ཆུ་བསྐོལ་བླུད། །དེ་བཞིན་ནད་རྣམས་འཛག་པ་དང་། །ཚོར་བ་ཞི་ཕྱིར་ཞག་གསུམ་ནི། །པུ་ཙེ་ཤེལ་དང་བོང་ང་དཀར། །བ་ཤ་ཀ་ཡི་ཤུན་པ་དང་། །ཤིང་ཀུན་ཏེ་ཛོ་བ་ཏི་རྣམས། །བཏགས་པའི་ཕྱེ་མའམ་བསྐོལ་བ་བླུད། །དེ་ནས་ཞག་བདུན་བར་དུ་ནི། །
Vol. 198 · folio 112b
སྣུམ་ཉིད་ཉེ་བར་བཏུང་བར་བྱ། །དགོངས་ཀ་ཆང་ནི་རྙིང་པ་དང་། །དེ་བཞིན་ལེགས་སྦྱར་ཆང་བཏུང་བྱ། །ཤིཪྴ་ཀ་ཀུ་བར་བསྐོལ་སྦངས། །རས་བལ་མོ་མཚན་ནང་དུ་གཞུག །བླ་བརྣན་གཞན་དག་གང་བྱུང་བ། །དེ་ལ་རང་གིས་གསོ་བས་གསོ། །རླུང་འཇོམས་སྨན་ནི་འོ་མར་
བསྐོལ། །ཞག་བཅུའི་བར་དུ་བཟའ་བ་ཕན། །ཞག་བཅུའི་བར་དུ་ཤ་ཁུ་བཏུང་། །དེ་ཕན་ཆད་ནི་ཡང་ཞིང་ཕན་།། །ཉུང་ངུ་བཟའ་ཞིང་སྣུམ་བསྐུ་དུགས། །བ་ལའི་ཏིལ་མར་ལ་སོགས་བསྟེན། །ཟླ་བ་བཞི་ལོན་ཕན་ཆད་དེ། །དེ་ནི་རིམ་གྱིས་ཅི་བདེར་སྤྱད། །བ་ལེའི་རྩ་བའི་ཁུ་བ་
ནི། །ཆ་དྲུག་འོ་མ་དེ་མཉམ་དང་། །ནས་དང་རྒྱ་ཤུག་ཀུ་ལངྠ། །རྩ་བ་བཅུ་པའི་ཆ་གཅིག་དང་། །བསྐོལ་བའི་ཆ་ནི་ཆར་བྱས་པའི། །ཏིལ་མར་ཆ་ནི་བཅུ་བཞི་དང་། །མེད་གཉིས་དང་ཐང་ཤིང་བཅོད། །ར་མཉེ་བ་གཉིས་ཙནྡན་དང་། །ཐལ་ཏྲེས་རུ་རྟ་ཛི་བ་ཀ །རྒྱ་སྤོས་
རྒྱམ་ཚ་ཟངས་རྩི་བ། །གླ་སྒང་རྡོ་དྲེག་ཤུ་དག་དང་། །པུརྞ་རྣ་བ་ཨ་ཀ་རུ། །ཨ་ཤྭ་གནྡྷ་ཉེ་ཤིང་དང་། །ཀྵི་ར་ཀུ་ཤུ་ཤིང་མངར་དང་། །བ་ལ་རས་ཤུ་ཏི་དང་། །པ་རྞི་གཉིས་དང་སུག་སྨེལ་དང་། །ཤིང་ཚ་གནྡྷ་བྷར་དྲ་རྣམས། །ཞིབ་ཏུ་བཏགས་པའི་ལྡེ་གུ་དང་། །ཏིལ་མར་མེ་ཆུང་ལ་
བསྐོལ་བ། །རླུང་ནད་ཐམས་ཅད་སེལ་བའི་མཆོག །བུ་བཙས་བྱིས་པ་རུས་པ་གནད། །སྣད་དང་སྐེམ་ལ་བསྔགས་པ་ཡིན། །རིམས་སྐྲན་གདོན་དང་སྨྱོ་བྱེད་དང་། །གཅིན་ནད་རྒྱུ་མ་སྐྱེས་པ་སེལ། །ཐང་ལ་འབར་གྱིས་མངལ་གྱི་ནི། །ནད་རྣམས་སེལ་བའི་མཆོག་ཏུ་བཤད། །མ་ནི་
ཤི་ཚེ་ཆུ་སོར་ནི། །མངལ་གནས་གལ་ཏེ་དཀུར་འཕར་ན། །དེ་ནི་སྐྱེ་བའི་དུས་ཡིན་པས། །དབྲལ་ཏེ་བྱིས་པ་མྱུར་དུ་དབྱུང་། །ཤི་རི་ཀ་ཡི་ས་བོན་དང་། །པ་ཡ་སྱ་དང་ཐང་ཤིང་བཞི། །ཏིལ་ནག་སྲུ་སྲུའི་རྩ་བ་དང་། །བཙོད་དང་ཉེའུ་ཤིང་ཞེས་བྱ་བཞི། །བྲི་ཤ་དང་ནི་པ་ཡ་སྱ།
ཨུཏྤལ་ཐལ་ཏྲེས་པྲི་ཡང་ཀུ། །བྱི་ཚེར་ཐལ་ཏྲེས་ར་སྣ་དང་། །པདྨ་ཙ་རི་ཤིང་མངར་དང་། །བྲི་ཧ་ཏེ་གཉིས་ཏང་པལ་དང་། །འོ་ཤིང་མྱུ་གུ་ཤུན་པ་དམར། ཀྲྀཥྞ་པ་རྞི་བ་ལ་དང་། །ཤི་ཀྲུ་གཟེ་མ་སླེ་ཏྲེས་དང་། །ཤྲིང་ག་སྟ་རྒ་རྒུན་པད་རྩ། །ཤིང་མངར་ཁ་ར་ཀ་ཤེ་རུ། །ཚིགས་
Vol. 198 · folio 113a
བཅད་ཕྱེད་ཀྱིས་རྫོགས་བཤད་པའི། །བདུན་པ་འདི་དག་འོ་མར་སྦྱར། །ཟླ་བ་བདུན་ལ་རིམ་བཞིན་དུ། །མངལ་འཛག་པ་ལ་གཏང་བར་བྱ། །ཀ་བིད་ཏ་དང་བིལ་བ་དང་། །བྲི་ཧ་ཏི་དང་བུ་རམ་དང་། །ཀཎྜ་ཀ་རི་པ་ཏོ་ལའི། །རྩ་བ་བསྐོལ་བར་བྱས་པ་དང་། །དེ་
བཞིན་འོ་མ་ཤ་རྣམས་ནི། །ཟླ་བ་བརྒྱད་པའི་ཚེ་ནའང་བཏང་། །དགུ་པར་ཐལ་ཏྲེས་ཨེར་ཎ་དང་། །པ་ཡ་སྱ་མངར་གཏང་། །ཟླ་བ་བཅུ་པར་པ་ཡ་སྱ། །འོ་མ་དང་ནི་བསྐོལ་བ་བླུད། །ཡང་ན་ཤིང་མངར་དོང་གྲ་དང་། །ཐང་ཤིང་འོ་མར་སྦྱར་བ་སྦྱིན། །བུད་མེད་མངལ་དུ་རླུང་
གིས་ཁྲག་བསྒོངས་ཏེ། །གནས་པ་དེ་ནི་མངལ་ཆགས་ཆ་འདྲ་བས། །བུ་ཆགས་ཡིན་ཞེས་མི་མཁས་པ་དག་སྨྲ། །སྨན་ཁ་རྣོ་དྲོས་ཁྲག་ནི་འབའ་ཞིག་ཟགས། །བླུན་པོས་མངལ་གནས་འབྱུང་པོས་ཟོས་ཞེས་ཟེར། །མདངས་འཕྲོག་ཡིན་ཕྱིར་དེ་ལུས་མངོན་སུམ་དུ། །འཕྲོག་
པར་མི་སྣང་བ་འམ་འབྱུང་པོ་ནི། །གཞུང་འདོར་མ་ནི་བཏང་སྙོམས་འཇོག་མི་བྱེད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ལུས་ཀྱི་གནས་ཀྱི་ལེའུ་གཉིས་པའོ།། །།དེ་ནས་ལུས་ཀྱི་ཡན་ལག་གི་བྱེ་བྲག་བསྟན་པ་བཤད་པར་བྱའོ། །མདོར་ན་ཡན་ལག་རྣམ་དྲུག་
སྟེ། །མགོ་དང་ཁོག་པ་དཔུང་པ་གཉིས། །བརླ་གཉིས་ཡིན་ཏེ་དེའི་ཉིང་ལག། །མིག་སྙིང་ལག་པ་རྐང་པ་སྩོགས། །སྒྲ་དང་རེག་བྱ་གཟུགས་རོ་དྲི། །གོ་རིམས་བཞིན་དུ་ནམ་མཁའ་རླུང་། །མེ་ཆུ་ས་ཡི་ཡོན་ཏན་ཡིན། །ཡོན་ཏན་རེ་རེས་ཕྱི་མ་སྐྱེད། །དེ་ལ་མཁའ་ལས་ལུས་
བུ་ག། །རྣ་བ་སྒྲ་དང་ཁོང་སྟོང་ཉིད། །རླུང་ལས་རེག་པ་ལྤགས་དབུགས་འབྱིན། །མེ་ལས་མིག་དང་གཟུགས་འཇུ་ཉིད། །ཆུ་ལས་ལྕེ་དང་རོ་དང་གཤེར། །ས་ལས་སྣ་དྲི་རུས་པ་ཡིན། །འདིར་ནི་མ་ལས་སྐྱེས་འཇམ་ཁྲག། །ཤ་དང་རྐང་དང་གཞང་ཁ་སྩོགས། །ཕ་སྐྱེས་བརྟན་དང་ཁུ་
ཆུ་དང་། །རྩ་བོ་ཆེ་རུས་སྐྲ་སྩོགས་ཡིན། །སེམས་ལས་སེམས་བྱུང་དབང་པོ་རྣམས། །སྐྱེ་གནས་སྣ་ཚོགས་རྣམས་ཀྱང་འབྱུང་། །གོམས་པ་ལས་བྱུང་ནད་མེད་ཚེ། །ལེ་ལོ་མེད་སྟོབས་གཟི་མདངས་ཡིན། །དངས་མ་ལས་བྱུང་ལུས་སྐྱེད་དང་། །གནས་དང་འཕེལ་དང་མི་བརྐམ་ཉིད། །
Vol. 198 · folio 113b
སྙིང་སྟོབས་ཅན་གཙང་ཡོད་པར་ལྟ། །ཆོས་དཀར་ལ་དགའ་བློ་གྲོས་ལྡན། །རྡུལ་ཅན་མང་དུ་སྨྲ་བ་དང་། །ང་རྒྱལ་ཚུལ་འཆོས་ཁྲོ་ཕྲག་དོག །མུན་པ་འཇིགས་དང་མི་ཤེས་དང་། །གཉིད་དང་ལེ་ལོ་སྐྱོ་བའོ། །དེ་ལྟར་འབྱུང་བའི་རང་བཞིན་ལུས། །དེ་ལ་ཁྲག་སྐྱེས་ལྤགས་རིམ་བདུན། །
འོ་མ་ལས་ནི་སྤྲིས་མ་བཞིན། །སྨིན་པའི་ཚེ་ན་འབྱུང་བར་འགྱུར། །ལུས་ཟུངས་གནས་ནི་ནང་གཤེར་གྱི། །རང་གི་དྲོད་ཀྱིས་སྨིན་པས་ན། །བད་ཀན་རྒྱུས་པ་ཤམས་གཡོགས། །ཆར་བཤད་ཤིང་གི་སྙིང་པོ་འདྲ། །བདུན་པོ་དེ་དག་གནས་བདུན་ཏེ། །དང་པོར་ཁྲག་ཡིན་གཞན་རིམ་
བཞིན། །བད་ཀན་མ་ཞུ་མཁྲིས་ཞུ་བ། །རླུང་དང་གཅིན་གྱི་གནས་སུ་བཤད། །བུད་མེད་མངལ་གནས་བརྒྱད་པ་སྟེ། །མཁྲིས་པ་ཞུ་བའི་གནས་པར་གནས། །འདི་ལ་ནང་གྲོལ་ཡན་ལག་གནས། །སྙིང་གློ་མཆིན་མཁྲིས་མཆེར་མཁལ་མ། །ཕོ་བ་གྲོད་པ་རྒྱུ་མ་དང་། །གཉེ་
མ་ལོང་ཀ་ལྒང་པའོ། །སྲོག་གི་གནས་ནི་རྣམ་བཅུ་སྟེ། །མགོ་དང་ལྕེ་ཡི་རྩ་བ་དང་། །ལྐོག་མ་ཁྲག་དང་སྙིང་ལྟེ་བ། །ཆུ་སོ་ཁུ་ཆུ་དངས་དང་གཞང་། །ལུས་ལ་རྩ་དྲ་ཆུ་བ་ཆེ། །རེ་རེ་བཅུ་དྲུག་ཡོད་པར་བཤད། །པིར་འདྲ་དྲུག་དང་སྲུབས་འདྲ་བདུན། །ཕོ་མཚན་ལྕེ་དང་མགོ་ལ་
བརྟེན། །དེ་དག་གཙགས་བུས་གདབ་མི་རུང་། །ཤ་ཡི་ཐག་པ་རྣམ་པ་བཞི། །རུས་པའི་ཚོགས་འདུས་བཅུ་བཞི་ཡོད། །མཚམས་ནི་དགུ་ཕྲག་གཉིས་ཡོད་ལ། །སོ་དང་སེན་མོར་བཅས་པ་ཡི། །རུས་པ་སུམ་བརྒྱ་དྲུག་ཅུ་ཡིན། །ཐང་ལ་འབར་ནི་སུམ་བརྒྱར་འདོད། །ཚིགས་
ནི་ཉིས་བརྒྱ་རྩ་བཅུར་འདོད། །རྒྱུན་ཤེས་བུས་ནི་ཚིགས་ཀྱི་གྲངས། །ཉིས་སྟོང་དག་ནི་ཡོད་པར་འདོད། །རྒྱུས་པ་དགུ་བརྒྱ་སྐྱེས་པ་ལ། །ཤ་ནི་སྤར་ཚད་ལྔ་བརྒྱ་ཡོད། །བུད་མེད་ཀྱི་ནི་ནུ་མ་དང་། །མོ་མཚན་ལ་གནས་ཉི་ཤུ་ལྷག །རྩ་ཆེན་རྩ་བ་སྙིང་ལ་གནས། །དེ་དག་ཀུན་
གྱིས་ལུས་ཀུན་ཁྱབ། །དངས་མའི་བདག་ཉིད་མདངས་སུ་འགྱུར། །དེ་ནི་ཕྲ་བ་ཀུན་དང་འབྲེལ། །རྩ་བ་སྦོམ་ཞིང་རྩེ་རབ་ཕྲ། །ལོ་མའི་རྩ་ལྟར་གྱེས་པ་ཡིན། །གྱེས་པ་དེ་ལས་རྩ་ཕྲན་ནི། །བདུན་བརྒྱ་དག་ཏུ་གྱུར་པ་ཡིན། །དེ་ལ་ཡན་ལག་རེ་རེ་ཞིང་། །བརྒྱད་བརྒྱད་དེར་ནི་གནས་
Vol. 198 · folio 114a
པ་ཡིན། །དེ་ལ་དབུག་པར་མི་བྱ་བ། །རྩ་ཡི་དྲ་བ་འཛིན་ཞེས་བྱ། །ནང་ན་གནས་པ་གསུམ་པོ་ཡིན། །རྐེད་པར་བཅུ་དྲུག་ཕྲག་གཉིས་ཏེ། །དེ་ལས་བརླ་རྩར་གཉིས་གཉིས་དང་། །རྐེད་པའི་གནད་རྣམས་གཉིས་གཉིས་ཏེ། །དེ་བརྒྱད་གཙགས་བུས་
གདབ་མི་བྱ། །རྩིབ་ལོགས་གཉིས་ལ་རྩ་བཅུ་དྲུག །དེ་ལས་གྱེན་འགྲོ་ཞེས་བྱ་སྤང་། །རྒྱབ་ཏུ་རྩ་ནི་ཉི་ཤུ་བཞི། །སྒལ་ཚིགས་ཀྱི་ནི་ངོས་གཉིས་ན། །དེ་ལས་གཉིས་གཉིས་གྱེན་འགྲོ་བ། །མཚོན་གྱིས་གདབ་པར་མི་བྱའོ། །རྒྱབ་བཞིན་ལྟོ་ན་
གནས་རྩ་དེ། །ཕོ་མཚན་སྟེང་ན་གནས་པ་དང་། །སྦུ་ཡི་ཕྲེང་བའི་ངོས་གཉིས་རྩ། །གཉིས་གཉིས་མཚོན་གྱིས་མི་གདབ་བོ། །བྲང་ལ་གནས་པ་བཞི་བཅུ་ལས། །བཅུ་བཞི་དབུག་པར་མི་བྱ་སྟེ། །ནུ་མ་ཇིང་དེ་ཡི་རྩ་བ་དང་། །སྙིང་ག་དག་ནི་སོ་སོར་གཉིས། །གནོད་བྲལ་གནད་ནི་གཉིས་པོ་དང་། །མི་གསལ་
ཞེས་བྱ་གཉིས་ཀྱི་གཉིས། །མགྲིན་པ་ལྟག་པ་འདྲ་བ་ལས། །སྔོན་པོ་མཇིང་པ་ལྟག་པ་དང་། །འགལ་པ་དང་ནི་མ་མོ་བརྒྱད། །བཅུ་དྲུག་ཡོངས་སུ་སྤང་བར་བྱ། །འགྲམ་པ་བཅུ་དྲུག་དེ་ལས་གཉིས། །མཚམས་ནི་འབྲེལ་པར་བྱེད་པ་སྤང་། །ལྕེ་ཡང་འགྲམ་པ་དང་
འདྲ་སྟེ། །འོག་གི་རོ་ཚོར་བྱེད་གཉིས་དང་། །ཚིག་འབྱིན་བྱེད་པ་གཉིས་པོ་སྤང་། །སྣ་ཡི་རྩ་ནི་ཉི་ཤུ་བཞི། །དེ་ལས་དྲི་ཚོར་བྱེད་གཉིས་དང་། །རྐན་དུ་འགྲོ་བའི་རྩ་གཉིས་སྤང་། །མིག་གཉིས་ཀྱི་ནི་ལྔ་བཅུ་དྲུག། །འབྱེད་དང་འཛུམས་པའི་ལས་བྱེད་པ། །གཉིས་
གཉིས་དང་ནི་མིག་འགྲམ་གཉིས། །དྲུག་པོ་དེ་དག་སྤང་བར་བྱ། །མིག་དང་སྣར་གནས་འཕྲལ་བ་ལ། །བརྟེན་པའི་རྩ་ནི་དྲུག་ཅུ་ལས། །བཞག་པ་གཅིག་དང་གཙུག་གི་གཉིས། །སྐྲ་མཚམས་གནས་པའི་རྩ་བཞི་སྟེ། །བདུན་པོ་དེ་དག་མཚོན་གདབ་སྤང་། །རྣ་བར་
བཅུ་དྲུག་དེ་ལས་འདིར། །སྒྲ་ཐོས་བྱེད་པའི་རྩ་གཉིས་སྤང་། །དེ་ཉིད་ལས་ནི་མུར་འགྲམ་གྱི། །མཚམས་སུ་འགྲོ་བ་གཉིས་པོ་སྤང་། །སྤྱི་བོར་བཅུ་གཉིས་དེ་ལས་ནི། །གྱེན་འགྲོ་སྐྲ་མཚམས་བདག་པོ་ལས། །སོ་སོའི་རེ་རེ་སྤང་བར་བྱ། །དེ་ལྟར་ཡན་ལག་རེ་རེའི་རྩའི། །དབྱེ་བ་
Vol. 198 · folio 114b
དབུག་མིན་ཤེས་ཕྱིར་བཤད། །དེ་ལས་ལུས་ལ་དབུག་མི་རུང་། །མ་ལུས་དགུ་བཅུ་རྩ་བརྒྱད་ཡོད། །དོག་དང་རྩ་མདུད་ཤིན་ཏུ་ཕྲ། །ཡོ་དང་ཚིགས་ལ་གནས་མི་དབུག །རྩ་ནི་བདུན་བརྒྱ་དེ་རྣམས་ལས། །བཞི་ཆར་ཁྲག་ནི་སོ་སོར་རྒྱུ། །རླུང་དང་མཁྲིས་པ་བད་
ཀན་ཁྲག །ནད་མེད་ཁྲག་ནི་དེ་ལྟར་གནས། །དེ་ནི་ལུས་ལ་ཕན་འདོགས་ཏེ། །གཞན་དུ་གནོད་པ་སྐྱེད་པར་འགྱུར། །དེ་ལ་གནག་དང་དམར་དང་ཕྲ། །སྐད་ཅིག་རེ་རེ་གང་ཞིང་སྟོངས། །མགུལ་པ་རླུང་གི་ཁྲག་རྩ་ཡིན། །རེག་ན་ཚ་ཞིང་མྱུར་དུ་རྒྱུ། །མདོག་སྔོ་སེར་
པོར་འདུག་པ་ནི། །མཁྲིས་པའི་ཁྲག་རྩའི་མཚན་ཉིད་ཡིན། །དཀར་སྣུམ་བརྟན་གྲང་བད་ཀན་རྩ། །འདྲེས་པའི་མཚན་ཉིད་འདྲེན་མ་ཡིན། །མི་མངོན་མཉམ་གནས་སྣུམ་པ་དང་། །མདོག་དམར་ཁྲག་རྩ་ནད་མེད་ཡིན། །རྩ་བོ་ཆེ་ནི་ཉི་ཤུ་བཞི། །ལྟེ་བ་ལ་ནི་བརྟེན་པ་
ཡིན། །དེ་རྣམས་ཀྱིས་བསྐོར་ལྟེ་བ་ནི། །འཁོར་ལོའི་ལྟེ་བ་རྩིབས་བསྐོར་མཚུངས། །དེས་ནི་སྟེང་འོག་ཐད་ཀ་རུ། །ལུས་འདི་རྗེས་སུ་འཛིན་པ་ཡིན། །བུ་ག་སྣ་དང་རྣ་བ་གཉིས། །མིག་གཉིས་ཁ་རྐུབ་ཕོ་མཚན་གྱིའོ། །བུད་མེད་ནུ་མ་གཉིས་ཁྲག་སྒོ། །གསུམ་གྱིས་
ལྷག་པར་གྱུར་པ་ཡིན། །ནང་གི་སྲོག་གི་གནས་གྱུར་པའི། །བུ་ག་བཅུ་གསུམ་ཡོད་པར་བཤད། །སྲོག་དང་ལུས་ཟུངས་དྲི་མ་ཆུ། །ཟས་རྒྱུ་མི་མཐུན་བསྟེན་པ་ཡིན། །དེ་ལ་གནོད་པས་ནད་སྐྱེད་ལ། །སྐྱོན་མེད་དག་པས་བདེ་བར་བྱེད། །རང་གི་ལུས་ཟུངས་མདོག་མཉམ་
ཞིང་། །ཟླུམ་དང་སྦོམ་དང་ཕྲ་བ་ཡིན། །བུ་གའི་དབྱིབས་ནི་རིང་པོ་སྟེ། །ལོ་མའི་རྩ་འཕྲོས་ལྟ་བུ་ཡིན། །ཟས་དང་སྤྱོད་ལམ་དག་གིས་གང་། །ནད་ཀྱི་མཐུ་དང་མཉམ་གྱུར་དང་། །གང་ཡང་ལུས་ཟུངས་མི་མཉམ་སྟེ། །བུ་གའི་རྒྱུན་ལ་གནོད་བྱེད་ཡིན། །
