ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཨཥྚ་ཨཾ་ག་ཧྲྀ་ད་ཡ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 198 · folio 221a
གསུམ། །ནས་ཚིག་འཁུས་ཐལ་ཅུང་ཟད་བཏབ། །བསྒྲངས་ནས་སྦྲང་རྩི་བྲེ་ཕྱེད་གཞུག །དེ་བྱིན་ནས་ནི་འོར་ནད་དང་། །རིམས་སྐྲན་གཅིན་ནད་ལུས་སྐེམ་པ། །མ་ཞུ་ཁྲག་མཁྲིས་རླུང་དང་ནི། །སྒྲེགས་སྐྱུར་ཁ་དོག་མི་སྡུག་དང་། །གཅིན་
ནད་རླུང་གི་ཁུ་ཆུའི་ནད། །དབུགས་མི་བདེ་དང་ཡི་ག་འཆུས། །མཆེར་པའི་ནད་དང་སྦྱར་བའི་དུག །དམུ་རྫིང་གི་ནི་ནད་རྣམས་སེལ། །ནས་དང་སཱ་ལུ་འབྲས་རྙིང་ཟས། །རྩ་བ་བཅུ་བའི་ཆུ་དང་བསྐོལ། །ལན་ཚྭ་ཉུང་ཞིང་སྣུམ་ཤས་ཆུང་། །བྱིན་ན་འོར་ནད་སེལ་བར་
བྱེད། །རྒྱ་སྲན་མུངྒའི་ཁུ་བ་ནི། །ཐལ་སྨན་རྩ་བ་གསུམ་དང་ལྡན། །དེ་བཞིན་སྐམ་སའི་ཤ་རུས་སྦལ། །སྐྱིན་གོར་བྱི་དུར་ཤ་ཁུ་སྦྱིན། །བཏུང་བ་དར་བ་གསར་པ་དང་། །ཆང་ནི་སྨན་དང་བཅས་པ་བླུད། །ཟི་ར་ཟུར་པ་ཛི་བན་ཏི། །མ་ནུ་ཙི་ཏྲ་ཀ་ར་དང་། །ཡ་
བཀྵ་ར་བིལ་བའི་རྐང་། །ད་ཏྲིག་ཞོ་རེའི་ཚད་དུ་བྱས། །མར་དང་ཏིལ་མར་ནང་དུ་བརྔོས། །བྱིན་ན་འོར་ནད་སྐྲན་གཞང་འབྲུམ། །ཚང་འཁྲུ་དང་ནི་སྙིང་གི་ནད། །མེ་དྲོད་ཆུང་དང་གཅིན་ནད་སེལ། །ཚ་བ་ལྔ་དང་སྦྱར་བ་ཡི། །ཐུག་པའང་ཡོན་ཏན་དེ་དང་འདྲ། །རྡོ་དྲེག་
རུ་རྟ་སྟོན་ནེ་ཡ། །ཧ་རེ་ཎུ་ཀ་ཨ་རུ་ར། །ཤྲི་བེ་ཏ་ཀ་ཤུག་པ་དང་། །ཆུ་སྲིན་སྡེར་མོ་པྲི་ཡང་ཀུ། །པྲི་ཀ་ཐང་ཤིང་སྤང་སྤོས་དང་། །པི་པི་ལིང་དང་དབྱི་མོ་དང་། །ཀུ་ནན་ན་ཏ་བྱ་མ་ཀ །མ་ལི་ཀ་དང་དྲི་སྣ་བཞི། །བལ་བུའི་ལོ་མ་གླ་སྒང་དང་། །གནྡྷ་པ་ལ་ཤ་ལ་ནི། །
བསྐུ་བའི་ཏིལ་མར་དག་དང་ནི། །ཁྲུས་ཀྱི་ཆུ་དང་ལྡེ་གུ་བྱ། །ནིམ་པ་ཨརྒ་བ་སྤྲུ་བ། །ནག་ཏམ་ལའི་ཆུས་ཁྲུས་བྱ། །ཡན་ལག་ཕྱོགས་གཅིག་སྐྲངས་པ་ལ། །ཀ་ར་བཱིར་བ་སྤུ་བ། །ཀི་ཤུ་ཀ་དང་པི་ལ་ཤ །འབྲས་བུ་གསུམ་དང་སེང་ཕྲོམ་དང་། །ན་ལི་ཀ་དང་ཐང་ཤིང་དང་། །
སྤང་སྤོས་ཀོ་ཤ་ཏ་ཀི་དང་། །བོང་ང་ཏ་ལའི་ལོ་མ་དང་། །ཛ་ཡན་ཏི་དང་འོལ་མ་སེ། །ཀ་ཀ་དང་ནི་ས་ལེ་ཤིང་། །པྲི་ཤ་ཀརྞི་བྱི་མོ་དང་། །རི་ཏི་བྲི་ཏི་གླང་པོའི་སྣ། །ལྡེ་གུ་དྲོ་འཇམ་བསྐུས་པས་ཕན། །དེ་ནས་རླུང་གྱུར་འོར་ནད་ལ། །ཟླ་ཕྱེད་བར་དུ་དུར་བྱིད་དམ། །
Vol. 198 · folio 221b
ཡང་ན་ཨེ་རཎྜ་མར་བླུད། །རླུང་གི་རྟུག་འགགས་ལ་དེ་ཉིད། །ཟས་ཀྱི་སྔོན་དུ་འོ་མ་འམ། །ཤ་ཁུ་བླུད་ཅིང་རླུང་འཇོམས་པའི། །སྨན་གྱི་དུགས་དང་བསྐུ་བ་བྱ། །ཕྱོགས་གཅིག་སྐྲངས་ལ་ཁ་ལུད་དང་། །ཨགྣི་མནྠ་སྤང་སྤོས་དང་། །བཅའ་སྒ་ཐང་ཤིང་ལྡེ་གུ་བསྐུ། །
མཁྲིས་གྱུར་ཏིག་ཏའི་སྨན་མར་དང་། །ནྱ་གྲོ་དྷ་སོགས་བསྐོལ་བ་བླུད། །སྐོམ་དད་ཆེ་དང་རྨོངས་བག་ཚ། །འོ་མ་བསྐུ་བྱུག་བསིལ་བ་བྱ། །པ་ཏོ་ལ་རྩ་ཀྱི་ལྕེ་བ། །ཤིང་མངར་ཐང་ཤིང་པུ་ཙེ་ཤེལ། །སྐྱེར་པ་ཙནྡན་ཨ་རུ་ར། །ད་ན་ལྕང་མ་བི་ལ་ཤ །པི་པི་ལིང་དང་
མར་བསྐོལ་བླུད། །ཁོང་ཚ་མགོ་འཁོར་སྐོམ་དད་ཆེ། །འདུས་པའི་ནད་དང་མེ་དབལ་སྐྲང་། །ལུས་ཚ་རིམས་དང་བཅས་པ་སེལ། །བད་ཀན་ལས་གྱུར་དོང་གྲ་སོགས། །ཏིལ་མར་དང་ནི་བསྐོལ་བ་བླུད། །རྒྱུན་སྲང་འགགས་ཤིང་མེ་དྲོད་ཉམས། །རྨོངས་བག་ཡི་ག་
འཆུས་པ་ལ། །ཐལ་སྨན་ཆང་རྙིང་མནན་ཆང་དང་། །བ་གཅིན་དར་བར་བཅས་པ་བླུད། །པི་པི་ལིང་དང་འབའ་ཆ་རྙིང་། །ཤི་ཀྲུའི་ཤུན་པ་ཟུར་པ་དང་། །བ་གཅིན་ལྡེ་གུ་དྲོ་འཇམ་སྦྱར། །བསྐུ་དང་དྲིལ་བའི་ལས་ལ་སྦྱར། །རུ་རྟ་ཨགྣི་མནྠ་དང་། །རྒྱ་སྲན་དོང་
ག་ཙི་ཏྲ་ཀ །བ་གཅིན་ཆུ་བསྐོལ་བས་ཁྲུས་བྱ། །ཙ་རོང་ཨ་ཀ་རུ་ཡིས་བྱུག །ན་ག་བ་ར་ས་རལ། །ཨ་ཟ་སྲིང་གི་ཨམ་པ་ཏ། །ཨ་ཟ་གནྡྷ་ཞེས་བྱ་དང་། །ཨ་ཤྭ་གནྡྷའི་ལྡེ་གུ་ནི། །ཡན་ལག་ཕྱོགས་གཅིག་སྐྲངས་ལ་ཕན། །ནད་གཞི་ཇི་བཞིན་ཡན་ལག་ནི། །ཉེ་
བའི་ཕྱོགས་ནས་གཏར་ག་བྱ། །འདྲེས་པའི་ནད་ལ་ནད་གཞི་ནི། །ཤས་ཆེའི་དབང་དུ་གསོ་བ་བྱ། །གོ་སྙོད་པ་ཏ་གླ་སྒང་དང་། །ཀཎྜ་ཀ་རི་ཚ་བ་ལྔ། །སྐྱེར་པ་ཆུ་དྲོན་སྦྱར་བླུད་པ། །རྩ་མཁྲིས་བཅའ་སྒ་ཆུ་དྲོན་བླུད། །ནད་གཞི་གསུམ་གྱི་འོར་ནད་ནི། །ཡུན་རིངས་
ལོན་ཞིང་ཚབས་ཆེན་སེལ། །སླེ་ཏྲེས་དང་ནི་ཨ་རུ་ར། །ཐང་ཤིང་གུ་གུལ་བ་སྤྲུ་བ། །བ་གཅིན་སྦྱར་བླུད་དམུ་རྫིང་དང་། །མཛེ་དང་སྐྱ་རྦབ་སྲིན་བུའི་ནད། །གཅིན་ནད་བད་ཀན་ཟ་ཁུ་དང་། །རླུང་ནི་སྟོད་དུ་འབྱམས་པ་སེལ། །དེ་ལྟར་རང་རང་ནད་ཀྱི་དབང་བྱས་བཤད། །
Vol. 198 · folio 222a
སྣད་པ་ལས་བྱུང་བ་ལ་ཁྲག་དབྱུང་ཞིང་། །བསིལ་སྨན་མར་ཁུ་བྱུགས་ཤིང་བླུགས་པར་བྱ། །དུག་སྐྱེས་སྐྲང་ལ་དུག་སེལ་སྦྱོར་བ་བྱ། །གྲོང་དང་རླན་ཅན་ཆུར་གནས་ཤ་རིད་རློན། །ཚོད་སྐམ་ཏིལ་གྱི་ཟས་དང་བུ་རམ་ཅན། །ཕྱེར་བཏགས་
ཟས་དང་ཞོ་དང་ལན་ཚྭ་དང་། །ཁ་ཟས་རུལ་བག་ཆང་སྐྱུར་ཡོས་ཤ་སྐམ། །འདྲེས་པའི་ཟས་དང་ལྕི་དང་མ་གོམས་ཟ། །ཚ་བ་བསྐྱེད་དང་ཉིན་པར་གཉིད་ལོག་དང་། །མཚན་མོ་གཉིད་མ་ལོག་དང་ཉལ་པོ་རྣམས། །འོར་ནད་ཅན་གྱིས་དེ་དག་ཐམས་ཅད་སྤང་། །
ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་བཅུ་བདུན་པའོ།། །།དེ་ནས་མེ་དབལ་གསོ་བ་བཤད་པར་བྱའོ། །མེད་བལ་ནད་ལ་ཐོག་མ་ཉིད། །སྨྱུང་བ་དང་ནི་རྩུབ་ཆོས་དང་། །ཁྲག་དབྱུང་སྐྱུག་སྨན་བཀྲུ་སྨན་གཏང་། །
སྣུམ་ཆོས་སྤྱད་པར་མི་བྱའོ། །པོ་སོན་ཆ་དང་དུག་མོ་ཉུང་། །ཤིང་མངར་བཅས་པའམ་པ་ཏོ་ལ། །ནིམ་པའི་ལོ་མ་པི་པི་ལིང་། །སྐྱུག་སྨན་བཏང་ན་མེ་དབལ་འཇོམས། །ཀྱི་ལྕེ་བ་ཡི་ཁུ་བའམ། །རྒུན་འབྲུ་འབྲས་བུ་གསུམ་ཡང་རུང་། །དུར་བྱིད་ཕྱེ་མ་
བཏབ་པའམ། །འོ་མ་མར་སྦྱར་བཀྲུ་སྨན་ནི། །ཁོང་ནི་ཞེན་པའི་ནད་ལ་ནི། །ཁྱད་པར་དུ་ནི་སྦྱང་བ་གཏང་། །སྦྱང་མིན་ནད་ཚབས་ཆུང་བ་ལ། །ཞི་སྨན་ཙནྡན་ཨུཏྤལ་གཏང་། །གླ་སྒང་ནིམ་པ་པ་ཏོ་ལ། །པ་ཏོ་ལ་སོགས་ཉིད་དག་གམ། །ཐལ་ཏྲེས་གླ་སྒང་སྐྱུ་
རུ་ར། །པུ་ཤེལ་ཙེ་ནི་ཆུ་བསྐོལ་བླུད། །མེ་དབལ་སྐོམ་དད་ཅན་ལ་ནི། །བྱི་ཚེར་བ་དང་པར་བ་ཏ། །སླེ་ཏྲེས་བཅའ་སྒ་བསྐོལ་བ་ནི། །ཁུ་བ་བསྒྲངས་པར་བླུད་པར་བྱ། །སྐྱེར་པ་སྲན་ཆུང་པུ་ཙེ་ཤེལ། །པ་ཏོ་ལ་དང་འབྲས་བུ་གསུམ། །ནིམ་པ་ཤིང་མངར་གྱི་ལྕེ་བ། །
བསྐོལ་བ་མར་དང་བཅས་པ་བླུད། །ཡན་ལག་ནད་ཞུགས་ནད་ཁྲག་ཉིད། །ཐོག་མ་ཉིད་དུ་ཁྲག་དབྱུང་བྱ། །པགས་པ་ཤ་དང་རྒྱུས་པ་འདྲུལ། །ཁྲག་རུལ་བ་ལས་བྱུང་བ་ཡིན། །སྨིན་ཞིང་བད་ཀན་ཟད་པ་དང་། །རླུང་དང་མཁྲིས་པ་ཤས་ཆེ་ལ། །ཏིག་ཏ་ཏིག་ཏ་
Vol. 198 · folio 222b
ཆེན་པོའི་མར། །ཀྱི་ལྕེ་བ་བསྐོལ་མར་ཕན་ནོ། །ཁྲག་དབྱུང་ཁོང་པ་དག་གྱུར་ནས། །ནད་ནི་ཤ་ལྤགས་ལ་གནས་ན། །ཕྱི་རོལ་ན+ས་ནི་བྱུག་སྩོགས་ཀྱིས། །འཕྲལ་དུ་མེ་དབལ་ཞི་བར་འགྱུར། །རླུང་གྱུར་ཤུ་ཏི་གླ་སྒང་དང་། །འོ་མ་འུ་སུ་པ་ར་ཧི། །ཨ་ཏ་ཀ་ལ་
པི་པི་ལིང་། །ཐང་ཤིང་ཤ་ཀྲུ་རུ་རྟ་ཡི། །ལྡེ་གུ་བྱུག་པ་བྱས་ན་ཕན། །མཁྲིས་པ་ནྱ་གྲོ་དྷ་སོགས་སྡེ། །དེ་བཞིན་པདྨ་ཨུཏྤལ་སོགས། །ནྱ་གྲོ་དྷའི་རྩ་གཞོན་ནུ་དང་། །ཆུ་ཤིང་ནང་གི་ལོ་མར་བཅས། །པདྨའི་རྩ་བ་ལྡེ་གུ་དང་། །ལན་བརྒྱ་བཀྲུས་པའི་མར་
གྱིས་བྱུག །པདྨ་ཅན་གྱི་འདམ་བསིལ་བའམ། །མུ་ཏིག་བཏགས་པར་གྱུར་པ་ལ། །དུང་ངམ་བྱུ་རུ་ཉ་ཕྱིས་སམ། །ཡུག་སྣམ་མར་དང་བཅས་པ་བྱུག །བད་ཀན་ལས་གྱུར་འབྲས་བུ་གསུམ། །ཤུག་པ་བཙོད་དང་པུ་ཙེ་ཤེལ། །ཀ་ར་བཱི་ར་འདམ་བུའི་རྩ། །ཨ་
ནན་ཏ་ཡི་ལྡེ་གུ་བསྐུ། །ད་བ་ལོ་མ་བདུན་པ་དང་། །སེང་ལྡེང་ཐང་ཤིང་བཀྲུ་སྨན་དང་། །གླ་སྒང་དོང་གྲར་བཅས་པའམ། །བ་ར་ཎ་སྩོགས་ལྡེ་གུ་བསྐུ། །དོང་ག་ཡི་ནི་ལོ་མ་དང་། །སླེ་སྨན་ཏ་ཀའི་ཤུན་ལྤགས་དང་། །ཨིནྡྲ་བ་རུ་ནའི་ལོ་མ། །ཤྲི་ཤ་འོལ་མ་སེ་མེ་ཏོག།།
ཆུ་བླུགས་རྨ་བསྐུ་སྨན་མར་དང་། །ལྡེ་གུའི་ཕྱེ་མ་ཇི་བཞིན་དུ། །སྨན་ནི་འདི་དག་ཉིད་ཀྱིས་བྱ། །རླུང་རྒྱས་མར་ནི་ཤས་ཆེར་བྱ། །བད་ཀན་གནས་ཤེས་མ་སྨིན་ལ། །དྲོ་དང་རྩུབ་པ་ཤས་ཆེར་སྦྱར། །དེ་བཞིན་མཁྲིས་པའི་གནས་ཞུགས་ལ། །ཁྲག་
མཁྲིས་ལན་མར་ལྡན་བྱ། །ཤིན་ཏུ་བསིལ་ཞིང་སྲབ་པ་དང་། །གོས་སྲབ་ནང་དུ་བཞག་པ་ནི། །ནུས་པ་ཆུང་བ་ཡང་དང་ཡང་། །གཞན་དང་གཞན་ནི་སྦྱར་བར་བྱ། །འདྲེས་པའི་ནད་ལ་ལས་འདི་ནི། །འདྲེན་མར་བྱ་བ་བསྔགས་པ་ཡིན། །མེ་ལྟར་ཚ་ལན་བརྒྱར་
ནི། །བཀྲུས་པའི་མར་གསར་འབའ་ཞིག་ཕན། །མར་གྱི་ཉིང་ཁུ་བླུགས་པའམ། །ཤིང་མངར་བསྐོལ་བའི་ཆུ་གྲང་ངམ། །ཨུཏྤལ་པདྨ་ཁ་རའི་ཆུ། །འོ་མ་བུ་རམ་ཤིང་ཁུ་བླུགས། །བཏུང་བ་བསྐུ་དང་བླུགས་པ་དང་། །ཏིག་ཏ་ཆེན་པོའི་སྨན་མར་ཕན། །རྨེན་
Vol. 198 · folio 223a
བུ་ཁྲག་མཁྲིས་སེལ་བ་ཡི། །གསོ་བ་ཅི་རིགས་ལེགས་བྱས་ལ། །རླུང་དང་བད་ཀན་འཇོམས་པར་བྱེད། །གླན་དང་དཀྲི་བ་ལ་སོགས་ཕན། །རྨེན་བུ་མེ་དབལ་གཟེར་བཅས་ལ། །ཏིལ་མར་རྩ་བ་བཅུ་དང་བསྐོལ། །བ་གཅིན་དྲོན་མོ་
ཆུ་དྲོན་བླུགས། །ཡང་ན་ཤི་ཀྲུའི་ལྡེ་གུ་འམ། །ནག་ཏ་མ་ལའི་ཤུན་པའམ། །ལ་ཕུག་སྐམ་པོ་བ་རུ་རའི། །ལྡེ་གུ་དྲོ་འཇམ་བསྐུ་པ་ཕན། །དན་ད་ཤིང་ཚ་ཙི་ཏྲ་ཀ །ཨརྐ་སྣུ་ཧའི་འོ་མ་དང་། །བུ་རམ་གོ་བྱེ་རུས་ནག་མཚུར། །ལྡེ་གུས་རྡོ་ཡང་འབིགས་
བྱེད་ན། །བད་ཀན་ལས་གྱུར་རྨེན་བུའི་ནད། །ཕྱི་རོལ་གནས་པ་སྨོས་ཅི་དགོས། །ཡུན་རིང་གནས་པའི་རྨེན་བུ་ལ། །ལ་ཕུག་རྒྱ་སྲན་ཀུ་ལངྠའི། །ཁུ་བ་ཐལ་སྨན་སེ་འབྲུར་བཅས། །གྲོ་ཡི་ཟན་དང་ནས་ཀྱི་ཟན། །རྒུན་ཆང་སྦྲང་རྩི་བུ་རམ་ཆང་། །ཁ་ར་
ཆང་གི་དངས་མར་བཅས། །ཁ་ལུད་ཁུ་བར་བཅས་པ་དང་། །འབྲས་བུ་གསུམ་གྱི་སྦྱོར་ལྡེ་གུ། །པི་པི་ལིང་དང་སྦྲང་རྩིར་བཅས། །ཐང་ཤིང་དང་ནི་སླེ་ཏྲེས་དང་། །བྲག་ཞུན་གྱི་ནི་སྦྱོར་བ་དང་། །གླ་སྒང་གོ་བྱེའི་སྦྱོར་བའམ། །སྦྲང་རྩི་ཡི་ནི་སྦྱོར་བ་དང་། །མགོ་
བཀྲུ་སྨན་དུད་རྔུབ་པ་དང་། །སྔར་བཤད་སྐྲན་ནི་བཤིག་པ་དང་། །ལྕགས་གསེར་ལན་ཚྭ་བསྲེགས་པ་དང་། །རྡོ་བས་བཙིར་བར་བྱ་བ་ཡིན། །སྨན་འདི་ཡིས་ནི་འཇིག་པར་བྱེད། །སྦྱོར་བ་སྣ་ཚོགས་དེ་དག་ནི། །བྱས་ཀྱང་ཞི་བར་མ་གྱུར་ཅིང་། །ཤིན་ཏུ་སྲ་བར་གནས་
གྱུར་ལ། །ནད་སྟོབས་ཆེ་བར་གྱུར་པ་ནི། །དེ་འོག་འདི་ལ་ཐལ་སྨན་ནམ། །ལྡེ་གུ་འམ་གསེར་གྱིས་བསྲེགས་ན་ཕན། །སྨིན་པར་བྱེད་པ་བརྣགས་བྱས་ལ། །དབྲལ་ནས་དེ་ནས་དབྱུང་བར་བྱ། །འདི་ལ་ཁྲག་ནི་བརྣག་འདོད་པ། །ཡང་དང་ཡང་དུ་གདོན་པར་བྱ། །
ཁྲག་བསལ་འོག་ཏུ་སླར་ཡང་ནི། །རླུང་དང་བད་ཀན་སེལ་སྨན་གཏང་། །ཚ་ཞིང་སྨིན་པས་བརྣགས་གྱུར་ལ། །ཕྱི་ནང་རྨ་ལྟར་གསོ་བར་བྱ། །སྐྱེར་པ་སྲིན་སྨན་ཀམ་བི་ལྱ། །བསྐོལ་བའི་ཏིལ་མར་རྨ་ལ་ཕན། །བད་ཀན་མཁྲིས་པ་ཤས་ཆེ་ལ། །དཱུར་བའི་
Vol. 198 · folio 223b
ཁུ་བ་མར་བསྐོལ་ཕན། །གསོ་བའི་ནད་ཀུན་ཕྱོགས་དང་སྟེང་། །ཁྲག་བྱུང་བ་ནི་ཕྱོགས་གཅིག་ཡིན། །མེ་དབལ་དེ་ནི་ཁྲག་མཁྲིས་དང་། །མ་འདྲེས་པ་ལས་བྱུང་མི་འགྱུར། །འདི་ཡི་རྟེན་ནི་ཁྲག་ཉིད་ཡིན། །དེ་བས་ཁྲག་ནི་མང་དུ་དབྲི། །ནད་གཞི་མང་པོ་མེ་
དབལ་ལ། །བཀྲུ་སྨན་མ་གྱུར་མར་མི་སྦྱིན། །དེ་ཡིས་ནད་ནི་སྲ་གྱུར་པས། །པགས་པ་ཁྲག་དང་ཤ་འཚེད་བྱེད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་བཅྭ་བརྒྱད་པའོ།། །།དེ་ནས་མཛེ་ནད་གསོ་བའི་ལེའུ་བཤད་པར་
བྱའོ། །མཛེ་ནད་ཀུན་ལ་ཐོག་མ་ཉིད། །སྣུམ་བླུད་པས་ནི་གསོ་བར་བྱ། །དེ་ལ་རླུང་ཤས་ཆེ་བ་ལ། །རྩ་བ་བཅུ་པ་སླེ་ཏྲེས་དང་། །ཤ་རང་ཀ་ཏ་ཨེ་རཎྜ། །མི་ཤ་སྲིང་གི་མར་རམ་ནི། །ཏིལ་མར་བསྐོལ་ཏེ་བླུད་པ་ཕན། །ནིམ་པ་པ་ཏོ་པུ་ཙེ་ཤེལ། །སྐྱེར་པ་ཕ་
ཏ་བྱི་ཚེར་པ། །པར་པ་ཏ་དང་ཀྱི་ལྕེ་བ། །སྲང་རེ་ཆུ་བྲེ་བརྒྱད་ཀྱི་ནི། །ནང་བསྐོལ་བརྒྱད་ཆ་ལུས་པ་རུ། །གླ་སྒང་རྩ་མཁྲིས་ཀྱི་ལྕེ་བ། །དུག་མོ་ཉུང་དང་པི་པི་ལིང་། །ཙནྡན་ཞོ་ནི་གཉིས་གཉིས་དང་། །ཞུན་མར་སྲང་ནི་བཅུ་གཉིས་བསྐོལ། །ཏིག་ཏའི་སྨན་མར་
དེ་འཐུངས་ན། །མཁྲིས་པ་མཛེ་དང་མེ་དབལ་དང་། །འབྲུམ་ཕྲན་ལུས་ཚ་སྐོམ་དད་ཆེ། །མགོ་འཁོར་གཡན་པ་སྐྱ་རྦབ་འབྲས། །རྨ་འགྲམས་འབྲས་ཀྱི་ཕྲེང་བ་དང་། །ཐོར་བུ་ཁོང་འབྲས་སྐྲན་དང་ནི། །ཟད་བྱེད་སྨྱོ་བྱེད་མྱོས་པ་དང་། །སྙིང་ནད་རབ་རིབ་ངོ་
ཁབས་དང་། །ཤ་བཀྲ་མིག་སེར་ཕོ་བའི་ནད། །མཚན་པར་རྡོལ་དང་བརྗེད་བྱེད་དང་། །དམུ་རྫིང་ཟླ་མཚན་མི་ཆོད་དང་། །སྦྱར་དུག་གཞང་འབྲུམ་ཁྲག་མཁྲིས་སེལ། །གཞན་ཡང་མཁྲིས་པ་ལས་གྱུར་ནད། །ཤིན་ཏུ་གསོ་དཀའ་རྣམས་ལ་ཕན། །ལོ་མ་
བདུན་པ་པར་པ་ཏ། །དོང་ག་ཤུ་དག་པུ་ཙེ་ཤེལ། །ཤུག་པ་པ་ཏ་འབྲས་བུ་གསུམ། །སེར་པོ་གཉིས་དང་ཐལ་ཏྲེས་གཉིས། །ནིམ་པ་ཙནྡན་པི་པི་ལིང་། །ཤིང་མངར་སླེ་ཏྲེས་བི་ཤ་ལ། །དུག་མོ་ཉུང་དང་པུ་ཤེལ་ཙེ། །རྩ་མཁྲིས་མུར་བ་བ་ཤ་ཀ །ཉེའུ་
Vol. 198 · folio 224a
ཤིང་པུ་ཤ་པ་ཏོ་ལ། །གླ་སྒང་བྱི་ཚེར་ཀྱི་ལྕེ་བ། །སྐྱུ་རུ་ར་ཁུ་ཉིས་འགྱུར་དང་། །དེ་རྣམས་མར་གྱི་བརྒྱད་འགྱུར་ཆུ། །བསྐོལ་བ་ཏིག་ཏ་ཆེན་པོ་སྟེ། །ཡོན་ཏན་ཡང་ནི་སྔར་བས་ལྷག །བད་ཀན་ལས་གྱུར་ནིམ་པ་དང་། །ལོ་མ་བདུན་པ་ཙི་ཏྲ་ཀ །
རུ་རྟ་དོང་གྲ་ཚ་བ་གསུམ། །ས་ལ་པི་ལ་ཡའི་མར་བླུད། །ཀུན་ལ་གོ་བྱེའི་མར་རམ་ནི། །ཡུངས་ཀར་དཱུར་བ་རའི་མར་བླུད། །བྱི་དང་ག་དང་ཨ་རུ་ར། །གོ་བྱེའི་ལྡེ་གུ་མར་བསྐོལ་བླུད། །དོང་གའི་རྩ་བ་དག་དང་མར། །ལན་བརྒྱའི་བར་བསྐོལ་མར་
ཡང་བླུད། །སེང་ལྡེང་བསྐོལ་བའི་ཆུ་བསྟེན་ན། །མཛེ་ནད་མྱུར་དུ་སེལ་བར་བྱེད། །འདི་དག་ཉིད་ཀྱིས་ཅི་རིགས་པར། །སྣུམ་ཆོས་བསྐུ་བ་བྱས་པའང་ཕན། །སྣུམ་གྱིས་ཞེན་ལ་མེ་དབལ་ནི། །སྐབས་སུ་བཤད་པའི་སྨན་སྦྱར་གཏང་། །དཔྲལ་བ་ལག་པ་
རྐང་པ་ལས། །འདི་ལ་གཏར་གའང་གདབ་པར་བྱ། །མཛེ་ནད་ཚབས་ཆུང་ཞལ་ཞལ་གདབ། །རྭ་སོགས་ཀྱིས་ཀྱང་ཁྲག་དབྱུང་བྱ། །མཛེ་ནད་འཇོམས་པའི་སྣུམ་གྱིས་ནི། །འདི་ལ་བར་བར་བརྟ་བར་བྱ། །ཁྲག་ཕྱུང་བཀྲུ་སྨན་གྱིས་སྦྱང་བྱ། །ལྟོ་སྟོང་གྱུར་པ་
མཛེ་ཅན་ལ། །ཅི་ནས་རླུང་གིས་འདི་ཡི་ནི། །ལུས་མི་འཇིག་པ་དེ་ལྟར་བྱ། །ནིམ་པ་སླེ་ཏྲེས་བ་ཤ་ཀ །འབྲས་བུ་གསུམ་དང་པ་ཏོ་ལ། །ཀཎྜ་ཀ་རི་ཀ་རཉྫ། །ལྡེ་གུ་ཆུ་དང་མར་བསྐོལ་བ། །སྨན་མར་རྡོ་རྗེ་ཅན་ཞེས་བྱ། །དེས་ནི་མེ་དབལ་མིག་སེར་
རིམས། །ཁྲག་ནད་ལུད་པ་མཛེ་ནད་འཇོམས། །འབྲས་བུ་གསུམ་དང་ཚ་བ་གསུམ། །དུར་བྱིད་ཀཎྜ་ཀ་རི་གཉིས། །དན་ད་དོང་ག་པུ་ཙེ་ཤེལ། །ཤུ་དག་བོང་ང་ཙི་ཏྲ་ཀ །པ་ཏར་བཅས་པ་ཞོ་གཉིས་གཉིས། །སྣུ་ཧའི་འོ་མ་སྲང་གཅིག་དང་། །བྲེ་གང་མར་
བསྐོལ་ལྟོ་སྲ་བའི། །སྣུམ་ཆོས་བཀྲུ་སྨན་དག་ཏུ་སྦྱར། །མཛེ་དང་ཤ་བཀྲ་མཛེར་པ་དང་། །རྒྱུ་རླུགས་རྡེའུ་འགགས་སྐྲན་འཇོམས་བྱེད། །འདི་ནི་རྡོ་རྗེ་ཆེན་པོར་བཤད། །དན་ད་བྲེ་བཞི་ཆུ་བྲེ་ནི། །བཅུ་དྲུག་བསྐོལ་ཏེ་དེ་མར་བསྐོལ། །ཀོ་ཤ་ཏ་ཀི་སྲང་གཅིག་
Vol. 198 · folio 224b
གདབ། །དེ་བླུད་སྟེང་འོག་སྦྱོང་བྱེད་ཡིན། །ཨ་བར་ད་ཀ་སྲང་བརྒྱད་ཅུ། །བྲེ་བཅུ་དྲུག་བསྐོལ་བརྒྱད་ཆ་ལུས། །ཁུ་བ་དེ་ནི་དེའི་རྩ་བ། །མར་ནི་བྲེ་གང་བསྐོལ་བར་བྱ། །བླུད་ན་དེ་བཞིན་ཞག་གཅིག་གིས། །བར་དུ་ཆོད་དེ་ལེགས་ཞུ་ནས། །ཁྲེ་རྒོད་རང་སྐྱུར་བསྐོལ་
བ་བླུད། །མཛེ་ནད་ཤ་བཀྲ་འབྲས་ཀྱི་ཕྲེང་། །སེལ་ཞིང་བུ་མང་དྲན་འཛིན་འགྱུར། །ནཱི་ལི་ཏི་ཀའི་ཚིལ་སྦྲང་རྩི། །ཛཱ་ཏིའི་ཁུ་བ་མར་བཅས་པའམ། །སེང་ལྡེང་ཨ་ས་ནའི་ཆུར་བཅས། །དབང་པོ་བསྡམས་བརྟན་མཛེ་ནད་འཇོམས། །སཱ་ལུ་ནས་དང་གྲོ་དང་ནི། །ཅི་ཙེ་
ཁྲེ་དང་མུངྒ་དང་། །སྲན་ཆུང་དང་ནི་ཏུ་ཀ་རིའི། །ཚོད་མ་ཁ་བོ་སྐམ་སའི་ཤ །འབྲས་བུ་གསུམ་དང་པ་ཏོ་ལ། །སེང་ལྡེང་ནིམ་པ་གོ་བྱེ་སྦྱར། །ཆང་ནི་སྨན་དང་སྦྱར་བའམ། །དར་བ་སོ་མ་ར་ཛར་བཅས། །བཟའ་དང་བཏུང་བ་མཛེ་ལ་ཕན། །སྐྱུར་ཚ་ལན་ཚྭ་ཅན་
རྣམས་གནོད། །ཞོ་དང་འོ་མ་རླན་ཅན་ཤ །བུ་རམ་མ་ཤ་ཏིལ་མར་སྤང་། །པ་ཏོ་ལའི་རྩ་འབྲས་བུ་གསུམ། །བི་ཤ་ལ་ནི་རེ་རེ་ནི། །ཆ་གསུམ་གྱིས་དབྲི་ཞོ་ཕྱེད་གསུམ། །ཀྱི་ལྕེ་བ་དང་པུ་ཙེ་ཤེལ། །ཞོ་ཕྱེད་དོང་གྲ་བཞི་ཆར་བཅས། །དེ་ལྟར་སྲང་གཅིག་བརྡུངས་པ་
