No title in the text — opening words: གསུང་རབ་རིན་པོ་ཆེའི་གཏམ་རྒྱུད་དང་ཤཱཀྱའི་རབས་རྒྱུད་བཞུགས

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 204 · folio 267a

པ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡོངས་སུ་དག་པ་ནི་བཞི་སྟེ། གང་ཞེ་ན་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡོངས་སུ་དག་པ་དང་། མངོན་པར་ཤེས་པ་སྒྲུབ་པའི་སྤྱོད་པ་ཡོངས་སུ་དག་པ་དང་།

སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་ཡོངས་སུ་དག་པའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པ་ནི་ལྔ་སྟེ། གང་ཞེ་ན། བདག་མི་སྟོན་པ་དང་། གཞན་མི་སྟོན་པ་དང་། མ་བསླབས་པ་ལ་མི་སྙན་པ་དང་། ཉན་ཐོས་ཀྱི་སེམས་ལ་མི་རེག་པ་དང་། རང་

སངས་རྒྱས་ཀྱི་ས་ལ་མི་འདོད་པའོ། །དཔལ་དབྱིག་གིས་ཞུས་པ་ལས། གལ་ཏེ་བསླབ་པའི་གཞི་ལྔ་ལ་སློབ་པར་མི་ནུས་ན་ཡང་། དེས་བཞིའམ། གསུམ་མམ། གཉིས་སམ། དེའི་ནང་ན་གཅིག་ཙམ་ལ་ཡང་བླངས་ནས་བསླབ་པར་བྱའོ། །གལ་ཏེ་བསླབ་པའི་

གཞི་གཅིག་ཙམ་ལ་ཡང་སློབ་པར་མི་ནུས་ན། དེས་སྡིག་པའི་ལས་གང་སྤྱོད་པ་དེ་ལ་མ་ཞེན་པ་དང་། དྲག་པ་མ་ཡིན་པ་དང་། མི་དགའ་བཞིན་པར་བྱའོ། །བཤུང་བ་དང་སྨད་པར་བྱའོ། །དགེ་བ་ལ་ནི་དེ་ལས་བཟློག་སྟེ་བྱའོ། །གསེར་གྱི་བྱེ་མ་ལྟ་བུ་ལས་བྱུང་བ། གནས་

བརྟན་ཤཱ་རིའི་བུ་ཚིག་གཅིག་ཙམ་སྨྲ་བའི་ཡུན་ཇི་ཙམ་པ་དེའི་བར་སྐབས་སུ། རང་སངས་རྒྱས་ཀྱི་ཆོས་བསྟན་པ་རྣམ་གྲངས་མེད་པ་སྟོན་ཏོ། །རང་སངས་རྒྱས་ཀྱི་ཚིག་གཅིག་སྨྲ་བའི་ཡུན་ཇི་ཙམ་པ་དེའི་བར་སྐབས་སུ། བྱང་ཆུབ་སེམས་དཔའ་ཆོས་བསྟན་པ་རྣམ་གྲངས་མེད་

དཔག་ཏུ་མེད་བརྗོད་དུ་མེད་པ་སྟོན་ཅིང་། དོན་ཀྱང་བརྡ་སྤྲོད་པར་བྱེད་དོ། །ལྷའི་བུ་བློ་གྲོས་རབ་ཏུ་བརྟན་གྱིས་ཞུས་པ་ལས། བཙུན་པ་ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བདག་ཏུ་ལྟ་བ་ལ་བརྟེན་པའམ། སེམས་ཅན་དུ་ལྟ་བ་ལ་བརྟེན་པའམ། སྲོག་ཏུ་ལྟ་བ་ལ་བརྟེན་པ་གང་གིས་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་སློང་གི་དགེ་འདུན་དང་བཅས་པ། གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག་ལ། ཇི་སྲིད་འཚོའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ལ། གང་གིས་ཆོས་ཟབ་མོ་ཤེས་པར་དཀའ་བ་འཇིག་རྟེན་ཐམས་ཅད་

Vol. 204 · folio 267b

དང་མི་མཐུན་པ་འདི་ལྟ་བུ་ཐོས་ཤིང་། ཆོས་སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཞི་བ་དང་དབེན་པ་དང་། སྐྱེ་བ་མེད་པ་དང་། སེམས་ཅན་དང་། སྲོག་དང་། གང་ཟག་མེད་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་འདི་ལྟ་བུ་ཐོས་ནས་སྤངས་ཏེ། སེམས་

ཅན་དམྱལ་བ་རྣམས་སུ་ལྷུང་བར་གྱུར་པ། བཙུན་པ་ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཆོས་ཟབ་མོ་འདི་ཐོས་ནས་སྤངས་ཏེ། སེམས་ཅན་དམྱལ་བ་རྣམས་སུ་ལྟུང་བ་དེ། ཆེས་མྱུར་བར་དེ་དག་ནས་ལྡང་ཞིང་རྣམ་པར་ཐར་བར་འགྱུར་གྱི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བདག་ཏུ་ལྟ་བ་ལ་བརྟེན་

