རྟའི་ཚེའི་རིག་བྱེད་ཤ་ལི་ཧོ་ཏྲས་བསྡུས་བ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤ་ལི་ཧོ་ཏྲ་ཡ་ཡཱཾ་ཨ་ཤྭ་ཨཱ་ཡུར་བཻ་དྱ་སཾ་ཧི་ཏ་ནཱམ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 203 · folio 156b

༄༅༅། །རྒྱ་གར་སྐད་དུ། ཤ་ལི་ཧོ་ཏྲ་ཡ་ཡཱཾ་ཨ་ཤྭ་ཨཱ་ཡུར་བཻ་དྱ་སཾ་ཧི་ཏ་ནཱམ། བོད་སྐད་དུ། རྟའི་ཚེའི་རིག་བྱེད་ཤ་ལི་ཧོ་ཏྲས་བསྡུས་བ་ཞེས་བྱ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་

བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཁྱབ་འཇུག་གི་ནི་བཙུན་མོའི་མཆོག །ལྷ་མོ་དཔལ་མོ་རྟ་ཡི་མངལ། །ཕྱག་འཚལ་ནས་ནི་རྟ་རྣམས་ཀྱི། །ཚེ་ཡི་རིག་བྱེད་རྟོགས་བཤད་བྱ། །གང་ལས་གང་ཕྱིར་གང་དོན་ཡིན། །དེ་དག་ཀུན་ཀྱང་བརྗོད་པར་བྱ། །ཁ་བ་ཅན་གྱི་

བྱང་ཕྱོགས་ན། །ལྷ་ཡི་དབང་པོའི་གནས་འདྲ་བར། །ཤ་ལི་ཧོ་ཏྲ་དྲང་སྲོང་ཆེ། །སྦྱིན་སྲེག་བྱས་ནས་འདུག་པའི་ཚེ། །ལེགས་ཐོས་ཐོས་པ་ཕུན་ཚོགས་ལྡན། །བུ་ཡིས་ཕ་ལ་དྲིས་གྱུར་པ། །ལེགས་ལྡན་ཆོས་རྣམས་ཐམས་ཅད་མཁྱེན། །རྟ་ཚེའི་རིག་བྱེད་མཁས་

ལགས་ན། །རྟ་རྣམས་ཀྱི་ནི་གསོ་བ་འདི། །ཇི་ལྟར་བྱུང་བར་གྱུར་པ་ལགས། །དྲང་སྲོང་གཟི་བརྗིད་ཆེན་པོ་ཡིས། །དེ་ལ་མཉན་པར་གྱིས་ཞེས་སྨྲས། །སྔོན་ཚེ་རྟ་རྣམས་རང་དགར་ནི། །མཁའ་ལ་རྒྱུ་ཞིང་གནས་བྱེད་ཅིང་། །ཟས་དང་སྤྱོད་པ་ཅི་དགའ་བར། །དེ་རྣམས་རང་

དགར་སྤྱོད་པ་ཡིན། །ཐམས་ཅད་ལ་ཡང་ལུས་ཀྱི་ནི། །གོམས་པས་ནད་ནི་བྱུང་མ་གྱུར། །གང་ནས་བརྩམས་ཏེ་ང་ཡི་བུ། །བཞོན་པ་ཉིད་དུ་བྱས་གྱུར་པ། །དེ་ནས་བརྩམས་ཏེ་གནོད་བྱེད་པའི། །ནད་ཀུན་གྱིས་ནི་གཟིར་པ་ཡིན། །དེ་ནས་དེ་ལ་སེམས་གདུང་སྐྱེས། །ང་

ཡིས་དཀའ་ཐུབ་ཆེན་པོ་བྱས། །ཚངས་པ་ལྷ་ནི་མཉེས་བྱས་ནས། །དེ་ཡི་གསོ་བ་རྙེད་པ་ཡིན། །ཟུག་རྔུ་ལུས་ཀྱི་གསོ་བ་དང་། །དེ་བཞིན་ཆ་སྤྱད་ཉིད་དང་ནི། །རྟེའུ་ཡི་ནི་གསོ་བ་དང་། །དུག་གི་རང་བཞིན་སྨན་དང་ནི། །བཅུད་ལེན་གདོན་ནད་གསོ་བ་དང་། །རོ་ཙ་བྱེད་པ་

བརྒྱད་པ་ཡིན། །དེ་ལྟར་རྟ་ཡི་ཚེའི་རིག་བྱེད། །འདི་ནི་ཡན་ལག་བརྒྱད་དུ་བཤད། །ཡན་ལག་བརྒྱད་པོ་འདི་ཡི་གནས། །རྒྱས་པར་བུ་ཡིས་མཉན་པར་གྱིས། །མདོ་ཡི་གནས་ནི་དང་པོ་སྟེ། །དེ་ཡི་ཕྱི་མ་གཉིས་པ་ཡིན། །གསུམ་པ་འདིར་ནི་ལུས་ཡིན་ལ། །བཞི་པ་ཉིད་ནི་གསོ་

Vol. 203 · folio 157a

བ་ཡིན། །ལྔ་པ་རྟེའུ་སྨན་ཡིན་ཏེ། །དྲུག་པ་ཕྱི་མའི་ཕྱི་མ་ཡིན། །བྱ་བ་དེ་དང་དེ་བསྟན་པ། །གྲུབ་པའི་གནས་ནི་བདུན་པ་ཡིན། །གསང་བ་གནས་ནི་བརྒྱད་པ་སྟེ། །ཚེ་ཡི་རིག་བྱེད་བསྡུས་པ་ཡིན། །ལེའུའི་རིམ་པ་ངེས་པ་ནི། །གནས་གནས་སུ་ནི་ངས་

བཤད་བྱ། །ཚེ་ཡི་རིག་བྱེད་བྱུང་བ་དང་། །དེ་བཞིན་སློབ་མ་སྦྱང་པ་དང་། །ངེས་བའི་ཚིག་དང་བྱུང་ཚུལ་དང་། །དེ་ནས་མངལ་དུ་ཆགས་གྱུར་དང་། །རང་བཞིན་དང་ནི་སྐྱེ་གནས་དང་། །དེ་བཞིན་རིགས་ནི་བཞི་དག་དང་། །ཡན་ལག་ཐམས་ཅད་བརྟག་པ་དང་། །བཤད་པ་

དང་ནི་ཚད་གཞལ་དང་། །ཡན་ལག་བཅུ་ཡི་ཆ་དབྱེ་དང་། །སྡུག་དང་མི་སྡུག་ཤེས་བྱ་དང་། །ཚད་ཤེས་བྱ་དང་ཟས་སྦྱོར་བ། །མཛེས་དང་མཚན་གྱི་ལེའུ་དང་། །དེ་བཞིན་ཁ་དོག་ཤེས་བྱ་དང་། །ཞུར་མདངས་དང་ནི་ཐིག་ལེ་བརྟག །ཤ་རའི་མདོག་ནི་བཟང་ངན་དང་། །

འདྲེན་མ་རྒྱལ་བོའི་བཞོན་པ་དང་། །མིག་བརྟག་པ་དང་སོ་བརྟག་པ། །གཙུག་དང་ན་ཚོད་ཤེས་བྱ་དང་། །ཚེ་ཤེས་པ་དང་བཅས་པ་དང་། །དྲི་དང་སྐད་གསང་བརྟག་པ་དང་། །འགྲོས་དང་ལུས་འཕེལ་ཆོ་ག་དང་། །རྒྱུག་པ་བརྟག་དང་གྲ་མ་ཅན། །ཉེས་པ་ཆེ་དང་སྙིང་སྟོབས་

བརྟག །གཟི་མདངས་བརྟག་དང་རིགས་བརྟག་དང་། །སྟོན་ཀ་པ་དང་ཉོ་འཚོང་བཅས། །དེ་ལྟར་གནས་ནི་དང་པོ་ཡི། །ལེའུའི་རིམ་པ་གནས་བ་ཡིན།། །།དྲི་བ་ཆེན་པོ་ཉིད་དང་ནི། །དེ་བཞིན་སྒོ་ང་ལས་བྱུང་དང་། །རྨེན་བུའི་ལེའུ་གསུམ་པ་སྟེ། །ནད་ཤེས་བྱ་བ་རྣམས་གསུམ་

དང་། །ཡིད་བདེ་ཡིད་མི་བདེ་ཤེས་དང་། །རླུང་འཁྱིལ་འཁྲུལ་པ་ཤེས་བྱ་དང་། །རླུང་འཁྱིལ་གཏུགས་པ་ཤེས་བྱ་དང་། །དེ་བཞིན་ལྟོ་བ་རྒྱས་པ་དང་། །རྩུབ་བར་འཁྱིལ་བའི་ལེའུ་དང་། །དེ་བཞིན་གཅིན་འགགས་གསོ་བ་དང་། །རི་དགས་ལྟར་འཁྱིལ་མ་འདྲེས་འཁྱིལ། །རླུང་གི་

རྨུ་རྫིང་གསོ་བ་དང་། །དེ་བཞིན་ཁྲག་གི་གཅིན་ནད་དང་། །ཀོ་ར་དུ་ཤས་གནོད་གྱུར་དང་། །སྣུམ་འཁྱིལ་པ་དང་རྣམ་འཁྱིལ་བ། །ཁྲག་འཁྲུགས་ནད་ནི་གསོ་བ་དང་། །ཁྲག་འཁྲུགས་ནད་གཞི་བཞི་ལས་གྱུར། །ཁྲག་འཁྲུགས་རྗེས་ལ་གསོ་བ་དང་། །འཐེང་དང་རྐང་ནད་གསོ་བ་དང་། །

Vol. 203 · folio 157b

སྐྱེ་འབྲུ་དབུགས་མི་བདེ་གསོ་དང་། །དབུགས་མི་བདེ་བ་ལུད་པ་ཅན། །སྣ་རྣག་དང་ནི་མངོན་པར་ཚ། །རླུང་དང་མཁྲིས་པ་བད་ཀན་རིམས། །འདུས་པ་ལས་གྱུར་རིམས་གསོ་དང་། །དུས་ནི་གོ་བཟློག་ལས་བྱུང་དང་། །སྣད་པ་ལས་གྱུར་རིམས་དང་ནི། །ཡིད་ཀྱི་རིམས་ནི་གསོ་བ་དང་། །

དེ་བཞིན་འཁྲུ་བ་མང་པོ་དང་། །སྨན་ཁུའི་གོང་བུའི་སྦྱོར་བ་དང་། །སྦེག་པ་བརྟག་པའི་ལེའུ་དང་། །དེ་བཞིན་རྔ་མའི་ནད་གསོ་དང་། །གཞར་བྱུང་པ་ཡི་གསོ་པ་དང་། །ཁྲག་དང་མཁྲིས་པ་གསོ་པ་དང་། །སོ་ལྷག་བྱུང་བ་གསོ་བ་དང་། །འུག་པའི་རྐང་འདྲའི་ལེའུ་དང་། །གདུག་པས་

ཟིན་པའི་མཚན་ཉིད་གསོ། །སྨད་པའི་མཚན་ཉིད་ཅན་ལེའུ། །དུག་གི་ཤུགས་ནི་ཤེས་བྱ་དང་། །དེ་བཞིན་དུག་གིས་ཟིན་གསོ་བ། །དུག་མདས་ཕོག་པ་ཞེས་བྱ་བ། །གཉིས་པའི་གནས་སུ་བསྡུས་པ་ཡིན། །མངལ་ཆགས་ཞེས་པའི་ལེའུ་དང་། །དེ་བཞིན་ལུས་ཀྱི་རྣམ་དབྱེ་

དང་། །ལུས་བསྐྱེད་པ་དང་རྩ་ཡི་ཚོགས། །ཡུལ་དང་ཚ་སོགས་བསྟན་པ་དང་། །འཕེལ་དང་འབྲི་བ་ཤེས་བྱ་དང་། །རོ་དྲུག་གི་ནི་བདག་ཉིད་དང་། །ནང་གི་བདག་ཉིད་ཅན་བྱུང་དང་། །བྱ་དང་བྱ་མིན་བརྟག་པ་དང་། །འདིར་ནི་ཟས་སྐོམ་ཆོ་ག་དང་། །དེ་བཞིན་ལྗད་པའི་རོ་ཡི་

ཚོགས། །གསོ་པའི་ཡན་ལག་དབང་བྱས་དང་། །ལོང་དང་ལྐུགས་སོགས་བསྟན་པ་དང་། །དེ་བཞིན་སྐྲངས་པ་གསོ་པ་དང་། །གཞན་ཡང་རྨ་གཉིས་ལེའུ་དང་། །ཟུག་རྔུ་ཁོང་བརླག་གདོན་པ་དང་། །ཟུག་རྔུ་དབྱུང་བའི་ལེའུ་དང་། །སྦུབས་ཀྱི་རྨ་ནི་གསོ་བ་དང་། །དེ་

བཞིན་ཆག་གྲུགས་གསོ་བ་དང་། །ཆུ་བུར་གསོ་བ་ཉིད་དང་ནི། །རྒོད་མའི་མཚན་ཉིད་བརྟག་པ་དང་། །རླུང་ཉེན་མངལ་གྱི་ཉེས་པ་དང་། །མངལ་དུ་ཤི་བའི་ནད་གསོ་དང་། །བ་ལའི་ཏིལ་མར་དང་བཅས་པ། །ལེའུའི་རིམ་པ་འཆད་རྣམས་ཀྱིས། །གནས་ནི་གསུམ་པ་ཡིན་པར་

བཤད། །གསོ་བའི་གནས་ཀྱི་ལེའུ་ནི། །སེམས་ཁོང་ཆུད་པར་བྱེད་པ་དང་། །ནེ་ར་ཀ་ཡི་ནད་གསོ་དང་། །རྒན་ནད་བྱེ་བ་མེད་པ་ཉིད། །ཨ་བ་ཏང་ཀའི་གསོ་བ་དང་། །ལྕེ་རིངས་སྣ་ནད་འཛག་བྱེད་དང་། །སྣ་ནད་གལ་ལ་ཀ་གསོ་དང་། །མགོ་ནད་རླུང་ལས་གྱུར་པ་དང་། །

Vol. 203 · folio 158a

དེ་བཞིན་མཁྲིས་པ་ལས་གྱུར་དང་། །བད་ཀན་ལས་གྱུར་ཁྲག་ལས་གྱུར། །འདུས་པ་ལས་གྱུར་མགོ་ནད་དང་། །གློ་བུར་སྲིན་བུ་ལས་གྱུར་པ། །དེ་བཞིན་རྣ་བའི་ནད་གསོ་དང་། །མཆི་མ་འཛག་པ་གསོ་བ་དང་། །རླུང་ནད་པ་ལ་ཤ་ཉིད་དང་། །དེ་བཞིན་ཀོལ་ཉེས་

ནད་ཉིད་དང་། །གཞན་ཡང་བྲང་ཆ་བ་ཡི་ནད། །ཚེའུ་ཚེའི་ནད་ནི་གསོ་བ་དང་། །གཟུགས་འཁུམས་གཟུགས་གྱོང་ནད་གསོ་དང་། །རྨིག་པ་རྡུལ་ཅན་ནད་གསོ་དང་། །སྦལ་པ་ཆ་བར་བཤད་པ་དང་། །མཚན་ནི་འཕྱང་བར་གྱུར་གསོ་དང་། །རླིག་པ་སྐྲངས་པ་གསོ་བ་དང་། །དེ་

བཞིན་རླིག་འབྲས་གཡོས་པ་དང་། །ཁྲག་ལས་གྱུར་པའི་རླིག་ནད་དང་། །དེ་བཞིན་མཁྲིས་པ་ལས་གྱུར་དང་། །བད་ཀན་ལས་གྱུར་རྔ་མའི་ནད། །སྣ་རེངས་དེ་བཞིན་རྒྱབ་རེངས་དང་། །ལྟོ་བ་གཞོང་འདྲའོ་ནད་གསོ་དང་། །མཆུ་སྐྲངས་ནད་ནི་གསོ་བ་དང་། །རླུང་ནད་ཐི་བ་ལྟ་བུ་དང་། །

མཁྲིས་ནད་སྦྲང་བུ་ལྟ་བུ་དང་། །རི་དགས་ཅན་དང་རི་དགས་གླལ། །ཆུ་འཛིན་ཞེས་བྱའི་ནད་དང་ནི། །དེ་བཞིན་སྙིང་ནད་རླུང་གྱུར་དང་། །མཁྲིས་པ་ལས་གྱུར་སྙིང་ནད་དང་། །གཞན་ཡང་བད་ཀན་ཅན་སྙིང་ནད། །སྲིན་བུ་ལས་གྱུར་སྙིང་ནད་དང་། །རླུང་གི་གཟེར་དང་ལྐོག་མའི་ནད། །སྣུམ་

ཆོས་ཉེས་པའི་ནད་དང་ནི། །ལན་ཚྭའི་སྦྱོར་ཉེས་ཆང་བླུད་ཉེས། །དེ་བཞིན་འབྲུ་ཟོས་ཉེས་པ་དང་། །འོ་མ་འཐུང་ཉེས་ཆུ་འཐུང་ཉེས། །སྦུབས་ལས་བླུད་ནི་ཉེས་པ་དང་། །བརྡུང་ཉེས་བཞོན་པ་པོས་སྣོད་དང་། །ལུད་པ་གསོ་དང་མཛེ་ནད་གསོ། །གྱེན་འབྱུང་གློ་ནད་གསོ་བ་དང་། །

དྲེགས་དང་ཉེས་པ་གསོ་བ་དང་། །སྨྱོ་ནད་གསོ་དང་མཚན་མོ་བཅོམ། །གཞང་འབྲུམ་གསོ་དང་རྡོ་གསོ་དང་། །དེ་བཞིན་གཡན་པ་གསོ་བ་དང་། །སྐྲངས་ནད་གསོ་བ་ཉིད་དང་ནི། །གཞན་ཡང་རི་བོ་ཅན་ནད་གསོ། །ཡག་ལག་ཕྱོགས་གཅིག་ནད་ཅོང་ཅན། །མགོ་འཁོར་ཆུ་ཡི་རྨུ་

རྫིང་དང་། །ཆུ་ལྷའི་གདོན་ནི་གསོ་བ་དང་། །མིག་ཅན་འགེབས་པ་ཁན་གསོ་དང་། །མིག་ནད་མིག་ནད་སྒོ་ང་ཅན། །ཆུ་བུར་ཅན་དང་སྔོ་མཚན་ཉིད། །ལིང་ཏོག་ཅན་དང་མཆི་མ་འཛག །ལིང་ནད་མ་འདྲེས་མཐོང་བ་ཉིད། །མིག་དམར་དང་ནི་མུན་ཛ་ཅན། །མུན་ཛའི་དྲབ་ཅན་

Vol. 203 · folio 158b

གསོ་བ་དང་། །ཐལ་མོ་བྱེད་པ་ཅན་གྱི་ནད། །ཁྲག་འཁྲུགས་པ་ཡི་ནད་གསོ་དང་། །ཚིགས་སུ་རྨ་བྱུང་ཐོང་འབབ་དང་། །གཉེའུ་རེངས་དང་སྦོས་ནད་གསོ། །འཁྲུ་བ་གསོ་བ་ཞེས་བྱ་བ། །གནས་ཆེན་བཞི་པ་གསོ་བ་ཡིན། །རྟེའུའི་གདོན་ནི་བསྟན་དང་བཤད། །འཁྲུ་དང་དེ་བཞིན་རིམས་

དང་ནི། །གཡན་པ་ལྐོག་ནད་ཤ་ལུ་ཀ། །ཁོར་པའི་སྲིན་ནད་གཅིན་ཀྲིར་བཅས། །བོང་བུ་ཅན་དང་རླིག་རླུགས་དང་། །གཅིན་ནད་གཟེའུ་ཞེས་བྱ་བ། །སྦོ་དང་བྲང་ནད་ཅེས་བྱ་བ། །བཀྲེས་པས་ཉེན་དང་ལུང་པ་གསོ། །ཟད་བྱེད་དང་ནི་རོ་ཧི་ནི། །རི་མོ་ཅན་དང་སྦལ་བ་འདྲ། །མེས་ཚིག་ཚིགས་ནད་

གཅིན་དམར་གསོ། །ཡིད་མི་བདེ་དང་རྣ་བའི་ནད། །སོ་ནད་དང་ནི་འཇིང་པའི་ནད། །འགྲན་ནད་ལྕེ་ཡི་ནད་བཅས་དང་། །མིག་ནད་སྣ་ནད་བཅས་དང་། །རྨིག་པའི་ནད་དང་དབྱིག་པའི་ནད། །སེམས་འཁྲུལ་པ་དང་རྡུལ་ནད་བཅས། །སྦྲུལ་གྱིས་ཟིན་དང་མེས་ཚིག་གསོ། །དེ་བཞིན་

ཆག་གྲུགས་གསོ་བ་ནི། །ལྔ་པའི་གནས་སུ་ངས་བཤད་ཅིང་། །རྟེའུའི་ནང་རྣམས་གསོ་བ་ཡིན།། །།རྟ་ཁང་པ་ནི་བརྟག་པ་དང་། །ཁང་པའི་ལྷ་རྣམས་མཆོད་པ་དང་། །དེ་གཞིན་གདོན་ནི་བསལ་བ་དང་། །དཔལ་འཕེལ་བ་ཞེས་བྱ་བ་དང་། །རྟ་རྣམས་རྗེས་སུ་བསྲུང་བ་དང་། །རྣམ་རྒྱལ་

རྟ་ནི་དབང་བསྐུར་དང་། །མཆེ་བ་ཆག་པའི་ལྟས་བསྟན་དང་། །ལྟས་ཀྱི་མཚན་ཉིད་གཞན་བསྟན་དང་། །ཞི་བ་བསྐྱེད་པར་བྱ་བ་རྣམས། །དྲུག་པའི་གནས་སུ་བསྡུས་པ་ཡིན། །དང་པོར་རྗེས་བཏུང་ཆོ་ག་སྟེ། །དེ་འོག་ལན་ཚྭའི་ཆོ་ག་ཡིན། །སྣུམ་དང་ལན་ཚྭ་ཆང་དང་འབྲུ། །འོ་མ་ཆུ་

དང་སྦུབས་ལས་བྱུང་། །གནོད་པའི་ནད་ནི་བདུན་པོ་ཡི། །ནད་གཞི་གསོ་བར་བཅས་བསྟན་དང་། །མར་བླུད་དུགས་ཀྱི་ཆོ་ག་དང་། །དུར་བྱིད་ཀྱི་ནི་ཏིལ་མར་དང་། །དོན་གྲུབ་ཅེས་བྱའི་ཏིལ་མར་དང་། །མེ་བཅའི་ལས་ཀྱི་ཆོ་ག་དང་། །མས་གཏོང་ཆོ་ག་བསྟན་པ་དང་། །གཙགས་བུ་

ལས་གྱུར་ནད་བསྟན་དང་། །དེ་བཞིན་ལྟ་བའི་ལས་བསྟན་དང་། །སྣུམ་བླུད་པ་ཡི་ཡོན་ཏན་དང་། །རོ་ཙར་བྱེད་པ་བསྟན་པ་དང་། །སྣུམ་ལས་གྱུར་པའི་ནད་གསོ་བའི། །བྱ་བ་བསྟན་པའི་གནས་འདི་ནི། །བདུན་པ་གྲུབ་པའི་མཚན་ཉིད་ཡིན། །དང་པོ་རི་མོ་ལས་ཆེ་བརྟག །

Vol. 203 · folio 159a

དེ་རྗེས་ནད་ཀྱིས་འཆི་ལྟས་བསྟན། །ནད་མེད་འཆི་ལྟས་བསྟན་པ་དང་། །ཕོ་ཉ་ལ་སོགས་ལྟས་བསྟན་དང་། །ཕྱེ་མ་རྣམས་ཀྱི་ལེའུ་དང་། །སྨན་མར་དང་ནི་ཏིལ་མར་དང་། །དེ་བཞིན་སྨན་ཁུའི་ལེའུ་དང་། །མ་ཞུ་སྦྱང་བའི་སྦྱོར་བ་དང་། །སོ་སོར་

བཏུང་དང་རྗེས་སུ་བཏུང་། །མས་གཏོང་ལས་ཀྱི་ཆོ་ག་དང་། །སྣ་སྨན་རྣམས་ནི་བསྟན་པ་དང་། །འཇམ་རྩི་སྣ་ཚོགས་བསྟན་པ་དང་། །དེ་བཞིན་ཕྱི་ཡི་ལྡེ་གུ་དང་། །ཐལ་སྨན་ལན་ཚྭའི་ཆོ་ག་དང་། །འབྲས་བུ་གསུམ་དང་ཨ་རུ་ར། །གུ་གུལ་སྒོག་སྐྱའི་ཆོ་ག་དང་། །མི་ལ་

བརྟག་པ་དང་བཅས་པའི། །ཁུར་བསྟན་པ་ཡི་ལེའུ་དང་། །དེ་བཞིན་སྐྱེས་བུ་དང་བཅས་པའི། །ཤིང་རྟ་དང་སྦྱར་ཆོ་ག་དང་། །སྔགས་དང་བྱ་བའི་སྦྱོར་བ་དག །མཆོག་ཏུ་གསང་བ་ཉིད་ཡིན་ནོ། །དེ་ལྟར་གསང་བ་མཆོག་གྱུར་པའི། །གནས་ཀྱི་ལེའུ་ཡིན་ཤེས་བྱ། །གནས་བརྒྱད་ཡན་

ལག་བརྒྱད་དང་བཅས། །རྟ་ཡི་ཚེ་ཡི་རིག་བྱེད་མཆོག །མ་ལུས་འདི་ནི་ཚངས་པ་ཆེ། །ཞལ་བཟང་བཞི་དང་ལྡན་པས་བྱིན། །ལེགས་ལྡན་ཤ་ལི་ཧོ་ཏྲ་ཡིས། །དེ་སྐད་རྗེས་བསྟན་སྨྲས་པ་ཡིན། །ཤ་ལི་ཧོ་ཏྲའི་གནས་དང་པོ་ལས་ཚེའི་རིག་བྱེད་བྱུང་པའི་ཚུལ་བསྟན་བ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ།། །།

དེ་ནས་ཤ་ལི་ཧོ་ཏྲ་ཡིས། །ལེགས་ཐོས་ལ་ནི་ཡང་སྨྲས་པ། །སློབ་མ་སྦྱང་བ་ཞེས་བྱ་བ། །ལེགས་ཐོས་དེ་བཞིན་ང་ལས་ཉོན། །སློབ་མ་རིགས་བཟང་ཡན་ལག་ཚང་། །མཚན་ལྡན་དང་བར་བཅས་པ་བྱ། །བྲམ་ཟེ་སོགས་གསུམ་གང་ཡང་རུང་། །གཙང་མ་བླ་མས་སློབ་ཏུ་གཞུག །རྟ་

ལ་ཤིན་ཏུ་བརྩེ་བས་ན། །བྲམ་ཟེ་ལས་ནི་སློབ་མ་གཟུང་། །སྐྱེ་དགུ་སྐྱོང་ལ་བརྩོན་པ་ཡི། །རྒྱལ་རིགས་སློབ་མར་གཟུང་བར་བྱ། །དམངས་རིགས་རྣམས་ནི་གསོ་བ་ཡིས། །འཚོ་བ་ཚོལ་བས་དེ་ཡང་གཟུང་། །ཉི་མ་བྱང་འགྲོ་བསོད་ནམས་དུས། །གཟའ་ལ་མིག་དམར་ཉི་མ་དང་། །

ཚེས་དྲུག་བརྒྱད་དང་ལྔ་དང་བཅུ། །ཚེས་བཞི་ཚེས་ནི་བཅུ་བཞི་དང་། །ཚེས་གཅིག་དང་ནི་ཚེས་དགུ་ནི། །རིག་པ་རྩོམ་ལ་སྤང་བར་བྱ། །ཚེས་གྲངས་ལྷག་མ་ཤིས་པ་ཡིན། །གཞན་ཡང་སྐར་མ་ང་ལས་ཉོན། །གང་ཞིག་འཇམ་དང་མྱུར་བ་དང་། །གཡོ་དང་

Vol. 203 · folio 159b

གདུག་དང་སྨིན་དྲུག་དང་། །ཐ་སྐར་མ་གཏོགས་མི་རྣམས་ཀྱིས། །རིག་སློབ་རྩོམ་ལ་རྟག་ཏུ་ཤིས། །སྐར་མ་ཡང་ནི་འདི་རྣམས་དང་། །ཐང་ཅིག་ཀྱང་ནི་ཤིས་པ་དང་། །གཟའ་ནི་མ་སྨད་པ་རྣམས་དང་། །ཆུ་ཆོད་བཟང་ལ་བརྩམ་པར་བྱ། །དེ་ལྟའི་དུས་ནི་ཤིས་པ་ལ། །སློབ་

མ་གོས་གཙང་བགོས་པ་དང་། །བྲམ་ཟེ་མཆོད་ཕྱིར་ཐོགས་དཀར་བཏགས། །དྲི་ནི་དཀར་པོས་བྱུགས་པ་དང་། །ཕྲེང་བ་དཀར་བཏགས་མཁས་པ་དང་། །གོས་དཀར་བགོས་པ་འདོན་དུ་གཞུག །དེ་བཞིན་རྒྱལ་རིགས་རྣམས་ཀྱང་ནི། །ཆ་ལུགས་ཐམས་ཅད་དམར་བ་དང་། །

དེ་བཞིན་དམངས་རིགས་ཐམས་ཅད་སེར། །ལྷ་རྣམས་ཐམས་ཅད་བྱེད་དུ་གཞུག །བྲམ་ཟེ་ཡིས་ནི་ཚངས་པ་མཆོད། །རྒྱལ་རིགས་ཀྱིས་ནི་བརྒྱ་བྱིན་ཏེ། །དམངས་རིགས་ཀྱིས་ནི་རླུང་ལྷ་མཆོད། །བྱེ་བྲག་མེད་པར་ཀུན་གྱིས་ནི། །དབྱངས་ཅན་དེ་བཞིན་དཔལ་མོ་དང་། །ཤ་ལི་

ཧོ་ཏྲ་མཆོད་པར་བྱ། །དེ་རྣམས་ལ་ནི་མེ་ཏོག་སྤོས། །ཁ་ཟས་ཕུན་ཚོགས་ཀྱིས་མཆོད་ནས། །དེ་ཡི་འོག་ཏུ་ས་བེ་ཏྲ། །མེ་ལ་མར་གྱིས་ཚིམ་པར་བྱས། །བྲམ་ཟེ་རྣམས་ལ་ཁ་ཟས་སྦྱིན། །དེ་ནས་བུ་གཅིག་ཡོན་བྱས་པས། །སློབ་དཔོན་ལ་ནི་ཡོན་བྱིན་ཏེ། །ས་ཕྱོགས་དག་ཅིང་བརྒྱན་པ་

རུ། །སློབ་མ་ནུབ་ཏུ་བལྟས་ནས་ནི། །སློབ་དཔོན་ཤར་དུ་བལྟས་ཏེ་བརྗོད། །རྟག་ཏུ་ལས་ལ་བརྩོན་པ་ཡི། །བུ་ཁྱོད་ཀྱིས་ནི་བསླབ་པར་བྱ། །སྲོག་གིས་ཀྱང་ནི་བླ་མ་ངག །མཉེས་པར་བྱན་ནོར་ཅི་སྨོས། །བླ་མ་བྲམ་ཟེ་ས་བདག་ལ། །བུ་ཡིས་འཁུ་བར་མི་བྱ་སྟེ། །ཁྱོད་ཀྱིས་རྟ་རྣམས་

ལ་ཡང་ནི། །འཁུ་བར་ནམ་ཡང་མི་བྱའོ། །ང་ཡི་ཁ་ལས་གང་ཟོས་པ། །དེ་ནི་བུ་ཡིས་འབད་དེ་སློབས། །དེ་བཞིན་ཕོངས་པར་གྱུར་ཀྱང་ནི། །གླེགས་བམ་ལས་རེ་སློབ་མི་བྱ། །གླེགས་བམ་ལས་ནི་གང་བསླབས་དེ། །འཇིག་རྟེན་གཉིས་ཀ་དག་དང་འགལ། །དང་པོ་འདི་དག་ཐམས་

ཅད་ནི། །གསོ་བ་བུ་ཡིས་བསླབ་པར་བྱ། །མ་བསླབས་པ་ནི་སྤངས་ནས་ཀྱང་། །གང་སྨྲས་འདི་ནི་མཉན་པར་གྱིས། །བཅོ་ལྔ་གཉིས་དང་བཅུ་བཞི་གཉིས། །ཚེས་བརྒྱད་དང་བཅས་ས་འགུལ་དང་། །བུ་བཙས་ཤིང་དྲུང་ཉིད་དང་ནི། །མི་གཙང་བས་ནི་ཁྱབ་གནས་དང་། །བདག་

Vol. 203 · folio 160a

ཉིད་མི་གཙང་བ་ཉིད་དང་། །ནད་ཀྱིས་སེམས་ནི་རྨོངས་པ་དང་། །རླུང་ནི་ཆེན་པོ་རྒྱུ་བ་དང་། །དེ་བཞིན་འབྲུག་སྒྲ་སྒྲོགས་པའི་ཚེ། །འདི་བསླབ་པ་ནི་སྤང་བྱས་ལ། །བུ་ཡིས་བསྟན་བཅོས་གཟུང་བར་བྱ། །བསྟན་བཅོས་གཟུང་བ་བྱས་ནས་ནི། །བསྟན་བཅོས་དོན་ནི་གཟུང་བར་

གྱིས། །བསྟན་བཅོས་དོན་ནི་གཟུང་བྱས་ནས། །དེ་འོག་ལས་ལ་གོམས་པར་གྱིས། །བསྟན་བཅོས་ཤེས་པ་འབའ་ཞིག་ལ། །ལས་ཀྱི་བྱ་བ་ཙམ་མཐོང་བ། །གསོ་བའི་ལས་ལ་འཇུག་པར་ནི། །དེ་དག་གཉི་ཀ་དོན་མེད་འགྱུར། །གསོ་བའི་ལས་ལ་འཇུག་པ་ན། །ཁྱོད་ཀྱིས་