དག །བསྐོལ་བའི་ཆུ་ནི་འཐུངས་གྱུར་ན། །ནད་ཀྱི་ཚོགས་ནི་སྦྱོང་བར་བྱེད། །སྨན་དེ་ཞུ་ནས་སྐམ་ས་ཡི། །རི་དྭགས་བྱ་ཡི་ཤ་ཁུ་དང་། །འབྲས་རྙིང་ཆན་དང་སྦྱར་བ་བཟའ། །སྦྱོར་འདི་ཞག་དྲུག་བསྟེན་ན་ནི། །མཛེ་ནད་ཀུན་དང་སྐྲངས་པའི་ནད། །ཕོ་བའི་ནད་
དང་གཅིན་སྲི་དང་། །གཟུགས་འཁུམས་གསོ་དཀའི་ནད་རྣམས་དང་། །སྙིང་ནད་ཆུ་སོར་གཟེར་རིམས་སེལ། །བྱི་དང་ག་ཡི་སྙིང་པོ་དང་། །ཨ་རུ་ར་དང་སྐྱུ་རུ་ར། །སྲང་རེ་དན་ད་སྲང་གསུམ་དང་། །བུ་རམ་སྲང་ནི་བཅུ་གཉིས་དག །རི་ལུར་བྱས་འདི་བྱིན་གྱུར་ན། །
མཛེ་དང་ཤ་བཀྲ་དབུགས་མི་བདེ། །ལུད་པ་དམུ་རྫིང་གཞང་འབྲུམ་དང་། །གཅིན་ནད་མཆེར་པ་རྨེན་བུའི་ནད། །ཐོར་བུ་སྲིན་ནད་སྐྲན་རྣམས་འཇོམས། །གྲུབ་པའི་སྦྱོར་འདི་གནོད་སྦྱིན་ནི། །ནོར་བུ་བཟང་པོས་དགེ་སློང་ཞིག །སྲོག་འདོར་ཉིད་ལ་བཤད་ཅེས་གྲགས། །
Vol. 198 · folio 225a
ཏིག་ཏ་ནིམ་པ་འབྲས་བུ་གསུམ། །ཤུག་པ་བོང་ང་པི་པི་ལིང་། །མུར་བ་དང་ནི་པ་ཏོ་ལ། །སེར་པོ་རྣམ་གཉིས་པུ་ཙེ་ཤེལ། །ཤུ་དག་ཨིནྡྲ་བ་རུ་ནི། །དུག་མོ་ཉུང་བཅས་ཆ་མཉམ་པ། །དན་ད་དུར་བྱིད་བྲམ་ཤ་མི། །ཕྱི་མ་བཞིན་དུ་ཉིས་
འགྱུར་བཅས། །ཕྱེ་མ་སྦྲང་རྩི་མར་སྦྱར་ཟོས། །མཛེ་དང་ཟ་གུ་ཚོར་བ་ཆུང་། །སེལ་བའི་སྨན་གྱི་མཆོག་ཡིན་ནོ། །འབྲས་བུ་གསུམ་དང་པི་པི་ལིང་། །བྱི་དང་ག་དང་སྦྲང་རྩི་ནི། །ཏིལ་མར་མར་སྦྱར་ལྡེ་གུའམ། །ཀ་ཀ་ཨུ་དུམ་བཱ་ར་དང་། །ནིམ་པ་གླ་སྒང་བྱི་
དང་ག །ཚ་བ་གསུམ་གྱི་ལྡེ་གུ་ནི། །དུག་མོ་ཉུང་གི་ཁུ་བར་བཅས། །བླུད་ན་ལྤགས་ནད་ཐམས་ཅད་འཇོམས། །དུག་མོ་ཉུང་དང་ཙི་ཏྲ་ཀ །ནིམ་པ་ཐང་ཤིང་སེང་ལྡེང་དང་། །ལོ་མ་བདུན་པ་ཨ་ས་ན། །ཁུ་བསྐོལ་མར་དང་ཨ་རུ་ར། །སྦྲང་རྩི་ལྡན་ཟོས་མཛེ་
ནད་འཇོམས། །སེང་ལྡེང་ནིམ་པ་སླེ་ཏྲེས་དང་། །པ་ཏོ་ལ་དང་བྱི་ཚེར་བསྐོལ། །སེང་ལྡེང་ལ་སོགས་ལྔ་པ་སྟེ། །ཁྱབ་འཇུག་གིས་ནི་ལྷ་མིན་བཞིན། །མཛེ་ནད་འཕྲལ་དུ་འཇོམས་པར་བྱེད། །སྐྱེར་པ་ནིམ་པ་སེང་ལྡེང་གི། །ཤུན་ལྤགས་བསྐོལ་བས་མཛེ་
ནད་སེལ། །སྐྱེར་པ་ནིམ་པ་འབྲས་བུ་གསུམ། །པ་ཏོལ་རྩ་པུ་ཙེ་ཤེལ། །ཤུ་དག་བཙོད་ནི་བསྐོལ་བ་ཡིས། །དམ་ཆོས་ལ་བརྟེན་འཁོར་བ་ལྟར། །ཁྲག་མཁྲིས་ལས་གྱུར་མཛེ་ནད་གཅོད། །སྨན་འདི་ཉིད་དང་བ་ཡི་མར། །བསྐོལ་བས་རླུང་གྱུར་མཛེ་ནད་
རྣམས། །མཆོག་ཏུ་སེལ་བར་བྱེད་པ་ཡིན། །སེང་ལྡེང་ནིམ་པ་སྐྱེར་པ་དང་། །སླེ་ཏྲེས་ཐང་ཤིང་སྣ་རེར་བསྐོལ། །པ་ཐ་སྐྱེར་པ་ཙི་ཏྲ་ཀ །དན་ད་དུག་ཉུང་པུ་ཙེ་ཤེལ། །བ་གཅིན་ཡང་ན་ཆུ་དྲོན་བཅས། །ཟླ་བ་གཅིག་བླུད་མཛེ་ནང་དང་། །གཞང་འབྲུམ་ཟ་ཁུ་སྐྲང་
ནད་དང་། །སྐྱ་རྦབ་མ་ཞུ་སྲིན་ནད་འཇོམས། །རྒྱ་སྐྱེགས་དན་ཏི་འབྲས་བུ་གསུམ། །མུར་བ་པ་ཏྲ་ཙི་ཏྲ་ཀ །ཨ་པ་མརྒ་བྱི་དང་ག །ལོ་མ་བདུན་པ་ཚ་བ་གསུམ། །བཙོད་དང་སྐྱེར་པ་མ་ཤ་ཀ །ནིམ་པ་ཐང་ཤིང་རྩ་བ་ལྔ། །གཉིས་པོ་ཕྱེ་མ་བ་གཅིན་སྦྱར། །ཟླ་བ་
Vol. 198 · folio 225b
གཅིག་འཐུངས་ཕན་ཟས་བཟའ། །མཛེ་ཡི་ནད་ཀུན་འཇོམས་པར་བྱེད། །སྐྱེར་པ་པི་པི་ལིང་དོང་གྲ། །བྱི་དང་ག་དང་བ་ཏོ་རི། །ཙི་ཏྲ་ཀ་དང་བྱ་རྣམས། །གོ་རིམས་བཞིན་དུ་ཆ་རེས་བསྐྱེད། །བ་གཅིན་སྦྱར་བའམ་རི་ལུ་ནི། །བྱིན་ན་མི་བཟད་མཛེ་ཡང་འཇོམས། །
ཚ་བ་གསུམ་དང་འབྲས་བུ་གསུམ། །ཏིལ་དང་གོ་བྱེའི་ཕྱེ་མ་ནི། །མར་དང་སྦྲང་རྩི་ཁ་རར་སྦྱར། །རི་ལུ་བྱས་པ་ཆ་བདུན་པས། །མཛེ་ཡི་ནད་རྣམས་འཇོམས་བྱེད་ཅིང་། །བཅུད་ཀྱིས་ལེན་དང་རོ་ཙར་འགྱུར། །སོ་མ་ར་ཛ་ཙི་ཏྲ་ཀ །སྐྱེར་པ་དུ་བ་རའི་རུས་པ། །
གོ་བྱེ་སྲིན་སྨན་འབྲས་བུ་གསུམ། །བསྟེན་ན་མཛེ་ནད་མ་ལུས་འཇོམས། །སོ་མ་ར་ཛ་བྱི་དང་ག །གོ་བྱེ་ཙི་ཏྲ་བ་ར་ཧི། །ཨ་རུ་ར་དང་ལང་ག་ལི། །ཏིལ་ནག་པོ་དང་པི་པི་ལིང་། །བུ་རམ་དང་ནི་རི་ལུར་བྱ། །མཛེ་ཡི་ནད་རྣམས་འཇོམས་པར་བྱེད། །སོ་མ་ར་ཛ་པི་པི་
ལིང་། །དེ་ཡི་རྩ་བ་བྱི་དང་གའི། །སྙིང་པོ་ལྕགས་རྐྱག་སྐྱུ་རུ་ར། །ཏིལ་མར་ལྡེ་གུ་མཛེ་ནད་འཇོམས། །ཨ་རུ་ར་དང་གོ་བྱེ་ཏིལ། །བུ་རམ་རི་ལུས་མཛེ་ནད་འཇོམས། །སོ་མ་ར་ཛ་བྱི་དང་ག །བུ་རམ་རི་ལུ་བྱས་པའང་ཕན། །སེང་ལྡེང་བྲག་ཞུན་བྱི་དང་ག །སྦྲང་རྩི་
མར་དང་ལྡན་ཟ་ཞིང་། །ཕན་དང་རན་པར་ཟོས་ན་ནི། །འབྲུམ་ཕྲན་ཤ་བཀྲ་ཤུ་བ་འཇོམས། །ཁ་ར་ལྕགས་ཕྱེ་བྱི་དང་ག །ཙི་ཏྲ་ཀ་དང་སྐྱུ་རུ་ར། །པི་པི་ལིང་གི་ལྡེ་གུ་ཡིས། །མཛེ་ནད་ཤིན་ཏུ་གསོ་དཀའ་འཇོམས། །གླ་སྒང་ཚ་གསུམ་འབྲས་བུ་གསུམ། །རྩ་བ་
ལྔ་གཉིས་ཐང་ཤིང་བཙོད། །ནིམ་པ་ཤིང་ཚ་ལོ་མ་བདུན། །ཤིང་ཚ་ཙི་ཏྲ་ཀ་དང་ནི། །མུར་བ་བི་ཤ་ལིའི་ཕྱེ་མ། །ནས་ཕྱེ་དགུ་ཆ་སྦྲང་རྩི་ནི། །ཆ་གཅིག་སྦྱར་བ་འདི་རྟག་ཏུ། །འཐུངས་ན་མཛེ་ནད་འཇོམས་བྱེད་ཅིང་། །འོར་ནད་སྐྱ་རྦབ་ཤ་བཀྲ་ཅན། །ཕོ་ནད་གཞང་
འབྲུམ་རྒྱུ་རླུགས་དང་། །མཚན་བར་རྡོལ་དང་འབྲུམ་ཕྲན་དང་། །གཡན་པ་ཤུ་བའི་ནད་རྣམས་འཇོམས། །ཏུ་པ་ར་ཡི་རུས་པའམ། །ག་བྱ་སོ་མ་ར་ཛ་དང་། །ཙི་ཏྲ་ཀའི་རྩ་བྲག་ཞུན་རྣམས། །བཅུད་ལེན་ཆོ་ག་ལྟར་བསྟན་ཕན། །དེ་ལྟར་ནད་བསལ་ནང་གི་ནི། །ནད་
Vol. 198 · folio 226a
སྦྱངས་ནད་ནི་ཕྱི་རོལ་གྱི། །པགས་པར་གནས་ན་སྨན་བླུགས་ཕན། །ནད་ཀྱི་དྲི་མ་མ་དག་པ། །སྨན་རྣོན་བྱུགས་ན་མཛེ་ནད་ནི། །བསླངས་པས་སླར་ནི་འཕེལ་བར་འགྱུར། །གཏིང་ཟུག་སྲ་ཞིང་ཀོར་ཀོར་པོའི། །མཛེ་ལ་དུགས་བྱ་སྙི་བ་དང་། །
འབུར་བར་གྱུར་ནས་མཚོན་གྱིས་ནི། །ཞལ་ཞལ་བཏབ་ཅིང་བྱུག་པར་བྱ། །གང་ཞིག་པགས་པ་ཀུན་ཉམས་ཤིང་། །མཚོན་གྱིས་བཏབ་ཏུ་མི་རུང་བ། །དེ་ལ་ཁྲག་ནི་ཕྱུང་ནས་སུ། །ཐལ་སྨན་རྣོན་པོ་བསྐུ་བར་བྱ། །མཛེ་ནད་རབ་སྲ་རྩུབ་པ་དང་། །ཚོར་བ་མེད་
བརྟན་ཡུན་རིང་ལོན། །སྔགས་བཅས་དུག་ཁུ་བླུད་པར་བྱ། །དུག་གི་སྨན་ནི་རྗེས་སུ་སྦྱར། །མཛེ་ནད་རེངས་ཞིང་ཚོར་བ་མེད། རྡུལ་མི་འབྱུང་ཞིང་གཡའ་བ་ལ། །ལྕི་སྐམ་རྒྱ་མཚོའི་ལྦུ་བའམ། །མཚོན་གྱིས་བཞར་ལ་ལྡེ་གུ་བྱུག །གླ་སྒང་དོང་གྲ་འབྲས་བུ་
གསུམ། །པོ་སོན་ཆ་དང་ཀ་རཉྫ། །ལོ་མ་བདུན་པ་དུག་མོ་ཉུང་། །རུ་རྟ་སྐྱེར་པ་པྲི་ཡང་ཀུ། །ཉུངས་ཀར་སྦྱོར་བས་ལུས་བཀྲུ་ཞིང་། །ལྡེ་གུས་སློན་སྨན་བཀྲུ་སྨན་དང་། །བཞར་ཞིང་ལུས་ནི་བསྐུས་གྱུར་ན། །པགས་པའི་ནད་དང་མཛེ་ནད་དང་། །སྐྲང་དང་སྐྱ་རྦབ་
མཛེ་ནད་འཇོམས། །ཀ་ར་བཱི་ར་ནིམ་པ་དང་། །དུག་མོ་ཉུང་དང་དོང་གྲ་དང་། །ཙི་ཏྲ་ཀའི་རྩ་བ་གཅིན་བསྐོལ། །བསྐུས་ན་མཛེ་ནད་འཇོམས་པར་བྱེད། །ཀ་ར་བཱི་ར་ཀར་རྩ་བ། །དུག་མོ་ཉུང་དང་ཀ་རཉྫའི། །འབྲས་བུ་སྐྱེར་པའི་ཤུན་ལྤགས་ནི། །སོ་མན་ཡི་མྱུ་གུ་
བཅས། །བསྐུས་ན་མཛེ་འཇོམས་གྲུབ་པ་ཡིན། །ཤྲི་ཤའི་ཤུན་ལྤགས་རས་བལ་གྱི། །མེ་ཏོག་དོང་གའི་ལོ་མ་དང་། །མོན་སྣེའུ་དམེ་རུ་བཞི་པོ་ནི། །བཏགས་པའི་ལྡེ་གུས་མཛེ་ནད་འཇོམས། །ནིམ་པ་སེར་པོ་རྣམ་གཉིས་དང་། །བྱེའུ་རུག་པ་དང་པ་ཏོ་ལ། །
རུ་རྟ་ཨ་ཤྭ་གནྡྷ་དང་། །ཐང་ཤིང་ཤི་ཀྲུ་ཉུངས་ཀར་དང་། །གཡེར་མ་འུ་སུ་གླ་བ་དང་། །ཙ་རོང་ཆ་མཉམ་ཕྱེ་མར་བྱས། །དར་བར་སྦྱར་བའི་ཏིལ་མར་གྱིས། །བསྐུས་པའམ་ལུས་བྱུགས་དྲིལ་གྱུར་ན། །མཛེ་ནད་གཡན་པ་ཟླུམ་པོར་བཅས། །འབྲུམ་ཕྲན་སྐྲངས་
Vol. 198 · folio 226b
པའི་ནད་རྣམས་སེལ། །གླ་སྒང་དངུལ་རྡོ་དང་ནི་སྐྱེར་པ་དང་། །ནག་ཚུར་ཀམ་བི་ལྱ་དང་རུ་རྟ་དང་། །སེང་ཕྲོམ་མུ་ཟི་པོག་དཀར་བྱི་དང་ག །ལྡོང་རོས་བ་བླ་ཀ་ར་བཱི་རའི་ཤུན། །ཕྱེ་མར་བྱས་པའི་ཏིལ་མར་གྱིས་བསྐུས་པའི། །སྟེང་དུ་ཕྱེ་མའི་དོན་དུ་འདི་བླུགས་ན། །
ཤུ་བ་གཡན་པ་འབྲུམ་བུ་ཕྲ་མོ་དང་། །རྐང་ཤུ་ལ་སོགས་འབྱུང་བར་མི་འགྱུར་རོ། །ཡུངས་ཀར་སྣུ་ཧའི་ཤིང་དུམ་བཏགས། །ལྡེ་གུ་མེ་མ་མུར་བཙོས་ཏེ། །འདོད་ཆགས་ཤུགས་ཀྱིས་ངོ་ཚ་བཞིན། །བསྐུས་ན་གླང་ཤུ་འཇིག་པར་བྱེད། །ལྡོང་རོས་བ་བླ་ན་ལེ་
ཤམ་ཏིལ་མར། །ཨརྒའི་ལོ་མའི་ལྡེ་གུས་མཛེ་འཇོམས་བྱེད། །དེ་བཞིན་ཙི་ཏྲ་མརྡ་ཀ་རཉྫ། །རུ་རྟ་སྦྱར་བ་བ་གཅིན་བཏགས་པའང་ཕན། །གུ་གུལ་ཡུངས་ཀར་ན་ལེ་ཤམ། །ནག་ཚུར་དང་ནི་བྱི་དང་ག །ཤྲི་བེེ་ཤ་ག་སྲ་རྩི་པོག །བ་བླ་ལྡོང་རོས་མུ་ཟི་དང་། །
རུ་རྟ་དང་ནི་ཀམ་བི་ལྱ། །སེར་པོ་གཉིས་དང་བཅས་པ་ནི། །འཁོར་ལོས་བཙིར་བའི་ཏིལ་མར་བསྲེས། །འདི་ནི་མཚོན་གྱིས་བཞར་ཏེ་བསྐུས། །ཉི་མར་བསྲེགས་ན་མཛེ་ནད་སེལ། །ཏ་ལའི་ལོ་མ་ན་ལེ་ཤམ། །རུ་རྟ་ལྡོང་རོས་ནག་ཚུར་བཅས། །ཟངས་ཀྱི་སྣོད་
དང་ཏིལ་མར་དང་། །ཞག་བདུན་ལེགས་པར་སྤངས་པ་དེས། །ཞག་བདུན་བསྐུ་ཞིང་ཉི་མར་བསྲེག །ཤ་བཀྲ་འཇོམས་པར་བྱེད་པ་ཡིན། །ཤ་བཀྲ་སར་པ་ཟླ་བ་གཅིག །བསྟེན་ཞིང་སྦྱང་བ་བྱས་ན་སེལ། །ཨ་པ་མརྒའི་ཐལ་བའི་ཆུ། །ལན་བདུན་ལེགས་
པར་གཟགས་པ་རུ། །པྲི་ཡང་ཀུ་ཡི་མར་བསྐོལ་བས། །བསྐུས་ན་ཤ་བཀྲ་སེལ་བར་བྱེད། །ཀ་ཀ་ཛང་གི་རྩ་བ་དང་། །རས་བལ་ས་བོན་འདབ་མ་དང་། །ལ་ཕུག་ས་བོན་དར་བར་སྦྱར། །མིག་དམར་གཟའ་ལ་བསྐུས་ན་ནི། །ཤ་བཀྲ་སེལ་བ་གྲུབ་པ་ཡིན། །
ཛི་བན་ཏི་དང་སྐྱེར་པ་བཙོད། །ཀམ་བི་ལྱ་དང་སྤངས་མ་ནི། །འོ་མ་མར་དང་ཏིལ་མར་བསྐོལ། །སྲ་རྩི་བོག་དང་སྦྲ་ཚིལ་ནི། །བཏབ་པ་བསྐུས་ན་དེ་ཡིས་ནི། །རྐང་ལག་ཞིག་པ་སེལ་བར་བྱེད། །པགས་པ་གཅིག་པའི་མཛེ་དང་ནི། །འབྲུམ་ཕྲན་འབྲས་ནི་བེར་བ་
Vol. 198 · folio 227a
ཡི། །མཛེ་ནད་འཇིག་པར་བྱེད་པ་ཡིན། །ལོ་མ་བདུན་པ་རྩ་བ་དང་། །ཤི་རི་ཤ་ཡི་ཤུན་ལྤགས་དང་། །ཀ་ར་བཱི་ར་ཨརྐ་དང་། །སུ་མ་ན་དང་ཙི་ཏྲ་ཀ །ཐལ་ཏྲེས་ནིམ་པའི་ཤུན་ལྤགས་དང་། །ཀ་རཉྫ་དང་ཡུངས་ཀར་དང་། །ཙི་ཏྲ་མར་དང་འབྲས་
བུ་གསུམ། །བྱི་དང་ག་དང་ཚ་བ་གསུམ། །སེར་པོ་གཉིས་དང་ཏིལ་མར་དང་། །བ་གཅིན་བཅས་པར་བསྐོལ་བས་ནི། །པགས་པའི་ནད་དང་རྨ་འགྲམས་དང་། །རླུང་དང་བད་ཀན་ལས་གྱུར་པའི། །མཇེ་ཡི་ནད་ནི་སེལ་བྱེད་དེ། །འདི་ནི་རྡོ་རྗེ་དང་འདྲ་བས། །
རྡོ་རྗེ་ཅན་ཞེས་བྱ་བ་ཡིན། །ཨེ་རཎྜ་དང་དངུལ་རྡོ་དང་། །གླ་སྒང་ནིམ་པ་ཀ་དང་ནི། །ག་བྲའི་རྩ་བ་ཀམ་བི་ལྱ། །བྱི་དང་ག་དང་ནིར་གུན་ཐི། །གོ་བྱེ་ཨིནྡྲ་བ་རུ་ནི། །ཐང་ཤིང་ཁྲོན་བུ་གུ་གུལ་དང་། །ལྡོང་རོས་ཤྲི་ཤ་པི་ཏི་དང་། །ལན་ཚྭ་ཏང་པལ་བཅའ་སྒ་རྣམས། །
ཆ་མཉམ་སྣུ་ཧའི་འོ་མ་དང་། །ཨརྒའི་ཏིལ་མར་ལན་ཅིག་བསྐོལ། །ལྡེ་གུ་རྡོ་རྗེ་ཆེན་པོ་སྟེ། །རྡོ་རྗེ་ཅན་པས་ཡོན་ཏན་ལྷག །ཤ་བཀྲ་དང་ནི་གཞང་འབྲུམ་དང་། །འབྲས་ཀྱི་ཕྲེང་བ་འཇོམས་པར་བྱེད། །རུ་རྟ་ཀ་ར་བཱི་ར་དང་། །བྲིང་གར་ཛ་ཨརྒ་དང་། །ཤུ་དག་ཤིང་
མངར་རྒྱམ་ཚ་གཅིན། །ཏིལ་མར་བསྐོལ་བ་དུག་བཅུག་པ། །བསྐུས་པས་མཛེ་ནད་སེལ་བའི་མཆོག །སྤྲ་ཚིལ་ལི་ཁྲི་གུ་གུལ་དང་། །སྤངས་མ་དངུལ་རྡོ་ཡུངས་མར་བསྐོལ། །གཡན་པ་གླང་ཤུ་མྱུར་དུ་སེལ། །རྒྱ་སྐྱེགས་ཙི་ཏྲ་མར་ད་དང་། །ཤྲི་པི་ཏ་དང་ཚ་
བ་གསུམ། །རུ་རྟ་ཡུངས་ཀར་ལ་ཕུག་གི། །ས་བོན་སེར་པོ་རྣམ་གཉིས་ཀྱི། །ལྡེ་གུ་དར་བར་སྦྱར་བསྐུས་ན། །ཤུ་བ་ཐམས་ཅད་སེལ་བར་བྱེད། །ཙི་ཏྲ་ཀ་དང་ཤི་ཀྲུའམ། །སླེ་ཏྲེས་ཐང་ཤིང་ཨ་པ་མར། །སེང་ལྡེང་དྷ་བའི་ལྡེ་གུའམ། །དུར་བྱིད་དན་ད་པྲ་
བན་ཏི། །རྒྱ་སྐྱེགས་དངུལ་རྡོ་སུག་སྨེལ་ལམ། །པུརྞ་རྣ་བའི་ལྡེ་གུ་སྟེ། །ཚིག་རྐང་དྲུག་བཤད་ལྡེ་གུ་དྲུག །ཞོ་ག་ཆུ་དང་སྦྱར་བ་ཡིས། །བསྐུས་ན་བད་ཀན་རླུང་ལས་ནི། །གྱུར་པའི་མཛེ་ནད་སེལ་བར་བྱེད། །བ་ལི་ཀ་དང་མ་ནུ་དང་། །ཨ་ཀར་ནཱ་ག་གེ་སར་དང་། །
Vol. 198 · folio 227b
གནྟྲ་བྷ་དྲ་གླ་བ་དང་། །ཙནྡན་དང་ནི་པུ་ཤེལ་ཙེ། །ཆ་རེས་བསྐྱེད་པའི་ལྡེ་གུ་ཡིས། །བད་མཁྲིས་མཛེ་ནད་སེལ་བར་འགྱུར། །ཏིག་ཏའི་སྨན་མར་བརྒྱ་བཀྲུས་མར། །བསྐུས་ན་མཛེ་ཡི་ཆ་བ་སེལ། །ཏིལ་མར་ཙནྡན་ཤིང་མངར་དང་། །སྟག་ཚེར་བ་དང་ཨུཏྤལ། །
བཅས་པར་བསྐུས་ནའང་ཕན་པ་ཡིན། །རྣགས་ཤིང་ཡན་ལག་འདྲུལ་བ་དང་། །ལུས་ཚ་འབྲུམ་བུ་ཕྲ་མོ་འབྱུང་། །པགས་པ་མྱགས་དང་བཅས་པ་ལ། །བསིལ་བའི་སྨན་ཆུས་བླུགས་ཤིང་བྱུག །གཏར་ག་བཀྲུ་སྨན་བཏང་བ་དང་། །ཏིག་ཏའི་སྨན་མར་བྱིན་
ན་ཕན། །སེང་ལྡེང་ནིམ་པ་བ་ཤ་ཀ །དུག་མོ་ཉུང་དང་འབྲས་བུ་གསུམ། །བྱི་དང་ག་དང་སླེ་ཏྲེས་དང་། །པ་ཏོ་ལ་དང་བ་གཅིན་སྦྱར། །ཕྱི་དང་ནང་ནས་བཏང་གྱུར་ན། །སྲིན་པུ་ལས་གྱུར་མཛེ་ནད་འཇོམས། །རླུང་ཤས་ཆེ་ལ་ཐོག་མར་ནི། །མར་བཏང་བད་
ཀན་ཤས་ཆེ་ལ། །སྐྱུག་སྨན་མཁྲིས་པ་ལས་གྱུར་ན། །གཏར་ག་བཏབ་ཅིང་བཀྲུ་སྨན་གཏང་། །ནང་སྦྱངས་ཁྲག་ནི་བྱུང་བ་དང་། །གནས་ནི་དག་པར་གྱུར་པ་ལ། །བསྐུ་བ་གང་ཞིག་བྱས་གྱུར་པ། །དེ་ནི་མོད་ལ་མེད་པར་འགྱུར། །ནད་གཞི་བསལ་ཞིང་ཁྲག་ནི་ཕྱུང་བ་དང་། །
ཕྱི་དང་ནང་ནས་ཞི་བའི་གསོ་བ་བྱ། །སྨན་མར་དང་ནི་དུས་སུ་བྱིན་གྱུར་ན། །མཛེ་ཡི་ནད་ནི་གསོ་སླ་ཉིད་དུ་འགྱུར། །མཛེ་ཅན་ནད་ནི་ལན་མང་སྦྱངས་གྱུར་པ། །དེ་ཡི་སྲོག་སྲུབ་ལན་མང་འབད་བྱས་ཏེ། །ནད་ནི་ལྷག་པར་ཕྱུང་བས་ཉམ་ཆུང་བས། །
རླུང་ལྡང་མྱུར་དུ་གསོད་པར་བྱེད་པར་འགྱུར། །ཟླ་བ་ཕྱེད་ཅིང་སྐྱུག་སྨན་གཏང་བ་དང་། །ཟླ་བ་རེ་རེ་ནས་ནི་བཀྲུ་སྨན་གཏང་། །མགོ་བོ་སྦྱང་བ་ཞག་ནི་གསུམ་གསུམ་ནས། །ཟླ་བ་དྲུག་དྲུག་ནས་ནི་གཏར་ག་བྱ། །གང་ཞིག་སློན་དང་འཁྲུ་བར་དཀའ་འགྱུར་ཞིང་། །
མཛེ་ཅན་ནད་ཤས་ཆེ་བས་ཁྱབ་གྱུར་པ། །དེ་ནི་ངེས་པར་གསོ་དཀའ་ཉིད་གྱུར་པས། །དེ་བས་ནད་ནི་མ་ལུས་དབྱུང་བར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་བཅུ་དགུ་པའོ།། །།དེ་ནས་ཤ་བཀྲ་དང་སྲིན་བུའི་ནད་
Vol. 198 · folio 228a
གསོ་བའི་ལེའུ་བཤད་པར་བྱའོ། །གང་ཞིག་མཛེ་ནད་པས་ཀྱང་འཇིགས་འགྱུར་ཞིང་། །མྱུར་དུ་གསོ་དཀའ་ཉིད་དུ་འགྱུར་བས་ན། །ཁང་པ་འབར་བར་གྱུར་པ་ལྟ་བུར་ནི། །ཤ་བཀྲའི་ནད་ཞི་བ་ལ་འབད་པར་བྱ། །ཁྱད་པར་དུ་ནི་དང་པོར་ལུས་ལ་ནི། །
སྦྱང་བར་བྱ་བ་ཉེ་བར་སྦྱར་བར་བྱ། །ཤ་བཀྲ་ལ་ནི་སོ་མ་ར་ཛའི་ཁུ། །བུ་རམ་ཆང་ངམ་ཤ་ཁུ་བཀྲུ་སྨན་ནི། །སྣུ་ཧའི་འོ་མར་སྦྱར་བ་བླུད་པར་བྱ། །དེ་འཐུངས་ནས་ནི་ལུས་བསྐུས་ཉམས་སྟོབས་དག །ཅི་ཡོད་པ་ལས་ཉིན་མཚན་བསྟེན་པར་བྱ། །སྐོམ་དད་སྐྱེས་ན་ཞག་གསུམ་
ཐུག་པ་བླུད། །ཤ་བཀྲའི་ལུས་ལ་ཆུ་བུར་བྱུང་གྱུར་ན། །དེ་ནི་ཚེར་མ་དག་གིས་བརྟོལ་བར་བྱ། །ཆུ་བུར་གཟགས་པར་བྱས་ནས་ནང་རེ་བཞིན། །སོ་མ་ར་ཛ་དང་ནི་ཨ་ས་ན། །པྲི་ཡང་ཀུ་དང་ཤུ་ཏི་ཆུར་བསྐོལ་བླུད། །རྒྱ་སྐྱེགས་ཤིང་ཐལ་བུ་རམ་ཕྲན་སྦྱར་བའི། །ཆུ་ནི་ཉམས་
སྟོབས་ཅི་ཡོད་པ་ལ་བླུད། །ཕལ་གུ་སྐྱུ་རུ་ར་ཤུན་དུག་ཉུང་ཤིང་། །ཁུ་བ་སོ་མ་ར་ཛར་བཅས་པ་བླུད། །དྲོ་བར་འདུག་ནས་ཆུ་བུར་བྱུང་བ་ལ། །ལན་ཚྭ་མེད་ཟས་དར་བར་བཅས་པ་སྦྱིན། །བ་གཅིན་ཙི་ཏྲ་ཀ་དང་ཚ་བ་གསུམ། །སྦྲང་རྩིར་སྦྱར་བ་མར་གྱི་སྣོད་དུ་གཞག །
ཟླ་ཕྱེད་ལོན་ནས་ཤ་བཀྲ་ཅན་ལ་བླུད། །འདི་ལ་མཛེ་ནད་གསོ་བའི་ཆོ་ག་བྱ། །ཡང་ན་བྲིང་ག་ར་ཛ་ལྕགས་སྣོད་བཅུག །ཏིལ་མར་ནང་དུ་བརྔོས་པ་སྦྱིན་བྱ་ཞིང་། །ཨ་ས་ན་ཡི་ས་བོན་འོ་མར་བསྐོལ། །དེ་རྗེས་བླུད་ན་ཤ་བཀྲ་འཇོམས་པར་བྱེད། །དོང་ག་ཨརྒ་པུ་ཏི་ཀ་
རཉྫ། །སྣུ་ཧ་ཛཱ་ཏིའི་ལོ་མ་བ་གཅིན་བཏགས། །ལྡེ་གུས་བསྐུས་ན་ཤ་བཀྲ་གཞང་འབྲུམ་དང་། །ཤུ་བ་གཡན་པ་རྨ་འགྲམས་སེལ་བར་བྱེད། །གླང་ཆེན་གཟིག་གི་ལྤགས་བསྲེགས་ཏིལ་མར་དང་། །སྦྱར་བ་བསྐུས་ན་ཤ་བཀྲ་སེལ་མཆོག་ཡིན། །སྦུར་བ་དྲི་ངན་དོང་
གའི་འོ་མ་དང་། །སྦྱར་ཏེ་བསྐུས་པ་གཅིག་པུས་ཤ་བཀྲ་སེལ། །ཆུ་བུར་བསྐྱེད་ཕྱིར་གོ་བྱེ་ཆམ་ཆོམ་བརྡུངས། །ནུབ་མོ་བ་གཅིན་ལ་སྦངས་ཉིན་གྲིབ་བསྐམ་དུ། །དེ་ལྟར་ལན་གསུམ་བྱས་ཏེ་ཞིབ་ཏུ་བཏགས། །སྣུ་ཧའི་འོ་མར་སྦྱར་བསྐུས་ཤ་བཀྲ་འཇོམས། །
Vol. 198 · folio 228b
སྦྲུལ་ནག་བསྲེགས་པ་ལས་བྱུང་སྣག་ཚ་ནི། །བ་རུ་ར་ཡི་མར་དང་སྦྱར་ཏེ་བསྐུ། །དེ་བཞིན་རྨ་བྱའི་མཁྲིས་པ་བསྲེགས་པའམ། །བ་ལི་ཀ་བསྲེགས་རྨ་བྱའི་མཁྲིས་བསྲེགས་ཕན། །སོ་མ་ར་ཛའི་ས་བོན་ཕུལ་གང་དང་། །བ་བླ་ཆ་བཞི་དག་ནི་བསྲེས་ནས་སུ། །བ་ཡི་