པ་ཆོས་འདི་མ་ཐོས་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་པ་དེ་ནི་དེ་ལྟ་མ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་རྣ་བླགས་ཏེ། ཆོས་ཟབ་མོ་འདི་མཉན་ནས་མ་

རྟོགས་ཤིང་སྤངས་ཏེ། སེམས་ཅན་དམྱལ་བར་འགྲོ་བ་དེ་དག་ནི་ཆེས་མྱུར་བར་རྣམ་པར་ཐར་པར་འགྱུར་གྱི། དམིགས་པ་ཅན་ཐེ་ཚོམ་དུ་གྱུར་པ་གཞན་དག་ནི་དེ་ལྟ་བུ་མ་ཡིན་ནོ། །བདེན་པ་གཉིས་བསྟན་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལྟ་སྟེ་དཔེར་ན།

སྐྱེས་བུ་བཀྲིས་ཤིང་ལྟོགས་པས་ཉམ་ཆུང་བ་བརྣག་པ་བླའི། མི་ཤེས་པར་ཁ་ཟས་དུག་ཅན་ཟོས་པ་དེ་ནི་དེ་ལྟ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དམིགས་པ་ཅན་མ་ཡིན་པར་སེར་སྣ་ཅན་དང་། ཚུལ་ཁྲིམས་འཆལ་པ་དང་། གནོད་སེམས་དང་། ལེ་ལོ་ཅན་དང་། བརྗེད་

ངས་པ་དང་། ཤེས་རབ་མེད་པ་བླའི། ཉན་ཐོས་དང་རང་སངས་རྒྱས་དམིགས་པ་ཅན་གྱི་སེམས་ཀྱི་སྦྱོར་བ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱིས་སྦྱོར་བ་ནི་དེ་ལྟ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་

བུ་འདི་ལྟ་སྟེ་དཔེར་ན། གང་མི་དབུལ་པོའི་ཁ་ཟས་དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དུག་ཡིན་ནོ། །དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་དམིགས་པ་ཅན་རྣམས་ཀྱི་ཚུལ་ཁྲིམས་དང་བརྩོན་འགྲུས་ཀྱི་བར་དེ་དག་ནི། བྱང་ཆུབ་སེམས་དཔའི་འཆལ་པའི་ཚུལ་ཁྲིམས་

Vol. 204 · folio 268a

ནས་ལེ་ལོའི་བར་དུ་འགྱུར་རོ། །ལྷའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་འཇམ་དཔལ་ཁྱོད་བྱང་ཆུབ་སེམས་དཔའི་འདུལ་བ་ལ་བསླབས་སམ། འོན་ཏེ་ཉན་ཐོས་ཀྱི་འདུལ་བ་ལ་བསླབས། འཇམ་དཔལ་གྱིས་སྨྲས་པ། ལྷའི་

བུ་འདི་ཇི་སྙམ་དུ་སེམས། རྒྱ་མཚོ་ཆེན་པོར་མི་ལོམ་པའི་ཆུ་གང་ཡང་ཡོད་དམ། ལྷའི་བུས་སྨྲས་པ། ཆོས་ཐམས་ཅད་ཤིན་ཏུ་མི་འབྱུང་བར་མཉམ་པ་ཉིད་ཅེས་བྱ་བ་གང་གི་ཚིག་བླ་དགས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་ནི་དོན་དམ་པ་སྣ་ཚོགས་མེད་པའི་ཚིག་བླ་

དགས་སོ། །སྨྲས་པ། ཆོས་ཐམས་ཅད་ཤིན་ཏུ་མི་འབྱུང་བར་མཉམ་པ་ལ། ཅིའི་ཕྱིར་སྣ་ཚོགས་སུ་སྣང་། ལྷའི་བུ་ཆོས་ཐམས་ཅད་ཤིན་ཏུ་མི་འབྱུང་བར་མཉམ་པ་ལ། དོན་དམ་པར་རྫས་དང་། དངོས་པོ་དང་། ངོ་བོར་ཡོངས་སུ་རྫོགས་པས་དེ་དག་དོན་དམ་པར་སྣ་ཚོགས་སུ་སྤྱོད་

དོ། །དེ་དག་དོན་དམ་པར་སྣ་ཚོགས་སུ་སྤྱོད་པ་ལ། དམིགས་པའི་ལྟ་བ་མང་དུ་འགྱུར་རོ། །དེ་དམིགས་པའི་ལྟ་བ་མང་པོས་འགྲོ་བ་རྣམ་པ་ཐ་དད་པ་རྣམས་སུ་དབང་མེད་པར་འཁྱམ་མོ། །གང་ལྷའི་བུ་ཆོས་ཐམས་ཅད་ཤིན་ཏུ་མི་འབྱུང་བར་མཉམ་པ་ལ། དོན་དམ་པར་ངོ་བོ་