རྟ་ནི་རྟག་ཏུ་སྐྱོངས། །མི་བཟད་ནད་ཀྱིས་ཉེན་ན་ཡང་། །ཁྱོད་ཀྱིས་སྤང་བར་མི་བྱའོ། །རྟ་གང་གསོར་ནི་མི་རུང་བ། །དེ་ཡང་རིགས་པས་གསོ་བར་བྱ། །མ་གསོས་ན་ནི་ངེས་པར་འཆི། །གསོས་ཀྱང་ངེས་པ་མེད་གྱུར་པའི། །ནད་ཀྱིས་གདུངས་པར་གྱུར་པ་གང་། །ནད་ནི་གཞན་ལ་འགོ་བར་

འགྱུར། །བསྟན་བཅོས་ལས་དེ་སྤང་བར་བཤད། །སྤང་ཚུལ་དེ་ཡང་ང་ལས་ཉོན། །དེ་ནི་རྟ་བྲེས་ལས་རིང་བར། །སྲུང་མ་དང་བཅས་གཞག་པར་བྱ། །ན་བའི་རྟ་ནི་གང་ཡང་རུང་། །གཏན་སྤང་བ་ནི་རིགས་མ་ཡིན། །ནད་དང་སྦེགས་དང་རྒས་པའི་རྟ། །གཏན་སྤང་བྲམ་ཟེ་གསོ་

དང་མཚུངས། །རྟ་ནི་མཚན་ཉིད་ངན་གྱུར་པ། །ཉོ་བའི་དུས་སུ་བླང་མི་བྱ། །གང་ཞིག་རང་གི་ཁྱིམ་དུ་སྐྱེས། །བྲམ་ཟེ་གཞན་ཡུལ་པ་ལ་སྦྱིན། །ལྟས་ངན་བྱུང་བར་གྱུར་ན་ནི། །འདི་ཉིད་སྦྱིན་པ་གཏང་བར་བྱ། །མི་འཚེ་བ་ནི་ཚེ་སྐྱི་མཆོག །སེམས་ཅན་ལ་བརྟག་བརྩེ་བྱ་ཞིང་། །

དེ་བས་ཅི་ཙམ་གསོ་ནུས་པ། །དེ་ཙམ་ཞིག་ནི་གཞག་པར་བྱ། །བདེ་བར་འཇོག་པར་ནུས་གྱུར་ལས། །ལྷག་པར་འཇོག་པ་འབད་མི་བྱ། །རྟ་ནི་སྡུག་བསྔལ་བར་བཞག་ན། །ཆོས་དོན་འདོད་པ་འཇོམས་པར་འགྱུར། །གཞན་ཡང་རྒྱལ་པོའི་ས་སྐྱོང་བའི། །བྱ་བ་རྟ་ལ་རག་ལས་

པས། །དེ་ལ་ཁྱེད་ཀྱིས་གུས་བྱ་ཞིང་། །དེ་བཞིན་སློབ་དཔོན་བླ་མ་དང་། །བྲམ་ཟེ་ལ་ཡང་གུས་པར་བྱ། །དེས་ནི་ཁྱེད་ཀྱིས་དཔལ་ཐོབ་འགྱུར། །དེ་ལས་གཞན་དུ་བྱེད་ན་ནི། །ལྟུང་ལས་ཉེ་བར་ལྟུང་བར་འགྱུར། །དམྱལ་བར་རང་ནི་ལྟུང་བ་དང་། །ངེས་པར་ལྡན་པ་ཉིད་དུ་

Vol. 203 · folio 160b

འགྱུར། །དམ་པའི་ལམ་ལ་གནས་ན་ནི། །གྲགས་དང་བསོད་ནམས་ཚེ་རིང་དང་། །ཆོས་དོན་འདོད་པ་མ་ལུས་པའི། །དཔལ་མཆོག་འབད་པ་མེད་པར་འཐོབ། །དེ་སྐད་བརྗོད་ནས་སློབ་མ་ཡིས། །ཁས་བླང་དེ་རྗེས་སློབ་དཔོན་གྱིས། །དུས་ཤིས་པ་ལ་མ་ཡེངས་པར། །སློབ་

མ་དེ་ནི་སློབ་ཏུ་གཞུག །དེ་ཡི་འོག་ཏུ་རྒྱུན་དུ་ནི། །མཁས་པ་རྟག་ཏུ་བརྩོན་པ་ཡིན། །བྱ་བ་ཅི་བཞིན་རྫོགས་བར་དུ། །སློབ་མ་དེ་ནི་སློབ་ཏུ་གཞུག །དེ་ལྟར་རིག་པ་བྱིན་པ་ཡིས། །བླ་མས་སློབ་མར་བསླབ་པ་ཡིན། །སློབ་དཔོན་དང་ནི་སློབ་མ་དག །འདོད་འཇོ་བ་

ལྟར་ཟད་མེད་འགྱུར། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་སློབ་མ་སྦྱང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཤ་ལི་ཧོ་ཏྲས་བུ། །ལེགས་ཐོས་ལ་ནི་ཡང་སྨྲས་པ། །གང་ཕྱིར་འདི་ནི་དཔལ་མོའི་བུ། །དེ་ཕྱིར་མཆོག་ཏུ་བཀྲ་ཤིས་ཡིན། །གཞན་ཡང་རྟ་ཡི་མཆོད་སྦྱིན་

ལ། །རྟ་ནི་དགོས་པ་ཉིད་ཡིན་པས། །དེ་བས་ཤིན་ཏུ་དག་བྱེད་དེའང་། །འདི་ནི་བཀྲ་ཤིས་དམ་པ་ཡིན། །རི་དགས་དང་ནི་ཐག་རིང་འགྲོ། །དེ་བཞིན་གཡུལ་གྱི་ལས་རྣམས་ལའང་། །རྒྱལ་པོ་རྒྱལ་བྱེད་པ་ཡི་རྒྱུ། །རྟ་ལས་མཆོག་གྱུར་ཡོད་མ་ཡིན། །རྟ་ཡི་མཆོད་སྦྱིན་དག་ལ་

ནི། །སྐྱེ་དགུའི་བདག་གིས་ལོངས་སྤྱོད་ཅིག །དེ་བས་མཆོད་སྦྱིན་ཐམས་ཅད་ལ། །དེ་ནི་སྤྱད་བྱ་ཉིད་ཡིན་ནོ། །དེ་ཕྱིར་ཤིན་ཏུ་གཙང་བས་ན། །ཀུན་ལ་རྗེས་སུ་གནང་བ་ཡིན། །དེ་ཕྱིར་ཚངས་པ་མ་གཏོགས་པ། །ཐམས་ཅད་ཀྱི་ནི་ཟས་མ་ཡིན། །རྟ་ཡི་མཆོད་སྦྱིན་ལས་

ལྷག་པའི། །དག་བྱེད་མི་ལ་ཡོད་མིན་པས། །རྟ་མ་གཏོགས་པར་ས་གསུམ་ན། །བཀྲ་ཤིས་མཆོག་གཞན་ཡོད་མ་ཡིན། །རྣག་ཅན་མྱུར་འགྲོ་ལམ་ལས་རྒྱལ། །འགྲོས་ལེགས་འཕྲོག་བྱེད་ལས་རྫོགས་དང་། །མགྱོགས་དང་མགྱོགས་འགྲོ་མྱུར་འགྲོས་ཅན། །དཔལ་

མོའི་བུར་ཡང་བཤད་པ་ཡིན། །འཇིག་རྟེན་ན་ནི་སྣ་ཆེ་བས། །དེ་ནི་སྣ་ཅན་ཞེས་བྱར་བཤད། །རྟག་ཏུ་འགྲོ་བས་མགྱོགས་འགྲོ་ཡིན། །ལམ་དུ་རྒྱལ་བས་ལམ་ལས་རྒྱལ། །འགྲོས་ལེགས་ལྡན་པས་འགྲོས་ཅན་ཡིན། །དབང་མེད་ཁྱེར་བས་འཕྲོག་བྱེད་དེ། །ལས་

Vol. 203 · folio 161a

རྣམས་རྫོགས་པར་བྱེད་ནུས་པས། །ལས་རྫོགས་ཞེས་ནི་ཚངས་པས་བཤད། །མགྱོགས་པ་དང་ནི་མགྱོགས་འགྲོ་དང་། །དེ་བཞིན་མྱུར་འགྲོ་ཅན་ཞེས་པ། །དེ་ནི་མགྱོགས་པ་ཁོ་ནར་བཤད། །འདི་དག་ངེས་ཚིག་ཚལ་ཡིན་ནོ། །རྟ་ནི་དཔལ་མོའི་

བུ་ཡིན་པས། །དཔལ་མོའི་བུ་ཞེས་བཤད་པ་ཡིན། །མཚན་དང་རིགས་ནི་བཟང་བ་དང་། །དཔའ་པོས་བཞོན་ཞིང་བྱང་བ་ཡི། །རྟ་ནི་སྟོང་གིས་ས་བཞི་དག །མ་ལུས་པ་ལས་རྒྱལ་བར་ནུས། །མཚོན་ཐོགས་པ་ཡིས་མི་ཐུབ་པའི། །གནས་དེར་སྟོབས་ཆེ་བ་ཡི་རྟས། །འཕྲལ་

དུ་རྒྱལ་བར་ནུས་པ་ཡིན། །དེ་ཕྱིར་ཁྱེད་ཀྱིས་དེ་ལ་ནི། །ཤིན་ཏུ་གུས་ཤིང་བརྩེ་བར་བྱ། །རྒྱལ་པོ་སྨན་པའི་ཆོས་དོན་དང་། །ཕུན་ཚོགས་པ་ཡང་གཞན་ལས་མིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་ངེས་པའི་ཚིག་གི་ལེའུ་སྟེ་གསུམ་པའོ།། །།ཤ་ལི་ཧོ་ཏྲ་

བློ་གྲོས་ཆེ། །རྟ་ཡི་གནས་ན་འདུག་པ་ལ། །ལེགས་ཐོས་ཐོས་པ་ཕུན་ཚོགས་པས། །སླར་ཡང་ཕ་ལ་དྲིས་གྱུར་པ། །རྟ་ནི་ཅི་ལྟར་བྱུང་བར་གྱུར། །མཆོད་སྦྱིན་འཚམ་པ་ཅི་ལྟར་འགྱུར། །དེ་ནི་དང་པོར་རྒྱལ་པོ་དག །གང་གི་བཞོན་པ་ཉིད་དུ་འགྱུར། །དེ་ཡི་རིགས་བཞི་ཅི་ལྟ་བུ། །

དེ་ལྟ་བུར་ནི་ཅི་ལྟར་འགྱུར། །ཅི་ཡི་ཕྱིར་ནི་དེ་འདྲར་འགྱུར། །དེ་དག་ཤེས་པར་འཚལ་ལགས་སོ། །དེ་ཡི་ཚིག་ནི་ཐོས་པ་དང་། །ཤ་ལི་ཧོ་ཏྲས་སྨྲས་གྱུར་པ། །འདི་ན་རྒྱལ་པོའི་ཆོས་ཀྱི་མཆོག །ས་རྣམས་ཡོངས་སུ་སྐྱོང་བ་ཡིན། །དེ་ཡང་དཔུང་གིས་བྱེད་པར་ནུས། །དཔུང་

གི་མཆོག་ནི་རྟ་རྣམས་ཡིན། །དེ་ཕྱིར་རང་དོན་ལ་མཁས་པའི། །རྒྱལ་པོའི་ཆོས་དོན་འདོད་དོན་དུ། །ཡང་ཡེ་རྣམ་པ་ཐམས་ཅད་དུ། །འབད་དེ་རྟ་རྣམས་བསྲུང་བར་བྱ། །ཆོས་དང་གྲགས་འདོད་སྨན་པ་ནི། །བསྟན་བཅོས་མཁས་གྱུར་པས་ཀྱང་བསྟེན། །དེ་བས་དེ་

རྣམས་ལྷ་དང་ནི། །མི་ནི་ཇི་ལྟར་བྱུང་བ་བཤད། །རིགས་དང་ཉེ་བའི་རིགས་དང་ཚེ། །ན་ཚོད་ཤིས་དང་མི་ཤིས་དང་། །གཙུག་དང་གདོང་དང་ཐིག་ལེ་དང་། །འཚེར་དང་འགྲོས་ཀྱི་རིམ་པ་དང་། །མཚན་ངན་གཉེན་པོ་མཆན་ཁུང་དང་། །འབྱུང་དང་བཞོན་

Vol. 203 · folio 161b

བའི་བྱ་བ་དང་། །ནད་མེད་ནད་ནི་རྒྱས་པ་དང་། །རྣ་བ་རྣམས་ཀྱི་སྨན་དང་ནི། །དེ་བཞིན་སྨན་ནི་བྱུང་བ་ཡི། །གོ་རིམས་ཅི་བཞིན་ཉིད་དང་ནི། །སྤུ་མདོག་མདོག་འདྲེས་ཁྱད་པར་དང་། །སྤུ་མདོག་དག་དང་མིག་དག་དང་། །རང་བཞིན་སྙིང་སྟོབས་དག་དང་ནི། །སྟོན་ཀ་

སྐྱེས་པའི་མཚན་ཉིད་དེ། །འདི་དག་ཐམས་ཅད་མདོར་བསྡུས་ནས། །ཁྱེད་ལ་ལེགས་པར་བཤད་པར་བྱ། །ལྷ་རྣམས་ཀྱིས་ནི་མངལ་སྐྱེས་དང་། །མངལ་མེད་བྱུང་བ་གཉིས་སུ་བཤད། །སྔོན་ཚེ་འཇིག་རྟེན་ཞིག་གྱུར་ཅིང་། །འཇིག་རྟེན་འདི་ནི་མེད་པའི་ཚེ། །འབྱིན་བྱེད་

མེ་ལ་སྦྱིན་སྲེག་ནི། །བྱས་པས་དང་པོར་ཚངས་པ་དང་། །རྟ་ཕོ་དེ་རྗེས་རྒོད་མ་མཆོག །རང་གི་སྐྱེ་གནས་དག་ཏུ་བསྐྱེད། །གཞན་ཡང་སྐྱེ་དགུའི་བདག་མོ་ཡི། །མཆོད་སྦྱིན་ལ་ནི་ཚངས་པ་ཡི། །མཆི་མ་བྱུང་བ་དཔལ་མོ་ནི། །དགའ་བས་སྙིམ་པ་སྦྱར་བས་བླངས། །དེ་

ཡི་ཡན་ལག་ལས་བྱུང་སྟེ། །རྟ་རྣམས་བྲམ་ཟེའི་རིགས་སོགས་གྱུར། །ཁ་དང་དཔུང་པ་བརླ་གཉིས་དང་། །རྐང་པ་གཉིས་ལས་གོ་རིམས་བཞིན། །གཡས་གཡོན་ལས་ནི་ཕོ་མོ་སྟེ། །ཚངས་པ་ལས་རྟ་དེ་ལྟར་སྐྱེས། །འོ་མའི་རྒྱ་མཚོ་བསྲུབས་པའི་ཚེ། །རྟ་དང་བདུད་རྩི་ལྷན་

ཅིག་བྱུང་། །དེ་མིང་ཨུ་ཙ་སྲ་བ་སྟེ། །སྒྲ་ནི་སྤྲིན་ཆེན་ལྟ་བུ་ཡིན། །རྒྱ་མཚོ་དེ་ལས་ནམ་མཁའ་ལ། །ཤུགས་ཀྱིས་རྣམ་པར་འགྲོ་བ་ན། །ལྷ་མིན་སྟོབས་དང་ལྷ་འཁྲུག་པས། །ཕྱི་རྐང་གཉིས་ནི་བཟུང་བར་གྱུར། །སྟོབས་ཆེན་སྟོབས་ལྡན་གྱིས་དྲངས་པས། །དཔྱི་ནི་ཅུང་ཟད་

ཉམས་པར་གྱུར། །དེ་བས་རྟ་རྣམས་ད་རུང་མི། །དཔྱི་ནི་མྱུར་བར་མི་འདེབས་ཤིང་། །ངལ་སོ་བ་ན་རྐང་པ་ནི། །ཕྱི་མ་རེས་ཀྱིས་དལ་བར་འདེགས། །ཚངས་པའི་བུར་གྱུར་གཏུམ་པོ་ནི། །དམོད་པ་ཡིས་ནི་འུག་པར་གྱུར། །ཡིད་འོང་ཡིད་ཀྱི་མཆོད་སྦྱིན་ནི། །རི་དགས་མོར་གྱུར་དེ་

གཉིས་འདུས། །དེ་ལ་སྒོ་ང་སྣ་ཚོགས་པ། །དུ་མ་བྱུང་བར་གྱུར་བ་ཡིན། །ལྟེ་བ་མན་ཆད་མེས་གདུངས་པའི། །རྡུལ་ནི་ཐལ་བར་འཛག་གྱུར་པ། །དེ་ལས་ཀྱང་ནི་ཁ་དོག་རྣམས། །ཐ་དད་བོང་ཕོ་བོང་མོར་གྱུར། །སྒྲ་སྐད་རྩུབ་ཅིང་རྣོ་བ་དང་། །རང་བཞིན་རྩུབ་ཅིང་རྐང་པ་རྩུབ། །དེ་ཡང་

Vol. 203 · folio 162a

རྟ་དང་ལྷན་ཅིག་བྱུང་། །སྐྱེ་དགུའི་བདག་གི་གནས་ན་འདུག །དེ་ནས་དེ་དག་རྨོངས་པ་ཡིས། །དེ་ཡི་སྦྱིན་སྲེག་ཁང་པ་བརླག །དེས་ནི་དེ་ལ་བསད་དང་བཅིངས། །སྒྲོ་བཅད་རྩྭ་ནི་ཟ་བ་དང་། །ལྷ་དང་མི་ཡི་བཞོན་པ་ནི། །ཉིད་གྱུར་ཅིག་ཅེས་དམོད་པ་

བཏབ། །རྟ་དེ་ཡིད་ནི་ཁུམས་གྱུར་ནས། །སྐྱེ་དགུའི་བདག་ལ་གསོལ་བ་བཏབ། །དེ་ནས་དེ་ལ་མགུ་གྱུར་ནས། །མཆོག་འདི་ཐོབ་པར་གྱུར་བ་ཡིན། །རྟ་ཡི་མཆོད་སྦྱིན་ལ་བསད་དང་། །གཡུལ་དུ་གཡོ་བར་གྱུར་པ་དང་། །ལེགས་པར་སྦྱིན་པ་བཏང་པ་ན། །བསོད་ནམས་ཁྱེད་ཀྱིས་

ཐོབ་གྱུར་ཅིག །དེ་བཞིན་དུ་ནི་ཡོན་གནས་ཀྱི། །མཆོག་ཉིད་དུ་ནི་རྟ་གྱུར་ཅིག །དད་པས་དགེ་སྦྱོང་བྲམ་ཟེ་ལ། །རྟ་རྣམས་བྱིན་པར་གྱུར་ན་ནི། །རྟ་ཡི་བ་སྤུ་ཇི་སྙེད་པར། །ལྷ་ཡུལ་དུ་ནི་སྐྱེ་བར་འགྱུར། །སྦྱིན་པ་བཏང་པའི་རྟ་ཡང་ནི། །འགྲོ་བའི་མཆོག་ཏུ་འགྱུར་བ་ཡིན། །དེ་ནས་

སྐྱེ་དགུའི་བདག་པོ་ཡིས། །ཚིག་གིས་འདུས་ནས་ཁ་བ་ཅན། །ཤ་ལི་ཧོ་ཏྲ་ལ་འཁུར་ཞིང་། །དྲང་སྲོང་རྣམས་དང་ལྷན་ཅིག་རྩེ། །སྟོབས་ལྡན་ཨུ་ཙ་སྲ་བ་ནི། །ཞོན་ནས་ལྷ་རྣམས་གཟིར་བར་བྱེད། །ལྷ་ཀུན་མངོན་མཐོ་འདོད་པ་ཡིས། །ཤ་ལི་ཧོ་ཏྲ་ལ་གསོལ་བཏབ། །དེ་ནས་

ལྷ་ལ་བཞོན་པའི་ཕྱིར། །ཇི་ལྟར་འདོད་པ་བཞིན་དུ་བྱིན། །ཟླ་བ་ལ་དཀར་ལྷ་ཆེན་ལ། །ལྗང་གུ་ཁྱབ་འཇུག་ལ་རྟ་སེར། །མརྐ་ཏ་མདོག་འདྲ་ཉི་མ་ལ། །མེ་ལྷ་ལ་དམར་གཤིན་རྗེ་ནག །པདྨ་དཀར་འདྲ་ཆུ་ལྷ་ལ། །སྔོ་དང་ཁྲ་བོ་ཐ་སྐར་གྱི། །བུ་གཉིས་དམར་པོ་རླུང་ལྷ་ལ། །ལྷ་

རྣམས་གཞན་ལ་སྣ་ཚོགས་པ། །རང་རང་ཇི་ལྟར་དགའ་བ་ནི། །འདི་འདྲ་ཡིད་འཕྲོག་བྱེད་པ་བྱིན། །ལག་མའི་རྟ་ནི་སྐྱེ་དགུའི་བདག །ཡིད་ཆེས་བྱས་པས་བླངས་ནས་ནི། །དེ་ཡིས་མི་ཡི་རྒྱལ་པོ་ལ། །ཅི་རིགས་བར་ནི་བགོས་ཏེ་བྱིན། །གཤོག་པ་བཅད་པས་དེ་རྣམས་ནི། །

ན་གྱུར་སླར་ཡང་མེ་ཡིས་བསྲེགས། །ནད་གདུངས་ཤ་ལི་ཧོ་ཏྲ་ལ། །འཁུས་པར་གྱུར་ཏེ་ཁྲོ་བ་ཡི། །མཆེ་བ་བཅད་ནས་སྟོབས་ཀྱིས་ནི། །དེ་གཉིད་ལོག་པ་བཟའ་སྙམ་ན། །དེ་ཚེ་དྲང་སྲོང་མི་སྣང་གྱུར། །དེ་ནས་རྟ་རྣམས་ཟོས་སྙམ་ནས། །དགའ་བས་རྟ་སྤངས་འབྱིན་ཅིང་སྣོམ། །

Vol. 203 · folio 162b

དེ་ཕྱིར་རྟ་རྣམས་ད་རུང་ཡང་། །རྟ་སྤངས་བཏང་ནས་སྣོམ་པར་བྱེད། །སྐྱེ་དགུའི་བདག་གི་ཁྱིམ་བདག་ཚེ། །ཧ་ཧ་ཟེར་བས་ཧ་ཡར་བཤད། །བྱ་ལྟར་གཤོག་པ་མགྱོགས་འགྲོ་བས། །མགྱོགས་འགྲོ་ཞེས་ནི་བཤད་པ་ཡིན། །ལམ་རྫོགས་མགྱོགས་པས་བྱེད་པ་ནི། །འཕྲོག་

པ་འཚེར་བ་ཉིད་ལའང་བྱ། །ལྷ་རྣམས་ཀྱིས་ནི་རྟ་བྱུང་བ། །རྣམ་པ་བཞི་སྟེ་དུ་མའང་ཡིན། །བོང་བུ་རྒོད་མ་ལ་དྲེའུ། །བོང་བུ་བས་ནི་བཟང་བར་འདོད། །དྲེའུ་ལས་སྐྱེས་ཀི་ན་ཡིན། །དེ་ལས་སྐྱེས་པ་ཀི་ས་ཏ་ཏ། །ཀི་ས་ཏ་ཏའི་བུ་ཆུ་བུར་ཅན། །ཆུ་བུར་ཅན་བུ་བོང་བུར་གྱུར། །

རང་དང་རྟ་ཡི་སྐྱེ་གནས་ཏེ། །བོང་བུའི་སྐྱེ་གནས་གཉིས་སུ་འདོད། །བོང་བུ་དང་ནི་རྟ་སོགས་ལ། །ལུགས་སུ་འབྱུང་དང་ལུགས་ལས་བཟློག །དེ་ལྟར་རིགས་ཀྱི་དབྱེ་བ་འདི། །གོ་རིམས་བཞིན་དུ་བརྗོད་པ་ཡིན། །རྟ་རྣམས་ཀྱི་ནི་འབྱུང་བ་དག །སླར་ཡང་འོད་ཆེན་བཀའ་སྩོལ་ཅིག །

འོ་མའི་རྒྱ་མཚོ་ལས་བྱུང་ཉིད། །ཐམས་ཅད་ཤེས་པར་འཚལ་ལགས་སོ། །བུ་ཡིས་དེ་ལྟར་དྲིས་པ་དང་། །ཤ་ལི་ཧོ་ཏྲས་སྨྲས་པ་ནི། །སྐྱེ་དགུ་དང་པོ་བྱུང་བའི་ཚེ། །འཚོ་བའི་འཇིག་རྟེན་བདེ་གནས་གྱུར། །དེ་རྗེས་ལྷ་དང་ལྷ་མིན་གྱི། །འཇིག་རྟེན་ཀུན་ལ་ཚངས་པ་ཡིས། །འཇིག་རྟེན་

ཐམས་ཅད་ཁྱབ་བྱེད་པའི། །སྐོམ་གྱིས་གདུངས་པ་ཉིད་དུ་བྱས། །འཇིག་རྟེན་པ་ཡི་སྲོག་ཆགས་རྣམས། །སླར་ཡང་རྒྱུག་ཅིང་འགྲོ་བར་བྱེད། །ལྷ་དང་ལྷ་མིན་ཤ་ཟ་དང་། །ལྟོ་འཕྱེ་སྲིན་པོ་དེ་རྣམས་ཀྱང་། །སྟོབས་དང་ལྡན་པའི་སྐོམ་གྱིས་ནི། །གདུངས་བས་ཉེ་བར་ཟིན་པར་གྱུར། །ལྷ་

དང་ལྷ་མིན་ཁ་ཟས་དང་། །མལ་སྟན་ལ་ནི་དགའ་མེད་གྱུར། །དེ་རྣམས་དེ་ལྟར་སེམས་པ་ན། །དེ་ཡི་ཚེ་ན་བློ་སྐྱེས་པ། །གང་འདི་ཆུ་ཡི་སྙིང་པོར་ནི། །གནས་དེར་བདག་ཅག་སྐོམ་སེལ་གྱུར། །དེ་ནས་རི་བོ་མནྡཱར། །གྲགས་ལྡན་སྲུབ་ཤིང་ཉིད་དུ་བྱས། །ཀླུ་ཡི་རྒྱལ་ཆེན་མཐའ་

ཡས་ནི། །སྲུབ་ཟག་ཏུ་ནི་ཡང་དག་སྦྱར། །དེར་ནི་ཕྱོགས་གཅིག་ལྷ་རྣམས་ཏེ། །ཕྱོགས་གཅིག་ཏུ་ནི་ལྷ་མིན་གནས། །སྲུབ་ཐག་འདྲེན་ཞིང་མཚོ་ཆེན་ནི། །འཇིགས་པའི་སྒྲ་རྣམས་བསྲུབས་པ་ན། །མཚོ་ཆེན་དེར་ནི་ལྷ་དང་མིའི། །སྨན་ནི་རྩ་བ་ལོ་མ་དང་། །འོ་མར་བཅས་པ་བསྡུས་ནས་ནི། །

Vol. 203 · folio 163a

ཐམས་ཅད་བཅུག་པ་ཉིད་དུ་འགྱུར། །གཟི་བརྗིད་ཆེ་ཞིང་གཟི་བརྗིད་ཅན། །རོ་ལ་སོགས་པ་འབྱུང་ཞིང་དགེ །མེ་ཏོག་སེར་དང་གོ་སྲིང་གི །དེ་བཞིན་སོར་མོ་ལ་སྤྱོད་དང་། །མདངས་ལྡན་ཛཱ་ཏི་ས་ར་དང་། །འཚོ་བྱེད་འཆི་བ་གསོ་བྱེད་དང་། །དེ་བཞིན་རྨ་འཚོ་བྱེད་ལ་

སོགས། །གཞན་ཡང་ཚངས་བས་གང་སྤྲུལ་བའི། །བཅུ་དང་མཐུ་སྟོབས་བསམ་མི་ཁྱབ། །སྨན་རྣམས་མཚོ་ཆེན་དེར་བཅུག་སྟེ། །རྒྱ་མཚོ་བསྲུབས་པར་གྱུར་པ་ན། །དེ་ཚེ་དང་པོ་ཁོ་ནར་ནི། །དཔལ་མོ་ལ་སོགས་བྱུང་པར་འགྱུར། །གང་གིས་ནང་པར་བརྗོད་ན་ནི། །རྨི་ངན་

ལ་སོགས་འཇིག་བྱེད་པའི། །དགེ་བ་ཞེས་བྱའི་རིན་པོ་ཆེ། །བརྒྱད་ནི་ཆུ་ལས་བྱུང་བར་གྱུར། །ཉི་མ་བཞོན་པའི་ཤིང་རྟ་ནི། །འདྲེན་པའི་རྟ་དང་ལྷ་ཡི་ཆང་། །དེ་བཞིན་ནོར་བཟང་ཀོ་ཐུབ། །ནོར་བུའི་རྣ་ཆ་བཟང་པོ་དང་། །བདུད་རྩི་ཞེས་བྱའི་སྨན་དང་ནི། །བདུད་རྩི་ཉིད་ཀྱང་བྱུང་བར་

འགྱུར། །བསྟན་བཅོས་ཐམས་ཅད་འཛིན་པའི་མཆོག །སྨན་པ་ཐང་ལ་འབར་དང་ནི། །སྒྲ་མཐོ་ཞེས་ནི་བྱ་བ་རྟ། །སྙིང་སྟོབས་ཆེ་ཞིང་སྟོབས་ཆེ་ལ། །འབྲུག་དང་རྔ་ཡི་སྒྲ་དང་ནི། །དུང་དང་རྔ་ཆེན་སྒྲ་འདྲ་བ། །གང་ཞིག་སྐད་གསང་མཐོན་པོ་ཡིས། །སྒྲ་དེས་མིང་དུ་བཏགས་པ་ནི། །

དེ་ཚེ་ལྷ་དང་ལྷ་མིན་གྱིས། །སྒྲ་མཐོ་ཞེས་ནི་བྱ་བར་བཏགས། །སྤྲིན་དཀར་གྱི་ནི་མདོག་འདྲ་ཞིང་། །མགྱོགས་ཤིང་བདུད་རྩི་ལས་བྱུང་བ། །མདངས་ལྡན་རྒྱ་མཚོ་ཆེན་པོ་ལས། །བྱུང་སྟེ་མཁའ་ལ་འགྲོ་བར་བྱེད། །སྟོབས་ལྡན་ཞེས་བྱའི་སྣང་བྱེད་བུས། །དེ་ཡི་རྐང་པ་གཉིས་

ལས་བཟུང་། །དེ་ཚེ་ལྷ་མིན་ཐམས་ཅད་ཀྱིས། །མནྡཱར་དང་དེ་བཞིན་དུ། །ཀླུ་ཡི་རྒྱལ་པོ་བོར་ནས་ནི། །རྟ་ཡི་རིན་ཆེན་ལ་འཇུས་ཏེ། །འོ་མའི་རྒྱ་མཚོ་སྤངས་ནས་ནི། །ས་གཞི་འདིར་ནི་ཕྱིན་པར་གྱུར། །ལྷ་མིན་བུམ་པ་མཉམ་པ་དང་། །དེ་བཞིན་སེམས་རབ་འཕགས་པ་དང་། །

མེ་འདྲ་བ་དང་འདོད་ལྷ་དང་། །གནོད་སྐྱོབས་གསེར་མདོག་ཅེས་བྱ་བ། །ཆུ་བུར་ཟླུམ་པོ་ཞེས་བྱ་བས། །སྟོབས་ལྡན་ལ་ནི་ཚིག་འདི་སྨྲས། །གང་གིས་དཔལ་ཐོབ་འགྱུར་པ་ཡི། །དོན་གཉེར་རིན་ཆེན་ཐོབ་པས་ན། །བདག་ཅག་ལྷ་དང་མི་རྣམས་ལ། །འཇིགས་བ་འབྱུང་བར་མི་འགྱུར་རོ། །

Vol. 203 · folio 163b

རྟག་པར་རབ་ཏུ་དགའ་བྱེད་ཅིང་། །ཐམས་ཅད་སྟོབས་ཀྱིས་དྲེགས་པ་དང་། །ལྷ་མིན་སྐྱེས་བུ་ཐམས་ཅད་ནི། །དགའ་ཞིང་མགུ་བ་ཉིད་དུ་བྱ། །དེ་ནས་སྟོབས་ལྡན་ཡིད་དགའ་བས། །དེས་ནི་ལྷ་རྣམས་ལ་སྨྲས་པ། །རྒྱ་མཚོ་ཆེན་པོ་བསྲུབས་པ་ལས། །རིན་ཆེན་གང་ཞིག་ཐོབ་གྱུར་པ། །དེ་

ནི་བ་ལ་བྱིན་པས་ན། །གཞན་གྱིས་དེ་རྙེད་འོན་མ་ཡིན། །ལྷ་རྣམས་ཀྱིས་ཀྱང་ཚིག་སྨྲས་པ། །བདག་ཅག་གི་ཡང་རྩལ་ཡིན་པས། །རིན་ཆེན་ཁྱོད་ནི་གཅིག་བུའི་མིན། །ཁྱེད་དང་བདག་ཅག་ཐུན་མོང་ཡིན། །དེ་ནས་ལོ་ནི་ཁྲི་ཡི་བར། །སྐར་མའི་ཚད་ཀྱིས་གཡུལ་འབྱེད་དེ། །ལྷ་དང་ལྷ་མིན་

གཡུལ་ངོར་ནི། །དཔུང་ཚོགས་ལྡང་ཞིང་ལྡང་ཞིང་འཐབ། །དེ་ཚེ་སྟོབས་ལྡན་སྒྲ་མཐོ་བའི། །སྟོབས་མགྱོགས་ལྡན་པའི་རྟ་ཞོན་ནས། །ལྷ་རྣམས་ཀྱི་ནི་དཔུང་གི་ཚོགས། །ཆེན་པོ་དག་ཀྱང་བརླགས་པར་གྱུར། །གང་ཡང་དེར་ནི་ལྷ་རྣམས་ཀྱིས། །གཡུལ་དུ་བསད་པའི་ལྷ་མིན་རྣམས། །