གཅིན་དང་སྦྱར་ཏེ་བཏགས་བསྐུས་ན། །ཤ་བཀྲ་ལྤགས་མདོག་འདྲ་བར་བྱེད་པའི་མཆོག །གླང་ཆེན་རྟུག་པ་ལེགས་བསྲེས་ཐལ་བ་ནི། །གླང་ཆེན་གཅིན་དང་བསྲེས་ཏེ་གཟགས་གྱུར་པ། །བྲེ་བཅུ་དྲུག་ཚད་སོ་མ་ར་ཛ་ཡི། །ས་བོན་བཅུ་ཆས་བཏབ་བསྐོལ་སྦྱིན་བག་
གྱུར། །མང་དུ་བདར་བ་དེ་ཡིས་བསྐུས་ན་ནི། །ཤ་བཀྲའི་ནད་ནི་རྣམ་པར་འཇོམས་འགྱུར་ཞིང་། །མཛེ་ཡི་ནད་དང་སྨེ་བ་ནག་པོའམ། །ཤ་ལྷག་སྐྱེས་པའི་རྨ་ནི་སྦྱོང་བར་བྱེད། །གོ་བྱེ་ཙི་ཏྲ་ཀ་དང་སྣུ་ཧ་དང་། །ཨརྐའི་རྩ་བ་དང་ནི་འོལ་མ་སེ། །དེ་བཞིན་ཚ་བ་གསུམ་དང་
དུང་དང་ནི། །སྤངས་མ་རུ་རྟར་བཅས་དང་ལན་ཚྭ་ལྔར། །ཐལ་བ་གཉིས་དང་ལང་ག་ལི་བཏགས་ཕྱེ། །སྣུ་ཧ་ཨརྐའི་འོ་མར་བསྐོལ་ནས་ནི། །སྐ་བར་གྱུར་པ་ལྕགས་སྣོད་ནང་དུ་གཞག །དེ་ནི་ཐུར་མས་བསྐུས་ན་མཛེ་ནད་དང་། །ཤ་བཀྲ་སྨེ་བ་ནག་པོར་གྱུར་པ་དང་། །
མཛེར་པ་གཞང་འབྲུམ་པགས་པའི་རྨེན་བུ་སེལ། །སྦྱང་བྱས་གཏར་ག་བཏབ་པ་དང་། །རྩུབ་ཆོས་ཕྱེ་ཟན་ཟོས་གྱུར་པའི། །སྡིག་པ་ཟད་པར་གྱུར་པ་ཡི། །འགའ་ཞིག་གིས་ནི་ཤ་བཀྲ་འབྱུང་། །ཁོང་པའི་སྲིན་ཡོད་སྣུམ་དུགས་བྱས། །བུ་རམ་འོ་མ་ཉ་སོགས་
ཀྱིས། །བད་ཀན་སྲིན་བུ་བསླངས་ནས་ནི། །ནུབ་མོ་དེ་ནི་བདེ་བར་གནས། །བྱེའུ་རུག་སྩོགས་སྡེབ་གཅིན་དང་། །ཆུ་ཕྱེད་བཅས་པ་བསྐོལ་ནས་ནི། །ཁུ་བ་དེ་ནང་པི་པི་ལིང་། །པོ་སོན་ཆ་དང་བྱི་དང་ག །ཏིལ་མར་སྭརྫི་ཀྵ་རར་བཅས། །མས་གཏོང་བས་ནི་གཏང་བར་
བྱ། །དེ་ཉིད་དེ་ལ་དེ་ཉིད་དམ། །དུར་བྱིད་ལྡེ་གུ་པོ་སོན་ཆ། །པི་པི་ལིང་ནི་ཁུ་བར་བསྲེས། །བཀྲུ་སྨན་དེ་ལ་བྲུད་པར་བྱ། །དེ་ལྟར་སྟེང་འོག་སྦྱང་བྱས་ནས། །ཚ་བ་ལྔ་ལྡན་ཐུགས་སྩོགས་བླུད། །ཚ་དང་ཁ་དང་བསྐ་བ་ཡི། །སྨན་ནི་བསྐོལ་ཆུས་བླུགས་པར་བྱ། །དུས་
Vol. 198 · folio 229a
སུ་བྱི་དང་གའི་ཏིལ་མར། །འཇམ་རྩི་དེ་ལ་གཏང་བར་བྱ། །མགོ་བོའི་སིན་བུ་མགོ་ནད་ནི། །གསོ་བར་བཤད་པའི་རིམ་པར་བྱ། །ཚ་དང་ཁ་བ་ཤས་ཆེ་ཞིང་། །སྣུམ་ཉུང་ཁ་ཟས་སྦྱིན་པར་བྱ། །བྱི་དང་ག་དང་པི་པི་ལིང་། །པི་པི་ལིང་རྩ་ན་ལེ་
ཤམ། །ན་ལེ་ཤམ་ནི་དཀར་པོ་དང་། །སྭརྫི་ཀ་ནི་ཐལ་བར་བཅས། །ནས་ཐུག་དར་བར་བཙོས་པ་བླུད། །གི་རི་གར་ནི་ཤྲི་ཤ་ཀ །པ་རི་པ་ཏྲ་ཀེ་པུ་ཀ །པ་ལ་ཤ་འབྲས་པ་ཏུ་ར། །སུ་ཏི་ཀ་ནི་སོ་སོར་བསྐོལ། །ཁུ་བ་སྦྲང་རྩིར་བཅས་པའམ། །བྱེ་རུག་པ་སོགས་སྦྲང་
རྩིར་སྦྱར། །རྟ་སྦངས་ཕྱེ་མ་བྱི་དང་ག །བསྐོལ་བའི་ནང་སྦངས་མང་དུ་བཟའ། །སྦྲང་རྩིར་བཅས་པའི་ལྡེ་གུའམ། །འབྲས་བུ་གསུམ་ཁུར་སྦངས་པ་སྦྱིན། །མགོ་བོའི་སྲིན་བུའི་ནད་ལ་ནི། །དེ་ཡི་ཕྱེ་མ་བུད་པར་བྱ། །མུ་ཤ་ཀརྞའི་འདབ་མ་ནི། །ཞིབ་ཏུ་བཏགས་པ་
འབྲས་ཕྱེར་བཅས། །བཙོས་པའི་ཁུ་བ་སྦྱིན་པར་བྱ། །དེ་ཡི་རྗེས་ལ་རང་སྐྱུར་རམ། །དར་བ་སླ་བ་ཚ་བ་ལྔ། །ལན་ཚྭར་བཅས་པ་བླུད་པར་བྱ། །ནིམ་པ་ཨ་པ་མརྒ་དང་། །ནིར་གུན་ཐི་ལོ་འང་དེ་བཞིན་བྱ། །བྱི་དང་ག་ཡི་ཕྱེ་མ་དང་། །བགྲེས་པའི་འབྲས་ཕྱེའི་
ཁུར་བ་སྦྱིན། །གོ་བྱེའི་མར་ནི་རྙིང་པ་ལ། །བྱི་དང་ག་ནི་ཤུན་པ་བསལ། །ཆ་ཕྱེད་བཅུག་སྟེ་ཉི་མར་གཞག །བཏུང་བ་འཇམ་རྩི་སྦྱར་བར་བྱ། །ཐང་ཤིང་ཤྲི་བེཥྚ་ཡི་སྣུམ། །སོ་སོར་དེ་བཞིན་སྦྱར་བར་བྱ། །བཤང་བར་སྐྱེས་ལ་ལྷག་པར་ཡང་། །བཀྲུ་སྨན་དང་ནི་
འཇམ་རྩི་གཏང་། །བད་ཀན་ལས་གྱུར་མགོ་བོའི་ནད། །བཀྲུ་སྨན་སློན་དང་ཞི་སྨན་གཏང་། །ཁྲག་ལས་གྱུར་པའི་སྲིན་བུ་ལ། །གསོ་བ་མཛེ་ཡི་ཚུལ་དུ་བྱ། །སྤུ་འབྱི་བྱེད་ལ་གསོ་བ་ནི། །འཁོར་ལིང་སྐྲ་འབྱི་ཆོ་ག་བྱ། །འོ་མ་ཤ་དང་མར་དང་བུ་རམ་དང་། །ཞོ་དང་
འདབ་མ་ཅན་གྱི་ཚོད་མ་དང་། །མདོར་ན་མངར་དང་སྐྱུར་བའི་ཁུ་བ་རྣམས། །སྲིན་བུ་གཞོམ་པར་འདོད་པས་ཡོངས་སུ་སྤང་། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས་གསོ་བའི་གནས་ཀྱི་ལེའུ་ཉི་ཤུ་པའོ།། །།དེ་ནས་རླུང་ནད་གསོ་བ་བཤད་
Vol. 198 · folio 229b
པར་བྱའོ། །མ་འདྲེས་རླུང་ལས་དང་པོར་ནི། །མར་དང་རྐང་དང་ཚིལ་དང་ནི། །ཏིལ་མར་བླུད་ཅིང་སྣུམ་གྱི་ནི། །སྦྱོར་བས་ལེགས་པར་གསོ་བར་བྱ། །དེ་ནས་སྣུམ་ཞེན་ངལ་བསོ་སྟེ། །འོ་མས་སླར་ཡང་སྣུམ་ཆོས་བྱ། །རླན་ཅན་གྲོང་དང་ཆུ་ལ་གནས། །ཤ་ཁུ་སྣུམ་དང་
ལྡན་པ་གཏང་། །འོ་ཐུག་ཀྲི་སར་སྐྱུར་དང་བཅས། །ལན་ཚྭར་ལྡན་བླུད་འཇམ་རྩི་གཏང་། །སྣ་སྨན་སྐྱོ་བྱས་ཁ་ཟས་ནི། །སྣུམ་བྱས་སྦྱིན་ཅིང་དུགས་བྱས་ལ། །ལེགས་བསྐུས་སྣུམ་དང་ལྡན་པ་ལ། །གསེག་མ་ལ་སོགས་དུགས་བྱའོ། །སྣུམ་གྱིས་ཞེན་བྱས་དུགས་
བྱས་པས། །གཡོ་ཞིང་རེངས་དང་གཟེར་བཅས་པ། །ཇི་ལྟར་འདོད་བཞིན་འགུགས་པ་ནི། །བདེ་བླག་ཉིད་དུ་ནུས་པར་འགྱུར། །ཇི་ལྟར་ཤིང་སྐམ་དག་ཀྱང་ནི། །སྣུམ་བསྐུས་བསྲོས་པར་གྱུར་ན་ནི། །ལས་སུ་བྱ་བར་རུང་གྱུར་ན། །སྲོག་ཆགས་ལུས་ནི་སྨོས་ཅི་
དགོས། །སྤུ་བརྩེ་གཟེར་ན་སྙོམས་པ་དང་། །ལུས་སྐེམ་རེངས་པའི་ནད་ལ་སྩོགས། །དུགས་བྱས་མྱུར་དུ་ཞི་འགྱུར་ཞིང་། །མཉེན་པ་ཉིད་དུའང་འགྱུར་བ་ཡིན། །སྣུམ་བཏང་བས་ནི་ལུས་ཟུངས་རྣམས། །བསྐམ་པ་མྱུར་དུ་རྒྱས་པར་བྱེད། །ཉམས་སྟོབས་མེ་དྲོད་
འཕེལ་འགྱུར་ཞིང་། །དེ་ཡི་སྲོག་ཀྱང་རིང་ནས་བྱེད། །ལན་མང་སྣུམ་དང་དུགས་ཀྱི་ནི། །ཆོ་ག་ལེགས་པར་སྦྱར་བར་བྱ། །དེ་ལྟར་སྣུམ་གྱིས་མཉེན་བྱས་ལྟོར། །རླུང་གི་ནད་ནི་གནས་མི་འགྱུར། །གལ་ཏེ་ནད་གཞན་བཅོས་པའི་ཕྱིར། །ལས་འདི་ཞི་བར་མ་གྱུར་
ན། །འཇམ་ཞིང་སྣུམ་དང་ལྡན་པ་ཡི། །སྣུམ་གྱིས་དེ་ནི་སྦྱང་བར་བྱ། །ཞུན་མར་སེང་ཕྲོམ་བཙོས་པ་དང་། །སཔྟ་ལ་དང་བསྐོལ་བའམ། །འོ་མ་ཨེ་རཎྜ་ཡི་མར། །བསྐོལ་བ་ནད་སེལ་དགེ་བ་བླུད། །སྣུམ་སྐྱུར་དྲོ་དང་ལན་ཚྭ་སོགས། །ཟས་ཀྱི་དྲི་མ་ཚོགས་
གྱུར་ནས། །བུ་ག་འགགས་ཏེ་རླུང་བཀག་པས། །དེ་ཕྱིར་དེ་ནི་བདེ་རྒྱུ་བྱ། །ཉམ་ཆུང་བཀྲུ་སྨན་བྱར་འོས་པ། །དེ་ལ་དྲོད་སྐྱེད་སྨིན་བྱེད་པའི། །ཁ་ཟས་སྦྱིན་པའམ་དེ་བཅས་པའི། །མས་གཏོང་བཀྲུ་སྨན་སྦྱར་བར་བྱ། །སྦྱང་ཞིང་མེ་དྲོད་བསྐྱེད་གྱུར་ནས། །སླར་
Vol. 198 · folio 230a
ཡང་སྣུམ་དང་དུགས་བྱས་ཕན། །མ་ཞུའི་གནས་སུ་ཞུགས་པའི་རླུང་། །སློན་བྱས་ཟས་རིམ་བྱིན་ནས་ནི། །བ་ར་ཎ་སོགས་དྲུག་པའམ། །ཤུ་དག་སྩོགས་ཆུ་དྲོ་སྦྱར་བླུད། །མེ་དྲོད་བསྐྱེད་ནས་དེའི་འོག་ཏུ། །རླུང་ཅན་གཅིག་པུའི་གསོ་བ་བྱ། །
ལྟོ་བའི་ཕྱོགས་ཞུགས་བིལ་བ་ནི། །གཞོན་དང་ཉ་ཤས་གཡོས་བྱས་སྦྱིན། །ལྟེ་བའི་འོག་ཞུགས་འཇམ་རྩི་གཏང་། །ཟས་ཀྱི་སྔོན་དུ་སྣུམ་བཏང་ཕན། །ཁོང་པར་ཞུགས་ལ་ཐལ་སྨན་སོགས། །ཕྱེ་མ་དྲོད་སྐྱེད་སྨིན་བྱེད་ཕན། །སྙིང་གནས་ས་ལ་པརྞི་དག །འོ་མ་དང་ནི་
བསྐོལ་བ་ཕན། །མགོ་བོར་གནས་ལ་མགོ་སྣུམ་བསྐུ། །སྣ་སྨན་དུད་རྔུབ་སྣུམ་ཅན་དང་། །རྣ་བ་སོགས་ལ་བརྟ་བྱས་ཕན། །པགས་པར་གནས་ལ་བསྐུ་བྱུག་དུགས། །རླུང་མེད་གནས་སུ་གནས་པ་དང་། །ཁ་ཟས་ཡི་ག་འབྱེད་པ་ཕན། །ཁྲག་གནས་བསིལ་སྨན་བསྐུ་
བ་དང་། །བཀྲུ་སྨན་ཁྲག་ནི་དབྱུང་བ་ཕན། །ཤ་ཚིལ་བརྟེན་པ་བཀྲུ་སྨན་དང་། །མས་གཏོང་དྲག་དང་ཞི་བྱའི་སྨན། །རུས་པ་རྐང་ལ་གནས་པ་ལ། །ཕྱི་དང་ནང་ནས་སྣུམ་གྱིས་གསོ། །ཁུ་ཆུར་གནས་ལ་སེམས་དགའ་དང་། །ཁ་ཟས་སྟོབས་སྐྱེད་རོ་ཙ་ཕན། །ཁུ་བ་རྒྱུ་
བ་འགགས་གྱུར་ན། །བཀྲུ་སྨན་བཏང་བས་གསོ་བར་བྱ། །འཁྲུས་ཤིང་ཟས་རིམ་བསྟེན་གྱུར་ནས། །སྔར་བཤད་པ་ཡི་གསོ་བ་བྱ། །རླུང་ལས་མངལ་ཆགས་བསྐམས་གྱུར་དང་། །བྱིས་པ་སྐེམས་པར་གྱུར་པ་ལ། །ཀར་ཏང་པ་ལ་ཤིང་མངར་རྣམས། །འོ་མ་
སྦྱར་བསྐོལ་བླུད་པ་ཕན། །རྒྱུས་པ་ཚིགས་དང་རྩར་ཞུགས་ལ། །སྣུམ་ཚ་དཀྲི་བའི་དུགས་བྱས་ཕན། །ཡན་ལག་འཁུམས་ལམ་ཤ་དང་། །རྒྱམ་ཚ་ཏིལ་མར་བསྐོལ་བས་བསྐུ། །ཁྲག་གཟགས་དྲགས་ལ་ཡན་ལག་ནི། །ཚོར་བ་མེད་ལ་ཁྱིམ་དུད་པ། །རྒྱམ་ཚ་
ཏིལ་མར་སྦྱར་བས་བསྐུ། །དཀྲི་བའི་དུགས་ནི་སྦྱར་བར་བྱ། །གཞན་དབང་ཅན་གྱིས་གཟིར་གྱུར་ཅིང་། །མིག་འགྱུར་མི་ཤེས་འདར་བ་མེད། །ཕོ་མཚན་མི་ལྡང་རྔུལ་མི་འབྱུང་། །ཕྱི་རོལ་རྩོལ་བ་མེད་འགྱུར་ལ། །ཁྲི་ཡི་བཅིངས་པས་མ་ནོན་པ། །དེ་ལ་མྱུར་དུ་གསོ་
Vol. 198 · folio 230b
དཔྱད་བྱ། །དེར་ནི་ཐོག་མར་སྣུམ་ཞེན་བྱ། །དུགས་བྱས་སྣ་སྨན་རྣོན་པོས་ནི། །བུ་ག་སྦྱང་ཕྱིར་བཏང་བ་དང་། །བི་ད་ར་ཡི་སྡེ་བསྐོལ་དང་། །ཞོ་དང་འོ་མ་ཤ་ཁུ་དང་། །མར་བསྐོལ་བ་ཡི་དངས་མ་བླུད། དེས་ནི་རླུང་ནད་ཚབས་ཆེ་བའམ། །འཕྲལ་དུ་ཁྱབ་པར་མི་འགྱུར་
རོ། །རྒྱ་སྲན་ནས་དང་རྒྱ་ཤུག་སྩོགས། །ཐང་ཤིང་ལ་སོགས་སྡེ་ཚན་ནི། །རླན་ཅན་ཤ་ནི་བསྐོལ་བ་དང་། །སྐྱུར་དང་འོ་མ་དག་དང་ནི། །མངར་བའི་སྡེ་ཚན་བཏབ་པ་ཡི། །སྣུམ་ཆེན་དག་ནི་བསྐོལ་བ་ཡིས། །བླུགས་དང་བསྐུ་དང་ལུས་སྤྱི་དང་། །བཏུང་དང་སྣ་
སྨན་འཇམ་རྩིར་བྱ། །སྣུམ་དང་དུགས་ནི་ལེགས་སྦྱར་བ། །དེ་དང་དེས་ནི་རླུང་ནད་འཇོམས། །ནད་ཤུགས་བར་མ་དག་ལ་ནི། །བད་ཀན་སེལ་ཞིང་རྣོ་བ་ཡི། །སྤྱི་བོའི་བཀྲུ་སྨན་ལན་མང་གཏང་། །བུད་ཅིང་གཏང་བར་བྱ་བ་ཡིས། །དབུགས་རྒྱུའི་གནས་ནི་དག་གྱུར་
ནས། །དེས་ནི་དྲན་པ་རྙེད་པར་འགྱུར། །ཁ་རུ་ཚ་དང་ཨ་རུ་ར། །ཚ་བ་གསུམ་བསྐོལ་རླུང་ཆེན་སེལ། །སེང་ཕྲོམ་སྲང་བརྒྱད་འབྲས་བུ་གསུམ། །བྲེ་གང་རྩ་བ་ཆེན་པོ་ལྔ། །ཨེ་རཎྜ་དང་བྲི་ཧ་ཏི། །དུར་བྱིད་སྲང་རེ་ཆུ་བྲེ་ནི། །བཅུ་དྲུག་ནང་དུ་བསྐོལ་ནས་སུ། །བཞི་ཆ་ལུས་པ་
དེ་དང་ནི། །མར་བྲེ་གང་དང་ཆུ་བྲེ་བཞི། །ནས་ཚིག་འཁུས་ཐལ་སྲང་གསུམ་བསྐོལ། །དེ་བསྟེན་རླུང་ནད་མ་རུངས་པ། །ཡན་ལག་ཕྱོགས་གཅིག་ཀུན་ལ་ཞུགས། །མངལ་གྱི་ནད་དང་རྒྱུ་རླུགས་དང་། །སྐྲན་དང་དམུ་རྫིང་འཇོམས་པར་བྱེད། །ར་མཉེ་བ་དང་ཨ་ཤྭ་ཀའང་། །
ཆོ་ག་སེང་ཕྲོམ་ལྟ་བུར་བྱ། །གསོ་བ་འདི་ནི་གཞན་དབང་ཅན། །རླུང་ནད་མ་འདྲེས་པ་ལ་བྱ། །ནད་གཞི་འདྲེན་མར་འདྲེན་མས་བྱ། །བད་ཀན་བཅས་པའི་གཞན་དབང་ཅན། །སྙིང་ག་རྩིབ་ལོགས་ན་བ་ལ། །གཡེར་མ་ཤིང་ཀུན་ཨ་རུ་ར། །མ་ནུ་དང་ནི་ལན་ཚྭ་
གསུམ། །ནས་བསྐོལ་ཁུ་བ་སྦྱར་བ་བླུད། །ཤིང་ཀུན་བཅའ་སྒ་རྩལ་རུ་ཚ། །སེ་འབྲུ་སྟར་བུ་བཅས་པ་བླུད། །བད་ཀན་རླུང་ནི་འདྲེས་པ་ལ། །སྙིང་ནད་གསོ་བའི་སྐབས་བཤད་ཕན། །ད་རྒན་ཕྱིར་དགྱེ་ནང་གུག་གཉིས། །ཀླད་པ་གཞོགས་ཕྱེད་ན་ལྟར་གསོ། །ཏིལ་
Vol. 198 · folio 231a
མར་གྱིས་བཀང་སྣོད་དུ་བསྙལ། །འདིར་ནི་ནང་གུག་རབ་གསོ་དཀའ། །སོ་དང་བཞིན་གྱི་མདོག་ཉམས་ཤིང་། །ཡན་ལག་ལྷོད་ཅིང་དྲན་པ་ཉམས། །རབ་ཏུ་རྔུལ་བའི་གཞུང་རེངས་ཡིན། །དེ་ནི་ཞག་བཅུ་ལས་མི་འཚོ། །དེ་ལས་གཞན་ཤུགས་
སྨན་གྱུར་འཚོ། །ལུས་སྒུ་བ་དང་འོན་གླེན་དང་། །འཐིང་དང་ཞ་བོ་གཞོགས་ཕྱེད་ཉམས། །འཕྱེ་བོའམ་དབང་པོ་མ་ཚང་འགྱུར། །འགྲམ་པ་ཉམས་པ་འགྲམ་པ་སྣུམ། །དུགས་བྱས་ནས་ནི་རང་གནས་གཞུག །ཁ་གདངས་པ་ལ་ཀོས་ཀོ་ནི། །བཏེག་ལ་མཁས་པས་
གཞུག་པར་བྱ། །འཐམ་པར་གྱུར་པ་ལྷག་མ་ལ། །ཕྱོགས་གཅིག་གུག་པ་ལྟ་བུར་གསོ། །ལྕེ་ལྡིབས་གནས་སྐབས་ཇི་བཞིན་དུ། །རླུང་ནད་ཀྱི་ནི་གསོ་བ་བྱ། །གླད་པ་གཞོགས་ཕྱེད་ན་བ་ལ། །སྣ་སྨན་སྤྱི་བོའི་ཏིལ་མར་དང་། །མིག་དང་རྣ་བ་དགང་བར་བྱ། །སྐྲངས་
པར་སྐྱུག་སྨན་གཏང་བར་བྱ། །ཚ་ཞིང་དམར་བཅས་གཏར་ག་གདབ། །གཞོགས་ཕྱེད་སྐམས་ལ་སྣུམ་ཆོས་དང་། །སྣུམ་དང་ལྡན་པའི་བཀྲུ་སྨན་གཏང་། །དཔུང་པ་འཇས་ལ་སྣ་སྨན་དང་། །ཟས་ཀྱི་རྗེས་ལ་སྣུམ་སྦྱིན་བྱ། །བརླ་རེངས་པ་ལ་སྣུམ་ཆོས་དང་། །སྦྱང་
བྱས་ཕན་པ་མ་ཡིན་ཏེ། །བད་ཀན་མ་ཞུ་ཚིལ་མང་བས། །དེ་ཕྱིར་དེ་ལ་རྩུབ་ཆོས་ཀྱི། །ཟད་པར་བྱ་བས་གསོ་བར་བྱ། །ནས་དང་ཁྲེ་དང་ཁྲེ་རྒོད་སྦྱིན། །ཚོད་མ་ལན་ཚྭ་མེད་པ་ནི། །ཏིལ་མར་ཅུང་ཟད་ཆུར་བསྐོལ་བའམ། །སྐམ་སའི་ཤ་ནི་མར་མེད་དང་། །སྦྲང་རྩི་ཆུ་
དང་ཆང་རྙིང་སྦྱིན། །ཕྱུག་པོའི་རླུང་ལ་དུག་མོ་ཉུང་། །ཡུང་བའི་སྡེ་ཚན་ཤུ་དག་སོགས། །བསྐོལ་བ་རྒྱམ་ཚར་བཅས་པའམ། །བ་ར་ཎ་སོགས་ཕྱེ་སྦྱར་བླུད། །ཡང་ན་དབྱི་མོ་འབྲས་བུ་གསུམ། །པུ་ཙེ་ཤེལ་དང་པི་པི་ལིང་། །སྦྲང་རྩིར་སྦྱར་བའི་ལྡེ་གུ་སྦྱིན། །ཡང་
ན་དབྱི་མོ་ཨ་རུ་ར། །ཙི་ཏྲ་ཀ་དང་ཐང་ཤིང་དང་། །སྦྲང་རྩིར་སྦྱར་བའི་ལྡེ་གུ་སྦྱིན། །གུ་གུལ་བྲག་ཞུན་ཨ་རུ་ར། །བ་གཅིན་དང་ནི་སྦྱར་བ་བླུད། །གླ་སྒང་ཙི་ཏྲ་ཚ་བ་གསུམ། །འབྲས་བུ་གསུམ་དང་བྱི་དང་ག །གུ་གུལ་ཆ་མཉམ་ཕྱེ་མ་སྦྱིན། །ཆིལ་དང་བད་
Vol. 198 · folio 231b
ཀན་མ་ཞུ་ལས། །གྱུར་པའི་ནད་ནི་ཐམས་ཅད་སེལ། །དེ་ལྟར་བད་ཀན་ཤས་ཆེ་ཞིང་། །ཚིལ་བཅས་རླུང་ནི་ནད་སེལ་བྱེད། །ཐལ་སྨན་བ་གཅིན་སྦྱར་དུགས་དང་། །བླུགས་དང་ལུས་ལ་དྲིལ་བའང་བྱ། །ཉུངས་ཀར་ཀ་རཉྫའི་འབྲས་བུ། །བ་གཅིན་སྦྱར་བས་བསྐུ་
བར་བྱ། །ཨརྐ་ཨགྣི་མནྠ་དང་། །ནིམ་པའི་རྩ་བ་ཐང་ཤིང་དང་། །བོང་པ་དང་ནི་གྲོག་མཁར་ས། །ཡུངས་ཀར་སྦྲང་རྩིར་བཅས་པ་བསྐུ། །བད་ཀན་ཟད་ཕྱིར་དྲག་ཤུལ་ནི། །བཟོད་ན་དེ་ལ་བརྟེན་པར་བྱ། །ཐང་ལ་མཆོང་དང་ཅི་ནུས་ཀྱིས། །ཉལ་པོ་དག་ཀྱང་
ཡོངས་སུ་བསྟེན། །ཆུ་མི་གཡོ་དང་ལྟེང་ཀ་དང་། །ཆུ་རྒྱུན་བཟློག་པས་ཆུ་བོ་རྒལ། །འདིར་ནི་ཚིལ་དང་བད་ཀན་དག །ཟད་ནས་སྣུམ་ལ་སོགས་པ་གཏང་། །གནས་དང་ལུས་ཟུངས་སོགས་བརྟགས་ལ། །ལྷག་མ་རྣམས་ཀྱང་གསོ་བར་བྱ། །ས་ཧ་ར་ཛ་ཐང་ཤིང་དང་། །
དོང་གྲ་བསྐོལ་བ་ཏིལ་མར་སྦྱར། །རླུང་གིས་ལུས་གཟིར་ལ་བླུད་ན། །ཅི་འདོད་ཐོགས་པ་མེད་འགྲོ་ནུས། །ར་སྣ་དོང་གྲ་ཙི་ཏྲ་ཀ །ཟུར་པ་མ་ནུ་པི་པི་ལིང་། །བཏགས་པའི་ཕྱེ་མ་མར་བསྐོལ་བ། །རླུང་ནད་སེལ་བར་བྱེད་པའི་མཆོག །ནིམ་པ་སླེ་ཏྲེས་བ་ཤ་ཀ །ཀཎྜ་
ཀ་རི་པ་ཏོ་ལ། །སྲང་ནི་བཅུ་བཅུའི་ཚད་བྱས་ལ། །ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ། །ཁུ་བ་བརྒྱད་ཆ་ལུས་པ་དེར། །མར་ནི་བྲེ་གང་བླུགས་ཏེ་བསྐོལ། །པ་ཏ་ཐང་ཤིང་བྱི་དང་ག །དོང་གྲ་ཧ་ཏི་པི་པི་ལིང་། །སྐྱེར་པ་ཤུ་ཏི་དབྱི་མོ་དང་། །ཏེ་ཛོ་བ་ཏི་ན་ལེ་ཤམ། །རུ་རྟ་དང་
ནི་དུག་མོ་ཉུང་། །ཐལ་སྨན་རྣམ་པ་གཉིས་པོ་དང་། །ཏི་མུ་ས་དང་ཀྲུ་ཏྲུག་ཏྲེས། །བསེ་ཤིང་འབྲས་བུ་པུ་ཙེ་ཤེལ། །ཤུ་དག་པི་པི་ལིང་རྩ་བ། །བཙོད་དང་བོང་ང་ལ་ལ་ཕུད། །ཞོ་ནི་གཉིས་གཉིས་ཚད་བྱས་པ། །གུ་གུལ་སྦྱར་བ་སྲང་ལྔ་དང་། །ལྡེ་གུ་བཏབ་སྟེ་བསྐོལ་
བའི་མར། །བླུད་ན་རླུང་ཚད་ཚབས་ཆེ་བ། །རུས་ཚིགས་རྐང་ལ་ཞེན་པའང་འཇོམས། །མཛེ་ནད་དེ་འདྲའང་སེལ་བར་བྱེད། །བུ་གའི་རྨ་དང་ལྦ་བ་དང་། །མཚན་པར་རྡོལ་དང་འབྲས་ཀྱི་ཕྲེང་། །ནམ་ཚོང་ཡན་ཆད་ནད་ཀུན་དང་། །སྐྲན་དང་གཞང་འབྲུམ་ཟ་ཁུ་དང་། །
Vol. 198 · folio 232a
གཅོང་ཆེན་དབུགས་མི་བདེ་བ་དང་། །ཡི་ག་འཆུས་དང་ཆམ་པ་དང་། །ལུད་པ་འོར་ནད་སྙིང་ནད་དང་། །སྐྱ་རྦབ་མྱོས་དང་ཁོང་འབྲས་དང་། །རླུང་དང་ཁྲག་གི་ནད་རྣམས་འཇོམས། །བིལ་བ་གཞོན་ནུའི་འོ་མ་དང་། །མར་གྱི་ཉིང་ཁུ་བསྐོལ་ནས་ནི། །དེ་
ལ་སྲང་ནི་གཅིག་གམ་ཕྱེད། །སྣ་སྨན་བྱས་མགོའི་རླུང་ནད་སེལ། །དེ་བཞིན་ཆུ་སྲིན་ནག་ཁྲ་དང་། །ཉ་དང་རུས་སྦལ་འུག་པའི་ཆིལ། །བསྐོལ་བ་མ་འདྲེས་རླུང་ལ་ནི། །ཁྱད་པར་དུ་ནི་གཏང་བར་བྱ། །ཏིལ་གྱི་ཚིགས་མ་རྙིང་པ་དང་། །རྩ་བ་ལྔ་པ་སོ་སོར་བསྐོལ། །གཅིག་
ཏུ་བསྲེས་པ་ཏིལ་མར་ནི། །འོ་མ་བརྒྱད་ཆའི་ནང་དུ་བསྐོལ། །བླུད་ན་རླུང་དང་བད་ཀན་དང་། །འདྲེས་པའི་ནད་ནི་ཐམས་ཅད་འཇོམས། །པྲ་ས་ར་ནི་སྲང་བརྒྱད་བསྐོལ། །ཏིལ་མར་འོ་མ་བྲེ་རེ་དང་། །མེད་གཉིས་དང་ཤ་པུཥྤ། །བཙོད་དང་རུ་རྟ་ར་སྣ་དང་། །ཙནྡན་དམར་པོ་
ཛི་བ་ཀ ། ར་སྣ་ར་མཉེ་བ་གཉིས་དང་། །ཐང་ཤིང་བཏགས་པའི་ལྡེ་གུ་དང་། །བསྐོལ་བླུད་རླུང་ནད་ཐམས་ཅད་སེལ། །ས་ཧ་ར་ཛའི་རྩ་བ་ཡལ་གར་བཅས། །སྲང་བརྒྱ་རྩ་བ་བཅུ་ནི་དེ་དང་མཉམ། །ཉེའུ་ཤིང་སྲང་ནི་ལྔ་བཅུ་ཆུ་བྲེ་དྲུག་ཅུ་ནི། །རྩ་བཞིའི་ནང་བསྐོལ་བཞི་ཆ་ལུས་
པ་དེར། །ཆུ་སྲིན་སྡེར་མོ་རུ་རྟ་པུ་ཤེལ་ཙེ། །ཙནྡན་སུག་སྨེལ་པྲི་ཀ་པྲི་ཡང་ཀུ། །ན་ལི་ཀ་དང་རྡོ་དྲེག་བ་ལེ་ཀ །སྤང་སྤོས་ཐང་ཤིང་བཙོད་དང་ཨ་རུ་ར། །ཙ་རོང་ཤུ་ཏི་རྒྱ་སྤོས་དུ་རུ་ཀ །སྲང་རེ་ཆ་མཉམ་འོ་མར་བཅས་པ་ནི། །ཏིལ་མར་བྲེ་བཞི་ལྷན་ཅིག་བསྐོལ་བ་བླུད། །