མང་དུ་འབྱུང་ངམ་འགགས་པའམ། །རྩ་ནི་མདུད་པ་ཆགས་པའམ། །ལམ་གཞན་དག་ཏུ་འགྲོ་བ་ནི། །བུ་གའི་རྒྱུ་འཁྲུགས་མཚན་ཉིད་ཡིན། །པདྨའི་རྩ་བ་ཕྲ་མོ་ལས། །རིང་དུ་རྒྱུ་བར་བྱེད་པ་ལྟར། །གང་གིས་དངས་མ་ཉེར་འཕེལ་བའི། །ལུས་ཀྱི་སྒོ་ནི་
Vol. 198 · folio 115a
བུ་ག་ཡིན། །བུ་ག་རྣམས་ནི་བརྟོལ་འགྱུར་ན། །འདར་མྱོས་ལྟོ་སྦོས་ལྐུགས་དང་རིམས། །སླ་དང་གཟེར་དང་བཤང་གཅི་འགགས། །ཡང་ན་འཆི་བ་ཉིད་དུ་འགྱུར། །དེ་བས་སྨན་པས་བུ་ག་བརྟོལ། །རེ་ཐག་བཅད་དེ་གསོ་བར་བྱ། །འཕྲལ་
དུ་རྨ་བྱུང་ཆོ་ག་ཡིས། །འབད་དེ་ཟུག་རྔུ་དབྱུང་བར་བྱ། །ཟས་འཇུ་བྱེད་པ་མཁྲིས་པ་ནི། །འཇུ་བྱེད་ཡིན་ཞེས་སྔར་བཤད་དོ། །ནད་དང་ལུས་ཟུངས་དྲི་མ་ཡི། །དྲོད་ཡིན་ཞེས་ནི་རྒྱུན་ཤེས་ཟེར། །དེ་ནི་ཟས་ཀྱི་གནས་ཡིན་ཞིང་། །འཛིན་ཅིང་འཛིན་བྱེད་ཅེས་བཤད་
དོ། །དེ་ཉིད་ཐང་ལ་འབར་གཞུང་གིས། །མཁྲིས་པ་འཛིན་པའི་ཆ་རུ་བཤད། །ཚེ་དང་ནད་མེད་བརྩོན་གཟི་མདངས། །ལུས་ཟུངས་མེ་དྲོད་སྟོབས་འཕེལ་བྱེད། །ཞུ་བའི་གནས་ཀྱི་སྒོར་འཇུག་གང་། །ཟས་ཀྱི་ལམ་གྱི་སྒོ་གཏན་ཡིན། །དེ་ནི་སྟོབས་ལྡན་ཟོས་པ་རྣམས། །
ཞུ་ནས་ཟུར་དུ་འདྲེན་པར་བྱེད། །སྟོབས་ཞན་གྱུར་ན་ཁ་ཟས་ནི། །མ་སྨིན་ཉིད་དུ་འབྱུང་བར་བྱེད། །འཛིན་བྱེད་སྟོབས་ནི་མེ་དྲོད་དེ། །དེ་ཡང་འཛིན་བྱེད་སྟོབས་ཅན་ཡིན། །དེ་བས་མེ་དྲོད་ཉམས་གྱུར་ན། །འཛིན་བྱེད་ནད་ནི་སྐྱེད་པར་བྱེད། །ཟས་གང་ལུས་ཀྱི་ལུས་ཟུངས་
མདངས། །སྟོབས་དང་ཁ་དོག་སྩོགས་རྒྱས་བྱེད། །དེ་རྒྱུ་ཁ་ཟས་མེ་དྲོད་ནི། །མི་འཇུ་དངས་མ་སྩོགས་མི་འགྱུར། །ཟས་ནི་དུས་སུ་ཟོས་གྱུར་པ། །ལྟོ་བར་སྲོག་གི་རླུང་གིས་དྲངས། །སྐོམ་གྱིས་གོང་པོར་རྣམ་པར་ཕྱེ། །སྣུམ་གྱིས་མཉེན་པར་བྱས་པ་ཡིན། །མེ་མཉམ་
གནས་ཀྱིས་བུས་ནས་ནི། །མ་ཞུའི་གནས་ན་གནས་སྨིན་བྱེད། །ཕྱི་ཡི་སྣོད་གནས་འབྲས་ཆུ་ལྟར། །ལྟོ་བའི་མེ་ཡིས་འཇུ་བར་བྱེད། །དང་པོར་རོ་དྲུག་ཟས་ཀྱང་ནི། །མངར་བ་ཉིད་དུ་གྱུར་ནས་ནི། །སྦུ་བ་ཅན་གྱུར་བད་ཀན་འགྱུར། །ཞུ་བའི་གནས་ནས་འཕོ་བ་ན། །རྣམ་
པར་ཚ་བས་སྐྱུར་ཉིད་འགྱུར། །མཁྲིས་གྱུར་འཕོས་པའི་རྗེས་ལ་ནི། །མེ་དྲོད་ཀྱིས་སྐམས་ཞུ་བ་དང་། །ཁ་ཞིང་གོང་བུར་གྱུར་རླུང་སྐྱེད། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་བཅས་པའི་དྲོད་ལྔ་པོས། །རང་རང་ཡོན་ཏན་ཟས་ལྔ་པོ། །ས་སྩོགས་ཀྱིས་སྨིན་དེ་འོག་ཏུ། །
Vol. 198 · folio 115b
དེ་དག་རང་རང་ཇི་བཞིན་རྒྱས། །སྨིན་འབྱུང་ཡོན་ཏན་ཐ་དད་ཡིན། །ས་རུ་གཏོགས་པས་ས་ཉིད་དང་། །ལྷག་མས་ལུས་གཏོགས་ལྷག་མ་རྒྱས། །ཟས་དེ་ཞུ་བའི་ཚིགས་མ་དང་། །དངས་མ་ཞེས་བྱ་གཉིས་སུ་འགྱུར། །དེ་ལས་ཟས་ཀྱི་ཚིགས་མ་སླ། །གཅིན་འགྱུར་སྐ་བ་བཤད་
བར་འགྱུར། །དངས་མས་ལུས་ཟུངས་རང་རང་གི། །མེ་དྲོད་ཀྱིས་སྨིན་རྣམ་བདུན་འགྱུར། །དངས་མ་ལས་ཁྲག་དེ་ལས་ཤ། །ཤ་ལས་ཚིལ་ཏེ་དེ་ལས་རུས། །རུས་རྐང་དེ་ལས་ཁུ་བ་ཡིན། །ཁུ་བ་ལས་ན་མིང་ལ་གནས་འགྱུར། །ལུས་ཟུངས་ཚིགས་མ་རིམ་བཞིན་དུ། །བད་
མཁྲིས་བུ་གའི་དྲི་མ་དང་། །རྡུལ་དང་སེན་མོ་བ་སྤུ་དང་། །མི་ལྤགས་བཤང་སྣུམ་དངས་མ་ཡིན། །དེ་ལྟར་ལུས་ཟུངས་སྨིན་པ་ལས། །དངས་མ་ཚིགས་མ་གཉིས་སུ་འགྱུར། །ལུས་ཟུངས་སྣུམ་ནི་གཅིག་ལ་གཅིག། །ཕན་ཚུན་ཉེ་བར་བསྟེན་པ་ཡིན། །ཟས་འཇུ་དངས་མ་
སྩོགས་རིམ་གྱིས། །ཁུ་ཆུར་གྱུར་པ་ལ་ལ་ནི། །ཉིན་ཞག་གཅིག་འདོད་གཞན་དག་ནི། །ཞག་དྲུག་ཁ་ཅིག་ཟླ་གཅིག་འདོད། །ལུས་ཀྱི་ཟུངས་ནི་ཟས་ཀྱི་རྒྱུན། །འཁོར་ལོ་ལྟ་བུར་ཡོངས་སུ་འཁོར། །རོ་ཙ་སྩོགས་པའི་མཐུ་ཡིས་ནི། །འཕྲལ་དུ་ཁུ་བ་ལ་སྩོགས་སྐྱེད། །
ཕལ་ཆེར་སྨན་གཞན་ཉིན་ཞག་ནི། །གཅིག་གིས་ལས་རྣམས་བྱེད་པ་ཡིན། །ཁྱབ་བྱེད་ཀྱིས་དངས་ལུས་ཟུངས་རྣམས། །འཐོར་བར་བྱེད་པའི་ལས་ཀྱིས་ནི། །ཅིག་ཅར་རྒྱུན་མི་འཆད་ཀུན་ཏུ། །ལུས་ལ་རྟག་ཏུ་རྣམ་པར་འཐོར། །གཏོར་ཚེ་བུ་གའི་སྐྱོན་གྱིས་ནི། །དངས་མ་གང་དུ་
ཆགས་འགྱུར་ཏེ། །དེར་ནི་གནོད་པ་སྐྱེད་བྱེད་དེ། །མཁའ་ལ་སྤྲིན་ཆགས་ཆར་འབབ་མཚུངས། །ནད་ཀྱང་མ་སྙོམས་གྱུར་པ་ལས། །ཕྱོགས་གཅིག་འདུས་ན་ལྡང་བར་འགྱུར། །དེ་ལྟར་འབྱུང་བ་ལུས་ཟུངས་མེའི། །ལས་ནི་ཡོངས་སུ་བཤད་པ་ཡིན། །ཟས་ནི་དུས་སུ་ཟོས་
གྱུར་པ། །ས་དང་ཆུ་དང་མེ་དང་རླུང་། །དངས་མ་ལུས་ཟུངས་རང་རང་གིས། །སྨིན་བྱེད་ཀུན་ལ་ཟས་འཇུ་བའི། །མེ་ནི་ལྷག་པ་ཡིན་པར་འདོད། །དེ་ནི་རྩ་བ་དེ་འཕེལ་འཕེལ། །ཟད་གྱུར་ཟད་པའི་བདག་ཉིད་འགྱུར། །དེ་བས་རིགས་པས་ཆོ་ག་བཞིན། །ཟས་སྐོམ་རིགས་
Vol. 198 · folio 116a
ཤིང་ཕན་པ་ཡིན། །དེ་འབད་པས་བསྲུངས་གནས་གྱུར་ན། །ཚེ་དང་སྟོབས་ནི་གནས་པར་འགྱུར། །མཉམ་གནས་རང་གནས་འདུག་ན་མཉམ། །མཉམ་ལམ་གཞན་འགྲོ་དྲོད་མི་སྙོམས། །མཁྲིས་པ་ཤས་ཆེ་རྣོ་བར་འགྱུར། །བད་ཀན་གྱིས་
གནོད་མེ་དྲོད་ཆུང་། །མེ་དྲོད་མཉམ་དང་མི་མཉམ་རྣོ། །ཆུང་དང་དེ་ལྟར་རྣམ་བཞི་ཡིན། །གང་ཞིག་ཟས་ནི་ལེགས་ཟོས་པ། །ལེགས་པར་འཇུ་འདི་མཉམ་པ་ཡིན། །ལེགས་པར་མ་ཟོས་མྱུར་འཇུ་བའམ། །ལེགས་ཟོས་རིང་ཞིང་འཇུ་མི་མཉམ། །ཟས་ནི་ལེགས་པར་མ་
ཟོས་ཀྱང་། །མྱུར་འཇུ་མེ་དྲོད་རྣོན་པོ་ཡིན། །ཟས་ནི་ལེགས་པར་ཟོས་གྱུར་ཀྱང་། །རིང་ནས་འཇུ་ཞིང་ཁ་སྐམ་དང་། །སྦོ་དང་རྒྱུ་མ་འཁྲུགས་པ་དང་། །ལྕི་བ་མེ་དྲོད་ཆུང་བ་ཡིན། །མེ་དྲོད་ཉམས་ན་འཆི་འགྱུར་ཞིང་། །སྐྱོན་མེད་ན་ནི་ཡུན་རིང་འཚོ། །མ་སྙོམས་
ནད་ནི་སྐྱེ་འགྱུར་བས། །དེ་ཕྱིར་མེ་དྲོད་གཙོ་བོ་ཡིན། །ལུས་སྟོབས་ལྷན་ཅིག་སྐྱེས་པ་དང་། །དུས་སྐྱེས་རིགས་པ་ལས་བྱུང་གསུམ། །དེ་ལ་ལུས་སེམས་ལས་བྱུང་བ། །རང་བཞིན་ལྷན་ཅིག་སྐྱེས་པའི་སྟོབས། །ན་ཚོང་དུས་ཚིགས་ལས་བྱུང་བ། །དུས་སྐྱེས་ཡིན་ཏེ་
རིགས་པ་ལས། །བྱུང་བ་སྤྱོད་ལམ་ཟས་ཀྱིས་བསྐྱེད། །དེ་བཞིན་གཟི་བསྐྱེད་སྦྱོར་ལས་འབྱུང་། །ཡུལ་ཕྱོགས་ཤིང་རིང་ཆུ་ཉུང་ལ། །སྐམས་ནད་ཉུང་སྐྱེད་བྱེད་ཡིན། །རླན་ཅན་དེ་ལས་བཟློག་པ་ཡིན། །ཆ་སྙོམས་ཐུན་མོང་ཡིན་པར་བཤད། །རྐང་དང་ཚིལ་དང་ཞག་དང་གཅིན། །
མཁྲིས་པ་བད་ཀན་ཕྱིས་ཁྲག །དངས་མ་ཆུ་རྣམས་ལུས་གནས་པའི། །སྙིམ་པ་རེ་རེས་སྐྱེད་པར་བྱེད། །མདངས་དང་ཀླད་རྒྱས་ཁུ་ཆུ་ནི། །རེ་རེའང་རང་གི་ཁྱོར་གང་ཡིན། །བུད་མེད་ནུ་ཞོ་སྙིམ་དོ་དང་། །ཟླ་མཚན་སྙིམ་པ་བཞི་ཡོད་དོ། །ལུས་ཟུངས་མཉམ་གནས་ཚད་འདི་ཡིན། །
དེ་ལས་འཕེལ་དང་ཟད་ཤེས་བྱ། །ཁུ་ཆུ་ཁྲག་དང་སྦྲུམ་མའི་ཟས། །སྤྱོད་ལམ་མངལ་གནས་དུས་ཚིགས་ལས། །གང་ཞིག་ཉེས་པ་ལྷག་གྱུར་དེས། །རང་བཞིན་རྣམ་པ་བདུན་དུ་བཤད། །ཁྱབ་དང་མྱུར་བར་བྱེད་ཕྱིར་དང་། །སྟོབས་ལྡན་བ་དང་གཞན་ལྡང་བྱད། །རང་དབང་
Vol. 198 · folio 116b
ཅན་དང་ནད་མང་ཕྱིར། །ནད་ལས་ཕལ་ཆེར་རླུང་སྟོབས་ཅན། །དེ་ཉིད་ཀྱིས་ན་རླུང་གིས་བསྐྱོད་པའི་མི་རྣམས་ནི། །ནད་ཀྱི་བདག་ཉིད་རྡུལ་ཅན་སྐྲ་བཤོར་པགས་པགས། །གྲང་ལྷགས་མི་བཟོད་བརྟན་དྲན་བློ་གྲོས་སྤྱོད་མཛའ་སྲེད། །བལྟ་དང་འགྲོ་བ་གཡོ་ཞིང་སྨྲ་བ་ཤིན་ཏུ་མང་། །བད་
ཀན་ནོར་ཉུང་ཚེ་ཐུང་གཉིད་སྲབ་དང་། །གཅོམ་ཆུང་ཚིག་ཐོགས་གཡོ་ཞིང་སྐད་འཛེར་དང་། །ཆད་ལྟ་མང་དུ་ཟ་ཞིང་སྒེག་དང་བཅས། །གླུ་དང་དགོད་དང་རྔོན་ལས་འཐབ་ལ་དགའ། །མངར་སྐྱུར་ཁ་དང་ཚ་བའི་རོ་གོམས་སྲེད། །ལུས་སྐེམ་དབྱིབས་རིང་འགྲོ་ཚེ་སྦྲ་དང་བཅས། །མི་
བརྟན་དབང་པོ་མི་ཐུལ་དམ་པ་མིན། །བུད་མེད་མི་ཆགས་བུ་མང་སྐྱེ་མི་འགྱུར། །དེ་ཡི་མིག་ནི་རྩུབ་ཅིང་རྡུལ་གྱིས་གང་། །ཟླུམ་ཞིང་མི་མཛེས་འཆི་བ་ལྟ་བུ་དང་། །ཕྱེ་གདངས་གཉིད་ལོག་ལྟ་བུར་སྣང་བ་ཡིན། །དེ་ནི་ཤིང་དང་རི་འཛེག་མཁའ་འཕུར་རྨི། །སྐལ་ངན་སེར་སྣ་ཆེ་ཞིང་
ཁེངས་པ་དང་། །རྐུ་ཞིང་བྱིན་སྙིང་རྩ་རིངས་བཅས་པ་དང་། །ཁྱི་དང་ཝ་དང་རྔ་མོ་བྱ་རྒོད་ཁྲ། །བྱི་བའི་མཚན་ཉིད་ལྡན་མི་རླུང་ཅན་ཡིན། །མཁྲིས་པ་མེ་འདྲ་མེ་ལས་བྱུང་ཡིན་ཕྱིར། །མཁྲིས་པ་རྒྱས་པ་སྐོམ་དང་བཀྲེས་ཤས་ཆེ། །མདོག་སེར་ལུས་ཚ་རྐང་ལག་གདོང་ཡང་དམར། །
སྐྲ་སེར་སྤུ་ཉུང་དཔའ་ཞིང་ང་རྒྱལ་ཆེ། །ཕྲེང་བ་བྱུག་པ་རྒྱན་ལ་ལྷག་པར་དགའ། །སྤྱོད་བཟང་གཙང་སྦྲ་ཆེ་ཞིང་མཉེས་གཤིན་ལ། །འབྱོར་དང་རྟུལ་ཕོད་བློ་གྲོས་སྟོབས་དང་ལྡན། །འཇིག་རྟེན་དགྲ་བོའང་སྐྱབས་འོངས་སྐྱོབ་པར་བྱེད། །
ཡིད་གཞུངས་ཚིགས་ཀྱི་མཚམས་དང་ཤ་ནི་རབ་ཏུ་ལྷོད། །བུད་མེད་མི་དགའ་ཁུ་བ་དང་ནི་འདོད་པ་ཆུང་། །གཉེར་མའི་ཚོགས་དང་སྐྲ་དཀར་མིག་སྔོའི་གནས་གྱུར་ལ། །ཟས་ནི་མངར་དང་བསྐ་དང་ཁ་བསིལ་ཟ་བར་དགའ། །ཐན་པ་མི་བཟོད་རྔུལ་ཞིང་དྲིང་ལ། །བཤང་གཅི་བཟའ་
བཏུང་ཁྲོ་དང་ཕྲག་དོག་མང་། །རྨི་ལམ་དོང་ཀ་པ་ལ་ཤའི་མེ་ཏོག །གློག་འགྱུ་ཕྱོགས་ཚིག་སྐར་མདའ་ཉི་མེ་མཐོང་། །འདི་ཡི་ལུས་ཕྲ་མིག་སེར་གཡོ་བ་དང་། །རྫི་མ་སྲབ་ཅིང་ཉུང་ཞིང་གྲང་ལ་དགའ། །ཁྲོ་དང་ཆང་དང་ཉི་མའི་འོད་ཟེར་གྱིས། །མིག་ནི་མྱུར་བར་དམར་པོར་
Vol. 198 · folio 117a
འགྱུར་བ་ཡིན། །ཚེ་ནི་རན་ཅིང་སྟོབས་ནི་འབྲིང་བ་དང་། །མཁས་ཤིང་སྡུག་བསྔལ་དག་ལ་སྲན་ཆུང་འགྱུར། །སྟག་དང་དྲེད་དང་སྤྲེའུ་བྱི་ལ་དང་། །གནོད་སྦྱིན་རང་བཞིན་ལྡན་པ་མཁྲིས་ཅན་ཡིན། །བད་ཀན་བསིལ་བས་བད་ཀན་ཅན་བསིལ་ཞིང་། །
རུས་ཚིགས་མི་མངོན་སྣུམ་ཞིང་ཤ་རུས་འབྲེལ། །བཀྲེས་སྐོམ་ཉོན་མོངས་སྡུག་བསྔལ་ཐན་པ་བཟོད། །བློ་ལྡན་སྙིང་སྟོབས་ཆེ་ཞིང་དམ་བཅའ་བརྟན། །པྲི་ཡང་ཀུ་དང་དཱུར་བ་འདམ་བུའི་མདོག། །ཚོན་དང་གིའུ་ཝང་པདྨ་གསེར་མདོག་ཅན། །ལག་ངར་རིང་ཞིང་དྲང་ནི་ཡངས་ལ་རྒྱས། །
འཕྲལ་བའི་དབྱེས་ཆེ་སྐྲ་ནི་མཐུག་ཅིང་གནག། །ལུས་འཇམ་སྙོམས་ཤིང་ཡན་ལག་མཛེས་པ་དང་། །མདངས་ཆེ་ཁུ་བཅུད་བུ་ཚ་གཡོག་འཁོར་མང་། །ཆོས་ལྡན་ཚིག་རྩུབ་ནམ་ཡང་སྨྲ་མི་བྱེད། །དགྲ་ལ་ཞེ་སྡང་འདམ་རིངས་ཁོན་འཛིན་བྱེད། །གླང་པོའི་མཆོག་དྲེགས་བཅས་པ་ལྟ་
བུར་འགྲོ། །རྒྱ་མཚོ་འབྲུག་དང་རྫ་རྔ་སེང་གེ་ཡི། །སྒྲ་ལྡན་དྲན་དང་བརྩོན་འགྲུས་དུལ་བར་ལྡན། །བྱིས་པའི་ཚེ་ནའང་ངུ་དང་སྐོམ་ཤས་ཆུང་། །ཟས་ནི་ཁ་བསྐ་ཆ་དང་དྲོ་ཞིང་རྩུབ། །ཉུང་ངུ་ཟོས་ཀྱང་དེ་ནི་སྟོབས་དང་ལྡན། །མིག་གི་མཐའ་དམར་སྣུམ་ཞིང་དཀྱུས་རིང་ཡངས། །
དཀར་ནག་རབ་གསལ་རྫི་མ་སྙོམས་དང་ལྡན། །སྨྲ་དང་ཁྲོ་དང་བཟའ་བཏུང་སྤྱོད་པ་ཉུང་། །ཚེ་རིང་ནོར་མང་རིང་ལྟ་ཚིག་འཇམ་སྨྲ། །དད་ཅིང་བློ་ཟབ་ལྟ་ཆེ་བཟོད་དང་ལྡན། །རང་བཞིན་བཟང་ཞིང་གཉིད་ཆེ་ལས་མཐའ་རིང་། །བྱས་གཟོ་དྲང་མཁས་སྐལ་བཟང་ངོ་ཚར་ལྡན། །
བླ་མ་ལ་གུས་མཛའ་བཤེས་དག་ལ་བརྟེན། །རྨི་ལམ་པདྨ་བྱ་ཡི་ཕྲེང་བར་བཅས། །ཆུ་ཡི་གནས་དང་སྤྲིན་ཡང་མཐོང་བ་ཡིན། །ཚངས་པ་དྲག་པོ་དབང་པོ་ཆུ་ལྷ་དང་། །ནམ་མཁའ་ལྡིང་དང་ངང་པ་གླང་པོ་མཆོག། །དེ་བཞིན་སེང་གེ་དང་ནི་ཁྱུ་མཆོག་དང་། །བད་ཀན་ཅན་ནི་