རྟ་དབང་དེ་ཡིས་བསྣམས་པ་དང་། །ཡང་དང་ཡང་དུ་སླར་འཚོ་གྱུར། །དེ་ནས་ལྷ་མིན་ཆེན་པོ་ཡིས། །བསད་པར་གྱུར་པས་རྨོངས་ནས་ནི། །སྐྱབས་འདོད་པ་ཡིས་ཚངས་པ་ལ། །སྐྱབས་སུ་ཉེ་བར་སོང་བར་གྱུར། །ལེགས་ལྡན་སྟོབས་ཆེན་ལྡན་པ་ཡི། །ལྷ་མིན་གཡུལ་གྱིས་ཕམ་པར་

བགྱིས། །ལེགས་ལྡན་གྱིས་ནི་བདག་ཅག་ལ། །བཞོན་པ་བཟང་པོ་སྩལ་བའི་རིགས། །བདག་ཅག་གིས་ཀྱང་ལྷ་མིན་གྱི། །གཡུལ་ངོའི་གནས་ལས་རྒྱལ་བར་བགྱི། །དེ་ནས་ཚངས་པ་སྐྱེ་དགུ་ཡི། །བདག་པོས་དེ་ལ་སྨྲས་པ་ནི། །ཕྱིས་འབྱུང་བ་ནི་གང་ཡང་རུང་། །ང་ཉིད་ཀྱིས་ནི་སྔར་ཤེས་

ཏེ། །གང་ཚེ་གང་གིས་ཅི་ཙམ་འགྱུར། །འདི་ནི་ཁོ་བོས་སྔར་ཤེས་པས། །ང་ཡིས་སྔོན་ཚེ་རྟ་སྤྲུལ་བས། །དེབ་ནི་ནས་སྟེང་འགྲོ་བ་དང་། །བར་སྣང་དང་ནི་ས་འོག་གི །རྒྱུ་དང་མི་རྒྱུ་གང་ཡིན་དང་། །སྲོག་ཆགས་རྣམས་ནི་གང་ཅིའང་རུང་། །དེ་དག་ཐམས་ཅད་མངོན་སྤྲུལ་ཏོ། །མཆོད་

སྦྱིན་བཞོན་པའི་དོན་དུ་ནི། །རྟ་ཡང་ང་ཡིས་སྔོན་ཕྱུང་སྟེ། །སྦྱིན་སྲེག་བྱེད་ཚེ་ང་ཡི་ནི། །མཆི་མ་འཛག་པར་གྱུར་པ་དེ། །དཔལ་མོ་ཡིད་ནི་དགའ་བ་ཡིས། །ལག་པ་གཉིས་ཀྱིས་བླངས་པར་གྱུར། །དེ་ལས་དེར་ནི་རྟ་བྱུང་བས། །དེ་ཕྱིར་དཔལ་མོའི་བུ་ཞེས་བྱ། །དེར་ནི་ལག་པ་

Vol. 203 · folio 164a

གཡས་པ་ཡི། །མཆི་མ་ལས་ནི་རྟ་ཕོར་གྱུར། །གཡོན་པའི་མཆི་མ་ལས་རྒོད་མ། །སྙིང་སྟོབས་ལྡན་དང་མགྱོགས་མདངས་ལྡན། །དཔལ་མོའི་ལག་པའི་ངའི་མཆི་མ། །དེར་ནི་རྟ་དེ་བྲམ་ཟེའི་རིགས། །ང་ཡི་མཆི་མ་དཔལ་མོ་ཡི། །ལག་པ་གཉིས་ལས་

འཛག་གྱུར་པ། །བྲང་ན་གནས་པ་རྒྱལ་རིགས་ཏེ། །གཡུལ་ངོར་སྲ་བར་ཤེས་པར་བྱ། །ལྟེ་བ་བརླ་ཡི་རྗེའུ་རིགས་ཏེ། །རྐང་པ་འཛག་པ་དམངས་རིགས་ཡིན། །དེར་ནི་གཡོན་ངོས་རྒོད་མ་སྟེ། །གཡས་ངོས་ཀྱིས་ནི་རྟ་པོར་བཤད། །འདི་རྣམས་ཕན་ཚུན་འདུས་པ་ནི། །རིགས་བཞི་དག་ཏུ་བཤད་

པ་ཡིན། །དེ་ལྟར་རྟ་རྣམས་ཡང་དག་བྱུང་། །ཡིད་ལྟར་མགྱོགས་ཞིང་མདོག་ལྡན་ཏེ། །མདོག་གཅིག་མདོག་ནི་འདྲེས་པ་དང་། །སྣ་ཚོགས་མདངས་ཀྱིས་ཕྱེ་བ་དང་། །ཐིག་ལེ་ཅན་དང་ཁ་དོག་མངའ། །མཚན་མ་ཅན་དང་ཞུར་པ་དང་། །རྐང་དཀར་རྡོག་མ་མུན་ཇ་འདྲ། །རྒྱལ་མཚན་

དཀྱིལ་འཁོར་འདྲ་བ་དང་། །རྔ་རྔོག་མདོག་ནི་མང་བ་དང་། །ཁྲ་བོ་ཐིག་ལེ་ཕྲ་བ་དང་། །འདམས་མདོག་སེ་བ་ཉིད་དང་ནི། །དཀར་ལ་རྔོག་མ་གནག་པ་སྟེ། །ཕལ་ཆེར་ཁ་དོག་སྣ་ཚོགས་ཤིང་། །བ་སྤུ་སྣུམ་ཞིང་བཟང་བ་དང་། །ཚད་དང་ལྡན་ཞིང་མིག་བཟང་ལ། །རོ་སྟོད་མཐོ་བར་གྱུར་

བ་དང་། །དབུས་ཕྲ་གསུས་ཁྱིམ་ཆུང་བ་དང་། །མཆུ་ལེགས་བྲང་ཞེང་ཡངས་པ་དང་། །རྔོག་མ་རྐེད་པ་རྨིག་པ་བཟང་། །པགས་སྲབ་སྤུ་མཚམས་ཕྲ་བ་དང་། །ཡིད་དུ་འོང་ཞིང་ཕུམ་ཕུམ་བཟང་། །སྙིང་སྟོབས་ལྡན་ཞིང་རྐང་མདོག་མཐུན། །ལུས་ལས་སྐྱེས་པའི་གཤོག་པ་བཞི། །ནམ་

མཁའ་འགེབས་པ་ལྟ་བུ་དང་། །ཡན་ལག་དང་ནི་ཉིང་ལག་རྣམས། །ལྷ་ཡི་ཆར་ལྡན་གཟི་བརྗིད་ཆེ། །དཔལ་ལྡན་བྱུང་བ་དཔལ་མའི་བུ། །ཚངས་པའི་མཆི་མ་ལས་བྱུང་མགྱོགས། །མེ་ཡིས་གདུངས་པ་ལས་གྱུར་པའི། །ལྟེ་བ་ལས་མི་བྱུང་བའི་རྡུལ། །ཐལ་བར་འཛག་གྱུར་དེ་ལས་

ནི། །བོང་བུ་དང་ནི་བོང་མོར་གྱུར། །རྣ་བ་རིང་ཞིང་མཇུག་མར་ལྡན། །གཞུང་ཐིག་ཕྲ་ཞིང་རྨེག་པ་སྲ། །སྐད་གདངས་རྩུབ་ཅིང་ཁུར་སྲན་ཆེ། །གང་ཞིག་རྩུབ་པ་བོང་བུ་ཡིན། །ཐལ་བ་ལས་ནི་སྐྱེས་པའི་ཕྱིར། །དེ་བས་བོང་བུ་ཐལ་མདོག་ལྡན། །དེ་དག་དེ་ལྟར་གྱུར་ནས་ནི། །སྐྱེ་

Vol. 203 · folio 164b

དགུའི་བདག་མོའི་གནས་ན་འདུག །དེ་ནས་དྲེགས་པས་རྩེ་བ་དང་། །སྲེག་རྫས་དགང་གཟར་བླུགས་གཟར་དང་། །གཞོང་པ་སྣོད་དང་བུམ་པ་བསྣམས། །རྨོངས་བའི་རྟ་ཡིས་རབ་ཏུ་བརླག །འཇག་མག་ཐལ་བས་ཁྱབ་པ་ཡི། །མི་གང་དེ་ནི་མཐོང་བ་དང་། །དང་ཁྲ་ཁྲོས་པར་

གྱུར་ནས་ན། །རྟ་རྣམས་དམོད་པ་བཏབ་པར་གྱུར། །གཤོག་བཅད་མཚན་ནི་ནུབ་པ་དང་། །ས་ལ་རྒྱུ་ཞིང་ཚིག་མི་འདོན། །ལྷ་རྣམས་དང་ནི་མི་རྣམས་ཀྱི། །བཞོན་པ་ཉིད་དུ་སོང་གྱུར་ཅིག །དེ་ཐོས་སྡུག་བསྔལ་གྱིས་གདུངས་ཏེ། །དེ་ཚེ་རྟ་རྣམས་དང་ཁྲ་ནི། །དེ་ཉིད་ལ་ནི་

སྐྱབས་སོང་ནས། །སླར་ཡང་རྗེས་སུ་ཕན་བཏགས་བྱས། །རྟ་ཡི་མཆོད་སྦྱིན་འབྲས་བུ་ནི། །བསོད་ནམས་དོན་དུ་འགྲོ་གྱུར་ཅིང་། །མཆོད་པ་བཟང་པོ་ཐོབ་གྱུར་ཅིང་། །བསོད་ནམས་འཇིག་རྟེན་གྱིས་ཐོབ་ཤོག །ཕན་བཏགས་ཐོབ་པས་དེ་དགའ་སྟེ། །དང་ཁྲ་ལ་ནི་བསྐོར་བར་

བྱས། །མགོ་བོས་ཕྱག་བྱས་བདག་ཅག་གིས། །ཅི་ཞིག་བགྱིས་ཞེས་ཚིག་ཏུ་སྨྲས། །དང་ཁྲས་དེར་ནི་ལུང་བསྒོ་བ། །ཁ་བ་ཅན་དུ་ཁྱེད་སོང་ལ། །རི་འདབ་ཡིད་དུ་འོང་བ་དང་། །ཆུ་དང་ལྡན་པར་གནས་པར་གྱིས། །དེ་སྐད་སྨྲས་ནས་རྟ་རྣམས་ནི། །དགའ་བ་རི་རྒྱལ་དག་ཏུ་སོང་། །

སྦྱིན་སྲེག་བཤིགས་པས་ཁྲོས་པ་ན། །དང་ཁྲས་ཧ་ཧ་ཞེས་བཟློག་པས། །དེ་ཕྱིར་འདི་ལ་ཧ་ཡི་སྒྲ། །རྟ་རྣམས་ལ་ནི་བཏགས་པ་ཡིན། །རི་བོ་དམ་པ་དེ་རུ་ནི། །རྟ་རྣམས་གནས་པར་གྱུར་བས་ནི། །གང་ཞིག་འདོད་པ་སྤྱོད་གྱུར་པ། །རིགས་ནི་འདྲེས་པར་གྱུར་པའི་རྒྱུས། །རྟ་དང་བོང་

བུ་དེ་དག་གི །སྐྱེ་གནས་འདྲེ་བར་བཤད་པར་བྱ། །བོང་བུ་རྟ་ལ་འཇུག་གྱུར་པ། །གང་ཡིན་དེ་ལས་དྲེའུ་འབྱུང་། །དྲེའུ་དང་རྒོད་མ་དག་ལས་ནི། །གོ་རི་ཞེས་ནི་བྱ་བ་སྐྱེ། །གོ་རི་རྒོད་མར་འཇུག་པ་ལས། །ཀི་ནི་ཞེས་ནི་བྱ་བ་སྐྱེ། །ཀི་ནི་རྒོད་མ་ལས་སྐྱེས་པ། །ཀིས་ཏ་ཏ་ཞེས་བྱ་

བ་ཡིན། །ཀི་ས་ཏ་ཏ་དང་རྒོད་མ་ལས། །ཆུ་བུར་ཅན་ཞེས་བྱ་བ་ཡིན། །ཆུ་བུར་ཅན་དང་རྒོད་མ་ལས། །སླར་ཡང་བོང་བུ་ཞེས་བྱར་བཤད། །བོང་བུ་འོང་བར་མཐོང་ན་ནི། །རྟ་ནི་ཐམས་ཅད་རྨོངས་པར་འགྱུར། །བྱ་བ་མང་ཞིང་བསླབ་པར་དཀའ། །དེ་ཕྱིར་བོང་བུ་བཞོན་

Vol. 203 · folio 165a

དགྲ་ཡིན། །དེ་ལྟར་འདི་ནི་དྲེའུ་སྟེ། །མ་འདྲེས་འཇུག་ལས་རྟ་ཉིད་ཡིན། །རང་དང་རྟ་ཡི་སྐྱེ་གནས་ཏེ། །བོང་བུའི་སྐྱེ་གནས་གཉིས་སུ་འདོད། །རྟ་རྣམས་གཞན་གྱི་མངལ་དུ་ནི། །འཁྲིག་པ་སྤྱོད་པར་མི་བྱེད་ལ། །གལ་ཏེ་བྱེད་པར་གྱུར་ན་ནི། །ཡུལ་དེ་འཇིག་པར་

ཤེས་པར་བྱ། །དེ་ལྟར་ང་ནི་རྟ་འབྱིན་ལ། །མཆོད་སྦྱིན་དོན་ནི་ཕྱུགས་ཀྱི་མཆོག །དགྲ་འཇོམས་རྒྱས་བྱེད་ལ་སོགས་པ། །རྒྱལ་པོ་རྣམས་ཀྱི་དཔུང་གི་མཆོག །དེ་ནས་ཁ་དོན་ལ་དགའ་ཞིང་། །སྦྱིན་སྲེག་བྱེད་ལ་རབ་གཞོལ་བ། །གཞོན་ནུ་ཚངས་པར་སྤྱོད་ལ་གནས། །ཤ་ལི་ཧོ་ཏྲ་

དཀའ་ཐུབ་ཆེ། །ཁ་བ་ཅན་གྱི་ངོས་ཀྱི་ནགས། །ལྷ་ཡི་ཚལ་འདྲར་འོངས་པར་གྱུར། །དེ་ནི་དེ་རུ་གནས་བཅས་ནས། །རི་ཡི་ཚོགས་ནི་ཉམས་དགའ་ཞིང་། །རི་དགས་ཚོགས་ནི་དུ་མས་ཁྱབ། །མིའམ་ཅི་ནི་སྣ་ཚོགས་གནས། །བྱ་ཚོགས་དུ་མ་སྒྲ་སྒྲོགས་ཤིང་། །དྲི་ཟའི་བུ་མོ་རྣམས་ཀྱིས་བསྐོར། །

གྲུབ་དང་དྲང་སྲོང་རོལ་བ་ཡི། །ཚོགས་དང་ལྷ་རྣམས་དག་གིས་མཛེས། །མེ་ཏོག་འབྲས་བུ་མང་པོ་ཡིས། །ཉམས་དགའ་ནེའུ་གསེང་བཟང་པོས་ཁྱབ། །ཤིན་ཏུ་ཡིད་དུ་འོང་བའི་གནས། །ཉམས་དགའ་དེར་ནི་གནས་པར་གྱུར། །དེར་ནི་ཕྱེ་ལེབ་ཡན་ཆད་ཀྱི། །ཡི་དགས་

ལ་སོགས་སྣ་ཚོགས་གནས། །རྟ་དང་དྲི་ཟ་མིའམ་ཅི། །ནེའུ་ལེ་སྦྲུལ་དང་བྱ་རྣམས་ནི། །སེང་གེ་སྟག་དང་པག་དང་ནི། །གླང་པོའི་དབང་པོ་སྤྲེའུ་དང་དོམ། །དེ་ལ་སོགས་པ་མང་པོ་ནི། །ཤ་ལི་ཧོ་ཏྲ་དྲང་སྲོང་ཆེ། །བདག་ཉིད་ཐུལ་ཅིང་གཙང་བ་ཡིས། །གནས་དང་ཉེ་བར་

འཁོད་པ་ན། །ཤ་ལི་ཧོ་ཏྲས་རྟ་དེ་རྣམས། །བུ་དང་འདྲ་བར་ཡོངས་སུ་བསྐྱང་། །ཁ་བ་ཅན་གྱི་ངོས་ན་རྩེ། །ཤ་ལི་ཧོ་ཏྲའི་དབང་དུ་གྱུར། །དེ་བས་ལྷ་རྣམས་མྱུར་དུ་ནི། །ཤ་ལི་ཧོ་ཏྲའི་གནས་སུ་སོང་། །དེར་ནི་ཁྱེད་ལ་བཞོན་པ་མགྱོགས། །ཤ་ལི་ཧོ་ཏྲ་སྟེར་བར་འགྱུར། །ལྷ་

མཆོག་ཚངས་པས་དེ་སྐད་དུ། །ལྷ་རྣམས་ལ་ནི་སྨྲས་པ་དང་། །དགའ་བས་དེ་ལྟར་བགྱི་ཞེས་ཏེ། །དེ་རྣམས་རི་མཆོག་དེ་རུ་ཆས། །དེ་ནས་སྐད་ཅིག་ཙམ་གྱིས་ནི། །བརྒྱ་བྱིན་གཤིན་རྗེ་ཆུ་ལྷ་དང་། །དཔལ་ལྡན་ནོར་གྱི་བདག་པོ་དང་། །བཅས་པ་དྲང་སྲོང་གནས་སུ་སོང་། །ཕྱིན་ནས་

Vol. 203 · folio 165b

བསྟི་གནས་གནས་དེ་ལ། །སྙན་པའི་ཚིག་ནི་འདི་སྐད་སྨྲས། །དྲང་སྲོང་ཁྱེད་ནི་གང་གི་ཕྱིར། །དཀའ་ཐུབ་གནས་བཅས་དཀའ་ཐུབ་གྲུབ། །ཆུར་སྤྱོན་གྲུབ་དང་དྲང་སྲོང་ཚོགས། །མི་བཟད་པ་ཡི་གནས་སུ་དེངས། །དེ་ནས་ངས་ནི་དགྲ་འཇོམས་པའི། །བརྒྱ་བྱིན་ལ་ནི་དེར་སྨྲས་པ། །ང་ལ་དཀའ་

ཐུབ་ཡང་སྤྱད་པ། །མི་དགོས་དེ་ལྟར་བྱ་ཞེས་སྨྲས། །དེ་ནས་ང་ལ་གཤིན་རྗེ་ཡིས། །སྙན་པའི་ཚིག་ནི་འདི་སྐད་སྨྲས། །རྒ་མེད་འཆི་མེད་ཟད་མེད་པ། །ལྷ་ཡི་དབང་པོའི་གནས་འདྲ་བ། །འཇིག་རྟེན་ཀུན་ན་གང་བཟང་པའི། །གནས་དེ་ང་ཡིས་སྦྱིན་པར་བྱ། །ཟས་དང་སྟན་དང་མལ་ཁྲི་

དང་། །སྤྱོད་ལམ་ཅི་བདེ་གནས་མེད་པའི། །ནགས་ཚལ་འདིར་ནི་དཀའ་ཐུབ་ཅན། །ཁྱེད་ནི་ཇི་ལྟར་དགའ་བར་གྱུར། །བརྒྱ་བྱིན་བཅས་པའི་ལྷ་མཆོག་ནི། །ཀུན་ལ་ང་ཡིས་ལྷར་སྨྲས་པ། །རྩ་བ་འབྲས་བུ་ང་ཡི་ཟས། །གོས་ནི་ཤིང་ཤུན་རི་དགས་པགས། །འདོན་དང་སྦྱིན་སྲེག་བྱེད་པ་

ན། །མཐར་ཐུག་མེད་པར་ངའི་བློ་འཇུག །རི་དགས་ཚོགས་ཀྱང་རྟག་ཏུ་ནི། །ཁོ་བོའི་བསྟི་གནས་དག་ཏུ་འོངས། །གློ་བུར་ལྷགས་པ་གཞན་དག་དང་། །གཤོག་ཐོགས་དག་ནི་བལྟ་བྱ་ཡིན། །དེ་དང་ལྷན་ཅིག་གནས་བྱ་ཡིན། །ལྷ་ཡུལ་འདོད་པ་ང་ལ་མེད། །དེ་ནས་དགྲ་ཐུབ་གཤིན་

རྗེ་ཡིས། །ང་ལ་ཡང་ནི་སླར་སྨྲས་པ། །གང་དང་འགྲོགས་ན་ཁྱེད་དགའ་བའི། །གཟུགས་སྡུག་རི་དགས་བྱ་ཚོགས་དང་། །གཤོག་པ་ཡོད་པའི་རྐང་བཞི་པ། །ཐམས་ཅད་བདག་ཅག་ལ་བསྟན་གསོལ། །ང་ཡིས་དེ་ལྟར་ཁས་བླངས་ཏེ། །རི་དགས་བྱ་ཚོགས་དེ་དག་ཀུན། །ཇི་སྲིད་

མཐོང་བར་གྱུར་གྱི་བར། །ལྷ་རྣམས་ཡུད་ཙམ་འདུག་པར་གྱིས། །དེ་ནས་ལྷ་རྣམས་མཁའ་ལས་ནི། །ཕྱོགས་རྣམས་ཀུན་ནས་འོངས་གྱུར་ཅིང་། །རི་རྩེ་ཆུ་བོ་རྣམས་ལས་ཀྱང་། །བྲང་གི་ཕྱོགས་ནི་སྟོན་ཅིང་འོངས། །དེ་ཚེ་རྟ་ཕྲན་བར་སྣང་ལ། །ཡིད་དུ་འོང་བའི་སྐད་དུ་འཆེར། །རྣར་སྙན་

པ་ཡི་སྒྲ་དང་ནི། །གཤོག་པའི་རླུང་ནི་ཡིད་འོང་བའི། །སྒྲ་དེས་མདངས་དང་ལྡན་པ་ཡི། །སྒྲ་དེས་ངོ་མཚར་སྐྱེས་པར་གྱུར། །ལྷ་རྣམས་དགའ་བས་ང་ལ་ནི། །སྣུམ་ཞིང་ཡིད་འོང་ཟབ་པ་དང་། །རྗེས་མཐུན་སྒྲ་ལྡན་པ་སྙམ་དགའ། །ཨེ་མའོ་མཐོ་རིས་མཚུངས་ཞེས་སྨྲས། །ཀྱེ་མའོ་ཁྱོད་ནི་

Vol. 203 · folio 166a

ཉམས་དགའ་བར། །གནས་པར་གྱུར་པ་ལེགས་སོ་ལེགས། །ཀྱེ་མའོ་རི་དགས་གཟུགས་བཟང་ཞིང་། །ཉམས་སྟོབས་སྙིང་པོར་མགྱོགས་པར་ལྡན། །ལྷ་དང་མི་ནི་སུ་ལ་ཡང་། །འདི་འདྲའོ་བཞོན་པ་ཡོད་མ་ཡིན། །བདག་ཅག་འདི་ལ་ཞོན་ནས་ནི། །

འགྲོ་ན་ངེས་པར་རྒྱལ་བར་འགྱུར། །ཁྱོད་ཀྱིས་བདག་ཅག་ལ་གསོལ་ཅིག །ཅི་ལྟར་བཞོན་པར་གྱུར་པ་ཡི། །ཐབས་དེ་དྲང་སྲོང་མཆོག་གིས་ནི། །ཡིད་ལ་བདག་ཅག་བསམ་པར་འདོད། །དེ་ནས་དེ་སྐད་སྨྲས་པ་ཡི། །ལྷ་མཆོག་རྣམས་ལ་ངས་ལན་སྨྲས། །ལྷ་མིན་བརླག་པའི་

དོན་དང་ནི། །དེ་ཕྱིར་ཁྱེད་རྣམས་རྒྱལ་ཕྱིར་དང་། །བྲམ་ཟེ་རྣམས་ཀྱི་མཆོད་སྦྱིན་ཕྱིར། །ཚངས་བས་རྟ་ནི་སྤྲུལ་བ་ཡིན། །དེ་བས་ཚངས་བས་ང་བསྒོ་བས། །ཁྱེད་རྣམས་ཤས་ཆེར་དགའ་འགྱུར་པའི། །བཞོན་པ་རྣམས་ཀྱི་དམ་པ་ནི། །མ་ལུས་པར་ནི་སྦྱིན་པར་བྱ། །ལྷ་ཡི་དམ་པ་

ཁྱེད་རྣམས་ནི། །བྲམ་ཟེའི་ཡུལ་དུ་འགྲོ་བར་གྱིས། །དེར་ནི་འདུལ་ཐབས་བྱ་བ་དག །འོངས་ནས་བྱ་ཡི་གཞན་དུ་མིན། །དེར་སོང་དེ་རྗེས་ང་ཡིས་ནི། །རྟ་ནི་ཇི་སྙེད་བོད་པར་བྱ། །དེ་ནས་ང་ཡིས་རྟ་རྣམས་ཀུན། །བསྡུས་ནས་ཚིག་ནི་འདི་སྐད་སྨྲས། །བླ་མ་མཁན་པོ་མཇའ་བ་དང་། །

གཉེན་དང་རང་མི་རྣམས་ཀྱང་ནི། །རིང་པར་བལྟ་བར་ང་འདོད་ལ། །ཁྱེད་རྣམས་ལ་ཡང་མགྲོན་དུ་འབོད། །དེར་ནི་འབྲས་བུ་མུངྒ་དང་། །མ་ཤ་ནས་དང་ཏིལ་དག་དང་། །སཱ་ལུ་དྲུག་ཅུ་པ་དང་འབྲུ། །རྩྭ་ནི་མཐོ་ཞིང་འཇམ་པ་དང་། །ཆུ་བོ་ནེའུ་གསིང་རྣམས་ཀྱང་ཡོད། །དེའི་ནགས་

གཟར་པོ་མ་ཡིན་ན། །ང་དང་ལྷན་ཅིག་འགྲོ་བྱའམ། །ཡང་ན་འདི་རུ་གནས་པར་གྱིས། །དེ་ནས་ང་ལ་རྟ་ཀུན་གྱིས། །སྙན་པའི་ཚིག་ཏུ་འདི་སྐད་སྨྲ། །ནགས་ཚལ་སྟོང་པ་འདི་མཐོང་ན། །བདག་ཅག་ཤས་ཆེར་ཡིད་སྐྱོ་བས། །ཁྱེད་ནི་གང་དུ་འགྲོ་འགྱུར་བ། །བདག་ཅག་དེར་

འབྲེང་གཞན་དུ་མིན། །ཁྱེད་ཀྱི་རྗེས་སུ་འབྲངས་ཏེ་ནི། །འགྲོ་བ་བདག་ཅག་རབ་ཏུ་བསྔགས། །དེ་ནས་ང་ན་རྟས་བསྐོར་ཞིང་། །བདེ་གནས་དགྲ་དང་ལྷན་ཅིག་ཏུ། །གང་དུ་ལྷ་དང་དུས་བཏབ་པའི། །བྲམ་ཟེའི་ཡུལ་དུ་ཕྱིན་བར་གྱུར། །དེས་ནི་ཨ་ཤྭདྠ་ཡི་རྩྭར། །གཙུབ་ཤིང་

Vol. 203 · folio 166b

ལས་ནི་མེ་ཕྱུང་སྟེ། །སྦྱིན་སྲེག་ང་ཡིས་བྱས་ནས་ནི། །ལྷ་དང་སྲིན་པོ་ཚིམ་པར་བྱས། །དེ་ནས་ཡུལ་དེའི་ས་མཚམས་ཀྱི། །ཉེ་འཁོར་ཀུན་ཏུ་ཁྱབ་ནས་ནི། །རྟ་དེ་དག་གིས་འབྲུ་དག་ནི། །ཐམས་ཅད་ཟ་བ་ཉིད་དུ་འགྱུར། །དེ་ནས་འབྲུ་དེ་བརླག་གྱུར་པ། །བྲམ་ཟེས་མཐོང་

ནས་ཁྲོས་པ་ཡི། །ཡིད་ཀྱིས་མིག་ནི་དམར་པོ་དང་། །དེ་ལ་ཚིག་རྩུབ་འདི་སྐད་སྨྲ། །སྔོན་ནི་དཀའ་ཐུབ་ལ་གནས་པའི། །བྲལ་ཟེ་གཞན་དག་འདིར་འོངས་ཚེ། །དཀའ་ཐུབ་ཚངས་པར་སྤྱོད་པ་དང་། །འདོན་དང་སྦྱིན་སྲེག་བྱེད་པ་ཡིས། །ལོ་གྲངས་མང་པོར་འདིར་གནས་ཤིང་། །

དེ་བཞིན་ཡམས་ཀྱང་ཞི་བྱེད་ན། །ཁྱེད་ནི་རི་དགས་འདི་འདྲ་བ། །ཁྱེར་ཏེ་ཡུལ་དུ་ཇི་ལྟར་འོང་། །ལམ་གང་ནས་ནི་ཁྱེད་འོངས་པ། །དེ་ལས་སླར་ནི་འགྲོ་བར་གྱིས། །ཁྱེད་ཀྱི་ཡམས་འདི་བདག་ཅག་གིས། །བཟློག་པར་ནུས་པ་མ་ཡིན་ནོ། །བྲམ་ཟེ་ཁྲོས་པ་དེ་ལ་ངས། །བཟོད་གསོལ་

སྔོན་འགྲོའི་ཚིག་འདི་སྨྲས། །རྟ་རྣམས་འབྲུ་ནི་ཟ་བ་དང་། །ཁྱེད་ལ་འཚེ་བར་ང་མི་དགའ། །སྦྱིན་སྲེག་བྱེད་པས་ང་བྲེལ་བས། །ཁྱེད་ལ་གནོད་པ་ངས་མ་བཀག །དེ་ནས་ང་ཡིས་རྟ་རྣམས་ནི། །ཐམས་ཅད་བསྡུས་ནས་འདི་སྐད་སྨྲས། །ང་ལ་ཡུལ་གྱི་མི་རྣམས་ནི། །ཅི་སྐད་སྨྲས་གྱུར་

པ་ལ་ལྟོས། །འདི་དག་མགུ་བར་བྱ་བའི་ཕྱིར། །རེ་ཞིག་ཁྱེད་ནི་ལེགས་པར་བཅིང་། །དེ་ནས་མཚན་མོར་གྱུར་པ་དང་། །སླར་ཡང་ཅི་དགར་སྤྱད་པར་གྱིས། །དེ་ནས་བཅིངས་པའི་ཚོར་པ་ནི། །མ་མྱོང་པས་ན་བཅིང་པར་ལྷགས། །ལྷ་རྣམས་ལྟད་མོ་སྐྱེས་པ་ཡི། །ཡིད་ཀྱིས་ང་ལ་ཡིད་

ཆེས་འགྱུར། །དེ་ནས་ཆུ་ལྷ་རང་ཉིད་ནི། །བོས་ནས་ཞགས་པས་རྟ་རྣམས་ནི། །ཡན་ལག་ལྔར་བཅས་ཤིང་ལ་ནི། །གོ་རིམས་བཞིན་དུ་བཅིངས་པར་གྱུར། །བཅིངས་པའི་རྗེས་ལ་སྟོབས་ཡོད་ཀྱང་། །འགུལ་བར་གྱུར་པ་མ་གྱུར་ཏོ། །ཉེ་བར་བཅིང་པ་བྱས་ནས་ནི། །མཚོན་ནི་

རྣོན་པོ་ཐོགས་ནས་སུ། །ལྷ་ཡིས་མདུན་དང་རྒྱབ་ཀྱི་ནི། །རྟ་རྣམས་ཀྱི་ནི་གཤོག་པ་བྲེགས། །དེ་ནས་གཤོག་པ་བཅད་ཀྱང་ནི། །ཕྱི་ཕྱིར་ཞིང་ནི་སྐྱེ་བར་གྱུར། །དེ་རྗེས་མེ་ཡིས་བསྲེགས་པས་ན། །ཚིག་པས་མེ་ལྕེ་བྱུང་བར་གྱུར། །བཅིངས་ཤིང་གཤོག་པ་མེད་བྱས་ནས། །གང་ཚེ་

Vol. 203 · folio 167a

རྟ་རྣམས་ཉམ་ཐག་པ། །དེ་ཚེ་ལྷ་རྣམས་ཡིད་ལ་ནི། །ཇི་ལྟར་འདོད་པ་བཞིན་དུ་ཁྱེར། །ཟླ་བས་རི་བོང་དཀར་འདྲ་བ། །ཉི་མ་ནེ་ཚོའི་མདོག་འདྲ་བ། །བརྒྱ་བྱིན་གྱིས་ནི་སྔོ་བསངས་ཏེ། །གཤིན་རྗེ་ཡིས་ནི་ནག་པོ་ཡིན། །མེ་ལྷས་རྒྱ་སྐྱེགས་མདོག་འདྲ་བ། །རླུང་ལྷས་

དམར་སེར་མདོག་འདྲ་བ། །ཆུ་ལྷས་སྔོན་པོ་ཁྱེར་བར་གྱུར། །ཉི་མ་གཞན་གྱིས་ཁ་དོག་སྐྱ། །ལྷ་ཆེན་གྱིས་ནི་སེར་པོ་སྟེ། །སྣ་ཚོགས་ལས་ཀྱིས་རྒྱང་མདོག་ཅན། །ཉི་མ་སུ་ཤས་སྣ་གནག་པ། །ཏྲ་ཥྚས་མཚན་དང་ལྡན་པ་སྟེ། །ལྷ་གཞན་གྱིས་ནི་རང་རང་གི །ཡིད་ལ་འདོད་པ་

བཞིན་དུ་ཁྱེར། །དེ་ལྟར་རྟ་རྣམས་བགོས་ནས་ནི། །ལྷག་མ་ང་ཡི་གནས་བཞག་སྟེ། །གཡུལ་དུ་དགོས་པའི་ལས་རྣམས་དང་། །མཚན་ཉིད་མཚན་མ་རྣམས་དང་ནི། །གསོ་དང་སླར་འབྲོས་ལས་རྣམས་ལ། །བུ་དང་ལྷན་ཅིག་ཉེ་བར་བསྐྱང་། །ངའི་བུ་མཛའ་བོ་ལས་རྒྱལ་དང་། །

འཁྲུལ་མེད་ཐ་ཆུངས་བྱེད་པ་ཞེས། །ཡོན་ཏན་དེས་ལས་མིང་བཏགས་པ། །བུ་གསུམ་མཁས་པར་གྱུར་པ་ཡིན། །ཞི་ཞིང་མཛའ་བོ་རྣམས་ལས་རྒྱལ། །དེས་དེ་མཛའ་ལས་རྒྱལ་ཞེས་བྱ། །རིགས་བྱེད་བསྟན་བཅོས་མ་འཁྲུལ་བས། །དེ་ཕྱིར་འཁྲུལ་མེད་ཅེས་འདི་བཤད། །