རླུང་ནད་གསོ་དཀའ་དག་ཀྱང་འཇོམས་པར་བྱེད། །ལུས་འདར་ལུས་ལ་རླུང་འཇུག་ལུས་རེངས་དང་། །ལུས་བསྐམས་པ་ཡིས་ཤིན་ཏུ་གཟིར་ལ་སོགས། །སྐྲན་དང་སྨྱོ་བྱེད་ཆམ་པ་མངལ་ནད་འཇོམས། །ས་ཧ་ར་ཛ་སྲང་བརྒྱ་ཡི། །ཁུ་བར་ཏིལ་མར་བྲེ་བཞི་བསྐོལ། །དེ་
རྩ་ལྡེ་གུ་སྲང་བཅུ་དང་། །འོ་མ་བཞི་འགྱུར་བཅུག་སྟེ་བསྐོལ། །ཡང་ན་རྒྱ་སྤོས་ཤུ་དག་དང་། །སྟིར་རུ་རྟ་ཤུ་དག་དང་། །སུག་སྨེལ་རྡོ་དྲེག་སྤང་སྤོས་དང་། །ཤུ་ཏི་ཙནྡན་དམར་པོ་གཞུག །བསྐོལ་བ་དེར་ནི་ཁ་རའི་ཕྱེ། །སྲང་ནི་བཅོ་བརྒྱད་གཞུག་པར་བྱ། །ཏིལ་མར་སྨན་
Vol. 198 · folio 232b
མར་ཡིན་པར་བཤད། །དེས་ནི་རླུང་ནད་མ་ལུས་དང་། །རླུང་ནད་འཁྱིལ་དང་སྨྱོ་བྱེད་དང་། །སྐྲན་དང་རླིག་རླུགས་ལ་སོགས་སེལ། །བ་ལ་སྲང་བརྒྱ་སླེ་ཏྲེས་ནི། །བཞི་ཆ་ར་སྣ་བརྒྱད་ཆ་ནི། །ཆུ་བྲེ་བཞི་བརྒྱའི་ནང་དུ་བསྐོལ། །ཁུ་བ་བརྒྱད་ཆ་ལུས་པ་དང་། །ཞོ་དང་ཞོ་ག་ཆུ་
བུ་རམ། །ཤིང་ཁུ་ཚ་དང་ཏིལ་མར་རྣམས། །བྲེ་ནི་བཞི་བཞི་བསྐོལ་ནས་ནི། །ར་ཡི་འོ་མ་ཆ་ཕྱེད་དང་། །ཟུར་པ་སྐྱེར་པ་ས་ར་ལ། །སུག་སྨེལ་བཙོད་དང་ཨ་ཀ་རུ། །ཙནྡན་ཨ་ཏི་པ་ལ་དང་། །ཤུག་པ་གླ་སྒང་མུངྒའི་ལོ། །ཧ་རེ་ཎུ་ཀ་ཤིང་མངར་དང་། །བྱ་གྲི་ནཱ་ག་བྱེའུ་
རུག་པ། །ཟངས་རྩི་བ་དང་ཛི་བ་ཀ །གླ་རྩི་ལྕེ་པོག་པ་ལ་ཤ །ཛཱ་ཏི་ཤོ་ཀ་ན་ལི་ཀ །གུར་གུམ་རྡོ་དྲེག་བི་ཀ་དང་། །ཛཱ་ཏི་པ་ལ་ཀད་པ་ལ། །བ་ལི་ཀ་དང་ཤིང་ཚ་དང་། །ཀུན་དུ་རུ་དང་ག་པུར་དང་། །ཤྲི་པ་ས་ད་དུ་རུ་ཀ །ལི་ཤི་ཆུ་སྲིན་སེན་མོ་དང་། །རུ་རྟ་སྤང་སྤོས་ཀ་
ཀོ་ལ། །པྲི་ཡང་ཀུ་དང་སྟོ་ནེ་ཡ། །རྒྱ་སྤོས་ཤུ་དག་བྱ་མ་ཀ །མ་དུ་ནཱ་ག་གླ་བ་དང་། །ནཱ་ག་གེ་སར་སྲང་རེ་དང་། །བསྐོལ་ཏེ་བཙགས་པར་གྱུར་པ་རུ། །གནྡྷ་བྷ་དྲའི་ལྡེ་གུ་ནི། །ཆོ་ག་བཞིན་དུ་བཅུག་པ་དེས། །ལུད་པ་དབུགས་མི་བདེ་དང་རིམས། །བརྒྱལ་དང་སློན་སྐྲན་
ཟད་བྱེད་དང་། །གློ་འགྲམས་མཆེར་ནད་སྐེམ་པ་དང་། །བརྗེད་བྱེད་བཀྲ་མི་ཤིས་པ་སེལ། །བ་ལི་ཏིལ་མར་བཟང་པོ་འདི། །རླུང་གི་ནད་ནི་འཇོམས་བྱེད་ཡིན། །བཏུང་བ་སྣ་སྨན་བསྐུ་དང་འཇམ་རྩི་ནི། །སྣུམ་གྱི་སྦྱོར་བ་དུས་སུ་ལེགས་བསྟེན་ན། །དེས་ནི་མ་རུངས་
རླུང་ནད་མྱུར་ཞི་སྟེ། །བུད་མེད་མོ་གཤམ་བུ་ཡི་སྣོད་བྱེད་འགྱུར། །གང་ཚེ་བད་ཀན་མཁྲིས་པ་ནི། །ཞུ་བའི་གནས་འདུག་སྣུམ་དུགས་ཀྱིས། །ཞུ་ནས་མཁྲིས་པ་སྣང་གྱུར་པ། །དེ་ལ་འཇམ་རྩིས་བསལ་བར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་
བའི་གནས་ལས་ལེའུ་ཉི་ཤུ་གཅིག་པའོ།། །།དེ་ནས་དྲེག་ནད་གསོ་བ་བཤད་པར་བྱའོ། །དྲེག་ནད་ཅན་ནི་སྣུམ་ཆོས་བྱ། །རླུང་བསྲུངས་ནད་གཞི་ཉམས་སྟོབས་ལས། །དཔག་སྟེ་ཁྲག་ནི་ཅུང་ཟད་ཙམ། །ལན་མང་དུ་ནི་དབྱུང་བར་བྱ། །དམར་གཟེར་ན་ཞིང་ཚ་
Vol. 198 · folio 233a
བ་ལ། །སྲིན་བུ་པད་པས་ཁྲག་དབྱུང་ངོ་། །གཡའ་ཞིང་ན་ལ་ཙག་ཙག་ཚ། །ཤས་ཆེར་ཚ་ལ་རྔབས་རུས་དབྱུང་། །གནས་ནས་གནས་སུ་འཕོ་བ་ལ། །གཏར་གའམ་ཞལ་ཞལ་གྱིས་ཁྲག་དབྱུང་། །ལུས་ཞུམ་པ་དང་ཁོང་རྩུབ་ཅིང་། །རླུང་ཤས་
ཆ་ལ་ཁྲག་མིད་བྱུང་། །ཁྲག་ཟད་པ་ལ་རླུང་གིས་ནི། །སྐྲངས་པ་གཏིང་ཟབ་རིངས་པ་དང་། །འདར་ཞིང་རྩ་རྒྱུས་ན་དང་ཞུམ། །རླུང་ནད་གཞན་ཡང་སྐྱེད་པར་བྱེད། །སྣུམ་ཆོས་བྱས་རྗེས་བཀྲུ་སྨན་ནི། །སྣུམ་དང་ལྡན་པས་འཁྲུ་རུ་གཞུག །རླུང་ཤས་ཆེ་བའི་དྲེག་ནད་
ལ། །མར་ནི་རྙིང་པ་བླུད་པར་བྱ། །ར་མཉེ་བ་དང་སྲ་བ་ནི། །པ་ཡ་སྱ་དང་ཛི་བ་ཀ །ཟངས་རྩི་བ་དང་ཆ་སྙོམས་ཏེ། །འོ་མ་མར་བསྐོལ་དྲེག་ནད་འཇོམས། །རྒུན་འབྲུ་མ་དུ་ཀ་བསྐོལ་བའི། །ཁུ་བ་ཁར་མར་བཅས་པའམ། །དེ་བཞིན་སླེ་ཏྲེས་ཁུ་བར་ནི། །འོ་མ་བསྐོལ་
བ་བླུད་པར་བྱ། །ཏིལ་མར་འོ་མ་ཁ་རར་བཅས། །ལེགས་པར་བསྲེས་པ་བླུད་པར་བྱ། །བ་ལ་ཉེ་ཤིང་ར་སྣང་དང་། །པི་ལུ་རྩ་བ་བཅུ་པར་བཅས། །དུར་བྱིད་སྟི་ར་ཨེ་རཎྜ། །བསྐོལ་བའི་འོ་མས་རླུང་དྲེག་སེལ། །བ་གཅིན་འོ་མ་བཞོས་མ་ཐག །བཅས་པའང་ནད་
ནི་བདེ་འབྱུང་བྱེད། །མཁྲིས་པར་ཉེ་ཤིང་པུ་ཙེ་ཤེལ། །པ་ཏོ་ལ་རྩའི་འབྲས་བུ་གསུམ། །སླེ་ཏྲེས་དང་ནི་སྨན་མངར་ཁ། །འོ་མའང་མར་དང་བསྐོལ་བ་བླུད། །ནད་གཞི་ཤས་ཆེའི་བཀྲུ་སྨན་ཕྱིར། །ཨེ་རཎྜའི་མར་འོ་མར་སྦྱར། །སྦྱོར་བ་ཇི་བཞིན་བླུད་པར་བྱ། །
ཞུ་ནས་འོ་མ་འབྲས་ཆན་སྦྱིན། །ཨ་རུ་ར་ནི་མར་བརྔོས་པ། །ཁུ་བ་བླུད་པར་བྱ་བའམ། །དུར་བྱིད་ཕྱེ་མ་རྒུན་ཆུའམ། །འོ་མ་སྦྱར་བ་བླུད་པར་བྱ། །ཡང་ན་དེ་ཡི་ནད་གཞི་ནི། །འཇམ་རྩི་འོ་མ་མར་བཅས་སྦྱར། །རླུང་དང་ཁྲག་ནད་གསོ་བ་ལ། །འཇམ་རྩི་ལས་ལྷག་
གང་ཡང་མེད། །མཆོག་ཏུ་གཞང་དང་རྩིབ་ལོགས་བརླ། །ཚིགས་ནད་དམུ་རྫིང་ཉམ་ཐག་སེལ། །བད་ཀན་ཤས་ཆེ་གླ་སྒང་དང་། །རྒུན་འབྲུ་སྐྱེར་པ་བསྐོལ་བའམ། །འབྲས་བུ་གསུམ་བསྐོལ་སྦྲང་རྩིར་བཅས། །ཡང་ན་སླེ་ཏྲེས་ཅི་རིགས་བླུད། །ཇི་ལྟར་འཆམ་པར་སྣམ་
Vol. 198 · folio 233b
བླུད་དེ། །སློན་བྱས་ནས་ནི་རྩུབ་ཆོས་བྱ། །འབྲས་བུ་གསུམ་དང་ཚ་བ་གསུམ། །གནྡྷ་བྷ་དྲ་ཤིང་ཚ་དང་། །ཅུ་གང་ཤུ་དག་ཙི་ཏྲ་ཀ །པི་པི་ལིང་རྩ་བྱི་དང་ག །སྤང་སྤོས་བ་ཤ་ཀའི་ཤུན་ཕྲགས། །རི་སྟི་དབྱི་མོ་ལང་ག་ལིང་། །ཆ་མཉམ་ལྡེ་གུར་བྱས་པ་ལ། །ནང་
པར་ལྕགས་སྣོད་བསྐུས་ཏེ་གཞག །ཉི་མ་ཕྱེད་དུས་དེ་ཟོས་ན། །ནད་གཞི་ཀུན་གྱུར་དྲེག་ནད་ནི། །གཟེར་དང་ལྡན་ལ་མཆོག་ཏུ་ཕན། །ཀོ་ཀི་ལཀྵ་བསྐོལ་བའི་ཁུ། །བླུད་ཅིང་དེ་ཡི་ཚོད་མ་ཟོས། །སྙིང་རྗེ་གོམས་པའི་སྐྱེས་བུ་ལྟར། །དྲེག་ནད་སེལ་བར་བྱེད་པ་ཡིན། །
རྩ་བ་ལྔའམ་སྐྱུ་རུ་རའི། །ཁུ་བ་ལི་ལི་ཏ་ཡི་ཞག །འཁྲིག་པ་སྤོང་ཞིང་འཐུངས་ན་ནི། །དྲེག་འཐེང་ཤིན་ཏུ་གཏིང་ཟུག་སེལ། །དེ་ལྟར་ནང་གི་བསྟན་ནས་ནི། །དེ་འོག་ཕྱི་རོལ་གསོ་བ་བཤད། །རང་སྐྱུར་བྲེ་བཞིར་ཏིལ་མར་དང་། །སྲ་རྩི་པོག་ནི་བཞི་ཆར་བསྐོལ། །ཆུ་
ནང་གཟར་བུས་མང་དུ་དཀྲུགས། །རིམས་ཚ་ནད་གཟིར་སེལ་མཆོག་ཡིན། །ཏིལ་མར་བཙོད་དང་སྤྲ་ཚིལ་དང་། །སྲ་རྩི་པོག་དང་ཐལ་ཏྲེས་བཅས། །ཏིལ་མར་སྐབས་ལུས་བསྐུས་ན། །དྲེག་ནད་སེལ་བའི་དམ་པ་ཡིན། །རྩ་བ་བཅུ་དང་འོ་མ་བསྐོལ། །ཡང་ན་ལྡེ་གུ་
ཆུ་དྲོན་སྦྱར། །བླུགས་ན་རླུང་ཤས་ཆེ་བ་ཡི། །གཟེར་ནད་འཕྲལ་དུ་སེལ་བྱེད་ཡིན། །ལུས་འཇུག་རེངས་དང་གཟེར་གྱིས་ཉེན། །སྣུམ་བཞི་པོ་ནི་མངར་བའི་སྨན། །དྲོ་འཇམ་སྦྱར་བ་བླུགས་པར་བྱ། །ཚ་བར་གྱུར་ལ་གྲང་མོ་བླུགས། །དེ་བཞིན་ར་ལུག་པ་ཡི་ནི། །འོ་མ་
ཏིལ་མར་སྦྱར་བའམ། །འཚོ་བྱེད་སྡེ་ཚན་བསྐོལ་བའམ། །རྩ་བ་ཆུང་ངུ་ལྔ་བསྐོལ་བླུགས། །རྒུན་ཆུ་བུ་རམ་ཤིང་ཁུ་ཆང་། །རང་སྐྱུར་ཞོ་དང་ཞོ་ག་ཆུ། །འབྲས་བཀྲུས་ཆུ་དང་སྦྲང་རྩིའི་ཆུ། །ཀ་རའི་ཆུ་ནི་བླུད་པའང་ཕན། །བུད་མེད་གཟུགས་སྡུག་སྙན་པར་སྨྲ། །ལག་
པ་ནུ་མ་ཙནྡ་བསྐུས། །རེག་ན་བསིལ་ཞིང་བདེ་བ་ཡིས། །ཚ་དང་ན་དང་རྨྱ་བ་སེལ། །མདོག་དམར་ཚ་དང་ན་བཅས་ལ། །ཁྲག་ཕྱུང་ནས་ནི་ལྡེ་གུས་བསྐུ། །སྟག་ཚེར་པ་དང་ཤིང་མངར་བཙོང་། །སྐྱེར་བ་ཙནྡན་ཀ་ར་དཀར། །ཨེ་རཎྜ་ཡི་ས་བོན་ཕྱེ། །སྲན་ཆུང་ཤུག་
Vol. 198 · folio 234a
པ་པུ་ཤེལ་ཙེ། །ལྡེ་གུས་ཚ་ན་ཤུ་བ་མཆེད། །ན་ཞིང་མདོག་དམར་སྐྲངས་པ་སེལ། །ཀྲི་ས་ར་ནི་རླུང་འཇོམས་སྨན། །སྣུམ་བཅས་བསྐོལ་བའམ་མུངྒ་དང་། །འོ་ཐུག་ཉུངས་ཀར་ཏིལ་ཚིགས་མ། །གླན་ཞིང་དཀྲིས་པས་གཟེར་འཇོམས་བྱེད། །ཆུར་
གནས་རླན་ཅན་མཐུ་རྩལ་གྱིས། །ཟས་ཚོལ་ཤ་བཏགས་གཡོས་ལེགས་པ། །འཚོ་བྱེད་སྨན་དང་སྣུམ་བཅས་པས། །གླན་ཞིང་དཀྲི་བ་བྱས་གྱུར་ན། །སྲ་ཞིང་གཟེར་ལ་ན་བ་དང་། །སྐྲངས་དང་ཡན་ལག་ན་བ་འཇོམས། །འཚོ་བྱེད་སྨན་དང་བསྐོལ་བ་ཡི། །འོ་མ་ཞག་
གིས་བསྐུས་ནའང་ཕན། །ས་ཧ་ར་ཛའི་རྩ་བ་དང་། །ཛི་བན་ཏི་མར་རའི་འོ་མ། །ལྡེ་གུ་བསྐུས་པའམ་དེ་བཞིན་དུ། །ཏིལ་བཏགས་བརྔོས་པ་འོ་མར་སྦྱར། །ཟར་མ་འོ་མར་སྦྱར་བའམ། །ཨེ་རཎྜ་ཡི་འབྲས་བུ་ནི། །འོ་མ་དག་དང་སྦྱར་བའམ། །ཤུ་ཏིའི་འོ་མར་
སྦྱར་བ་ཡིས། །རླུང་ཤས་ཆེ་བའི་གཟེར་འཇོམས་བྱེད། །བ་གཅིན་ཐལ་སྨན་ཆང་དང་བསྐོལ། །མར་གྱིས་བསྐུས་ནའང་དེ་ལ་ཕན། །བད་ཀན་ཤས་ཆེ་རྒུན་ཚ་དང་། །བསྐོལ་བའི་མར་བསྐུ་བླུགས་པ་ཕན། །ཤུ་དག་རུ་རྟ་ཁྱིམ་དུད་པ། །ཤུ་ཏི་སེར་པོ་རྣམ་གཉིས་ཀྱི། །
ལྡེ་གུས་བསྐུས་ན་དྲེག་ནད་ནི། །རླུང་དང་བད་ཀན་ཤས་ཆེ་སེལ། །དེ་བཞིན་ཤི་ཀྲུའི་ས་བོན་ནི། །འབྲས་ཀྱི་ཁུ་བའི་རང་སྐྱུར་ནི། །ཡུད་ཙམ་བཏགས་ནས་སྐྱུར་གྱུར་པ། །བླུགས་ན་བད་རླུང་ཤས་ཆེ་སེལ། །རྟོགས་པར་སླ་ལ་བྱུག་དང་བསྐུ། །བླུགས་དང་
ལུས་ནི་བཅིང་བས་གསོ། །རྟོགས་དཀའ་མས་གཏོང་དྲག་པོ་དང་། །བཀྲུ་སྨན་སྣུམ་ནི་བླུད་པས་གསོ། །བད་རླུང་ཤས་ཆེར་དྲོ་འཇམ་སྦྱར། །དེ་ལ་བྱུགས་སྩོགས་གྲང་མོ་ཡིས། །ལུས་ཚ་ན་ཞིང་གཡའ་ཞིང་སྐངས། །སྲ་བ་རྣམ་པར་འཕེལ་བར་འགྱུར། །ཁྲག་
མཁྲིས་ཤས་ཆེའི་དྲེག་ནད་ལ། །བྱུག་པ་ལ་སོགས་བསིལ་བས་བྱ། །དྲོ་བས་ཚ་ཞིང་ན་ལ་དམར། །རྡུལ་འབྱུང་གས་པར་འབྱུང་བར་འགྱུར། །ཤིང་མངར་སྲང་བརྒྱ་བསྐོལ་བ་ཡི། །ཁུ་བ་བཞི་ཆ་ལུས་པ་རུ། །ཏིལ་མར་བྲེ་བཞི་འོ་མ་མཉམ། །ཏི་ར་མུར་བ་
Vol. 198 · folio 234b
ཏ་མ་ལ། །ཉེའུ་ཤིང་ཨ་གར་པ་ཡ་སྱ། །ཙནྡན་ཧས་བ་ཏི་དང་། །སྤང་སྤོས་སླེ་ཏྲེས་མེ་ད་གཉིས། །ར་མཉེ་བ་གཉིས་ཤུ་ཏི་དང་། །ཤུག་པ་རྣམ་གཉིས་ཛི་བན་ཏི། །ཛི་བ་ཀ་དང་བི་ཤ་བ། །ཤིང་ཚ་གནྡ་བྷ་དྲ་དང་། །ཆུ་སྲིན་སིན་མོ་བ་ལེ་ཀ །བཙོད་དང་པྲ་པུཎྜ་རི་ཀ ། ཤི་རི་
བ་དང་བི་ལ་ཤ །ཀུ་ཏན་ན་ཏ་སྲང་རེ་ཡི། །ལྡེ་གུར་བཅས་པ་བསྐོལ་བར་བྱ། །སྦྱོར་བ་བཞི་པོས་དྲེག་ནད་ཀྱི། །མཁྲིས་པའི་རྩ་བ་རིམས་ནད་སེལ། །བ་ལའི་ཁུ་བ་ལྡེ་གུ་དང་། །ཏིལ་མར་འོ་མ་ཆ་མཉམ་བསྐོལ། །ལན་བརྒྱའི་བར་དུ་བསྐོལ་བ་དེ། །དྲེག་ནད་རླུང་ཅན་སེལ་
བར་བྱེད། །བཅུད་ཀྱིས་ལེན་གྱི་དམ་པ་སྟེ། །དབང་པོ་གསལ་བར་བྱེད་པ་ཡིན། །ཚེ་རིང་ལུས་འཕེལ་སྐད་སྙན་དང་། །ཁུ་ཆུ་ཁྲག་གི་ནད་སེལ་བྱེད། །རྒྱུ་བའི་ལམ་འགགས་འཁྲུགས་གྱུར་པས། །ཚིལ་ལམ་བད་ཀན་ཤིན་ཏུ་ནི། །འཕེལ་བར་གྱུར་པའི་རླུང་ནད་ལ། །
སྣུམ་རྟས་དང་པོར་ཕན་པ་ཡིན། །དེར་ནི་ཕྱུག་པོའི་རླུང་ནད་ཀྱི། །གསོ་བྱ་དྲེག་ནད་གསོ་བར་བྱ། །ཁྲག་ནི་དངས་པར་བྱེད་པ་ཡི། །སྣུམ་དང་སྨན་གྱི་སྦྱོར་བ་བྱ། །སྲོག་སྩོགས་རླུང་ནི་ཅིག་ཅར་འཁྲུགས། །ཇི་སྐད་བསྟན་དང་ནད་གཞི་བཞིན། །ཇི་ལྟར་ཉེ་བར་སྨན་རྣམས་ནི། །
ནང་ཚུལ་ཇི་བཞིན་སྦྱིན་པར་བྱ། །མ་ཞུ་བཅས་ལ་དུགས་དང་སྨྱུང་། །སྨིན་བྱ་རྩུབ་སྨན་བྱུག་པ་དང་། །རླུང་སྩོགས་ཀྱིས་ནི་མ་ཞུ་བསལ། །བྱས་ལ་མ་འདྲེས་རླུང་གསོ་བྱ། །སྐེམ་དང་བྱ་རྨྱང་ཡན་ལག་འཁུམས། །རེངས་དང་འདར་བུ་ཚོར་བ་མེད། །འགྲམ་ཉམས་ཁ་ཡོ་
འཐེང་པོ་དང་། །ཞ་བོ་དྲེག་ནད་ཀྱིས་འཐེང་དང་། །ཚིགས་འཁྲུལ་གཞོགས་ཕྱེད་ན་བ་དང་། །ཚིགས་དང་རྐང་རུས་ལ་ཞུགས་ནད། །འདི་དག་གནས་ནི་གཏིང་རིངས་པས། །དེ་བས་འདི་དག་གསར་བཏབ་དང་། །བླ་བརྣན་མེད་ཅིང་ཉམས་སྟོབས་ལྡན། །འབད་ན་འཚོ་ཡི་
གཞན་དུ་མིན། །མཁྲིས་འདྲེས་རླུང་ལ་གྲང་དྲོ་ཡི། །གསོ་བའི་རིམ་གྱིས་མང་དུ་བྱ། །འཚོ་བྱེད་སྡེ་དང་བསྐོལ་བ་ཡི། །སྨན་མར་དག་ཀྱང་བླུད་པར་བྱ། །སྐམ་སའི་ཤ་དང་སཱ་ལུ་ནས། །བཀྲུ་སྨན་འོ་མར་བཅས་འཇམ་གཏང་། །རྩ་བ་ལྔ་དང་བ་ལར་བསྐོལ། །འོ་མ་མས་
Vol. 198 · folio 235a
གཏོང་སྦྱོར་བ་བྱ། །སྨན་མར་བསྐོལ་བའི་ཏིལ་མར་གྱི། །འཇམ་རྩི་དུས་སུ་གཏང་བར་བྱ། །ཤིང་མངར་བ་ལ་ཏིལ་མར་དང་། །མར་དང་འོ་མ་བསྐོལ་བ་བླུགས། །རྩ་བ་ལྔ་ཡི་ཁུ་བའམ། །ཆུ་ནི་གྲང་མོ་ཉིད་བླུགས་བྱ། །བད་ཀན་བཅས་ལ་
ནས་ཀྱི་ཟན། །སྐམ་སའི་རི་དྭགས་བྱ་ཡི་ཤ །དུགས་དང་མས་གཏོང་བཀྲུ་སྨན་ནོ། །སློན་སྨན་བཀྲུ་སྨན་བཅས་པ་གཏང་། །མར་རྙིང་ཏིལ་མར་ཉུངས་ཀར་ལས། །བྱུང་བའི་མར་ནི་བླུད་པར་བྱ། །བད་ཀན་མཁྲིས་པ་འདྲེས་པ་ལས། །དང་པོ་མཁྲིས་པ་གསོ་བར་བྱ། །
ཁྲག་དང་འདེས་པ་དྲེག་ནད་ཀྱི། །གསོ་བ་ཇི་སྐད་བཤད་པར་བྱ། །དུགས་བསྐུ་ཤ་ཁུ་འོ་མ་དང་། །སྣུམ་དང་བཅས་པས་ཤ་བཀྲ་སེལ། །ཕྱུག་པོའི་རླུང་ལ་གཅིན་སྙི་དང་། །ཚིལ་དང་རླུང་འཇོམས་སྨན་གྱིས་གསོ། །རུས་པ་རྐང་གནས་སྣུམ་ཆེན་གྱིས། །ཁུ་ཆུར་
གནས་ལ་སྔར་བཤད་པའི། །ཟས་དང་འདྲེས་ལ་འཇུ་བྱེད་དང་། །དྲོད་སྐྱེད་སྐྱུག་སྨན་ཡང་བ་གཏང་། །གཅིན་འདྲེས་གཅིན་ནི་འཕེལ་བ་དང་། །དུགས་དང་འཇམ་རྩི་གོང་མས་གསོ། །བཤང་འདྲེས་ཨེ་རཎྜའི་མར་དང་། །འཇམ་རྩི་སྣུམ་ནི་འཁྲུ་བྱེད་ཕན། །ལུས་
ཟུངས་ཀུན་ཞུགས་རླུང་ནད་ལ། །བད་ཀན་མཁྲིས་པར་མི་གནོད་དང་། །གང་ཡང་རླུང་ནི་བདེར་རྒྱུ་བའི། །སྨན་དེ་རླུང་ནད་དེ་ལ་གཏང་། །འཁྲུ་བར་མི་བྱེད་སྣུམ་པ་དང་། །རྩ་རྒྱུན་སྦྱོང་བར་བྱེད་པ་དང་། །མས་གཏོང་བས་ནི་མངར་བ་དང་། །སྣུམ་གྱི་འཇམ་རྩིས་གསོ་
བར་བྱ། །ཉམས་སྟོབས་ཅི་ཡོད་བརྟགས་ནས་ནི། །བཀྲུ་སྨན་འཇམ་པོ་གཏང་བར་བྱ། །བཅུད་ཀྱིས་ལེན་ནི་ཐམས་ཅད་ཀྱི། །སྦྱོར་བ་དག་ཀྱང་བསྔགས་པ་ཡིན། །མཆོག་ཏུ་བྲག་ཞུན་སྦྱོར་བ་དང་། །དེ་བཞིན་གུ་གུལ་ཉི་ཚེ་འམ། །ཁ་ར་སྲང་སྟོང་ཆིག་བརྒྱར་
བཅས། །པ་ཝ་སངས་བཤད་ལྡེ་གུའང་ཕན། །ཐུར་སེལ་འདྲེས་ལ་དྲོད་བསྐྱེད་དང་། །འཁྲུ་གཅོད་རླུང་ནི་བདེར་རྒྱུ་བྱེད། །གཅིན་གྱི་གནས་ནི་སྦྱོང་བྱེད་པའི། །སྨན་རྣམས་དེ་ལ་གཏང་བར་བྱ། །དེ་ལྟར་སྲོག་ལ་སོགས་པ་ཡི། །འདྲེས་པའི་གསོ་བ་མདོར་བཤད་
Vol. 198 · folio 235b
ཡིན། །སྨན་པས་དེ་གསོ་རྒྱས་པར་ནི། །བློ་ཡིས་བརྟགས་ཏེ་ཅི་རིགས་བྱ། །སྟོད་དུ་རྒྱུ་བའི་སྤྱི་བོར་བསྡུ། །ཐུར་སེལ་དེ་ལས་བཟློག་པར་བྱ། །མེ་དང་མཉམ་གནས་མཉམ་པར་བྱ། །ཁྱབ་བྱེད་གསུམ་དུ་སྦྱར་བར་བྱ། །བཞི་བོ་བས་ཀྱང་སྲོག་བསྲུང་སྟེ། །དེར་གནས་
ན་ནི་ལུས་གནས་འགྱུར། །དེ་ལྟར་རླུང་ནི་ལམ་གཞན་ཞུགས། །རང་རང་གི་ནི་གནས་སུ་གཞག །ཁྲག་མཁྲིས་འདྲེས་པ་མ་གཏོགས་པར། །འདྲེས་པའི་ནད་ནི་ཐམས་ཅད་ལ། །བཅུད་ཀྱིས་ལེན་གྱི་ཆོ་ག་བཞིན། །སྒོག་སྐྱ་བསྟེན་ན་སེལ་བར་བྱེད། །མཁྲིས་པར་
འདྲེས་ལ་མཁྲིས་སེལ་བས། །རླུང་ནི་བདེ་བར་རྒྱུ་བར་བྱ། །ཁྲག་དང་འདྲེས་ལ་དེ་ཉིད་དང་། །འཐེང་པའི་ནད་བཤད་སྨན་བྱའོ། །ཁྲག་མཁྲིས་རླུང་ནི་སེལ་བ་ཡི། །བཅུད་ཀྱིས་ལེན་ནི་སྣ་ཚོགས་སྦྱར། །ནད་གཞི་ཇི་ལྟར་བསྟན་པ་བཞིན། །གསོ་བ་དེ་ལྟར་ཡང་
དག་བཤད། །ཉམ་ཐག་འཕྲལ་དུ་སེལ་བ་འདི། །ཚེ་ཡི་རིག་བྱེད་གནས་འབྲས་བུ། །གསོ་བ་ཕན་པ་གནོད་སེལ་དང་། །སྦྱོར་བ་སྨན་དང་རྩི་དང་ནི། །ཞི་བར་བྱེད་དང་སྔགས་བྱ་སྟེ། །དེ་དག་སྨན་མིང་རྣམ་གྲངས་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་
ལས། གསོ་བའི་གནས་ཀྱི་ལེའུ་ཉི་ཤུ་རྩ་གཉིས་པའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། གསོ་བའི་གནས་ཏེ་གནས་བཞི་པ་རྫོགས་སོ།། །།དེ་ནས་སྐྱུག་སྨན་གྱི་ཆོ་ག་བཤད་པར་བྱའོ། །དེ་ཡང་རྒྱུན་ཤེས་ཀྱི་བུ་ལ་སོགས་
པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་ལྟར་བཤད་དེ། སྐྱུག་སྨན་མཆོག་ནི་པོ་སོན་ཆ། །དུར་བྱིད་རྩ་བ་བཀྲུ་སྨན་མཆོག །གཞན་དག་ནད་ཀྱི་དབང་ལས་ནི། །ཁྱད་པར་དུ་ནི་གྱུར་པ་ཡིན། །པོ་སོན་ཆ་དེ་མདོག་སྐྱ་ཞིང་། །ཤིན་ཏུ་སྔོ་བའང་མ་ཡིན་པ། །ཉིན་ཞག་ཚེས་
གྲངས་ཤིས་པ་ལ། །སོས་ཀ་དཔྱིད་ཀྱི་མཚམས་སུ་བཏུ། །ཕྱིས་ནས་འཇག་མའི་སྣོད་དུ་ནི། །བཅུག་སྟེ་བཅིངས་ལ་བ་ལང་གི། །ལྕི་བས་སྣོད་དུ་བྱུགས་ནས་ནི། །འབྲུ་ཡི་ནང་དུ་གཞག་པར་བྱ། །འཇག་མས་དཀྲིས་པས་འཇམ་པ་དང་། །སྦྲང་རྩི་ལྟ་བུ་དྲི་ཞིམ་ལ། །
Vol. 198 · folio 236a
ཞག་བརྒྱད་འདས་པར་གྱུར་པ་དང་། །ཕྱུང་སྟེ་དེ་ཉིད་ཉི་མར་བསྐམ། །དེ་འོག་ལེགས་པར་བསྐམས་པ་དང་། །ནང་གི་འབྲས་བུ་ཕྱུང་ནས་ནི། །ཞོ་དང་ཞོ་ག་ཆུ་མར་གྱི། །ལྡེ་གུར་མཉེས་ལ་སླར་ཡང་བསྐམ། །དེ་ནས་ལེགས་པར་སྦས་ཏེ་གཞག །