རང་བཞིན་འདྲར་ཤེས་བྱ། །རང་བཞིན་གཉིས་དང་ཀུན་ལས་བྱུང་། །གཉིས་གཉིས་ཀུན་གྱི་ཡོན་ཏན་བསྐྱེད། །གཙང་སྦྲ་ཡོད་པར་སྨྲ་སྩོགས་ཀྱི། །ཡོན་ཏན་གྱིས་ནི་དེ་ལྡན་བཤད། །ན་ཚོད་བཅུ་དྲུག་པར་བྱིས་པ། །དེ་ལས་ལུས་ཟུངས་དབང་པོ་གཟི། །འཕེལ་
Vol. 198 · folio 117b
འགྱུར་བདུན་ཅུའི་བར་བར་མ། །ཟད་པ་ཕན་ཆད་རྒན་པོ་ཡིན། །རང་རང་ཁྲུ་ནི་ཕྱེད་དང་བཞི། །ལུས་ནི་ཚེ་རིང་བདེ་བའི་སྣོད། །སྤུ་མེད་གནག་དང་ཤིན་ཏུ་སྦོམ། །རིང་པོ་ཉིད་ནི་མི་མཐུན་བཅས། །སྨད་པ་བརྒྱད་དང་རང་ཉིད་ལྡན། །གང་ཡིན་དེ་ནི་དེ་སྣོད་མིན། །སྐྲ་ནི་
རབ་ཏུ་འཇམ་པ་དང་། །ཕྲ་ཞིང་རྩ་བ་མ་འདྲེས་བརྟན། །དཔྲལ་བ་མཐོ་ཞིང་མུར་འགྲམ་འཕྱར། །ཟླ་བ་ཁམ་པ་འང་བ་བཟང་། །རྣ་བརྒྱབ་ཕྱོགས་རྒྱ་ཆེ་མཛེས། །རྣ་ཤལ་ཆེ་ཞིང་ཤ་ཡིས་རྒྱས། །མིག་ནི་དཀར་ནག་འབྱེས་པ་དང་། །རྫི་མ་སྟུག་ཅིང་སྙོམས་པ་བཟང་། །
སྣ་ཡི་རྩེ་མོ་དབུགས་ཆེར་འབྱུང་། །ཤ་རྒྱས་དྲང་ཞིང་སྙོམས་པ་བཟང་། །མཆུ་ནི་དམར་ཞིང་མ་འཕྱངས་བ། །འགྲམ་པ་ཡངས་ཤིང་མི་འབུར་བཟང་། །ཁ་ཆེ་སོ་ཡི་ཚིགས་དམ་ལ། །སྣུམ་ཞིང་དཀར་ལ་འཇམ་ཞིང་སྙོམས། །ལྕེ་ནི་དམར་ཞིང་ཡངས་ལ་སྲབ། །ཀོ་སྐོ་
ཆེ་ཞིང་ཤ་ཡིས་རྒྱས། །མགྲིན་པ་ཐུང་ཞིང་ཤ་རྒྱས་ཟླུམ། །ཕྲག་པ་མཐོང་ཞིང་ཤ་ཡིས་རྒྱས། །ལྟོ་བ་ཟླུམ་ཞིང་ལྟེ་བ་ནི། །ཟབ་ཅིང་མཐོ་ལ་གཡས་སུ་འཁྱིལ། །རྐང་པ་ལག་པ་ལེགས་གནས་ཤིང་། །སེན་མོ་འཇམ་ཞིང་མཐོ་ལ་དམར། །སྣུམ་ཞིང་ཀུན་དམར་ཤ་
རྒྱས་པ། །སོར་མོ་རིང་ཟླུམ་བུ་ག་མེད། །རྒྱབ་ཞིང་ཆེ་ཞིང་སྒལ་ཚིགས་ནུབ། །ཚིགས་མཚམས་མི་མངོན་དམ་པ་དང་། །ཚིགས་གསང་མཐོ་ཞིང་བརྟན་པ་དང་། །མདོག་སྣུམ་ཁ་དོག་བརྟན་པར་གནས། །རང་བཞིན་གྱིས་འབྱུང་སྙིང་སྟོབས་བརྟན། །ཕོངས་
པའི་ཚེ་ནའང་ཞུམ་པ་མེད། །མངལ་ནས་བརྩམས་ཏེ་ནད་མེད་པ། །གོང་ནས་གོང་དུ་ཞིང་བཟང་ལ། །ཤེས་དང་ཡེ་ཤེས་རྒྱ་ཆེར་ནི། །འཕེལ་ཞིང་རིམ་གྱིས་དགེ་བར་འགྱུར། །དེ་ལྟར་ཡོན་ཏན་ཀུན་ལྡན་པའི། །ལུས་ནི་སྟོན་བརྒྱའི་བར་དག་ཏུ། །ཚེ་དང་དབང་ཕྱུག་
འདོད་པ་ཡི། །དངོས་པོ་ཐམས་ཅད་རབ་ཏུ་གནས། །བགས་པ་ཁྲག་སྩོགས་སྙིང་སྟོབས་པར། །བརྒྱད་པོ་ཕྱི་མ་བཞིན་དུ་མཆོག། །སྟོབས་དང་ཚད་དང་ཤེས་པའི་ཕྱིར། །ལུས་ཅན་རྣམས་ཀྱི་སྙིང་པོར་བཤད། །སྙིང་པོ་ཀུན་དང་ལྡན་པ་ཡི། །མཆོག་ཏུ་བཀུར་བར་
Vol. 198 · folio 118a
བྱ་བར་འགྱུར། །རྩོམ་པ་ཀུན་ལའང་རེ་བཅས་དང་། །བཟོད་ལྡན་བློ་བཟང་བརྟན་པར་འགྱུར། །དྲེགས་དང་ཞུམ་པ་མེད་པར་ནི། །བདེ་དང་སྡུག་བསྔལ་བསྟེན་གྱུར་བ། །སྙིང་སྟོབས་ཅན་ཡིན་རྡུལ་ཅན་ཁེངས། །མུན་པ་ཅན་ནི་དེ་ལྟར་མིན། །
སྦྱིན་དང་ཚུལ་ཁྲིམས་སྙིང་བརྩེ་བདེན། །ཚངས་པར་སྤྱོད་དང་བྱས་པ་གཟོ། །བྱམས་ལྡན་བཅུད་ཀྱིས་ལེན་བསྟེན་པ། །ཚེ་དང་བསོད་ནམས་འཕེལ་བའི་སྡེའོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ལུས་ཀྱི་གནས་ཀྱི་ལེའུ་གསུམ་པའོ།། །།དེ་ནས་ལུས་
ཀྱི་གནད་ཀྱི་བྱེ་བྲག་བཤད་པར་བྱའོ། །གནད་ནི་བརྒྱ་ལས་བདུན་ལྷག་པ། །དེ་ལས་བཅུ་གཅིག་བརླ་དང་ནི། །དེ་བཞིན་ལག་ངར་གཉིས་སོ་སོར། །ལྟོ་བ་ལ་གསུམ་བྲང་ལ་དགུ། །རྒྱབ་ལ་བཅུ་བཞི་ནམ་ཚོང་ནི། །ཡན་ཆད་སུམ་ཅུ་རྩ་བདུན་ཡོད། །རྐང་པའི་མཐིལ་
ནས་གུང་མོ་ཡི། །ཐད་ཀ་ན་ནི་མཐིལ་འཕྲོག་པའི། །གནད་ཡོད་ཅེས་ནི་རྣམ་བཤད་དེ། །དེ་ཕུག་གནད་ཀྱིས་འཆི་བར་འགྱུར། །མཐེབ་སོར་དབུས་ན་རྒྱ་ཚིགས་ཏེ། །དེ་ཕུག་བསྐྱོད་པའི་གནད་ཀྱིས་འཆི། །དེ་གོང་སོར་གཉིས་ཤེས་པར་བྱ། །རྐང་པ་འཁར་ཞིང་འདར་
བར་བྱེད། །ལོང་མོའི་ཚིགས་འོག་པིར་མགོ་སྟེ། །དེ་བཅད་སྐྲང་དང་ནད་སྐྱེད་བྱེད། །བྱིན་པ་རྐང་པ་གཉིས་ཀྱི་བར། །ལོང་མོ་གནད་རེངས་བེམ་པོར་བྱེད། །བྱིན་པའི་ནང་ན་ཉ་ཞེས་པ། །ཁྲག་ཟད་པ་ཡིས་འཆི་བར་བྱེད། །བྱིན་པ་བརླ་མཚམས་པུས་མོ་སྟེ། །དེ་ཕུག་
གསོན་ཡང་འཐེང་པོར་འགྱུར། །པུས་གོང་སོར་གསུམ་པར་གཉན་གོང་། །དེ་ཕུག་བརླ་རེངས་སྐྲང་བར་བྱེད། །བརླ་ནང་བརླ་དབང་ཞེས་བྱ་བ། །དེ་ཕུག་ཁྲག་ཟགས་བརླ་བསྐམ་འགྱུར། །བརླ་རྩ་མིག་དམར་ཞེས་བྱ་བ། །ཁྲག་ཟད་པས་ནི་གཞོགས་ཕྱེད་
འཇོམས། །བརླ་རྩ་རླིག་པའི་བར་གྱི་གནད། །ལྗོན་ཤིང་ཞེས་བྱ་མ་ནིང་བྱེད། །དེ་དག་བརླའིའོ་དཔུང་དེ་བཞིན། །མཁྲིག་མ་འདི་ནི་ལོང་མོར་མཚུངས། །གྲུ་མོ་བྱིན་འདྲ་དེ་གཉིས་ཕུག། །ཞ་བོ་ལྗོན་ཤིང་འདྲ་བ་ནི། །མཆན་ཁུང་ནང་ན་མཆན་ཁུང་འཛིན། །
Vol. 198 · folio 118b
དེ་ཕུག་ཞ་བོ་ཉིད་དུ་འགྱུར། །ལོང་ཀའི་གནད་ནི་གཞང་ཞེས་བྱ། །དེ་ཕུག་གཞང་རླུང་གིས་འཕྲལ་གསོད། །ལྒང་བ་གཞུ་ལྟར་ཡོ་བ་ཡི། །ཆུ་སོའི་གནད་ནི་ཤ་ཁྲག་ཉུང་། །དབུས་ན་ཁ་ཅིག་ཐུར་དུ་ལྟ། །རྐེད་པའི་དབུས་གནས་སྲོག་འཕྲལ་འཇོམས། །རྡེའུ་འབྱིན་
རྨ་བུག་གནས་མ་གཏོགས། །དེ་ཡང་ངོས་གཉིས་ཕུག་སྟེ་འདྲ། །གཅིན་འཛག་གནས་དང་གཅིག་ཏུ་ཕུག། །རྨ་ནི་འཚོ་བར་ཤིན་ཏུ་དཀའ། །ལུས་ཀྱི་ཞུ་དང་མ་ཞུའི་གནས། །དབུས་ན་ལྟེ་བ་རྩ་ཀུན་གྱི། །རྟེན་ཡིན་དེ་ཡང་འཕྲལ་གསོད་བྱེད། །མ་ཞུ་བ་ཡི་གནས་སྒོར་
གྱུར། །འདོད་ཆགས་སྩོགས་གནས་སྙིང་ཞེས་བྱ། །བྲང་དང་ནུ་མ་ལྟོ་དབུས་གནས། །ནུ་མཇིང་ནུ་མའི་རྩ་ཞེས་བྱ། །སྟེང་འོག་སོར་གཉིས་ནུ་མའི་གནད། །དེ་ཕུག་བད་ཀན་ཁྲག་གིས་ནི། །རིམ་བཞིན་ལྟོ་འགེངས་འཇིག་པར་བྱེད། །རེངས་བྲལ་བྲང་གི་ངོས་གཉིས་ན། །
རྩ་སྦུབས་གཉིས་པོ་རླུང་རྒྱུ་བ། །དེ་ཕུག་ཁོང་པ་ཁྲག་གིས་གང་། །ལུད་པ་དབུགས་མི་བདེ་བས་འཆི། །རྒྱབ་ཀྱི་སྒལ་ཚིགས་བྲང་གི་བར། །དེ་གཉིས་ཀྱི་ནི་ངོས་གཉིས་ན། །ཕྲག་པ་གཉིས་ཀྱི་འོག་ན་ནི། །མི་གསལ་ཞེས་བྱའི་གནད་གཉིས་ཡོད། །དེ་གཉིས་ཕུག་པས་
ཁོང་པ་ནི། །ཁྲག་ཁེངས་རྣག་སྟེ་འཆི་བར་འགྱུར། །སྒལ་ཚིགས་ཀྱི་ནི་ངོས་གཉིས་ན། །རྐེད་པའི་ཆ་གཉིས་གནས་པ་དང་། །རྐུབ་ཚོས་ལྟག་གནས་སྒལ་ཚིགས་བརྟེན། །རྐེད་པ་ཅན་དང་གཞོན་ནུར་བཤད། །དེ་སྣད་ཁྲག་ཟད་སྐྱ་རྦབ་དང་། །གཟུགས་ཉམས་པས་ནི་
འཆི་བར་འགྱུར། །རྒྱབ་ཀྱི་སྒལ་ཚིགས་ངོས་གཉིས་ཀྱི། །རྐེད་པའི་མཚམས་ནི་གང་ཡིན་པ། །རོ་སྨད་ཀྱི་ནི་རྒྱབ་ཕྱོགས་ན། །ཁུང་བུ་ཞེས་བྱའི་གནད་གཉིས་ཡོད། །དེ་སྣད་བསྐྱོད་པ་ཉམས་པ་དང་། །རོ་སྨད་ཚོར་བ་མེད་པར་འགྱུར། །གང་ཞིག་རྩིབ་ལོགས་གཉིས་
དང་འབྲེལ། །སྟ་ཟུར་རྩེ་མོ་གཉིས་སྟེང་གི། །གནས་ནི་གཡོགས་པར་གྱུར་པ་དང་། །རོ་སྨད་གཞོན་ནུའི་རུས་པར་གནས། །དེ་སྣད་རོ་སྨད་སྐྲངས་པ་དང་། །ཉམ་ཆུང་འཆི་བ་ཉིད་དུ་འགྱུར། །རྩིབ་ལོགས་གཉིས་ཀྱི་ནང་དང་འབྲེལ། །རྐེད་པའི་ངོས་གཉིས་དབུས་ན་གནས།
Vol. 198 · folio 119a
ཐད་ཀ་དང་ནི་གྱེན་གནས་པ། །རྩིབ་ལོགས་མཚམས་ཏེ་དེ་ཕུག་ན། །ཁོང་པ་ཁྲག་གིས་གང་བ་དང་། །ལུས་དང་བྲལ་བ་ཉིད་དུ་འགྱུར། །ནུ་མ་གཉིས་ཀྱི་ཐད་ཀའི་ཆ། །རྒྱབ་ཀྱི་སྒལ་ཚིགས་ལ་བརྟེན་པ། །རྩ་ཆེན་ཞེས་བྱ་དེ་ཕུག་ན། །ཁྲག་
ཟད་ནས་ནི་འཆི་བར་འགྱུར། །དཔུང་མགོ་གཉིས་དང་འབྲེལ་པ་ཡི། །སྒལ་ཚིགས་ཀྱི་ནི་ངོས་གཉིས། །ཕྲག་པ་གཉིས་ཀྱི་སོག་པ་སྟེ། །དེ་སྣད་བསྐམས་ཤིང་ཚོར་བྲལ་འགྱུར། །མགྲིན་པ་གཉིས་ཀྱི་ངོས་གཉིས་རྩ། །དཔུང་མགོ་དང་ནི་མགྲིན་པའི་བར། །
བྲག་པ་བྲག་པ་ལ་བརྟེན་གནད། །དེ་ཕུག་ལག་ངར་བྱ་བ་ཉམས། །སྲོལ་གོང་གི་ནི་ངོས་གཉིས་ན། །འགྲམ་པ་ལ་ནི་བརྟེན་པའི་རྩ། །བཞི་སྟེ་དེ་ལ་སྔོན་པོ་གཉིས། །གཉིས་པའང་མཇིང་པའི་གནད་དུ་བཤད། །དེ་ཕུག་སྐད་འགགས་མི་སྡུག་དང་། །ལྕེ་ཡིས་རོ་ནི་
མི་ཚོར་འགྱུར། །ལྐོག་མའི་སྦུབས་ཀྱི་ངོས་གཉིས་ནས། །ལྕེ་དང་སྣར་ནི་འགྲོ་བའི་རྩ། །སོ་སོར་བཞི་བཞི་ཡོད་མ་མོ། །དེ་བཅད་འཕྲལ་དུ་སྲོག་འཇོམས་སོ། །མགོ་བོ་སྐེ་མཚམས་ལྟག་པ་སྟེ། །དེ་ཕུག་མགོ་བོ་ལྡེམ་པོར་འགྱུར། །རྣ་བ་གཉིས་འོག་ལྕོང་བ་ན། །
རྣ་རྩ་ཞེས་བྱའོ་ན་བར་འགྱུར། །སྣ་ཡི་བུ་ག་གཉིས་དང་ནི། །སྣ་ཡི་ལམ་འགྲོ་མགྲིན་ནང་གནས། །སྦྲུལ་མགོ་ཞེས་བྱ་དེ་བཅད་ན། །དྲི་མི་ཚོར་བར་བྱེད་པར་འགྱུར། །མིག་གཉིས་ཀྱི་ནི་ཕྱི་རོལ་མཚམས། །སྨིན་མ་སྐྱེས་པའི་མཐའ་ཡི་འོག། །མིག་ཟུར་
སྨིན་སྟེང་དམའ་བར་གནས། །འཁྱིལ་པ་ཕུག་པས་ལོང་བར་འགྱུར། །རྣ་མཆན་འཕྲལ་བའི་མཐའ་ན་ནི། །མུར་འགྲམ་ཞེས་བྱ་དབྲལ་འཆི་བྱེད། །མུར་འགྲམ་གཉིས་སྟེང་སྐྲ་མཚམས་ན། །གདེག་པ་ཞེས་བྱ་བཞག་བྱ་ཡང་། །སྨིན་མཚམས་བར་གནས་
གསུམ་ཆར་ལའང་། །ཟུག་རྔུ་དག་ནི་མ་ཕྱུང་ཞིང་། །སྨིན་ནས་རང་ཉིད་བྱུང་ན་འཚོ། །ཕྱུང་ན་འཕྲལ་དུ་འཆི་བར་འགྱུར། །ལྕེ་མིག་སྣ་དང་རྣ་བ་ཡི། །བུ་ག་བཞི་ནི་འདུས་པ་དག། །རྐན་དང་སྒོ་རུ་ཁ་བཞི་སྟེ། །བུ་གའི་གནད་ནི་དེ་རྣམས་ཀྱི། །གནད་ནི་སུམ་
Vol. 198 · folio 119b
མདོ་རིས་ཞེས་བྱ། །དེ་བཅད་སྲོག་ནི་འཕྲལ་དུ་འདོར། །ཐོད་པ་ཡི་ནི་མཚམས་ལྔ་པོ། །ཐད་ཀ་གྱེན་འགྲོ་མཚམས་ཀྱི་མཐའ། །དེ་སྣད་པས་ནི་མགོ་འཁོར་དང་། །སྨྱོ་ཞིང་དྲན་པ་ཉམས་ཏེ་འཆི། །སྤྱི་བོའི་སྟེང་ན་གཙུག་འཁྱིལ་པའི། །རྩ་དང་ལྡན་སྦུབས་འདུས་པ་ན། །སྤུ་
འཁྱིལ་བདག་པོ་ཞེས་བྱ་བའི། །གནད་ཀྱིས་སྲོག་ནི་འཇིག་པར་བྱེད། །གང་དུ་མནན་ན་ཤིན་ཏུ་འགུལ། །རབ་ན་དེ་གནད་ཡིན་ཞེས་བྱ། །ཤ་རྒྱུས་རུས་པ་རྩ་ཆེན་དང་། །རྩ་དང་ཚིགས་ནི་འདུས་པ་རུ། །གནད་ཅེས་བྱ་སྟེ་དེས་ན་དེར། །སྲོག་ནི་ལྷག་པར་གནས་པ་ཡིན།
མང་དུ་རྣམ་པར་བསྟན་མོད་ཀྱི། །གནད་ནི་རྣམ་པ་དྲུག་ཏུ་བསྟན། །སྲོག་གི་གནས་སུ་ཐུན་མོང་བས། །གནད་ནི་གཅིག་ཏུའང་གནས་པ་ཡིན། །ཤར་གཏོགས་བཅུ་སྟེ་བྱིན་ལག་ཉྭ། །མཐིལ་འཕྲོག་ནུ་མཇིང་ནུ་རྩའོ། །རུས་པའི་གནད་བརྒྱད་མུར་འགྲམ་དང་། །རྐེད་པ་
ཅན་དང་གཞོན་ནུ་དང་། །རོ་སྨད་དང་ནི་སོག་པའོ། །རྒྱུས་པའི་གནད་ནི་ཉི་ཤུ་གསུམ། །གཉན་གོང་ཞེས་བྱ་པིར་དང་ནི། །པིར་མགོ་མིག་ཟུར་རྒྱ་ཚིགས་དང་། །ཕྲག་པ་གཞག་དང་ཆུ་སོ་ཡི། །རྩ་ཆེན་གནད་ནི་རྣམ་དགུ་སྟེ། །གཞང་དང་རེངས་བྲལ་རྣ་རྩ་དང་། །སུམ་
མདོ་རིས་ཞེས་བཤད་པའོ། །རྩ་ལ་གནས་གནད་སུམ་ཅུ་བདུན། །རྩ་ཆེན་གཉིས་དང་མ་མོ་སྔོ། །འགྲམ་པ་མཆན་ཁུང་འཛིན་སྤྲུལ་མགོ། །ལྗོན་ཤིང་སྙིང་དང་ལྟེ་བ་དང་། །རྩིབ་ལོགས་མཚམས་དང་ནུ་མའི་འོག། །མི་གསལ་གཞག་དང་བརླ་དབང་དང་། །དམར་པོ་ཞེས་བྱ་
བཞི་པོའོ། །ཚིགས་ལ་ཉི་ཤུ་འཁྱིལ་པ་དང་། །མཁྲིག་མ་གཉིས་དང་ཁུང་བུ་དང་། །མཚམས་མཐའ་གྲུ་མོ་ལོང་མོ་དང་། །ལྟག་པ་པུས་མོ་བདག་པོའོ། །གཞན་དག་གཞང་ཤའི་གནད་ཅེས་ཟེར། །མཆན་ཁུང་འཛིན་དང་ལྗོན་ཤིང་ནི། །རྒྱུས་པ་ལ་བརྟེན་རྣ་རྩ་དང་། །
སུམ་མདོར་སི་དང་རེངས་བྲལ་དང་། །མིག་འགྲམ་རྩ་ཡི་གནད་ཡིན་གྱི། །རྩ་ཆེན་གནས་པར་དེ་མ་བཤད། །ཤ་ཡི་གནད་བཅད་ཁྲག་རྒྱུན་འཛག། །ཤ་བཀྲུས་འདྲར་འགྱུར་སླ་བ་དང་། །སྐྱ་ཞིང་དབང་པོ་ཉམས་པ་དང་། །མྱུར་དུ་འཆི་བ་ཉིད་དུ་འགྱུར། །རུས་