ང་ཡི་ཚིག་ལམ་དོན་དགའ་བས། །རྟག་ཏུ་འདི་ལྟར་བྱེད་པས་ན། །དེའི་ཕྱིར་དེ་ལ་བྱེད་པ་ཞེས། །ཐ་ཆུངས་ལ་ནི་བཏགས་པ་ཡིན། །དེ་ནས་རྟ་གཞན་བདག་ཉིད་ཆེ། །མ་ན་ཞེས་བྱ་ཚངས་སྲས་བྱིན། །དེ་ལས་གཞན་པ་རྟ་བྲེས་སུ། །ལས་རྣམས་ལ་ནི་བྱང་པར་བྱས། །བཞོན་པ་

ལ་ནི་གདུལ་པ་དང་། །བྱ་བའི་ལས་རྣམས་ལ་ཡང་གཞག །ད་ནི་རྒས་ཕྱིར་གྲོལ་བ་ཆོལ། །རྟ་རྣམས་ཀྱི་ནི་ནང་དུ་ཉལ། །དེ་ནས་རྟ་ཁྲོས་པ་ཡིས་ང་། །གཉིད་ལོག་སྙམ་སྟེ་བསད་པར་བརྩམས། །དེ་དག་འདུས་ནས་འཁོན་གྱིས་ནི། །སྐྱོ་བའི་ཡིད་དང་ཕན་ཚུན་སྨྲ། །

བདག་ཅག་བཅིང་དང་གསོད་འདི་ནི། །གང་ལས་སྡུག་བསྔལ་སྐྱེ་འགྱུར་བ། །འདི་དག་ཀུན་གྱི་རྩ་བ་ནི། །དྲང་སྲོང་གཉིད་ལོག་འདི་ཡིན་གྱི། །དེ་བས་གནོད་བྱས་ལན་བྱ་ཞིང་། །ཟོས་པར་གྱུར་ན་ལེགས་པ་ཡིན། །དེ་ནས་བཅིངས་པ་བཅད་ནས་ནི། །ང་གསོད་ཕྱིར་ནི་ལྷགས་

Vol. 203 · folio 167b

པར་གྱུར། །ད་ནི་དེ་ལ་ཐབས་གང་གིས། །བདེ་བར་འགྱུར་ཞེས་སེམས་ཤིང་ཉལ། །དེ་ནས་ལྷ་ཡིས་སད་བྱས་པ། །ང་ཡིས་རྟ་ལ་དམོད་པ་བཏབ། །དེང་ནས་བརྩམས་ཏེ་ང་ཡི་ནི། །དམོད་པས་བཞོན་ཁྱེད་དོང་ལ་ནི། །འཇུག་ཅིང་རླིག་པ་འཕྱང་བ་དང་། །བརྗེད་ངས་པ་ནི་ཉིད་གྱུར་ཅིག །

དེ་ནས་དེ་ནི་འཆིག་པ་དག །སྐྱེས་ཤིང་དམོད་པས་བརྗེད་ངས་གྱུར། །དེ་སྐད་དེ་ལ་ངས་སྨྲས་ནས། །གནས་དེ་ནས་ནི་མི་སྣང་བྱས། །རྟ་ཡི་སྒྲ་དེ་ཐོས་པ་དང་། །དེ་ནས་རྟ་ཡིས་འཚོ་བ་དང་། །རྟ་ལ་ཞོན་དང་འཆིང་བྱེད་དང་། །རྟ་བྲེས་སུ་ནི་འོངས་བར་གྱུར། །རྟ་རྣམས་གྲོལ་ནས་གནས་

གནས་སུ། །ཕན་ཚུན་རྒྱུ་བར་བྱེད་པ་དང་། །མལ་ཁྲི་རྒྱ་ཆེན་དག་དང་ནི། །མལ་སྟན་དག་ཀྱང་སྟོང་པ་མཐོང་། །དེ་ཡིས་ང་ནི་མ་མཐོང་བས། །རྟ་རྣམས་ཀྱིས་ནི་ཟོས་སྙམ་ན། །དེ་ཡི་མལ་ཁྲི་ལས་མཚོན་པས། །བྲམ་ཟེ་མི་སྣང་ཉིད་གྱུར་སྙམ། །འདི་ལྟར་རྟ་ནི་དེ་དག་རྣམས། །བྲམ་

ཟེ་ཟོས་པར་བྱས་སྙམ་སེམས། །དེ་ཡི་ཕྱིར་ན་རྟ་རྣམས་ནི། །རྟ་སྤངས་བཏང་ནས་མང་དུ་སྣོམ། །ཤ་ལི་ཧོ་ཏྲ་ཅི་ནས་ཀྱང་། །ཕྱེས་ཅི་འབྱུང་བར་གྱུར་ཏོ་སྙམ། །རྟ་ཡི་སྐྱེ་བ་བྱུང་བ་འདི། །གང་ཞིག་རྟག་ཏུ་ཉན་བྱེད་པའམ། །ཡང་ན་ལ་ལ་འཛིན་བྱེད་དམ། །གཏམ་ལ་དད་པར་གྱུར་ན་ནི། །

ལྷ་རྣམས་ཀྱིས་ན་བཀུར་བ་དང་། །བུ་དང་ཚ་བོ་འཕེལ་བར་འགྱུར། །ཚེ་རིང་བ་ནི་ཐོབ་འགྱུར་ཞིང་། །གྲགས་པ་ཆེ་བ་ཉིད་དུ་འགྱུར། །འདི་ལྟར་ལྷ་ཡི་མཐུ་ལྡན་ཞིང་། །འདས་དང་མ་འོངས་དོན་ཤེས་པའི། །དྲང་སྲོང་ཤ་ལི་ཧོ་ཏྲ་ཡིས། །བུ་ཡིས་དྲིས་ཏེ་སྨྲས་པ་ཡིན། །ཤ་ལི་

ཧོ་ཏྲའི་མདོའི་གནས་ལས་རྟ་རྣམས་བྱུང་བའི་ཚུལ་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། །།ཐ་སྐར་ཚ་བོ་དྲང་སྲོང་ཆེ། །རྟ་སྐད་ལས་ནི་ལུས་སྐྱེས་པ། །ལྷ་ཡི་མཐུ་ལྡན་དཀའ་ཐུབ་ཅན། །ཚངས་པ་ཉི་མ་མེའི་གཟི་མདངས། །ཤ་ལི་ཧོ་ཏྲ་དྲང་སྲོང་མཆོག །དེ་ལ་

ལེགས་ཐོས་ཀྱིས་དྲིས་པ། །འདི་ལྟར་མངལ་དུ་ཚོགས་པར་འགྱུར། །སྲོག་ནི་ཇི་ལྟར་འཛིན་པ་ལགས། །ལུས་གཟུངས་རྨིག་པ་སྤུ་དག་དང་། །ནད་གཞི་ལྟོ་བ་འབྱུང་བ་དང་། །ཡན་ལག་ལུས་ཀྱི་ཤ་རྣམས་དང་། །རྩ་དང་རུས་པ་དེ་བཞིན་ཚིགས། །ཟླ་བ་གང་ལ་འབྱུང་བར་

Vol. 203 · folio 168a

འགྱུར། །མངལ་དུ་ཇི་ལྟར་འཚོ་བ་ལགས། །རྟེའུ་ཕོ་མོ་ཇི་ལྟར་འགྱུར། །མཚན་མི་ལྡན་དང་མ་ནིང་དང་། །རྟེའུ་ཕོ་གཉིས་སམ་རྟེའུ་མོ་གཉིས། །སྐྱེ་བའམ་གཡང་གཤམ་ཉིད་འགྱུར་བའམ། །རྟེའུ་ཕོ་མོ་སྐྱེ་བའམ། །ཕྲ་དང་རགས་པ་ཇི་ལྟར་འགྱུར། །

འདུག་པ་དང་ནི་ཉལ་བ་དང་། །མངལ་དུ་ཞུ་དང་སྐམས་པ་དང་། །ཤིན་ཏུ་དགྱེ་དང་མཐུག་པ་དང་། །བསླབ་སྦྱང་སོ་སོར་ཤེས་པ་དང་། །དེ་བཞིན་ཟས་དང་རྣོ་དང་བུལ། །ལྷོ་དང་ཞི་བ་ཇི་ལྟར་འགྱུར། །དཔལ་དང་མི་འཇིགས་བློ་ལྡན་དང་། །སྟོབས་ཆེ་མགྱོགས་པ་ཕུན་ཚོགས་དང་། །

བུལ་དང་བློ་ནི་ཞེན་པ་དང་། །སྦེགས་དང་ཉམས་དང་ལྡན་པ་དང་། །ངང་ཚུལ་མདངས་ལྡན་ནད་མེད་དང་། །ཕོར་སྐྱེས་དོན་མེད་ཅི་ལྟ་བུ། །ཚེ་རིང་བ་དང་ཚེ་ཐུང་ཉིད། །བཀྲ་ཤིས་བཀྲ་མི་ཤིས་གཟུགས་བཟང་། །མདོག་མ་འདྲེས་དང་མདོག་འདྲེས་དང་། །སྣ་ཚོགས་དབྱེ་བ་

ཇི་ལྟར་འགྱུར། །མཚན་དང་རླིག་པ་ལྕེ་དང་ནི། །སྤུ་དང་རྔོག་མ་དག་དང་རྐན། །སོ་དང་རྨིག་པ་མིག་མི་སྡུག །ཁ་དོག་མི་སྡུག་ཇི་ལྟར་འགྱུར། །སྒུར་དང་མ་ནིང་ཡན་ལག་ཉམས། །གཟུགས་དང་མཇུག་མ་ཡོ་བ་དང་། །བེམས་པོ་འདྲ་དང་ལྐུགས་དང་འོན། །རྣ་ཡོན་ཁ་ནི་ཆེ་བ་

དང་། །མི་སྡུག་པ་ཡི་ནད་བུ་ཅན། །གཞན་གྱི་དབྱིབས་འདྲ་འཁུ་བ་མེད། །སི་སི་ཅན་ནམ་ཁྱི་རྡོ་ཅན། །མངལ་དུ་གནས་ཚེ་ཇི་ལྟར་འགྱུར། །དེ་ལྟར་བློ་ལྡན་གྱིས་དྲིས་ཚེ། །ཤ་ལི་ཧོ་ཏྲས་སྨྲས་གྱུར་པ། །ཇི་ལྟར་ལས་དང་ཉོན་མོངས་ལས། །སེམས་ཅན་རྣམས་ནི་འབྱུང་

འགྱུར་པ། །ཡིད་བློ་དབང་པོ་ཞེས་བྱ་བ། །རྣམ་ཤེས་དང་ནི་འདུས་གྱུར་ནས། །མངལ་དུ་ཆགས་པར་གྱུར་པ་ན། །ལས་ཀྱི་ཚུལ་ལ་གནས་པ་ཡིན། །སེམས་ཅན་འབྱུང་བར་གྱུར་པའི་ཚེ། །ཁོང་ཁྲག་རླུང་ལ་བརྟེན་པ་ཡིན། །གང་ཚེ་རྟ་ཕོ་རྒོད་མ་ནི། །ཟླ་མཚན་ལྡན་ལ་འཇུག་

གྱུར་པ། །དེ་ཚེ་འབར་བར་གྱུར་པ་ཡིས། །རྣམ་ཤེས་མངལ་དུ་གནས་པ་ཡིན། །དེས་ནི་ཁུ་བ་ཁྲག་བླངས་ནས། །མངལ་གྱི་གནས་སུ་འདྲེན་པར་འགྱུར། །ཇི་ལྟར་པདྨའི་སྡོང་བུའི་རྩར། །སྐྱེས་བུས་ཆུ་ནི་བླུགས་པ་ལྟར། །དེ་བཞིན་མངལ་གྱི་གནས་སུ་ནི། །ཁུ་བ་རླུང་

Vol. 203 · folio 168b

གིས་འདྲེན་པར་བྱེད། །དེ་ནི་རྩོལ་བ་ཐམས་ཅད་ཀྱིས། །ཁྲག་གིས་ལུས་ནི་འཕེལ་བར་བྱེད། །ཇི་ལྟར་མེ་གྲོགས་དུ་བ་ནི། །ཤིང་ལས་བྱུང་བས་གྱེན་དུ་འདྲེན། །དེ་ནི་བར་སྣང་ལ་གནས་ནས། །གཟུགས་ཅན་དུ་ནི་གནས་པར་བྱེད། །དེ་བཞིན་མངལ་ན་གནས་པའི་རླུང་། །

ཁུ་བ་ཁྲག་ཏུ་བྱུང་བ་རྣམས། །དེ་ནི་མངལ་ཆགས་གྱུར་པ་ན། །རྣམ་ཤེས་དང་ནི་བཅས་པ་ལས། །སེམས་མེད་གྱུར་པའི་དངོས་པོ་ཡང་། །སེམས་དང་ལྡན་པ་ཉིད་དུ་འགྱུར། །དེ་ནས་ལུས་སུ་ཚོར་འགྱུར་ཞིང་། །རང་གི་གནས་སུ་འབྱུང་ལས་སྐྱེ། །མངལ་གྱི་ཁུ་བ་ཁྲག་

དང་རླུང་། །འདུས་པ་ལས་ནི་མངལ་ཆགས་འགྱུར། །རྣམ་ཤེས་དང་ནི་འདྲེས་གྱུར་ལ། །ཁྲག་གིས་གསོས་པར་གྱུར་པ་ལས། །སྙིང་སྟོབས་དང་ནི་འདྲེས་འགྱུར་པ། །དེ་ནི་མངལ་ཆགས་ཤེས་པར་བྱ། །ལེགས་ཐོས་གྱིས་ནི་སླར་སྨྲས་པ། །བདག་ལ་ཐེ་ཚོམ་འདི་

སྐྱེས་ཏེ། །ཁུ་བ་ཟླ་བའི་བདག་ཉིད་ཅན། །ཁྲག་ནི་མེ་ཡི་རང་བཞིན་ཡིན། །དེ་གཉིས་འདུས་པར་གྱུར་པ་ན། །ཇི་ལྟར་མངལ་ནས་ཟགས་མ་གྱུར། །བུ་ཡིས་དེ་སྐད་དྲིས་པ་དང་། །ཤ་ལི་ཧོ་ཏྲས་སྨྲས་གྱུར་པ། །དེ་ནི་རྣམ་ཤེས་ཀྱིས་ཟིན་པས། །དྲོད་ཀྱིས་ཁུ་བར་འགྱུར་

མ་ཡིན། །མ་ཡི་ཉིས་པའི་དབང་དང་ནི། །ཚེ་ཡང་ཡོངས་སུ་ཟད་ན་འཇིག །ས་སོགས་འབྱུང་བ་ཆེན་པོ་དང་། །ཁུ་ཁྲག་སྐྱོན་མེད་གྱུར་པ་ལས། །དེ་ཚེ་ཡོན་ཏན་དང་ལྡན་པར། །མངལ་ནི་འཛིན་པར་འགྱུར་པ་ཡིན། །དེ་ནི་ང་ཡིས་བཤད་བྱ་ཡི། །རིམ་གྱིས་ཁྱོད་ཀྱིས་ཤེས་

པར་གྱིས། །ནམ་མཁའ་རླུང་དང་མེ་དང་ནི། །ཆུ་དང་དེ་བཞིན་ས་རྣམས་ཏེ། །འབྱུང་བ་ཆེན་པོ་དེ་དག་ལས། །མངལ་ནི་སྐྱོན་མེད་འབྱུང་བར་འགྱུར། །ལུས་ཅན་དག་ནི་ཐམས་ཅད་ཀྱི། །སྐྱེ་བ་དེ་ལྟར་འབྱུང་པ་ཡིན། །གཞན་བཤད་གཞུང་ཡང་མང་མོད་ཀྱི། །ཁོ་བོ་དེ་ལྟར་

མི་འདོད་དོ། །ཕ་དང་མ་ལས་བྱུང་བ་དང་། །ལས་དང་དེ་བཞིན་སྙིང་སྟོབས་སྐྱེས། །དེ་ལྟར་སེམས་ཅན་ཐམས་ཅད་ནི། །མངལ་དུ་ཆགས་པར་ཤེས་པར་བྱ། །ཇི་ལྟར་འབྱུང་བ་བཤད་བྱ་སྟེ། །ལ་ལ་མགོ་བོ་སྔར་སྐྱེ་ཟེར། །ཁ་ཅིག་གིས་ནི་དང་པོར་སྙིང་། །

Vol. 203 · folio 169a

གཞན་དག་རྒྱུ་མ་སྐྱེ་ཞེས་ཟེར། །དེ་ལྟ་མོད་ཀྱི་མངལ་དུ་ནི། །མིང་ཅན་ཅིག་ཅར་སྐྱེ་བར་འདོད། །ཁུ་བ་ཁྲག་དང་རྣམ་ཤེས་དག །འདྲེས་ཀྱང་བརྒྱལ་བར་གྱུར་པ་ལས། །ཞག་བདུན་ནས་ནི་རླུང་དག་གིས། །བསྐམས་ལས་ནུར་ནུར་པོར་འགྱུར་རོ། །ཞག་

བཅུ་ན་ནི་མེར་མེར་པོ། །ཟླ་བ་གཅིག་ན་གོར་གོར་པོ། །རྫ་བུམ་གསེར་ལས་ཆུ་བླུགས་པ། །ཀུན་དུ་གཤེར་བར་བྱེད་པ་ལྟར། །མ་ཡི་ཁ་ཟས་ཡོན་ཏན་གྱིས། །མངལ་དུ་ཆགས་པ་གསོ་བར་བྱེད། །ནུར་ནུར་པོ་ལ་སོགས་པའི་ཆེ། །ཡན་ལག་མི་གསལ་ཉིད་དུ་

བཤད། །ཟླ་བ་གཉིས་ན་རྐང་ལག་ནི། །སོ་སོའི་ཆར་ནི་འགྲོ་བར་འགྱུར། །དུས་ནི་དུས་ཀྱི་ཁྱད་པར་གྱིས། །ཡན་ལག་གསལ་ཞེས་བཞད་པ་ཡིན། །སྔར་ནི་མི་གསལ་དེ་རྗེས་ལ། །གསལ་བ་ཉིད་དུ་སྣང་བ་ཡིན། །ཇི་ལྟར་སྨན་གྱི་ས་བོན་ལ། །ཐམས་ཅད་མི་གསལ་ཉིད་དུ་

འདོད། །དེར་ནི་བྱེད་པ་པོ་མི་སྣང་། །ས་བོན་ལ་རྟ་དེ་བཞིན་ནོ། །དཔེར་ན་འོ་མ་མར་ཡོད་པ། །དེ་ལ་སྣང་བར་འགྱུར་མ་ཡིན། །དེ་ནི་བསྲུབས་པར་གྱུར་པ་ན། །ཐམས་ཅད་གསལ་བར་འགྱུར་བ་ཡིན། །དེ་བཞིན་མ་ཆགས་རང་བཞིན་ནི། །ཕྲ་བས་མངོན་པར་མི་འགྱུར་ལ། །

དེ་ཉིད་འཕེལ་བར་གྱུར་པ་ཡི། །དུས་གཞན་དུ་ནི་གསལ་བར་འགྱུར། །ཇི་ལྟར་ཨ་མྲའི་ས་བོན་ལ། །ཤུན་པ་ལ་སོགས་མི་སྣང་གི །དུས་གཞན་ཞིག་ན་གསལ་བར་སྣང་། །མངལ་དུ་ཆགས་པ་དེ་དང་འདྲ། །གང་ཚེ་གསལ་བར་གྱུར་ནས་ནི། །མངལ་དུ་སླར་ཡང་འཕེལ་

འགྱུར་ཏེ། །ཡན་ལག་ཉིང་ལག་ཆགས་གྱུར་པ། །ཟླ་བ་གསུམ་ལོན་ལ་སོགས་ཉོན། །ལུས་དང་རྒྱབ་དང་བྲང་དང་སྤུ། །པགས་པ་བུ་ག་རྐེད་པ་ལྟོ། །མིད་པ་དཔུང་པ་རྨིག་པ་དང་། །རྐན་མཆུ་ནུ་མ་ཁ་འགྲམ་སོགས། །ནམ་ཚོང་བྲང་དང་རྩིབ་མ་རྣམས། །ཟླ་བ་གསུམ་ན་སྐྱེ་

བར་འགྱུར། །ཟླ་བ་བཞི་པར་ཕོ་མཚན་ནི། །རྩ་རྒྱུས་བཅས་པ་སྐྱེ་བར་འགྱུར། །དེ་བཞི་དང་གས་སྲ་ཤ་འཕེལ་དང་། །མཇུག་མ་རྔོག་མ་རུས་པ་སྐྱེ། །ཟླ་བ་ལྔ་པར་རྐུབ་དང་ནི། །ལོང་ཀ་དག་ཀྱང་སྐྱེ་འགྱུར་ཞིང་། །སྙིང་དང་གློ་བ་མཚེར་པ་དང་། །མཆིན་པ་མཁལ་མ་གཞང་

Vol. 203 · folio 169b

དང་ན། །རྒྱུ་མ་གཉེ་མ་སོགས་པ་འབྱུང་། །ཟླ་བ་དྲུག་པར་ཡན་ལག་ཀུན། །རྒྱས་ཤིང་རྩ་ཕྲན་རྩ་ཆེན་དང་། །རུས་པ་ཀུན་དང་ཚིགས་རྣམས་འབྱུང་། །ཟླ་བ་བདུན་པའི་ཚེ་ན་ནི། །མ་ཡི་ནུ་མ་གཡོས་འགྱུར་ཞིང་། །དབང་པོ་དྲུག་ནི་ཚང་བ་དང་། །དབུགས་ནི་དམན་པ་ཉིད་ཀྱིས་

རྟ། །དབང་པོའི་ཡོན་དང་བྱ་བ་ལ། །ནུས་པ་ཆུང་བ་ཉིད་དུ་འགྱུར། །དེ་ཕྱིར་ཟླ་བ་བདུན་པ་ན། །རྒོད་མ་དབུགས་རྔུབ་བདེར་མི་ནུས། །དེ་ཚེ་ཡན་ལག་རྒྱས་ཤིང་བརྟན། །རྩ་སོགས་བདུན་བརྒྱ་གསལ་བར་འགྱུར། །དེ་བཞིན་ཟླ་བ་བརྒྱད་པ་ལ། །མངལ་དུ་ལུས་དེ་ཆེར་འཕེལ་ཞིང་། །

ལུས་རྒྱས་རོ་དྲུག་ཚོར་བ་དང་། །སྟོབས་དང་ལྡན་ཞིང་དབང་པོ་གསལ། །དབང་པོས་དོན་ནི་གསལ་བྱེད་ཅིང་། །མ་ཡང་བདེ་བར་དབུགས་མི་རྔུབ། །ཚགས་ཚིགས་མཉེན་ཞིང་བརྟན་འགྱུར་ཞིང་། །རྒོད་མའི་ལྟོ་བ་ཅི་ཞིག་ན། །ཟླ་བ་དགུ་པར་རྒོད་མ་ནི། །མཚན་དང་དེ་

བཞིན་ནུ་མ་སྐྲངས། །འབྱུང་བ་གསལ་བ་ཉིད་འགྱུར་ཞིང་། །ཡན་ལག་ཉིང་ལག་རྫོགས་པར་འགྱུར། །ཟླ་བ་དགུའམ་ནི་བཅུ་བའམ། །ཟླ་བ་བཅུ་གཅིག་པ་དག་ལ། །ཉེ་བར་བཙས་པ་ཉིད་དུ་འགྱུར། །རྒོད་མ་ནད་དང་བཅས་པར་ནི། །བུ་བཙས་པ་ནི་འགྱུར་བ་ཡིན། །བུ་

ཡི་ལྟེ་བ་དང་འབྲེལ་བའི། །མངལ་ན་རྩ་སྦུབས་ཡོད་པས་ན། །དེ་ལས་དངས་མ་རྒྱུ་མ་ཡི། །མངལ་ནི་འཕེལ་བར་གྱུར་པ་ཡིན། །མངལ་ན་གནས་པ་རྟག་པར་ནི། །མགོ་བོ་གྱེན་དུ་བལྟས་ནས་གནས། །མངལ་ན་གནས་པའི་གཅིན་རྟུག་ནི། །སྐྱེ་བའི་དུས་ན་འབྱུང་

འགྱུར་ལ། །ཟླ་བ་བཅུ་བར་དེ་འཕེལ་ཏེ། །དེ་ནི་ཤ་མ་ལ་གནོད་བྱེད། །དེ་ནི་གཅིན་རྟུག་ལ་གནས་པས། །ཡིད་མི་བདེ་ཕྱིར་སྒྱུར་བར་བྱེད། །མགོ་ནི་ཐུར་དུ་སྒྱུར་བྱེད་ཅིང་། །གོ་བཟློག་པར་ནི་གནས་བས་ན། །རྒྱུ་མ་དཀྲུགས་བར་གྱུར་པའི་ཕྱིར། །མ་ཡིན་ད་ནི་མི་བཟད་

སྐྱེད། །དེ་ལྟར་ཐུར་དུ་བསྒྱུར་བས་ན། །དེ་བས་རྒོད་མའི་ཁ་ཟས་ནི། །རྗེས་སུ་མཐུན་པ་ཉིད་དུ་བྱ། །རྒྱུ་དེས་ཟླ་བ་བཅུ་ན་ནི། །ལེགས་པར་བཅས་པ་ཉིད་དུ་འགྱུར། །དེ་ནི་བཟུང་བར་བྱེད་པས་ན། །དང་པོ་མགོ་བོ་འབྱུང་འགྱུར་ཏེ། །དེ་ནས་ལུས་ནི་རིམ་གྱིས་འབྱུང་། །

Vol. 203 · folio 170a

དེ་ལྟར་ན་ནི་བཙས་པར་བཤད། །དེ་ཡི་རྗེས་ལ་ཤ་མ་ནི། །མངལ་ནས་འབྱུང་བར་འགྱུར་བ་ཡིན། །ཕོ་ལ་སོགས་པ་མངལ་དུ་ནི། །ཆགས་པར་བྱེད་པའི་རྒྱུ་ཉོན་ཅིག །ཁུ་བ་མང་ཞིང་ཁྲག་ཉུང་པ། །རླུང་གིས་འདྲེས་པར་བྱས་ནས་ནི། །དེར་ནི་

རྣམ་ཤེས་ཞུགས་གྱུར་ན། །རྟེའུ་ཕོ་རུ་སྐྱེ་བར་འགྱུར། །དེ་ལྟ་བུ་ཡི་ཚུལ་གྱིས་ནི། །ཁུ་བ་ཉུང་ཞིང་ཁྲག་མང་ན། །དེ་ལས་རྟེའུ་མོར་སྐྱེ་བར་འགྱུར། །གང་གིས་མ་ནིང་སྐྱེ་འགྱུར་ཉོན། །རྩ་དང་ཆུ་ནི་ཟད་འགྱུར་ཞིང་། །ཁ་རླུང་གིས་ཉེན་གྱུར་པ་ཡི། །ཕྱིན་ཅི་ལོག་གི་

དུས་སུ་ནི། །ཕ་མ་དག་ཀྱང་ཉམ་ཆུང་ཞིང་། །དབང་པོའི་སྟོབས་ཀྱང་ཟད་གྱུར་པ། །དེ་གཉིས་ཕྲད་པར་གྱུར་པ་ནི། །ཁུ་བ་ཁྲག་ཀྱང་ཆ་མཉམ་ན། །མ་ནིང་དུ་ནི་སྐྱེ་བར་འགྱུར། །ཉེས་པ་དེ་དག་གཉིས་དང་ནི། །ཕ་མ་ནད་གཞིར་བཅས་གྱུར་ན། །ཟླ་མཚན་ཉེས་པ་ཆེར་

ལྡན་ལས། །རྟ་ནི་གཡང་གཤམ་དག་ཏུ་འགྱུར། །སྡར་བཤད་པ་ཡི་རྒྱུ་ཡོད་ཅིང་། །མངལ་དུ་ཆགས་པར་གྱུར་པ་ན། །མངལ་གྱི་གནས་ནི་ནད་གཞིར་བཅས། །རླུང་ནི་ཤས་ཆེར་གྱུར་པ་ན། །དེ་ལ་རྟེའུ་ཕོ་མོ་འབྱུང་། །ཁུ་བ་ཉེས་པར་ལྡན་འགྱུར་ན། །གསེབ་ཀྱིས་བུ་ནི་

སྐྱེད་མི་བྱེད། །ཁུ་བ་སྟོང་པར་གྱུར་པ་ན། །རླུང་གིས་གཉིས་སུ་ཕྱེ་བ་ལས། །ཁྲག་དང་འདྲེས་པར་གྱུར་པ་རུ། །རྣམ་ཤེས་གཉིས་ནི་ཞུགས་པ་ན། །རྟེའུ་མཚེ་མར་སྐྱེ་འགྱུར་ལ། །ཁུ་བ་མང་ན་ཕོ་གཉིས་ཏེ། །ཁྲག་ནི་མང་བར་གྱུར་པ་ལས། །རྟེའུ་མོའི་མཚེ་མར་སྐྱེ་བར་

འགྱུར། །དེ་ལས་གཞན་ཡང་མངལ་གྱི་ནི། །ཉེས་པ་བཞི་བོ་མཉན་པར་གྱིས། །རླུང་ནད་གནོད་ཀྱི་ཉེས་པ་ཡིས། །མངལ་དུ་ཞུ་བར་གྱུར་པ་ཡིན། །དེ་ལ་བད་ཀན་ལྷགས་གྱུར་ན། །མངལ་ན་ཉལ་བ་ཞེས་བྱར་འགྱུར། །རླུང་དང་བད་ཀན་གྱིས་ཉེན་པས། །མངལ་

དུ་ལུགས་པ་ཞེས་བྱར་འགྱུར། །རྒོད་མ་རྩེག་ཅིང་མེ་དྲོད་ཉམས། །མངལ་སྐམ་པ་ཞེས་བྱ་བར་འགྱུར། །མངལ་དུ་རླུང་གིས་གཟིར་གྱུར་ཅིང་། །འཇུག་ཚེ་ཤིན་ཏུ་གནོད་བྱས་ལ། །བད་ཀན་ཁྲག་དང་འདྲེས་པ་ལས། །དེ་ཚེ་མཚན་མི་ལྡང་བར་འགྱུར། །སྦྲུམ་

Vol. 203 · folio 170b

མ་ཡི་ནི་ཉེས་པ་དང་། །ཁ་ཟས་རྩུབ་པས་རླུང་བསྐྱེད་ཅིང་། །གྲང་བས་བཀག་ཅིང་གནོད་གྱུར་བས། །དེ་ནི་མངལ་དུ་གཟུགས་ཐུང་འགྱུར། །གང་ཚེ་དུས་ཚིགས་ཉེས་པ་ལ། །རྒོད་མའི་ནད་གཞི་དང་ཕྲད་པར། །མངལ་དུ་ཆགས་པར་གྱུར་པ་ན། །དེ་ཚེ་ནད་བུ་ཅན་དུ་

འགྱུར། །རོ་ནི་མི་མཉམ་ཉེས་པ་དང་། །དེ་བཞིན་དུས་ནི་གོ་ལོག་པས། །མངལ་གྱི་རླུང་འཁྲིས་བད་ཀན་གྱི། །ཉེས་པ་ཉེ་བར་འཁྲུག་པར་འགྱུར། །རླུང་གིས་ལྕེ་ཡི་རྩ་དག་ཏུ། །རྗེས་སུ་རྒྱུ་བར་བྱེད་པ་ན། །ནད་གཞི་དེ་ནི་འཁྲུགས་གྱུར་ན། །དེ་ལས་རྟ་ནི་ལྐུགས་

པར་འགྱུར། །རྣ་བའི་བུ་ག་འགགས་པ་ལས། །འོན་པ་ཉིད་དུ་སྐྱེ་བར་འགྱུར། །མིད་པའི་རྩ་ནི་འགགས་པ་ལས། །བེམས་པོ་འདྲ་བར་སྐྱེ་བར་འགྱུར། །མངལ་དུ་མིག་གི་རྩ་དག་ལ། །གནོད་གྱུར་པ་ཡིས་ཁེབས་པ་ལས། །རྟེའུ་དམུས་ལོང་དག་ཏུ་ནི། །

རྒོད་མ་ལས་ནི་སྐྱེ་བར་འགྱུར། །སྣ་ཡོན་རྔོག་མ་གཡོ་བ་དང་། །གཞོགས་ཉམས་གཞོགས་ཕྱེད་ཆེ་བ་དང་། །ལུས་དང་མཇུག་རྔོག་མི་སྡུག་དང་། །རྒྱབ་སྒུར་རླིག་པ་ཆེ་བ་དང་། །རླིག་པ་རབ་ཆུང་ལྷག་པ་དང་། །མཚན་ནི་རིང་དང་ཐུང་དང་གུག །ཡན་ལག་

རེངས་དང་ཡོ་བ་དང་། །མ་ནིང་ཡན་ལག་མ་ཚང་དང་། །གཟུགས་ནི་སྡུག་དང་ཡན་ལག་ཉམས། །ཡན་ལག་ཕྲ་དང་ལྷག་མ་རྣམས། །དེ་ནི་རླུང་གི་གནོད་ལས་གྱུར། །དེ་ལྟར་ཇི་སྐད་བཤད་པ་དང་། །དེ་ལས་ལྷག་པའི་སྨད་བྱ་བ། །སྣང་ན་རྟ་དེ་རླུང་གི་ནི། །ནད་ཀྱིས་

ཉེན་པར་ཤེས་པར་བྱ། །རྟ་ནི་གསེབ་དང་ཕྲད་གྱུར་ཚེ། །ཡིད་ལ་གང་ཞིག་འདོད་གྱུར་པ། །དེ་ཡི་བུ་ནི་དེ་འདྲ་པར། །སྐྱེ་བར་འགྱུར་བ་ཁོ་ན་ཡིན། །དེ་བཞིན་སྤྱོད་ལམ་དག་དང་ཚང་། །མདོག་དང་གཟི་མདངས་འགྲོས་དང་ནི། །ཕ་དང་མ་ནི་ཅི་འདྲ་བ། །དེ་འདྲ་ཕལ་