དགོས་པའི་དུས་སུ་སྦྱར་བར་བྱ། །དེ་ནས་དེ་ལ་ཚད་ཙམ་དུ། །བླངས་ནས་ཆམ་ཆོམ་བརྡུངས་ནས་ནི། །ཤིང་མངར་གོ་བྱེ་བི་ད་རའམ། །བིམ་བ་ལྕང་མ་སླེ་སྨན་ཏ། །བུམ་ཏི་ཨ་པ་མརྒ་དང་། །ཨརྒ་གང་ཡང་རུང་བ་ནི། །བསྐོལ་བའི་ཆུ་ཡི་ནང་དུ་ནི། །ནུབ་གཅིག་
ལེགས་པར་སྤང་བར་བྱའོ། །དེ་ནས་སྨན་གྱི་ཁུ་བ་དེ། །མཉེས་ཤིང་བཙགས་ལ་ནང་པར་ནི། །མདོ་ནས་བསྟན་པའི་ཆོ་ག་བཞིན། །ལེགས་པར་བླུད་ནས་སྐྱུག་ཏུ་གཞུག །བད་ཀན་ལས་བྱུང་རིམས་ཚམ་པ། །སྐྲན་དང་ཁོང་འབྲས་རྣམས་ལ་ནི། །ཇི་སྲིད་མཁྲིས་
པ་སྣང་གི་བར། །ཁྱད་པར་དུ་ཡང་སྐྱུག་ཏུ་གཞུག །པོ་སོན་ཆ་ཡི་འབྲས་བུ་ནི། །ཕྱེ་མ་བསྐོལ་བའི་ཁུ་བར་ནི། །འབྲས་བུ་གསུམ་ཕྱེ་ཆ་གསུམ་བཏབ། །ཀོ་བི་དར་སྩོགས་ཁུར་བཅས། །བླུད་ན་རིམས་དང་དམུ་རྫིང་དང་། །རྨེན་བུ་འབྲས་དང་འབྲུམ་ཆེན་དང་། །
གཏུན་འདྲའི་རླུང་ནད་སེལ་བར་བྱེད། །མཁྲིས་པ་བད་ཀན་གནས་ཞུགས་ལ། །ཛི་མུ་ཏ་སོགས་ཁུ་བ་བླུད། །སྙིང་ཚ་ཁྲག་མཁྲིས་དག་ལ་ན། །དེ་འབྲས་འོ་མར་བསྐོལ་བ་ཡི། །འོ་ཐུག་བཅས་པ་བླུད་པར་བྱ། །བད་ཀན་ལས་གྱུར་སློན་བྲོ་དང་། །ཆམ་པ་མུན་
འཐིབས་བྱེད་པ་ལ། །དེ་བསྐོལ་འོ་མ་ལས་བྱུང་བའི། །ཞོ་ཡི་སྤྲིས་མའམ་ཞོ་བླུད་བྱ། །པོ་སོན་ཆ་སོགས་ལྡེ་གུ་དང་། །བསྐོལ་བའི་འོ་མ་ལས་བྱུང་བའི། །མར་སར་བད་ཀན་གྱིས་དྲོད་ཉམས། །ལུས་སྐམ་པ་ལ་སྐྱུག་སྨན་བྱ། །པོ་སོན་ཆ་ཡི་ཁུ་བ་ནི། །བསྲེ་
ཞིང་ཆོ་གས་བཙགས་ནས་ནི། །གཟར་བུར་ཆགས་པའི་བར་དུ་བསྐོལ། །བྱིན་ལ་དེ་བས་སྐྱུག་ཏུ་གཞུག །ལྡེ་གུ་དེའམ་དེའི་ཁུ་བ། །བཟའ་དང་བཏུང་བར་སྦྱར་ཏེ་གཏང་། །པོ་སོན་ཆ་ཡི་འབྲས་བུའི་ཁུ། །དུག་མོ་ཉུང་སོགས་སྡེ་ཚན་བཏབ། །ནིམ་པ་ཨརྐ་གང་ཡང་
Vol. 198 · folio 236b
རུང་། །བསྐོལ་བའི་ཁུ་བར་བཅས་པ་ནི། །བླུད་ན་ཉམས་བརྟས་ལས་བྱུང་ནད། །གཏིང་ཟུག་ཀུན་ཀྱང་སེལ་བར་བྱེད། །པོ་སོན་ཆ་ཡི་མེ་ཏོག་ནི། །ཞིབ་བཏགས་ཕྲེང་བསྒོས་བསྣམས་ནས་ནི། །ཐུག་པ་ཤ་ཁུ་སོགས་ངོམས་བླུད། །སྐྱིད་དེ་བ་ནི་བདེར་སློན་གཞུག །
པོ་སོན་ཆ་མེད་མེ་ཏོག་དང་། །འབྲས་བུ་གཞོན་ནུ་དེ་བཞིན་སྦྱར། །ཛི་མུ་ཏ་སོགས་དེ་དང་འདྲ། །ཛི་མུ་ཏ་ནི་ཁྱད་པར་དུ། །རིམས་དང་ལུད་པ་དབུགས་མི་བདེ། །སྐྱིགས་བུ་ལ་སོགས་ནད་ལ་གཏང་། །འདི་ཡི་མེ་ཏོག་འོ་མར་བཙོས། །འབྲས་བུ་སྨིན་པ་འོ་ཐུག་
བཅས། །སྤུ་བཅས་འོ་མའི་སྤྲིས་མར་སྦྱར། །སྦུ་མེད་ཞོ་ཡི་སྤྲིས་མར་སྦྱར། །སྐྱ་བའམ་སྔོར་གྱུར་འོ་མར་བཅུག །ཞོ་ནི་སྐྱུར་པོར་གྱུར་པའམ། །མནན་པའི་ཆང་གི་དངས་མར་ནི། །མཉེས་ཏེ་ཞུ་བར་གྱུར་པ་བླུད། །བད་ཀན་ལུད་པ་ཡི་ག་འཆུས། །སྐྱ་རྦབ་གཅོང་
ཆེན་ནད་ལ་གཏང་། །ཀུ་བ་ཀོ་ཤ་ཏ་ཀི་ཡང་། །སྦྱོར་བའི་ཆོ་ག་འདི་ཉིད་བྱ། །སྨིན་ཞིང་བསྐམས་པར་གྱུར་པ་ཡི། །ཛི་མུ་ཏ་ཡི་འབྲས་བུ་དག །ཕྱེ་མ་སྲང་ཕྱེད་འོ་མར་བསྲེས། །རླུང་མཁྲིས་ནད་ཀྱིས་ཉེན་ལ་བླུད། །ཛི་མུ་ཏ་འབྲས་གཉིས་སམ་གསུམ། །བརྡུངས་པ་
དེ་ཡི་ཁུ་བ་ནི། །དོང་ག་ལ་སོགས་དགུ་པ་ནི། །གང་ཡང་རུང་བ་ལ་སྦངས་ཏེ། །མཉེས་ལ་བཅགས་པར་གྱུར་པ་དག །བད་ཀན་མཁྲིས་རིམས་ཅན་ལ་བླུད། །ཛི་མུ་ཏ་ཡི་ཕྱེ་མའམ། །ལྡེ་གུ་ཆུ་གྲང་སྦྱར་བ་དག །མཁྲིས་རིམས་ཅན་བླུད་བད་ཀན་དང་། །རླུང་འདྲེས་
རིམས་ལ་ཆུ་དྲོན་སྦྱར། །ལུད་པ་དབུགས་མི་བདེ་དང་དུག །སློན་རིམས་བད་ཀན་གྱིས་ཉེན་དང་། །མུན་འཐིབས་བྱེད་པའི་ནད་ལྡན་ལ། །ཀུ་བ་ཁ་བོའི་སྐྱུག་སྨན་བསྔགས། །དེ་ནི་མེ་ཏོག་འབྲས་བུ་མེད། །མྱུ་གུ་གཞོན་ནུ་འོ་མར་བཙོས། །བད་ཀན་མཁྲིས་པ་ལས་
གྱུར་རིམས། །མཁྲིས་པ་ཤས་ཆེར་གྱུར་ལ་བླུད། །འབྲས་བུ་སྨིན་པའི་ནང་གི་ནི། །འབྲས་བུ་ཕྱུང་སྟེ་འོ་མ་བཅུག །ཞོར་གྱུར་ལུད་པ་དབུགས་མི་བདེ། །བླུད་དེ་སློན་དུ་གཞུག་པར་བྱ། །འབྲས་བུའི་ནང་ན་ཞོ་ག་ཆུ། །མཛེ་དུག་སྐྱ་རྦབ་ཉིད་ལ་བླུད། །དེ་དང་དར་བ་
Vol. 198 · folio 237a
བསྐོལ་བ་ནི། །རྒྱམ་ཚ་སྦྲང་རྩིར་བཅས་པ་བླུད། །ཡང་ན་དེ་ཡི་ས་བོན་ནི། །ར་ཡི་འོ་མར་བཅས་པ་དག །དུག་སྐྲན་དམུ་རྫིང་རྨེན་བུ་དང་། །འབྲས་དང་རྐང་བམ་ནད་ལ་བླུད། །བད་ཀན་ལས་གྱུར་ལུད་པ་རིམས། །ལྐོག་མའི་ནད་དང་མ་ཞུ་ལ། །
ཀུ་བ་ཁ་བོའི་ཁུ་བ་ནི། །ཕྱེ་དང་སྦྱར་བའི་སྐྱོ་མ་བླུད། །སྐྲན་དང་རིམས་རྙིང་བྱིང་བ་ལ། །ལྡེ་གུ་ཤ་ཁུར་སྦྱར་བླུད་ན། །ལེགས་པ་ཁོ་ནར་སློན་གྱུར་ཞིང་། །ཉམ་ཆུང་བར་ཡང་འགྱུར་མ་ཡིན། །ཀུ་བ་ཁ་བོའི་མེ་ཏོག་དང་། །འབྲས་བུ་ཕྱེ་མས་བསྒོས་པ་ཡིས། །མེ་ཏོག་ཕྲེང་
བ་མནམ་པ་ནི། །སྐྱིད་དེ་བ་ཡི་སྐྱུག་སྨན་ཡིན། །སྐྲན་ལུད་དམུ་རྫིང་ལྐོག་མའི་ནད། །བད་ཀན་གནས་ལ་བརྟེན་པའི་རླུང་། །བད་ཀན་ཁ་དང་མགྲིན་པར་གནས། །བད་ཀན་འཕེལ་བར་གྱུར་པ་དག །བརྟན་ཞིང་དཀྱེལ་ནི་སྐྱེས་པ་ལ། །ཀོ་ཤ་ཏ་ཀའི་སྐྱུག་སྨན་བསྔགས། །
འཚོ་བྱེད་ཉེའུ་ཤིང་ཟངས་རྩི་བ། །ཁ་སྲལ་ཕྲེའུ་རམ་ཉེ་གཉིས། །ཤྲ་བ་དང་ནི་མེ་ད་དང་། །མ་ཧཱ་མེ་ད་མ་དུ་ལི། །འདི་དག་རེ་རེའི་ཕྱེ་མ་དང་། །ཀོ་ཤ་ཏ་ཀའི་ཕྱེ་མར་བཅས། །སྦྲང་རྩི་ཁ་རར་སྦྱར་བ་ནི། །ལུད་པ་སྙིང་ནི་ཚ་ལ་བསྔགས། །དེ་རྗེས་ཆུ་དྲོན་བླུད་པ་ནི། །བད་ཀན་
མཁྲིས་ཚ་ལྡན་ལ་བསྔགས། །འུ་སུ་གཡེར་མའི་ཁུ་བ་དང་། །དེ་ཡི་ཁུ་བས་དུག་འཇོམས་སོ། །བིམ་པ་ཀ་ས་མརྡ་འམ། །བ་སྦུ་བ་ཡི་ཁུ་བར་ནི། །ར་ཛ་གོ་ཤ་ཏ་ཀ་ཡི། །རྡོག་མ་གཅིག་གམ་གཉིས་མཉེས་པའི། །དངས་མ་སྙིང་གི་ནད་ལ་བླུད། །དེ་བསྐོལ་འོ་མ་
ལས་བྱུང་མར། །པོ་སོན་ཆ་སྩོགས་བསྐོལ་བ་བླུད། །ཀོ་ཤ་ཏ་སོགས་ཁ་དང་ཚ། །མཛེ་དང་སྐྱ་རྦབ་མཆེར་པའི་ནད། །འོར་ནད་སྐྲན་ནད་སྦྱར་དུག་སོགས། །གཏིང་ཟུག་པ་ལ་བསྔགས་པ་ཡིན། །པོ་སོན་ཆ་སོགས་དྲུག་སོ་སོར། །བསྐོལ་བ་དང་ནི་རླན་ཅན་ཤ །
ཀོ་ཤ་ཏ་ཀ་ཆ་མཉམ་བསྐོལ། །ཁུ་བ་རྒྱམ་ཚར་བཅས་པ་བླུད། །པོ་སོན་ཆ་སོགས་པི་པི་ལིང་། །ཆ་མཉམ་ཀོ་ཤ་ཏ་ཀར་སྦྱར། །ཡང་ན་ཀོ་ཤ་ཏ་ཀ་ཡི། །ཁུ་བ་བུ་རམ་ཤིང་ཁུ་བླུད། །དུག་མོ་ཉུང་ནི་སྐྱིད་དེ་བ། །བད་ཀན་མཁྲིས་པ་ཁྲག་བཅས་དང་། །རིམས་དང་ཤུ་
Vol. 198 · folio 237b
བ་སྙིང་ནད་དང་། །དྲེག་ནད་ཀྱིས་འཐེང་མཛེ་ལ་བསྔགས། །དུག་མོ་ཉུང་གི་ས་བོན་དེ། །ཉུངས་ཀར་རམ་ནི་མ་དུ་ཀི། །བསྐོལ་བའི་ཁུ་བའམ་རྒྱམ་ཚའི་ཆུ། །ཡང་ན་ཀྲི་ས་ར་ལྡན་བླུད། །དེ་ཡི་ས་བོན་ཨརྐ་ཡི། །འོ་མར་ཞག་བདུན་སྦངས་པ་ནི། །པོ་སོན་ཆ་དང་ཛི་མུ་ཏ། །
ཀུ་བ་ཁ་བོ་ཛི་བན་ཏི། །ཛི་བ་ཀ་ནི་བསྐོལ་བ་ཡི། །ཁུ་བ་གང་ཡང་རུང་བ་བླུད། །སྐྱུག་སྨན་གྱི་ནི་གཙོ་བོ་ཡི། །ཆོ་ག་ཕྱོགས་ཙམ་བཤད་པ་ཡིན། །བློ་དང་ལྡན་པ་ཚུལ་འདི་ཡིས། །གཞན་ཡང་ཅི་རིགས་སྦྱར་བར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས།
ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་སྟེ་དང་པོའོ།། །།དེ་ནས་བཀྲུ་སྨན་བྱ་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །དུར་བྱིད་བསྐ་ཞིང་མངར་ལ་རྩུབ། །ཞུ་རྗེས་ཚ་བར་གྱུར་པ་ཡིན། །བད་ཀན་མཁྲིས་པ་ཞི་བྱེད་དེ། །རྩུབ་པས་རླུང་ནི་འཁྲུགས་པར་བྱེད། །དེ་འདིར་སྨན་
གྱི་སྦྱོར་བ་ཡིས། །རླུང་དང་མཁྲིས་པ་བད་ཀན་སེལ། །ཆོ་གའི་ཁྱད་པར་ལ་བརྟེན་ནས། །ནད་ཀུན་འཇོམས་པར་བྱེད་པ་ཡིན། །དུར་བྱིད་རྣམ་པ་གཉིས་སུ་བཤད། །དེ་རྩ་དམར་ནག་དཀར་བ་ཡིས། །རྣམ་པ་གཉིས་སུ་བཤད་པ་ཡིན། །དེ་ལས་ཏྲི་བྱི་ཏ་མཆོག་ཏུ་
བཤད། །ཉེས་པ་མེད་ཅིང་བདེ་བར་འཁྲུ། །བརྒྱལ་རྨོངས་བྱེད་ཅིང་ལྐོག་མ་ནི། །རྩུབ་ཅིང་གནོད་པར་བྱེད་པ་དང་། །རྣོ་ཞིང་མྱུར་དུ་འཁྲུ་བྱེད་པ། །ལྟོ་སྲ་ནད་གཞི་ཤས་ཆེ་དང་། །སྡུག་བསྔལ་གྱིས་ཉེན་ནད་པ་ལ། །ཤ་མ་དུར་བྱིང་བསྔགས་པ་ཡིན། །དེ་ནི་ཟབས་
སུ་ཟུག་ཅིང་འཇམ། །ཐད་ཀར་འཕྲོས་པ་མ་ཡིན་པ། །བཏུས་ལ་སྙིང་པོ་བོར་ནས་ནི། །ཤུན་པ་སྐམས་ཏེ་སྦ་བར་བྱ། །དེ་ནས་དེའི་འོག་དེའི་ཕྱེ་མ། །རྒྱམ་ཚ་དོང་ག་ཅུང་ཟད་བཏབ། །རླུང་ནད་ལ་ནི་སྐྱུར་ལས་བླུད། །མཁྲིས་པར་སྦྲང་རྩི་ཁ་ར་མར། །འོ་མ་རྒུན་འབྲུ་
བུ་རམ་ཤིང་། །ཁུ་བ་ཏང་པ་ལ་མངར་བ་ཡི། །སྨན་དེའི་འབྲས་བུ་གསུམ་གྱི་ནི། །ཁུ་བར་བཅས་པ་བླུད་པར་བྱ། །བད་ཀན་ནད་ལ་པི་ལུ་ཡི། །ཁུ་བ་བ་གཅིན་ཆང་སྐྱུང་རྩབས། །ཚ་བ་ལྔ་སོགས་ཕྱེ་མ་ནི། །བད་ཀན་འཇོམས་དང་ཅི་རིགས་སྦྱར། །དུར་བྱིད་ལྡེ་གུ་ཁུ་བ་
Vol. 198 · folio 238a
དང་། །བསྐོལ་བའི་ཁུ་བ་བསྒྲངས་ཁར། །སྦྲང་རྩི་དྲི་བཟང་གསུམ་དང་བཅས། །ལྡེ་གུ་ཡིད་འོང་བཀྲུ་སྨན་ཡིན། །ཨ་ཛ་གནྡྷ་སྨིག་རྐང་དང་། །ཀ་ར་དུར་བྱིད་བི་ད་རི། །ཕྱེར་བཏགས་སྦྲང་རྩི་མར་དང་ནི། །ལྡེ་གུ་བྱིན་ན་འདུས་པ་དང་། །རིམས་
དང་ལུས་རེངས་ཚ་བ་དང་། །སྐོམ་དད་ཀྱིས་གཟེར་ལེགས་པར་འཁྲུ། །བུ་རམ་ཤིང་ནི་ཚལ་པར་བཀས། །ནང་ངོས་དུར་བྱིད་ལྡེ་གུས་བསྐུ། །གཅིག་ཏུ་སྦྱར་ཏེ་ཕུར་མ་ཡིས། །བཙོ་བའི་ཚུལ་བྱས་དེ་བཟའ་བྱ། །ཤིང་ཚ་སུག་སྨེལ་མཉམ་ནི་ལི། །དེ་མཉམ་དུར་བྱིད་
ཤ་ཀ་ར། །ཕྱེ་མ་སྦྲང་རྩི་རྒུན་ཆུ་དང་། །ཕྱེ་དང་སྐྱོ་མར་སྦྱར་ཏེ་བླུད། །རླུང་མཁྲིས་བད་ཀན་ལས་གྱུར་དང་། །མེ་དྲོད་ཆུང་བའི་ནད་དང་ནི། །སྐྱིད་དེ་བ་ཡི་མི་རྣམས་ལ། །གནོད་པ་མེད་པའི་བཀྲུ་སྨན་ཡིན། །བྱི་དང་ག་ཡི་སྙིང་པོ་དང་། །འབྲས་བུ་གསུམ་ཞེས་
བྱ་བ་དང་། །ཡ་བཀྵ་ར་པི་པི་ལིང་། །དུར་བྱིད་ཀུན་གྱི་ཆ་ཕྱེད་བྱས། །སྦྲང་རྩི་མར་རམ་བུ་རམ་གྱིས། །ལྡེ་གུར་བྱས་པ་བྱིན་ན་ནི། །སྐྲན་དང་མཆེར་པ་དམུ་རྫིང་དང་། །གཟུགས་འཁུམས་ལུད་པ་ཡི་ག་འཆུས། །རླུང་དང་བད་ཀན་ལས་གྱུར་ནད། །མང་པོ་གཞན་
དག་སྦྱོང་བར་བྱེད། །པི་པི་ལིང་རྩ་བྱི་དང་ག །འབྲས་བུ་གསུམ་དང་འུ་སུ་དང་། །ཙི་ཏྲ་ཀ་དང་ན་ལེ་ཤམ། །པི་པི་ལིང་དང་དུག་མོ་ཉུང་། །ཟི་ར་ཧ་སྟེ་པི་པི་ལིང་། །ཏི་མུ་ས་དང་ལན་ཚྭ་ལྔ། །ཞོ་ནི་གཉིས་གཉིས་ཕྱེ་མར་བྱས། །དུར་བྱིད་དང་ནི་ཏིལ་མར་གཉིས། །
སྲང་ནི་བརྒྱད་བརྒྱད་ཆར་བསྲེས་དང་། །སྐྱུ་རུ་རའི་ཁུ་བྲེ་གསུམ་དང་། །བུ་རམ་སྲང་ནི་ལྔ་བཅུ་མེ། །ཆུར་བསྐོལ་དེ་ལས་རན་ཙམ་ནི། །ཟོས་ན་མཛེ་དང་གཞང་འབྲུམ་དང་། །མིག་སེར་ཟ་ཁུ་སྐྲན་དང་ནི། །དམུ་རྫིང་མཚན་བར་རྡོལ་བ་དང་། །ཕོ་བའི་ནད་དང་སྐྱ་རྦབ་
རྣམས། །འཇོམས་ཤིང་ཆོ་ག་བསྲུང་མི་དགོས། །བུ་སྐྱེད་པར་ཡང་དེ་ཡིས་བྱེད། །བུ་རམ་དགེ་བ་ཅན་ཞེས་བྱ། །དུས་ཀུན་དུ་ནི་འཕྲོད་པ་ཡིན། །ཚ་བ་གསུམ་དང་དྲི་སྣ་གསུམ། །གླ་སྒང་དང་ནི་བྱི་དང་ག །སྐྱུ་རུ་ར་ནི་དེ་ཐམས་ཅད། །མཉམ་པའི་དུར་བྱིད་
Vol. 198 · folio 238b
ཁ་ར་དང་། །སྦྲང་རྩིའི་རི་ལུ་བྱས་ཟོས་ན། །གཅིན་སྲི་རིམས་དང་སློན་བྲོ་དང་། །ལུད་པ་ཤ་སྐེམ་མགོ་འཁོར་དང་། །ཟད་བྱེད་ལུས་ཚ་སྐྱ་རྦབ་དང་། །མེ་དྲོད་ཆུང་དང་དུག་ནད་སྦྱོང་། །དུར་བྱིད་དུག་མོ་ཉུང་ས་བོན། །བི་པི་ལིང་དང་བཅའ་སྒ་རྣམས། །སྦྲང་རྩི་རྒུན་
འབྲུ་ཆུར་སྦྱར་བ། །དབྱར་གྱི་དུས་ཀྱི་བཀྲུ་སྨན་ཡིན། །དུར་བྱིད་གླ་སྒང་བྱི་ཚེར་བ། །ཁ་ར་ཙནྡན་བ་ལེ་ཀ །ཤིང་མངར་པ་ཏ་ལའི་ཕྱེ་མ། །རྒུན་ཆུ་དང་སྦྱར་སྟོན་གྱི་ཡིན། །དུར་བྱིད་པ་ཏ་ཀྲུ་ཏྲུག་ཏྲེས། །ཟིར་ཤུ་དག་ས་ར་ལ། །ཁྲོན་བུའི་ཕྱེ་མ་ཆུ་དྲོན་སྦྱར། །
དགུན་གྱི་དུས་སུ་བླུད་པར་བྱ། །དུར་བྱིད་ཁ་ར་ཆ་མཉམ་པ། །སོ་གའི་དུས་ཀྱི་བཀྲུ་སྨན་ཡིན། །དུར་བྱིད་སྤ་འབྲས་ཀྱི་ལྕེ་བ། །པ་ཏ་ལ་དང་པུ་ཙེ་ཤེལ། །ཁྲོན་བུ་ལེགས་པར་བཏགས་ནས་ནི། །བ་གཅིན་ནང་དུ་ཞག་གསུམ་སྦངས། །འདི་ནི་དུས་ཀུན་སྦྱོར་བ་སྟེ། །
སྣུམ་ཞེན་དྲི་མ་ནད་རྣམས་འབྱིན། །ཤ་མ་དུར་བྱིད་བྱི་ཚེར་བ། །གླ་སྒང་ཧསྟི་པི་པི་ལིང་། །དུག་མོ་ཉུང་དང་ནི་ལི་ནི། །འབྲས་བུ་གསུམ་དང་པུ་ཙེ་ཤེལ། །ཕྱེ་མ་ཤ་ཁུའམ་མར་རམ་ནི། །ཆུ་དྲོན་དང་སྦྱར་ཐམས་ཅད་དུ། །ཁོང་རྩུབ་ལ་ཡང་གཏང་བར་བྱ། །རིམས་
དང་སྙིང་ནད་དྲེག་ནད་དང་། །རྟུག་སྐམ་ལ་སོགས་ནད་རྣམས་ལ། །དོང་གའི་བཀྲུ་སྨན་ལྷག་པར་ནི། །འཇམ་མངར་བསིལ་བ་ཕན་པ་ཡིན། །བྱིས་པ་རྒན་པོ་གློ་རྡོལ་དང་། །སྐྱིད་དེ་བ་ཡི་མི་རྣམས་ལ། །འཇམ་ཞིང་སྐྱོན་ནི་མེད་པའི་ཕྱིར། །མཆོག་ཏུ་དོང་གའི་
བཀྲུ་སྨན་གཏང་། །འབྲས་བུའི་དུས་སུ་ལེགས་སྨིན་པའི། །དེ་ཡི་འབྲས་བུ་བཏུས་ནས་ནི། །དེ་ནི་ཡོན་ཏན་ལྡན་གྱུར་པ། །ཁུར་གཅིག་བྱེ་མའི་ནང་དུ་གཞུག །ཞག་བདུན་ལོན་ནས་ཕྱུང་ནས་ནི། །ཉི་མ་ལ་ནི་བསྐམ་པར་བྱ། །དེ་ནས་རྐང་ནི་ཕྱུང་ནས་སུ། །སྣོད་ནི་གཙང་
མར་གཞག་པར་བྱ། །བྱིས་པ་ལོ་བཞི་ལོན་པ་ནས། །ལོ་ནི་བཅུ་གཉིས་ལོན་པའི་བར། །ལུས་ཚ་རྟུག་འགགས་ཀྱིས་གཟིར་ལ། །རྒུན་ཆུར་སྦྱར་ཏེ་བླུད་པར་བྱ། །དོང་གའི་རྐང་ནི་མཉེས་པ་དང་། །བསྐོལ་བའི་ཆུ་ནི་གྲང་མོ་བླུད། །ཡང་ན་ཆང་དངས་ཞོ་ག་ཆུ། །སྐྱུ་
Vol. 198 · folio 239a
རུ་ར་ཡི་ཁུ་བའམ། །རང་སྐྱུར་དག་དང་བཅས་པའམ། །དུར་བྱིད་ལྡེ་གུར་སྦྱར་བ་སྦྱིན། །དན་དའི་ཁུ་བར་དེ་ཡི་རྐང་། །བུ་རམ་རྙིང་པ་བཅུག་ནས་ནི། །ཟླ་བ་གཅིག་གམ་ཟླ་ཕྱེད་བར། །མནན་པའི་ཆང་ནི་བླུད་པར་བྱ། །སེང་ཕྲོམ་རྩ་བའི་ཤུན་པ་ནི། །
ནང་གི་ཤུན་ལྤགས་བོར་ནས་ནི། །བསྐམས་ཏེ་ཕྱེ་མར་བྱས་ནས་ནི། །དེ་ལ་ཆ་གཉིས་བསྐོལ་ཏེ་གཟགས། །སེང་ཕྲོམ་ཆ་ནི་གསུམ་པ་སྦངས། །རྩ་བ་བཅུ་པའི་ཁུ་བ་དང་། །ཆ་དེ་སླར་ཡང་སྦང་བར་བྱ། །སླར་ཡང་བསྐམས་ཏེ་ཕྱེ་མར་བྱ། །དེ་ལས་ཞོ་གཉིས་བ་གཅིན་
ནམ། །ཆང་གི་དངས་མའམ་ཞོ་ག་ཆུ། །རྒྱ་ཤུག་སྐྱུ་རུ་རའི་ཁུ་བ། །གང་ཡང་རུང་དང་སྦྱར་ཏེ་བླུད། །སེང་ཕྲོམ་བསྐོལ་བའི་ཁུ་བ་དང་། །ལྡེ་གུར་བྱས་དང་ཁར་དང་། །མར་དང་བསྐོལ་བའི་ལྡེ་གུ་དེ། །བཀྲུ་སྨན་གྱི་ནི་དམ་པ་ཡིན། །ཤྲཱི་ཁཎྜས་ནད་ཀྱི་ཚོགས། །
ཤས་ཆེར་སོགས་པའང་འཇིག་པར་བྱེད། །མྱུར་དུ་འཁྲུ་ཞིང་དྲགས་པས་ན། །ལྟོ་སྙི་ཉམ་ཆུང་བྱིས་པ་དང་། །རྒན་པོ་ནད་པ་ཡུན་རིང་ལ། །དེ་ནི་གཏང་བར་མི་བྱའོ། །སྐྲན་དང་དམུ་རྫིང་སྦྱང་བའི་དུག །པགས་ནད་གཅིན་ནད་སྦྲང་རྩི་འདྲ། །སྐྱ་རྦབ་སྐྲན་དང་དུག་
གིས་ཕོག །ནད་ཀྱིས་སེམས་འཁྲུགས་གྱུར་ལ་གཏད། །དེ་ནི་ཚེར་མ་རྣོན་པོ་ནི། །མང་པོས་ཁྱབ་པར་གྱུར་པ་མཆོག །ལོ་གཉིས་པའམ་ལོ་གསུམ་པ། །ཁྱད་པར་དུ་ནི་དགུན་གྱི་མཐར། །དེ་ནི་མཚོན་གྱིས་རྣམ་བཅད་ལ། །དེ་ལས་འོ་མ་བླང་བར་བྱ། །བིལ་བ་ལ་སོགས་
རྩ་བ་ལྔ། །བྲི་ཧ་ཏི་ནི་རྣམ་གཉིས་དང་། །བསྐོལ་བའི་ཁུ་བ་དང་མཉམ་པའི། །སུ་ཏིའི་འོ་མ་དང་བསྲེས་ལ། །དེ་འོག་མེ་ཡི་མདག་མར་བསྐམ། །རི་ལུར་བྱས་པ་ཞོ་ག་ཆུའམ། །ཆང་ངམ་བ་གཅིན་ལ་སོགས་བླུད། །དུར་བྱིད་སོགས་དགུ་འབྲས་བུ་གསུམ། །ཁྲོན་བུ་
སབ་ཏལ་དང་བཅས། །སུ་ཏའི་འོ་མས་ཞག་བདུན་སྦངས། །ཤ་ཁུའམ་མར་དང་སྦྱར་ཏེ་བླུད། །ཚ་བ་གསུམ་དང་འབྲས་བུ་གསུམ། །དུར་བྱིད་དན་ད་ཙི་ཏྲ་ཀ །དེ་བཞིན་བུ་རམ་ཆུས་སྦྱར་བླུད། །ཤང་གི་ནི་ཡི་འབྲས་བུ་ནི། །ཕུབ་མ་མེད་ཅིང་མ་སྐམས་བཏུ། །དེ་
Vol. 198 · folio 239b
བཞིན་སཔྟ་ལའི་རྩ་བ། །དེ་དག་རྣོན་པོ་འཁྲུ་བྱེད་ཡིན། །བད་ཀན་དམུ་རྫིང་སྦྱར་བའི་དུག །སྐྲན་སོགས་ནད་ལ་གཏང་བར་བྱ། །དེ་གཉིས་རི་ལུ་ཞོ་གཉིས་ཙམ། །ཆང་དང་རྒྱམ་ཚྭ་སྦྱར་བ་ནི། །བད་རླུང་ལས་གྱུར་སྙིང་ནད་དང་། །དེ་བཞིན་སྐྲན་གྱི་ནད་ལ་གཏང་། །དན་ད་
དྲ་བན་ཏིའི་རྩ་བ། །གླང་པོའི་སོ་ལྟར་བརྟན་ཞིང་སྦོམ། །དམར་ཞིང་གནག་ལ་རྣོ་ཞིང་དྲོ། །མྱུར་དུ་འཁྲུ་བར་བྱེད་པ་ཡིན། །ལྕི་ཞིང་རླུང་ནད་འཁྲུ་བྱེད་ཅིང་། །མཁྲིས་པ་བད་ཀན་འཇུ་བར་བྱེད། །དེ་ནི་སྦྲང་རྩི་པི་པི་ལིང་། །ལྡེ་གུས་བསྐུས་ལ་འཇག་མ་དང་། །འཇིམ་
པས་བསྐུས་ཏེ་མེར་བསྲེག་ཅིང་། །ཉི་མ་ཅུང་ཟད་དྲོ་བསྐམས་པས། །དེ་ཡི་རྣོ་བ་བསལ་བར་བྱ། །དེ་ནི་ཆང་དངས་ཞོ་ག་ཆུ། །དར་བ་མནན་ཆང་པི་ལུ་ཡི། །ཁུ་བ་གང་ཡང་རུང་སྦྱར་བླུད། །ཉམ་ཆུང་སྐྲན་དང་གཅིན་སྙི་དང་། །དམུ་རྫིང་སྦྱར་བའི་དུག་རྣམས་སྦྱོང་། །
བ་ལང་རི་དྭགས་ར་ཤ་ཡི། །ཁུ་བར་སྦྱར་བས་སྐྱ་རྦབ་དང་། །ལྟོ་སྲིན་མཚན་པར་རྡོལ་ནད་སེལ། །དེ་བསྐོལ་ཁུ་བ་ལྡེ་གུ་དག །རྩ་བ་བཅུ་ཡི་ཁུ་བར་བསྐོལ། །མར་གྱིས་མེ་དཔལ་ཁོང་འབྲས་དང་། །འབྲུམ་ཕྲན་མཆན་ཁུང་ཚ་བ་སེལ། །ཏིལ་མར་བཅས་པས་སྐྲན་ཟ་ཁུ། །