དང་། རྫས་དང་དངོས་པོར་ཡོངས་སུ་མི་རྟོགས་ན་དེ་དག་དོན་དམ་པར་སྣ་ཚོགས་སུ་མི་སྤྱོད་དོ། །དེ་དག་དོན་དམ་པར་སྣ་ཚོགས་སུ་མི་སྤྱོད་ན། དོན་དམ་པར་ཤིན་ཏུ་དངོས་པོ་མེད་པར་འགྲོ་བའི་ཚུལ་གྱིས་དོན་དམ་པར་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་པའི་མཉམ་པ་ཉིད་དང་། མཉམ་

པར་ཁོང་དུ་ཆུད་པར་འགྱུར་རོ། །ཀུན་རྫོབ་ཏུ་ནི་རྟོག་པ་ནི་ཉོན་མོངས་པ་རྣམས་ཀྱི་སྒོའོ། །མི་རྟག་པ་ནི་ཉོན་མོངས་པ་མེད་པའི་སྒོའོ། །བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྒོའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱ་ངན་ལས་འདས་པའི་སྒོའོ། །ཀུན་རྫོབ་ཏུ་ཤའི་མིག་གིས་

སེམས་ཅན་དང་སངས་རྒྱས་ཀྱི་ཞིང་མཐོང་། ལྷའི་མིག་གིས་སེམས་ཅན་གྱི་འཆི་འཕོ་དང་སྐྱེ་བ་མཐོང་། ཤེས་རབ་ཀྱི་མིག་གིས་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དང་། གཡོ་བ་ཤེས། ཆོས་ཀྱི་མིག་གིས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་། སངས་རྒྱས་ཀྱི་སྤྱན་

Vol. 204 · folio 268b

གྱིས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད་ཀྱང་། དོན་དམ་པར་ཅི་ཡང་མི་ཤེས་མི་བྱེད་དོ། །རྣམ་པར་གཏན་ལ་དབབ་པའི་རྒྱལ་པོའི་མདོ་ལས་འབྱུང་བ། ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། ཨུ་དུམ་བཱ་རའི་མེ་ཏོག་ནི་སངས་རྒྱས་སྐྱེ་བ་དང་དུས་གཅིག་ཏུ་འབྱུང་སྟེ།

ཁ་དོག་དང་ལྡན་ཞིང་གསལ་ཏེ། བཟང་ལ་དྲིས་ནི་དཔག་ཚད་གཅིག །ཁོར་ཡུག་ཏུ་ཁྱབ་པར་བྱེད་དོ། །མེ་ཏོག་དེས་ནི་རབ་རིབ་མེད་པར་བྱེད། །དྲན་པ་ཡོངས་སུ་སྦྱོང་བར་བྱེད། །ནད་ཀྱང་རབ་ཏུ་ཞི་བར་བྱེད་དོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཡང་དེ་མི་འབྱུང་ན།

ཚུལ་ཁྲིམས་འཆལ་པ་ལ་སྨོས་ཀྱང་ཅི་དགོས། མེ་ཏོག་དེ་ལྟ་བུ་དེ་གང་དུ་སྐྱེ་ཞེ་ན། རྟོགས་པ་བརྗོད་པ་ལས་འབྱུང་བ་མཚོ་ཆེན་པོ་མ་དྲོས་པའི་བྱང་ཕྱོགས་ན་རི་རབ་རྩེ་ལྔ་བ་ཞེས་བྱ་བ་དེའི་ཕ་རོལ་ན་ཨུ་དུམ་པའི་ཚལ་ཡོད་དེ། ནམ་བཅོམ་ལྡན་འདས་དགའ་ལྡན་ནས་བབས་ཏེ་ལྷུམས་སུ་ཞུགས་པ་

དེའི་ཚེ། ཚལ་དེའི་ཁ་འབུ་བར་འགྱུར་རོ། །བལྟམས་པའི་ཚེ་ཁ་འབྱེ་བར་འགྱུར་རོ། །མངོན་པར་སངས་རྒྱས་པའི་ཚེ་མེ་ཏོག་རྒྱས་པར་འགྱུར་རོ། །ཚེའི་འདུ་བྱེད་བོར་བའི་ཚེ་རྙིངས་པར་འགྱུར་རོ། །མྱ་ངན་ལས་འདའ་བའི་ཚེ་མེ་ཏོག་དང་། ལོ་མ་ལ་སོགས་པ་ལྷགས་པར་འགྱུར་རོ།

མེ་ཏོག་དེའི་ཚད་ནི་ཤིང་རྟའི་འཕང་ལོ་ཙམ་མོ། །ནམ་སངས་རྒྱས་རྒྱལ་རིགས་སུ་སྐྱེས་པ་དེའི་ཚེ། མེ་ཏོག་དཀར་པོ་རབ་ཏུ་བྱུང་། ནམ་བྲམ་ཟེའི་རིགས་སུ་སྐྱེས་པ་དེའི་ཚེ་སེར་པོར་འགྱུར་རོ། །བསྐལ་པ་བཟང་པོའི་མདོ་ལས། བསྐལ་པ་བཟང་པོ་འདིའི་འོག་ཏུ་