ཆེར་འགྱུར་བ་ཡིན། །ཁ་ཟས་ངན་དུ་འཁྲུ་བ་དང་། །སྣད་དང་འཇིགས་དང་ངལ་བ་ལས། །སྦྲུམ་མའི་ནད་ནི་འཁྲུགས་གྱུར་པས། །མངལ་འཇིག་པར་ནི་འགྱུར་པ་ཡིན། །གང་ཚེ་རླུང་ནི་མངལ་གནས་པའི། །རྔོག་མའི་གནས་སུ་ཕྱིན་གྱུར་ན། །རྔོག་མ་རྩུབ་དང་མི་སྙོམས་

Vol. 203 · folio 171a

པའམ། །རྔོག་མ་སྲབ་པར་འགྱུར་བ་ཡིན། །པགས་པ་སྤུ་དང་རྔ་མ་ཡི། །སྐྱོན་གང་ཡོད་དེ་རླུང་ལས་གྱུར། །བད་ཀན་མཁྲིས་པ་ལས་གནས་པའི། །སོ་ཡི་རྩ་བར་གནས་གྱུར་ལ། །བད་ཀན་མཁྲིས་པ་ཤས་ཆེ་ལས། །སོ་མི་སྡུག་པར་འགྱུར་པ་

ཡིན། །འཁྲིག་ཚེ་ཁུ་བ་སྐྱོན་མེད་ཅིང་། །ཟླ་མཚན་ཡོན་ཏན་ལྡན་པ་དང་། །གོམས་ཤིང་འདོད་པ་དང་ཕྲད་ཅིང་། །ཡིད་ལ་འདོད་པ་མ་བཀག་དང་། །བཀྲ་ཤིས་ཤིས་པ་བརྗོད་བྱས་དང་། །དགེ་སྦྱོང་བྲམ་ཟེ་མཆོད་པ་ལས། །ཚེ་རིང་བར་ནི་འགྱུར་པ་ཡིན། །གཞན་དུ་དེ་ནི་

ཚེ་ཐུང་འགྱུར། །གསེབ་སྦྱར་ཚེ་ན་སྐར་མ་ཆེས། །བྱེད་པ་ལ་སོགས་བཟང་པོ་དང་། །ཡིད་འོང་གཞན་ཡང་མང་པོ་ཡིས། །བཀྲ་ཤིས་དང་ནི་མཆོད་བྱས་ཏེ། །རྟ་ནི་མཆན་ལྡན་རྒོད་མ་ནི། །ཤིས་པ་དང་ནི་སྦྱར་བར་བྱ། །ལྷ་དང་བྲམ་ཟེ་མཆོད་བྱས་ལ། །རོལ་མོ་སེམས་

ཅན་གཞན་གྱིས་བསྐོར། །རོ་ཙ་གཙང་བའི་ཁ་ཟས་དང་། །ཁུ་བཅུད་བཟང་པོ་དག་ཀྱང་སྦྱིན། །དེ་ལྟར་བྱས་ན་བཟང་འགྱུར་ཏེ། །གཞན་དུ་བྱས་ན་བཟང་མི་འགྱུར། །གཟི་མདངས་ཉམས་དང་སྙིང་སྟོབས་རྩལ། །གཟུགས་དང་ནད་མེད་དཔའ་བ་དང་། །འཇིགས་མེད་པ་

དང་བློ་ལྡན་པ། །འོག་ནས་རྒྱ་ཆེར་བཤད་པར་བྱ། །རྫས་བཅུད་ནུས་པ་སྨིན་པ་ལས། །རྟ་རྣམས་མངལ་དུ་ཆགས་པའི་ཚེ། །བད་ཀན་པགས་པར་ཁྱབ་གྱུར་ན། །རྟེའུ་དཀར་པོར་སྐྱེ་བར་འགྱུར། །རླུང་གི་ཁ་དོག་སྔོ་བསངས་འགྱུར། །མཁྲིས་པ་ཡིས་ནི་ནག་པོར་སྐྱེ། །

བད་ཀན་མཁྲིས་པ་འདྲེས་པ་ལས། །རྟ་མདོག་སེར་སྐྱར་སྐྱེ་བ་ཡིན། །གལ་ཏེ་ཁྲག་མཁྲིས་ཉུང་གྱུར་ལ། །བད་ཀན་ཡང་ནི་ཤས་ཆུང་བས། །རྟེའུའི་པགས་པར་ཕྱིན་གྱུར་ན། །མདོག་རྗེས་སེ་བོ་དག་ཏུ་འགྱུར། །ཁྲག་ནི་གལ་ཏེ་མང་གྱུར་ཅིང་། །བད་ཀན་མཁྲིས་པ་ཤས་ཆུང་བ། །

རྟ་ཡི་པགས་པར་ཕྱིན་ན་ནི། །རྟ་ནི་དམར་གྲོ་དག་ཏུ་འགྱུར། །གང་ཚེ་མཁྲིས་པ་མང་གྱུར་ཅིང་། །ཁྲག་དང་བད་ཀན་ཉུང་གྱུར་པ། །རྟེའུའི་པགས་པར་ཕྱིན་གྱུར་ན། །རྟ་ནི་གྲོ་ནག་དག་ཏུ་འགྱུར། །བརྟག་པའི་ཚུལ་ནི་འདི་ཉིད་ཀྱིས། །བད་ཀན་དང་ནི་ཁྲག་འདྲེས་དང་། །ཁྲག་མཁྲིས་

Vol. 203 · folio 171b

འདྲེས་པར་གྱུར་པ་ལས། །རྟ་ནི་སེར་སྐྱ་དག་ཏུ་འགྱུར། །རླུང་དང་མཁྲིས་པ་བད་ཀན་དང་། །ཁྲག་རྣམས་འདྲེས་པར་གྱུར་པ་ལས། །རྟ་རྣམས་ཀྱི་ནི་ཁ་དོག་དག །རྣམ་པ་དུ་མར་འགྱུར་པ་ཡིན། །ནད་གཞི་རླུང་གིས་བཅད་གྱུར་པ། །པགས་པར་ཕན་ཚུན་གཏོར་བ་

ལས། །ཁྲ་བོ་དང་ནི་ཐིག་ལེ་ཅན། །ཁ་དོག་དབྱེ་བ་དག་ཏུ་འགྱུར། །མདངས་ཀྱིས་གཟི་མདངས་འཕེལ་འགྱུར་ལ། །དེ་བཞིན་སྙིང་སྟོབས་དག་ཏུ་འགྱུར། །མདངས་དང་རླུང་ནི་ཤས་ཆེ་ཞིང་། །མ་འདྲེས་ཟས་ནི་ཟ་བ་ལས། །ནད་མེད་པར་ནི་འགྱུར་པ་ཡིན། །མེ་

རླུང་སྙིང་སྟོབས་དག་ལས་དཔལ། །འབྱུང་བ་ཆེན་པོ་ཆ་མཉམ་ཞིང་། །སྙིང་སྟོབས་ཆེ་ལས་འཇིགས་མེད་འགྱུར། །སྙིང་སྟོབས་རླུང་དང་སྟོབས་ཆེ་ལས། །མགྱོགས་པ་ཕུན་སུམ་ཚོགས་པར་འགྱུར། །སེམས་དང་བློ་དང་སྙིང་སྟོབས་ཡིད། །དེ་བཞིན་བད་ཀན་རང་བཞིན་

ཅན། །འདི་དག་ལྷགས་པར་གྱུར་པ་ལས། །ཡན་ལག་བཅུ་ཚད་བློ་ལྡན་འགྱུར། །དགེ་ཞིང་བྱད་ལ་རབ་དགའ་དང་། །དེ་བཞིན་དབང་པོ་དགའ་བྱེད་པ། །རིགས་དང་དུས་ཚིགས་ཕུན་ཚོགས་ལྡན། །ཡིད་དང་བློ་ན་མེ་ཡེངས་པ། །མངལ་དུ་རྟ་ནི་གང་སྐྱེས་པ། །དེ་ནི་ཡོན་ཏན་

ཀུན་ལྡན་འགྱུར། །དེ་ལས་བཟློག་པར་གང་སྐྱེས་པ། །དེ་ནི་ཡོན་ཏན་ཅན་མི་འགྱུར། །བཟང་དང་རྣོ་དང་ཞན་པ་སྟེ། །རང་བཞིན་རྣམ་གསུམ་ཅི་བཞིན་དང་། །སྐྱེ་བའི་ཆ་ཡང་དེ་བཞིན་ཏེ། །རང་བཞིན་གསུམ་དུ་ཤེས་པར་བྱ། །མངལ་དུ་གནས་ནས་ཟླ་གཉིས་ན། །

ནགས་སུ་ཉེ་བར་བསྐྱད་བྱ་ཞིང་། །ཁ་ཟས་སྣ་ཚོགས་པ་དག་དང་། །ཐུག་པ་དང་ནི་བལྡག་པ་སྦྱིན། །དེར་ནི་རྟག་ཏུ་གང་བརྟེན་པ། །ཁ་ཟས་གང་ཞིག་འདོད་གྱུར་པ། །དེ་ནི་ཡིད་ལ་རེ་བར་བཤད། །འདི་ནི་དེ་ལ་སྦྱིན་པར་བྱ། །གལ་ཏེ་འདོད་པ་མ་བྱིན་ན། །གཟུགས་

མི་སྡུག་ཅིང་མི་སྲུན་དང་། །ཡན་ལག་མི་ཚང་བློ་ཆུང་དང་། །འཇིགས་སྐྱེན་སྟོབས་ཆུང་སེམས་ཉམས་ཤིང་། །འདུས་དང་ལས་ཀྱི་དབང་དང་ནི། །ནད་གཞི་རྣམས་ཀྱི་རང་བཞིན་ལས། །མངལ་དུ་སྐྱེ་བར་འགྱུར་བ་ནི། །ཅི་ལྟ་བར་ནི་ཡོངས་སུ་བཤད། །ལེགས་

Vol. 203 · folio 172a

ཐོས་ཐོས་དང་ལྡན་པ་ཡིས། །ཚུལ་བཞིན་ཡོངས་སུ་དྲིས་བ་ན། །ཤ་ལི་ཧོ་ཏྲ་དཀའ་ཐུབ་ཆེས། །དྲིས་ལན་དེ་ལྟར་སྨྲས་པ་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་མངལ་དུ་ཆགས་པ་ཞེས་བྱ་བ་སྟེ་ལེའུ་ལྔ་པའོ།། །།རྟ་སྐད་ལས་

སྐྱེས་དྲང་སྲོང་ནི། །རྟ་ཡི་རང་བཞིན་ཤེས་གྱུར་པ། །ཤ་ལི་ཧོ་ཏྲ་ཉིད་ལས་ནི། །ལེགས་ཐོས་ཀྱིས་ནི་ཡོངས་སུ་དྲིས། །བུ་ཡིས་དྲིས་ནས་དྲང་སྲོང་དེ། །དགའ་བའི་ཚིག་ཏུ་སྨྲས་པ་ནི། །རླུང་དང་མཁྲིས་པའི་བདག་ཉིད་ཅན། །རང་བཞིན་གསུམ་དུ་ཤེས་པར་

བྱ། །རྩུབ་ཅིང་མི་བརྟན་རྔ་རྔོག་སྲབ། །འཇིགས་སྐྱེན་སྐྱིད་ཞན་ཁུར་སྟོབས་ཆུང་། །ལམ་གྱིས་དུབ་ཅིང་སྣ་ནང་མང་། །གཉིད་མེད་ཤིན་ཏུ་གཟུགས་མི་སྡུག །འཁྲིག་པ་ལ་འདུ་འདུལ་བར་དཀའ། །འདོད་པའི་ནུས་པ་ཆུང་པ་དང་། །རླུང་གིས་གང་ཚེ་

འཁུམས་པ་དང་། །སླར་ཡང་རྗེས་སུ་རྒྱུག་པ་དང་། །རྟག་ཏུ་རྟ་རྫི་རྣམས་དང་ནི། །རྟ་ལ་སོས་ནི་འདེབས་པ་དང་། །མི་དང་རྟ་ཡི་ཕྱི་ནས་ནི། །རྡུན་ནས་མདུན་དུ་བརྒྱུག་པ་དང་། །འདྲེ་བར་བྱེད་ཚེ་ལུས་ཀུན་ནི། །བཟློག་ཅིང་འདྲེ་བར་མ་ནུས་ཀྱི། །གཞོགས་གཅིག་

པ་ནི་ཡང་དང་ཡང་། །འགྲོ་བར་བྱེད་པའང་ཉིད་དང་ནི། །དེ་བཞིན་ལམ་གྱི་གཞི་མཉམ་པར། །ཁལ་མེད་པར་ཡང་བུབ་པ་དང་། །བརྡེག་ཀྱང་རང་གི་སྤྱོད་པ་ནི། །ཡུན་རིང་ཞིག་ནས་འདོར་བ་དང་། །བསླབས་པ་རྣམས་ནི་བརྗེད་གྱུར་པའི། །རྟ་ནི་རླུང་གི་རང་བཞིན་

ཅན། །རྡུལ་ཅན་ཁྲོ་བ་ཡུན་རིང་དང་། །གཉིད་མེད་འཐབ་ལ་དགའ་བ་དང་། །སོ་དང་དེ་བཞིན་ལག་གཉིས་ཀྱིས། །རྟ་ལ་རྟག་ཏུ་འཆེ་བ་དང་། །རྟ་རྫིའི་ལས་ནི་བྱེད་པ་ལ། །རང་བཞིན་ཞི་བ་སྟོན་པ་ནི། །རྟག་ཏུ་འཇིགས་ཤིང་ནུས་པ་ཆུང་། །ལས་དང་ལས་ལ་སྲན་ཆུང་

དང་། །གཞོགས་གཅིག་གིས་ནི་ཅུང་ཟད་ཙམ། །ཐོག་མར་འདྲེ་བར་བྱེད་གྱུར་ཅིག །དེ་རྗེས་ལུས་ནི་ཐམས་ཅད་ཀྱིས། །ཟློག་ཅིང་འདྲེ་བར་བྱེད་པ་དང་། །དེ་བཞིན་ཉམ་ངའི་ལམ་དུ་ནི། །ཁལ་གྱིས་དུབ་ན་བུབ་པ་དང་། །འདུལ་སྤྱོད་པ་ཡི་ཚིག་སཱན་ཅིང་། །བསླབ་པ་

Vol. 203 · folio 172b

འདོར་ཞིང་འབྲོས་བྱེད་དང་། །གྲང་བ་ལ་ནི་དག་འགྱུར་པའི། །རྟ་ནི་མཁྲིས་པའི་རང་བཞིན་ཅན། །སྤུ་མདོག་སྣུམ་ཞིང་སྟོབས་ཆེ་ལ། །སྒྲ་སྙན་དལ་གྱིས་འཚེར་བ་དང་། །རྟ་དང་དེ་བཞིན་མི་རྣམས་ལ། །རང་བཞིན་ཞི་བ་སྟོན་པ་དང་། །འདུལ་སྦྱོང་སླ་ཞིང་བསླབས་ལ་བརྟན། །

གཉིད་ཚེ་རྟག་ཏུ་བརྟག་པ་དང་། །ཁལ་དང་ལམ་དུ་གཡུལ་ངོ་རུ། །རྟག་ཏུ་སྡུག་བསྔལ་ཆེར་བཟོད་དང་། །ཆུ་ལ་བརྟན་ཞིང་ཤུགས་ཆེ་ལ། །གང་དུའང་བུབ་པར་འགྱུར་མ་ཡིན། །འགྲོ་ཚེ་གཞོགས་ནི་གཉིས་ཀ་ཡིས། །ཡང་དང་ཡང་དུ་ཟློག་པ་དང་། །འོབས་ལ་གོམ་པ་

མི་འདོར་གྱི། །ཤུགས་ཀྱིས་མཆོད་བར་འདོད་པ་དང་། །བདག་པོ་ལ་ནི་དགའ་བ་ཡི། །རྟ་ནི་བད་ཀན་རང་བཞིན་ཅན། །མཚན་ཉིད་གཉིས་ཀ་དང་ལྡན་པ། །རང་བཞིན་གཉིས་པ་ཞེས་བྱར་བཤད། །རླུང་དང་མཁྲིས་པའི་རང་བཞིན་ཅན། །ཐ་མ་ཡིན་པར་ཡོངས་སུ་

བཤད། །རླུང་དང་བད་ཀན་རང་བཞིན་ཅན། །བར་མ་དག་ནི་ཡིན་པར་བཤད། །མཁྲིས་པ་བད་ཀན་རང་བཞིན་ཅན། །རྟ་ནི་རབ་མཆོག་ཡིན་པར་བཤད། །ནང་མེད་ལུས་ཟུངས་མཉམ་གྱུར་ཅིང་། །བད་ཀན་ཅན་གྱི་རྟ་བསྔགས་སོ། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས། །

རྟའི་རང་བཞིན་གྱི་ལེའུ་སྟེ་དྲུག་པའོ།། །།ལེགས་ཐོས་ཐོས་པ་འཛིན་པ་ཡི། །བུ་ལ་ཤ་ལི་ཧོ་ཏྲས་སྨྲས། །བཟང་པོ་སྨན་དང་རི་དགས་དང་། །འདྲེས་པའི་མཚན་ཉིད་མཉན་པར་གྱིས། །སྟོབས་ཆེན་མདོག་ནི་སྣུམ་པ་དང་། །དུལ་བའི་གཟུགས་ཅན་

གཙང་སྦྲར་ལྡན། །ཚངས་སྤྱོད་མཚན་མོ་གཉིད་ལོག་ཅིང་། །ལེ་ལོ་མེད་ཅིང་ཕྲག་དོག་མེད། །ལངས་ནས་གཉིད་ནི་ལོག་པ་དང་། །རྟག་ཏུ་ལངས་ནས་འདུག་པ་དང་། །བདག་པོ་ལ་དགའ་ལྡབ་སྐྱོན་དང་། །བསླབས་པ་ནམ་ཡང་མི་འདོར་དང་། །ཐམས་ཅད་དུ་ནི་དཔའ་བ་

དང་། །གཡུལ་དང་ལམ་དང་མེ་ལ་ནི། །སྡུག་བསྔལ་གྱིས་ཞུམ་མེད་པ་དང་། །ནད་ཀྱིས་གདུངས་བར་གྱུར་ན་ཡང་། །ཤིན་ཏུ་ཉོན་མོངས་མེད་པ་དང་། ཅི་ཡང་རུང་བ་ཟོས་ནས་ནི། །མྱུར་དུ་ལུས་ནི་རྒྱས་འགྱུར་དང་། །ཐམས་ཅད་དུ་ནི་བརྟན་པ་ཡི། །རྟ་ནི་བཟང་པོའི་སྐྱེ་

Vol. 203 · folio 173a

གནས་ཡིན། །བཀྲ་ཤིས་མཚན་ཉིད་ལྡན་མོད་ཀྱི། །ཅུང་ཟད་སྨད་པ་ཡོད་པ་དང་། །བསླབ་པ་མྱུར་དུ་ལོབས་ན་ཡང་། །མྱུར་དུ་བརྗེད་པར་གྱུར་ན་ཡང་། །མཚན་མོའི་དུས་སུ་ལུས་ཕུང་སྟེ། །གཉིད་ནི་ལོག་པར་བྱེད་པ་དང་། །རྟ་ལ་ཞེ་སྡང་ཆེ་བ་དང་། །འཁྲིག་

པ་ལ་འདུ་ཕྲག་དོག་ཅན། །དང་པོ་དཔལ་ཞིང་དེ་རྗེས་ལ། །འཇིགས་པ་དག་ཏུ་འགྱུར་པ་དང་། །ལྕག་གིས་ཅུང་ཟད་གཞུས་པ་ནའང་། །རིང་དུ་འགྲོ་བར་བྱེད་པ་སྟེ། །དེ་ལྟ་བུ་ཡི་རིགས་ལྡན་པའི། །རྟ་ནི་དམན་པ་ཉིད་ཡིན་ནོ། །རྩུབ་ཅིང་རྟ་ལ་འཇིགས་སྐྱེན་དང་། །གཉིད་ཆེ་རྒྱུན་

ཅན་ལེ་ལོ་ཅན། །ལྟོ་ཆེ་སྦེགས་ཅིང་འཁྱམ་པ་དགའ། །དེ་བཞིན་ཀུན་དུ་དོག་པ་ཅན། །ཉིན་མོ་དང་ནི་མཚན་མོའང་རུང་། །ཡན་ལག་མ་ལུས་བརྐྱང་ནས་ནི། །རྟག་ཏུ་གཉིད་ནི་ལོག་པ་དང་། །རྟ་ལ་འཚེ་བར་བྱེད་ལ་དགའ། །ལྕག་གིས་གཞུས་ལ་མི་ཚོར་ཞིང་། །མྱུར་

དུ་ན་བར་བྱེད་པ་དང་། །ལུས་རྒྱས་པར་ནི་དཀའ་བ་ཡི། །རྟ་ནི་རིགས་སྐྱེ་གནས་ཡིན། །ཡོན་ཏན་འདྲེས་ལས་འདྲེས་གྱུར་ཏེ། །དེ་བཞིན་དབྱེ་བ་མང་པོའང་ཡོད། །བཟང་པོ་མཆོག་ཏུ་ཤེས་པར་བྱ། །དམན་པ་བར་མ་ཞེས་བཤད་ལ། །རི་དགས་ཐ་མ་ཡིན་ཞེས་བྱ། །

རྟ་ཡི་སྐྱེ་གནས་འདི་ཉིད་ཡིན། །མདོར་ན་སྐྱོན་དང་ཡོན་ཏན་དག །འདྲེས་དང་ལྷག་པ་ཡིན་ཞེས་བྱ། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་རྟའི་སྐྱེ་གནས་ཀྱི་ལེའུ་སྟེ་བདུན་པའོ།། །།རྟ་ཡི་རང་བཞིན་དེ་ཉིད་ཤེས། །དུལ་ལ་བརྩོན་ཞིང་དབང་པོ་ཐུལ། །ཤ་ལི་ཧོ་ཏྲ་བློ་ཆེན་

ལ། །མཛའ་བོ་ལས་རྒྱལ་གྱིས་དྲིས་པ། །གཟི་བརྗིད་ཆེན་པོ་རྟ་རྣམས་ཀྱི། །རིགས་བཞི་ཇི་ལྟར་ཤེས་པར་བགྱི། །མཚན་ཉིད་སྤྱོད་ལམ་གང་དག་གིས། །དེ་ལས་བཟློག་པར་ཤེས་པར་བགྱིས། །དེ་སྐད་དྲིས་ཏེ་དྲང་སྲོང་ཆེ། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །རྟ་ཡི་

རིགས་བཞི་ཤེས་དགའ་བས། །དེ་ནི་ང་ཡིས་གོ་བར་བྱ། །རིགས་བཞི་རྣམ་པར་དབྱེ་བ་ནི། །སྐྱེ་གནས་དང་ནི་གཟུགས་བྱད་དང་། །ཚུལ་སྤྱོད་དང་ནི་དུལ་བ་དང་། །སྐད་གདངས་དབྱིབས་དང་ཁ་དོག་དང་། །དྲི་ཉིད་ལས་ནི་ཉེར་ཤེས་བྱ། །གང་ཞིག་དེ་ལས་གོ་བཟློག་སྟེ། །

Vol. 203 · folio 173b

དེ་ཡི་ཁྱད་པར་སྨྲ་བ་ནི། །ཉོན་ལ་རྣམ་པར་དཔྱད་པར་གྱིས། །གཟུགས་བཟང་དཔལ་དང་ལྡན་པ་དང་། །སྤྱོད་པ་དུལ་ཞིང་བསྔགས་པར་འོས། །བློ་ལྡན་ངང་ཚུལ་བཟང་བ་དང་། །འདུལ་སྦྱོང་མཁན་གྱིས་བྱས་པ་ཉན། །རྗེས་སུ་མཐུན་ཞིང་ནུས་པ་ལྡན། །གཙང་ཞིང་

གཙང་སྦྲ་དག་ལ་བརྟེན། །བཀྲེས་དང་སྐོམ་ལ་སྲན་ཆེ་ཞིང་། །ཁྲོ་བ་ཆུང་ཞིང་བླན་པར་སླ། །གཟི་བརྗིད་དང་ལྡན་གྲགས་དང་ལྡན། །ལས་རྣམས་ཀུན་གྱི་རྗེས་སུ་འཇུག །བཏུང་དང་ཁ་ཟས་བཟའ་བྱ་ཡི། །ལྷག་མ་དང་ནི་མི་གཙང་དང་། །རྟ་སྤངས་དང་ནི་དེ་བཞིན་

གཅིན། །འདི་ནི་རིང་དུ་སྤོང་བྱེད་ཅིང་། །གཙང་ཞིང་གཙང་མར་སྤྱོད་པ་དང་། །ཉལ་ཡང་གཉིད་ནི་མེད་པ་དང་། །སྦྲང་རྩི་འབྲས་ཡོས་ཁུར་བ་མར། །འོ་ཐུག་སྲེག་རྫས་ལ་དགའ་ཞིང་། །དྲི་དང་སྣ་མའི་ཕྲེང་པ་དང་། །ཁྲུས་དང་བཀྲ་ཤིས་ལ་དགའ་ཞིང་། །འཚེར་

ཞིང་དེ་དག་སྣོམ་པ་དང་། །མི་དག་ལྟ་ན་སྡུག་པ་དང་། །འཇིགས་མེད་མཁས་ལ་སྲན་ཆེ་དང་། །སྙན་པར་འཚེར་ཞིང་སྒྲ་སྐད་ཆེ། །སེར་དང་དཀར་དང་དམར་པ་དང་། །ཕལ་ཆེར་སྦྲང་རྩི་ལྟར་སེར་དང་། །འགྲོས་ཆེ་སྲན་ནི་ཆེ་བ་དང་། །བརྟན་ཞིང་སྟན་པ་རྗེས་སུ་འཚེར། །

མདོག་སྣུམ་པགས་པ་སྲབ་པ་དང་། །བྲམ་ཟེ་ཀུན་ལ་དགའ་བ་དང་། །གཉིད་ལོག་ཚེ་ནི་འབྲས་ཡོས་དང་། །མར་དང་ཨུ་ཤིར་དྲི་འབྱུང་ལ། །ལྷ་དང་དྲི་ཟའི་སྙིང་སྟོབས་ཅན། །དགེ་ཞིང་རྟག་ཏུ་ངེས་པ་སྟེ། །དེ་ལྟའི་ཚུལ་སྤྱོད་ལྡན་པའི་རྟ། །བྲམ་ཟེའི་རིགས་སུ་ཤེས་པར་བྱ། །རྒྱལ་

རིགས་ཁྲོ་བའི་ཚུལ་ཅན་ཏེ། །ཚངས་པའི་མདོག་ལྡན་ཤེས་པར་བྱ། །རང་བཞིན་རྣོ་ཞིང་དཔའ་བ་དང་། །སྒྲ་སྐད་བཏང་ནས་འཚེར་བ་དང་། །དཔུང་པ་གློ་ཞིང་སྙིང་སྟོབས་ཆེ། །རང་བཞིན་གཙང་ཞིང་སྤྱོད་པ་ཡང་། །གཅེས་པར་བསྡུས་དང་ལྡན་པ་དང་། །ཡན་ལག་

འབྱེས་ཤིང་པགས་པ་སྲབ། །སྤྱོད་པ་གཙང་ཞིང་དུལ་པ་དང་། །འཇིགས་པ་རྣམས་ལ་མི་སྐྲག་པ། །ཆུ་དང་མེ་དང་འབྲུག་སྒྲ་དང་། །སྒྲ་ཆེར་གྲགས་དང་ལྷུང་དང་ཁུར། །ཚ་དང་རྩུབ་པའི་རེག་པ་དང་། །ས་རྩུབ་ཤིང་གི་ཚང་ཚིང་དང་། །རིང་དུ་འགྲོ་དང་ལམ་དོག་པར། །གང་

Vol. 203 · folio 174a

ཞིག་འཇིགས་པ་མེད་པ་དང་། །གླང་པོའི་ཚོགས་ནི་ཆེན་པོ་དང་། །དྲིལ་བུ་རོལ་མོའི་སྒྲ་རྣམས་དང་། །ཅ་ཅོ་འདོན་པའི་སྒྲ་རྣམས་དང་། །རྟ་གཞན་འཚེར་བར་གྱུར་པ་དང་། །དུང་དང་རྔ་ཆེན་སྒྲ་དང་ནི། །རོལ་མོའི་སྒྲ་དང་རྫ་རྔའི་སྒྲ། །གདུགས་དང་

རྒྱལ་མཚན་བ་དན་གྱིས། །སྐྲག་པར་མི་འགྱུར་རྟ་མཆོག་ཡིན། །རྔ་རྔོག་ལེགས་པར་བརྐྱང་ནས་ནི། །དགའ་བའི་ཡིད་ཀྱིས་འཚེར་བ་དང་། །རྐང་གཉིས་ལེགས་པར་འཇུག་བཞིན་དུ། །ས་སྟེང་ན་ནི་འཚེར་བ་དང་། །རྔུལ་དང་གཅིན་དང་རྟ་སྦངས་ནི། །ཡན་ལག་

བརྐྱང་སྟེ་འདོར་བ་དང་། །མཐར་ནི་ཤུགས་ཀྱིས་འདོར་བ་དང་། །རྟ་གཞན་ལ་ནི་བསྡིགས་པ་དང་། །གཡུལ་ངོར་རྟ་དང་གླང་པོ་དང་། །ཤིང་རྟ་དཔུང་བུ་ཆུང་འཇོམས་དང་། །རྗེས་སུ་སྐད་འདོན་སྒྲ་འཇམ་པས། །ཕྱོགས་ཀུན་ཁྱབ་པར་འཚེར་བ་དང་། །རྟ་གཞན་དག་ནི་

ཕྱིན་ནས་ནི། །དེ་ནི་འགྲོ་བར་བཟོད་མི་བྱེད། །མཚོན་གྱིས་བསྣུན་ཀྱང་ནད་ཆུང་ཞིང་། །མཚོན་ཆ་མཐོང་ན་འཇིགས་མི་འགྱུར། །སྤྱོད་པ་མྱུར་ཞིང་དཔའ་བ་དང་། །འཐབ་ཚེ་མྱུར་ཏུ་ཕ་རོལ་གནོན། །ནོར་བུ་ལྟ་བུར་མིག་སེར་ཞིང་། །མདོག་བཟང་ཁ་དོག་ངན་པ་མེད། །བློ་

ལྡན་དེ་བཞིན་མགྱོགས་པ་དང་། །སྨིན་ཞིང་མ་ཞུམ་སྟོབས་ཆེ་ལ། །རྟག་ཏུ་ལས་ཀུན་ནུས་པ་དང་། །བག་ཡོད་རྟག་ཏུ་ཉོན་མོངས་མེད། །བསོད་ནམས་བྱེད་པའི་མེ་ཏོག་མར། །འབྲས་བུ་ལྡན་པའི་དྲི་ཡོད་ལ། །ལྷ་དང་དྲི་ཟའི་སྙིང་སྟོབས་ཅན། །དེ་མཚུངས་སྦྱོང་ཡུལ་

སྤྱོད་པར་ལྡན། །དགེ་ཞིང་སྤྱོད་པ་ངེས་པའི་རྟ། །རྒྱལ་རིགས་སུ་ནི་ཤེས་པར་བྱ། །རྗེའུ་རིགས་བཏུང་པ་ལ་དགའ་བརྟན། །ཞི་ཞིང་བློ་ཆེ་ལེ་ལོ་ཅན། །མི་འཁྲུགས་དགའ་པར་འགྱུར་བ་མེད། །དུལ་པའི་སྤྱོད་པ་ཡང་དག་ལྡན། །ཁྲོ་བ་མེད་ཅིང་ང་རྒྱལ་མེད། །དུལ་ཞིང་ངང་

ཚུལ་སྙོམས་པ་དང་། །ནད་དང་ཚ་དང་བཀྲེས་པ་བཟོད། །ཁལ་བཀལ་ལམ་དུ་འགྲོ་ཚེ་བརྟན། །དེ་ནི་མགྱོགས་བུལ་རན་མ་ཡིན། །ཉམས་དང་ལུས་སྟོབས་པར་མ་སྟེ། །མིག་ནི་དེ་བཞིན་སྔོ་དང་སེར། །གནག་དང་དཱུར་བའི་མདོག་འདྲ་དང་། །སྔོ་བསངས་སྤུ་མདོག་

Vol. 203 · folio 174b

དཀར་བ་དང་། །སྨྱིག་མ་ཏ་ལའི་མདོག་འདྲ་དང་། །ཕལ་ཆེར་ངང་པའི་མདོག་འདྲ་ཞིང་། །སྟེང་འོག་ཐད་དཀར་ཆེ་མིན་གྱི། །རོ་སྟོད་ཆེ་བ་ཉིད་ཡིན་ནོ། །ཧ་རེ་ཎུ་ཀ་དེ་བཞིན་དུ། །ཇ་མོའི་འོ་མའི་དྲི་དང་ལྡན། །བག་ཆུང་གཉིད་ནི་ཆེ་བ་དང་། །མི་ཡི་སྙིང་སྟོབས་ལ་བརྟེན་པ། །

བཟོད་ལྡན་དེ་ལྟའི་སྤྱོད་པ་ཅན། །རྟ་ནི་རྗེ་རིགས་ཡིན་ཞེས་བྱ། །དམངས་རིགས་ངང་ཚུལ་ངན་པ་དང་། །སྤྱོད་ལམ་སྤྱོད་ཡུལ་མི་གཙང་ཞིང་། །གཞན་གྱིས་ཡོངས་སུ་ལོངས་སྤྱོད་པའི། །ལྷག་མའི་ཟས་སྐོམ་དག་ལ་དགའ། །སྐམ་དང་སྨད་དང་ངན་པ་དང་། །བཤད་

གཅི་དག་ནི་བརྟེན་པར་དགའ། །མིག་རྐོང་མིག་ནི་ཟླུམ་པ་དང་། །རྐང་པས་ས་ནི་བརྐོ་བ་དང་། །བཤང་གཅི་སྣོམ་པར་བྱེད་པ་དང་། །ཟ་ཞིང་ཉུང་དུ་སྤྱོད་པ་དང་། །མི་གཙང་སར་ནི་འགྲོ་བ་དང་། །རྟ་རྫི་ལ་ནི་འཕྲ་བ་དང་། །རང་དང་རྩིག་པ་ཤིང་ལ་སོགས། །སོ་