གཞང་འབྲུམ་རྟུག་འགགས་བད་རླུང་སེལ། །སྣུམ་ཆེན་སྦྱར་བས་ཁུ་ཆུ་བཤང་། །འཕྱེན་འགགས་རླུང་གི་ནད་རྣམས་སྦྱོང་། །དུར་བྱིད་ལ་སོགས་དགུ་པོ་ནི། །བཀྲུ་སྨན་གྱི་ནི་རབ་མཆོག་ཡིན། །ཨ་རུ་ར་ཡང་དུར་བྱིད་ཀྱི། །ཆོ་ག་བཞིན་དུ་སྦྱར་བར་བྱ། །དེ་ནས་དུས་
སུ་དེའི་ཕྱེ་མ། །རྒྱམ་ཚ་དོང་གྲ་ཅུང་ཟད་གདབ། །རླུང་ནད་ལ་ནི་སྐྱུར་བས་བླུད། །བུ་རམ་སྲང་བརྒྱད་ཨ་རུ་ར། །ཉི་ཤུ་དན་ད་ཙི་ཏྲ་ཀ །སྲང་རེ་པི་པི་ལིང་དུར་བྱིད། །ཞོ་ནི་གཉིས་གཉིས་ལྷན་ཅིག་སྦྱར། །རི་ལུ་བཅུ་བྱས་ཞག་བཅུ་བར། །རི་ལུ་རེ་རེ་ཟོས་རྗེས་ལ། །ཆུ་
དྲོན་བླུད་ཅིང་ཆོ་ག་འདིས། །དེ་དག་ཐམས་ཅད་ཟོས་གྱུར་ན། །ཀུན་ཟོས་བསྲུང་བ་མི་དགོས་པར། །འདིས་ནི་ཐམས་ཅད་སེལ་བར་བྱེད། །མཆོག་ཏུ་སྐྱ་རྦབ་ཕོ་བའི་ནད། །པགས་ནད་ཟླུམ་པོ་གཞང་འབྲུམ་དང་། །གཡན་པའི་ནད་རྣམས་སེལ་བ་ཡིན། །ཆུང་ངུའམ་
Vol. 198 · folio 240a
དོན་ནི་ཆེན་པོ་དང་། །ཆེན་པོ་ལས་ནི་ཉུང་ཟད་དག །འདྲེ་དང་དབྱེ་བ་བྱས་པ་དང་། །དུས་དང་སྦྱོར་བ་ལྡན་པར་བྱེད། །ཤིང་ཚ་ནཱ་ག་གེ་སར་དང་། །ཨ་མྲ་ཏ་ཀ་སེ་འབྲུ་དང་། །སུག་སྨེལ་ཁ་ར་སྦྲང་རྩི་དང་། །ཁ་ལུང་ཆང་སོགས་དེ་དང་དེ། །ཡི་
རང་རྗེས་སུ་འཐུན་པ་ཡི། །རིགས་པས་བཀྲུ་སྨན་གཏང་བར་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སྐྱུག་སྨན་དང་བཀྲུ་སྨན་གྱི་ཉེས་པ་གྲུབ་པར་བྱ་བའི་ཆོ་ག་བཤད་པར་བྱའོ། །སྐྱུག་
སྨན་ལྟོ་ནི་སྙི་བའམ། །ལྟོགས་པའམ་བད་ཀན་ཤས་ཆུང་བའམ། །ཤིན་ཏུ་རྣོ་བའམ་གྲང་བའང་ཆུང་། །མ་ཞུ་བའང་ཉམ་ཆུང་ལ། །བླུད་ན་ནད་འབྱུང་རེ་བ་ཉམས། །དེ་ཚེ་ཐུར་བྱུང་ནད་སློང་འགྱུར། །དེ་ལ་སླར་ཡང་སྣུམ་ཆོས་བྱ། །སྔར་གྱི་སྐྱོན་བྲལ་སྐྱུག་སྨན་
གཏང་། །བཀྲུ་སྨན་མ་ཞུ་བད་ཀན་དང་། །ལྡན་པའམ་ཤིན་ཏུ་རྣོ་ཆེས་པ། །དྲོ་བའམ་ལན་ཚྭ་ཤས་ཆེས་པ། །ཡི་གར་མི་འོང་མངས་པ་ཡིས། །གྱེན་དུ་བརྒལ་བར་གྱུར་པ་དག །སྔར་བཤད་ཉེས་པ་དེ་ལ་ནི། །གྲུབ་པའི་སྦྱོར་བ་དེ་བཞིན་བྱ། །དེ་ཡང་སྣོད་དུ་
མ་ཆགས་ན། །གསུམ་པོ་དེ་ལ་བླུད་མི་བྱ། །གཞན་དུ་གོམས་པའང་ཞིབ་པ་ཡི། །སྨན་ནི་གནོད་པ་མེད་པ་གཏང་། །སྣུམ་ཆོས་དུགས་ནི་མ་བྱས་ལ། །སྨན་ནི་རྙིང་ཞིང་རྩུབ་པ་ཡིས། །ནད་བསླངས་ཕྱིན་པར་མ་ནུས་པས། །མགོ་འཁོར་སྐྲངས་དང་སྐྱིགས་བུ་
དང་། །མུན་པར་མཐོང་དང་སྐོམ་དད་ཆེ། །བྱིན་སྙིང་ན་ཞིང་ལུས་གཡའ་དང་། །བླ་དང་ཁ་དོག་མི་སྡུག་པའི། །ནད་ནི་སྐྱེད་པར་བྱེད་པ་ཡིན། །སྣུམ་ཆོས་དུགས་བྱས་སྨན་ཉུང་ཞིང་། །མེ་དྲོད་ཆེ་བས་ཞུ་གྱུར་པའམ། །གྲང་བས་རེངས་བའམ་མ་ཞུ་བས། །ནད་
བསླངས་ནས་ནི་མ་ཕྱིན་པས། །ནད་ནི་དེ་དག་ཉིད་བསྐྱད་ཅིང་། །དེ་ཉིད་སྦྱོར་ཉེས་ཐམས་ཅད་ཡིན། །དེ་ལ་ཏིལ་མར་རྒྱམ་ཚས་བསྐུ། །གཤག་མ་རྡོ་ཡི་དུགས་བྱ་ཞིང་། །མས་གཏོང་དྲག་བྱས་སྐམ་སའི་ཤ །ཁ་ཟས་བྱིན་ལ་འཇམ་རྩི་ནི། །པོ་སོན་ཆ་དང་པི་
Vol. 198 · folio 240b
པི་ལིང་། །ཐང་ཤིང་ཏིལ་མར་བསྐོལ་བ་གཏང་། །རླུང་འཇོམས་རླུང་གི་སྣུམ་ཆོས་བྱ། །སླར་ཡང་བཀྲུ་སྨན་རྣོན་པོས་སྦྱང་། །ནད་གཞི་ཆེ་ཞིང་ཁོང་རྩུབ་ལ། །མེ་དྲོད་ཆུང་དང་སྨན་ཆུང་བ། །རྟུག་སྐམ་བཅས་པས་བསླངས་པ་དང་། །ནད་ཀྱིས་ལམ་ནི་འགགས་
པར་འགྱུར། །མི་བཟད་སྦོ་དང་ལྟེ་བ་དང་། །རྒྱབ་དང་རྩིབ་ལོགས་མགོ་བོ་ན། །ཕྱི་ས་གཅིན་འགགས་དབུགས་མི་བདེ། །མི་བཟད་པ་ནི་སྐྱེད་པར་བྱེད། །བསྐུ་དང་དུགས་དང་རིང་བུ་སོགས། །མས་གཏོང་དྲག་པོ་འཇམ་རྩི་བྱ། །རྟུག་སྐམ་སེལ་བའི་གསོ་དཔྱད་
ལས། །ཐམས་ཅད་སྦོ་བ་དག་ལ་ཕན། །རྩ་བ་ལྔ་པ་ནས་ཚིག་འཁུས། །ཤུ་དག་པུ་ཏི་ཀ་རཉྫ། །རྒྱམ་ཚ་ནས་ཐུག་ལེགས་སྦྱར་བས། །གཟེར་ནད་རྟུག་སྐམ་ལྟོ་སྦོས་འཇོམས། །ཐལ་སྨན་སེ་འབྲུ་པི་པི་ལིང་། །ཤིང་ཀུན་བཅའ་སྒ་སྟར་བུ་དང་། །རྒྱམ་
ཚར་བཅས་པའི་ཆང་ངམ་ནི། །མར་རམ་ཆུ་དྲོན་སྦྱར་བ་བླུད། །མཁྲེགས་ཤིང་ཡོངས་སུ་འཛག་པ་དང་། །ན་ཞིང་བཅད་སྙམ་སེམས་པ་སེལ། །སྨན་འཐུངས་གྱུར་པའི་ཤུགས་བཀག་ན། །རླུང་ལ་སོགས་པའི་ནད་རྣམས་ནི། །འཁྲུགས་ཏེ་སྙིང་གི་ཕྱོགས་སོང་ན། །
སྙིང་ནད་མི་བཟད་སྐྱེད་པར་བྱེད། །སྐྱིགས་བུ་ལུད་པ་རྩིབ་ལོགས་ན། །རྨྱ་ཞིང་མིག་འགུལ་ཁ་ཆུ་འཛག །དྲན་པ་ཉམས་ཤིང་ལྕེ་འཆའ་ལ། །སོ་ནི་ཀྲིག་ཀྲིག་འཆའ་བར་བྱེད། །དེ་ལ་སྨན་པ་མ་རྨོངས་པས། །མཁྲིས་པས་ཉེན་ལ་མངར་བ་དང་། །བད་ཀན་གྱིས་
ཉེན་ཁ་བ་ཡི། །སྐྱུག་སྨན་དག་ནི་མྱུར་དུ་གཏང་། །དེ་ནས་དེ་ལ་སྨིན་བྱེད་པའི། །ནད་ཀྱི་ལྷག་མ་སྨིན་པར་བྱ། །དེ་ཡི་མེ་དྲོད་ལུས་ཀྱི་སྟོབས། །རིམ་གྱིས་མངོན་པར་འཕེལ་བར་བྱེད། །ཤས་ཆེར་སློན་གྱུར་རླུང་གིས་ནི། །གང་གི་སྙིང་ནི་གཟེར་གྱུར་པ། །དེ་ལ་སྣུམ་
གྱུར་ལན་ཚྭ་སྦྱིན། །མཁྲིས་པ་བད་ཀན་དེ་ལས་གཞན། །སྨན་ནི་འཐུངས་པར་གྱུར་ནས་ཤུགས། །བཀག་པར་གྱུར་པའམ་བད་ཀན་གྱིས། །འགགས་པའམ་ཤིན་ཏུ་སྦྱངས་གྱུར་པའི། །ལུས་ལ་རླུང་ནི་འཇུག་འགྱུར་བས། །རེངས་དང་འདར་དང་ཟུག་པ་དང་། །
Vol. 198 · folio 241a
ལུས་སྙོམ་དཀྲིས་སྙམ་སེམས་ཤིང་ཟུག །དེ་ལ་རླུང་ནི་འཇོམས་པ་ཡི། །སྣུམ་ཆོས་དུགས་སྩོགས་ཐམས་ཅད་བསྔགས། །སྨན་ཐུན་ཆེ་ལ་རྣོ་བ་ནི། །བཀྲེས་ཉེན་ལྟོ་སྙི་ལ་བླུད་ན། །བད་ཀན་མཁྲིས་པ་བཤང་བ་ནི། །བསལ་ནས་ལུས་ཟུངས་
འཛག་པར་བྱེད། །དེ་ལ་སྦྱོར་དྲགས་མངར་བ་ཡི། །སྨན་གྱིས་ལྷག་མ་སློན་དུ་གཞུག །སྐྱུག་སྨན་དྲགས་ལ་བཀྲུ་སྨན་གཏང་། །འཁྲུས་དྲགས་སྐྱུག་སྨན་འཇམ་པོ་གཏང་། །དེ་ལ་ཆུ་གྲང་བླུད་པ་དང་། །རོ་སྨད་བཅིངས་པས་གཅད་པར་བྱ། །སྟང་ཟིལ་ཙནྡན་པུ་
ཤེལ་ཙེ། །ར་ཁྲག་ཁ་རའི་ཆུ་དང་ནི། །འབྲས་ཡོས་ཕྱེ་མའི་སྐྱོ་མ་ནི། །སྦྱོར་དྲགས་སེལ་བའི་དམ་པ་ཡིན། །སློན་སྨན་སྦྱོར་བ་དྲགས་པ་ལ། །ཆུ་གྲང་དག་ནི་བླུགས་པར་བྱ། །རྒུན་འབྲུ་ལ་སོགས་ཁུ་བ་མར། །སྦྲང་རྩི་ཁ་རའི་སྐྱོ་མ་བླུད། །སྒྲེགས་པ་བཅས་པར་ཤིན་
ཏུ་སྐྱུག །མུར་བ་འུ་སུ་གླ་སྒང་དང་། །སྟང་ཟིལ་མ་དུ་ཀའི་ཕྱེ་མ། །སྦྲང་རྩིར་བཅས་པའི་ལྡེ་གུ་སྦྱིན། །སློན་མཐར་ལྕེ་ནི་འཁུམས་པ་ལ། །སྣུམ་དང་སྐྱུར་དང་ལན་ཚྭ་དང་། །ལྡན་པས་མཁུར་བ་བཀང་བ་དང་། །ཡིད་འོང་ཡུ་ཤ་ཤ་ཁུ་ཕན། །དེ་ཡི་མདུན་དུ་མི་གཞན་
ནི། །འབྲས་བུ་སྐྱུར་བ་ཟ་རུ་གཞུག །ལྕེ་ཕྱིར་བྱུང་ལ་ཏིལ་དང་ནི། །རྒུན་འབྲུའི་ལྡེ་གུ་བསྐུས་ནས་གཞུག །ཚིག་བཀུག་རླུང་གི་ནད་ལ་ནི། །མར་དང་ཤ་དང་གཡོས་པ་ཡི། །ནས་ཐུག་སླ་བ་སྦྱིན་བྱ་ཞིང་། །སྣུམ་དང་དུགས་ཀྱི་སྦྱོར་བ་བྱ། །སྨན་གྱི་སྦྱོར་བ་དྲགས་པ་
ཡིས། །སྲོག་ཅེས་བྱ་བའི་ཁྲག་ཕྱུང་ན། །གང་ཕྱིར་དེ་ནི་སྲོག་འཕྲོག་པས། །སྲོག་ལེན་པར་ནི་ཡིན་པར་བཤད། །ཁྲག་དེ་དང་ནི་ཟས་བཅས་པ། །ཁྱིའམ་བྱ་རོག་ལ་བྱིན་ལ། །ཟོས་ན་སྲོག་ཅེས་བརྗོད་པར་བྱ། །མ་ཟོས་མཁྲིས་པ་ཡིན་པར་བཤད། །ཡང་ན་
རས་དཀར་ལ་བསྒོས་ཏེ། །བསྐམས་ལ་ཆུ་དྲོན་གྱིས་བཀྲུས་ལ། །བཀྲུས་ཀྱང་དག་པར་མ་གྱུར་ན། །མཁྲིས་པའོ་དག་ན་ཁྲག་ཡིན་ནོ། །སྐོམ་དང་བརྒྱལ་དང་མྱོས་པས་ཉེན། །དེ་ལ་སྲོག་ནི་མྱུར་བསྲུང་ཕྱིར། །ཁྲག་དང་མཁྲིས་པ་སེལ་བ་ཡིན། །གསོ་བ་འཚོ་
Vol. 198 · folio 241b
བའི་བར་དུ་བྱ། །རི་དགས་བ་གླང་མ་ཧེ་ར། །གསོན་པའི་ཁྲག་ནི་ཕྱུང་མ་ཐག །སྲོག་ནི་འབྱོར་པར་བྱེད་པ་བླུད། །དེས་ནི་མྱུར་དུ་སྲོག་ཏུ་འགྱུར། །དེ་ཉིད་འཇག་མ་དང་མཉེས་པའི། །ཁྲག་ནི་འཇམ་རྩིར་གཏང་བར་བྱ། །དུར་བྱིད་ཏང་པལ་ཤིང་མངར་དང་། །དཱུར་བ་པུ་
ཤེལ་ཙེ་འོ་མ། །བསྐོལ་བ་མར་གྱི་སྙིང་པོ་དང་། །སྟང་ཟིལ་དང་ནི་བཅས་པ་ཡི། །འཇམ་རྩི་གྲང་མོ་གཏང་བར་བྱ། །སྤྱི་བག་འཇམ་རྩི་རབ་གྲང་བའམ། །མར་གྱི་སྙིང་པོ་འཇམ་རྩི་གཏང་། །གཞང་ཕྱིར་བྱུང་ལ་སྨན་ཁུ་ཡིས། །འཁྲུ་བ་གཅད་ལ་གཞུག་པར་བྱ། །
དྲན་པ་སྟོར་ལ་རིག་བྱེད་ཚིག །གླིང་བུ་གླུ་དབྱངས་ཉན་དུ་གཞུག །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་གསུམ་པའོ།། །།དེ་ནས་སྨན་མས་གཏོང་བའི་ཆོ་ག་བཤད་པར་བྱའོ། །བ་ལ་སླེ་ཏྲེས་ར་སྣ་འབྲས་བུ་གསུམ། །
རྩ་བ་ལྔ་པ་རྣམ་གཉིས་སྲང་རེའི་ཚད། །པོ་སོན་ཆ་བརྒྱད་ར་ཤ་སྲང་ལྔ་བཅུ། །ཆུ་ནང་བསྐོལ་ཏེ་བཞི་ཆ་ལུས་གྱུར་པ། །བཙགས་པ་ལ་ལ་ཕུད་དང་པོ་སོན་ཆ། །བིལ་བ་རུ་རྟ་ཤ་ཏ་པུཥྤ་དང་། །ཤུ་དག་གླ་སྒང་པི་པི་ལིང་རྣམས་ཀྱི། །ལྡེ་གུ་བུ་རམ་སྦྲང་རྩི་མར་དང་ནི། །ཏིལ་
མར་རྒྱམ་ཚ་དག་དང་ལྡན་གྱུར་པ། །དྲོ་འཇམ་ཆོ་ག་བཞིན་དུ་བཏང་གྱུར་པ། །མས་གཏོང་མཆོག་སྟེ་ནད་ཀུན་འཇོམས་པ་ཡིན། །ནད་མེད་ལ་ཕན་ཚེ་རིང་ཉམས་བརྟས་བྱེད། །འཇམ་རྩི་གོང་དུ་ལྡེ་གུ་མ་སྨོས་པ། །དེར་ནི་ཀུན་ལ་འདི་ཉིད་གཞུག་པར་བྱ། །རྩ་བ་བཅུ་པའི་ཁུ་
བ་སྐྱུར་དང་ནི། །ར་ཤ་བཅས་པ་སྔ་མ་བཏགས་པ་དང་། །སྣུམ་ཆེན་གསུམ་ལྡན་མས་གཏོང་མཆོག་ཡིན་ཏེ། །རླུང་གི་ནད་ཀུན་རབ་ཏུ་འཇོམས་པར་བཤད། །པ་ལ་པ་ཏོལ་རྩ་བ་ཆུང་ངུ་ལྔ། །ཀྱི་ལྕེ་བ་དང་ཨེ་རཎྜ་དང་ནས། །བསྐོལ་བའི་ཁུ་བ་བྲེ་གང་ར་ཤའི་ཁུ། །
དེའི་ཕྱེད་བཅུག་ལ་བསྐོལ་ཏེ་བྲེ་གང་ལུས། །པྲི་ཡང་ཀུ་དང་གླ་སྒང་པི་པི་ལིང་། །ལྡེ་གུར་བྱས་ཤིང་ཏིལ་མར་ཞུན་མར་དང་། །སྦྲང་རྩི་རྒྱམ་ཚ་དང་ནི་ལྡན་གྱུར་པའི། །འཇམ་རྩི་བཏང་ན་མེ་དྲོད་འཕེལ་བ་དང་། །ཉམས་སྟོབས་སྐྱེད་ཅིང་ཤ་ནི་རྒྱས་པ་དང་། །མིག་གི་གསལ་
Vol. 198 · folio 242a
སྟོབས་འཕྲལ་དུ་སྐྱེད་པར་བྱེད། །ཨེ་རཎྜའི་རྩ་སྲང་གསུམ་པ་ལ་ཤ །སྲང་གསུམ་རྩ་བ་ལྔ་པ་ཆུང་ངུ་དང་། །ར་སྣ་བ་ལ་སླེ་ཏྲེས་བ་སྤྲུ་བ། །ཨ་ཤྭ་གནྡྷ་དོང་ག་ཐང་ཤིང་རྣམས། །པོ་སོན་ཆ་བརྒྱད་ཆུ་བྲེ་བརྒྱད་དུ་བསྐོལ། །བརྒྱད་ཆ་ལུས་པར་གྱུར་
པ་དེ་ནང་དུ། །ཤུ་དག་ཤུ་ཏི་བ་ཤའི་འབྲས་བུ་དང་། །པྲི་ཡང་ཀུ་དང་ཤིང་མངར་པི་པི་ལིང་། །དུག་མོ་ཉུང་གི་ས་བོན་གླ་སྒང་དང་། །སྐྱེར་པའི་ཁཎྜར་བཅས་པ་ཞིབ་བཏགས་པ། །ཞོ་གཉིས་ཚད་ཀྱི་རྒྱམ་ཚར་བཅས་པ་དང་། །སྦྲང་རྩི་ཏིལ་མར་བ་གཅིན་དང་སྦྱར་བའི། །
མས་གཏོང་སྐྱུག་བྱེད་མེ་དྲོད་སྐྱེད་པ་དང་། །རྐང་པ་བྱིན་པ་བརླ་དང་མཇུག་ཏོ་དང་། །ལྟོ་བ་སྙིང་དང་ཕོ་མཚན་ན་བ་དང་། །ལུས་ལྕི་རླུང་དང་བཤང་གཅི་འགགས་དང་སྐྲན། །རྡེའུ་ཆགས་རྒྱུ་རླུགས་གཞང་འབྲུམ་ཕོ་བའི་ནད། །བད་ཀན་རླུང་ནད་དེ་དང་དེ་དག་འཇོམས། །ཤིང་
མངར་སེང་ཕྲོམ་ཙནྡན་ཨ་རུ་ར། །ཙནྡན་ཨུཏྤལ་བ་ཡི་འོ་མར་བསྐོལ། །འཚོ་བྱེད་ཁ་ར་མར་དང་བཅས་པ་ཡི། །འཇམ་རྩིས་མཁྲིས་པའི་ནད་རྣམས་སེལ་བར་བྱེད། །ར་སྣ་བ་ཤ་ཀ་བཙོས་བྱི་ཚེར་བ། །བ་ལ་རྩ་བ་ཆུང་ལྔ་རྩྭ་ཡི་ལྔ། །ཐལ་ཏྲེས་ཙནྡན་ཤུག་པ་རྣམ་གཉིས་
དང་། །ཤིང་མངར་སེང་ཕྲོམ་སྲང་ནི་ཕྱེད་ཕྱེད་དང་། །ཆུ་དང་བསྐོལ་བའི་ཁུ་བ་དེ་ཉིད་ནི། །འོ་མ་བྲེ་བཞི་བསྐོལ་ཏེ་ཆུ་དུའི་བར། །ཇི་བན་ཏི་དང་མེ་ད་རྣམ་གཉིས་དང་། །ཉེ་ཤིང་རམ་ཉེ་བ་གཉིས་བི་ད་རི། །ཀ་ཤེ་རུ་དང་ཁ་ར་དཀར་པོ་དང་། །ཛི་བ་ཀ་དང་པདྨ་གེ་སར་
དང་། །སྟག་ཚེར་ཨུཏྤ་ལ་དང་པདྨ་དཀར། །སེང་ཕྲོམ་ཁ་སྲལ་ཕྲེའུ་ཤིང་མངར་དང་། །ནཱ་ག་གེ་སར་མུཉྫ་ཏ་ཀ་དང་། །ཙནྡན་རྣམ་གཉིས་བཏགས་པ་མར་དང་ནི། །སྦྲང་རྩི་རྒྱམ་ཚ་དང་ནི་ལྡན་བྱས་པ། །བསྒྲངས་པའི་ནི་རུ་ཧ་ནི་གཏང་བར་བྱ། །སླར་ཕྱུང་སྐམ་སའི་
ཤ་ཁུའམ་འོ་མ་དང་། །འབྲས་ཆན་བྱིན་ལ་ལུས་ལ་ཆུ་བླུགས་བྱ། །ལུས་ཚ་ཚད་འཁྲུ་མངལ་ནད་ཁྲག་མཁྲིས་དང་། །སྙིང་ནད་སྐྱ་རྦབ་མི་བཟད་རིམས་དང་ནི། །སྐྲན་བཅས་གཅིན་འགགས་མིག་སེར་ལ་སོགས་པ། །མཁྲིས་པ་ལས་གྱུར་ནད་ནི་ཐམས་ཅད་འཇོམས། །
Vol. 198 · folio 242b
ཀོ་ཤ་ཏ་ཀ་དོང་ག་ཐང་ཤིང་དང་། །མུར་བ་གཟེ་མ་ཨརྒ་དུག་མོ་ཉུང་། །པ་ཏ་རྒྱ་སྲན་བྲི་ཧ་ཏི་ཆུར་བསྐོལ། །ཁུ་བ་སྲང་ནི་ཉི་ཤུ་ལུས་པ་དང་། །དེར་ནི་ཉུངས་ཀར་སུག་སྨེལ་པོ་སོན་ཆ། །རུ་རྟ་ཞོན་གཉིས་གཉིས་ཚད་དང་ནི། །སྦྲང་རྩི་པོ་སོན་ཆ་ཡི་མར་དང་ནི། །ཐལ་སྨན་
ཉུངས་མར་སྲང་ནི་གཉིས་གཉིས་བཅས། །མས་གཏོང་མེ་དྲོད་ཆུང་དང་ཡི་ག་འཆུས། །བད་ཀན་ལས་གྱུར་ནད་ནི་ཀུན་ལ་ཕན། །དེ་ནས་ནི་རུ་ཧ་དེ་ནི། །སྣུམ་འཇམ་སྐྱིད་དེ་བ་དང་ནི། །ལས་ཀྱིས་ལུས་སྙོམ་གྱུར་པའི་སྨན། །སྲང་ནི་གཉིས་གཉིས་སོ་སོར་བཤད། །འོ་མ་
ལས་ནི་སྲང་བཞིར་བྱ། །སྦྲང་རྩི་ཏིལ་མར་མར་ཁྱོར་རེ། །གཟར་བུས་དཀྲུགས་པ་མས་གཏོང་བས། །རླུང་ནད་འཇམ་སྟོབས་ཁ་དོག་སྐྱེད། །ཏིལ་མར་ཆང་དང་སྦྲང་རྩི་མར། །ཁྱོར་ནི་རེ་རེའི་ཚད་དུ་བྱས། །བིལ་བ་ལ་སོགས་རྩ་བ་ནི། །ཁྱོར་གཉིས་རྒྱ་སྲན་ཁུ་བ་ནི། །
ཁྱོར་དོ་བཅས་པས་རླུང་ནད་སེལ། །པ་ཏོ་ལ་དང་ནིམ་པ་དང་། །ལོ་མ་བདུན་པ་པུ་ཏི་ཀ །ར་སྣའི་ཁུ་བ་སྲང་གཉིས་གཉིས། །མར་སྲང་གཉིས་དང་ཉུངས་ཀར་ཀྱི། །ལྡེ་གུར་བཅས་པ་ཁ་བ་ལྔ། །བད་ཀན་མང་དང་སྲིན་ནད་དང་། །མཛེ་དང་ཟ་ཁུའི་ནད་རྣམས་
འཇོམས། །ཏིལ་མར་བ་གཅིན་ཞོ་ག་ཆུ། །སྐྱུར་རྩབས་ཁྱོར་ནི་རེ་རེ་དག །ཡུངས་ཀར་བཏགས་པའི་ལྡེ་གུར་སྦྱར། །རྟུག་འགགས་ལྟོ་སྦོས་སེལ་བྱེད་ཡིན། །པ་ཡས་སྱེ་དང་བུ་རམ་ཤིང་། །སཱ་ལ་པརྞི་བི་ད་རི། །ར་སྣ་ཁྱོར་རེ་པི་པི་ལིང་། །ལྡེ་གུ་སྦྲང་རྩི་མར་སྦྱར་
བའི། །མས་གཏོང་ཁུ་བ་འཕེལ་བར་བྱེད། །དེ་ནས་གྲུབ་པའི་འཇམ་རྩི་ནི། །ཉེས་པ་མེད་ཅིང་འབྲས་བུ་ཆེ། །སྟོབས་སྐྱེད་ལུས་འཕེལ་བདེ་བར་བྱེད། །ཀུན་དུ་སྦྱར་བྱ་བཤད་པར་བྱ། །སྦྲང་རྩི་ཏིལ་མར་ཆ་མཉམ་པ། །རྒྱམ་ཚ་ཞོ་གཉིས་ཤུ་ཏི་བཞི། །ཨེ་རཎྜ་ཡི་
རྩ་བ་བསྐོལ། །མས་གཏོང་སྦྲང་རྩི་ཏིལ་མར་ཅན། །བཅུད་ཀྱིས་ལེན་ཏེ་གཅིན་སྙི་དང་། །གཞང་འབྲུམ་སྲིན་བུ་སྐྲན་ནད་དང་། །རྒྱུ་མ་རླུགས་པའི་ནད་རྣམས་སེལ། །འདི་ནི་ཤིང་མངར་ཕྱེ་མར་བཅས། །མིག་ལ་ཕན་ཞིང་ཁྲག་མཁྲིས་སེལ། །གླ་སྒང་ལྡེ་གུ་སྦྲང་རྩི་དང་། །
Vol. 198 · folio 243a
ཏིལ་མར་ཤ་ཁུ་མར་བཅས་པ། །འཚོ་བར་བྱེད་པ་ཞེས་བྱ་སྟེ། །གཞང་གི་ནད་དང་བརླ་ནད་དང་། །ཆུ་སོ་དང་ནི་རྨིག་པ་དང་། །ཕོ་མཚན་ཟུག་པའི་ནད་རྣམས་སེལ། །སྦྲང་རྩི་མར་དང་ཞག་དང་ནི། །ཏིལ་མར་ཁྱོར་ནི་རེ་རེའི་ཚད། །རྒྱམ་ཚ་ཞོ་གཅིག་
སྤ་མ་ཡི། །འབྲས་བུ་སྲང་ཕྱེད་བཅས་པ་དག །དེ་ཡང་འཚོ་བ་ཡིན་པར་བཤད། །ཨེ་རཎྜའི་རྩ་བསྐོལ་བ་ཡི། །ཁུ་བ་ཤུ་དག་པི་པི་ལིང་། །པོ་སོན་ཆ་ཡི་ཕྱེ་མར་བཅས། །སྦྲང་རྩི་ཏིལ་མར་རྒྱམ་ཚར་བཅས། །འདི་ནི་ཤིང་རྟ་ཅན་ཞེས་བྱ། །དེ་བསྐོལ་ཤུ་དག་ཤུ་ཏི་
དང་། །ཤིང་ཀུན་རྒྱམ་ཚ་ཐང་ཤིང་དང་། །ར་སྣ་སྦྲང་རྩི་སྦྱར་བ་ཡི། །འཇམ་རྩི་ནད་སེལ་ཞེས་བྱ་དགེ །རྩ་བ་ལྔ་ཡི་ཁུ་བ་དང་། །པི་པི་ལིང་དང་རྒྱམ་ཚ་དང་། །ཤིང་མངར་སྦྲང་རྩིར་བཅས་པ་ཡི། །ཏིལ་མར་གྲུབ་པའི་འཇམ་རྩིར་བཤད། །རྩ་བ་བཅུ་པ་འབྲས་བུ་གསུམ། །
པོ་སོན་ཆ་ནི་བིལ་བར་བསྐོལ། །བ་གཅིན་དང་ནི་དེ་བཏགས་ཤིང་། །པ་ཏ་གླ་སྒང་དུག་མོ་ཉུང་། །ལན་ཚྭ་པོ་སོན་ཆ་ཏིལ་མར། །ཐལ་སྨན་ལན་ཚྭར་བཅས་པ་ནི། །རིགས་པའི་འཇམ་རྩི་བད་ཀན་ནད། །སྐྱ་རྦབ་གསུད་པའི་ནད་རྣམས་དང་། །ཁུ་བ་རླུང་ནི་འགགས་པ་དང་། །
རླུང་འཁྲུགས་པ་ལ་བསྔགས་པ་ཡིན། །གླ་སྒང་པ་ཏ་ཨེ་རཎྜ། །སླེ་ཏྲེས་བ་ལ་བ་སྤྲུ་བ། །ར་སྣ་བཙོད་དང་དོང་ག་དང་། །པུ་ཤེལ་ཙེ་དང་ཀྱི་ལྕེ་བ། །བ་རུ་ར་དང་པུ་ཙེ་ཤེལ། །རྩ་བ་ལྔ་པ་ཆུང་ངུ་རྣམས། །སྲང་རེ་པོ་སོན་ཆ་རྡོག་བརྒྱད། །དེ་ནི་ཆུ་བྲེ་བཞི་ནང་བསྐོལ། །
བཞི་ཆ་ལུས་པ་བཙགས་ནས་ནི། །འོ་མ་བྲེ་དོ་དང་བསྲེས་ལ། །འོ་མ་ལུས་པ་སླར་ཡང་བསྐོལ། །སྐམ་སའི་ཤ་ཁུ་བཞི་ཆ་དང་། །སྦྲང་རྩི་རྒྱམ་ཚ་ཤིང་མངར་དང་། །ཤུ་ཏི་དུར་བྱིད་པི་པི་ལིང་། །དུག་མོ་ཉུང་དང་སྐྱེར་ཁཎྜ། །བཏགས་པ་དང་ནི་བསྲེས་པ་ཡི། །འཇམ་རྩི་
དྲོ་འཇམ་བཏང་ན་ནི། །ཤ་དང་མེ་དྲོད་ལུས་ཀྱི་སྟོབས། །ཁུ་བ་འཕེལ་བར་བྱེད་པ་ཡིན། །དྲེག་ནད་རྨོངས་བག་གཅིན་སྙི་དང་། །གཞང་འབྲུམ་སྐྲན་དང་བཤང་གཅི་འགགས། །མི་བཟད་རིམས་དང་མེ་དབལ་དང་། །རྒྱུ་རླུགས་ལྟོ་སྦོས་འཁྲུག་ཅིང་འཁྲུ། །ཆུ་སོ་རྐེད་
Vol. 198 · folio 243b
པ་བརླ་དཀུ་ན། །གཉེའུ་རེངས་རྣ་བ་མགོ་བོའི་ནད། །ཟླ་མཚན་ནད་དང་སྨྱོ་བྱེད་དང་། །འོར་ནད་ལུད་པ་རྡེའུ་ཆགས་དང་། །གཅིན་འཁྱིལ་བ་ཡི་ནད་རྣམས་འཇོམས། །དབང་པོ་ཉམས་ཤིང་ཞུམ་པ་དང་། །མིག་ལ་ཕན་ཞིང་བུ་སྐྱེད་བྱེད། །འཚོ་བྱེད་རྒྱལ་པོ་བཅུད་ལེན་ཡིན། །