སངས་རྒྱས་མེད་པའི་བསྐལ་པ་དྲུག་ཅུ་འབྱུང་ངོ་། །དེའི་འོག་ཏུ་བསྐལ་བ་སྙན་པ་ཆེན་པོ་ལ་སངས་རྒྱས་ཁྲི་འབྱུང་ངོ་། །དེའི་འོག་ཏུ་བསྐལ་པ་ཁྲིར་སངས་རྒྱས་མི་འབྱུང་ངོ་། །དེའི་འོག་ཏུ་བསྐལ་བ་སྐར་མ་ལྟ་བུ་ལ། སངས་རྒྱས་བརྒྱད་ཁྲི་འབྱུང་ངོ་། །དེའི་འོག་ཏུ་བསྐལ་པ་

སུམ་བརྒྱར་སངས་རྒྱས་མི་འབྱུང་ངོ་། །དེའི་འོག་ཏུ་བསྐལ་པ་ཡོན་ཏན་བཀོད་པ་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་ངོ་། །ཡང་དག་པར་ལྡན་པའི་ལུང་ལས། མིའི་ལུས་ཐོབ་པར་དཀའ་བ་གཉའ་ཤིང་དང་རུས་སྦལ་གྱི་དཔེ་འབྱུང་ངོ་། །འོད་སྲུངས་ཀྱི་ལེའུ་ལས། འོད་

Vol. 204 · folio 269a

སྲུངས་དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་བྱ་བ་དེ་ལྟར་ཟླ་བ་ཉ་བ་ལ་མ་ཡིན་ནོ། །དེ་བཞིན་དུ་གང་དག་ང་ལ་རབ་ཏུ་དང་བ་དེ་དག་གིས་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱའི་དེ་བཞིན་གཤེགས་པ་རྣམས་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་

ལས་ནི་དེ་བཞིན་གཤེགས་པ་སྐྱེའོ། །དེ་བཞིན་གཤེགས་པ་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་སྐྱེའོ། །ཆོས་ཡང་དག་པར་སྡུད་པ་ལས། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་རྒྱ་མཚོར་ཆུ་ཐིགས་ལྟུང་བ་བསྐལ་པ་མ་བྱུང་གི་བར་དུ་མི་འབྱུང་བའི་

དཔེར་བསྟན་པ་འབྱུང་། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱ་ལས། འཇམ་དཔལ་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བའི་བར་ཆད་བྱས་པ་བས་ནི། གཞན་ཞིག་གིས་དགེ་བསྙེན།

སྟོན་པ་གཞན་ལ་མི་རྟོག་པའི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་གཅིག་གི་དགེ་བའི་རྩ་བ་གཅིག་གི་བར་ཆད་བྱས་ན། དེས་སྡིག་པ་གྲངས་མེད་པར་བསྐྱེད་དོ། །དགེ་བསྙེན་དེ་སྙེད་ཀྱི་དགེ་བའི་བར་ཆད་བྱས་པས། དགེ་སློང་གཅིག་གི་བར་ཆད་བྱས་ན་དེ་བས་སྡིག་པ་གྲངས་མེད་

པར་སྐྱེད་དོ། །དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས། རིགས་ཀྱི་བུ་མོ་ཆོས་བཅུ་པོ་འདི་དག་ནི། བསམ་གཏན་དང་། ཁ་དོན་གྱི་བར་དུ་གཅོད་པ་ཡིན་ཏེ། བཅུ་ནི། འདུ་འཛིའི་གཏམ་ཉན་པ་དང་། རི་མོ་འདྲི་བ་དང་། སྟན་དང་། གོས་སྦྱོར་བ་དང་། གཟའི་ཚོགས་དང་།

རྒྱུ་སྐར་སེམས་པ་དང་། ཟས་རྙེད་པ་བདག་གིར་བྱེད་པ་དང་། ཤ་ཟ་མོ་ལྷའི་རྣམ་པར་བསྒྱུར་བ་སེམས་པ་དང་། རྒྱལ་པོ་ལ་བརྟེན་པ་དང་། མཁས་པ་རྣམས་ལ་མི་འདྲི་བ་དང་། དེ་བ་ལ་མགྲོན་དུ་འབོད་པ་དང་། འདྲེ་ཞིང་གནས་པའོ། །མ་འདྲེས་པའི་མདོ་ལས་འབྱུང་བ། ཐམས་

ཅད་མཁྱེན་པའི་སེམས་བསྐྱེད་པའི་བར་དུ་གཅོད་པ་ནི་གཉིས་ཏེ། གཡོ་དང་སྒྱུ་མེད་པའོ། །དེའི་གཞི་ཡང་དྲང་པོ་དང་གཡོ་མེད་པའོ། །དོན་དམ་པའི་མཆོད་པ་ལ་ཡང་རྟག་ཏུ་བརྩོན་པར་བྱ་སྟེ། བྱམས་པ་སེང་གེའི་སྒྲ་ལས། སངས་རྒྱས་སུ་འདུ་ཤེས་པ་དང་། སངས་རྒྱས་མཐོང་བ་ཡང་མེད་

Vol. 204 · folio 269b

ན། སངས་རྒྱས་མཆོད་པར་འགྱུར་བ་ལྟ་ཅི་སྨོས། དེ་ཡང་སངས་རྒྱས་མཆོད་པ་གང་ཞེ་ན། གང་འདུ་ཤེས་ཀྱི་མཚན་མ་མི་བསྐྱེད་པའོ། །དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་འབྱུང་བ་ཞེས་བྱ་བ་འདི་ནི། སེམས་