ཡིས་འདྲད་པར་བྱེད་པ་དང་། །འབྲེང་བ་དབྱིག་པ་ལྕུག་མ་ཡི། །ལྕག་མི་ཚོར་ཞིང་མི་འཁྲུགས་ལ། །ལུད་པ་ལུ་ཚེ་གསུས་པ་ཆེ། །འཇིགས་པ་ཀུན་ལས་སྡར་བ་དང་། །མི་གཙང་བ་ལ་མི་སྨོད་ཅིང་། །གཅད་སྦྲའི་སྤྱོད་པ་དེ་ལ་མེད། །དུ་བ་རྡུལ་འདྲའི་མདོག་ལྡན་ཞིང་། །

སེར་སྐྱ་མོ་གྲོ་དམར་སྐྱའི་མདོག །བསྲུང་བར་རབ་ཏུ་དཀའ་བ་དང་། །སྤྱོད་པ་ངན་ཞིང་ཞི་ཚུལ་ཆུང་། །མ་ཁྲོས་ལས་སྦྱར་མི་ནུས་ཀྱི། །ཁྲོས་ན་ལས་ནི་ནུས་པ་དང་། །བྱ་རོག་ཚང་གི་དྲི་བྲོ་ཞིང་། །ཁྲ་དང་མི་རོའི་དྲི་དང་ནི། །ཀུན་ཁྱབ་གཉིད་ཆེ་བག་ཆུང་ལ། །སྲིན་པོ་

ཤ་ཟའི་སྙིང་སྟོབས་ཅན། །ད་འདྲའི་སྤྱོད་པ་མདོག་ལྡན་པའི། །རྟ་ནི་དམངས་རིགས་ཡིན་ཤེས་བྱ། །དེ་དག་འདྲེས་པར་འགྱུར་བ་ཡི། །སྐྱེ་བ་དག་ཀྱང་བསྟན་པར་བྱ། །རྒྱལ་རིགས་བྲམ་ཟེའི་རིགས་མོ་ལ། །ཞུགས་པའི་བུ་ནི་དངུལ་ཆུར་བཤད། །དངུལ་ཆུ་

དེ་ནི་སྤྱོད་པ་གཙང་། །ངེས་ཤིང་ཉུག་མ་ཟ་མི་བྱེད། །མདོག་ནི་བ་སོ་ལྟར་དཀར་སེར། །ནག་པོའི་མདོག་ཏུའང་འགྱུར་བ་ཡིན། །ཕལ་ཆེར་མིག་ནི་དར་བ་དང་། །སྒྲ་སྙན་རྗེས་སུ་སྒྲོགས་པར་བྱེད། །ཆང་དང་ཕྲེང་བའི་དྲི་ལྡན་གྱི། །དྲི་མེ་ཞིམ་པའང་ཡོད་མ་ཡིན། །

Vol. 203 · folio 175a

གཉིད་ལོག་ན་ནི་བག་མེད་པའི། །རྟ་ནི་རིགས་འཛིན་རྒྱུད་ཡིན་ནོ། །བྲམ་ཟེའི་རིགས་མོར་རྗེའུ་རིགས་ཞུགས། །དེ་ནི་མ་ག་ད་ཞེས་བྱ། །སྙིང་སྟོབས་ཞན་ཞིང་ཁུར་སྟོབས་ཆེ། །ལམ་དུ་ཆས་ཚེ་འཚེར་ཞིང་འགྲོ། །རྔོག་མ་འཆོལ་བར་སྐྱེ་བ་དང་། །གང་

ལའང་སྨོད་པར་མི་བྱེད་དོ། །བུད་མེད་མིག་ནི་ན་བ་དང་། །འགྲོས་ཆེ་ཡིད་ཕེབས་མེད་པ་དང་། །ཁ་དོག་མི་སྡུག་པ་ཉིད་དེ། །ཤ་ཟའི་སྙིང་སྟོབས་དག་ལ་གནས། །སྡིག་ལ་དགའ་ཞིང་བསྟར་བ་དང་། །གདུལ་དཀའ་དྲི་ནི་མི་ཞིམ་པ། །སྤྱོད་པ་ངན་བར་སྤྱོད་པ་དང་། །དམན་

པར་ལྟ་མ་ག་ད། །བྲམ་ཟེའི་རིགས་མོར་རྗེའུ་རིགས་དག །ཞུགས་པ་ལས་ནི་སྐྱེས་པའི་རྟ། །དེ་ནི་གདོལ་བ་ཞེས་བཤད་དེ། །སྡིག་པ་སྐྱེད་པའི་སྤྱོད་ཡུལ་ཅན། །ལས་རྣམས་ལ་ནི་མི་འཇུག་ཅིང་། །གཏུམ་པ་བོང་བུའི་སྒྲ་ཅན་ཡིན། །སྒྲ་འཆག་རྩུབ་ཅིང་གདུག་པ་

དང་། །ཡན་ལག་མི་སྙོམས་བག་མེད་ལྡན། །མི་ཤེས་པ་ཡི་མཚན་ཉིད་དང་། །མཚན་མ་སྤྱོད་པས་ཉེ་བར་བསྒོས། །ཐིག་ལེ་ཞུ་བ་མི་སྡུག་པ། །སྨད་པ་ཡིས་ནི་ཡོངས་སུ་ཁྱབ་། །བདག་ལ་གསོད་པར་བྱེད་པ་དང་། །བག་མེད་གནས་སུ་ཁྱེར་བར་བྱེད། །རྟ་སྦངས་

ལྕི་བ་གཏོང་བ་ན། །ཟ་ཞིང་སྨོད་པར་མི་བྱེད་ལ། །མཐར་ནི་གནོད་པ་ཉིད་བྱེད་ཅིང་། །ཁང་སྟོང་དག་ཏུ་དགའ་བར་བྱེད། །ཅེ་སྤྱང་དག་གམ་སྤྱང་ཀིའམ། །དུ་བའི་མདོག་གམ་མདོག་ངན་ལྡན། །སྒྲ་རྩུབ་ཡི་དགས་དྲེ་ཅན་ཏེ། །ཆང་ལ་དགའ་ཞིང་ཤ་ལ་དགའ། །ཤ་ཟ་

སྲིན་པོའི་སྤྱོད་པ་ཅན། །སྤྱོད་པ་ངན་པ་གདོལ་བའི་རྟ། །རྟགས་དང་མཚན་མ་འདི་དག་གིས། །རིགས་བཞིར་རྣམ་པར་དབྱེ་བར་བྱ། །གང་ཞིག་ཕ་དང་རྟག་སྤྱོད་འདྲ། །སྐྱེས་པའི་བུ་ནི་གང་ཡིན་པ། །རིགས་བཞི་རུ་ནི་རྣམ་ཕྱེ་ལ། །རྟ་ནི་རང་གི་རིགས་སུ་གཞག །རིགས་ཀྱི་

དབྱེ་བ་ཅི་བཞིན་ཤེས། །སྡིག་བས་གོས་པར་མི་འགྱུར་རོ། །སྙིང་སྟོབས་སྤྱོད་པ་ལྷག་མ་ནི། །གང་གང་ཡིན་པ་མཉན་པར་གྱིས། །དྲི་ཟ་བྲམ་ཟེ་དང་མཉམ་ལ། །གནོད་སྦྱིན་རྒྱལ་རིགས་ཉིད་དང་འདྲ། །སྲིན་པོ་རྗེའུ་རིགས་དང་མཚུངས་ཏེ། །དམར་རིགས་ཤ་ཟ་ཉིད་དང་འདྲ། །

Vol. 203 · folio 175b

དེ་ལྟར་སྐྱེ་གནས་འདྲ་ཡི། །རང་རང་བཞིན་ཅི་བཞིན་རྣམ་པར་དབྱེ། །དེ་བཞིན་སྤྱོད་ཚུལ་མི་མཐུན་པ། །ཕྱན་སྡིག་པས་གོས་པར་འགྱུར། །དེ་ལྟར་ལེགས་རྗེས་སྟོན་པ། །ཤ་ལི་ཧོ་ཏྲས་བཤད་པ་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་རྟའི་རིགས་བཞིའི་

ལེའུ་སྟེ་བརྒྱད་པའོ།། །།དེ་ལ་རྟ་ཡི་མཚན་ཉིད་ནི། །ཡན་ལག་མ་གཏོགས་ཐ་དད་དེ། །གདོང་ནི་སྲབ་ལ་རྒྱ་ཆེ་ཞིང་། །ཟུར་བཞི་པ་ལ་གཡུལ་སྙོམས་པ། །དྲང་ཞིང་འཁྱོག་པ་མ་ཡིན་ལ། །ཡོངས་སུ་ཚད་བ་བསྔགས་པ་ཡིན། །ཁ་ནི་བཙུམས་

དང་རྒྱ་ཆེ་ལ། །དྲི་ཟད་ཁ་ཆུ་ཉུང་བ་དང་། །ཁ་ཆུ་མི་འཇིག་སྐམ་པོ་མིན། །རྟ་ལ་རབ་ཏུ་བསྔགས་པ་ཡིན། །སོ་ནི་ཁ་དོག་ཡིད་འོང་བཟང་། །སྲོག་ཤིང་སྲ་ལ་བརྟན་པ་དང་། །མ་གྱེས་དྲང་པོར་སྐྱེ་བ་དང་། །སྣུམ་ཞིང་ནང་མ་མཐོ་བ་དང་། །མཐོ་ཞིང་རྩ་བ་བརྟན་པ་

དང་། མཚན་མ་གསལ་ཞིང་སྲ་བ་དང་། །སྦྲང་རྩི་འདྲ་བའམ་རབ་ཏུ་དཀར། །རྟ་ལ་བསྔགས་པར་གྱུར་བ་ཡིན། །འགྲམ་སོ་མཉམ་ཞིང་ཟླུམ་པ་དང་། །སྲ་ཞིང་སྙོམས་པར་གྱུར་པ་བཟང་། །མཆེ་བ་མདུན་སོའི་མདོག་འདྲ་ཞིང་། །རྩེ་མོ་རྣོ་བར་གྱུར་པ་དང་། ཟླུམ་

ཞིང་རྩ་བ་བརྟན་པ་དང་། །སྣུམ་ཞིང་འཇམ་ལ་སྐྱེ་བ་བསྔགས། །ལྕེ་ནི་སྲབ་ཅིད་རྗེས་འབྲེལ་དང་། །འཇམ་ཞིང་རིང་ལ་སྙོམས་པ་དང་། །མཉམ་ཞིང་འཇམ་ལ་དམར་བ་དང་། །ཁྱི་ཡི་ལྕེ་དང་འདྲ་ན་བཟང་། །ལྕེ་རྩ་ཅུང་ཟད་མཐུག་པ་དང་། །འཇམ་ཞིང་མཉེན་ལ་

སྣོམས་ལ་སྲབ། །བརྟན་ཞིང་ལྗན་ལྗིན་མེད་པ་དང་། རིང་ཞིང་དམར་ན་རབ་ཏུ་བཟང་། །ལྕེའུ་ཆུད་གཏིང་རིང་རྩེ་མོ་དམར། །སྲུབ་ལ་རི་མོས་རྣམ་པར་ཁྱབ། །འཇམ་ཞིང་གོས་པ་མེད་པ་དག །རྟ་ལ་རབ་ཏུ་བསྔགས་པ་ཡིན། །མཆུ་ནི་འཇམ་ཞིང་མཉེན་པ་དང་། །

དབྱེ་སླ་ཤ་རྒྱས་དབྱིབས་ལེགས་དང་། །ཤིང་ཏུ་གཡོ་དང་འཕྱང་བའམ་མིན། །སོ་ནི་ཁེབས་པར་གྱུར་བ་དང་། །མཉམ་ཞིང་སྙོམས་ལ་ཟླུམ་པ་དང་། །ཚད་ལྡན་དྲང་ན་བསྔགས་པ་ཡིན། །སྣ་གུང་མཉམ་པར་དབུགས་རྒྱུ་ཞིང་། །ཟླུམ་ལ་ནང་ན་ཡངས་པར་

Vol. 203 · folio 176a

སྣང་། །མཉེན་ཞིང་འཇམ་ལ་གནོད་པ་མེད། །རྟ་ལ་བསྔགས་པར་གྱུར་པ་ཡིན། །མཚུལ་པ་དྲང་ཞིང་དབྱིབས་མཛེས་ལ། །སྐྱོན་མེད་པར་ཡང་གང་གནས་དང་། །དྲང་ཞིང་ཟླུམ་ལ་འཇམ་ཞིང་མཉེན། །ཡོན་ཏན་དག་གིས་བརྒྱན་ན་བཟང་། །

རྟ་ཡི་འཛུམ་ནི་དབུས་སྲབ་ཅིང་། །འགྲམ་གཉིས་མ་ཐོབ་བར་གྱུར་ན་བཟང་། །ཁ་འགྲམ་མཉེན་ཞིང་སྲང་ལ་སྙོམས། །བུ་ག་ཁེབས་ཤིང་ཟླུམ་ལ་འབྱར། །ཁ་འགྲམ་ཡངས་པར་སྣང་གྱུར་བའི། །རྟ་ནི་ཡིད་དུ་འོང་བ་ཡིན། །མཁུར་ཚོས་བྱི་དོར་བྱས་འདྲ་ཞིང་། །

དབུས་སྡུག་སྲབ་ལ་ལྟ་ན་སྡུག །རིམ་གྱིས་མཁུར་བའི་ཞེང་ཆེ་ཞིང་། །ཤ་ཡིས་རྒྱས་པར་གྱུར་པ་བསྔགས། །སྣ་འགྲམ་པགས་སྲབ་ན་ཆུང་བ། །རིམ་གྱིས་ཞིང་ཆེ་སྲ་བ་དང་། །མཁུར་པ་ལེགས་པའི་འཕྲལ་དང་ནི། །རྣ་བར་ལེགས་པས་གནས་ན་བཟང་། །མཆི་

མ་འཛགས་གནས་རྒྱུས་པ་སྲ། །མི་མངོན་ཤ་ནི་སྲབ་ན་བཟང་། །མིག་ནི་དཀྱུས་རིང་མིག་འབྲས་དག །ཤིན་ཏུ་དང་བར་སྣང་བ་དག །ནོར་བུའི་འོད་ཀྱི་མདངས་འདྲ་ཞིང་། །སྣུམ་པའི་སྦྲང་རྩི་ལྟར་སེར་སྐྱ། །སྣ་མ་འདྲ་འམ་རྨ་བྱ་འདྲ། །རྔ་མོ་ཀ་ལ་པིངྐ་ཡི། །འུར་

པའམ་གང་མ་སྲེག་ནག་པོ། །གླང་ཆེན་གྱི་ནི་མི་འདྲའམ། །སེང་གེ་རི་དགས་མིག་འདྲའམ། །དེ་བཞིན་མཆིལ་པའི་མིག་འདྲ་ཞིང་། །རྫི་མ་མཐུག་ཅིང་རིང་བ་ཡི། །མིག་ནི་རྟ་ལ་བསྔགས་པ་ཡིན། །མིག་སྤུབས་སྡོམ་པོ་མ་ཡིན་ཞིང་། །གཙང་དང་མི་མཉམ་མེད་

པ་དང་། །དྲང་ཞིང་རིམ་གྱིས་སྲབ་པ་དང་། །བལྟ་བ་ཚེ་ན་ལྷོད་པ་དང་། །སྨིན་མའང་སྙོམས་ཞིང་རིམ་གྱིས་སྲབ། །ཤ་ནི་སྲ་ཞིང་ཟླུམ་པ་དང་། །ཤ་དང་པགས་པ་ལེགས་པར་འབྲེལ། །རྩ་རྒྱུས་མི་མངོན་མཉམ་ན་བཟང་། །འཕྲལ་པ་ཡངས་པར་སྣང་བ་དག །ཤ་

སྲབ་མཉམ་ཞིང་དབྱེས་ཆེ་དང་། །རིམ་གྱིས་ཡངས་བར་གྱུར་པ་དང་། །གཉེར་མ་མེད་ན་བསྔགས་པ་ཡིན། །འགྲམ་གླིང་རིམ་གྱིས་ཡངས་པ་དང་། །བརྟན་ཞིང་སྲ་བར་གྱུར་པ་བཟང་། །རྣ་བ་སྤུ་དང་གཉེར་མ་མེད། །རྩེ་མོ་ཕྲ་བ་བསྔགས་པ་ཡིན། །རྟ་ཡི་མགོ་བོ་

Vol. 203 · folio 176b

སྙོམས་པ་དང་། །རིང་ཞིང་རྒྱ་ཆེ་ནད་མེད་དང་། །གཙུག་དང་ཕུམ་ཕུམ་ལེགས་པ་དང་། །དབྱིབས་ལེགས་པ་ནི་བསྔགས་པ་ཡིན། །རྔོག་མ་ཤིན་ཏུ་མང་ཉུང་མིན། །འཇམ་ཞིང་དེ་བཞིན་ནག་ནོག་མེད། །སྣུམ་ཞིང་རིང་ལ་ཅུང་ཟད་འཁྱིལ། །དེ་བཞིན་རིམ་པར་ལེགས་

གནས་ཤིང་། །ཤིན་ཏུ་མི་རིང་རབ་ཐུང་མིན། །རྟ་ལ་བསྔགས་པར་འགྱུར་བ་ཡིན། །རྟ་ཡི་སྤུ་ནི་མཐུག་མཉེན་འཇམ། །རྩ་བ་བརྟན་ཞིང་ཤ་ལ་འཛུགས། །ཤིན་ཏུ་སྣུམ་ཞིང་ལེགས་པར་སྐྱེ། །ཉག་རེ་ལས་ནི་སྐྱེ་བ་བསྔགས། །ལྐོག་མ་མགོ་དང་མགྲིན་པར་འབྲེལ། །

རང་བཞིན་ཟླུམ་ལ་སྙོམས་པ་དང་། །ལྗན་ལྗིན་གྱིས་ནི་གོས་པ་མེད། །དྲི་མ་མེད་ན་བསྔགས་པ་ཡིན། །སྲོལ་མདུན་ཟླུམ་ཞིང་མཉམ་ལ་འབྲེལ། །དབྱིབས་ནི་དྲང་པོར་འདུག་པ་བསྔགས། །སྐེ་མགྲིན་རིམ་གྱིས་ཟླུམ་པ་དང་། །རིང་ཞིང་དབྱིབས་ནི་ལེགས་པ་དང་། །

མིད་པ་རྩེའུ་ཆུང་དང་འབྲེལ་ཞིང་། །དེ་བཞིན་མགོ་བོ་དང་འབྲེལ་པ། །ལྐོག་མའི་ཕྱོགས་ནི་ཤ་སྲབ་ཅིང་། །ལྷོད་མིན་ཅུང་ཟད་གུག་པ་དང་། །ཤ་རྒྱས་ལེགས་པར་འབྲེལ་བ་ནི། །རྟ་ལ་རབ་ཏུ་བསྔགས་པ་ཡིན། །སྐྲ་རྩ་ལེགས་པར་རྒྱས་པ་དང་། །ཤ་ཆེ་སུམ་མདོ་

ཡངས་པ་དང་། །ཤ་མཁྲིགས་ཡན་ལག་ལེགས་འབྲེལ་ཞིང་། །ཤ་མོ་ལྷོད་ན་བསྔགས་པ་ཡིན། །ཟེའུ་ནི་ལེགས་འབྲེལ་ཆེར་མི་མཐོང་། །ཟེའུ་ལྟག་དང་ནི་རྗེས་སུ་འབྲེལ། །ཕྲག་གང་ཟེ་འདབ་འབྲེལ་ཞིང་ཡངས། །ཤ་རྒྱས་ཚིགས་འབྲེལ་མཉམ་ཞིང་སྲ། །སོག་

པ་ཤ་རྒྱས་རབ་ཏུ་འབྲེལ། རྟ་ལ་བསྔགས་པར་འགྱུར་བ་ཡིན། །བ་ཧ་ཟླུམ་ཞིང་ཤ་རྒྱས་ལ། །གཙུག་མེད་ཤིན་ཏུ་བརྟན་པ་དང་། །ཡངས་ཤིང་དབུགས་ནི་རྒྱུ་བ་དང་། །མཐོང་བར་གྱུར་ན་བསྔགས་པ་ཡིན། །དཔུང་རྒྱབ་ཟླུམ་ཞིང་རྒྱུས་པ་རྩ། །མི་མངོན་ཚིགས་

དང་ཤ་སྙོམས་ལ། །ཤ་ནི་ཅུང་ཟད་མཐོ་བར་སྣང་། །དེ་ནི་ཤིན་ཏུ་བསྔགས་པ་ཡིན། །དཔུང་པ་ཤ་རྒྱས་རིང་བ་དང་། །སྲ་ཞིང་ཟླུམ་ལ་དྲང་ཞིང་མཉམ། །རིམ་གྱིས་ཕྲ་བར་གྱུར་པ་དང་། །ཚིགས་ནི་ལེགས་པར་འབྲེལ་བ་བཟང་། །པུས་མོ་དག་ནི་རབ་མཉམ་

Vol. 203 · folio 177a

ཟླུམ། །ཚིགས་སམ་ཚིགས་ནི་མི་མངོན་དང་། །མཛེས་ཞིང་རྩ་ནི་མངོན་པ་དང་། །འགྲོ་ཚེ་གུག་པར་བདེ་ན་བཟང་། །ཆེ་དྲང་རིང་ཞིང་ཤིན་ཏུ་ཟླུམ། །ཤིན་ཏུ་ཤ་སྲབ་མ་ཡིན་མ་འཁྲེགས། །རྩ་རྒྱུས་དག་ནི་མི་མངོན་ལ། །ནད་མེད་པ་ནི་རྟ་ལ་

བསྔགས། །ཚེའུ་རྩུབ་ཅིང་འགྲེང་བ་དང་། །ཟླུམ་ཞིང་ལེགས་སྐྱེས་ཐུང་བ་དང་། ཚིགས་མི་མངོན་ཞིང་ལོང་མོ་དང་། །སྒྲོག་མཁར་རིང་པོར་སྣང་དང་བཅས། །རྐང་དང་འབྲེལ་མཉམ་ཞིང་རིང་། །རྟ་ལ་བསྔགས་པར་གྱུར་པ་ཡིན། །ཚེའུ་ཆེ་ཤིན་ཏུ་མཉམ་

ཞིང་ཟླུམ། །རིང་ཞིང་ཟླུམ་ལ་མཛེས་པ་དང་། །དབུས་ནི་ཅུང་ཟད་རྐྱོང་བ་དང་། །ཚེའུ་སྤུས་གཡོགས་བསྔགས་པ་ཡིན། །རྨིག་པ་མཐོ་ཞིང་ཟླུམ་པ་དང་། །ཤིན་ཏུ་སྲ་ཞིང་མཐུག་པ་དང་། །ཟ་མ་ཏོག་ལྟར་ཟླུམ་ཞིང་མཛེས། །བོང་རྨིག་འདྲ་ནའང་བསྔགས་

པ་ཡིན། །དེ་བཞིན་སྒྲོས་ནི་མ་གས་ཤིང་། །རྣོ་ཞིང་མི་གུག་ཟེགས་པ་མེད། །ཁ་དོག་དུ་མའམ་ཁ་དོག་གཅིག །ཁྲ་བོར་གྱུར་པ་མེད་ན་བཟང་། །དབུས་ནི་ཤིན་ཏུ་ཟབ་པ་དང་། །རྨིག་མཐིལ་རྡོ་ལེབ་ལྟར་སྲ་ཞིང་། །སྦལ་མཚམས་ལེགས་པར་སྐྱེས་པ་

ནི། །མཛེས་པ་དག་དང་ལྡན་པ་དང་། །སྦལ་པ་བུབ་ཅིང་གསལ་བར་མངོན། །མཚམས་ནི་ལེགས་པར་དོད་པ་དང་། །ཉེ་འཁོར་མཉམ་ཞིང་འཇམ་པ་དང་། །རྐང་པའི་ནད་དང་བྲལ་བ་དང་། བརྟན་ཞིང་ལྗན་ལྗིན་མེད་པ་དང་། །ཁ་ཏོག་སྣུམ་པ་བསྔགས་པ་

ཡིན། །ཟེའུའི་ཤ་ནི་རྒྱས་པ་དང་། གཙུག་མེད་པ་ནི་ནི་བསྔགས་པ་ཡིན། །སྒ་འོག་མཉམ་ཞིང་ཡངས་པ་དང་། །རྒྱབ་ནི་མཐེབ་སོར་ཙམ་གྱིས་དམའ། །སྒལ་ཚིགས་ཅུང་ཟད་མཐོ་བ་དང་། །ཤ་ཡིས་རྒྱས་ན་བསྔགས་པ་དང་། །རྩིབ་མ་གུག་ཅིང་ལྕང་ལྕོང་

མེད། །མི་མངོན་རབ་ཏུ་མཉམ་ཞིང་སླ། །ཕྲག་གོང་རྒྱས་པར་ཁྱབ་གྱུར་ཅིང་། །མཉམ་ཞིང་འཇམ་ན་བསྔགས་པ་ཡིན། །གསུས་ཁྱིམ་ཟླུམ་ཞིང་ཡངས་པ་དང་། །རི་དགས་ཀྱི་ནི་དབྱིབས་འདྲ་ཞིང་། །བུ་ག་མེད་ལ་ཐུང་ཟླུམ་ཆུ། །དགུ་སྙོམས་པ་ནི་བསྔགས་པ་

Vol. 203 · folio 177b

ཡིན། །ཨོང་དོ་མཉམ་ཞིང་ཟླུམ་པ་དང་། །དབྱིབས་ནི་ལེགས་བར་གྱུར་པ་དང་། །མཇུག་དོ་ཤིན་ཏུ་རྒྱས་མིན་ཞིང་། །ཧ་ཅང་ཞུམ་པ་ཡང་མ་ཡིན། །རྒྱབ་གཞུང་བས་ནི་མཐོན་བཟང་། །སྲ་ཞིང་ཟླུམ་ལ་རྒྱུས་མི་མངོན། །གསལ་ཞིང་རིམ་གྱིས་མཛེས་པར་གནས། །

ཤིན་ཏུ་ཐུང་དང་རིང་བ་མིན། །གདོང་གི་ཚད་དང་མཉམ་པ་དང་། །མཇུག་མ་དང་ལེགས་འབྲེལ་བ་བཟང་། །རྟ་ཡི་རྔ་མ་སྤུ་རིང་ཞིང་། །མཉམ་ས་ཁ་དོག་གཅིག་པ་དང་། །མཉེན་ཞིང་སྣུམ་པར་གྱུར་བ་ནི། །རྟ་ལ་ཤིས་བར་བཤད་པ་ཡིན། །མཇུག་ཙོས་ཤིན་

ཏུ་མཐོ་མ་ཡིན། །ཤིན་ཏུ་གྱེས་དང་འབུས་པའང་མིན། །ལུས་དང་རྗེས་མཐུན་ཚད་དང་ལྡན། །དེ་ལྟ་བུ་དག་བསྔགས་པ་ཡིན། །རྐུབ་ནི་ཟབ་ཅིང་ཟླུམ་པ་དང་། །དབྱིབས་ལེགས་ཕྱི་རོལ་གཉེར་མ་མེད། །གང་གིས་རྟ་སྦངས་ལེགས་གཏོད་པ། །དེ་ནི་རབ་

ཏུ་བསྔགས་པ་ཡིན། །བརླ་ནད་ཤིན་ཏུ་ཡངས་མིན་ཞིང་། །དོག་པར་གྱུར་པ་མིན་ན་བསྔགས། །རླིག་པ་དོ་མཉམ་ལེགས་འབྲེལ་སྐྱེས། །སྤུ་ནི་མེད་པར་གྱུར་པ་དང་། །དབུས་ནི་བིལ་བ་ཙམ་ཞིག་ནི། །ཤིན་ཏུ་ནི་འཕྱང་གྱུར་པ་བསྔགས། །མཚན་ནི་རྩ་

སྡོམ་རིམ་གྱིས་ཕྲ། །འཇམ་ཞིང་མྱུར་དུ་ལྡང་བ་དང་། །སྤུབས་ཡངས་པས་ནི་གཡོགས་པ་དང་། །ཁ་ཞིང་ཤིན་ཏུ་ཕྱེ་ཞིང་ཟླུམ། །གཏིང་རིང་ཁ་དོག་གཅིག་ལྡན་པའི། །རྟ་ནི་བསྔགས་པར་འགྱུར་བ་ཡིན། །དཔྱི་མགུ་ལ་མཉམ་ཞིང་དབྱིབས་ལེགས་ལ། །

པགས་སྲབ་སྤུ་ནི་ལེགས་པ་བཟང་། །རྐུབ་ཚོས་སྲ་ཞིང་ལེགས་པར་འབྲེལ། །རྩ་རྒྱུས་དག་ནི་མི་མངོན་བཟང་། །དབྱི་ནི་ལེགས་པར་འབྱོར་པ་དང་། །ལེགས་པར་རྫོགས་གྱུར་པ་དང་། །ཡངས་ཤིང་དཀྱུས་ནི་རིང་བ་དང་། །པགས་པ་སྲབ་ལ་ཤ་རྒྱས་

བཟང་། །རྗེ་དར་སྙོམས་ཤིང་དབྱིབས་ལེགས་དང་། །རིམ་གྱིས་ཕྲ་བར་གྱུར་པ་དང་། །ཤིན་ཏུ་ཕྲ་བའི་རུས་པས་ཁྱབ། །རྟ་ནི་བསྔགས་པར་འགྱུར་པ་ཡིན། །ཆེ་དྲང་པ་སོགས་ལུས་སྟོད་ནི། །ཅི་འདྲར་རོ་སྨད་དེ་བཞིན་དུ། །མཚན་ཉིད་ཐམས་ཅད་བཤད་

Vol. 203 · folio 178a

བར་བྱ། དེ་ཡི་འོག་ཏུ་རྒོད་མ་ཡི། །ལུས་ཀྱི་ཕྱོགས་ཀྱི་མཚན་ཉིད་དག །གང་དག་ཡིན་པ་བཤད་པར་བྱ། །དེ་ཡི་མཚན་ནི་མཉམ་ཆེ་གསལ། །ལེགས་པར་བལྟམས་ཤིང་ལེགས་པར་འཛག །བུ་ག་ཆེ་ཞིང་གྲྭ་མཚམས་ཆེ། །རིང་ཞིང་མཚན་ནི་

རྒྱ་ཕྱེད་ལ། །མངལ་གྱི་ཉེས་པ་དང་བྲལ་བ། །དེ་ཡི་མོ་མཚན་དེ་འདྲ་བསྔགས། །ནུ་མ་ཟླུམ་ཞིང་རྒྱས་པ་དང་། །ཤིན་ཏུ་འཕྱང་བ་མ་ཡིན་དང་། །འོ་མ་སྐྱོན་མེད་ལེགས་པར་རྒྱས། །རྒོད་མ་རབ་ཏུ་བསྔགས་པ་ཡིན། །ནུ་སོར་མཉམ་ཞིང་ཟླུམ་པ་དང་། །བུ་ག་ལེགས་

ཤིང་འོ་མ་རྒྱས། །ཤིན་ཏུ་འདུས་མིན་གྱེས་པའང་ཡིན། །མཐུག་ཅིང་བརྟན་ལ་ལེགས་པར་སྐྱེས། །ཤིན་ཏུ་འབྱར་མིན་རབ་འཕྱང་མིན། །རྟེའུས་འོ་མ་བཏུང་བདེ་བསྔགས། །ལྷག་མ་རྒོད་མའི་ཡན་ལག་ཀུན། །རྟ་ཕོ་དང་ནི་འདྲ་པར་བསྔགས། །དེ་ལྟ་མོད་ཀྱི་

གཟུགས་མཛེས་པས། །རྒོད་མའི་གཟུགས་ནི་བཟང་བར་བཤད། །ལུས་ནི་སྦོམ་པོར་གྱུར་པ་ཡོད། །ཕྲ་བ་ལྟ་བུར་མངོན་པ་ཡིན། །ལུས་སྲབ་པར་ནི་གྱུར་ན་ཡང་། །རྒོད་མ་སྤུ་མདངས་ཡོད་པ་མངོན། །དེ་འདྲའི་ཚུལ་གྱིས་ལུས་ཀྱི་ནི། །དབྱིབས་ཀྱི་བྱེ་བྲག་ཤེས་པར་

བྱ། །རྒོད་མ་རྟ་ཕོ་འདྲ་བ་དང་། །རྟ་ཕོ་རྒོད་མ་འདྲ་བ་རུ། །གལ་ཏེ་ཕྱིན་ཅི་ལོག་ཅི་སྣང་། །དགོས་པའི་འབྲས་བུ་འབྱིན་མི་འགྱུར། །ལུས་ཆེ་མདངས་ནི་བཟང་བ་དང་། །ལེགས་པར་སྐྱེས་ཞིང་ཚད་དང་ལྡན། །གཟི་བརྗིད་ཡན་ལག་དབྱེས་པ་དང་། །ཡན་ལག་

ཆ་ནི་སྙོམས་པ་དང་། །གཙུག་འཁྱིལ་དགེ་ཞིང་གཟི་མདངས་དགེ །དྲི་བཟང་ཡན་ལག་མི་སྡུག་མེད། །ལུས་རྒྱས་འགྲོས་ནི་བཟང་བ་དང་། །འཇིགས་མེད་གནས་གསུམ་ཡངས་པ་དང་། །ཚད་མཉམ་དབྱིབས་ནི་ལེགས་པ་སྟེ། །གང་ཞིག་དེ་འདྲའི་ལུས་ལྡན་

པ། །བདག་པོའི་གྲགས་དང་རིགས་དང་ནོར། །རྣམ་པར་འཕེལ་བར་འགྱུར་བ་ཡིན། །ཡོན་ཏན་ཕྱིན་ཅི་ལོག་ལྡན་པ། །བདག་པོའི་དོན་རྣམས་ཉམས་བྱེད་ཡིན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་ཡན་ལག་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ལེའུ་སྟེ་དགུ་པའོ།། །།