Vol. 198 · folio 120a
གནས་གནད་བཅད་རྐང་བཅས་ན། །སླ་དང་བར་བར་ཆད་ཅིང་འཛག། །རྒྱུས་པའི་གནད་བཅད་ན་ཞིང་འཁྲུག། །བརྐྱང་བསྐུམ་མི་ཤེས་གནོད་པར་འགྱུར། །འགྲོ་དང་སྟན་གནས་ནུས་པ་ཆུང་། །དབང་པོ་ཉམས་པའམ་འཆི་བར་འགྱུར། །
རྩ་ཆེན་གནད་བཅད་ལྦུ་བ་དང་། །སྒྲ་བཅས་འབྱུང་ཞིང་དྲན་ཉམས་འགྱུར། །རྩ་ཡི་གནད་བཅད་ཁྲག་སྐ་ཞིང་། །རྒྱུན་མི་འཆད་པར་མང་དུ་འབྱུང་། །དེ་ཟད་མགོ་འཁོར་དབུགས་མི་བདེ། །སྐོམ་རྨོངས་སྐྱིགས་བུས་འདེབས་བས་འཆི། །ལུས་ནི་གྲ་མ་ལྟ་བུས་ཁྱབ། །འཚོབ་
ཀྱང་སྒུར་པོའམ་འཐེང་པོར་འགྱུར། །ཚིགས་གནད་སྟོབས་དང་སྤྱོད་པ་ཉམས། །ལུས་སྐེམ་ཚིགས་ནི་སྐྲང་བར་འགྱུར། །ལྟེ་བ་མུར་འགྲམ་བདག་པོ་གཞང་། །སྙིང་དང་ཆུ་སོ་སུམ་མདོ་རིས། །མ་མོ་བརྒྱད་དང་བཅུ་དགུ་པོ། །འཕྲལ་དུ་སྲོག་ནི་གཅོད་པར་བྱེད། །དེ་རྣམས་
འཕྲལ་དུ་མི་འཆི་ཡང་། །ཞག་བདུན་གྱིས་ནི་ངེས་པར་འཆི། །རེངས་བྲལ་མཐིལ་འཕྲོག་རྩིབ་ལོགས་མཚམས། །རྐེད་པ་ཅན་གཞོན་མཚམས་ཀྱི་མཐའ། །ནུ་རྩ་དབང་པོ་ཆུ་སོའི་གནད། །རྒྱབ་ཚིགས་མི་གསལ་རྩ་ཆེན་དང་། །རོ་སྨད་ནུ་མཇིང་སུམ་ཅུ་གསུམ། །ཟླ་བའམ་
ཟླ་ཕྱེད་སོན་ནས་ནི། །དུས་གཞན་དུ་ནི་འཆི་བར་བྱེད། །བརྡེག་དང་གཞག་པ་ཞེས་བྱ་གསུམ། །དེར་ནི་ཟུག་རྔུ་བྱུང་གྱུར་ན། །རླུང་གིས་ཤ་དང་ཚིལ་དང་རྐང་། །གླད་རྒྱས་རྣམས་ནི་སྐེམས་པར་བྱེད། །མཚོན་ཕྱུང་ལུད་པ་དབུགས་མི་བདེ། །འབྱུང་ཞིང་སྲོག་ནི་འཇོམས་པར་
འགྱུར། །སྦྲུལ་མགོ་མིག་ཟུར་རྣ་རྩ་དང་། །སྔོན་པོ་འགྲམ་གནས་ལྟག་པའི་གནད། །ཕྲག་པའམ་ཕྲག་སྩོགས་འཁྱིལ་པ་དང་། །ལྗོན་ཤིང་བརླ་དབང་ཁུང་བུ་དང་། །མིག་དམར་པུས་མོའི་གནད་དང་བཅས། །མཚན་འཛིན་པིར་འདྲ་གྲུ་མོའི་གནད། །དེ་ལྟར་
གནད་ནི་བཞི་བཅུ་བཞིས། །རྐང་ལག་འཇས་པར་བྱེད་འགྱུར་བའམ། །གལ་ཏེ་ཚབས་ཆེར་སྣད་གྱུར་ན། །དེས་ནི་སྲོག་ཀྱང་འཇོམས་པར་བྱེད། །པིར་མགོ་འདྲ་དང་ལོང་མོ་དང་། །མཁྲིག་མའི་གནད་བརྒྱད་ནད་ཚབས་སྐྱེད། །དེ་ལས་ལྗོན་ཤིང་མཆན་ཁུང་འཛིན། །
Vol. 198 · folio 120b
བརླ་དང་པིར་མགོ་ལྟ་བུ་སྟེ། །བཅུ་གཉིས་སོར་གཅིག་ཚད་ཡིན་ནོ། །མཁྲིག་མ་དང་ནི་ལོང་མོ་དང་། །ནུ་མའི་རྩ་བ་སོར་གཉིས་ཚད། །པུས་མོ་གྲུ་མོ་སོར་གསུམ་ཚད། །གཞང་དང་ཆུ་སོ་ལྟེ་བ་སྙིང་། །སྔོན་པོ་མཚམས་མཐའ་མ་མོ་དང་། །པིར་འདྲ་སུམ་མདོ་རིས་འགྲམ་པ། །
གནད་ནི་ཉི་ཤུ་དགུ་ཡི་ཚད། །རང་གི་ལག་མཐིལ་ཚད་ཡིན་ནོ། །ལྷག་མ་གནད་ནི་ལྔ་བཅུ་དྲུག །སོར་ཕྱེད་ཀྱི་ནི་ཚད་དུ་འདོད། །གཞན་དག་གནད་དེ་ཏིལ་འབྲུ་སྟེ། །འབྲས་ཙམ་གྱི་ནི་ཚད་དུ་འདོད། །རྩ་བཞིར་བཤད་པ་གང་ཡིན་པ། །ལུས་ཀུན་བརྟས་པར་བྱེད་པ་རྣམས། །དེ་ནི་
གནད་ལ་གནས་པ་ཡིན། །དེས་ན་དེ་ཕུག་ཁྲག་དྲག་འབྱུང་། །ལུས་ཟུངས་རྣམས་ནི་ཟད་པའི་ཕྱིར། །རླུང་འཕེལ་ནད་ནི་མི་བཟང་འདེབས། །རླུང་གིས་མཁྲིས་པ་རྒྱས་པར་བྱེད། །མཁྲིས་པ་རྒྱས་པར་གྱུར་པས་ན། །སྐོམ་དང་མགོ་འཁོར་སྐམ་དང་མྱོས། །ལུས་རྔུལ་
ཚིགས་དབྱེ་ལུས་ལྷོད་དང་། །དེ་ནི་གཤིན་རྗེའི་དབང་དུ་འགྲོ། །གནད་གཅོད་ན་ནི་མྱུར་བ་རུ། །ལུས་ཀྱི་ཚིགས་ནི་ཆོད་འགྱུར་ཏེ། །ཚིགས་ཀྱི་ཕྱོགས་སུ་བཅད་པས་ན། །རྩ་ནི་འཁུམས་པར་བྱེད་པ་ཡིན། །དེ་ལ་སྲོག་ཆགས་རྣམས་ཀྱི་སྲོག། །ཁྲག་གནས་ན་ནི་གནས་པ་
ཡིན། །དེ་བས་གནད་མིན་ལེགས་ཕོག་ན། །ངེས་པར་འཆི་བར་མི་འགྱུར་རོ། །འགའ་ཞིག་སྨན་པའི་ཡོན་ཏན་དང་། །ཕྱོགས་གཅིག་ཏུ་ནི་ཕོག་པ་ཡིས། །འཚོ་བར་གྱུར་ཀྱང་དེ་ཡི་ནི། །དབང་པོ་མཚང་ཉིད་དུ་འགྱུར། །དེ་བས་འབད་དེ་གནད་དུ་ནི། །ཐལ་སྨན་མེ་
བཙའ་ལ་སོགས་སྤང་། །གནད་དུ་ཕོག་ན་ཆུང་དུས་ཀྱང་། །ཕལ་ཆེར་ཤིན་ཏུ་གནོད་པ་ཡིན། །དེ་བཞིན་གནད་ལ་བརྟེན་པའི་ནད། །རབ་ཏུ་འབད་པས་གསོ་བར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ལུས་ཀྱི་གནས་ཀྱི་ལེའུ་བཞི་པའོ།། །།
དེ་ནས་ལུས་ཀྱི་འགྱུར་བའི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །ཇི་ལྟར་འབྲས་བུ་མེ་ཏོག་དང་། །མེ་ཡི་དུ་བ་ཆར་གྱི་སྤྲིན། །ཕྱིས་འབྱུང་མཚན་མ་ཡིན་པ་ལྟར། །དེ་བཞིན་འཆི་ལྟས་ལས་ངེས་འཆི། །འཆི་ལྟས་མེད་ན་མི་འཆིལ། །འཆི་ལྟས་སྣང་ན་
Vol. 198 · folio 121a
འཚོ་མི་འགྱུར། །འཆི་ལྟས་འཆི་ལྟས་མི་ཤེས་པ། །མི་མཁས་འཆི་ལྟས་མེད་མིན་ཤེས། །ལ་ལ་རྟེན་དང་བརྟེན་པ་པོའི། །ཁྱད་པར་གྱིས་དེ་གཉིས་སུ་འདོད། །ནད་ཀྱི་ཚུལ་ནི་མང་པོ་ལས། །འཆི་ལྟས་ཚུལ་དུ་འབྱུང་བར་འགྱུར། །ནད་ཞིན་ནི་
ཞི་འགྱུར་ལ། །བརྟན་པར་གནས་ན་འཆི་བར་འགྱུར། །གཟུགས་དང་དབང་པོ་སྐད་དང་མདོག །གཟུགས་བརྙན་བྱ་བ་སོགས་པ་དང་། །དངོས་པོ་དག་ནི་གཞན་ལ་ཡང་། །ཐ་མལ་པ་ལས་རྒྱུ་མེད་པར། །གཞན་དུ་གྱུར་གང་མདོར་གང་ནི། །འཆི་ལྟས་ཡིན་པར་དེ་ཤེས་བྱ། །
སྐྲ་དང་བ་སྤུ་མ་བསྐུས་པར། །སྣུམ་གྱིས་བསྐུས་ལྟར་གང་སྣང་དང་། །གང་ཞིག་མིག་ནི་རབ་གཡོ་དང་། །མི་འགྱུར་ཕྱིར་འབྱུང་ཁུང་བུར་ཞུགས། །ཡོ་དང་བགྲད་དང་འཇུམས་པ་དང་། །བཅུམ་ཞིང་སྨིན་མ་སྨད་པ་དང་། །འཁྲུལ་དང་མཐོང་བ་ཉམས་པ་དང་། །སྲེ་མོའི་མིག་
ལྟར་ལྟ་བ་དང་། །ཐི་བ་འདྲ་དང་མགལ་མེ་འདྲ། །མཆི་མ་འཛག་ཅིང་རྫི་མ་འཁྲུགས། །སྣ་ནི་ཤིན་ཏུ་གདངས་པ་དང་། །ཞོམ་དང་འབྲུམ་ཕྲན་གྱིས་ཁྱབ་དང་། །སྐྲང་དང་གོས་དང་རྙིད་པ་དང་། །གང་གི་མ་མཆུ་འཕྱངས་པ་དང་། །ཡམ་ཆུ་གྱེན་ལ་བརྫེས་པ་དང་། །
གཉི་ག་འཛམ་བུ་སྨིན་འདྲར་སྣང་། །སོ་གནག་གསེག་མར་བཅས་པ་དང་། །དམར་ཞིང་སོ་ཞོ་ནག་ནོག་ཅན། །གློ་བུར་དུ་ནི་འབྱུང་བ་དང་། །ལྕེ་ནི་ཡོ་དང་རྟག་ཏུ་འབྱིན། །སྐྲང་དང་སྐམ་དང་ལྕི་དང་གནག །གོས་དང་རྩུབ་དང་ཚོར་བ་མེད། །མཇིང་པས་མགོ་ནི་མི་ཐིག་
དང་། །རང་གི་ལྟག་རྒྱབ་ཁུར་ལྟར་ལྕི། །འགྲམ་པས་ཁན་གནས་པ་ཡི། །ཁ་ཟས་བལྡད་པར་མི་ནུས་པ། །གང་ཞིག་རྒྱུ་མེད་པར་ཡན་ལག །ཤིན་ཏུ་ལྕི་བའམ་ཤིན་ཏུ་ཡང་། །དུག་དང་སྣད་པ་མེད་པར་ནི། །བུ་ག་རྣམས་ལས་ཁྲག་འབྱུང་དང་། །གང་ཞིག་ཕོ་མཚན་
ནུབ་པ་དང་། །རླིག་པ་རབ་ཏུ་འཕྱངས་པའམ། །དེ་ལས་གོ་ལོག་གྱུར་བ་རྣམས། །ཐམས་ཅད་འཆི་བདག་དབང་གྱུར་ཡིན། །གང་གི་རྩ་རིས་སྔོན་མེད་པར། །ཟླ་བ་ཚེས་པ་ལྟ་བུ་ནི། །འཕྲལ་བའམ་ཆུ་སོའི་སྟེང་ན་གནས། །དེ་ནི་ཟླ་དྲུག་ལས་མི་འཚོ། །ལུས་ཅན་
Vol. 198 · folio 121b
གང་གི་ལུས་ལ་ཆུ། །པདྨའི་འདབ་མ་ལྟ་བུར་ནི། །རྒྱལ་ཚེ་ཆུ་ནི་མི་ཆགས་པ། །དེ་ནི་ཟླ་བ་དྲུག་ན་འཆི། །སྤྱི་བོ་དུ་བའམ་སྣུམ་བཅས་སྣང་། །དེ་ནི་ཟླ་བ་གཅིག་ན་འཆི། །སྤྱི་བོའམ་སྨིན་མཚམས་གསར་དུ་ནི། །མཚམས་བྱེ་བའམ་གཙུག་འཁྱིལ་སྣང་། །ནད་མེད་ཞག་
ནི་དྲུག་གིས་འཆི། །ནད་པ་ཞག་གསུམ་ན་འཆི་འགྱུར། །ལྕེ་གནག་ཁ་ནི་མནམ་པ་དང་། །མིག་གཡས་ཕུགས་སུ་བྲོས་བའམ། །བྱ་ནི་མགོ་ལ་བབས་པ་དག །གང་ཡིན་དེ་ནི་ཡོངས་སུ་སྤང་། །གང་ཞིག་ཁྲུས་བྱས་བྱུགས་པ་དང་། །ལུས་ཀུན་གཤེར་བར་གནས་བཞིན་དུ། །
སྙིང་ག་ཤིན་ཏུ་མྱུར་བར་བསྐམས། །དེ་ནི་ཟླ་ཕྱེད་ལས་མི་འཚོ། །གློ་བུར་དུ་ནི་ལུས་ཀུན་མདོག །ཅིག་ཅར་ཐ་མལ་པ་ལས་ཉམས། །དེ་བཞིན་ནད་ནི་སོགས་པ་དང་། །རྩུབ་དང་སྣུམ་འགྱུར་འཆི་བ་ཡིན། །གོང་གི་སོར་མོ་དྲངས་པ་དང་། །སྒྲ་མི་འབྱུང་བ་དེ་མི་འཚོ། །དེ་བཞིན་
ལུད་པ་སྦྲིད་སྩོགས་ལ། །གང་ཞིག་སྔོན་མེད་སྒྲ་བྱུང་བའམ། །དབུགས་འབྱིན་ཐུང་བའམ་རིང་བའམ། །དྲི་མནམ་པའམ་དྲི་ཞིམ་འགྱུར། །ལུས་ནི་ཁྲུས་བྱས་མ་བྱས་རུང་། །མི་མ་ཡིན་པའི་དྲི་འབྱུང་བའམ། །གོས་རྨ་དྲི་མ་བྱུང་ན་ཡང་། །དེ་ནི་ལོ་གཅིག་ནས་འཆི་འགྱུར། །
གང་ཞིག་ཤིག་དང་སྦྲང་མ་སྩོགས། །དྲི་ཞིམ་པས་ནི་འདུ་བའམ། །དྲི་ང་བས་ནི་སྤོང་འགྱུར་ན། །དེ་ནི་ལོ་གཅིག་ལས་མི་འཚོ། །གང་ཞིག་རྟག་ཏུ་ལུས་ཚལ། །གྲང་བ་ཉིད་དུ་སྣང་བ་དང་། །བསིལ་བ་ཤིན་ཏུ་ཚ་བར་སྣང་། །རྒྱུ་མེད་པར་ནི་རྔུལ་དང་རེངས། །གང་
ཞིག་གྲང་བའི་ཆུ་བུར་འབྱུང་། །ལུས་གྲང་བ་ལས་ཚ་བ་སྐྱེས། །གྲང་གདུངས་ཐན་པ་ལ་མི་དགའ། །དེ་ནི་གཤིན་རྗེས་དབང་འགྱུར་ཡིན། །གང་གི་སྙིང་ག་དྲོ་གྱུར་ལ། །ལྟོ་བ་ཤིན་ཏུ་གྲང་གྱུར་ཅིང་། །བཤང་བ་འཁྲུ་ཞིང་སྐོམ་དད་ཆེ། །དེ་ནི་རོ་དང་འདྲ་བ་ཡིན། །
བཤང་དང་གཅི་བ་མཆིལ་སྣབས་སམ། །ཁ་ཆུ་ཆུ་ནང་ནུབ་གྱུར་པའམ། །མཆིལ་མ་ཁ་དོག་སྣ་ཚོགས་པ། །གང་ཡིན་པ་དེ་ཟླ་གཅིག་འཆི།། ས་ནི་ནམ་མཁར་མཐོང་བ་དང་། །ནམ་མཁའ་སར་ནི་མཐོང་གྱུར་དང་། །གཟུགས་མེད་གཟུགས་ཅན་ལྟ་བུ་དང་། །
Vol. 198 · folio 122a
གཟུགས་ཅན་གཟུགས་མེད་ལྟར་གནས་མཐོང་། །དེ་བཞིན་འོད་ཅན་འོད་མེད་མཐོང་། །དཀར་པོ་གནག་དང་པ་མེད། །མིག་ནད་མེད་པར་ཟླ་བ་ནི། །གཟུགས་མངར་རི་མེད་མཐོང་དང་། །གཉིད་མ་ལོག་པར་དྲི་ཟ་སྲིན། །ཡི་དྭགས་
གཞན་ཡང་དེ་འདྲ་བའི། །གཟུགས་མི་སྡུག་པ་མཐོང་འགྱུར་བ། །གང་ཡིན་དེ་ནི་འཆི་བར་འགྱུར། །སྨེ་བདུན་དང་ནི་ཉེར་གནས་པའི། །སྐར་མ་སྒྲིབ་མེད་མ་མཐོང་དང་། །དགུ་ཚིགས་གུང་ཚུགས་མ་མཐོང་བ། །དེ་ནི་ལོ་གཅིག་མི་འཚོའོ། །འབྲུག་སྒྲ་ཆུ་བོའི་སྒྲ་དང་ནི། །གླིང་
བུ་པི་ཝང་རྔ་ཡི་སྒྲ། །སྒྲ་གཞན་མེད་ཀྱང་ཐོས་པའམ། །ཡོད་པ་ཐོས་པར་མ་གྱུར་དང་། །རྣ་བའི་བུ་ག་བཀབ་པ་ཡིས། །འུར་འུར་པོ་ཡི་སྒྲ་མི་ཐོས། །དེ་བཞིན་དྲི་དང་རོ་དང་རེག །གང་ཞིག་ལོག་པར་ཤེས་པ་དང་། །ཡང་ན་ཡོང་ཡེ་མི་ཚོར་དང་། །མེ་མར་ཤི་བའི་དྲི་མི་ཚོར། །ཆོ་ག་
བཞིན་བྱས་ནད་སྐྱེད་ལ། །ཆོ་ག་ལོག་པས་བདེ་གནས་དང་། །གང་གི་ལུས་ནི་རྡུལ་གཡོགས་འདྲ། །ལུས་ལ་སྣད་བ་མི་ཆོར་དང་། །དཀའ་ཐུབ་དྲག་དང་ཆོ་ག་ནི། །སྔོན་འགྲོའི་རྣལ་འབྱོར་མེད་པ་རུ། །དབང་པོ་ལས་འདས་ཤེས་པ་སྐྱེད། །དེ་རྣམས་འཆི་བར་ཤེས་པར་བྱ །
སྐད་འགགས་དམན་ཞིང་མི་གསལ་དང་། །གང་ཞིག་སྐད་ནི་འཛེར་གྱུར་དང་། །སྨྲ་འདོད་པ་ནི་འཕྲལ་དུ་ནི། །བརྗེད་འགྱུར་དེ་ནི་མི་འཚོའོ། །སྐད་གསང་ཤིན་ཏུ་ཉམ་ཆུང་འགྱུར། །མདོག་དང་སྟོབས་ནི་ཉམས་པ་དང་། །རྒྱུ་མེད་པར་ནི་ནད་འཕེལ་བར། །སྣང་བ་དག་ཀྱང་
འཆི་བར་བཤད། །སྐད་གདངས་ཉམས་པར་གྱུར་པ་དང་། །བདག་ཉིད་འཆི་བར་སྨྲ་བ་དང་། །དེ་འདྲའི་སྒྲ་ནི་ཐོས་པ་དག །རིང་དུ་ཡོངས་སུ་སྤང་བར་བྱ། །ལུས་དབྱིབས་དང་ནི་ཚད་དང་ནི། །མདོག་གམ་གཟི་མདངས་གང་དག་གིས། །གཟུགས་བརྙན་འགྱུར་བ་རྨི་ལམ་དུ། །
མཐོང་ནའང་དེ་ནི་འཆི་བར་འགྱུར། །ཉི་མ་མེ་ལོང་ཆུ་སྩོགས་ལ། །གང་ཞིག་དབྱིབས་དང་ཚད་དང་ནི། །ལུས་ཀྱི་རྣམ་པ་སྣང་གྱུར་པ། །གཟུགས་བརྙན་ཞེས་ནི་དེ་ལ་བཤད། །མདོག་དང་གཟི་མདངས་ལ་བརྟེན་གང་། །ལུས་གཏོགས་གཟུགས་བརྙན་ལྟ་བུ་ཡིན། །གང་
Vol. 198 · folio 122b