ཅན་ཡོངས་སུ་ཚིམ་པར་བྱ་བའི་ཚིག་གོ། །ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི། སེམས་ཅན་སྐྱོ་བ་བསྐྱེད་པའི་ཚིག་གོ། །དེ་བཞིན་གཤེགས་པ་རྣམས་ནི་སྐྱེ་བ་མེད་དོ། །ཡོངས་སུ་མྱ་ངན་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་

དབྱིངས་ལ་བཞུགས་པའི་ཕྱིར་ཏེ། སེམས་ཅན་གྱི་བསམ་པ་ཡོངས་སུ་བསྐང་བར་བྱ་བའི་ཕྱིར། མྱ་ངན་ལས་འདས་པ་ལྟར་སྣང་ངོ་། །སངས་རྒྱས་མྱ་ངན་ལས་འདས་པ་ནི་རང་གི་དེ་ལྟར་མཐོང་སྟེ། སྣོད་ཆག་པའི་ཆུ་ལྟ་བུ་དང་། འབྱུང་བ་ཡང་སྣོད་བཟང་པོ་ཆུ་དང་བ་

བཞིན་ནོ་ཞེས་བྱ་བ་ཡང་འབྱུང་ངོ་། །འཕགས་པ་ནཱ་གརྫུ་ནས་བཀའ་སྩལ་པ། ཐེག་པ་གཅིག་ལ་མོས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་རྙེད་པར་དཀའ་སྟེ། ཐེག་པ་གཅིག་ཏུ་ཟད་པར་ནི་མདོ་སྡེ་དུ་མ་ལས་གསུངས་པའི་ཕྱིར་རོ། །འཕགས་པ་བདེན་པའི་ལེའུ་

ལས། འཇམ་དཔལ་དེ་བཞིན་གཤེགས་པས་ལ་ལ་ལ་ནི་ཉན་ཐོས་ཀྱི་ཐེག་པ། ལ་ལ་ལ་ནི་རང་སངས་རྒྱས་ཀྱི་ཐེག་པ། ལ་ལ་ལ་ནི་ཐེག་པ་ཆེན་པོ་བཤད་པར་གྱུར་ན། དེ་ནི་དེ་བཞིན་གཤེགས་པའི་སེམས་ཡོངས་སུ་མ་དག་པར་འགྱུར་ཏེ། ངས་ཆོས་ལ་དཔེ་མཁྱུད་བྱས་པར་

ཡང་འགྱུར་རོ། །འཇམ་དཔལ་ངས་སེམས་ཅན་རྣམས་ལ་ཆོས་གང་དང་གང་བསྟན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་ལ་གཞོལ་བ། ཐེག་པ་ཆེན་པོ་ལ་བབ་པ། ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ། ཡུལ་གཅིག་ཏུ་ཡང་དག་

པར་ཕྱིན་པར་བྱེད་པ་སྟེ། དེ་བས་ན་ང་ལ་ཐེག་པ་རྣམ་པར་དགོད་པ་མེད་དོ། །ཐེག་པ་རྣམ་པར་དགོད་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པས་ས་རྣམ་པར་དགོད་པ་མཛད་པ་དེ་ནི་གང་ཟག་རྣམ་པར་དགོད་ཚོགས་སུ་ཆུང་ངུ་དང་ཚད་མེད་པ་རྣམ་པར་དགོད་པ་མཛད་པ་སྟེ། ཆོས་ཀྱི་དབྱིངས་ཐ་

Vol. 204 · folio 270a

དད་པ་མེད་པའི་ཕྱིར། འདི་ལ་ཐེག་པ་ཐ་དད་པ་མེད་དེ། འདི་ནི་ཀུན་རྫོབ་ཏུ་འཇིག་པ་བསྟན་པའི་སྒོ་ཙམ་དུ་བརྗོད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ལྷའི་བུ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་

དག་གིས། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གང་དག་ཡང་དག་པ་ཉིད་དུ་ངེས་པར་ཞུགས་པ་དེ་དག་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུན་གྱི་མཚམས་བཅད་པའི་ཕྱིར་རོ། །དེ་དག་གལ་

ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་ནི། ང་ཡང་རྗེས་སུ་ཡི་རང་ཞིང་། དེ་དག་གི་དགེ་བའི་རྩ་བ་ལ་བར་ཆད་མི་བྱེད་དོ། །ཁྱད་པར་དུ་འཕགས་པ་བས་ཀྱང་ཤིན་ཏུ་འཕགས་པའི་ཆོས་ལ་ལྷག་པར་དམིགས་པ་བྱའོ། །གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་