Vol. 203 · folio 178b

དཀའ་ཐུབ་བསམ་གཏན་ཆེན་པོ་ཡིས། །གཟི་བྱིན་གསལ་གྱུར་དྲང་སྲོང་ལ། །བློ་དང་ལྡན་པ་ལགས་ཐོས་ཀྱིས། །སྔར་བཤད་པ་ནི་དྲིས་གྱུར་པ། །ཁྱོད་ཀྱིས་ཕྱོགས་བསྟན་གསུངས་མོད་ཀྱི། །བཤད་པ་དག་ནི་མ་གསུངས་པས། །བསྟན་པ་རྣམས་ཀྱི་བཤད་

པ་ནི། །ལེགས་ལྡན་གསུང་བར་མཛད་བའི་རིགས། །བསྟན་པ་བཤད་པ་དང་བཅས་པ། །བུ་ཡིས་བསྐུལ་བས་སྨྲས་པ་ནི། །མིད་པ་སྲོལ་གོང་དང་འབྲེལ་བས། །རོ་འཛིན་ལྕེར་ནི་ཤེས་པར་བྱ། །དེ་ཡི་སྟེང་ནི་རྐན་ཡིན་ཏེ། །མ་རྐན་ལྕེ་འོག་ཡིན་པར་བཤད། །འགྲམ་

སོ་འགྲམ་པ་ལས་སྐྱེས་པ། །ལྡང་བའི་སོ་ནི་ཡིན་པར་བཤད། །དེ་ལས་གཞན་པ་མདུན་གྱི་སོ། །བཅུ་གཉིས་མཚན་མར་ལྡན་པ་ཡིན། །དེ་རྣམས་ཀྱི་ནི་དབུགས་གནས་པ། །སྟེང་འོག་བཞི་ནི་མཆེ་བ་ཡིན། །སྟེང་འོག་གི་ནི་སོ་འགེབས་པ། །གཉིས་པོ་མཆུ་ནི་

ཡིན་པར་བཤད། །མཆུ་མཐའ་ཡི་ནི་ངོས་གཉིས་ན། །འགྲམ་པའི་དབུས་ཆུང་ཁ་འགྲམ་ཡིན། །ཡ་མཆུའི་སྟེང་ན་སྒྲོས་ཡོད་དེ། །དེ་ཡི་སྟེང་གི་མཆུ་ལྷག་ཡིན། །མ་མཆུའི་འོག་མ་ཀོ་སྐོ་སྟེ། །དེ་ལྟག་འགྲམ་པ་ཡིན་པར་བཤད། །སྣ་གོང་མིག་གཉིས་བར་མཚམས་

གདོང་། །གདོང་གི་ཡན་ལག་སྣ་ཁུང་གཉིས། །གདོང་གི་ངོས་གཉིས་མཁུར་ཚོས་ཡིན། །དེ་བར་དམའ་བ་མཆི་མའི་སྟན། །དེ་དག་རྣམས་ཀྱི་གོང་ན་མིག །མིག་འབྲས་འགེགས་པ་མིག་མཆུ་ཡིན། །མིག་མཐའི་དཀར་པོ་མིག་སྤྲིན་ཡིན། །དེ་དབུས་ལ་ཟླུམ་ནག་

མཐོང་མིག་ཡིན། །མཐོང་མིག་ནག་པོ་ཟླུམ་པོའི་དབུས། །ཕྲ་ཞིང་དང་བ་མིག་རྒྱལ་བོང་། །མིག་ལྟག་གཉིས་ནི་མིག་གི་སྐྱུ། །དེ་སྟེང་སྨིན་མ་གཉིས་ཡིན་ནོ། མིག་གི་རྒྱ་བ་ནི་མིག་ཟུར་ཏེ། །ནང་གི་མཚམས་ནི་མིག་ཕུགས་ཡིན། །སྨིན་མ་གཉིས་རེ་དཔྲལ་བ་

སྟེ། །དཔྲལ་བའི་སྟེང་གི་དཔྲལ་མཚམས་ཡིན། །དེ་སྟེང་སྤྱི་བོ་ཡིན་པར་བཤད། །རྣ་བའང་གཉིས་པར་གླད་པ་སྟེ། མིག་ཟུར་མིག་འགྲམ་བར་མུར་གོང་། །མུར་གོང་རྣ་བའི་བར་མུར་འགྲམ། །མཁུར་ཚོས་གཉིས་ཀྱི་རྒྱབ་ཟ་ཡུང་། །དེ་གཉིས་ཕྱི་རོལ་

Vol. 203 · folio 179a

འགྲམ་གླད་ཡིན། །འགྲམ་པ་སྲོལ་གོང་གཉིས་ཀྱི་བར། །ལྐོག་མ་ཞེས་ནི་བྱ་བར་བཤད། །རྣ་བ་གཉིས་ཀྱི་སྟེང་དང་རྒྱབ། །རྣ་ལྟག་དང་ནི་རྣ་མཆན་ཡིན། །མགོ་དང་ཕྲག་སོའི་བར་སྐེ་མགྲིན། །སྐེ་མགྲིན་ཕྲག་སོའི་ལྟག་སྐེ་རྩ། །དེ་སྟེང་རྔོག་

གཡབ་ཡིན་པར་བཤད། །རྔོག་མཐའ་རྣ་བའི་བར་ཕུམ་ཕུམ། །རྔོག་གཡབ་མཐའ་ནི་ཟེའུ་ལྟག་སྟེ། །དེ་ཡི་རྒྱབ་ནི་དང་རུ་ཡིན། །དང་རུའི་འོག་ནི་ནམ་ཙོང་ཞེས། །རྟ་རྣམས་ལ་ནི་བཤད་པ་ཡིན། །ཟེའུ་ལྟག་ནི་འོག་མ་ཉིད། །ཟེའུ་ཡིན་པར་ཤེས་པར་བྱ། །ཟེའུའི་རྗེས་

ཐོགས་ཁོ་ན་ལ། །སྒ་འོག་ཡིན་པར་ཤེས་པར་བྱ། །དེ་ཕན་ཅད་ན་སྒལ་ཚིགས་དང་། །རྒྱབ་ཉིད་ཡིན་པར་ཤེས་པར་བྱ། །ཟེའུའི་སོ་གཉིས་ཕྲག་སོ་སྟེ། །ཕྲག་སོའི་རྩ་བ་དཔུང་མགོ་ཡིན། །ལྐོག་མ་དང་ནི་སྲོལ་གོང་བར། །མིད་པའོ་དེ་འོག་སྲོལ་མདུད་ཡིན། །མིད་

འོག་ལག་པར་བྲང་ཡིན་ཏེ། །དེ་རྗེས་ལག་འོག་བར་སྙིང་ག །དེ་འོག་དཔུང་སྣ་དཔུང་པ་ཡིན། །དཔུང་པའི་ནང་ནི་མཆན་ཁུང་ཕན། །རྒྱབ་ཀྱི་ཆ་ནི་དཔུང་རྒྱབ་ཡིན། །དེ་འོག་པུས་མོ་གཉིས་ཀྱི་ལྟག །པུས་གོང་དང་ནི་ལག་ངར་གཉིས། །པུས་མོའི་འོག་ཏུ་ཆིག་གྲང་

སྟེ། །དེ་འོག་ཆིག་གྲང་ཕྲ་མོ་ཡིན། ཆིག་གྲང་སྡོམ་ཕའི་བར་ན་ནི། །ཆིག་གྲང་ནང་སྟེ་དེ་ངོག་གི །མདུན་གྱི་ཆ་ནི་ཚེའུ་གདོང་ཡིན། །རྒྱབ་ནི་ཚེའུ་སྤུར་ཤེས་པར་བྱ། །དེའི་ལྟག་དེ་ནི་སྒྲོག་མཁར་ཡིན། །དེའི་ཡང་འོག་ན་ཡོད་པ་ཡི། །ཚེའུ་ཆེ་ཞེས་ནི་བྱ་བར་བཤད། །

དེའི་འོག་རྨིག་པའི་མཚམས་ཡིན་ལ། །དེ་ཡི་འོག་ཏུ་རྨིག་པ་ཡིན། །རྨིག་པའི་མཐའ་མ་རྨིག་སྒྲོས་ཡིན། །རྨིག་བའི་འོག་ནི་རྨིག་མཐིལ་ཏེ། །རྨིག་མཐིལ་ནང་མཐའ་སྦལ་པའི་མཚམས། །རྨིག་མཐིལ་དབུས་ནི་སྦལ་པ་ཡིན། །དཔུང་མཐའི་མགོ་ན་སྙིང་ཡོད་དེ། །

དེ་ཡི་ངོས་ནི་རྩིབ་ལོགས་ཡིན། །རྩིབ་ལོགས་འོག་ཏུ་དཀུ་ཡིན་ལ། །དེ་ཡི་སྟེང་ནི་སྒ་འདབ་ཡིན། །སྒལ་ཚིགས་ཀྱི་ནི་ཆ་དག་གི །མཚམས་ནི་རོ་སྨད་ཡིན་པར་བཤད། །རུས་པ་གསུམ་ནི་འདུས་པ་ཡི། །སུམ་མདོ་འཇུག་དོ་ཡིན་པར་བཤད། །མཇུག་དོའི་འོག་ཏུ་ཨོང་

Vol. 203 · folio 179b

དོ་སྟེ། །དེ་རྗེས་རྔ་རྩ་ཡིན་པར་བཤད། །དེ་ཡི་ངོས་གཉིས་དབྱི་སྟེང་ཡིན། །དཔྱི་སྟེང་འོག་ནི་རི་ཧི་ནི། །བར་ན་རྔ་མ་རྔ་སྙིང་བཅས། །དེ་གཉིས་འོག་ནི་བརླ་དཔྱིའི་མཚམས། །རྔ་རྩའི་འོག་ནི་རྐུབ་ཡིན་ལ། །དེ་ཡི་ངོས་གཉིས་རྐུབ་ཚོས་ཡིན། །དེ་ཡི་འོག་ནི་འབྲེག་

ཡིན་ལ། །དེ་དག་བར་ནི་མཇུག་སྲུབ་ཡིན། །བརླ་ཡི་ཡང་ན་རླིག་པ་སྟེ། །རླུག་པ་དང་འབྲེལ་མཚན་ཡིན་ནོ། །དེ་གཉིས་མདུན་ན་རྨོང་ཁ་སྟེ། །རྨོང་ཁ་སྙིང་དེའི་དབུས་ལྟེ་བ། །དཀུ་ཡང་བར་ན་གནས་པ་ཡིན། །དཀུ་ན་ལྟེ་བའི་བར་ན་རྒྱུ། །རྒྱབ་དར་དཀུ་ཡི་བར་རན་

འདྲ། །རན་འདྲའི་འོག་ནི་སྡུ་གུ་མིག །དེ་ཡི་ཕ་རོལ་དཔྱི་ཡིན་ཏེ། །དེ་ཡི་འོག་ན་བརླ་ཡིན་ནོ། །དེ་ཡི་ཡང་འོག་བརླ་ཕྲ་མོ། །དེ་ཡི་འོག་ནི་རྗེ་རང་ཡིན། །དེ་འོག་སྲེ་ལོང་ཆིག་གྲང་ཡིན། །ལྷག་མ་རོ་སྟོད་རྗེས་འབྲངས་ཏེ། །ཐམས་ཅད་ཉེ་བར་དབྱེ་བར་བྱ། །ཤ་

ལི་ཧོ་ཏྲའི་མདོའི་གནས་ལས་བསྟན་པ་རྣམས་བཤད་པ་སྟེ་ལེའུ་བཅུ་པའོ།། །།རྟ་ཡི་ཚེ་ཡི་རིག་བྱེད་མཁན། །དྲང་སྲོང་མགྱོགས་འགྲོའི་གཉེན་གྱུར་པ། །ཤ་ལི་ཧོ་ཏྲ་དབང་ཐུལ་ལ། །མཛའ་ལས་རྒྱལ་གྱིས་ཡོངས་དྲིས་པ། །རྟ་ཡི་ཚུལ་གྱི་དེ་ཉིད་

མཁྱེན། །ཚད་ནི་རྣམ་པ་དུ་རུ་བཤད། །མི་སྡུག་གཞལ་མིན་གང་ཞིག་ལགས། །སྡུག་ཅིང་གཞལ་བཟོད་གང་ཞིག་ལགས། །ཡན་ལག་ཉིང་ལག་ཤེས་པ་དང་། །གྲངས་ཉིད་ཀྱི་ནི་བྱེ་བྲག་རྣམས། །བདག་ཅག་བློ་གྲོས་ཞན་པས་ན། །ལེགས་ལྡན་ཁྱོད་ལས་

མཉན་པར་འཚལ། །དེ་སྐད་སྨྲས་ཚེ་སློབ་དཔོན་གྱུར། །དྲང་སྲོང་དམ་པས་སླར་སྨྲས་པ། །ཇི་སྐད་བསྟན་པ་འདི་མཉན་ནས། །མཛའ་ལས་རྒྱལ་གྱིས་བཟུང་བར་གྱིས། །སྒུར་ཞིང་གདོང་དང་སྐེ་པ་ཞུམ། །འཁུམས་དང་ཤིན་ཏུ་རྒྱས་དྲགས་དང་། །འདུག་དང་དབང་པོ་

ཡུལ་གྱི་གནས། །དེ་བཞིན་བྲང་ནི་འཕྱུགས་པ་དང་། །རྐེད་པ་སྐྲོངས་བར་གྱུར་པ་དང་། །ཞིན་ཏུ་དམའ་དང་ཤིན་ཏུ་མཐོ། །གང་ཞིག་ལུས་སྟོད་ཤིན་ཏུ་ཆེ། །དེ་བཞིན་རྒྱབ་ནི་ལྷག་པར་དམའ། །ལུས་ནི་ཤིན་ཏུ་མི་སྙུག་དང་། །དེ་བཞིན་རྐེད་པ་ཞུམ་པ་སྟེ། །མི་སྡུག་

Vol. 203 · folio 180a

རྟ་ནི་བཅུ་པོ་འདི། །གཞལ་མིན་ཡིན་པར་ཤེས་པར་བྱ། །སྟོབས་མ་ཉམས་ཤིང་མཛེས་པ་ཡི། །ལུས་ལྡན་རྟ་ནི་བཅོ་ལྔ་པ། །ལུས་ཀྱི་ཆུ་ཞིང་ལེགས་གནས་ཤིང་། །གནས་ཀྱི་ཆ་ནི་མ་འཕྱུགས་པ། །ཚོད་ཤེས་པ་ཡི་གཞལ་བྱ་ཡིན། །

གཟུགས་ངན་ནམ་ཡང་མིག་ཞལ་ལོ། །སྐེ་མགྲིན་ལུས་ནི་ཆ་མཉམ་ཞིང་། །རྔ་སྙིང་མགོ་དང་མཉམ་པ་དང་། །ཨོང་དོ་དང་ནི་བྲང་ཞེང་མཉམ། །པུས་མོའི་ཚེའུ་མཉམ་པ་དང་། །དཔངས་དང་ཞིང་གི་ཚད་དང་ནི། །ལེགས་པ་སྙོམས་པར་གྱུར་བའི་རྟ། །དེ་འདྲའི་ཚད་དང་ལྡན་

པ་དག །ཆ་མཉམ་ཡིན་པར་ཤེས་པར་བྱ། །རྟ་ནི་ལུས་ཀྱི་ཆ་མཉམ་པའི། །ཚད་ནི་རྣམ་གསུམ་མཉན་པར་གྱིས། །རྟ་མཆོག་གི་ནི་དཔྲལ་བ་ལ། །སོར་ནི་བཅུ་གཉིས་ཡོད་པར་བཤད། །རྣ་བ་སོར་དྲུག་ཡིན་ཞེས་བྱ། །སོ་དག་སོར་ནི་ཕྱེད་དང་གཉིས། །མིག་ནི་སོར་

གསུམ་ཤེས་པར་བྱ། །མཆེ་བའི་དབངས་ནི་སོར་གཉིས་ཡིན། །མགོ་བོ་སོར་ནི་ཉི་ཤུ་བརྒྱད། །ཕུམ་ཕུམ་གནས་ནི་དཔངས་སོར་གསུམ། །རྟ་མཆོག་གི་ནི་ཆུ་རུ་ནི། །སོར་བརྒྱ་རྩ་བཞི་ཉིད་ཡིན་ནོ། །སྐེ་མགྲིན་སོར་ནི་སུམ་ཅུ་སྟེ། །ཟེའུ་ལྟག་སོར་ནི་དྲུག་ཡིན་ལ། །

རྒྱབ་ནི་སུམ་ཅུར་ཤེས་པར་བྱ། །ཨོར་དོ་གདོང་པ་དག་དང་མཉམ། འབྲེག་ནི་སོར་ནི་བཅུ་ཡིན་ཏེ། །འདི་ནི་ཆུ་ཡི་ཚད་དུ་བཤད། །རླིག་པ་བིལ་བ་བཟང་པོ་ཡི། །ཚད་ཙམ་ཡོད་པར་ཤེས་པར་བྱ། །རྟ་མཆོག་གི་ནི་མཚན་དག་ལ། །སོར་ནི་བཅུ་དྲུག་ཡིན་ཞེས་བྱ། །

ཕྲག་སོ་སོར་ནི་ཉི་ཤུ་དྲུག །དཔུང་མགོ་ཉིད་ནི་སོར་བཅུ་ཡིན། །དཔུང་པ་ཉི་ཤུ་རྩ་བཞི་སྟེ། །པུས་མོའི་ཚིགས་ནི་སོར་དྲུག་པ། །ཚེའུ་སྤུ་སོར་དྲུག་ཡིན་ཞེས་བྱ། །ཆིག་གྲང་དཀྱུས་སུ་སོར་བཅུ་དྲུག །ཚེའུ་ཚེ་སོར་ནི་དྲུག་པ་ཡིན། །རྨིག་པའང་དེ་དང་མཉམ་པ་ཡིན། །

རྐེད་པའི་དབུས་ཀྱི་ཞེང་གང་ཡིན། །དཔངས་ནི་དེ་དང་མཉམ་པ་ཡིན། །ཚད་ནི་རྟ་མཆོག་དག་གི་ཡིན། །དེ་ནས་བར་མའི་བཤད་བྱ་སྟེ། །དཔྲལ་བའི་ཚད་ནི་སོར་བཅུ་ཡི། །གདོང་པ་སོར་ནི་ཉི་ཤུ་དྲུག །མིག་ལ་སོར་ནི་ཕྱེད་དང་གསུམ། །ཕུམ་ཕུམ་གནས་ཀྱང་དེ་དང་

Vol. 203 · folio 180b

འདྲ། །སོ་ལ་སོར་གཅིག་བཞི་ཆ་གཅིག །མཆེ་བ་སོར་གཅིག་བཞི་ཆ་གསུམ། །རྣ་བའི་དཔངས་སུ་སོར་ལྔ་རུ། །རྟ་ནི་བར་མའི་ཡིན་པར་བཤད། །སྐེ་མགྲིན་ཉི་ཤུ་རྩ་བདུན་དུ། །བསྟན་བཅོས་རྟོགས་པར་ཤེས་པར་བྱ། རྔོག་མཐའ་སོར་ནི་ལྔ་རུ་བཤད། །རྒྱབ་ནི་སྐེ་མགྲིན་

དག་དང་མཉམ། །འབྲེག་ལ་སོར་ནི་བདུན་ཡིན་ཏེ། །ཨོང་དོ་ཉི་ཤུ་རྩ་དྲུག་ཡིན། །བར་མ་འདི་ཡི་ཆུ་རུ་ནི། །སོར་ནི་དགུ་བཅུ་རྩ་གཉིས་ཡིན། །མགོ་བོ་སོར་ནི་ཉི་ཤུ་དྲུག །འདི་ཡི་རྔ་སྙིང་དེ་དང་མཉམ། །བར་མ་རླིག་བའི་ཚད་དག་ནི། །བིལ་པ་འབྲིང་པོ་ཙམ་ཡིན་ནོ། །

བར་གྱི་མཚན་གྱི་ཚད་དག་ནི། །སོར་ནི་བཅུ་བཞི་ཡིན་པར་བཤད། །དཔངས་སུ་སོར་ནི་བཅུ་དགུ་དག །འདི་ལ་བསྔགས་བར་གྱུར་པ་ཡིན། །ཕྲག་སོར་སོར་ནི་ཉི་ཤུ་ལྔ། །དཔུང་མགོ་སོར་ནི་བརྒྱད་ཡིན་ནོ། །དཔུང་པ་སོར་ནི་ཉི་ཤུ་གསུམ། །པུས་མོ་ཚེའུ་དང་མཉམ་པ་

ཡིན། །ཆིག་གྲང་སོར་ནི་བཅུ་བཞི་སྟེ། །ཚེའུ་སྤུ་སོར་ནི་ལྔ་པ་སྟེ། །ཚེའུ་ཚེའང་སོར་ནི་ལྔ་པ་སྟེ། །རྨིག་པའང་དེ་དང་འདྲ་བར་བཤད། །རྟ་ཡི་ཐ་མ་དག་གི་ཚད། །དཔྲལ་བ་སོར་ནི་བརྒྱད་ཡིན་ཏེ། །མགོ་བོ་སོར་ནི་ཉི་ཤུ་བཞི། །མིག་ནི་སོར་གཉིས་ཡིན་ཤེས་བྱ། །

ཕུམ་ཕུམ་གནས་ཀྱང་དེ་དང་འདྲ། །མཆེ་བ་སོར་ནི་ཕྱེད་དང་གཉིས། །སོ་ཡི་དཔངས་སུ་སོར་གཅིག་ཡིན། །རྣ་བའི་དཔངས་ནི་སོར་བཞི་སྟེ། །སྐྲ་འགྲམ་ཉི་ཤུ་རྩ་བཞི་སྟེ། །རྔོག་མཐའ་སོར་ནི་བཞི་ཡིན་ནོ། །རྒྱབ་ནི་སྐེ་བ་ཉིད་དང་མཉམ། །འབྲེག་གི་ཚད་ནི་སོར་བཞི་

སྟེ། །ཨོང་དོ་སོར་ནི་ཉི་ཤུ་བཞི། །ཆུ་རུ་སོར་ནི་བརྒྱད་ཅུ་ཡིན། །མགོ་བོ་ཉི་ཤུ་རྩ་བཞི་སྟེ། །རྔ་སྙིང་དག་ཀྱང་དེ་དང་མཉམ། །རླིག་པ་བིལ་བ་ཆུང་ངུ་ཙམ། །ཕོ་མཚན་སོར་ནི་བཅུ་གཉིས་ཡིན། །རྟ་ནི་ཐ་མའི་དཔངས་སུ་ནི། །སོར་ནི་བརྒྱད་ཅུ་ཡིན་པར་བཤད། །ཕྲག་

སོ་སོར་ནི་ཉི་ཤུ་བཞི། །དཔུང་མགོ་འདི་ཡི་སོར་དྲུག་ཡིན། །དཔུང་པ་སོར་ནི་ཉི་ཤུ་གཉིས། །པུས་མོ་སོར་ནི་བཞི་ཡིན་ལ། །རྟ་ནི་ཐ་མའི་ཆིག་གྲང་གི །དཔངས་ནི་སོར་བཅུ་གཉིས་ཡིན་ནོ། །ཚེའུ་སྤུའི་གནས་ནི་སོར་བཞི་སྟེ། །ཚེའུ་ཚེའི་རྨིག་པ་དེ་དང་འདྲ། །དེ་ལྟར་

Vol. 203 · folio 181a

ཆུ་ཡི་ཚད་བཤད་པ། །ཆུ་ནི་ཅི་བཞིན་གཞག་པ་ཡིན། །རོ་སྟོད་ཀྱི་ནི་དཔངས་གང་ཡིན། །འོག་ནས་རྔོག་མཐའི་བར་དུ་གཞལ། །རོ་སྨད་མཇུག་དོའི་མཚམས་ནས་ནི། །འོག་ནས་སྟེང་དུ་དེ་བཞིན་གཞལ། །དེ་ལྟར་དཔངས་སུ་གཞལ་ནས་

ནི། །བསྟན་བཅོས་མཁས་པས་བྱ་བ་ཡིན། །རྔ་སྙིང་རྩ་ནས་མིག་ཟུར་གྱི། །བར་དུ་ཆུར་ནི་གཞལ་བར་བྱ། །དཔྱི་སྟེང་མཇུག་ཏོ་དཔྱི་མགུལ་དང་། །བརླ་དཔྱིའི་མཚམས་ནི་གང་ཡིན་པ། །མཆོག་དང་བར་མ་ཐམ་ལའང་། །ཕྲག་སོ་དང་ནི་མཉམ་པ་ཡིན། །རྗེ་ངར་དཕྱི་ཡི་

བ་ཧ་ལས། །སོར་གཅིག་གིས་ནི་ཆུང་བར་བཤད། །སྤུ་ར་པུས་མོའི་ཚད་ལས་ནི། །སོར་གཅིག་ལྷག་པར་ཤེས་པར་བྱ། །ཆིག་གྲང་ལ་སོགས་སྔར་བཤད་པ། །ཕྱི་རྐང་གི་ཡང་དེ་འདྲར་ལྡན། །ནས་རྒྱས་ཀྱི་ནི་ལྟོག་ཤིབས་པའི། །ཞེང་ནི་སོར་དུ་ཤེས་པར་བྱ། །

ལ་ལ་མཐེ་བོའི་ཚིགས་ཀྱི་ཞེང་། །སོར་ཡིན་པར་ནི་འཆད་པར་བྱེད། །གཞན་དག་སྐྱེས་བུ་རན་པ་ཡི། །ལག་སོར་གྱི་ནི་གུང་མོ་ཡི། །ཚིགས་ནི་དབུས་མའི་ནང་དག་ལ། །སོར་མིན་པར་ནི་འདོད་པ་ཡིན། །རྟ་གཞན་གང་དག་ཡོད་པ་དག །ཚད་འདི་ཡིས་སྣ་གཞལ་

བར་བྱ། །དེ་ལྟར་མཆོག་དང་བར་མ་དང་། །ཐ་མར་གྱུར་པའི་རྟག་སུམ་ལ། །ཚད་ནི་རྣམ་པ་གསུམ་དག་གིས། །གཞལ་བར་འདི་ནི་བཤད་པ་ཡིན། །དེ་ལྟར་ཆུ་ཞེང་ཚད་ལྡན་པའི། །ལུས་དང་ལྡན་པ་གང་ཞིག་ཡིན། །ལུས་དང་འཚམས་པར་ཤ་རྒྱས་ཤིང་། །རྐང་པ་

སྲ་ལ་མཚན་དང་ལྡན། །ཡན་ལག་གསལ་ཞིང་མཉན་པ་དང་། །ལུས་སྙོམས་ཤ་ནི་མཁྲེགས་པ་དག །བཀྲ་ཤིས་དབལ་སྐྱེད་དགེ་བ་དང་། །འདོད་པ་ཐམས་ཅད་སྦྱིན་བྱེད་ཡིན། །ཤ་ཡི་ཧོ་ཏྲའི་མདོའི་གནས་ལས་ཚད་གཞལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།

དེ་ནས་གཞན་ཡང་ཡན་ལག་བཅུའི། །ཆ་ཡི་ལེའུ་བཤད་པར་བྱ། །དང་པོའི་གནས་ནི་དཔྲལ་བ་ཡིན། །མཐར་ཐུག་ཚད་དུ་བཤད་པ་ཡིན། །གཉིས་པ་དཔྲལ་བའི་སྟེང་གི་ནི། །གླང་བ་ལ་ནི་བརྟེན་པ་ཡིན། །གསུམ་པ་སྐེ་འགྲིན་ཕྲག་སོ་ཡི། །ལུས་ཀྱི་ཕྱོགས་ནི་ཡིན་

Vol. 203 · folio 181b

པར་བཤད། །ནམ་ཚོར་ཟེའུའི་ལྟག་ཟེའུ། །དཔུང་མགོ་བཞིན་ཕྲག་སོ་དང་། །སོག་པའི་གནས་ནི་གང་ཡིན་པ། །བཞི་པ་དག་ནི་ཡིན་པར་འདོད། །ལུས་ཀྱི་རོ་སྟོད་ཆ་མཉམ་དང་། །དཔུང་སྣ་ལ་སོགས་ལྔ་བོ་ཡིན། །སྙིང་ག་ལག་འོག་རྩིབ་ལོགས་དང་། །སྒ་འོག་དང་

ནི་རྒྱབ་ཉིད་ནི། །རྟ་ཡི་གནས་ནི་དྲུག་པ་ཡིན། །སྒལ་ཚིགས་དང་ནི་ལྟོ་བ་དང་། །མཚན་གྱི་ཉེ་འཁོར་གང་ཡིན་དང་། །རྒྱུ་དང་མི་རྒྱུ་གང་ཡིན་རྣམས། །གནས་ནི་བདུན་པ་དག་ཏུ་བཤད། །ཨོང་དོའི་ཕྱོགས་ན་གང་ཡོད་དང་། །བརླག་ཉིས་དང་ནི་བཅས་པ་དག །དེ་

དག་གནས་ནི་བརྒྱད་པ་ཡིན། །དཔུང་པ་དཔུང་རྒྱབ་པུས་མོ་དང་། །རྐུབ་ཚོས་དཔྱི་མགུལ་དཔྱི་མཚམས་དང་། །རྗེ་ངར་དང་ནི་བཅས་པ་དང་། །གནས་ནི་དགུ་པ་ཡིན་པར་འདོད། །པུས་མོ་རྗེ་ངར་མན་ཆད་ནི། །གནས་ནི་བཅུ་བ་ཞེས་བྱའོ། །དགེ་བའམ་ཡང་ན་མི་དགེ་

བ། །ཐམས་ཅད་ཀྱང་ནི་མཚོན་པར་བྱ། །གནས་སྐབས་ཆ་ཡི་འབྲས་བུ་དག །དེ་ཡི་རྟག་ཏུ་བརྗོད་བྱ་མིན། །དེ་བཞིན་གནས་ཀྱི་དབྱེ་བ་ཡི། །རྟ་ཡི་ཚད་ལ་སོགས་པའང་བཤད། །གནས་ཤེས་བ་ཡི་གནས་རྣམས་ནི། །རྟོགས་པར་བྱས་ལའང་འབྲས་བུ་བརྗོད། །

ཚེ་དང་ན་ཚོད་ཆ་རྣམས་ནི། །གནས་ལས་ཤེས་པར་བྱས་ཏེ་བསྟན། །མཚན་ཉིད་ལྡན་ན་འབྲས་བུར་བཅས། །གོ་བཟློག་པ་ནི་འབྲས་བུ་མེད། །མཚན་ཉིད་གནས་ནི་འཁྲུགས་པ་ལས། །འབྲས་བུ་ཁྱད་པར་འཕགས་པར་འགྱུར། །མདོག་དང་གཟི་མདངས་སྙིང་སྟོབས་དྲི། །

ཅི་བཞིན་དུས་སུ་འབྲས་བུ་སྟེར། །ལུས་ཀྱི་འགྲོས་དང་སྐད་དང་ནི། །རྟག་ཏུ་འབྲས་བུ་འབྱིན་པ་ཡིན། །ཐིག་ལེ་དང་ནི་གཙུག་གི་ནི། །གནས་སྐབས་ཆ་ནི་འདི་ལས་བྱུང་། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་ཡན་ལག་བཅུའི་ཆ་དབྱེ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།

ལེགས་ཐོས་ཐོས་པ་ཕུན་ཚོགས་པས། །ཤ་ལི་ཧོ་ཏྲ་ལ་དྲིས་པ། །མི་སྡུག་ཅི་ལྟར་ཤེས་པར་གྱིས། །ཇི་བཞིན་སྡུག་པ་ཇི་ལྟ་བུ། །དམན་དང་དེ་བཞིན་མི་དམན་དང་། །ཡན་ལག་ཚང་དང་མི་ཚང་དང་། །གཞལ་བྱ་ཉིད་དང་གཞལ་མིན་དང་། །གསོ་སླ་གསོ་དཀའ་ཇི་ལྟ་བུ། །

Vol. 203 · folio 182a

དེ་ལྟར་བུ་ཡིས་དྲིས་པ་དང་། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །སོ་སོའི་མཚན་ཉིད་ཅི་འདྲ་བ། །དེ་དག་ཁྱེད་ལ་བཤད་པར་བྱ། །གང་ཡང་ལུས་ཀྱི་དབྱིབས་ལེགས་ཤིང་། །རྩ་རྒྱུས་སྣང་བར་མི་འགྱུར་དང་། །ཆུ་ཞེང་ཚད་དང་ལྡན་པ་དང་། །ཤ་ནི་གནས་

དང་འཚམས་པར་སྐྱེ། །ལུས་སྙོམས་གསུམ་པ་ཆུང་བ་དང་། །ཡིད་དང་མིག་ནི་དགའ་བྱེད་པ། །རོ་སྨད་མཉམ་ཞིང་ཟླུམ་པ་དང་། མཛེས་ཤིང་དབྱིབས་ནི་ལེགས་གནས་དང་། ཡན་ལག་ཉིང་ལག་རྫོགས་པ་དང་། །ཡན་ལག་ཀུན་གྱི་དབྱིབས་ལེགས་དང་། །ཉིང་ལག་

རྣམས་ནི་མི་སྡུག་དང་། །མགྱོགས་ཤིང་མཉམ་དང་ལྡན་པ་དང་། །དེས་ཤིང་སྟོབས་དང་ལྡན་པ་དང་། །ན་ཚོད་གཞོན་ཞིང་འགྲོས་ཆེ་དང་། །སྐེ་མགྲིན་ཕྲག་སོ་བྲང་གི་ཕྱོགས། །ཤ་རྒྱས་ཚད་དང་ལྡན་ལ་སོགས། །འདི་དག་གཞལ་བྱ་ཆ་མཉམ་དང་། །གསོ་སླ་མི་སྡུག་

མེད་པ་ཡིན། །དེ་ལས་བཟློག་པར་གྱུར་པའི་རྟ། །གཞལ་བྱའི་ལས་དག་མ་ཡིན་ནོ། །དེ་ལྟའི་མི་སྡུག་ལ་སོགས་དང་། །ལྡན་པའི་རྟ་ནི་གང་ཡིན་པ། །ཤིང་རྟ་ལམ་དང་ཁལ་དང་ནི། །རྩེད་མོའི་གནས་དང་གཡུལ་དག་ཏུ། །ལས་དང་འཚམ་པ་མ་ཡིན་པས། །དེ་ཕྱིར་