རི་དྭགས་ཕྲ་མོ་མགོ་ཆུང་བ། །རྩ་བ་བཅུ་པ་བསྐོལ་བའི་ཆུ། །སྤ་མའི་འབྲས་བུ་ཤུ་ཏི་དང་། །གླ་སྒང་ལྡེ་གུ་སྣུམ་ཆེན་བཅས། །མས་གཏོང་རླུང་ནི་སེལ་བའི་མཆོག །ཤིན་ཏུ་རོ་ཙར་བྱེད་པ་ཡིན། །རྨ་བྱའི་གཤོག་པ་མཁྲིས་པ་དང་། །རྒྱུ་མ་རྐང་པ་མཆུ་རྟུག་པ། །
པོར་བའི་ཤ་ནི་འབའ་ཞིག་དང་། །རྩ་བ་ལྔ་པ་ཆུང་ངུ་ནི། །སྲང་རེ་དང་ནི་ལྡན་གྱུར་པ། །ཆུ་དང་འོ་མར་བསྐོལ་ནས་ནི། །འོ་མ་ལུས་པར་སྦྲང་རྩི་མར། །བཅས་དང་དེ་བཞིན་བི་ད་རི། །ཤིང་མངར་ཤུ་ཏི་པི་པི་ལིང་། །པོ་སོན་ཆ་ཡི་ལྡེ་གུར་བསྲེས། །རྒྱམ་ཚ་ཅུང་ཟད་
བཏབ་པ་ཡི། །འཇམ་རྩི་སྟོབས་འཕེལ་རོ་ཙའི་མཆོག །གོང་མ་སྲེག་ལ་སོགས་པ་ཡང་། །ཆོ་ག་འདི་ནི་སོ་སོར་བྱ། །ཁྲོན་གྱིས་གཟས་ཚོལ་ཐམས་ཅད་དང་། །མཐུ་རྩལ་མཆུ་ཡིས་ཟས་ཚོལ་བ། །ཆུ་ལ་གནས་པའང་དེ་བཞིན་ཏེ། །ཉ་ལ་འོ་མ་སྤང་བར་བྱ། །སྲམ་དང་ནེེའུ་
ལེ་བྱི་ལ་དང་། །རེག་འཇམ་བྱི་བ་རྣམས་ཀྱི་ཤ །རེ་རེ་སྲང་བཅུ་རྩ་བ་ལྔ། །འོ་མའི་ནང་དུ་བསྐོལ་ནས་ནི། །འོ་མ་དེར་ནི་པོ་སོན་ཆ། །པི་པི་ལིང་དང་ལན་ཚྭ་གཉིས། །ཁ་ར་ཏིལ་མར་སྦྲང་རྩི་མར། །འཇམ་རྩི་བཏང་ན་བཅུད་ལེན་མཆོག །རྩོལ་བས་དཀྲུགས་གློ་
འགྲམས་པ་དང་། །དབང་པོ་ཉམས་དང་གཟི་མདངས་སྟོབས། །ཁུ་ཆུ་བཤང་གཅི་འགགས་པ་དང་། །དྲེག་ནད་ཀྱིས་འཐེང་ནད་རྣམས་དང་། །རྟ་དང་གླང་པོ་ཤིང་རྟས་གཡེང་། །རྐང་ལག་ཆག་གྲུགས་གྱུར་པ་ལ། །སླར་ནི་བདེ་བར་འཚོ་བྱེད་ཅིང་། །རོ་ཙ་བྱེད་པའི་མཆོག་
ཡིན་ནོ། །ཁ་སྲལ་བུ་རམ་ཤིང་ཕྲན་ལས། །གཡོས་སུ་བྱས་པའི་འོ་ཐུག་བླུད། །སྣུམ་ཞིང་བསྡམས་པ་མི་དགོས་པའི། །གྲུབ་པའི་སྨན་ནི་སྦྱར་བར་བྱ། །ནད་འཇོམས་སྲུང་དང་བཅས་པ་ཡི། །སྣུམ་གྱི་འཇམ་རྩི་བཤད་བྱ་སྟེ། །རྩ་བ་བཅུ་པ་བ་ལ་དང་། །ར་སྣ་ཨ་ཤྭ་
Vol. 198 · folio 244a
གནྡྷ་དང་། །བ་སྤྲུ་བ་དང་ཨེ་རཎ་དང་། །སླེ་ཏྲེས་ག་བྲའི་རྩ་བ་དང་། །བ་ཤ་ཀ་དང་བུ་ཏི་ཀ །ས་ཧ་ར་ཛ་ཉེ་ཤིང་བ། །ཀ་ཀ་ན་སེ་སྲང་རེ་དང་། །ནས་དང་མ་ཤ་ཟར་མ་དང་། །རྒྱ་ཤུག་རྒྱ་སྲན་ཁྱོར་རེའི་ཚད། །ཆུ་བྲེ་དྲུག་ཅུ་རྩ་བཞིར་བསྐོལ། །དེ་ལས་
བྲེ་ནི་བཅུ་དྲུག་ལུས། །འཚོ་བྱེད་སྡེ་ནི་སྲང་རེ་བཅུག །ཏིལ་མར་བྲེ་ནི་བཞི་དང་བསྐོལ། །འདི་ནི་འཇམ་རྩིར་བཏང་གྱུར་ན། །རླུང་ནད་ཐམས་ཅད་སེལ་བར་བྱེད། །དེ་བཞིན་སྐམ་སའི་སྲོག་ཆགས་ཤ །འཚོ་བྱེད་སྡེ་དང་བཅས་པར་བསྐོལ། །ཤུ་ཏི་ནས་དང་བིལ་བ་སྐྱུར། །
ཏིལ་མར་བསྐོལ་བས་རླུང་ནད་སེལ། །རྒྱམ་ཚ་མདོག་དམར་གྱུར་གྱི་བར། །མེར་བསྲེགས་མར་གསུར་རླུང་ནད་འཇོམས། །ཛི་བན་ཏི་དང་པོ་སོན་ཆ། །མེ་ད་རྣམ་གཉིས་སྲ་བ་ནི། །ཤིང་མངར་བ་ལ་ཤུ་ཏི་དང་། །ཟངས་རྩི་བ་དང་པི་པི་ལིང་། །ཀ་ཀ་ནི་ས་ཉེ་ཤིང་བ། །
ཁ་སྲལ་ཀྵི་ར་ཀ་ཀ་རི། །ཟུར་པ་ཀརྐ་ཏ་སྲིང་གི །ཤུ་དག་བཏགས་པའི་ལྡེ་གུ་དང་། །ཏིལ་མར་མར་དང་འོ་མ་ནི། །བཞི་འགྱུར་གྱི་ནི་ནང་དུ་བསྐོལ། །འཇམ་རྩི་ཉམས་བརྟས་རླུང་ནད་འཇོམས། །སྟོབས་དང་ཁུ་བ་མེ་དྲོད་འཕེལ། །ཁྲག་དང་ཁུ་བའི་ནད་སེལ་བྱེད། །བུ་སྐྱེད་
པར་ཡང་བྱེད་པ་ཡིན། །རྒྱམ་ཚ་རུ་རྟ་པོ་སོན་ཆ། །ཤུ་ཏི་ལྕང་མ་ཤུ་དག་དང་། །བ་ལེ་ཀ་དང་ཤིང་མངར་དང་། །ག་བྲའི་རྩ་བ་ཀད་ཕ་ལ། །ཐང་ཤིང་དོང་གྲ་མ་ནུ་དང་། །མེ་ད་དཔྱི་མོ་ཙི་ཏྲ་ཀ །ཟུར་པ་བོང་དབྱི་དང་ག །ཤ་མ་དུར་བྱིད་ཧ་རེ་ཎུ། །སྟི་ར་བིལ་བ་ནི་ལི་ནི། །
ཏི་མུ་ས་དང་པི་པི་ལིང་། །དན་ད་ར་སྣ་ཆ་མཉམ་པ། །ཨེ་རཎྜ་ཡི་མར་རམ་ནི། །ཏིལ་མར་བསྐོལ་བའི་འཇམ་རྩི་ཡིས། །བད་ཀན་ནད་འཇོམས་རྒྱུ་རླུགས་དང་། །རྟུག་སྐམ་སྐྲན་དང་གཞང་འབྲུམ་དང་། །མཆེར་པའི་ནད་དང་གཅིན་སྙི་དང་། །རླུང་འཁྱིལ་བ་དང་ལྟོ་སྦོས་དང་། །
རྡེ་ཆགས་ནད་ནི་མྱུར་དུ་སེལ། །ཡང་ན་བིལ་བ་ལ་སོགས་པའི། །རྩ་བ་ལྔ་པ་ཏིལ་མར་བསྐོལ། །ཡང་ན་བད་ཀན་སེལ་སྨན་སྦྱར། །ཏིལ་མར་དང་བཏང་བད་ཀན་འཇོམས། །ཡང་ན་པོ་སོན་ཆ་བརྒྱད་འགྱུར། །སྐྱུར་བསྐོལ་འཇམ་རྩིས་བད་ཀན་སེལ། །འཇམ་རྩི་འཇམ་པས་
Vol. 198 · folio 244b
རྨོངས་གྱུར་ལ། །རྣོན་པོ་ཉེ་བར་སྦྱང་བར་བྱ། །རྣོ་བས་གནོད་ལ་སྣུམ་པ་དང་། །མངར་ཞིང་བསིལ་བ་འཇམ་པ་གཏང་། །རྣོན་པོ་བ་གཅིན་པི་ལུ་དང་། །ཙི་ཏྲ་ཀ་དང་ལན་ཚྭ་དང་། །ཐལ་སྨན་དང་ནི་ཉུངས་ཀར་རྣམས། །དུས་ལ་བབ་པར་གཏང་བར་བྱ། །འོ་མ་མར་
སྩོགས་འཇམ་པོ་ཡིས། །ཉམས་སྟོབས་དུས་དང་ནད་གཞི་རང་བཞིན་དག །རྣམ་པར་ཕྱེ་སྟེ་འཇམ་རྩི་གཏང་བྱ་བ། །རང་རང་གི་ནི་སྨན་གྱི་སྡེ་ཚན་གྱིས། །རང་རང་གི་ནི་ནང་རྣམས་བསལ་བར་བྱ། །ཚ་བས་ཉམ་ཐག་ལ་བསིལ་བ། །བསིལ་བས་ཉེན་ལ་དྲོ་འཇམ་སྦྱར། །
དེ་དང་འཚམ་པའི་སྨན་ལྡན་པར། །འཇམ་རྩི་བརྟགས་ཏེ་གཏང་བར་བྱ། །སྦྱང་བར་བྱ་བའི་ནད་རྣམས་ལ། །རྟས་བྱེད་འཇམ་རྩི་མི་གཏང་ཞིང་། །མི་གང་མཛེ་གཅིན་ནད་ཀྱིས་ཉེན། །ཚིལ་རྒྱས་ནད་ལ་གཏང་མི་བྱ། །ཉམ་ཆུང་གློ་འགྲམས་པ་དང་བརྒྱལ་བ་དང་། །ལུས་སྐེམ་
རིད་དང་སྦྱངས་པའི་ལུས་ཅན་དང་། །གང་ཡང་དྲི་མས་ཚེ་འདི་གཟུང་འགྱུར་ལ། །སྦྱོང་བར་བྱེད་པའི་མས་གཏོང་གཏང་མི་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་སྨན་མས་གཏོང་བའི་ཆོ་གས་ནད་
ཕྱིན་ཏེ་སོས་པར་བྱ་བའི་ལེའུ་བཤད་པར་བྱའོ། །སྣུམ་ཆོས་དུགས་ནི་མ་བྱས་དང་། །ལྟོ་ལྕི་བ་ལ་སྨན་གྲང་སྣུམ། །ཚ་ཉུང་སྨན་ཚད་ཆུང་བའམ། །སྨན་ནི་སྐ་བ་བཏང་གྱུར་ན། །དེ་ཡིས་ནད་ནི་བསླངས་གྱུར་དང་། །སྟོབས་ཆུང་བ་ཡི་ནད་མ་ཕྱིན། །སྦྱོར་བ་ཉེས་པ་སྐྱེད་
འགྱུར་ཞིང་། །འཕྱེན་དང་ཕྱི་ས་གཅིན་སྲི་དང་། །ལྟེ་བ་ཆུ་སོ་ན་ཞིང་ཚ། །དང་གར་ཆགས་ཤིང་གཞང་སྐྲངས་དང་། །གཡན་པའི་ཐོར་བུ་མདོག་མི་སྡུག །མི་དགའ་མེ་དྲོད་ཆུང་བར་འགྱུར། །ཚད་འཁྲུའི་ཉེས་པ་བར་མ་ལ། །སྔར་བཤད་སྨན་གྱི་ཁུ་བ་གཉིས། །དེ་
ལས་གཅིག་ནི་དྲོ་བ་ཡི། །བཏུང་བ་བླུགས་པ་བསྔགས་པ་ཡིན། །པོ་སོན་ཆ་ཡི་རེང་བུའི་དུགས། །དུས་ཤེས་པ་ཡིས་བཀྲུ་སྨན་གཏང་། །བིལ་བའི་རྩ་བ་དུར་བྱིད་དང་། །ཐང་ཤིང་ནས་དང་རྒྱ་ཤུག་དང་། །རྒྱ་སྲན་ཆང་དང་བ་གཅིན་བཅས། །མས་གཏོང་འགགས་པ་
Vol. 198 · folio 245a
སེལ་བར་བྱེད། །ནད་གཞི་ཤས་ཆེ་ལུས་རྩུབ་དང་། །ལྟོ་སྲ་ནུས་པ་ཆུང་བཏང་ན། །མས་གཏོང་ནད་གཞི་བསླངས་ནས་ནི། །རླུང་གི་ལམ་ནི་འགག་པར་བྱེད། །རླུང་ནི་ལམ་ལོག་ཞུགས་པ་དེས། །ལྟོ་སྦོས་ནད་རྣམས་གཟིར་བར་བྱེད། །གཞང་
དང་ལྟོ་བ་ཚ་བ་དང་། །རླིག་པ་ཆུ་སོ་ན་བྱེད་ཅིང་། །སྙིང་གར་འགགས་པས་གཟེར་བ་དང་། །ཕན་ཚུན་དུ་ནི་འགྲོ་བར་བྱེད། །དེ་ལ་ལུས་བསྐུ་དུགས་བྱས་པའི། །ལུས་ལ་རེང་བུ་གཞུག་པར་བྱ། །བིལ་བ་སྩོགས་སམ་བི་ལུ་དང་། །ཉུངས་ཀར་བ་གཅིན་བཅས་མས་ག
ཏོང་། །ཙི་ཏྲ་ཐང་ཤིང་ཏིལ་མར་ནི། །བསྐོལ་བའི་འཇམ་རྩི་གཏང་བར་བྱ། །ཤུགས་ནི་བཀག་པར་གྱུར་པའམ། །བཙིར་དྲགས་པར་ནི་བྱས་པའམ། །ལན་ཚྭ་སྣུམ་ཤས་ཆུང་ལ་ཚ། །སྨན་ཆུང་བ་ཡིས་མས་གཏོང་བ། །འཇམ་པས་རླུང་གིས་གྱེན་དུ་འཕུལ། །
ཁ་དང་སྣ་ནས་འབྱུང་བར་འགྱུར། །དེ་ཡིས་བརྒྱལ་དང་སྙིང་ནད་དང་། །སྐོམ་དང་ཚ་བ་ལ་སོགས་འབྱུང་། །བརྒྱལ་བའི་ནད་ནི་མཐོང་གྱུར་ན། །དེ་ཡི་གདོད་ལ་ཆུ་གྲང་གཏོར། །ངལ་བསོས་བར་དུ་གཡབ་པ་དང་། །དབུགས་རྔུབ་འབྱུང་བ་བྱེད་དུ་གཞུག །ཁ་སྦུབས་
བཞག་སྟེ་རྒྱབ་རྩིབ་ལོགས། །ལྟོ་བ་ལག་པ་དྲོན་པོས་མཉེ། །སྐྲ་ནས་བཏེག་སྟེ་སྤྲུགས་པ་དང་། །སྦྲུལ་དང་མཆེ་བ་ཅན་འཇིགས་བསྟན། །མཚོན་དང་ཐོག་བབ་རྒྱལ་པོའི་མིས། །སྐྲག་བཅས་མས་གཏོང་ཐུར་དུ་འབྱུང་། །ལག་པ་གོས་ཀྱིས་མགུལ་པར་བསྡམ། །
ཅི་ནས་འཆི་བར་མི་འགྱུར་བྱ། །སྲོག་དང་གྱེན་རྒྱུ་རླུང་བཀག་པས། །ཐུར་སེལ་ཤིན་ཏུ་བདེར་རྒྱུ་བ། །གྲུབ་པ་ཡིས་ནི་མས་གཏོང་བ། །མྱུར་དུ་འདྲེན་པར་བྱེད་པ་ཡིན། །རུ་རྟ་གླ་གོར་ཞོ་ཤ་ཡི། །ལྡེ་གུ་སྐྱུར་རྩབས་སྦྱར་ཏེ་བླུད། །དྲོ་དང་རྣོ་དང་འཁྲུ་བ་ཡིས། །མས་
གཏོང་ལུགས་བཞིན་འབྱུང་བར་བྱེད། །དུར་བྱིད་ཨ་རུ་ར་བ་གཅིན། །སྦྱར་བླུད་ལུགས་བཞིན་འབྱུང་བར་བྱེད། །ཞུ་བའི་གནས་འདུག་དུགས་བྱས་ལ། །རྩ་བ་བཅུ་པ་རྒྱ་ཤུག་ནས། །རྒྱ་སྲན་པ་གཅིན་བསྐོལ་བ་ཡི། །མས་གཏོང་དྲག་པོ་སྦྱར་བར་བྱ། །སླེ་ཏྲེས་
Vol. 198 · folio 245b
སྨྱུག་མའི་ལོ་མ་དང་། །པུ་ཏི་ཀ་རཉྫའི་ཤུན་པ། །འོ་མ་ཟུར་པ་ཐང་ཤིང་དང་། །པུཏི་ཀ་ནི་བ་གཅིན་བསྐོལ། །ཏིལ་མར་བུ་རམ་རྒྱམ་ཚར་བཅས། །བཀྲུ་སྨན་ལྡེ་གུར་བཅས་པ་གཏང་། །མས་གཏོང་བྲང་ན་གནས་པ་ལ། །བིལ་བ་ལ་སོགས་ལྔ་བསྐོལ་གཏང་། །མགོར་
གནས་སྣར་བླུགས་དུད་པ་རྔུབ། །ཉུངས་ཀར་ལྡེ་གུས་མགོ་བོ་བསྐུ། །མས་གཏོང་དྲོད་ཆེས་རྣོ་སྐྱུར་དྲགས། །སྐ་ཆེས་དུགས་ནི་དྲགས་པ་དང་། །ནད་གཞི་ཆུང་ཞིང་ལྟོ་སྙི་ལ། །ཡང་དང་ཡང་དུ་གཏོང་བ་ཡི། །སྦྱོར་བ་དྲགས་པ་ཉེས་འགྱུར་བས། །ལྟོ་བའི་ནད་ནི་སྐྱེད་
པར་བྱེད། །དེ་ལ་བཀྲུ་སྨན་དྲག་སྦྱར་བས། །གསོ་དང་མཚུངས་པ་ཉིད་དུ་བྱ། །མས་གཏོང་ཐལ་སྨན་སྐྱུར་རྣོ་དྲོ། །ལན་ཚྭ་ཅན་ནམ་མཁྲིས་ཅན་ལ། །གཞང་ཚ་འབྲུད་ཅིང་གནོད་པ་དང་། །ཡོངས་སུ་འཛག་པར་བྱེད་པར་འགྱུར། །ཁྲག་ནི་བཙོས་པ་ལྟ་བུར་འབྱུང་། །མཁྲིས་
པའང་མདོག་མང་འབྱུང་བར་བྱེད། །ལན་མང་ཤུགས་དྲག་འབྱུང་བ་དང་། །ཡང་དང་ཡང་དུ་བརྒྱལ་བར་འགྱུར། །དེ་ལ་ཁྲག་མཁྲིས་འཁྲུ་བ་སེལ། །གསོ་བ་རབ་ཏུ་བསྔགས་པ་ཡིན། །ཚ་བ་སོགས་ལ་དུར་བྱིད་ཀྱི། །ལྡེ་གུ་རྒུན་ཆུར་སྦྱར་བ་བླུད། །དེ་ཡིས་བཤང་རླུང་
མཁྲིས་པ་ནི། །བསལ་ནས་ཚ་བ་ལ་སོགས་འཇོམས། །དག་གྱུར་ནས་ཐུག་གྲང་མོ་ནི། །ཁར་དང་ནི་བཅས་པ་བླུད། །འཁྲུ་བ་དྲགས་པར་གྱུར་པ་ཡི། །བཤང་བ་ཟད་ལ་ཁ་ཟས་ནི། །མ་ཤའི་ཁུ་བ་ཟན་དྲོན་སྦྱིན། །ཞོ་དང་ཆང་ནི་བླུད་པར་བྱ། །དེ་ལྟར་གྲུབ་པའི་
མས་གཏོང་ཉེས། །བཤད་ནས་སྣུམ་གྱི་མས་གཏོང་བཤད། །རླུང་ཅན་གྲང་ཞིང་ཆུང་བ་དང་། །མཁྲིས་པ་རབ་ཚ་བད་ཀན་འཇམ། །འགྲངས་ཆེས་པ་ལ་ལྕི་བ་དང་། །བཤང་བ་སྩོགས་ལ་སྟོབས་ཆུང་གཏང་། །དེ་ནི་སྣུམ་རླུང་འདྲེས་གྱུར་ཞིང་། །ཟིལ་གྱིས་མནན་པས་འབྱུང་མི་
འགྱུར། །རེངས་དང་བརླ་ན་སྦོས་པ་དང་། །རིམས་དང་གཟེར་དང་ཡན་ལག་ན། །རྩིབ་ལོགས་ན་དང་འདར་བ་ནི། །སྣུམ་རླུང་འདྲེས་ལ་འབྱུང་ཞེས་བྱ། །དེ་སྣུམ་ལན་ཚྭ་དྲོ་དང་སྐྱུར། །ར་སྣ་བི་ད་དྲོ་ཡི་མར། །རང་སྐྱུར་ཆང་དང་རྒྱ་ཤུག་དང་། །རྒྱ་སྲན་ནས་དང་བསྐོལ་
Vol. 198 · folio 246a
བའམ། །རྩ་བ་ལྔ་པ་བ་གཅིན་བཅས། །མས་གཏོང་དྲག་པོས་ལེགས་བསལ་བྱ། །དེ་དག་ཉིད་ཀྱི་ཏིལ་མར་དང་། །དགོངས་ཀར་ཟན་ཟོས་འཇམ་རྩི་གཏང་། །སྐོམ་དང་ལུས་ཚ་རྨོངས་བག་དམར། །མདོག་ཉམས་རིམས་འདེབས་མུན་པར་མཐོང་། །
མཁྲིས་པ་དང་འདྲེས་ཡིན་ཞེས་བྱ། །ཁ་མངར་མས་གཏོང་བྱས་ཏེ་སྦྱངས། །ལུས་སྙོམ་སྒྱིད་ཞན་རིམས་དྲག་འདེབས། །ཆམ་པ་ལུས་ལྕི་ཡི་ག་འཆུས། །བརྒྱལ་བཅས་ན་བས་བད་ཀན་དང་། །འཇམ་རྩི་སྣུམ་ནི་འདྲེས་ཤེས་བྱ། །དེ་ལ་བསྐ་དང་ཁ་དང་ཚ། །ཆང་དང་
བ་གཅིན་ལ་བསྐོལ་བ། །པོ་སོན་ཆ་དང་ཏིལ་མར་དང་། །སྐྱུར་བཅས་མས་གཏོང་བ་ཡིས་བསལ། །སློན་དང་བརྒྱལ་དང་ཡི་ག་འཆུས། །སྙོམ་གཟེར་གཉིད་ཆེ་ཡན་ལག་ན། །མ་ཞུའི་མཚན་མར་ལུས་ཚར་བཅས། །དེ་ནི་འགྲངས་ཆེས་འདྲེས་ཤེས་བྱ། །དེ་ལ་ཚ་དང་ལན་
ཚྭའི་ཕྱེ། །བསྐོལ་བའི་སྨིན་བྱེད་སྨན་དང་ནི། །བཀྲུ་སྨན་འཇམ་པོ་གཏང་བ་དང་། །མ་ཞུ་ལ་ཕན་ཐམས་ཅད་ཕན། །གཅིན་རྟུག་འཕྱེན་ནི་འགགས་པས་ཉེན། །ལུས་ལྕི་ལྟོ་སྦོས་སྙིང་ག་ན། །སྣུམ་དང་བཤང་འདྲེས་ཡིན་ཞེས་བྱ། །དེ་ལ་སྣུམ་དུགས་རིང་བུར་
བཅས། །དུར་བྱིད་བིལ་བ་སོགས་བསྐོལ་ལ། །མས་གཏོང་དྲག་དང་འཇམ་རྩི་གཏང་། །རྟུག་པ་འགགས་པ་སེལ་བས་ཀྱང་། །ཆོ་ག་བཞིན་དུ་ལེགས་པར་བསལ། །རྟོག་པའམ་གཞང་ནི་སྐྲང་པའམ། །ཐུག་པ་ལེགས་པར་འཐུངས་པ་ཡིས། །རྐུབ་ཏུ་སྣུམ་
ནི་བཏང་གྱུར་པ། །སྡོད་པ་མེད་པར་ཤུགས་ཀྱིས་རྒྱུ། །དེ་ནས་རོ་སྟོད་མགྲིན་པ་དང་། །སྟོད་ཀྱི་བུ་ག་དག་ཏུའང་འབྱུང་། །དེ་ལ་དུར་བྱིད་རྒྱ་ཤུག་ནས། །རྒྱ་སྲན་བ་གཅིན་བསྐོལ་བ་དང་། །དེ་དང་བསྐོལ་བའི་ཏིལ་མར་ནི། །མས་གཏོང་འཇམ་རྩིར་བཅས་པ་གཏང་། །ལྐོག་
མར་བྱང་བ་དགག་པར་བྱ། །ལྐོག་མ་བསྡམས་ཤིང་སྐྱུག་སྨན་དང་། །སློན་བྲོ་སེལ་བའི་གསོ་བས་ཀྱང་། །བཟློག་པ་དག་ནི་དེ་ལ་བྱ། །སྣུམ་ཚོས་མ་གྱུར་མི་གཏང་སྟེ། །དེས་ནི་གཞང་ཁར་ཆགས་འགྱུར་ཞིང་། །དེ་ལས་ནད་བཅས་རྨོངས་བག་དང་། །གཡའ་དང་སྐྲང་
Vol. 198 · folio 246b
པ་སྐྱེད་པར་བྱེད། །དེ་ལ་མས་གཏོང་རྣོན་པོ་དང་། །ཨརྐའི་ལོར་བསྐོལ་ཏིལ་མར་གཏང་། །དབུགས་མ་ཕྱུང་བར་བཅིང་པའམ། །མ་ལུས་པར་ནི་བཏང་བ་ཡིས། །རླུང་ཞུགས་ནས་ནི་འཁྲུག་བྱེད་ཅིང་། །གཟེར་དང་ན་བ་སྐྱེད་པར་བྱེད། །དེ་ལ་གཞང་ཁ་བསྐུ་དུགས་བྱ། །
རླུང་འཇོམས་པ་ཡི་ཁ་ཟས་གཏང་། །མྱུར་དུ་བཅུག་ཅིང་ཕྱུང་བའམ། །གློ་བུར་དུ་ནི་བཏེག་པ་ཡིས། །རྐེད་པ་གཞང་དང་བརླ་བྱིན་པ། །ཆུ་སོ་རེངས་ཤིང་ན་བར་འགྱུར། །དེ་ལ་རླུང་འཇོམས་ཁ་ཟས་དང་། །དུགས་བསྐུ་འཇམ་རྩིར་བཅས་པ་ཕན། །བཙིར་བའི་ཚེ་ན་བར་དུ་
གྲོལ། །རླུང་གིས་གཞང་ལ་གནོད་གྱུར་ནས། །བྲང་དང་མགོ་བོ་གཟེར་ཞིང་ན། །བརླ་ཡི་ནད་ནི་སྐྱེད་པར་བྱེད། །དེ་ལ་བིལ་བ་ལ་སོགས་དང་། །པོ་སོན་ཆ་དང་དུར་བྱིད་སོགས། །བ་གཅིན་དང་ནི་སྦྱར་བ་གཏང་། །བཙིར་དྲགས་པ་ཡིས་ཁོང་པར་ནི། །མི་འདུག་ལྐོག་མ་
འབྱུང་བར་འགྱུར། །དེ་ལ་མས་གཏོང་བཀྲུ་སྨན་དང་། །མགུལ་པ་བསྡམ་སོགས་ལས་རྣམས་བྱ། །བཀྲུ་སྨན་སོགས་པས་དག་བྱས་ནས། །ལུས་དང་ཉམས་སྟོབས་མེ་དྲོད་ཆུང་། །སྒོ་ང་གཞོན་ནུའམ་ཏིལ་མར་ནི། །སྣོད་ནི་གང་བ་ཇི་བཞིན་དུ། །གནོད་པར་གྱུར་པ་
ཐམས་ཅད་ལས། །སྨན་པས་འབད་དེ་བསྲུང་བར་བྱ། །ཁ་ཟས་མངར་དང་ཡིད་འོང་སྦྱིན། །དེ་འོག་སྐྱུར་དང་ལན་ཚྭར་བཅས། །དེ་ནས་མངར་དང་ཁ་བ་སྦྱིན། །དེ་འོག་བསྐ་དང་ཚ་བ་སྦྱིན། །རོ་ནི་སྣུམ་དང་རྩུབ་པ་དང་། །ཕན་ཚུན་གཉེན་པོར་གྱུར་པ་བཞིན། །རིམ་པ་ཉེ་བར་
སྦྱར་བ་ཡི། །རིམ་པ་དེ་ནི་རྣལ་དུ་དབབ། །ཀུན་བཟོད་ཉམས་སྟོབས་བརྟན་པ་ནི། །རྣལ་མར་གྱུར་པ་ཡིན་ཞེས་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སྨན་གྱི་ཆོ་ག་བཤད་པར་བྱའོ། །ས་ཕྱོགས་
སྐམ་ཞིང་ཆ་མཉམ་པའི། །གཞི་མཉམ་གཙང་ཞིང་ས་གཞི་བཟང་། །དུར་ཁྲོད་ཤིང་ཆེན་ལྷ་གནས་དང་། །གཡང་ས་གྲོག་མ་ཅན་མ་གཏོགས། །འཇམ་ཞིང་ཆུ་ནི་གཡས་ན་འབབ། །འཇག་མ་དཱུར་བ་དང་ལྡན་པ། །ཐོང་ལྕགས་ཀྱིས་ནི་མ་སྣད་པ། །ལྗོན་ཤིང་གྲིབ་མས་མ་
Vol. 198 · folio 247a
ཕོག་པ། །ཁ་དོག་བཅུད་ལ་སོགས་དང་ལྡན། །སྨན་སྐྱེས་པ་ནི་བསྔགས་པ་ཡིན། །འབུས་མ་ཟོས་ཤིང་མེས་མ་ཚིག །འབྱུང་བ་སོགས་ཀྱིས་གནོད་མ་གྱུར། །ཉི་གྲིབ་ཆུ་ལ་སོགས་མ་ཉེན། །ཇི་བཞིན་དུས་སུ་བསྟེན་གྱུར་པ། །རྩ་བ་ཆེ་ཞིང་གཏིང་དུ་ཟུག །
བྱང་གི་ཕྱོགས་སུ་བསྟེན་པ་བཟང་། །དེ་ནས་དགེ་བ་ལ་སྤྱོད་ཅིང་། །དད་ལྡན་གཙང་སྦྲ་སྨྱུང་བ་བྱས། །སྨན་ནི་ལེགས་པར་གནས་པ་བཏུ། །འོ་མར་བཅས་པ་དུས་སུ་སྦྱར། །བུ་རམ་མར་དང་སྦྲང་རྩི་དང་། །པི་པི་ལིང་དང་བྱི་དང་ག །འབྲུ་རྣམས་མ་གཏོགས་འོ་མ་མེད། །
ལོ་གཅིག་འདས་པར་མ་གྱུར་སྦྱར། །འོ་མ་བ་ནི་ཡར་མ་ཡི། །གཅིན་དང་ལྕི་བ་སྐོན་མེད་ཡིན། །ན་ཚོད་སྟོབས་ལྡན་ལུས་ཟུངས་དང་། །རྭ་འཛུགས་རྨིག་པ་ལ་སོགས་བཟང་། །ལན་ཚྭ་མ་གཏོགས་རོ་ལྔའོ། །སྨན་ཁུ་ཡི་ནི་སྐྱེ་གནས་ཡིན། །སྨན་ཁུ་ལྡེ་གུ་བསྐོལ་དང་གྲངས། །
ཕན་དང་ཞེས་ནི་བྱ་བ་སྟེ། །སྨན་ནི་རྣམ་པ་ལྔ་རུ་བརྟགས། །སྔ་མ་བཞིན་དུ་མཐུ་སྟོབས་ཆེ། །འཕྲལ་དུ་བཏུས་ཏེ་བརྡུངས་ནས་ནི། །ཚགས་ལ་བཙིར་ཏེ་བཙགས་པ་གང་། །དེ་ནི་ཁུ་བ་ཞེས་བཤད་དོ། །ལྡེ་གུ་གཤེར་གྱིས་སྦྲུས་བཏགས་པའོ། །དེ་བསྐོལ་བ་ནི་བསྐོལ་བ་ཡིན། །
བསྒྲངས་པ་མཚན་མོ་གཞག་པ་ཡིན། །ཁཎྜ་འཕྲལ་དུ་སྦྱར་བཙགས་པ། །དེ་དག་གི་ནི་ཚད་བརྟག་པ། །ནད་སྩོགས་སྟོབས་ལས་སྦྱར་བར་བྱ། །དེ་ཡང་དྲང་སྲོང་གིས་བཤད་པ། །ཚད་ཀྱི་ངེས་པ་ཡོད་མིན་གྱི། །ནད་དང་ལྟོ་ཚད་ཉམས་དང་ནི། །དུས་དང་ཡུལ་ནི་རྣམ་