གི་གཟུགས་བརྙན་བཅད་པ་དང་། །གྱེས་དང་ལྷག་དང་འཁྲུགས་པ་དང་། །མགོ་མེད་མགོ་གཉིས་ཡོན་པོ་དང་། །མི་སྡུག་གཞན་དུ་གྱུར་པར་སྣང་། །མཚན་ཉིད་ལས་བྱུང་མ་ཡིན་ན། །དེ་ནི་ཚེ་ཟད་ཡིན་ཞེས་བྱ། །གང་གི་མིག་གི་རྒྱལ་མོར་ནི། །གཟུགས་བརྙན་
སྣང་བར་མ་གྱུར་དང་། །ནམ་མཁའ་ལ་སྩོགས་ལྔ་པོ་ཡི། །གཟུགས་བརྙན་རྣམ་པ་སྣ་ཚོགས་ལྔ། །ནམ་མཁའ་དངས་ཤིང་སྔོ་བ་དང་། །སྣུམ་བཅས་མདོག་དང་བཅས་པ་ཡིན། །རླུང་ལས་རྡུལ་ཅན་དམར་དང་གནག །ཐལ་མདོག་རྩུབ་ཅིང་མདོག་ཉམས་ཡིན། །མེ་ཡི་
དམར་ཞིང་དང་བར་སྣང་། །མདངས་ལྡན། །བལྟ་ན་སྡུག་པ་ཡིན། །ཆུ་སྐྱེས་བཻཌཱུརྱ་འདྲར་སྣང་། །དག་ཅིང་རབ་སྣུམ་བདེ་བ་ཡིན། །ས་ཡི་བརྟན་སྣུམ་དག་པ་དང་། །མཐུག་ཅིང་དཀར་དང་སྔོ་བསངས་ཡིན། །རླུང་ནི་འཆི་སྡུག་བསྔལ་སྐྱེད། །གཞན་དག་བདེ་བ་སྐྱེད་པ་
ཡིན། །མེ་ཡིས་ཐམས་ཅད་མདོག་ཅན་ཏེ། །དེ་ནི་རྣམ་པ་བདུན་དུ་བཤད། དམར་དང་སེར་དང་དཀར་ནག་པོ། །ལྗང་དང་སྐྱ་དང་ནག་པོའོ། །དེ་རྣམས་ལ་ནི་གང་གསལ་འགྱུར།། སྣུམ་དང་དྲི་མ་མེད་དེ་དག །དྲི་མ་ཅན་དང་རྩུབ་པ་དང་། །ཞུམ་པ་སྡུག་བསྔལ་
སྐྱེད་པ་ཡིན། །མདངས་ཀྱིས་མདོག་ནི་ཟིལ་གྱིས་གནོན། །འོད་ནི་ཁ་དོག་གསལ་བྱེད་ཡིན། །མདངས་ཀྱིས་ཉེ་བར་སྣང་བ་ཡིན། །འདི་ནི་རིང་ནས་སྣང་བ་ཡིན། །འགའ་ཞིག་མདངས་དང་ཁ་དོག་གི །མཚན་མའི་ཁྱད་པར་མེད་མིན་ཏེ། །མི་རྣམས་མཚན་མ་བཟང་
ངན་འབྱུང་། །དུས་སུ་མདངས་ལ་བརྟན་པ་ཡིན། །གང་ཞིག་རྐང་པ་འདྲུད་པ་དང་། །ཕྲག་པ་ཡོ་བས་འགྲོ་བ་དང་། །གང་ཞིག་ཕན་ཟས་མང་ཟོས་ཀྱང་། །རྟག་ཏུ་སྟོབས་ནི་ཉམས་འགྱུར་ན། །གང་ཞིག་ཉུང་ཟོས་བཤང་གཅི་མང་། །མང་ཟོས་བཤང་གཅི་ཉུང་བ་དང་། །
ཉུང་ཟོས་བད་ཀན་གྱིས་ཉེན་ཞིང་། །དབུགས་རིངས་འབྱིན་ཞིང་ས་ལ་འགྲེ། །གང་ཞིག་དབུགས་རིངས་ཕྱུང་ནས་ནི། །ཐུང་དུ་རྔུབས་ཏེ་ཤུགས་འབྱིན་དང་། །ཐུང་དུ་དབུགས་འབྱིན་བསྣུན་པ་ལྟར། ཤིན་ཏུ་འདར་བར་བྱེད་པ་ཡང་། །གང་ཞིག་ལག་ངར་བསྐུམས་ནས་ནི།
Vol. 198 · folio 123a
མགོ་བོ་དཀའ་བས་འདེབས་པ་དང་། །གང་ཞིག་འཕྲལ་བ་ལས་རྡུལ་འཛག །ཚིགས་མཚམས་ལྷོད་པར་གྱུར་པ་དང་། །ཉམས་ཆེ་བ་འམ་ཉམ་ཆུང་གྱུར་པ་གང་། །ལྡང་བའི་ཚེ་ན་མི་དྲན་འགྱུར། །གང་ཞིག་གན་རྐྱལ་ཉལ་ནས་ནི། །རྐང་
པ་རྣམ་པར་བསྐྱོད་པ་དང་། །རྩིག་པ་མལ་སྟན་ལ་སོགས་པ། །གང་ཞིག་རྟག་ཏུ་སྙེས་པ་དང་། །རྒྱུ་མེད་པར་དགོད་མྱོངས་ཚུལ་གྱིས། །མཆུ་ལ་ལྡགས་པར་བྱེད་པ་དང་། །ཡ་མཆུ་ལྡགས་པར་བྱེད་པ་དང་། །སྒྲ་བཅས་པར་ཡང་གང་བྱེད་དང་། །ལུས་མདོག་ནག་པོ་
སེར་པོ་དང་། །དམར་པོའི་གཟུགས་བརྙན་སྣང་བ་དང་། །སྨན་པ་སྨན་དང་ཁ་ཟས་དང་། །བླ་མ་མཛའ་བཤེས་ལ་སྡང་གང་། །འདི་དག་ཐམས་ཅད་གཤིན་རྗེ་ཡི། །དབང་གྱུར་ཡིན་པར་ཤེས་པར་བྱ། །གང་ཞིག་དྲོད་ཆུང་སེམས་གཡེངས་དང་། །རྟག་ཏུ་མདངས་ངན་
ཡིད་མི་བདེ། །གང་ཞིག་གཏོར་མ་བྱ་རོག་ལ། །བྱིན་ཡང་ཟ་བར་མི་བྱེད་དང་། །གང་ཞིག་རྒྱུ་མེད་ཡིད་གཞུངས་དང་། །མཛེས་ཤིང་ལུས་རྒྱས་དཔལ་ཐོབ་པའམ། །དེ་ལས་ཉམས་པར་གྱུར་པ་དག །དེ་ནི་གཤིན་རྗེའི་ཁྱིམ་དུ་འཇུག །ཐ་མལ་པར་རམ་ནད་པ་ཡིས། །
གང་ཞིག་ཡོན་ཏན་སྐྱོན་རང་བཞིན། །སྔ་ལས་གཞན་དུ་འགྱུར་པར་སྣང་། །དེ་ནི་ཟླ་དྲུག་ལས་མི་འཚོ། །དད་དང་ཚུལ་ཁྲིམས་དྲན་དང་སྦྱིན། །བློ་གྲོས་སྟོབས་ནི་རྒྱུ་མེད་པར། །འདི་དྲུག་ལས་ནི་ལྡོག་གྱུར་པ། །ཟླ་བ་དྲུག་ནས་འཆི་བར་འགྱུར། །འགྲོ་དང་
ཚིག་ནི་སྨྱོ་བ་འདྲ། །འདར་རྨོངས་ཟླ་བ་གཅིག་ནས་འཆི། །སྐྲ་ཕྱི་བ་ན་ཚོར་བ་མེད། །ཞག་དྲུག་ནས་ནི་འཆི་བར་འགྱུར། །གང་ཞིག་ལྐོག་ནད་མེད་པ་རུ། །མིད་པར་ཁ་ཟས་མི་ཆུད་དང་། །བྲན་གཡོག་ལོག་པར་བྱེད་གྱུར་པ། །དེ་ནི་འཆི་བ་དང་འདྲར་
བཤད། །གང་ཞིག་རྟག་ཏུ་གཉིད་ལོག་པའམ། །གཉིད་མེད་དེ་ཡང་མི་འཚོའོ། །མཆི་མས་གདོང་ནི་ཁེབས་པ་དང་། །རྐང་པ་ཤིན་ཏུ་རྔུལ་བ་དང་། །མིག་ནི་མི་སྡུག་པར་སྣང་བ། །གཤིན་རྗེའི་གནས་སུ་འགྲོ་བར་འགྱུར། །སྔོན་ཆད་དགའ་བའི་དངོས་ལ་གང་། །
Vol. 198 · folio 123b
དགའ་མི་འགྱུར་བ་དེ་མི་འཚོ། །གང་ཞིག་འཕྲལ་དུ་འགྱུར་བ་ཡིན། །མཚན་ཉིད་ཐམས་ཅད་སྣང་བ་དང་། །འཕྲལ་དུ་ལྡོག་པར་འགྱུར་བ་དག །དེ་ནི་མོད་ལ་འཆི་བར་འགྱུར། །རིམས་ནི་སྟོབས་དང་ལྡན་པ་དང་། །གཏིང་དུ་ཞེན་ཞིང་ཡུན་རིང་དང་། བླ་བཅས་
མགོ་འཁོར་དབུགས་མི་བདེ། །རིད་ཅིང་སྐྲངས་དང་མེ་དྲོད་ཉམས། །ཚིག་མི་གསལ་ཞིང་ཐོགས་པ་དང་། །མིག་དམར་སྙིང་ནི་གཟེར་བ་དང་། །སྔ་དྲོ་ལུད་པ་སྐམ་པོ་འབྱུང་། །ཕྱི་དྲོ་དེ་ལས་གཞན་དུ་འགྱུར། །བད་ཀན་ལུད་པར་བཅས་པ་དང་། །སྟོབས་
དང་ཤ་ནི་ཟད་ན་འཆི། །ཁྲག་དང་མཁྲིས་པ་ཤིན་ཏུ་དམར། །ཡང་ན་གནག་པའམ་ཚོན་ཅན་ནམ། །དམར་དང་སེར་དང་ལྗང་མདོག་ཏུ། །ཁྲག་གི་གཟུགས་ནི་རབ་ཏུ་སྣང་། །བ་སྤུའི་བུ་ག་ནས་འཛག་དང་། །ལྐོག་མ་སྙིང་གར་གོས་པ་དང་། །གོས་ལ་མ་ཆགས་དྲི་
ངལ། །ཤུགས་བྱུང་ཤིན་ཏུ་མང་དུ་འབྱུང་། །རྒད་པོ་སྐྱ་རྦབ་རིམས་ཐབས་སྐྱུགས། །ལུད་པ་སྐྲང་དང་ཚད་འཁྲུ་གསོད། །ལུད་པ་དབུགས་མི་བདེ་རིམས་སྐྱུགས།། །སྐོམ་དང་ཚད་འཁྲུ་འོར་ནད་དང་། །གཅོང་ཅན་སྦོས་དང་རྩིབ་ལོགས་གཟེར། །ཁྲག་སྐྱུག་ཕྲག་པ་
ཚན་འཆི། །སྐྱུག་པ་ཤུགས་དང་ལྡན་པ་དང་། །བཤང་གཅི་དྲི་ཡོད་ཚོན་ཅན་དང་། །ལུད་པ་བཤང་ནག་ཁྲག་དང་བཅས། །དབུགས་མི་བདེ་ཡུན་རིང་ན་འཆི། །སྐོམ་དད་ནད་གཞན་གྱིས་ཉམ་སྨད། །ལྕེ་འབྱུང་དྲན་པ་སྟོར་ན་འཆི། །ཆང་ནད་ཤིན་ཏུ་གྲང་བས་
ཉེན། །ཤ་ཟད་ཏིལ་མར་གདོང་བསྐུས་འདྲ། །གཞང་འབྲུམ་རྐང་ལག་ལྟེ་བ་དང་། །བཤང་སྒོ་རླིག་པའི་ཁ་སྐྲངས་དང་། །སྙིང་ག་རྩིབ་ལོགས་ཡན་ལག་ན། །སློན་བྲོ་གཞང་རྣམས་རིམས་ཀྱིས་ཉེན། །ཆད་འཁྲུ་མཆེར་བའི་དུམ་བུ་དང་། །ཤ་བཀྲུས་པའམ་སྣུམ་
ནག་དང་། །ཏིལ་མར་འོ་མ་མར་འདྲ་ཡང་། །ཞོ་དང་རྐང་ཞག་ཆང་སྙིང་དང་། །གླད་པ་གནག་ཚ་འདྲ་བ་དང་། །ཤ་བརྡུངས་ཆུ་དང་སྦྲང་རྩི་དང་། །རབ་དམར་གནག་དང་སྣུམ་པ་དང་། །རྣག་འདྲ་སླ་སྐ་རྣག་དང་བཅས། །ལུས་ཟུངས་སྣ་ཚོགས་འབྱུང་བ་དང་། །བཤང་བ་
Vol. 198 · folio 124a
མེད་པའམ་ཆེ་བ་འམ། །འབྱར་བག་སྦྲང་མ་ལྟ་བུའམ། །རི་མོ་ཅན་དང་ཚོན་ཅན་དང་། །གཞང་གི་གཉེར་མ་ཕྱིར་འབྱུང་དང་། །སྒྲ་ཅན་རུས་ཚིགས་གཟེར་བ་དང་། །བཤང་སྒོ་བྱེ་ཞིང་སྟོབས་ཟད་དང་། །ཟས་ནི་ཉམས་འབྱུང་བ་དང་། །སྐོམ་བཅས་
རིམས་དང་སྐྱུག་པ་དང་། །ལུས་ཚ་ལྟོ་སྦོས་རྒྱུན་འཁྲུས་འཆི། །རྡེའུ་འགགས་རླིག་པ་སྐྲངས་པ་དང་། །གཅིན་འགགས་ནད་ཀྱིས་ཉམ་ཐག་གསོད། །གཅིན་སྙི་སྐོམ་དང་ཚ་འབྲུམ་བཅས། །ཤ་རུལ་ཚད་པས་འཁྲུ་བ་འཆི། །ཐོར་ནད་དང་ནི་སྙིང་ག་རྒྱབ། །ནུ་མ་ཕྲག་པ་སྤྱི་བོར་
བྱུང་། །ཚིགས་དང་རྐང་པ་ལག་པར་གནས། །གཅིན་སྲི་ནད་ཅན་སྟོབས་ཆུང་དང་། །ཤ་རྣམས་ཐམས་ཅད་འདྲུལ་བ་དང་། །སྐོམ་དང་ཚ་མྱོས་རིམས་བཏབ་འཆི། །མེ་དབལ་གནད་ནི་འགགས་པ་དང་། །སྐྱིགས་བུ་མགོ་འཁོར་དབུགས་མི་བདེ། །སྐྲན་ནི་རྒྱ་ཆེར་ཀུན་ནས་ཟླུམ། །
སྲ་ཞིང་རུས་སྦལ་ལྟར་མཐོ་དང་། །རྩ་མངོན་རིམས་བཏབ་སྐྱུགས་པ་དང་། །སྐྱིགས་བུ་སྦོས་ཤིང་ཟུག་གཟེར་བཅས །ལུད་པ་ཆེ་མ་པ་སྙིང་འཕར་དང་། །ཚང་འཁྲུ་སྐྲང་དང་དབུགས་མི་བདེ། །དམུ་རྫིང་བཤང་གཅི་འགགས་པ་དང་། །དབུགས་མི་བདེ་སྐྲང་སྐྱིགས་བུ་དང་། །
རིམས་དང་མགོ་འཁོར་བརྒྱལ་སློན་འཁྲུ། །ཉམ་ཆུང་མི་ནི་གསོད་འགྱུར་ཞིང་། །མིག་སྐྲང་བ་དང་མཆན་ཁུང་དང་། །པགས་པ་རུལ་ཞིང་སྲབ་པ་དང་། །བཀྲུ་སྨན་གྱིས་བཀྲུས་ལྟོ་སྦོས་ཞིང་། །ཡང་དང་ཡང་དུ་འཕེལ་བ་འཆི། །སྐྱ་རྦབ་སྐྲང་དང་བཅས་པ་དང་། །མིག་དང་
སེན་མོ་སེར་པོར་སྣང་། །སྙོམས་ཚ་ཡི་ག་འཆུས་དང་སློན། །བརྒྱལ་དང་ལྟོ་སྦོས་ཚད་འཁྲུ་འཆི། །སྐྲངས་ནད་བླ་བརྣན་སྣ་ཚོགས་ལྡན། །སྐྱེས་པ་རྐང་གཉིས་དང་པོར་སྐྲངས། །བུད་མེད་མགོ་ནས་སྐྲངས་ན་འཆི། །གཉི་གའང་མཚན་དང་མཆན་ཁུང་སྐྲངས། །
རི་མོར་བཅས་འཛག་སྐྱུགས་པ་དང་། །རིམས་དང་ཚད་འཁྲུ་དབུགས་མི་བདེ། །སྐྲངས་པའི་ཐ་མར་རིམས་ཚད་འཁྲུ། །དེ་གཉིས་གཉིས་ཟད་མཐར་སྐྲངས་དང་། །ལུས་ཅན་ཉམ་ཆུང་གྱུར་པ་དག། །སྐྲངས་པར་གྱུར་ན་འཆི་བར་འགྱུར། །གང་ཞིག་སྐྲངས་པ་རྐང་པར་
Vol. 198 · folio 124b
གནས། །བྱིན་པའི་ཉྭར་ནི་ཕྱིན་པ་དང་། །དཔྱི་ཡི་བར་དུ་གནོད་གྱུར་པ། །དེ་ནི་སྨན་པས་སྤང་བར་བྱ། །གང་གི་གདོང་ལག་རྐང་པ་ནི། །ལྷག་པར་སྐམས་པར་གྱུར་པའམ། །ལུས་མ་གཏོགས་འདི་ཤས་ཆེར་སྐྲངས། །དེ་ནི་ཟླ་བ་གཅིག་ན་འཆི། །མེ་དབལ་ལུད་པ་ཁ་དོག་
ཉམས། །རིམས་བརྒྱལ་ཡན་ལག་བཅག་སྙམ་སེམས། །མགོ་འཁོར་ཁ་སྐམས་སྙིང་ག་ན། །ལུས་སྙོམ་ཚད་པས་འཁྲུ་ལྡན་སྤང་། །མཛེ་ནི་ཡན་ལག་འདྲུལ་བ་དང་། །མིག་དམར་སྐད་ནི་འགགས་པ་དང་། །དྲོད་ཉམས་སྲིན་བུ་རྣམས་ཀྱིས་གཙེས། །སྐོམ་
དང་ཚད་པས་འཁྲུ་ལྡན་འཆི། །རླུང་ནད་པགས་པས་ཚོར་མེད་བྱེད། །ལུས་འདར་སྐྲང་དང་ནད་ཀྱིས་གཟིར། །དྲེག་ནད་རྨོངས་ཤིང་བརྒྱལ་བ་དང་། །མྱོས་དང་གཉིད་ཆེ་རིམས་མགོ་རེངས། །ཡི་ག་འཆུས་དང་དབུགས་མི་བདེ། །འཁུམས་ཤིང་ཆུ་བུར་རུལ་པ་འདྲ། །
མགོ་ནད་ཡིད་འཆུས་དབུགས་མི་བདེ། །རྨོངས་བག་ལ་འཁྲུ་ཞིང་སྐོམ་མགོ་འཁོར། །སྐད་འགགས་ལུས་ཟུངས་མེ་དྲོད་ཟད། །ལུས་ཉམ་ཆུང་ནད་ཀུན་གསོད་བྱེད། །རླུང་གི་ནད་དང་བརྗེད་བྱེད་དང་། །མཛེ་ནད་ཁྲག་དང་དམུ་རྫིང་གཅོང་། །སྐྲན་ཅན་གཅིན་ནད་ལྡན་པ་
ཡིས། །ཤ་ཟད་ནད་ཚབས་ཆུང་ཡང་སྡང་། །ཤ་དང་སྟོབས་ནི་ཤིན་ཏུ་ཟད། །ནད་འཕེལ་ཡི་ག་འཆུས་པ་དག །ནད་པ་གང་ལ་སྣང་འགྱུར་ཏེ། །ཟླ་བ་ཕྱེད་དང་གཉིས་ན་འཆི། །རླུང་ནད་གཏུན་འདྲ་ལ་འཕེལ་འགྱུར་ཞིང་། །མི་ཟད་སྙིང་ག་གནས་པ་དག །སྐོམ་
དད་ཀྱིས་ནི་ཡོངས་གདུངས་པ། །འཕྲལ་དུ་སྲོག་ནི་འཕྲོག་པར་བྱེད། །རླུང་ནད་ཉྭ་ནི་ལྷོད་བྱེད་ཅིང་། །སྣ་ནི་ཡོན་པོར་འཆུས་བྱེད་པ། །གང་གི་འགྲམ་པ་ཟད་པར་སྣང་། །འཕྲལ་དུ་སྲོག་ནི་འཕྲོག་པ་ཡིན། །རླུང་ནད་ལྟེ་བ་གཞང་བར་སོང་། །ཡང་ན་བརླ་དབྲག་གཉིས་
ན་གནས། །སྟོབས་ལྡན་རླུང་ནི་ཉམ་ཆུང་བའི། །གཞང་དང་སྙིང་གར་གནས་བྱེད་པའམ། །དྲི་མ་ཆུ་སོའི་ལྟག་ལྟེ་བ། །བཀག་ཏེ་ནད་ནི་སྐྱེད་པ་དང་། །ཆུ་སོར་གཟེར་བར་བྱེད་འགྱུར་ལ། །སྐོམ་དད་འཁྲུ་བར་བྱེད་པ་དང་། །ཆུ་སོ་བཤང་སྒོར་གནས་ནས་ནི། །རླུང་ནི་
Vol. 198 · folio 125a
དབུགས་མི་བདེ་སྐྱེད་དང་། །རྩིབ་མའི་རྩེ་མོ་འདེགས་བྱེད་ཅིང་། །སྙིང་གར་རླུང་ནི་བརྟེན་པ་དང་། །མིག་བགྲད་འགྱུར་བ་མེད་བྱེད་པ། །འཕྲལ་དུ་སྲོག་ནི་འཕྲོག་པར་བྱེད། །འཕྲལ་དུ་རིམས་དང་ཚ་བས་བཏབ། །སྐོམ་དད་བརྒྱལ་དང་སྟོབས་
ཟད་དང་། །ཚིགས་མཚམས་བྲལ་བར་གྱུར་པ་རྣམས། །ཉེ་བར་འཆི་བར་འགྱུར་བ་ཡིན། །ནང་པར་གང་གི་གདོང་ལས་ནི། །རྔུལ་ནས་ཤས་ཆེར་འཛག་འགྱུར་ཞིང་། །ཁར་ཆགས་རིམས་ཀྱིས་གདུངས་པ་རྣམས། །དེ་ཡང་འཚོ་བར་དཀའ་བ་ཡིན། །གང་གི་ལུས་ལ་འབྲུམ་