དེ་ནི་སྤང་བར་བྱ། །དེ་ཕྱིར་བཟང་པོ་ཤེས་བྱས་ལ། །དེ་ལྟའི་རྟ་ནི་བླང་བར་བྱ། །དེ་ལྟར་བླང་འོས་བླངས་ནས་ནི། །ལྷག་མ་སྤང་བྱ་རྣམ་པར་སྤང་། །ཚོང་པ་རྣམས་ལ་རྟ་དག་ནི། །བཟང་པོ་བླང་བར་གྱུར་པ་དང་། །སྤྲིས་མ་བཤུགས་པའི་ཞོ་ལྟ་བུར། །ལྷག་མ་

སྙིང་པོ་མེད་པ་ཡིན། །དེ་ལྟ་མོད་ཀྱི་བརྩེ་བ་ཡིས། །སྤང་བྱ་དེ་ཡང་ཚོང་བ་དང་། །རྟ་ལ་བརྩེ་བར་བྱ་བའི་ཕྱིར། །བླངས་ཏེ་སྦྱིན་པ་གཏང་བར་བྱ། །མཚན་ནི་ངན་པར་གྱུར་ན་ཡང་། །མགྱོགས་ཤིང་རིགས་དང་ན་ཚོད་ལྡན། །རྒྱལ་པོས་ལྷག་གང་རྣམས་

དང་ནི། །བྲམ་ཟེ་ལ་ནི་སྦྱིན་པར་བྱ། །མ་ནིང་རྒན་དང་ནད་ཀྱིས་ཉེན། །ཉེ་འཁོར་གནས་པའི་མི་ལ་སྦྱིན། །རླིག་པ་མེད་དང་རླིག་གཅིག་པ། །རླིག་སེར་དང་ནི་ལུས་སྐེམས་དང་། །ཡན་ལག་མ་ཚང་གྱུར་པ་དག །ཉུང་རུམ་ལ་སོགས་རྣམས་ལ་

Vol. 203 · folio 182b

སྦྱིན། །གཡུལ་དུ་འཇུག་པར་མི་ནུས་པ། །གར་མཁན་དང་ནི་གླུ་མཁན་དང་། །འཁྲུས་མཁན་དང་ནི་འདྲེག་མཁན་དང་། །དེ་འདྲའི་ཚུལ་ལྡན་དག་ལ་སྦྱིན། །དེ་ལ་ཤིན་ཏུ་མི་སྡུག་པ། །ཤིན་ཏུ་བཟང་བ་མི་སྦྱིན་ནོ། །ཤུ་ལ་ཀ་དང་གཟུགས་མི་སྡུག །སོ་མི་སྡུག་དང་མི་

སྲུན་པ། །ཉེ་འཁོར་ཀྱི་ནི་ཕོ་ཉ་སོགས། །དྲག་ཤུལ་བྱེད་པ་རྣམས་ལ་སྦྱིན། །འགྲོས་ཆུང་བ་དང་སྲེགས་པ་དང་། །རྐང་ངན་གླས་ཀྱི་ནང་མིར་སྦྱིན། །རྟ་ལ་གདུག་བར་གྱུར་པ་ནི། །མཚམས་སྲུང་མཐའ་འཁོར་པ་དག་དང་། །ཉེས་པ་ཆེར་བསྟེན་དག་ལ་སྦྱིན། །རང་གི་

ཡུལ་དུ་དེ་མིག་ཞག །དེ་རྣམས་རྟོག་ལ་མཁས་པ་ནི། །རྒྱལ་པོའི་དྲུང་དུ་རྟག་པར་གཞག །དེ་ལྟར་རྟ་ནི་རྣམ་ཕྱེ་ན། །རྒྱལ་པོའི་འབྱོར་པ་འཕེལ་འགྱུར་ཞིང་། །ཡིད་ནི་དགའ་ཞིང་མགུ་བ་དང་། །གཡུལ་དང་དགྲ་ལས་རྒྱལ་བར་འགྱུར། །ཤ་ལི་ཧོ་ཏྲའི་མདོའི་གནས་ལས་སྡུག་

པ་དང་མི་སྡུག་པ་རྣམ་པར་ཕྱེ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཉི་མ་འཆར་ཀ་འདྲ་བ་ཡི། །དྲང་སྲོང་ཐ་ལ་ཕྱག་བྱས་ཏེ། །ལེགས་ཐོས་ཀྱིས་ནི་ཟས་ཀྱི་ཚད། །རྣམ་པར་བརྟག་པ་དྲིས་གྱུར་པ། །ལེགས་ལྡན་མི་ལ་ཟས་ཀྱི་ཚད། །བཤད་ཀྱིས་རྟ་ལ་ཅི་ཞིག་འཚལ། །

ཕྱུགས་རྣམས་དང་ནི་ཁྱད་པར་དུ། །རྟ་ལ་དེ་གསོ་མ་མཆིས་ཏེ། །དེ་རྣམས་དབུགས་འབྱིན་ཙམ་གྱིས་ནི། །ཟོས་ཤིང་བཅས་པ་འཇུ་གྱུར་ལ། །ཕྱུགས་ནི་ལྟོ་བར་གྲགས་པས་ན། །དེ་ལ་ཚད་ནི་ཅི་ཞིག་བགྱི། །དེ་སྐད་ལེགས་ཐོས་ཀྱིས་སྨྲས་ཚེ། །ཤ་ལི་ཧོ་ཏྲས་སླར་སྨྲས་པ། །

བློ་གྲོས་བཟང་པོ་ནན་ཏན་དུ། །ཤིན་ཏུ་འདྲ་པས་ཀྱང་ཚད་ཙམ་དུ། །བྱིན་ན་དགའ་བ་སྐྱེད་བྱེད་ཅིང་། །ཚོད་ཟིན་དུག་ཀྱང་བདུད་རྩིར་འགྱུར། །ཚོད་མ་ཟིན་ན་བདུད་རྩིས་ཀྱང་། །གསོད་པར་འགྱུར་བ་ཉིད་ཡིན་ནོ། །བདེ་ཞིང་གསོལ་འཚོ་བྱེད་པས། །ཚོད་ཟིན་འཇིག་རྟེན་མ་དང་

འདྲ། །དེ་མེད་སྲོག་མཐའི་འཇིགས་བསྐྱེད་ལ། །དེ་དང་ལྡན་ན་གནས་མཆོག་འགྱུར། །རྟ་ནི་མང་དུ་ཟ་བས་ན། །ཚད་ཀྱི་དགོས་པ་བདེན་མོད་ཀྱི། །སྨན་དང་ཟས་སྐོམ་ཆོ་ག་ནི། །འགྲོ་ངན་བོང་བུ་ལ་ཡང་དགོས། །ཚོད་མ་ཟིན་ན་སྨན་གྱིས་ཀྱང་། །ནད་གཞན་སྐྱེད་པར་འགྱུར་

Vol. 203 · folio 183a

ཡིན་ལ། །ཚོད་དང་ལྡན་པ་བྱས་པ་ཡིས། །དུག་གིས་ཀྱང་ནི་ནད་འཇོམས་སོ། །རྫས་དང་འཇུ་སྟོབས་རྫས་ཅི་ཡང་། །ཚད་ནི་རྣམ་པ་གསུམ་ལ་འཇུག །སྙིང་དགའ་ཤུགས་ནི་མ་བཀག་དང་། །ལྟོའང་ཤིན་ཏུ་མི་གནོད་དང་། །རྩིབ་ལོགས་རྣམས་

ནི་བདེ་བ་དང་། །གསུས་པ་ཚིམ་བར་མ་གྱུར་ལ། །བཀྲེས་དང་སྐོམ་ནི་ཞི་བ་དང་། །དབང་པོ་རྣམས་ནི་ཚིམ་པ་དང་། །དབུགས་རྔུབ་དབུགས་དབྱུང་བདེ་བ་དང་། །གཉིད་ནི་བདེ་བར་ལོག་བྱེད་དང་། །སྟོབས་དང་ཁ་དོག་འཕེལ་བྱེད་དང་། །བདེ་བར་འཇུ་བར་འགྱུར་བ་དང་། །

ལུས་གཟུངས་འཁྲུག་པར་མི་བྱེད་པ། །ཚོད་ཟིན་ཟོས་པ་ཡིན་བར་བཤད། །ཁ་ཟས་ལྕི་བས་ལྟོ་བ་ཡི། །ཕྱེད་དམ་སུམ་ཆ་བཀང་བ་བསྔགས། །ཁ་ཟས་ཤིན་ཏུ་ཡང་བ་ཡང་། །ཤིན་ཏུ་འདྲངས་པར་སྦྱིན་ནོ། །དེ་ལྟར་ཚད་ལས་ཚད་མིན་པར། །ལྷག་པའམ་ཆུང་པར་གྱུར་

པ་ནི། །སྟོབས་དང་སྙིང་སྟོབས་བློ་དང་ནི། །མདོག་དང་དབང་པོ་ལ་གནོད་བྱེད། །རླུང་ནི་འགགས་པའམ་སྦྱོར་བར་བྱེད། །ནད་སྐྱེད་བྱེད་པའི་མཆོག་ཡིན་ལ། །རོ་མི་ཙ་ཞིང་ཚེ་ཐུང་དང་། །མདངས་མེད་བཀྲ་མི་ཤིས་པར་འགྱུར། །དེ་བས་རྟ་རྣམས་ལོག་པ་ཡི། །

ཟས་ལ་སྤྱོད་ལམ་བཟློག་པར་བྱ། །འདྲངས་དྲགས་པར་ནི་གྱུར་པ་ལས། །ནད་གཞི་ཐམས་ཅད་འཁྲུག་བྱེད་ཅིང་། །གསུང་དང་ཕོ་བའི་ནད་སྐྱེས་པས། །རྟ་ནི་དེ་ལས་བཟློག་པར་བྱ། །ཇི་ཙམ་གྱིས་ནི་ལྟོ་བའི་མེ། །འབར་གྱུར་དེ་ཙམ་སྦྱིན་པར་བྱ། །ཚད་མི་ལྡན་པར་བྱིན་

པ་ཡིས། །ཡང་ན་དྲགས་པའམ་ཆུང་བར་འགྱུར། །རྫས་ནི་ཆུ་སྐྱེས་རླན་ཅན་དང་། །སྐམ་པར་སྐྱེ་སྟེ་གསུམ་དུ་འདོད། །དེ་དག་ཚད་མི་ལྡན་པར་ནི། །བཟའ་བའི་བྱ་བའང་ཐ་དད་དོ། །མར་དང་སྦྲང་རྩི་མཉམ་ཟས་སོགས། །ཚད་མི་ལྡན་དང་འདྲ་བ་ཡི། །ཟས་ཀྱི་

སྨོས་ཀྱི་སྐོམ་མམ་ནི། །སྣུམ་མམ་རྩྭ་ཡི་ཚོད་དང་ནི། །གྲང་ལྷགས་འདྲེན་པ་དྲགས་པས་ཀྱང་། །ཚད་མི་ལྡན་པར་གནོད་པ་སྐྱེད། །དེ་བས་སྤྱི་དང་ཁྱད་པར་གྱི། །ཚད་ནི་ང་ཡིས་བཤད་པར་བྱ། །འོལ་མ་སེ་བཞི་མ་ཤ་བཞི། །དེ་བཞི་ལ་ནི་ཤན་སྟེ། །དེ་

Vol. 203 · folio 183b

བཞི་ལ་ནི་སུ་བ་སྣ། །དེ་ཉིད་ཞོ་གཉིས་ཞེས་བྱའོ། །དེ་བཞི་ལ་ནི་སྲང་གཅིག་སྟེ། །དེ་བཞི་ལ་ནི་ཕུལ་དུ་བཤད། །ཕུལ་བཞི་ལ་ནི་བྲེ་གང་ཡིན། །དེ་བཞི་ལ་ནི་བྲེ་བཞི་སྟེ། །དེ་བཞི་ལ་ནི་དྲོ་ན་ཡིན། །འདི་ནི་སྤྱི་ཡི་ཚད་ཡིན་ལ། །གཤེར་རྫས་ལ་ནི་ཉིས་

འགྱུར་བྱ། །སྣུམ་ནི་ཚད་ཀྱི་ཕྱེད་དུ་བྱ། །ཨཀྵ་ལག་པའི་མཐིལ་ལ་སོགས། །ཞོ་གཉིས་ཀྱི་ནི་མིང་ཡིན་ནོ། །སྲང་ཕྱེད་མིང་ནི་ཨ་སྨུར་བཅས། །སྲང་གཅིག་ཨུདུམྺྰ་རར་བཤད། །སྲང་གཉིས་ཁྱོར་གང་ཞེས་བྱར་བཤད། །དེ་གཉིས་ལ་ནི་གཉིས་པར་བཤད། །

དེ་ལ་རྩྭ་སྐམ་དག་ལས་སྲང་། །བརྒྱད་བརྒྱ་ཏ་ལ་རན་པ་ཡིན། །རློན་པ་དེའི་འདབ་སྙེ་མར་བཅས། །བཞི་བརྒྱ་ཉིན་མཚན་གཅིག་ལ་རན། །ཐུག་སོགས་ལ་ནི་བྲེ་བཞི་ཙམ། །བཟའ་སྐམ་བྲེ་ནི་ཕྱེ་དང་གཉིས། །སྣུམ་ལས་ཕུལ་གང་བཏུང་བ་ནི། །བྲེ་གང་སྦྱིན་པར་ཤེས་

པར་བྱ། །སྦྲང་རྩི་ལས་ནི་ཕུལ་གང་སྦྱིན། །བུར་མ་ལས་ནི་སྲང་བརྒྱད་སྦྱིན། །ཧྭགས་དང་ཁ་ར་གང་ཡིན་པ། །སྲང་ནི་བཅུ་ཡི་ཚད་དུ་སྦྱིན། །སྣ་སྨན་ཁུ་བ་ཕུལ་གང་སྟེ། །སྣུམ་གྱི་སྣ་སྨན་དེ་ཡི་ཕྱེད། །དུ་བས་བདུག་ལ་ཞོ་དྲུག་སྟེ། །དུ་བ་དྲག་པོ་ཞོ་གཉིས་ཚད། །

སྨན་ཁའི་གོང་བུ་སྲད་བཞི་དག །བད་ཀན་ནད་ལ་སྦྱིན་པར་བྱ། །རྟ་ལ་དགོངས་ཀ་བཏུང་བར་ནི། །ཆང་ནི་བྲེ་གང་བླུད་པར་བྱ། །རྟ་རྣམས་ལ་ནི་ཕྱེ་མའི་སྨན། །བཏགས་པ་སྲང་གཉིས་སྦྱིན་པར་བྱ། །ཟས་དང་སྣུམ་ནི་མཉམ་བྱིན་ཚེ། །སྐོམ་དུ་ཆང་ནི་བླུད་པར་བྱ། །

རྟ་ལ་ལན་ཚྭ་སྲང་ལྔ་ཡི། །ཚད་དུ་བར་ཏུ་སྦྱིན་པར་བྱ། །ལུས་ཀུན་བསྐུ་བྱུག་བྱ་བ་ཡང་། །སྣུམ་ནི་བྲེ་དང་སྦྱར་བར་བྱ། །རྣ་བཀང་ལ་ཡང་སྣུམ་དག་ནི། །སྲང་གཉིས་ཉེ་བར་གཞུག་པར་བྱ། །བསྐུ་བའི་སྣུམ་ལ་སྨན་ལས་ནི། །སྲང་བརྒྱ་ཕྱེ་མར་བཏགས་པ་གཞུག །

ཕྱེ་ལས་བྲེ་ནི་དོ་དག་དང་། །དེ་རུ་བུ་རམ་སྲང་བརྒྱད་གཞུག །མར་ལས་ཕུལ་དོ་བསྲེས་པ་ཡི། །སྐྱོ་མ་དག་ནི་སྦྱིན་པར་བྱ། །ཆུ་སྐྱེས་ཤ་ནི་སྲང་ལྔ་བཅུ། །རླན་ཅན་ཤ་ནི་སྲང་བདུན་ཅུ། །སྐམ་པའི་ཤ་ནི་སྲང་དགུ་བཅུ། །ཤ་ཡི་ཁ་ཟས་ཚད་ཡིན་ནོ། །ཁྲག་བྲེ་དོ་ལ་རྒྱམ་

Vol. 203 · folio 184a

ཚ་ནི། །སྲང་གཉིས་ཉེ་བར་གཞུག་བྱ་ཞིང་། །སྣུམ་ཡང་སྲང་གཉིས་བཅུག་པ་ནི། །ཁྲག་ཟད་པ་ལ་སྦྱིན་པར་བྱ། །མས་གཏོང་བ་ལ་བྲེ་གང་ཙམ། །དུམ་བུ་གསུམ་དུ་བྱས་ཏེ་གཏོང་། །བཏགས་བ་ལས་ནི་སྲང་གསུམ་ཙམ། །སྲང་རེ་རུ་ནི་

བཅད་དེ་གཏོང་། །འཇམ་རྩི་ཕུལ་བཞི་གཏང་བར་བྱ། །འཇམ་རྩིའི་གོང་མ་ཕུལ་གང་གཏོང་། །མར་ལ་འཇམ་རྩི་གཏོང་བ་ནི། །ཕུལ་དོ་དག་ནི་བྱ་བར་བཤད། །སྨན་ནི་སྲང་བཞིའི་ཚད་དག་ནི། །ཆུ་སྲང་སུམ་ཅུ་རྩ་གཉིས་བསྐོལ། །བཞི་ཆ་ལུས་པར་བྱས་པ་

དག །འདི་ཡི་སྨན་ཁུ་ཡིན་པར་བཤད། །ཆུ་སྨན་བཅུ་དྲུག་འགྱུར་ནང་དུ། །བསྐོལ་བའི་སྨན་ནི་སྲང་བརྒྱ་གཞུག །སྣུམ་ཡང་སྲང་བརྒྱ་བཅུ་གནས་ནི། །བཞི་ཆ་ཆ་གསུམ་བསྲུབ་པར་བྱ། །དེར་ནི་སྣུམ་གྱི་བཞི་ཆ་ཡི། །སྨན་ཕྱེ་བཅུ་ག་ལ་ལྡེ་གུར་བྱ། །དེ་ལ་

ཤ་ཁུ་འོ་མ་ནི། །ཆུ་ཡི་བཞི་ཆ་གཞུག་པར་བྱ། །བསྐོལ་ཆུ་སྨན་དང་སྦྱར་བ་ཡང་། །ཞག་ལོན་པ་ནི་སྦང་བར་བྱ། །བུ་རམ་བསིལ་དུ་འདོད་པ་དང་། །བསྲེགས་ན་སྒྲ་མི་འབྱུང་བ་ཡི། །མཚན་མ་དེ་དང་དང་བར་ནི། །སྣང་ན་ཐོབ་ལ་དབོག་པར་བྱ། །དེ་ནི་ཚོས་

པ་ཡིན་བའི་ཕྱིར། །སྣུམ་དེ་སླར་ནི་བབ་པར་བྱ། །དེ་ནི་བཙགས་པར་གྱུར་ན་ནི། །ཡོན་ཏན་ལྷག་པར་འགྱུར་པ་ཡིན། །སྣུམ་ཞིང་དང་བར་འགྱུར་པ་དང་། །གསལ་བར་གྱུར་ན་མཁས་པ་ཡིས། །སྣུམ་དེ་མདོག་ནི་ཕྱིན་པའི་ཕྱིར། །ཚོས་པ་ཡིན་པར་ཤེས་

བར་བྱ། །དེ་འདྲ་ནང་ཀུན་འཇོམས་བྱེད་ཡིན། །མ་ཚོས་ཆུ་དང་འདྲེས་པ་དང་། །ཚོས་དྲགས་ནག་པོར་གྱུར་པ་ནི། །ནད་ཀུན་འཁྲུགས་བར་བྱེད་པ་ཡིན། །རྨ་དང་སྣ་སྨན་འཇམ་རྩི་ལ། །འཇམ་པར་ཚོས་པ་གཏང་བར་བྱ། །བསྐུ་ལ་ཚོས་དྲགས་བཏུང་བ་ལ། །བར་

མ་ཙམ་ནི་བསྔགས་པ་ཡིན། །མཚོས་སྣུམ་ནི་ནད་སྐྱེད་ལ། །ཚོས་དྲགས་ཕན་པ་མེད་པ་ཡིན། །ལེགས་པར་ཚོས་པའི་སྣུམ་དག་ནི། །རྟ་ཡི་ནད་ནི་འཇིག་བྱེད་ཡིན། །རླུང་མཁྲིས་བད་ཀན་སེལ་བའི་སྣུམ། །བཏུང་དང་བསྐུ་དང་སྣ་སྨན་དང་། །རྨ་དང་འཇམ་རྩི་

Vol. 203 · folio 184b

ལས་རྣམས་ཏེ། །རྣམ་པ་ལྔ་ལ་གཏང་བར་བྱ། །ཚད་འདི་དག་ནི་རྟ་རྣམས་ལས། །མཆོག་གི་ཡིན་པར་ཤེས་པར་བྱ། །བར་མལ་ནི་བཞི་ཆ་དབྲི། །ཐ་མ་ལ་ནི་ཕྱེད་དབྲིའོ། །སོ་སོའི་ཟས་སྐོམ་ཆོ་ག་དང་། །སུམ་གྱི་ཆོ་ག་ཐ་དད་པས། །ནད་རྣམས་ཞི་བ་ཉིད་

འགྱུར་གྱི། །ཀུན་ལ་གཅིག་ནི་བསྔགས་མ་ཡིན། །ཨུཏྤ་ལ་ནི་ཁ་འབྱེད་པ། །ཟླ་བའི་འོད་ཟེར་ཉིད་ཡིན་ལ། །ཉི་མའི་ཟེར་གྱིས་པདྨ་ནི། །ཁ་འབྱེད་པར་ནི་སྣང་བ་ཡིན། །ཚད་ནི་མེ་སྟོབས་ལས་ཤེས་བྱ། །ཇི་དགའ་སྦྱིན་པར་མི་བྱའོ། །མེ་དྲོད་དེ་ཡང་

རྣམ་བཞི་སྟེ། །རྣོ་རྟུལ་མཉམ་དང་མི་མཉམ་པའོ། །རྣོ་བས་ཤིན་ཏུ་མྱུར་དུ་འཇུ། །རྟུལ་བས་དཀའ་བས་འཇུ་བ་ཡིན། །མ་སྙོམས་པས་ནི་འཇུ་མི་སྙོམས། །སྙོམས་པས་འཇུ་བ་སྙོམས་པ་ཡིན། མེ་དྲོད་རྟུལ་བས་གཟི་མདངས་མདོག །དང་པོ་དང་ནི་

འགྲོས་ཞན་འགྱུར། །མེ་དྲོད་རྣོ་བས་དེ་རྣམས་དང་། །ལྡན་ཞིང་ནད་ནི་ཉུང་བར་འགྱུར། །མེ་དྲོད་སྙོམས་པས་སྟོབས་མདོག །ནད་མེད་འགྲོས་དང་སྐད་དང་ནི། །དབང་པོ་བདེ་ལྡན་ནད་མེད་འགྱུར། །མེ་དྲོད་མི་སྙོམས་སྐད་དང་མདོག །སྟོབས་ཆུང་

ནད་ནི་མང་བ་དང་། །བདེ་བ་མེད་པར་འགྱུར་རོ་ཞེས། །ཤ་ལི་ཧོ་ཏྲས་རྗེས་སུ་བསྟན། །ཤ་ལི་ཧོ་ཏྲའི་མདོའི་གནས་ལ་ཚད་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།རྟ་བྲེས་ལ་ནི་ལེགས་གནས་པའི། །དྲང་སྲོང་ཆེན་པོ་དབང་པོ་ཐུལ། །མེ་ལ་སྦྱིན་

སྲེག་བྱེད་བརྩོན་ལ། །ལེགས་ཐོས་ལ་སོགས་ཀྱིས་དྲིས་པ། །ཆོད་ཤིས་གང་གི་དོན་འགྱུར་ཞིང་། །གང་གི་ཡོན་ཏན་སྐྱོན་བཤད་པ། །དེ་ཡི་ཟས་ཀྱི་བྱ་བ་ནི། །ལུས་དང་དེས་འབྲེལ་བཀའ་སྩོལ་ཅིག །དེ་སྐད་ཤ་ལི་ཧོ་ཏྲ་ལ། །དྲང་སྲོང་དམ་པ་བུས་

དྲིས་ཚེ། །ཟས་ཀྱི་སྦྱོར་བ་དྲང་སྲོང་ཆེ། །མདངས་དང་ལྡན་པས་སླར་སྨྲས་པ། །ཟས་ཀྱི་སྦྱོར་བས་ཁ་དོག་མདངས། །མགྱོགས་མཛེས་སྙིང་སྟོབས་དྲན་པ་དང་། །འདྲངས་དང་སེམས་ནི་དགའ་བ་དང་། །ན་ཚོད་ལ་ནི་འཇོག་པ་ཡིན། །ལ་ལ་འཚམ་དང་མི་

Vol. 203 · folio 185a

འཚམ་དང་། །ཟས་ཀྱི་སྦྱོར་བས་བདེ་འགྱུར་བའི། །སྦྱོར་བའི་ཆོ་ག་བཤད་པར་བྱ། །བཤད་པ་དེ་ནི་མཉན་པར་གྱིས། །མེ་དྲོད་ཆུང་དང་ཡིད་མི་བདེ། །ལྟོ་བ་ན་དང་དབུགས་མི་བདེ། །དུབ་ཅིང་ཁལ་གྱིས་ཉེན་པ་དང་། །དུག་འཐུངས་བ་དང་སྐམས་པ་

དང་། །ལམ་འགྲོ་མཚན་ནི་མི་ལྡང་དང་། །དུབ་ལའང་ཁ་ཟས་མི་སྦྱིན་ནོ། །སྟོབས་ལྡན་ལྕི་བའི་ཁ་ཟས་ནི། །དེ་ལ་སྦྱིན་པར་མི་བྱའོ། །ལམ་གྱིས་ཉམ་ཆུང་གྱུར་སྟོབས་བྲི། །རྒན་དང་རབ་གཞོན་དབང་ཉམ་ཆུང་། །རྩ་དང་འབྲས་དང་གློ་གཅོང་ཅན། །ཟས་སྦྱོར་རྟག་ཏུ་

བྱ་བར་རིགས། །གང་ཚེ་ཕྱི་དྲོའི་དུས་སུ་ནི། །སྐྱེས་བུ་གསུམ་པོའི་གྲིབ་མ་ལྷགས། །ཅུང་ཟད་ལྷག་པའམ་མཆང་བའམ། །ཟས་སྦྱོར་བྱ་བའི་དུས་ཡིན་ནོ། །འབྲས་བྲེ་གང་ནི་ལེགས་བཙོས་ལ། །དེ་རྗེས་ཆ་དང་བསྲེ་བར་དང་། །སྣུམ་དང་ལྡན་པར་བྱས་པ་ནི། །བྱིན་ན་

ལེགས་པར་འཇུ་བར་འགྱུར། །དང་པོར་སྣུམ་དང་ལྡན་པ་ཡི། །རྗེས་ལ་ལན་ཚྭར་ལྡན་པ་དང་། །ཟས་སྦྱོར་འདི་ནི་སྐོམ་དང་དག །མི་སྐྱེད་ལེགས་པར་འཇུ་པར་འགྱུར། །ཞོ་དང་ཀུལངྠའི་ཁུ་བ། །ཆང་དང་སྦྲང་རྩི་ཀཉྫི་དང་། །ཏིལ་མར་བསྲེས་པས་མཉེན་བྱ་མིན། །

ཁུ་བ་གཞན་དང་བསྲེ་མི་བྱ། །ཀཉྫི་དང་ནི་ཤ་ཁུའམ། །འོ་མ་འམ་ཡང་ན་ཧྭགས་དང་ནི། །འདི་དག་མཉེ་བ་སྦྱིན་བྱ་ཞིང་། །ཡང་ན་ཏིལ་མར་སྦྱར་བའང་རུང་། །ཞག་དང་ཏིལ་མར་མར་སྦྱར་བ། །གསུམ་པོ་སྦྱར་བ་ཞེས་བྱའང་བསྐུ། །དེ་ལ་ཤ་ཁུ་མཆོག་ཡིན་ཏེ། །དེ་དང་ཉེ་

བར་བྱ་བ་ཡི། །ནས་དང་མ་ཤ་གྲོ་དང་ནི། །དྲུག་ཅུ་པ་ཡི་སྦྱོར་བ་གང་། །དེ་ནི་འོ་མའམ་སྦྲང་རྩིའམ། །མར་དང་སྦྱར་བས་མཉེ་བར་བྱ། །འདི་དག་དང་ནི་མཉེ་བའི་ཚེ། །དེ་རུ་ལན་ཚྭ་གཞུག་མི་བྱ། །རླུང་དང་བད་ཀན་གྱིས་ཉེན་དང་། །རྟ་ཡི་སྣུམ་མང་འཐུངས་པ་དང་། །

མེ་དྲོད་ཆང་དང་མི་སྙམས་དང་། །སྦེགས་ལ་ལན་ཚྭར་བཅས་པ་གཏང་། །མཉེ་བའི་སྦྱོར་བ་བྱ་བ་དང་། །ཆང་དང་ཆང་སྙིང་ཞོ་ག་ཆུས། །ལྟོ་བའི་མ་ཞུ་རྣམ་སྦྱར་ཞིང་། །ཁ་ཆུའི་རྒྱུན་ནི་འཛག་པར་བྱ། །ཁོང་པའི་སྲིན་བུ་ཡོད་པ་ལ། །བ་གཅིན་དང་སྦྱར་སྦྱིན་པར་བྱ། །གང་

Vol. 203 · folio 185b

ཞིག་རྒན་དང་ལུད་པ་ཅན། །དེ་ལ་ཁ་ཟས་སྐམ་མི་སྦྱིན། །དེ་ལྟ་བུས་སྣུམ་དང་ནི། །བཅས་པའི་ཟས་ཀྱི་སྦྱོར་བ་བྱ། །རྟ་ལ་ཟས་ནི་སྦྱིན་པ་ནི། །མགོ་བོ་གྱེན་དུ་ལེགས་བསྟན་ནས། །ཟས་ཞི་ཁམ་རེ་བཅད་ནས་ནི། །མྱུར་མིན་འགོར་བ་མེད་པར་སྦྱིན། །ནས་ཐུག་མར་དང་

ལྡན་པའམ། །ཡང་ན་ཚག་ཚེ་མར་གྱིས་སྦངས། །རྟ་རྣམས་རྟས་བྱེད་དམ་པ་ཡིན། །མཁྲིས་པ་ཅན་ལ་མཆོག་ཏུ་ཕན། །ཚག་ཚེ་ནས་ཐུག་སྣུམ་མེད་པ། །ལན་ཚྭ་དང་ནི་ལྡན་པ་རུ། །བཅའ་ལྒ་བཏབ་པར་གྱུར་པ་ནི། །བད་ཀན་ཅན་ལ་སྦྱིན་པར་བྱ། །རྒྱམ་ཚ་དང་

ནི་བཅས་པ་དང་། །མ་ཤ་རི་ལ་མ་ར་བཅུག་པ། །རླུང་ནད་ཅན་ལ་ཕན་མོད་ཀྱི། །དེ་ལས་མཁྲིས་པ་སྐྱེ་བ་བསྲུང་། །ཤ་རྣམས་སྣ་ཚོགས་དག་དང་ནི། །བད་ཀན་ཅན་ལ་ཆང་བླུད་ཅིང་། །མཁྲིས་པ་ཅན་ལ་འོ་མ་བླུད། །རླུང་ནད་ཅན་ལ་ཤ་ཁུ་སྦྱིན། །མཁྲིས་པ་

ཅན་ལ་རབ་བསིལ་བ། །རླུང་ནད་ཅན་ལ་དྲོ་འཇམ་ཙམ། །ཅུང་ཟད་དྲོ་འཇམ་བད་ཀན་ཅན། །ཟས་དང་སྐོམ་ནི་སྦྱིན་པར་བྱ། །རྒུད་ཅིང་སྣུམ་ནི་མེད་པ་དང་། །ཡང་ཤིང་ཚད་ལས་ཆུང་བ་ནི། །བད་ཀན་ཅན་ལ་སྦྱིན་བྱ་ཡི། །ཁ་ཟས་སྣུམ་པའང་མི་སྦྱིན་ནོ། །ཆུ་དྲོན་

གྱིས་ནི་ཁ་བཀྲུས་ལ། །ཁ་འགྲམ་ལེགས་པར་བལྟས་ནས་ནི། །མཉེས་ལ་སྣ་སྨན་བཏང་ནས་ནི། །དེ་ཡི་འོག་ཏུ་འདྲེ་རུ་གཞུག །དེ་ཡི་མོད་ལ་རྩྭ་མོ་སྦྱིན། །ཁྱད་པར་དུ་ནི་སྔོ་མི་སྦྱིན། །དེ་ཚེ་ལམ་འགྲོ་དུབ་པའམ། །ཆུ་རྒལ་བ་ནི་བསྔགས་མ་ཡིན། །ཟས་སྦྱིན་

འོག་ཏུ་བཏུང་བ་ནི། །ཆུ་བྲེ་ཕྱེད་ནི་བླུད་པར་བྱ། །དེས་ནི་དྲོད་སྐྱེད་ནད་གཞི་སེལ། །ལེགས་པར་འཇུ་བར་བྱེད་པ་ཡིན། །མགྱོགས་ཤིང་སྟོབས་དང་ལྡན་པ་དང་། །ཤ་མཁྲེགས་དབང་པོ་བརྟན་པ་དང་། །ཁལ་དང་ཁུར་ལ་སྲན་ཆེ་བར། །ཟས་དེ་ཡིས་ནི་འགྱུར་བ་

ཡིན། །རྙིང་དང་འབུ་ཡིས་ཟོས་པ་དང་། །ཚིག་དང་དུ་བས་ཁྱེར་བ་དང་། །གཡུ་ལས་ཆར་གྱིས་ཉེན་པ་ཡི། །རྩྭ་ནི་རྟ་ལ་མི་བསྔགས་སོ། །སྐྱོན་མེད་པ་ནི་ནས་བས་ཀྱང་། །ཡི་གར་འོང་ཞིང་ཟོས་པས་སྲེད། །དེ་ནས་རྟ་ཡི་འཚོ་བ་ནི། །རྩྭ་ཡིས་ངེས་པར་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words