དང་། འདུས་པ་ཆེན་པོ་དང་། ཕྱིར་མི་ལྡོག་པའི་འཁོར་ལོ་དང་། དཔལ་གྱི་ཕྲེང་བ་སེང་གེའི་སྒྲ་དང་། ལང་ཀར་གཤེགས་པ་ལས། ཐེག་པ་གསུམ་གཅིག་ཏུ་འདུ་བར་འབྱུང་། དཔལ་གྱི་ཕྲེང་བའི་སེང་གེའི་སྒྲ་ལས། དམ་པའི་ཆོས་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཚིག་བླ་དགས་སོ། །

དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་དང་། འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་། ཐེག་པ་ཆེན་པོས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཟླ་བའི་སྙིང་པོའི་མདོ་ལས། དོན་དམ་པའི་བདེན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཉན་ཐོས་

དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་ནོ། །དེ་བས་ན་ཀུན་རྫོབ་ཀྱི་བདེན་པ་གང་གིས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བའི་ཚོགས་ཀྱི་མཆོག་སྒྲུབ་མི་ནུས་སོ། །ཟླ་བའི་སྙིང་པོ་དཔེར་ན་མེ་སྟག་གང་གིས་ཀྱང་རྒྱ་མཚོ་ཆེན་པོ་སྐེམས་

པར་མི་ནུས་སོ། །དེ་བཞིན་དུ་ཀུན་རྫོབ་ཀྱི་བདེན་པ་གང་གིས་ཀྱང་། རང་གི་ཉོན་མོངས་པའི་རྒྱ་མཚོ་སྐེམས་པར་ཡང་མི་ནུས་ན། སེམས་ཅན་གཞན་གྱི་ལྟ་སྨོས་ཀྱང་ཅི་དགོས། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། འཕགས་པ་ཡང་དག་པའི་ལྟ་བ་འབྱུང་བ་ནི་རྒྱུ་གཉིས་ཏེ།

Vol. 204 · folio 270b

གཞན་གྱི་སྒོ་དང་བདག་ཉིད་ཀྱིས་ཚུལ་བཞིན་ཡིད་ལ་བྱེད་པའོ། །འཇམ་དཔལ་རྣམ་པར་སྤྲུལ་པའི་ལེའུ་ལས། ལྷའི་བུ་ཡི་གེ་རྣམས་ཀྱི་ཡེ་ཤེས་དེ་བསྟན་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་ཡིན་ཏེ། ཡེ་ཤེས་དེ་ནི་ཡི་གེ་མེད་པའོ། །དཔེར་ན་མེ་མ་གཙུབས་པ་ལས་མེ་མི་འབྱུང་

གི། གཙུབས་པ་ལས་མེ་འབྱུང་བ་དེ་བཞིན་དུ། དེ་བཞིན་གཤེགས་པས་ཐོག་མ་ཁོ་ནར་སངས་རྒྱས་ཀྱི་ཡེ་ཤེས་རྒྱ་ཆེར་ཡང་དག་པར་བསྟན་ན། སེམས་ཅན་གང་གིས་ཀྱང་ཀུན་ཤེས་པར་མི་འགྱུར་བས། དེ་བཞིན་གཤེགས་པས་གཙུབ་ཤིང་གི་གཏམ་གྱིས། ཡེ་ཤེས་དེ་བསྟན་ཏེ་

ཡེ་ཤེས་ནི་ཡི་གེ་མེད་པའོ། །སྨྲས་པ། འཇམ་དཔལ་གཙུབ་ཤིང་གི་གཏམ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྡོམ་པ་དང་། ཡོ་བྱད་བསྙུངས་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་འཇུག་པའི་གཏམ་ཡིན་ནོ། །འཕགས་པ་ནཱ་གརྫུ་ནས་བཤད་

པ་ཐབས་ལ་མཁས་པ་དང་བྲལ་བར་ཆོས་ཉིད་ཟབ་མོ་ལ་སྦྱོར་བར་མི་བྱ་སྟེ། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པར་བསྟན་པ་ལས། འཇམ་དཔལ་ལ་ལ་དག་གིས་མངོན་པར་སངས་རྒྱས་ནས་ལོ་བཅུ་ལོན་པ་དང་། ལ་ལ་དག་གིས་ཡོངས་

སུ་མྱ་ངན་ལས་འདས་ནས་ལོ་བཅུ་ལོན་པ་དང་། ལ་ལ་དག་གིས་ནི་བྱང་ཆུབ་ཀྱི་སྙིང་པོར་བྱོན་པ་དང་། ལ་ལ་དག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་པར་ཤེས་སོ། །དེ་བཞིན་དུ་རྣམ་པ་སྣ་ཚོགས་སུ་ཤེས་སོ། །མྱ་ངན་ལས་འདས་པ་ཆེན་པོ་ལས། སྟོང་གསུམ་གྱི་སྟོང་ཆེན་

པོའི་འཇིག་རྟེན་གྱི་ཁམས་ན་འཁོད་པའི་སེམས་ཅན་ཐམས་ཅད་ཀྱང་གཅིག་ལ་གཅིག་པུ་གཅིག་པ་བཞིན་བྱམས་པར་བྱེད་དོ། །འདོད་ཆེན་པོ་རྣམས་ནི་མ་གཏོགས་སོ། །དེ་བཞིན་གཤེགས་པ་འདུས་བྱས་སོ་ཞེས་ཟེར་བ་དེ་དག་ནི་བརྫུན་དུ་སྨྲ་བ་སྟེ། རང་གི་ཁྱིམ་དང་འདྲ་བར་

སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །དམ་པའི་ཆོས་སུན་ཕྱུང་ཡང་རུང་། འདོད་ཆེན་པོ་ཡང་རུང་སྟེ་གསད་དུ་མི་རུང་ངོ་། །རྒྱུ་སོགས་པའི་སྲོག་གཅོད་པ་ནི་བྱེད་མི་ཕོད་དོ། །ཞིང་ངམ་ཁྱིམ་གྱི་ནང་དུ་དུག་ཤིང་ངམ། སྙེ་ལོང་སྐྱེས་ན་རྩ་ནས་གདོན་དགོས་པ་

Vol. 204 · folio 271a

ལྟར། ཚུལ་ཁྲིམས་འཆལ་པ་དང་། དམ་པའི་ཆོས་སུན་འབྱིན་པ་རྣམས་ནི་བྲན་བཞིན་ཚར་གཅད་པར་ངས་གནང་ངོ་། །དེ་བཞིན་གཤེགས་པ་ནི་རྟག་པ་དང་བརྟན་པ་ཡིན་པར་ཁོང་དུ་ཆུད་བར་གྱིས་ཤིག །འཇིག་རྟེན་འདི་ནི་སྤྲུལ་པའི་ལུས་མ་ཡིན་ཏེ། དེ་དེ་

བཞིན་གཤེགས་པ་དུག་སྨན་ལ་བརྟེན་པའི་སྐུ་ཡོངས་སུ་འདོད་པར་མཛད་དོ་སྙམ་དུ་ཤེས་པར་གྱིས་ཤིག །ཚུལ་ཁྲིམས་འཆལ་པ་གང་དག་ཡིན་པ་དེ་དག་ནི་ཁྱིམ་བདག་མགོ་རེག་ཅེས་བྱའོ། །དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་གཟུང་བར་མི་བྱ་སྟེ། མཚོན་ཆ་ཐོགས་ནས་དགེ་སློང་

བསྲུང་བར་བྱའོ། །དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་དུས་ངན་པའི་ཚེ་མུ་གེའི་ཉེས་པས་ཕལ་ཆེར་རབ་ཏུ་བྱུང་ཞིང་མགོ་རེག་ཏུ་གྱུར་ཏེ། དེ་དག་གིས་དགེ་སློང་ཚུལ་ཁྲིམས་དང་། ཡོན་ཏན་དང་ལྡན་པ་དག་སྐྲོད་པར་འགྱུར། གསོད་པར་འགྱུར། དགེ་འདུན་རྣམ་པ་གསུམ་

སྟེ། ཚུལ་ཁྲིམས་འཆལ་པ་དང་། བྱིས་པ་དང་། རང་བཞིན་གྱི་དགེ་འདུན་ནོ། །བུདྡྷ་དཔྱིད་ཟླ་ཐ་ཆུངས་ཉའི་ནང་བར་དུ་མྱ་ངན་ལས་འདས་ཏེ། ད་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་ཟ་བར་མི་གནང་ངོ་། །ཤ་ཟ་ན་ནི་བྱམས་པ་ཆེན་པོ་ཆད་པར་འགྱུར་རོ་ཞེས་ངས་བསྟན་ཏོ། །རིགས་

ཀྱི་བུ་ཡང་རུང་བ་མ་ཡིན་པའི་འབྲས་འཚེད་པ་དང་། ཤ་དང་ཉ་ཤ་ལེན་པ་དང་། སྣབས་སུ་སྦྱོར་བ་དང་། འབྲུ་མར་གྱི་སྣོད་དང་། གདུགས་དང་། ལྷ་བྱེད་པ་དང་། རྒྱལ་པོ་ལ་བརྟེན་པ་དང་། མོ་ཡིག་འཆད་བ་དང་། སྨན་དཔྱད་ལ་བརྩོན་པ་དང་། བྲན་དང་གསེར་ལ་སོགས་པ་ལེན་

པ་དང་། རི་མོ་དང་། གཟུགས་བྱེད་པ་དང་། སྐྱེ་ཤིང་འཛུགས་པ་དང་། གསང་སྔགས་དང་། སྨན་དང་། བྱིས་པའི་རྩེད་མོ་དང་། གར་ཐབས་ཀྱི་ཡན་ལག་དང་། འགྲོས་འཆོས་པ་དང་། སྒེག་པའི་ཡན་ལག་ལ་བརྩོན་པ་དག་འབྱུང་བར་འགྱུར་ཏེ། དེ་དག་སྤངས་པ་ལ་དགེ་སློང་ཞེས་

ཟེར་རོ། །འཛམ་བུའི་གླིང་ལ་ལར་ནི་བུད་མེད་ཀྱི་གཟུགས་ཀྱིས་འཚང་རྒྱ་བར་སྟོན། འཛམ་བུའི་གླིང་ལ་ལར་ནི་བདག་ཉིད་ཁམས་བཞི་པོ་རྣམས་སུ་སྒྱུར་བར་བྱེད་ཅིང་། སེམས་ཅན་རྣམས་ཀྱི་ནད་བསལ་བར་བདག་ཉིད་སྨན་དང་ཤིང་ཐམས་ཅད་དུ་སྒྱུར་བར་བྱེད་དོ། །དེ་བཞིན་གཤེགས་