ཕྲན་ནི། །བྱི་རུའི་མདོག་འདྲ་སྣང་གྱུར་པ། །བྱུང་ནས་མྱུར་དུ་མི་སྣང་གྱུར། །དེ་ནི་རིང་པོར་མི་ཐོགས་འཆི། །འབྲུམ་པ་སྲན་ཆུང་བཤུས་འདྲ་ཞིང་། །དེ་བཞིན་བྱི་རུའི་མདོག་འདྲ་བ། །ནང་དུ་ཁ་བལྟ་ཚད་འབྲུམ་འདྲ། །འབྲུམ་བུས་ལུས་ནི་འཇིག་བྱེད་ཡིན། །མིག་
སེར་གདོང་སེར་རྒྱས་པ་དང་། །མུར་འགྲམ་གཉིས་ཀྱི་ཤ་ཟད་པ། །སྐྲག་ཅིང་ལུས་ནི་ཚ་བདག །གང་ཡིན་དེ་ནི་སྤང་བར་བྱ། །རྒྱུ་མེད་ཕྲུགས་པ་དག་ལས་རྨ། །འཕེལ་ཞིང་མཆེད་པར་བྱེད་པ་དང་། །རླུང་སྐྱེད་གང་ཡིན་ན་བ་མེད། །མཁྲིས་པ་ལས་གྱུར་ཚ་བ་མེད། །
བད་ཀན་ལས་གྱུར་རྣག་མེད་དང་། །གང་ཞིག་ནད་སྐྱེད་ཟུག་གཟེར་མེད། །ཕྱེ་མས་ཁྱབ་དང་རྙིང་པར་སྣང་། །གང་དུ་གློ་བུར་དག་ཏུ་ནི། །རྒྱལ་མཚན་མདུང་ལ་སོགས་གཟུགས་སྣང་། །རྨ་དེ་ཐམས་ཅད་སྤངས་བར་བྱ། །མཚན་པར་རྡོལ་ན་བཤང་གཅིག་རླུང་། །འབྱུང་ཞིང་
སྲིན་བུས་གཙེས་པ་དང་། །པུས་མོ་ཕན་ཚུན་འབྱེར་བ་དང་། །རྐང་པ་བཏེག་ནས་ལྟུང་གྱུར་དང་། །ཡང་དང་ཡང་དུ་ཁ་བསྒྱུར་བའི། །ནད་པ་དེ་ནི་འཚོ་མི་འགྱུར། །སོ་ཡིས་སེན་མོའི་རྩེ་གཅོད་ཅིང་། །སེན་མོས་སྐྲའམ་རྩ་གཅོད་དང་། །ས་ལ་ཤིང་བུས་འདྲི་
བ་དང་། །བོང་པས་བོང་བ་རྡེག་པ་དང་། །སྤུ་ལྡང་གཅིན་ནི་བསྐ་བ་དང་། །ལུད་པ་བསྐམས་ཤིང་རིམས་ཀྱིས་འདེབས། །སྐད་ཅིག་དགོད་ཅིང་སྤྱུགས་གླུ་ལེན། །མ་ལ་ལ་རྐང་བས་རྡེག་པ་དང་། །སྐད་ཅིག་རེ་རེས་བུ་གསོལ། །ནད་པ་གང་ཡིན་དེ་མི་འཚོ། །
Vol. 198 · folio 125b
གདོང་ལ་སྨེ་བ་ངོ་ཁབས་དང་། །མཛེར་སྐྱེས་སོ་སེན་ཐིག་ལེ་ཆགས། །ལྟོ་ལ་སྣ་ཚོགས་རྩ་སྣང་བ། །གློ་བུར་བྱུང་བ་དེ་མི་འཚོ། །གྱེན་དུ་དབུགས་རྩེག་དྲོད་ཡལ་ཞིང་། །བརླ་དབྲག་གཉིས་སུ་གཟེར་གྱིས་ཉེན། །དཔལ་དང་རྣམ་པར་བྲལ་གྱུར་པ། །བློ་དང་ལྡན་པས་ཡོངས་སུ་
སྤང་། །གང་གི་ནད་ནི་འཕེལ་འགྱུར་དང་། །རང་བཞིན་ཡོངས་སུ་ཉམས་པ་ནི། །གང་ལ་འཕྲལ་དུ་འབྱུང་གྱུར་པ། །དེ་ནི་མོད་ལ་འཆི་བར་འགྱུར། །སྨན་པས་ནད་པ་གང་ཞིག་ལ། །སྨན་གྱི་བྱ་བ་བྱས་གྱུར་པ། །འབད་ཀྱང་སོས་པར་མ་གྱུར་ན། །དེ་ཡི་སྲོག་ནི་རྙེད་པར་དཀའ། །
མཁས་ཤིང་མང་དུ་གྲུབ་པ་དང་། །ཆོ་ག་བཞིན་དུ་བྱིན་གྱུར་ཡང་། །སྨན་གྱི་བྱ་བ་མ་གྲུབ་གང་། །དེ་ལ་གསོ་བའི་ཐབས་མེད་དོ། །གང་གིས་སྨན་ནི་སྦྱོར་བའི་ཚེ། །རྒྱུ་མེད་པར་ནི་ཕྱིན་ཅི་ལོག། །མདོག་དང་རོ་སྩོགས་ལོགས་གྱུར་ན། །ནད་མེད་ཡིན་ཡང་དེ་མི་འཚོ། །གང་
གི་གནས་སུ་ཤིང་བཅས་མེད། །རླུང་མེད་ཀྱང་ནི་ཤི་འགྱུར་དང་། ནད་པ་གང་གི་ཁྱིམ་དུ་ནི། །སྣོད་ནི་ཤིན་ཏུ་མང་པོ་དག །ཆག་གམ་ལྷུང་བར་གྱུར་པ་ན། །དེ་ཡི་སྲོག་ནི་རྙེད་པར་དགའ། །མི་གང་ཉམ་ཆུང་གྱུར་བ་ཡང་། །གློ་བུར་སོས་པར་སྣང་འགྱུར་བ། །དེ་ཡི་སྲོག་ཀྱང་མ་
ངེས་པ། །ཡིན་པར་རྒྱུན་ཤེས་བུས་བཤད་དོ། །ཉེ་དུ་མཛའ་བོ་རྣམས་ཀྱིས་ནི། །དྲིས་ཀྱང་མཉན་པར་མི་བྱ་ལ། །སྨན་པས་སྨྲ་བར་མི་བྱ་ཞིང་། །དེ་ཡི་གསོ་བའང་ཁས་མི་བླང་། །གཤིན་རྗེའི་ཕོ་ཉ་ཤ་ཟ་སྩོགས། །གཞན་གྱིས་ཉེ་བར་བསྟེན་པ་གང་། །སྨན་གྱིས་སྟོབས་ནི་
འཇོམས་པས་ན། །དེ་ཕྱིར་དེ་ནི་ཡོངས་སུ་སྤངས། །ཚེ་ཡི་རིག་བྱེད་འབྲས་བུ་ཀུན། །ཚེ་ཤེས་པ་ལ་གནས་པ་ཡིན། །དེ་བས་འཆི་ལྟས་གནས་པ་ཀུན། །སྨན་པས་འབད་དེ་ཤེས་པར་བྱ། །ཚེ་དང་བསོད་ནམས་གཉི་ག་ཟད། །དེ་གཉིས་ཟད་པར་མ་གྱུར་ཡང་། །ཡང་བ་ནི་
མ་སྤངས་པས། །སྲོག་ཆགས་རྣམས་ནི་འཆི་བར་བཤད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ལུས་ཀྱི་གནས་ཀྱི་ལེའུ་ལྔ་པའོ།། །།དེ་ནས་ལུས་ཀྱི་གནས་ཀྱི་ཕོ་ཉ་ལ་སྩོགས་པ་བཤད་པར་བྱའོ། །ཡ་མཚན་ཅན་དང་དགེ་སྦྱོང་དང་། །རིགས་མཐུན་
Vol. 198 · folio 126a
ལས་ནི་འགྲུབ་པར་བཤད། །དེ་ལས་གོ་བཟློག་ཕོ་ཉ་ནི། །ལས་ནི་འགྲུབ་མིན་རྟགས་སུ་བཤད། །དམན་དང་འཇིགས་རེངས་སྔངས་པ་དང་། །རྩུབ་དང་བཀྲ་མི་ཤིས་སྨྲ་དང་། །མཚོན་ཆ་དབྱུག་ཐོགས་མགོ་རེག་དང་། །མ་ནིང་སྨར་རལ་པ་ཅན། །
བཀྲ་མི་ཤིས་པའི་མིང་དང་ལྡན། །སྡིག་ལས་བུད་མེད་དྲི་མ་ཅན། །མང་པོ་ནད་པ་མི་སྡུག་དང་། །ཕྲེང་བ་བྱུག་པ་དམར་པོས་བརྒྱན། །ཏིལ་མར་འདམ་བསྐུས་གོས་རྙིང་དང་། །མདོག་ངན་རླན་ཅན་གོས་གཅིག་གོན། །བོང་བུ་རྔ་མོ་མ་ཧེ་ཞོན། །ཤིང་དང་བོང་བ་ཉེད་པ་དང་། །རིང་ནས་
འབོད་པའི་ཕོ་ཉ་འོངས། །སྨན་པས་ཡོངས་སུ་སྤངས་བར་བྱ། །བཀྲ་མི་ཤིས་པ་སེམས་དང་སྨྲ། །གཅེར་བུ་གཅོད་དང་འཇིག་པ་དང་། །མཚུན་གཏོར་མེ་ལ་བསྲེག་པ་དང་། །འཆི་བ་རྣམས་ལ་སྟེར་བ་དང་། །སར་ཉལ་སྐྲ་བཤིག་སྐུད་པ་དང་། །ངུ་དང་མ་བསྡམས་གནས་
སྐབས་སུ། །སྨན་པ་གནས་ཚེ་ཕོ་ཉ་འོངས། །མི་ནི་འཆི་བར་སྟོན་པ་ཡིན། །ནད་དང་མཚན་ཉིད་མཚུངས་བ་ཡི། །ཡུལ་ལམ་དུས་སུ་སྨན་པ་གནས། །བང་ཆེན་འབོད་དུ་འོངས་མཐོང་ན། །ནད་པ་དེ་ནི་གསོ་མི་བྱ། །ལྟེ་བ་ཁ་དང་སྣ་རེག་དང་། །སྐྲ་དང་སྤུ་དང་སེན་མོ་སོ། །
མཚན་རྒྱབ་ནུ་མ་མགྲིན་པ་དང་། །ལྟོ་དང་སྲིན་ལག་དག་དང་ནི། །རས་བལ་ཕུབ་མ་ཞ་ཉེ་རྩ། །རུས་པ་གཏུན་བརྡུང་ཕྱགས་མ་རྡོ། །ཞབས་མ་གོས་ཀྱིས་མཐའ་མ་དང་། །ཐལ་བ་སོལ་བ་ཁ་ཚར་སོགས། །གཞན་ཡང་ཐོག་གི་ཞགས་པ་
ཐོགས། །ཕོ་ཉ་དེ་འདྲ་སྔོན་དུ་མཐོང་། །འཆི་བ་དག་ཏུ་སྟོན་པ་ཡིན། །དེ་བཞིན་མཚན་ཕྱེད་ཉི་མའི་གུང་། །ཐུན་མཚམས་དང་ནི་དུས་ཚིགས་དང་། །ཚེས་དྲུག་ཚེས་བཞི་ཚེས་དགུ་དང་། །སྒྲ་གཅན་མཇུག་རིངས་འཆར་དུས་སྩོགས། །བྲ་ཉེ་སྨིན་དྲུག་སྐག་ཆུ་སྟོད། །གྲེ་
དང་ཁྲུམས་སྟོད་སྣྲུབས་དང་ནི། །གོང་དུ་ཕོ་ཉ་ནད་པ་ཡི། །མཚན་ཉིད་ལ་ནི་བརྟེན་པའི་ཚིག །མི་དགེ་སྨྲ་དང་མི་ཤིས་མཐོང་། །དེར་ནི་སྨན་པ་འགྲོ་མི་བྱ། །དབང་བོ་མ་ཚང་མི་རོའམ། །མི་རུས་ཀྱིས་ནི་བརྒྱན་པའམ། །ཆད་དང་ཚིག་དང་ཉམས་ཆག་དང་། །དེ་ཡི་ཚིག་ཏུ་
Vol. 198 · folio 126b
སྨྲ་བའམ། །རོ་ནི་ཚ་དང་དྲག་པའམ། །དྲི་ནི་ཤས་ཆེར་རུལ་པའམ། །རེག་བྱ་རྒྱ་ཆེར་མི་བཟད་དང་། །གང་ཡང་དེ་འདྲ་གཞན་དག་ནི། །དེ་ཀུན་མདུན་དུ་སྨྲ་བའམ། །ཡང་ན་དེ་སྐད་སྨྲ་བའི་ཚེ། །ཕོ་ཉ་འོངས་པར་མཐོང་ན་ནི། །ནད་པ་དེ་ནི་གསོ་མི་བྱ། །ཀྱི་ཧུད་ཀྱི་ཧུད་ཆོ་
ངེས་འདེབས། །འོད་དོད་མོད་མོ་འགྱེལ་སྦྲིད་སྒྲ། །གོས་དང་གདུགས་དང་ལྷམ་འཇིག་དང་། །སྡུག་བསྔལ་བ་དག་མཐོང་བ་དང་། །ཤིང་ཆེན་རྒྱལ་མཚན་གང་བའི་སྣོད། །ཆུ་ནང་ནུབ་པར་མཐོང་བ་དག །གསོད་སྩོགས་ཡིད་དུ་མི་འོང་སྨྲ། །ཐལ་བ་ཕྱག་དར་གྱིས་གཏོར་དང་། ཕྱི་ལ་
སྲམ་དང་སྦྲུལ་དང་ནི། །སྤྲེའུས་ལམ་ནི་བཅད་པ་དང་། །འབར་བའི་ཕྱོགས་སུ་རི་དགས་བྱ། །གདུག་པ་སྒྲ་ནི་སྒྲོགས་པ་དང་། །འབྲུ་གནག་བུ་རམ་དར་བ་དང་། །ལན་ཚྭ་ཆང་རྙིང་པགས་པ་དང་། །ཡུངས་ཀར་ཞག་དང་འབྲུ་མར་དང་། །རྩྭ་དང་འདམ་བུ་བུད་ཤིང་དང་། །མ་ནིང་མི་སྲུན་སྨེ་
ཤ་ཅན། །རྒྱ་དག་དང་ནི་རྙི་རྣམས་དང་། །སློན་དང་བཤང་བ་གཏོང་བ་དང་། །རྣག་དང་མཚན་མ་ངན་པ་མཐོང་། །སྙིང་པོ་མེད་དང་འཁྲིག་པ་སྤྱོད། །རས་བལ་སྩོགས་དང་དགྲ་བོ་མཐོང་། །མལ་སྟན་དང་ནི་ཁྱོགས་ལ་སྩོགས། །ཁ་སྦུབ་ཏུ་ནི་གནས་པར་མཐོང་། །ནད་པ་
དག་དང་གཞན་དག་དང་། །སྣོད་སྩོགས་ངན་མཐོང་མི་ཤེས་སོ། །སྐྱེས་པའི་མིང་ཅན་བྱ་གཡོན་ན། །བུད་མེད་མིང་ཅན་གཡས་འདུག་བཟང་། །བྱ་དང་རི་དྭགས་གཡས་སྐོར་བཟང་། །ཁྱི་དང་ཝ་ནི་དེ་ལྟ་མིན། །རི་དྭགས་རྣམས་ནི་ཟུང་མིན་ཤིས། །ཙ་ཤ་བྱ་རྒོད་ཁཉྫ་རི། །ནེེའུ་
ལེ་དང་རྨ་བྱ་རྣམས། །མཐོང་བ་རྟག་ཏུ་ཤིས་པ་ཡིན། །འུག་པ་བྱི་ལ་སྦྲུལ་མཐོང་བ། །རྣམ་པ་ཀུན་ཏུ་ཤིས་མ་ཡིན། །གོ་ད་དང་ནི་རི་བོང་སྦྲུལ། །ཛ་བ་ཀ་ནི་མིང་ཐོས་དགེ། །མཐོང་དང་སྒྲ་སྒྲོགས་དེ་ལྟ་མིན། །དྲེད་དང་སྤྲེའུ་དེ་ལས་བཟློག །འཕྲལ་བའི་ཕྱོགས་སུ་འཇའ་
ཚོན་མཐོང་། །མི་ཤིས་རྒྱབ་ཏུ་མཐོང་ན་ཤིས། །མེ་ཡིས་གང་བའི་སྣོད་དག་ནི། །ཆག་དང་ཁོང་སྟོང་གནས་པ་དང་། །ནད་པ་འཆི་འགྱུར་ཁྱིམ་དུ་ནི། །སྨན་པ་འཇུག་པར་བྱེད་པའི་ཚེ། །ཞོ་སྩོགས་བཀྲ་ཤིས་འོག་ནས་བཤད། །གང་བའི་སྣོད་ཕྱིར་བྱུང་མཐོང་དང་། །ཕོ་ཉ་ལ་
Vol. 198 · folio 127a
སྩོགས་མི་ཤིས་མཐོང་། །དེ་ལྟའི་ནད་པ་སྤང་བར་བྱ། །དེ་ལས་གཞན་པར་སྙིང་རྗེའི་རྒྱུད། །དག་པས་འབད་དེ་གསོ་བར་བྱ། །ཞོ་འབྲུ་བུ་རམ་ཤིང་དང་ཁྲེ། །སྦྲང་རྩི་ཞུན་མར་པྲི་ཡང་ཀུ། །ནས་ཐུག་དངུལ་རྡོ་བུམ་པ་དང་། །དྲིལ་བུ་མར་མེ་ཆུ་སྐྱེས་
དང་། །དཱུར་པ་ཉ་དང་ཤ་རློན་དང་། །འབྲས་ཡོས་འབྲས་བུ་ཁ་ཟས་དང་། །བུམ་པ་རིན་པོ་ཆེ་ཡིས་གང་། །བུ་མོ་གཞོན་དང་ཤིང་རྟ་དང་། །མི་ནི་མགོ་འཕང་མཐོ་བ་དང་། །ལྷ་རྣམས་དང་ནི་རྒྱལ་པོ་དང་། །གོས་དཀར་གོན་དང་མེ་ཏོག་དཀར། །ཁྱིམ་དང་རྔ་ཡབ་རྟ་དཀར་མཐོང་། །དམ་
པ་བྲམ་ཟེ་གཙུག་ཏོར་དུང་། །རྟ་བབས་དང་ནི་གཡུང་དྲུང་དང་། །ས་ནི་བརྐོས་པར་གྱུར་པ་དང་། །མེ་ནི་རབ་ཏུ་འབར་བ་དང་། །བཟའ་བཏུང་ཡིད་དུ་འོང་བ་དང་། །མི་ཡིས་ཤིང་རྟ་ལེགས་གང་དང་། །བ་ནི་བེའུ་དང་བཅས་པ་དང་། །རྒོད་མ་བུད་མེད་བཙས་དང་། །ཤང་ཤང་ཏེའུ་ཤ་བཀྲ་
དང་། །ངང་པ་ཁུ་བྱུག་རྨ་བྱ་དང་། །སར་ས་ནི་སྒྲ་སྙན་སྒྲོགས། །དེ་བཞིན་ཕྱུགས་གཅིག་བཏགས་པ་དང་། །གདུ་བུ་མེ་ལོང་ཡུངས་ཀར་དང་། །གི་ཝང་རྣམས་ནི་མཐོང་བ་དང་། །བྱུག་པ་དྲི་ཞིམ་གྱིས་བྱུགས་དང་། །ཁུ་བ་དཀར་ཞིང་མངར་བ་དང་། །ཁྱུ་མཆོག་དེ་བཞིན་བ་ལང་རྣམས། །རྗེས་སུ་
མཐུན་པའི་སྒྲ་སྒྲོགས་དང་། །རི་དྭགས་བྱ་དང་མི་རྣམས་ནི། །ཡིད་འོང་སྒྲ་སྙན་སྨྲ་བ་ཡི། །གདུགས་དང་རྒྱལ་མཚན་པ་དན་བསྒྲེང་། །མངོན་པར་སྟོད་པར་བྱེད་པ་དང་། །རྫ་རྔ་དུང་དང་རྔ་བོ་ཆེ། །སྒྲ་དང་བཀྲ་ཤིས་སྒྲ་སྒྲོགས་པ། །བྲམ་ཟེ་རིག་བྱེད་འདོན་པ་དང་། །བདེ་བའི་རླུང་ནི་རྗེས་
མཐུན་རྒྱུ། །ལམ་དང་ཁྱིམ་དུ་འཇུག་ཚེ་ཡོད། །ནད་སོས་མཚན་ཉིད་ཡིན་ཤེས་བྱ། །དེ་ལྟར་ཕོ་ཉ་དགེ་བཤད་ནས། །དེ་འོག་རྨི་ལམ་བཤད་བྱ་སྟེ། །རྨི་ལམ་ཤི་བའི་མི་རྣམས་དང་། །ལྷན་ཅིག་ཆང་འཐུངས་ཁྱིས་དྲངས་གང་། །མི་དེ་རིམ་གྱིས་གཟུགས་ཅན་གྱི། །འཆི་
བདག་གིས་ནི་མྱུར་ཁྱེར་འགྱུར། །ལུས་དང་གོས་དང་ཕྲེང་བ་དམར། །བུད་མེད་རྒོད་པས་དྲངས་རྨིས་གང་། །དེ་ནི་ཁྲག་མཁྲིས་དག་གིས་འཆི། །མ་ཧེ་རྟ་ཕག་བོང་བུ་དང་། །རྔ་མོ་ཞོན་ཏེ་ལྷོ་ཕྱོགས་འགྲོ། །དེ་ནི་གཅོང་ཆེན་ནད་ཀྱིས་འཆི། །ལྕུག་མ་ཚེར་ཅན་འོད་མའམ། །ཏ་ལ་
Vol. 198 · folio 127b
སྙིང་གར་སྐྱེས་པ་རྨི། །གང་ཡིན་དེ་ནི་སྐྲན་གྱིས་འཆི། །གང་ཞིག་མེ་ནི་མི་འབར་ལ། །སྦྱིན་སྲེག་བྱེད་ཅིང་མར་གྱིས་བསྐུས། །གཅེར་བུར་འདུག་དང་པདྨ་ནི། །སྙིང་གར་བྱུང་རྨིས་མཛེ་ཡིས་འཆི། །གང་ཞིག་སྨེ་ཤ་ཅན་ལྷན་ཅིག། །སྣུམ་མང་འཐུངས་པར་རྨི་བདེ། །གཅིན་ནད་
ཀྱིས་ནི་འཆི་བར་འགྱུར། །སྲིན་པོ་ལྷན་ཅིག་གར་བྱེད་ཅིང་། །ཆུ་ལ་བྱིང་རྨི་སྨྱོ་བྱེད་འཛིན། །ར་རོ་གར་བྱེད་ཤི་བ་ཡི། །མིས་ཁྱེར་རྨི་བ་བརྗེད་བྱེད་འཛིན། །བོང་བུ་རྔ་མོ་བྱི་ལ་སྤྲེའུ། །སེངྒེ་སྟག་དང་ཁྭ་དག་དང་། །ཝ་འམ་མི་རོ་ལ་ཞོན་རྨིས། །དེ་ནི་འཆི་བདག་ཁར་སོང་ཡིན། །