བརྟགས་ཏེ། །དེ་ལྟར་སྨན་ནི་གཏང་བར་བྱ། །སྨན་གྱི་ཁུ་བ་སྲང་བཞི་ནི། །འབྲིང་ཚད་ཙམ་དུ་བཤད་པ་ཡིན། །ལྡེ་གུ་ཞོ་གཉིས་དག་དང་བསྲེས། །དེ་ནི་ཆུ་སྲང་གསུམ་གྱི་ཚད། །བསྐོལ་བའི་སྨན་ནི་སྲང་གཅིག་བྱ། །བྲེ་ཕྱེད་ཆུ་བསྐོལ་བཞི་ཆ་ལུས། །བསྒྲངས་པ་སྲང་
གཅིག་སྲང་དྲུག་ནི། །དེ་ལས་གཞན་པས་སྲང་བཞི་ཡིན། །སྨན་མར་བསྐོལ་ཚད་མ་སྨོས་པར། །ལྡེ་གུ་སྣུམ་དང་གཤེར་རྫས་ནི། །བཞི་འགྱུར་དུ་ནི་སྐྱེད་དེ་སྦྱར། །ཤཽ་ན་ཀ་ཡིས་བཤད་པ་ནི། །སྣུམ་བསྐོལ་ཆུ་ནི་འབའ་ཞིག་དང་། །ཁུ་བ་བསྐོལ་པ་རིམ་བཞིན་དུ། །
Vol. 198 · folio 247b
ལྡེ་གུའི་ཆ་ནི་བཞི་དང་དྲུག །བརྒྱད་ནི་རིམ་བཞིན་སྦྱར་བར་བྱ། །ལྡེ་གུ་སོར་མོར་མ་འབྱར་དང་། །སྣུམ་ནི་མེར་བཅུག་སྒྲ་མེད་དང་། །གང་ཚེ་ཁ་དོག་སོགས་ཕུན་ཚོགས། །དེ་ཚེ་དེར་ནི་མྱུར་དུ་དབབ། །མར་ནི་ལྦུ་བ་དངས་མ་དང་། །ཏིལ་མར་ལྦུ་བ་བྱུང་བ་དང་། །ལྡེ་གུ་ནལ་
ནལ་པོར་འགྱུར་ཞིང་། །ཆུ་ནང་འབྱིང་ཞིང་གྱེས་མི་འགྱུར། །ཚོས་པའི་ཚད་ནི་རྣམ་གསུམ་སྟེ། །འཇམ་ཚོས་འབྱར་བག་འབྱར་ལ་རྩུབ། །འཇམ་ཚོས་ཚིག་མ་ལྡེ་གུ་འདྲ། །འབྱར་བག་སྦྲང་རྩི་ལྟ་བུ་ཡིན། །ཅུང་ཟད་ཚིག་ཅིང་མདོག་གནག་པར། །སྣང་འགྱུར་དེ་ནི་ཐ་
མ་ཡིན། །དེ་ལས་འདས་པར་དོན་མི་བྱེད། །མཚོས་མེ་དྲོད་ཉམས་པར་བྱེད། །འཇམ་ཚོས་སྣར་བཏང་རྩུབ་པས་བསྐུ། །བཏུང་དང་འཇམ་རྩི་འབྱར་བག་བྱ། །ཤ་ན་ཀར་ཤ་ལག་མཐིལ་དང་། །སྤར་གང་ཕུལ་བྲེ་ཨ་ད་ཀ །དྲོ་ན་བ་ཧ་རིམ་བཞིན་དུ། །བཞི་འགྱུར་ཡིན་
པར་ཤེས་པར་བྱ། །རློན་པ་ཉིས་འགྱུར་སྦྱར་བྱ་ཞིང་། །གཤེར་པ་ཕུལ་གང་སྩོགས་དེ་བཞིན། །བཏགས་ཏེ་སྦྲུས་ནས་གཤེར་མེད་པའི། །སྣུམ་བསྐོལ་བ་ལ་ཆུ་གཞུག་བྱ། །གང་དུ་ཚད་ནི་མ་བཤད་པ། །དེར་ནི་ཆ་མཉམ་སྦྱར་བར་བྱ། །ཤ་ན་གཉིས་ལ་བ་ད་ཀ །དེ་
གཉིས་ཀར་ཤ་གོ་ལ་དང་། །བ་རུ་ར་དང་དྲང་འཁྲུ་མེད། །ཨ་ཀྵ་བི་ཙུ་སུ་པརྞ། །ལག་མཐིལ་ཁམ་ཚད་བྱི་ལའི་སྡེར། །ཏིན་དུ་ཀ་དང་ལག་པའི་ཚད། །སྒྲ་གཞན་དོན་ནི་གཅིག་པ་ཡིན། །ཤུ་ཏི་བརྒྱད་པ་པི་ཙུ་ཡིན། །སྲང་གཅིག་བིལ་བ་པྲ་ཀུན་ཛ། །སྦར་གང་ཨ་མྲ་བཞི་
པོ་ཡིན། །གཅིག་གི་མིང་གི་རྣམ་གྲངས་ཡིན། །སྲང་གཉིས་ཁྱོར་གང་དེ་གཉིས་ལ། །སྙིམ་གང་དེ་གཉིས་མ་ནི་ཀ །ཨ་ད་ཀ་དང་སྣོད་ཀ་ནས། །དྲོ་ན་ཀུམ་པ་བུམ་ཆེན་ཡིན། །ཏུ་ལ་སྲང་ནི་བརྒྱ་ཡིན་ཏེ། །དེ་ཉི་ཤུ་ལ་ཁུར་དུ་བཤད། །གངས་ཅན་འབིགས་བྱེད་རི་ཡིས་ནི། །
ས་གཞི་ཕལ་ཆེར་ཁྱབ་པ་ཡིན། །དེ་ལས་དང་པོར་བསིལ་ཞིང་ཕན། །འབིགས་བྱེད་སྨན་ནི་མེའི་རང་བཞིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ཆོ་ག་གྲུབ་པའི་གནས་ཀྱི་ལེའུ་དྲུག་པའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཆོ་ག་གྲུབ་པའི་
Vol. 198 · folio 248a
གནས་ཏེ་གནས་ལྔ་པ་ལུས་གསོ་བའི་ཡན་ལག་རྫོགས་སོ།། །།དེ་ནས་བྱིས་པ་གསོ་བའི་ཆོ་གའི་ལེའུ་བཤད་པར་བྱའོ། །དེ་ཡང་རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་ལྟར་བཤད་དེ། བྱིས་པ་བཙས་མ་ཐག་ཕྲུ་མ། །
བསལ་ཏེ་རྒྱམ་ཚ་མར་བསྐུས་སྦྱང་། །དེ་འོག་བཙས་པས་སྡུག་བསྔལ་ལ། །བ་ལའི་ཏིལ་མར་བླུགས་པར་བྱ། །དེ་ཡི་རྣ་བའི་དྲུང་དུ་ནི། །རྡོ་གཉིས་བརྡུངས་པར་སྤྱད་པར་བྱ། །དེ་ནས་དེ་ཡི་རྣ་བ་ནི། །གཡས་པར་སྔགས་འདི་བརྗོད་པར་བྱ། །ཡན་ལག་ཡན་ལག་ལས་བྱུང་
ཁྱོད། །སྙིང་ལས་མངོན་པར་བསྐྱེད་པ་ཡིན། །བདག་ཉིད་བུ་ཞེས་བྱ་བ་ཁྱོད། །ལོ་བརྒྱར་ཡང་དག་འཚོ་འགྱུར་ཞིང་། །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་འཚོ། །ཚེ་རིང་པོར་ནི་ཐོབ་གྱུར་ཅིག །རྒྱུ་སྐར་ཕྱོགས་དང་མཚན་མོ་དང་། །ཉིན་མོས་ཁྱོད་ནི་བསྲུང་བར་ཤོག །བདེ་བར་གྱུར་ན་
ལྟེ་བ་ནི། །སོར་བཞིའི་འོག་ཏུ་སྲད་བུས་བཅིང་། །དེ་ཡི་འོག་ཏུ་བཅད་ནས་ནི། །ལྟེ་བ་ལ་ནི་བརྟོད་དེ་བཞག །དེ་འོག་ལྟེ་བར་རུ་རྟ་ཡི། །ཏིལ་མར་གྱིས་ནི་བསྐུ་བར་བྱ། །འོ་མ་ཅན་ཤིང་བསྐོལ་ཆུའམ། །དྲི་ཞིམ་བཅུད་ལྡན་ཆུ་དག་ནི། །གསེར་རམ་དངུལ་ནི་བསྲེགས་པ་
ཡིས། །བསྲོས་པའི་དྲོ་འཇམ་ཆུ་ཡིས་བཀྲུ། །དེ་ནས་མཛུབ་མོ་གཡས་པ་ནི། །དཀྲིས་པས་རྐན་ནི་བཏེག་ནས་ཀྱང་། །མགོ་བོར་རས་བལ་སྣུམ་ཅན་གཡོགས། །བློ་དང་ཚེ་དང་སྟོབས་བསྐྱེད་ཕྱིར། །ཤུ་དག་པྲ་མ་བི་ཤ་ལི། །ཤང་ཁ་པུཥྤའི་ལྡེ་གུ་ནི། །མར་དང་སྦྲང་
རྩིར་བཅས་པ་དག །སྔགས་བཏབ་ཧ་རེ་ཎུ་ཙམ་སྦྱིན། །གསེར་དང་ཤུ་དག་མུ་མེན་དང་། །མ་ནུ་ཨ་རུ་རའི་ཕྱེ་མ། །གསེར་དང་སྐྱུ་རུ་རའི་ཕྱེ་མ། །སྦྲང་རྩི་མར་བཅས་ལྡེ་གུ་སྦྱིན། །དེ་ནས་མངལ་ཆུ་རྒྱམ་ཚ་ནི། །མར་དང་བཅས་པ་སྐྱུག་ཏུ་གཞུག །སྐྱེ་དགུའི་བདག་པོ་ཆོ་ག་
ཡིས། །བཙས་པའི་ཆོ་ག་བྱེད་དུ་གཞུག །སྙིང་ལ་གནས་པའི་རྩ་རྣམས་ནི། །བཙས་ནས་ཁ་ནི་དབྱེ་བའི་ཕྱིར། །ཉི་མ་གསུམ་མམ་བཞི་པ་ལ། །བུད་མེད་ཀྱི་ནི་ནུ་ཞོ་འབྱུང་། །དེ་བས་ཉིན་ཞག་དང་པོ་ལ། །དུས་གསུམ་དུ་ནི་སྦྲང་རྩི་མར། །བྱི་ཚེར་བ་དང་སྦྱར་བ་ལ། །
Vol. 198 · folio 248b
སྔགས་ཀྱིས་བཏབ་སྟེ་བྱིས་པར་བྱིན། །གཉིས་པ་དང་ནི་གསུམ་པ་ལ། །ལཀྵྨི་དང་བསྐོལ་མར་བླུད་བྱ། །དེ་ནས་དང་པོའི་ནུ་ཞོ་ནི། །བཀག་པ་དེ་ལ་མར་སར་ནི། །ཞོ་གཉིས་ཙམ་གྱི་ཚད་སྦྱིན་ཞིང་། །ནུ་ཞོ་དུས་གཉིས་བླུད་པར་བྱ། །མ་ཉིད་ཀྱི་ནི་ནུ་ཞོ་བླུད། །དེ་ཡིས་ལུས་
ནི་འཕེལ་བྱེད་ཡིན། །དེ་མེད་མ་མ་ཤིན་ཏུ་བྱམས། །སྐྱོན་མེད་འཁྲིག་པ་སྤངས་པ་དང་། །རིགས་དང་རང་བཞིན་དེ་དང་མཉམ། །ནད་མེད་ན་ཚོད་དར་ལ་བབ། །བུ་མ་ཤི་ཤིང་བརྐམ་ཆགས་མེད། །གཉིས་ཀྱི་འོ་མ་བླུད་པར་བྱ། །དེ་གཉིས་ཟས་དང་སྤྱོད་ལམ་ནི། །ཕན་
པས་འབད་དེ་གསོ་བར་བྱ། །མྱ་ངན་ཁྲོ་དང་སྨྱུང་བ་དང་། །ལུས་དུབ་ནུ་ཞོ་ཉམས་པའི་རྒྱུ། །བུ་རམ་ཆང་མ་གཏོགས་ཆང་དང་། །རླན་ཅན་ཤ་ཁུ་འོ་མ་དང་། །འོ་མ་ཅན་སྨན་མྱ་ངན་སྩོགས། །གོ་བཟློག་ནུ་ཞོའི་རྒྱུན་ཡིན་ནོ། །མི་མཐུན་ཟས་ནི་ཟོས་པ་དང་། །ལྟོགས་
དང་སེམས་ནི་ཉམས་པ་དང་། །ལུས་ཟུངས་གནོད་བཅས་སྦྲུམ་མ་ཡི། །འོ་མ་བྱིས་པའི་ནད་སྐྱེད་བྱེད། །ནུ་ཞོ་མེད་ན་རའམ་བའི། །འོ་མ་བྲི་ཧ་ཏི་སོགས་རྩའམ། །སྟིར་གཉིས་བསྐོལ་ཁ་རར་བཅས། །ཡོན་ཏན་དེ་ལྡན་བླུད་པར་བྱ། །དྲུག་པའི་མཚན་མོ་ཁྱད་པར་དུ། །
བསྲུང་དང་གཏོར་མའི་བྱ་བ་བྱ། །དེ་ཡི་གཉེན་གྱིས་མེལ་ཚེ་བྱ། །ཤིན་ཏུ་དགའ་བ་ཉིད་ཀྱང་བྱ། །ཞག་བཅུ་རྫོགས་པར་འགྱུར་བ་དང་། །རང་རིག་འཚམ་པའི་ཆོ་ག་ནི། །བྱེད་དུ་གཞུག་ཅིང་བཙས་མ་བསླང་། །ལུས་ལ་ལྡོང་རོས་བ་བླ་དང་། །གི་ཝཾ་ཙནྡན་ཨ་ཀར་བཏགས། །
རྒྱུ་སྐར་ལྷ་འམ་ཉེ་དུ་ལས། །དྲས་པའི་ཡི་གེ་མཉམ་པ་ཡི། །མིང་ནི་བྱིས་པ་ལ་གདགས་བྱ། །དེ་ནས་རང་བཞིན་དབྱེ་ལས་བཤད། །གཟུགས་ཀྱི་ཚེ་ནི་ཡོངས་སུ་བརྟག །མཁས་པས་བྱིས་པའི་མལ་སྟན་ནི། །བྱང་ངམ་ཤར་དུ་མགོ་བསྟན་ལ། །སྔས་དང་གོས་ནི་
གཙང་ཞིང་བཀྲུས། །འཇམ་ཞིང་གཉེར་མ་མེད་པ་ཡི། །གོས་ལ་གདོན་ནི་འཇོམས་བྱེད་པའི། །སྨན་གྱི་དུད་པས་བདུག་པར་བྱ། །བྱ་རོག་བསད་པ་སྣུམ་གསུམ་དང་། །བཅས་པའི་དུད་པས་བདུག་པར་བསྔགས། །བསེ་རུ་ལ་སོགས་གསོན་པོ་ཡི། །རྭར་བཏགས་
Vol. 198 · folio 249a
ནོར་བུ་བཟང་པོ་སྤུ། །བྲམྷི་འཚོ་བྱེད་ཨིནྤྲི་སོགས། །སྨན་ནི་བཟང་པོ་གདགས་པར་བྱ། །མཆོག་ཏུ་རྟག་པར་ཤུ་ངག་ནི། །ལག་གཉིས་མགུལ་དང་སྤྱི་བོར་གདགས། །དེས་ནི་ཚེ་དང་ཡིད་གཞུངས་དྲན། །བདེ་བ་སྐྱེད་བྱེད་གདོན་ལས་བསྲུང་། །ཟླ་
བ་བདུན་ནམ་བརྒྱད་པ་ན། །ནད་མེད་ཉིན་ཞག་ཤིས་པ་ལ། །མ་མའི་པང་དུ་སྤྲོ་བསྲིངས་ལ། །དགུན་གྱི་དུས་སུ་རྣ་བ་དབུག །ཁྱེའུའི་དང་པོ་གཡས་པ་དབུག །བུ་མོའི་གཡོན་པ་དབུག་པར་བྱ། །སྨན་པས་ཁབ་ནི་གཡས་པས་གཟུང་། །གཡོན་པས་རྣ་ཤལ་བཟུང་ནས་ནི། །
རྣ་བའི་ཁྱོན་གྱི་དབུས་ལས་ནི། །མཁུར་ཚོས་ཀྱི་ནི་ཕྱོགས་དག་ཏུ། །པགས་པ་དག་ནི་ཕུག་ནས་སུ། །ཉི་མའི་འོད་ཟེར་སྣང་བ་རུ། །མི་འགྱུར་བརྟན་པོར་བཟུང་ནས་ནི། །རྒྱ་སྐྱེགས་ཀྱི་ནི་ཁུ་བས་བསྐུ། །དབུས་སུ་རང་བཞིན་གྱིས་གྲུབ་པའི། །བུ་ག་དྲང་པོར་ཅིག་ཅར་དབུག།
དེ་ནས་རྩ་ནི་གཡས་པའི་ཕྱིར། །སྟེང་འོག་ངོས་གཉིས་གཏང་མི་བྱ། །ནག་པོ་གནད་འདྲ་དམར་པོ་སྟེ། །རྩ་དེ་ཕུག་ན་དམར་ཞིང་ན། །སྐྲང་ཞིང་ཚ་ལ་སྲ་བ་དང་། །གཉེའུ་རེངས་གཞན་དབང་ཅན་ནད་སྐྱེད། །དེ་རྣམས་ནད་གཞི་ཇི་བཞིན་དུ། །གསོ་བ་དག་ནི་མྱུར་དུ་བྱ། །གནད་
དུ་ཕུག་ན་ཁྲག་མེད་ཅིང་། །ནད་དང་དམར་སོགས་འབྱུང་མི་འགྱུར། །ཁབ་རྗེས་སྐུད་པ་སྣུམ་ཅན་ནི། །རྗེས་སུ་གཞུག་པ་ཉིད་དུ་བྱས། །ཏིལ་མར་རློན་པས་བསྐུ་བ་དང་། །རྒྱ་ཆེར་དེ་ནི་བསྐྱེད་པར་བྱ། །རྣ་ཤལ་ཕུག་ནས་ཕན་ཟས་བྱིན། །དེ་འོག་སྡོང་བུ་སྦོམ་པོ་གཞུག །
ཞག་གསུམ་བཞག་ནས་རྨ་འཚོབས་ནས། །རིམ་གྱིས་དེ་ནི་བསྐྱེད་པར་བྱ། །དེ་ནས་དེ་ཡི་སོ་སྐྱེས་ནས། །ནུ་ཞོ་འཐུང་ལས་རིམ་གྱིས་བཟློག །སྔར་བཤད་འོ་མ་སྦྱིན་བྱ་ཞིང་། །ཁ་ཟས་ཡང་དང་རྟས་བྱེད་བྱིན། །ནུ་ཞོ་སྤངས་ནས་བི་ཡ་ལའི། །རྐང་དང་ཤིང་མངར་འབྲས་
ཡོས་དང་། །ཀ་ར་དཀར་པོ་ལ་དུ་སྦྱིན། །བིལ་བ་གཞོན་ནུ་སུག་སྨེལ་དང་། །ཁ་ར་འབྲས་ཡོས་དྲོད་སྐྱེད་སྦྱིན། །འཁྲུ་གཅོད་ད་ཏ་ཀའི་མེ་ཏོག །ཁ་ར་འབྲས་ཡོས་སྐྱོ་མ་སྦྱིན། །གནོད་པ་སྐྱེད་པར་མི་བྱེད་པའི། །སྨན་གྱིས་དེ་ཡི་ནད་བསལ་བྱ། །ཤིན་ཏུ་དྲགས་
Vol. 198 · folio 249b
ནད་མ་གཏོགས་གཞན། །རྣོ་སྨན་བཀྲུ་སྨན་ཀུན་ཏུ་སྤངས། །ཚུལ་མིན་སྐྲག་པར་མི་བྱ་སྟེ། །སྐྲག་ན་གདོན་ནི་འཇུག་པར་འགྱུར། །གོས་ཀྱི་རླུང་དང་གཞན་རེག་དང་། །འགོམ་པ་ལ་ནི་དེ་བསྲུང་བྱ། །བྲམྷི་ཉུངས་ཀར་ཤུ་དག་དང་། །རྒྱམ་ཚ་རུ་རྟ་ཤ་རི་བ། །པི་པི་ལིང་བཅས་
བསྐོལ་བ་ཡི། །སྨན་མར་དྲན་དང་ཡིད་གཞུངས་སྐྱེད། །ཚེ་འཕེལ་གདོན་ནི་མི་བཟད་འཇོམས། །འབྱུང་པོ་སྨྱོ་བྱེད་ཟློག་པར་བྱེད། །སོ་མ་ར་ཛ་ཤུ་དག་དང་། །སྦལ་པ་ཉེ་ཤིང་སླེ་ཏྲེས་དང་། །ཤང་ཀ་པུཥྤ་བྲམྷི་དང་། །པྲ་མ་སོ་མ་སྲང་རེ་ནི། །ལྡེ་གུ་བརྒྱད་ཆ་མར་བྲེ་
གང་། །འོ་མ་བཞི་འགྱུར་ནང་དུ་ནི། །བསྐོལ་བ་དེ་བླུད་དཔལ་ཡོན་དང་། །ཚེ་བློ་ཡིད་གཞུངས་དྲན་པ་སྐྱེད། །ར་ཡི་འོ་མ་ཨ་རུ་ར། །ཚ་བ་གསུམ་དང་པ་ཏ་དང་། །ཤི་ཀྲུ་ཤུ་དག་ལྕེ་མྱང་ཚ། །བསྐོལ་བའི་སྨན་མར་དབྱངས་ཅན་དེ། །ཚིག་དང་བློ་གྲོས་དྲན་པ་དང་། །
ངག་གསལ་མེ་དྲོད་སྐྱེད་པར་བྱེད། །ཤུ་དག་སླེ་ཏྲེས་ཨ་རུ་ར། །ཉེ་ཤིང་བ་དང་ཤང་གི་ནི། །ཨ་པ་མརྒ་བསྐོལ་བ་ཡི། །སྨན་མར་ཡོན་ཏན་སྔ་མར་མཚུངས། །ཤུ་དག་དཀར་པོ་རུ་རྟ་གསེར། །ཨརྒའི་པུཥྤ་གསེར་དང་བཅས། །ལྕགས་རྐྱགས་དང་ནི་དུང་དང་གསེར། །
ཀ་རཉྫ་དང་ཤུ་དག་གསེར། །རྐང་པ་རེ་རེས་བཤད་པ་བཞི། །སྦྲང་རྩི་མར་དང་བཅས་ལྡེ་གུ། །ལོ་གཅིག་བྱིན་ན་ལུས་དང་བློ། །ཁ་དོག་ཉམས་སྟོབས་སྐྱེད་པར་བྱེད། །ཤུ་དག་ཤིང་མངར་ལྕེ་མྱང་ཚ། །དོང་གྲ་ཤུ་ཏི་ཨ་རུ་ར། །རུ་རྟ་ཟུར་པ་པི་པི་ལིང་། །མར་བཅས་
ལྡེ་གུ་དག་དག་བྱེད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། གནས་ཀྱི་ཕྱི་མའི་ལེའུ་སྟེ་དང་པོའོ།། །།དེ་ནས་བྱིས་པའི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །འོ་མ་ཟས་དང་གཉི་གས་འཚོ། །བྱིས་པ་རྣམ་པ་གསུམ་དུ་བཤད། །དེ་དག་གནོད་
མེད་ལས་བདེར་འགྱུར། །གནོད་པ་ལས་ནི་ནད་རྣམས་འབྱུང་། །གང་ཞིག་ཆུ་དང་གཅིག་ཏུ་འདྲེས། །ཉེས་པ་ཡོད་པ་མ་ཡིན་ཏེ། །འོ་མ་དེ་ནི་སྐྱོན་མེད་ཡིན། །རླུང་གིས་གནོད་གྱུར་ཆུ་སྟེང་འཕྱོ། །བསྐ་ཞིང་རྩུབ་ལ་ལྦུ་བ་ཅན། །དེ་ཡིས་བཤང་གཅི་སྲི་བར་བྱེད། །
Vol. 198 · folio 250a
མཁྲིས་ལས་གནོད་གྱུར་དྲོ་སྐྱུར་ཚ། །རི་མོ་སེར་སྣང་དེས་ཚ་སྐྱེད། །བད་ཀན་གྱིས་སྐ་ལན་ཚྭར་བཅས། །སྦྱིན་བག་ཅན་ལ་ཆུ་ནང་འབྱིང་། །ལྡན་པའི་མཚན་མ་འདྲེན་མ་སྟེ། །འདས་པའི་མཚན་མ་གསུམ་དང་ལྡན། །རང་གི་མཚན་མ་ཅི་འདྲ་
ལས། །དེ་འཐུངས་པས་ནི་ནད་སྐྱེད་འགྱུར། །བྱིས་པ་རྟག་ཏུ་མི་བཟད་པར། །ངུ་བ་ལ་ནི་ནད་ཤེས་བྱ། །དེ་ནི་ཕྱོགས་གང་ཤས་ཆེར་འཛིན། །གང་དུ་རེག་པར་མི་བཟོད་པ། །དེ་ན་ནད་ཡོད་ཤེས་པར་བྱ། །མགོ་ནད་མིག་འབྱེད་ལས་ཤེས་བྱ། །སྙིང་ནད་ལྕེ་མཆུ་སོས་
གནོན་དང་། །དབུགས་དང་ཁུ་ཚུར་བསྡམས་ཤེས་བྱ། །ཁོང་ནད་བཤང་གཅི་སྲི་དང་སློན། །ནུ་མ་སོས་འདེབས་རྒྱུ་མ་འཁྲུག །ལྟོ་སྦོ་རྒྱབ་ནི་འགུགས་དགྱེ་དང་། །ལྟོ་འགུགས་པས་ཀྱང་ཤེས་པར་བྱ། །ཆུ་སོ་མཚན་ནད་བཤང་གཅི་སྲི། །སྐྲག་ཅིང་ཕྱོགས་ལྟ་ལས་ཤེས་
བྱ། །དེ་ནས་མ་མ་ནད་གཞི་དང་། །སྐྱོན་ནི་ཇི་བཞིན་གསོ་བར་བྱ། །དེ་ལ་ནུ་ཞོ་རླུང་ཅན་ལ། །རྩ་བ་བཅུ་བསྐོལ་ཞག་གསུམ་བླུད། །ཡང་ན་རུ་རྟ་ཙི་ཏྲ་ཀ །པ་ཏ་ཤུ་དག་པུ་ཙེ་ཤེལ། །ག་བྲའི་རྩ་བ་ལ་ལ་ཕུད། །ཐང་ཤིང་དང་ནི་ས་ར་ལ། །བྲི་ཤྩི་ཀ་ནི་པི་པི་ལིང་། །
ན་ལེ་ཤམ་ནི་བསྐོལ་བ་བླུད། །དེ་ནས་རླུང་ནད་འཇོམས་པ་ཡི། །སྨན་མར་གང་ཡང་རུང་བ་བླུད། །དེ་རྗེས་ཆང་གི་དྭངས་མ་བླུད། །སྣུམ་འགྱུར་བཀྲུ་སྨན་འཇམ་པོ་གཏང་། །དེ་འོག་འཇམ་རྩིའི་ལས་བྱ་ཞིང་། །དུགས་སོགས་རླུང་ནད་འཇོམས་པ་བྱ། །བིལ་བ་ར་སྣ་ཏི་
མུ་ས། །ཐང་ཤིང་ས་ར་ལ་བཅས་ཕྱེ། །མར་དང་སྦྱར་བའི་ལྡེ་གུའམ། །དེ་བསྐོལ་ཁ་ར་དཀར་བཏབ་སྦྱིན། །མཁྲིས་པས་གནོད་ལ་སླེ་ཏྲས་དང་། །ཉེ་ཤིང་ནིམ་པ་པ་ཏོ་ལ། །ཙནྡན་ཤ་རི་བ་བསྐོལ་བ། །མ་མ་དང་ནི་བྱིས་པར་བླུད། །ཡང་ན་གླ་སྒང་འབྲས་བུ་གསུམ། །
རྩ་མཁྲིས་པུ་ཙེ་ཤེལ་བླུད་བྱ། །ཐལ་ཏྲེས་ལ་སོགས་ཤུག་པ་སོགས། །པ་ཏོ་ལ་སོགས་སྡེ་བསྐོལ་བླུད། །སྨན་ནི་འདི་བསྐོལ་མར་དང་ནི། །མཁྲིས་པ་སེལ་བའི་བཀྲུ་སྨན་དང་། །བསིལ་སྨན་གྱིས་བསྐུ་བྱུག་སོགས་བྱ། །བད་ཀན་ཅན་གྱི་བདག་ཉིད་ལ། །ཤིང་མངར་
Vol. 198 · folio 250b
རྒྱམ་ཚ་བཅས་པའམ། །རྒྱམ་ཚ་ཤིང་མངར་པི་པི་ལིང་། །མར་སྦྱར་བྱིས་པ་ལ་བླུད་བྱ། །དེ་ནས་པོ་སོན་ཆའི་མེ་ཏོག །བཏགས་པ་སྦྲང་རྩིར་བཅས་པ་ཡི། །ལྡེ་གུས་ནུ་མ་བྱིས་པའི་མཆུ། །བསྐུས་པ་བྱིན་པ་དེར་སློན་གཞུག །མ་མ་རྣོན་པོས་སློན་དུ་གཞུག །དེ་ནས་ཤག་
སོགས་རིམ་པས་སྤྱད། །གླ་སྐང་ལ་སོགས་བསྐོལ་བ་བླུད། །དེ་བཞིན་གོ་སྙོད་རྒྱ་སྤོས་དང་། །ཐང་ཤིང་དུག་མོ་ཉུང་བསྐོལ་བླུད། །ཡང་ན་གླ་སྒང་བོང་ང་དཀར། །ཤུ་དག་ཚ་བ་ལྔ་བསྐོལ་བླུད། །ནུ་ཞོ་ཉེས་གསུམ་དྲི་མ་ཅན། །དྲི་མནམ་འཁྲུ་ཞིང་དུ་དང་འདྲ། །མ་བྲེ་གང་
ཤིང་སླ་ལ་རྒྱུན་བར་ཆད། །ལྦུ་བ་ཅན་དུ་འཁྲུ་བར་འགྱུར། །བཤང་བ་ཁ་དོག་སྣ་ཚོགས་འབྱུང་། །ན་ཞིང་གཅིན་སེར་དཀར་ཞིང་སྐ། །རིམས་ནད་སྐོམ་དད་ཡི་ག་འཆུས། །སྒྲེགས་པ་སྐམ་པོ་འབྱུང་ཞིང་གླལ། །ལུས་ན་ཡན་ལག་རྐྱོང་བ་དང་། །མཁུན་ཞིང་འདར་ལ་
མགོ་འཁོར་དང་། །སྣ་མིག་ཁ་ནི་ཤུ་བ་སོགས། །ནད་ནི་གཞན་དག་དེ་ལས་འབྱུང་། །འོ་མའི་བེེ་སྣབས་ཞེས་བཤད་དེ། །གནོད་པའི་ནད་ནི་མི་བཟད་ཡིན། །དེ་ལ་མ་མ་བྱིས་པ་ལ། །སློན་སྨན་བཏང་བས་མྱུར་དུ་གསོ། །ཐུག་སོགས་རིམ་པར་བཤད་པ་ནི། །ཤུ་དག་
ལ་སོགས་སྡེ་ཚན་རྣམས། །སྐྱེར་པ་སྩོགས་པའང་བོང་ང་དཀར། །བ་ཏ་དང་ནི་པི་པི་ལིང་། །གླ་སྒང་པུ་ཙེ་ཤེལ་བསྐོལ་བླུད། །པ་ཐ་བཅའ་སྒ་པུ་ཙེ་ཤེལ། །སླེ་ཏྲེས་རྩ་མཁྲིས་ཤ་རི་བ། །ཐང་ཤིང་གླ་སྒང་མུར་བ་དང་། །དུག་མོ་ཉུང་བཅས་བསྐོལ་བ་བླུད། །ནུ་ཞོའི་ཉེས་
པ་སེལ་བའི་མཆོག །རྗེས་འབྲེལ་ནད་ལ་ཇི་བཞིན་དུ། །དུས་ཤེས་པ་ཡིས་གསོ་བར་བྱ། །སོ་འབྱུང་བ་དག་ནད་རྣམས་ནི། །ཐམས་ཅད་ཀྱི་ཡང་རྒྱུ་ཡིན་ནོ། །མཆོག་ཏུ་རིམས་དང་འཁྲུ་བ་དང་། །ལུད་པ་སློན་དང་མགོ་ནད་དང་། །བང་མིག་འཛག་པའི་ནད་དང་ནི། །ཤུ་བ་
རྣམས་ནི་སྐྱེད་པར་བྱེད། །བྱི་ལའི་སྒལ་ཚིགས་བྱེ་བ་དང་། །རྨ་བྱའི་གཙུག་ནི་འབྱུང་བ་དང་། །བྱིས་པའི་སོ་ནི་སྐྱེ་བ་ན། །མི་ན་བ་ནི་ཅུང་ཟད་མེད། །དེ་ལ་ནད་ནི་ཇི་བཞིན་དང་། །ནད་སྟོབས་ཇི་བཞིན་འཇིགས་ཇི་བཞིན། །ཡུལ་དང་དུས་སྩོགས་རྣམ་ཕྱེ་སྟེ། །སྨན་གྱི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words