སྣུམ་ཁུར་ཤ་ཁུ་ལི་ཟོས་རྨིས། །སད་ནས་དེ་འདྲ་སློན་འགྱུར་བ། །གང་ཡིན་དེ་ནི་འཚོ་མི་འགྱུར། །ཉི་ཟླ་གཟས་ཟིན་རྨིས་མིག་ན། །ཉི་མ་ཟླ་བ་ལྷུང་བ་ཡི། །རྨི་ལམ་མཐོང་ན་ལོང་བར་འགྱུར། །སྤྱི་བོར་འོད་མའི་ལྕུག་སྩོགས་སྐྱེས། །དེ་བཞིན་བྱ་རོག་ཚང་འཆའ་དང་། །
མགོ་བོ་ཆད་པར་རྨིས་པ་དང་། །ཁྭ་དང་བྱ་རོག་སོགས་ཀྱིས་བསྐོར། །དེ་བཞིན་ཡི་དྭགས་ཤ་ཟ་མོ། །བྱད་མ་སྨེ་ཤ་ཅན་གྱིས་བསྐོར། །འོད་མའི་ཚལ་དང་ཚེར་མ་དང་། །རྩྭ་ཡི་ཚང་ཚིང་ནང་དུ་ཚུད། །གཡང་སར་ལྷུང་དང་དུར་ཁྲོད་ཉལ། །ཕྱག་དར་ཐལ་བའི་ནང་དུ་ལྷུང་། །
ཆུ་དང་འདམ་ལ་སྩོགས་པར་ནུབ། །ཆུ་རྒྱུན་གྱིས་ནི་མྱུར་དུ་ཁྱེར། །གླུ་གར་དང་ནི་རོལ་མོ་དང་། །གོས་དང་ཕྲེང་བ་དམར་པོ་འཆང་། །ལུས་འཕེལ་ན་ཚོད་རྒས་པ་དང་། །བག་མ་ལེན་ཞིང་ཁ་སྤུ་འདྲེག །ཟས་བཙོས་སྣུམ་ཟ་ཆང་འཐུང་དང་། །སྐྱུགས་དང་འཁྲུ་བ་རྨི་བ་དང་། །
ལྕགས་དང་གསེར་དག་རྙེད་པ་དང་། །བཙོང་དང་རྩོད་ལས་ཕམ་པ་དང་། །མཆིལ་ལྷམ་གཉིས་ནི་སྟོར་བ་དང་། །རྐང་པགས་ལྷུང་བ་རྨི་བ་དང་། །ཤིན་ཏུ་དགའ་དང་རབ་ཁྲོས་བའི། །ཤི་བའི་གཉེན་གྱིས་སྤྱོས་པ་དང་། །མར་མེ་གཟའ་དང་སྐར་མ་དང་། །སོ་མིག་ལྷའི་གཟུགས་
རྣམས་ནི། །ལྷུང་བའམ་འཇིག་པ་རྨིས་པའམ། །རི་བོ་རལ་པར་འགྱུར་པ་དང་། །ནགས་ཚལ་འབར་བའི་ནང་དང་ནི། །སྡིག་ཅན་ཁྱིམ་དུ་འཇུག་པ་དང་། །རོ་བསྲེགས་པ་དང་མུན་པར་ཞུགས། །མ་ཡི་མངལ་དུ་ཞུགས་པ་དང་། །བྲག་དང་ཁང་པ་སར་ལྷུང་དང་། །དེ་བཞིན་ཉ་
Vol. 198 · folio 128a
ཡིས་མིད་པ་དང་། །ཆོས་གོས་གོན་པའི་མི་སྲུན་དང་། །གཅེར་བུ་དབྱུག་པ་ཐོགས་པ་དང་། །མིག་དམར་ཁ་དོག་གནག་པ་ནི། །མཐོང་ན་ནམ་ཡང་ཤིས་ཡིན། །བུད་མེད་སྡིག་ཅན་གདོང་གནག་དང་། །སྐྲ་དང་སེན་མོ་ནུ་མ་རིང་། །གོས་དང་
ཕྲེང་བ་དམར་པོ་ཐོགས། །རྨིས་པ་དུས་མཚན་ཡིན་པར་འདོད། །ནད་ནི་སྟོབས་དང་ལྡན་པ་ཡིས། །ཡིད་འཇུག་བུ་ག་བཀག་པའི་ཕྱིར། །མི་བཟད་རྨི་ལམ་མཐོང་འགྱུར་ཏེ། །ནད་པ་འཆི་བར་འགྱུར་པ་ཡིན། །ནད་མེད་ཐེ་ཚོམ་བཅས་གྱུར་ཞིང་། །འགའ་ཞིག་ཐར་བར་
འགྱུར་པ་ཡིན། །མཐོང་དང་ཐོས་དང་ཉམས་མྱོང་དང་། །གསོལ་བ་བཏབ་དང་བརྟགས་པ་དང་། །འབྱུང་བར་འགྱུར་དང་ནད་ལས་བྱུང་། །རྨི་ལམ་རྣམ་པ་བདུན་དུ་བཤད། །དེ་ལས་དང་པོའི་ལྔ་པོ་དང་། །རང་གི་རང་བཞིན་ཉིན་མོ་བརྗེད། །ཤིན་ཏུ་རིང་ཐུང་འབྲས་བུ་མེད། །
ཆ་འདྲེས་པ་ཡི་རང་བཞིན་ཅན། །མཚན་སྟོང་རྨི་ལམ་འབྲས་བུ་རིང་། །མཐོང་བ་ཆུང་ངུ་བྱེད་པ་ཡིན། །ནང་པར་མཐོང་དང་གཉིད་མ་ལོག། །མི་མཐུན་གཏམ་གྱིས་བར་མཆོད། །དེ་ཡི་ཉིན་པར་འབྲས་ཆེན་འགྱུར། །སྦྱིན་དང་སྦྱིན་སྲེག་ལ་སྩོགས་ཀྱིས། །རྨི་ལམ་འབྲས་བུ་
ཆུང་བར་འགྱུར། །གང་ཞིག་རྨི་ལམ་ངན་མཐོང་ནས། །སླར་ཡང་གནས་སྐབས་དེ་ཉིད་དུ། །རྨི་ལམ་བཟང་པོ་མཐོང་གྱུར་ན། །འབྲས་བུ་བཟང་པོ་ཉིད་ཐོབ་འགྱུར། །ལྷ་དང་བྲམ་ཟེ་ཁྱུ་མཆོག་དང་། །བ་ལང་རྒྱལ་པོ་མཛའ་བཤེས་གསོན། །སྐྱེས་བུ་དམ་པ་གྲགས་ལྡན་དང་། །
མེ་འབར་བ་དང་དངས་པའི་མཚོ། །བུ་མོ་ཁྱེའུ་སེར་བ་དང་། །གོས་དཀར་གོན་ཞིང་མདངས་དང་ལྡན། །སྐྱེས་བུ་ཟ་དང་ལུས་འབར་དང་། །ཁྲག་གིས་ལུས་ཀུན་བྱུགས་པ་དག། །གང་གིས་མཐོང་བར་གྱུར་བ་དང་། །གདུགས་དང་ཤ་རློན་མེ་ལོང་དུག། །སྣ་མ་དཀར་པོས་
གོས་པ་དང་། །མི་གཙང་གིས་བྱུགས་འབྲས་བུ་རྙེད། །རི་བོ་ཁང་བཟངས་འབྲས་བཅས་ཤིང་། །འཛེག་དང་སེང་གེ་གླང་ཆེན་མི། །རྟ་དང་བ་ལང་དག་ལ་ཞོན། །ཆུ་བོ་མཚོ་བྲན་རྒྱ་མཚོ་རྒལ། །ཤར་དང་བྱང་དུ་འགྲོ་བ་དང་། །བགྲོད་མིན་འགྲོ་དང་ཤི་བ་དང་། །ཉམ་ང་
Vol. 198 · folio 128b
ལས་ཐར་ལྷ་རྣམས་དང་། །ཕ་མས་མངོན་པར་བསྟོད་པ་དང་། །ངུ་དང་ལྟུང་ལས་ལྡང་བ་དང་། །དགྲ་བོ་ཕམ་པར་བྱས་པ་དག །གང་རྨིས་ཚེ་རིང་ནད་མེད་དང་། །ནོར་མང་པོ་ནི་རྙེད་པར་འགྱུར། །དེ་བཞིན་ནད་པའི་གཡོག་འཁོར་ནི། །བཀྲ་ཤིས་ཆོ་ག་ཕུན་སུམ་ཚོགས། །
དད་ལྡན་རྗེས་སུ་མཐུན་པ་དང་། །ནོར་མང་བསྡུས་པར་གྱུར་པ་དང་། །སྙིང་སྟོབས་མཚན་ཉིད་དང་ལྡན་ཞིང་། །སྨན་པ་བྲམ་ཟེ་སྩོགས་ལ་གུས། །གསོ་དཔྱད་རྣམས་ལ་སྐྱོ་བ་མེད། །དེ་ནི་ནད་མེད་འགྱུར་མཚན་ཉིད། །རྟག་ཏུ་ཤིས་པ་སྡུད་པ་དང་། །བཀྲ་མི་ཤིས་པ་རྣམ་པར་སྤང་། །
འདི་དག་དེ་ཉིད་མཐོང་བ་ཡི། །དྲང་སྲོང་རྣམས་ཀྱིས་ཤིས་པར་བཤད། །དེ་ལྟར་འདི་ནི་སྐྱེ་དང་འཆི། །མཚན་ཉིད་གང་ཕྱིར་བཤད་པས་ན། །དེ་ཕྱིར་ལུས་ཀྱི་གནས་ཡིན་པས། །འདི་ནི་ལུས་ཀྱི་གནས་སུ་བཤད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ལུས་ཀྱི་གནས་
ཀྱི་ལེའུ་དྲུག་པའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ལུས་ཀྱི་གནས་ཏེ་གནས་གཉིས་པ་རྫོགས་སོ།། །།དེ་ནས་ནད་ཐམས་ཅད་ཀྱི་ནད་གཞི་བཤད་པར་བྱའོ། །དེ་ཡང་རྒྱུན་ཤེས་ཀྱི་བུ་ལ་སྩོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་སྐད་ཅེས་བཤད་དོ། །
ནད་དང་སྡིག་པ་རིམས་གནོད་བྱེད། །འགྱུར་བྱེད་སྡུག་བསྔལ་མ་ཞུའི་སྐྱོན། །ཟད་བྱེད་འཚོ་དཀའ་མཁུན་གནོད་སྐྱེད། །མིང་གི་རྣམ་གྲངས་སྒྲས་བཤད་དོ། །ནད་གཞི་སྔར་བྱུང་ཚུལ་དང་ནི། །དེ་བཞིན་ཚུལ་ཕྱེད་གོམས་བྱེད་དང་། །དཀྱེལ་གྱུར་ཤེས་པར་བྱེད་པ་སྟེ། །ནད་ནི་
རྣམ་པ་ལྔར་ཤེས་བྱ། །གཞི་དང་རྒྱུ་དང་སྐྱེ་མཆེད་དང་། །རྐྱེན་དང་སློང་བར་བྱེད་པའི་རྒྱུ། །རྣམ་གྲངས་ཀྱིས་ནི་ནད་གཞི་བཤད། །གང་གིས་སྔར་བྱུང་ཚུལ་ཤེས་པས། །ནད་ནི་འབྱུང་བར་འདོད་གྱུར་ལ། །བྱེ་བྲག་ཕྱེད་པར་མ་གྱུར་བ། །ནད་ཀྱི་ཚུལ་ནི་ཇི་བཞིན་པར། །
ཆུང་ཕྱིར་མཚན་ཉིད་མི་གསལ་བའོ། །དེ་ཉིད་གསལ་བ་ཉིད་གྱུར་པ། །ཚུལ་ཕྱེད་པ་ཞེས་བྱ་བར་བཤད། །དབྱིབས་དང་གསལ་མངོན་རྟགས་དང་ནི། །མཚན་ཉིད་མཚན་མ་རྣམས་ཡིན་ནོ། །རྒྱུ་དང་ནད་དང་མི་མཐུན་ཞིང་། །མི་མཐུན་པ་ཡི་དོན་བྱེད་པའི། །སྨན་དང་ཟས་
Vol. 198 · folio 129a
དང་སྤྱོད་ལམ་རྣམས། །ཉེར་བར་བསྒྱུར་པས་བདེ་འགྱུར་བ། །ཉམས་བརྟས་བྱེད་པར་ཤེས་བྱ་སྟེ། །དེ་ནི་གོམས་པ་ཞེས་བྱར་བཤད། །དེ་ལས་བཟློག་པའི་མ་གོམས་ནད། །མི་འཕྲོད་ནད་ཅེས་བྱ་བའོ། །གང་གིས་ནད་ནི་དཀྱིལ་གྱུར་པས། །ཇི་བཞིན་
རྗེས་སུ་འཕེལ་འགྱུར་ཞིང་། །ནད་རྣམས་རྫོགས་ཤིང་མངོན་གྱུར་པ། །སྐྱེས་ཤིང་འོངས་པ་དཀྱེལ་གྱུར་ཡིན། །དེ་ནི་གྲངས་བརྟག་གཙོ་བོ་དང་། །སྟོབས་དང་དུས་ཀྱིས་ཕྱེ་བ་ཡིན། །གྲངས་ནི་ཇི་ལྟར་འདི་ཉིད་ལས། །རིམ་ནི་བརྒྱད་དུ་བཤད་པ་ཡིན། །ནད་རྣམས་སྤྱིར་ནི་བསྡུས་པ་ལས། །
ཆ་ཤས་དབྱེ་བ་བརྟག་པ་ཡིན། །རང་དབང་གཞན་དབང་གཉིས་ལས་ནི། །ནད་རྣམས་གཙོ་བོར་བཤད་པ་ཡིན། །རྒྱུ་སྩོགས་མ་ལུས་ཕྱོགས་གཅིག་ལས། །སྟོབས་ནི་ཆེ་ཆུང་ཤེས་པར་བྱ། །ཉིན་མཚན་དུས་དང་ཟས་ཟོས་ཆས། །ཉེས་པ་ཇི་བཞིན་ནད་ཀྱི་དུས། །དེ་ལྟར་ནད་
གཞིའི་དོན་བཤད་ནས། །དེ་ནི་རྒྱས་པར་བཤད་པར་བྱ། །ནད་རྣམས་ཀུན་གྱི་ནད་གཞི་ནི། །ནད་ནི་འཁྲུགས་པར་གྱུར་པ་ཡིན། །དེ་ནི་གནོད་འགྱུར་སྣ་ཚོགས་པ། །བསྟེན་པས་ལྡང་བར་འགྱུར་བར་བཤད། །གསུམ་པོའི་སྦྱོར་བ་རྣམ་པ་གསུམ། །གནོད་འགྱུར་སྔར་ནི་བཤད་པ་ཡིན། །
ཁ་དང་ཚ་དང་བསྐ་ཆུང་ཟད། །རྩུབ་དང་བཅུད་མེད་སྲ་བ་དང་། །བཀག་དང་ནན་གྱིས་བཙིར་བ་དང་། །མཚན་མོ་མི་ཉལ་སྐད་ཆེར་སྨྲ། །སྦྱངས་པའི་སྦྱོར་དྲགས་མྱ་ངན་འཇིགས། །སེམས་ལས་དྲག་ཤུལ་བུད་མེད་དྲགས། །སོ་ག་ཉིན་མཚན་ཟས་ཞུའི་རྗེས། །རླུང་གི་ནད་ནི་ལྡང་བར་འགྱུར། །
མཁྲིས་པ་ཚ་དང་སྐྱུར་དང་རྣ། །ལན་ཚྭ་བྲོ་དང་ལུས་ཚ་དང་། །སྟོན་ཀ་ཉིན་ཕྱེད་མཚན་ཕྱེད་དང་། །ཚ་བའི་དུས་སུ་ལྡང་བར་འགྱུར། །མངར་སྐྱུར་ལན་ཚྭ་སྣུམ་པ་དང་། །ལྕི་དང་བད་ཀན་སྐྱེད་བསིལ་དང་། །འདུག་དང་བདེ་དང་གཉིད་མ་ཞུ། །ཉིན་པར་གཉིད་ལོག་བརྟས་དྲགས་དང་། །སློན་
སྩོགས་སྦྱོར་བ་ཉེས་པ་དང་། །ཟོས་མ་ཐག་དང་དཔྱིད་ཀྱི་དུས། །སྔ་དྲོ་མཚན་སྟོད་བད་ཀན་ལྡང་། །འདྲེས་པ་ལས་ནི་ལྡན་པ་ཡིན། །ཐམས་ཅད་བསྟེན་པས་འདུས་པར་འགྱུར། །དེ་བཞིན་གཞན་ཡང་འདྲེན་མར་ཟོས། །མ་ཞུ་མ་སྙོམས་མི་འཕྲོད་དང་། །ལྷག་པར་ཟོས་པ་ལ་སྩོགས་
Vol. 198 · folio 129b
དང་། །ཆང་དང་བཏུང་བ་ཉེས་པ་དང་། །ཚོད་མ་སྐམ་དང་ལ་ཕུག་རྗེན། །ཏིལ་ཚིགས་ས་ཞག་སོ་བའི་ཆང་། །ཤ་རུལ་ཤ་སྐམ་ཤ་རིད་རྣམས། །དེ་དང་དེ་ཡིས་ཉེས་གསུམ་སྐྱེད། །དེ་བཞིན་ཁ་ཟས་སྦོས་པ་དང་། །དུས་ཚིགས་ལོག་པ་བདུན་གྱི་རླུང་། །གདོན་ཞུགས་དུག་དང་
དབྱིག་དུག་ཟོས། །བེའུ་སྣབས་ནད་འཁྲུགས་རི་རྩར་གནས། །བཙས་སྐར་ལ་ནི་གཟའ་ཞུགས་དང་། །ལོག་པར་སྦྱོར་བ་སྣ་ཚོགས་དང་། །སྡིག་པའི་ལས་ལ་བརྟེན་པ་དང་། །བུད་མེད་བུ་བཙས་ལོག་པར་བྱུང་། །གསོ་བ་ལོག་པར་བྱས་ལས་ལྡང་། །དེ་ལྟར་སོ་སོའི་ནད་ལྡང་བས། །
ནད་ཀྱི་གནས་སུ་འགྲོ་བྱེད་པ། །རྩ་སྦུབས་རྣམས་སུ་ཕྱིན་པ་དང་། །ནད་རྣམས་ལུས་ལ་མྱུར་དུ་སྐྱེད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ནད་གཞིའི་གནས་ཀྱི་ལེའུ་དང་པོའོ།། །།དེ་ནས་རིམས་ནད་ཀྱི་ནད་གཞི་བཤད་པར་བྱའོ། །རིམས་ནི་ནད་བདག་སྡིག་ཅན་
དང་། །འཆི་བདག་མདངས་ཟ་འཆི་བྱེད་ཡི། །ཁྲོས་པས་མྱུར་བའི་མཆོད་སྦྱིན་བརླག། །དྲག་པོ་དཔྲལ་བའི་མིག་ལས་བྱུང་། །སྐྱེ་དང་འཆི་ཚེ་རྨོངས་བྱེད་པ། །མི་འཕྲོད་སྣ་ཚོགས་བསྟེན་ལས་བྱུང་། །མི་བཟད་མིང་ནི་སྣ་ཚོགས་པས། །སྐྱེ་གནས་དུ་མ་རྣམས་ལ་གནས། །
དེ་ནི་ནད་རྣམས་སོ་སོར་འདྲེས། །འདུས་དང་གློ་བུར་ལས་བརྒྱད་འགྱུར། །དེ་ལ་ནད་རྣམས་རང་རང་ནི། །རྒྱུ་ལས་འཁྲུགས་ཏེ་ལྡང་བ་ཡིས། །མ་ཞུའི་གནས་སུ་ཞུགས་གྱུར་པ། །ལྷན་ཅིག་གནས་ནས་རྩ་སྒོ་བཀག། །ཞུ་བའི་གནས་ནས་མེ་དྲོད་ནི། །ཕྱི་རོལ་དུ་ནི་འབྱིན་པར་བྱེད། །
དེ་དང་ལྷན་ཅིག་མངོན་ཁྱབ་ནས། །ལུས་ཀུན་ཚ་བར་བྱེད་པ་ཡིན། །ཡན་ལག་ཤིན་ཏུ་ཚ་བྱེད་པས། །རིམས་ནི་དེ་ཡིས་སྐྱེད་པར་བྱེད། །རྩ་སྒོ་བཀག་པས་དེ་འོག་ཏུ། །རྡུལ་ནི་མང་དུ་མི་འབྱུང་ངོ་། །དེ་ཡི་སྔོན་ཚུལ་སྒྱིད་ཞན་དང་། །ཉམས་མི་དགའ་ཞིང་ལུས་ལྕི་ལ། །
རོ་མི་ཚོར་ཞིང་ཡི་ག་འཆུས། །གླལ་འབྱུང་མིག་འཁྲུགས་མཆི་མར་བཅས། །ཡན་ལག་ན་ཞིང་འཇུ་སྟོབས་ཆུང་། །ཉམ་ཆུང་གཉིད་ནི་ཆེ་བ་དང་། །སྦུ་ལྡང་བྱ་རྨྱང་བྱེད་འདོད་དང་། །བྱིན་པའི་ཉྭ་ན་ལུས་སྙོམ་དང་། །ཕན་པར་བསྟན་པ་མི་བཟོད་ཁྲོ། །སྐྱུར་དང་ཚ་དང་དྲོད་
Vol. 198 · folio 130a
ལ་སྲེད། །ཁ་ཟས་མངར་བ་ལ་མི་དགའ། །བྱིས་པ་ལ་སྡང་སྐོམ་དད་ཆེ། །སྒྲ་མེ་གྲང་ལྷགས་རླུང་དང་ཆུ། །གྲིབ་མ་ཉིན་མཚན་རྒྱུ་མེད་པར། །དགའ་དང་མི་དགའ་དག་ཏུ་བྱེད། །དེ་རྗེས་རིམས་ནི་གསལ་བར་འགྱུར། །རིམས་ཐེབས་འབྱང་ཉེའི་ཚེ་ནད་ཚབས། །
ཆུང་ཞིང་ཚབ་མི་སྙོམས་ལ། །ཡན་ལག་དེ་དང་དེར་འཕོ་ཞིང་། །ན་བདེ་དང་དེར་གཡོ་འགྱུར། །རྐང་པ་བེམས་པོ་རེངས་པ་དང་། །བྱིན་སྙིང་ན་ཞིང་ངལ་བ་དང་། །ཚིགས་རྣམས་བྱེ་བ་ལྟ་བུར་སེམས། །བརླ་དང་རྐེད་པ་ན་བ་དང་། །རྒྱབ་ནི་བརྡུངས་པ་ལྟར་སེམས་དང་། །ལྟོ་བ་བཙིར་བ་སྙམ་
སེམས་དང་། །རུས་པ་བཅད་པ་སྙམ་པ་དང་། །རྩིབ་མ་ལྷག་པར་ན་བ་དང་། །སྙིང་ནི་བཙིར་སྙམ་སེམས་ཤིང་ཟུག། །བྲང་དུ་བཙུགས་པ་ལྟ་བུར་གཟེར། །ཕྲག་པ་བརྡུངས་སྙམ་དཔུང་པ་ནི། །བཅོམ་སྙམ་སེམས་ཤིང་སྒྲོག་དུས་ན། །འགྲམ་པས་ཁ་ཟས་བལྡད་མི་ནུས། །གླལ་འབྱུང་རྣ་བ་
སྒྲ་དང་བཅས། །མུར་འགྲམ་ཟུག་ཅིང་མགོ་བོ་ན། །ལྕེ་ཡིས་རོ་ནི་མི་ཚོར་རམ། །ཡང་ན་ཁ་བསྐ་བྲོ་བར་འགྱུར། །དྲི་མ་རྣམས་ནི་སྲི་བ་དང་། །ལྤགས་མིག་ཁ་དང་སེན་མོ་དང་། །བཤང་སོགས་རྩུབ་ཅིང་དམར་བ་དང་། །མཆིལ་མང་ཡི་ག་འཆུས་སྲེད་ཆུང་། །ཟས་མི་འཇུ་ཞིང་རྡུལ་མི་
འབྱུང་། །གཉིད་ཡར་མཆུ་དང་གྲེ་བསྐམ། །སྐོམ་དད་ཆེ་ཞིང་ལུད་པ་སྐམ། །ལུད་པ་ལུ་ཞིང་སྐྱུགས་པ་སྐམ། །སེམས་ཞུམ་ལུས་ཀྱི་བ་སྤུ་ལྡང་། །པགས་པ་སོ་དག་བརྩེ་བ་དང་། །རྐང་ལག་འདར་ཞིང་སྦྲིད་པ་ཐོགས། །མགོ་འཁོར་ཚིག་ནི་བླ་བ་དང་། །དྲོད་བག་ལ་དགའ་བྱ་རྨྱང་
བྱེད། རླུང་གི་རིམས་སུ་ཤེས་པར་བྱ། །ལུས་ཀུན་ཅིག་ཅར་ཁྱབ་པ་དང་། །བླ་ཞིང་ཁའི་རོ་ཁ་བ་དང་། །བསིལ་འདོད་ཁ་སྣར་ཐོར་བུ་འབྱུང་། །མགོ་འཁོར་བརྒྱལ་མྱོས་སྙིང་མི་དགའ། །བཤང་སླ་མཁྲིས་པ་སློན་པ་དང་། །མཆིལ་མ་ཁྲག་བཅས་སྒྲེགས་པ་སྐྱུར། །ཐོར་བུ་དམར་
པོ་འབྱུང་བ་དང་། །པགས་པ་ལ་སྩོགས་སེར་རྩ་སྔོ། །རྡུལ་འབྱུང་དབུགས་ནི་མནམ་པ་དང་། །སྐོམ་དད་རབ་ཆེ་མཁྲིས་པའི་རིམས། །ལྷག་པར་ཡི་ག་འཆུས་ཤིང་རྨོངས། །བུ་ག་འགགས་ཤིང་རིམས་ཤུགས་དལ། །མཆིལ་མང་ཁ་ནང་མངར་བ་བྲོ། །དང་ག་ལྕི་ཞིང་
Vol. 198 · folio 130b
དབུགས་མི་བདེ། །ཆམ་བཏབ་སྙིང་ན་སྐྱུག་པ་འབྱུང་། །ལུད་པ་ལུས་རེངས་ལྤགས་སྩོགས་སྐྱ། །ཡན་ལག་ཐོར་བུ་གྲང་མོ་འབྱུང་། །སྙོམ་ཞིང་ལུས་འདར་བད་ཀན་རིམས། །རང་གི་དུས་སུ་ཐམས་ཅད་ནི། །འབྱུང་ཞིང་འཕེལ་བ་ཉིད་འགྱུར་བ། །ནད་གཞིར་བཤད་པའི་མི་མཐུན་
བསྟེན། །བསྒྱུར་བས་བདེ་བར་བྱེད་པ་ཡིན། །རང་རང་མཚན་མ་འདྲེས་པ་ནི། །ལྡན་པའི་རིམས་ཡིན་གཞན་ཡང་ནི། །མགོན་བརྒྱལ་སློན་ལུས་ཚ་རྨོངས་བག་འགྱུར། །གྲེ་བ་ཁ་སྐམ་མི་དགའ་རུས་ཚིགས་ན། །གཉིད་མིད་མགོ་འཁོར་སྤུ་ལྡང་སྐོམ་དད་ཆེ། །ཁ་གླལ་ཚིག་མང་རླུང་
མཁྲིས་འདྲེས་པའི་རིམས། །ཚ་མེད་ཡི་ག་འཆུས་ཤིང་ཀླད་ཚིགས་ན། །ཆམ་པ་ལུད་པ་དབུགས་མི་བདེ་བཤང་སྲི། །ཁོང་བསིལ་རྨོངས་བག་རབ་རིབ་མགོ་འཁོར་རྨྱ། །བད་ཀན་རླུང་འདྲེས་རིམས་ཀྱི་མཚན་མ་ཡིན། །ལུས་རྡུལ་རེངས་དང་ཚ་བསིལ་སོར་མི་གནས། །སྐོམ་དད་
ལུད་པ་བད་ཀན་མཁྲིས་བག་འབྱུང་། །རྨོངས་བག་རྨྱ་དང་ཁ་བྲོ་ཁར་དྲི་ཆགས། །བད་ཀན་མཁྲིས་པ་འདྲེས་པའི་རིམས་ཀྱི་རྟགས། །ཀུན་ནས་འབྱུང་བ་རྟགས་ཀུན་ལྡན། །འདིར་ཡང་ཐང་རི་ཚ་བ་ལྡང་། །དེ་བཞིན་གྲང་དང་ཉིན་མོ་ནི། །གཉིད་ཆེ་མཚན་མོ་གཉིད་མེད་བྱུང་བའམ། །
རྟག་པར་གཉིད་འོང་པའམ་ཡང་ན་ཡར། །རྡུལ་ཆེར་འབྱུང་བའམ་རྡུལ་མི་འབྱུང་། །གླུ་དང་གར་དང་དགོད་སྩོགས་པ། །སྤྱོད་པ་ངན་པ་ལ་འཇུག་ཅིང་། །མིག་དམར་མཆི་མ་འཛག་དང་བཅས། །ཞུམ་ཞིང་རྫི་མ་འཁྲུགས་པར་སྣང་། །བྱིན་སྙིང་རྩིབ་ལོགས་ན་བ་དང་། །
མགོ་བོ་རུས་ཚིགས་ན་མགོ་འཁོར། །རྣ་བ་སྒྲ་དང་ནད་དང་བཅས། །མགུལ་པ་གྲ་མས་གང་སྙམ་སེམས། །ལྕེ་རྩུབ་ཀུན་ནས་བསྲེགས་ལྟར་སྣང་། །ལུས་ལྕི་ཚིགས་ནི་འབྱེ་སྙམ་སེམས། །མཆིལ་མར་ཁྲག་མཁྲིས་བད་ཀན་འབྱུང་། །མགོ་བོ་གཡོ་ཞིང་སྐོམ་དད་ཆེ། །
ཐོར་བུ་འབྲུམ་ཕྲན་མཐའ་འཁོར་ལ། །དམར་ཞིང་གནག་པ་འབྱུང་བར་འགྱུར། །སྙིང་ན་བཤང་གཅི་སྲི་བའམ། །ཡང་ན་ཉུང་བའམ་རབ་མང་འབྱུང་། །ཁ་ནང་སྣུམ་ཞིང་ཉམས་སྟོབས་ཆུང་། །གཅོམ་ཆུང་འགྱུར་ཞིང་བླ་བ་དང་། །ནད་སྨིན་དཀའ་ཞིང་རྨུགས་པ་དང་། །རྒྱུན་ཏུ་
Vol. 198 · folio 131a
གྲེ་བ་འཛེར་བ་ནི། །འདུས་པའི་རིམས་ཏེ་མངོན་རྨུགས་བྱེད། །དེ་ནི་མདངས་འཕྲོག་ཅེས་ཀྱང་བཤད། །ནད་ཀྱིས་བཀག་ཅིང་མེ་དྲོད་ཉམས། །མཚན་མ་ཐམས་ཅད་རྫོགས་གྱུར་པ། །གསོར་མི་རུང་ཏེ་དེ་ལས་གཞན། །གསོ་དཀའ་འམ་དབང་པོ་མ་ཚང་འགྱུར། །
གཞན་ཡང་འདུས་པ་ལས་བྱུང་བ། །གང་དུ་མཁྲིས་པ་ལོགས་ཤིག་གནས། །པགས་པའམ་ནང་གྲོལ་ཚ་བ་དག །འདེབས་པའམ་ཚ་བ་སྔ་ཕྱིས་འབྱུང་། །དེ་བཞིན་བད་ཀན་རླུང་གྲང་བ། །དེ་གཉིད་ཚ་སྔ་གསོ་དཀའ་ཡིན། །གྲང་སྔ་དེར་ནི་མཁྲིས་པ་ཡིས། །བད་ཀན་གཤེར་བ་སྐམ་པ་དང་། །
གྲང་བཞི་བྱེས་ཁ་སྒྱུར་བརྒྱལ། །མྱོས་དང་སྐོམ་དད་སྐྱེ་བར་འགྱུར། །ཚ་བ་སྔ་མ་དེ་རྗེས་ལ། །རྨུགས་སློན་མཆིལ་མང་ཁོད་སྙོམ་འགྱུར། །གློ་བུར་དྲག་ཤུལ་ལས་བྱུང་དང་། །མངོན་ཟིན་བྱད་བྱས་དམོད་བྱུང་བཞི། །དེ་ལ་སྨས་བཅད་མེས་ཚིག་སྩོགས། །ངལ་བ་དྲག་ཤུལ་ལས་བྱུང་ཡིན། །
དེ་ནི་ཕལ་ཆེར་རླུང་ནད་ཀྱིས། །ཁྲག་ནི་གནོད་ཅིང་འཁྲུགས་བྱས་པས། །ན་བཅས་མདོག་ཉམས་སྐྲང་དང་བཅས། །ཟུག་གཟེར་བཅས་པའི་རིམས་སྐྱེད་འགྱུར། །གདོན་ཞུགས་སྨན་གྱི་དྲི་དང་དུག །ཁྲོས་འཇིགས་མྱ་ངན་གདོན་ལས་འབྱུང་། །མངོན་པར་ཟིན་ལས་བྱུང་རིམས་ཡིན། །
འདིར་གདོན་རྒྱུ་མེད་དགོད་ཅིང་ངུ་། །སྨན་གྱི་དྲི་བསྐྱེད་བརྒྱལ་བ་དང་། །སྦིད་པ་གླད་ནད་སྐྲངས་པར་འགྱུར། །དུག་ལས་བརྒྱལ་དང་ཚད་པར་འཁྲུ། །མདོག་ནག་ལུས་ཚ་སྙིང་ནད་འབྱུང་། །ཁྲོས་པས་ལུས་འདར་གླད་ནད་འགྱུར། །མྱ་ངན་འཇིགས་ལས་བླ་བར་འགྱུར། །འདོད་
ལས་མགོ་འཁོར་ཡིད་འཆུས་ཚ། །ངོ་ཚ་གཉིད་བློ་བརྟན་ཉམས་འགྱུར། །གདོན་ལ་སོགས་པ་འདུས་པའི་རིམས། །འཇིག་ཚོགས་གསུམ་ནི་རླུང་གི་རིམས། །ཁྲོ་ལས་མཁྲིས་པ་ལྡང་བར་འགྱུར། །དམོད་པ་བྱད་བྱས་ལས་བྱུང་གང་། །འདུས་པའི་རིམས་ནི་མི་བཟད་པ། །དེ་ནི་
ཤིན་ཏུ་བཟོད་དཀར་བཤད། །དེ་ལ་བྱད་བྱས་སྔགས་ཀྱིས་ནི། །སྦྱིན་སྲེག་བྱས་པ་བཞིན་དུ་བྱས། །ཐོག་མར་སེམས་འབབ་དེ་འོག་ལུས། །དེ་ནས་ཐོར་བུ་མགོ་འཁོར་སྐོམ། །ཚ་བཅས་བརྒྱལ་བས་ཟིན་གྱུར་བའི། །རིམས་ནི་ཉིན་རེ་བཞིན་དུ་འཕེལ། །དེ་ལྟར་རིམས་ནི་བརྒྱད་དུ་བཅས། །
Vol. 198 · folio 131b
དེ་དག་མདོར་ན་རྣམ་གཉིས་ཏེ། །ལུས་དང་སེམས་ཀྱི་རིམས་དང་ནི། །གྲང་དང་ཚ་དང་ཕྱི་ནང་གནས། །རང་བཞིན་དང་ནི་གྱུར་བ་དང་། །གསོར་རུང་གསོར་མི་རུང་བ་དང་། །སྨིན་དང་མ་སྨིན་ཞེས་བྱའོ། །ལུས་རིམས་ཐོག་མར་ལུས་ཚ་བྱེད། །སེམས་ཀྱི་དང་པོར་སྙིང་ཚ་འགྱུར། །
རླུང་དང་བད་ཀན་ཅིག་ཅར་ནི། །འབྱུང་ཚེ་གྲང་བའི་རིམས་སུ་འགྱུར། །མཁྲིས་པ་དང་ལྡན་ཚ་བ་སྟེ། །འདྲེས་པས་འདྲེས་པའོ་ནང་གནས་པ། །རིམས་ནད་དཀྱེལ་ནི་བསྐྱེད་འགྱུར་ནས། །ནང་ན་ན་ཞིང་བཤང་གཅི་སྲི། །ཕྱི་རོལ་རིམས་ནི་ཚ་བ་དང་། །ཕྱི་རོལ་གནས་པ་གསོ་བར་སླ། །
དབྱར་དང་སྟོན་དང་དཔྱིད་དུས་སུ། །རླུང་སྩོགས་རིམ་འབྱུང་རང་བཞིན་རིམས། །གཞན་དུ་གྱུར་པ་དེ་གསོ་དཀའ། །ཕལ་ཆེར་རླུང་ནི་རང་བཞིན་རིམས། །ཡིན་ཡང་གསོ་བར་དཀའ་བ་ཡིན། །དབྱར་དུས་རླུང་ནད་ལྡང་འགྱུར་ན། །མཁྲིས་པ་བད་ཀན་ལྡན་རིམས་འགྱུར། །སྟོན་ཀ་མཁྲིས་བས་ནད་
སློང་སྟེ། །བད་ཀན་དེ་ཡི་གྲོགས་བྱེད་འགྱུར། །དེར་ནི་སྨྱུང་བ་བྱས་གྱུར་ཀྱང་། །གནོད་པར་འགྱུར་བ་མ་ཡིན་ནོ། །བད་ཀན་དཔྱིད་ལྡང་དེ་ཡང་ནི། །དེ་རྗེས་རླུང་དང་མཁྲིས་པ་འབྱུང་། །ཉམས་སྟོབས་ཆེ་ཞིང་ནད་ཚབས་ཆུང་། །བླ་བརྣན་མེད་རིམས་གསོ་བར་སླ། །རྣམ་ཀུན་འགྱུར་བཞེས་
བྱ་བར། །གསོར་མི་རུང་བ་སྔར་བཤད་དོ། །རིམས་ཀྱི་ནད་ཚབས་ཆེ་ཞིང་ཚ། །ཁོང་རྨྱ་ཉམ་ཆུང་གཅིན་མང་དང་། །བཤང་སྲི་ཁ་ཟས་མི་འཇུ་ལ། །བཀྲེས་ཆུང་མ་སྨིན་རིམས་མཚན་ཉིད། །རིམས་ཤུགས་སྟོབས་ཆེ་སྐོམ་དད་ཆེ། །བླ་ཞིང་མགོ་འཁོར་དབུགས་མི་བདེ། །བཤང་གཅི་
བདེར་འབྱུང་ནད་བསྐྱོད་པ། །སྨིན་པར་འགྱུར་པའི་མཚན་མ་ཡིན། །མ་སྨིན་གོ་བཟློག་མཚན་ཉིད་དང་། །ཞག་བདུན་སྨྱུང་བྱས་ལས་སྨིན་བཤད། །རིམས་ནི་ནད་ཀྱི་དུས་དང་ནི། །སྟོབས་ཆུང་ཆེ་ལས་རྣམ་ལྔར་བཤད། །ཕལ་ཆེར་འདུས་པར་གྱུར་བ་ཡི། །རིམས་སུ་མང་དུ་
འགྱུར་བར་བཤད། །རྒྱུན་དང་རྟག་པ་ཉིན་གཅིག་པ། །ཉིན་གསུམ་པ་དང་ཉིན་བཞི་བའོ། །ལུས་ཟུངས་བཤང་གཅི་རྒྱུ་བ་ཡི། །བུ་གནད་ཀྱིས་ཁྱབ་བྱས་པས། །ལུས་ཀུན་ཚ་བར་གྱུར་ནས་ནི། །གནོད་བྱ་སྩོགས་དང་མཉམ་པར་འཕེལ། །སྟོབས་ཆེ་ལུས་ལྕི་རྐང་ལག་རེངས། །ཁྱད་པར་དུ་ནི་
Vol. 198 · folio 132a
དངས་མར་གནས། །གཉེན་པོས་བཅོས་དཀའ་བཟོད་པར་དཀའ། །རྒྱུན་གྱི་རིམས་སུ་འགྱུར་བ་ཡིན། །དེ་ཡི་དྲོད་ཀྱིས་དྲི་མ་དང་། །ལུས་ཟུངས་མྱུར་དུ་ཟད་པར་བྱེད། །དེ་འོག་རྣམ་ཀུན་ལུས་ཟུངས་སྩོགས། །དག་པའམ་མ་དག་རིམས་ཀྱིས་ནི། །རླུང་དང་མཁྲིས་
པ་བད་ཀན་ཞག །བདུན་ནམ་བཅུའམ་བཅུ་གཉིས་གནས། །ཕལ་ཆེར་མཚམས་ལས་མི་འདའ་བར། །འཚོ་བའམ་འཆི་བ་དག་ཏུ་བྱེད། །དེ་སྐད་མེ་བཞིན་འཇུག་གིས་བཤད། །ལྗང་སྔོན་གྱིས་ནི་བཤད་པའི་གཞུང་། །བདུན་པ་ཉིས་བལྡབ་གྱུར་བ་ཡིན། །དེ་བཞིན་དགུ་དང་བཅུ་གཅིག་
བལྡབ། །འདི་ནི་ནད་གཞི་གསུམ་གྱིས་ཚིགས། །འཚོ་དང་འཆི་བར་བྱེད་པ་ཡིན། །རིམས་དུས་དག་དང་མ་དག་ལས། །ཡུན་རིངས་དུས་སུ་གནས་པ་ཡིན། །ནད་རྩེ་ཞིལ་བ་ཉམ་ཆུང་དང་། །ཁ་ཟས་མི་འཕྲོད་སྩོགས་བསྟེན་པས། །ནད་དཀྱེལ་ཆུང་ཡང་གནོད་བྱ་སྩོགས། །བརྟེན་ཏེ་
སྟོབས་ཆེ་ཉིད་གྱུར་ལས། །གཉེན་པོར་བཅས་ཤིང་འཕེལ་འབྲི་གནས། །མི་བཟད་པ་ནི་ཉིད་དུ་འགྱུར། །དེ་རྣམས་ཀྱིས་ནི་ནད་ཀྱི་སྟོབས། །རང་གི་དུས་སུ་རིམས་སྟོབས་སྐྱེད། །སླར་ཡང་དེ་དག་བཅོས་ཐབས་ཀྱིས། །སྟོབས་ཆེ་ཆུང་ལས་ལྡོག་པར་བྱེད། །ནད་ཟད་རིམས་ནི་ཕྲར་གྱུར་
པ། །བཅུད་ལ་སོགས་པ་ཉིད་ལ་ཐིམ། །ཐིམ་པས་ལུས་རིད་ཤ་མདོག་ཉམས། །རྨོངས་བག་ལ་སོགས་དེ་ཡིས་སྐྱེད། །ཉེ་ཞིང་ཁ་ནི་བྱེ་བའི་ཕྱིར། །དངས་མ་རྒྱུ་བའི་རྩ་སྒོ་ལས། །ལུས་ཀུན་མྱུར་དུ་ཁྱབ་པ་ནི། །ནད་ཀྱིས་སྐྱེ་བར་བྱེད་པ་ཡིན། །དེས་ན་རྒྱུན་ཏུ་རྟག་རིམས་འགྱུར། །
དེ་ལས་བཟློག་པ་ཚུལ་མི་འདྲ། །མི་སྙོམས་རྩོལ་བ་མི་མཉམ་པ། །བྱ་བའི་དུས་མིན་མཉམ་ཡུན་རིང་། །དེ་ནི་ཉིན་མཚན་ལན་གཉིས་ལྡང་། །གཞན་དག་ཉིན་རེ་ལན་རེ་ཡིན། །ཕལ་ཆེར་ནད་ནི་ཁྲག་ལ་བརྟེན། །རྟག་པའི་རིམས་ནི་བྱེད་པར་འགྱུར། །
དེ་ཡང་ཉིན་མཚན་ལན་གཉིས་ལྡང་། །ཉིན་གཅིག་ཉིན་རེ་ལན་རེ་ལྡང་། །དེ་ནི་ཤ་ཡི་རྩ་ལ་བརྟེན། །གསུམ་པ་ཚིལ་གྱི་རྩ་ལ་གནས། །མཁྲིས་པ་རླུང་གཉིས་སྤྱི་ནས་འཛིན། །བད་ཀན་མཁྲིས་གྱུར་སུམ་མདོ་ན། །རླུང་དང་བད་ཀན་རྒྱབ་ནས་འཛིན། །དེ་ནི་ཞག་གཅིག་གིས་ཆོད་ཡིན། །ཉིན་བཞི་པའི་རིམས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words