Vol. 204 · folio 271b

པ་ནི་གསོར་མི་རུང་བའི་ནད་འདོད་ཆེན་པོ་མ་གཏོགས་པར་ནད་ཐམས་ཅད་གསོ་བར་མཛད་དོ། །གང་མྱ་ངན་ལས་འདའ་བ་དེ་དག་གསོ་བ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་ཤའི་སྐུ་ཡིན་ཏེ། བུད་ཤིང་ཟད་པའི་མེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བ་འདི་ནི། ཉན་

ཐོས་ཀྱི་ཐེག་པ་ཡིན་ཏེ་ཚད་མ་མ་ཡིན་ནོ། །དགེ་སློང་རྣམས་ཀྱིས་ནི་ཐོག་མར་དགེ་སྦྱོང་གི་ཆོས་ཀྱིས་གྲོག་སྤུར་རྣམས་ལ་ཡང་སྙིང་རྗེ་བྱའོ། །དགེ་སྦྱོང་གི་ཆོས་ཀྱིས་ཆང་གི་རོ་བྲོ་བའི་བཏུང་བ་ཡང་དག་པར་སྤང་བར་བྱའོ། །རྨི་ལམ་དུ་ཡང་བརྫུན་དུ་སྨྲ་བ་དང་། བུད་མེད་དང་ཕྲད་པའི་སེམས་

བསྐྱེད་པར་མི་བྱའོ། །སངས་རྒྱས་ཀྱི་གསུང་ནི་དབུ་མའི་ལམ་ཡིན་པར་ཤེས་པར་གྱིས་ཤིག །སངས་རྒྱས་ཀྱིས་ན་རྟག་པ་དང་ཆད་པ་གཉིས་ཀའི་མཐའ་སྤངས་པ། དབུ་མའི་ལམ་དུ་གསུངས་སོ། །རིགས་ཀྱི་བུ་བསོད་ནམས་ཐམས་ཅད་བསྡུས་པའི་མདོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པའི་མདོ་ཆེན་པོ་ལས། གཉིས་སུ་མེད་པ་ལ་འཇུག་པའི་སྣང་བ་དང་། དེ་ཉིད་བདག་ཡོད་པ་དང་། བདག་མེད་པ་གཉིས་སུ་མེད་པར་ངས་བསྟན་པ་དེ་རྗེས་སུ་དྲན་པར་གྱིས་ཤིག །དེ་བཞིན་གཤེགས་པའི་སྙིང་པོ་ཐོག་མནས་བཅོས་མ་མ་ཡིན་ལ། ཉོན་མོངས་པ་ནི་གློ་བུར་བ་ཡིན་ཏེ། སངས་རྒྱས་སུ་

འགྱུར་བར་འདོད་པས། ཉོན་མོངས་པ་རྣམས་གཞོམ་པར་བྱའོ། །ས་བཅུ་ཐོབ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ལེགས་པར་བརྟགས་ནས། རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་ཡིན་པར་ཡོད་པར་འོལ་བྱིར་མཐོང་བར་ཟད་དོ། །ཉན་ཐོས་དང་རང་སངས་

རྒྱས་ཐམས་ཅད་ཀྱིས་ཀྱང་། མྱ་ངན་ལས་འདས་པ་ཆེན་པོའི་མདོའི་ཚུལ་གྱིས་བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཡིད་ཆེས་པར་བྱ་སྟེ། ལེགས་པར་སྨྲས་པ་ཆོས་དང་འཚམ་པ་ནི་འཇིག་རྟེན་པ་ཡིན་ཡང་། འཇིག་རྟེན་ལས་འདས་པ་ཡིན་པར་རིག་པར་བྱའོ། །བསྟན་བཅོས་

སམ། རིགས་སྔགས་སམ། གསང་སྔགས་གང་ཅི་ཡང་རུང་བ་ཐམས་ཅད་ནི་རྫོགས་པའི་སངས་རྒྱས་ཀྱིས་བཤད་པ་ཡིན་པར་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་ཡི་གེ་ཕྱི་མོ་ཇི་ལྟར་བཀའ་སྩལ་ལགས། བཀའ་སྩལ་པ་ཡི་གེའི་ཕྱི་མོ་དང་ཆོས་ཐམས་ཅད་ནི་སྤྲུལ་པ་སྟེ། དེ་ཡང་དམ་པའི་

Vol. 204 · folio 272a

ཆོས་ཀྱི་ཚུལ་གྱིས་ཡི་གེ་ཕྱི་མོ་བསླབས་ན། ཆོས་དང་ཆོས་མ་ཡིན་པ་བྱེ་བྲག་ཕྱེད་པར་འགྱུར་བའི་ཕྱིར་ངས་སྤྲུལ་པ་ཡིན་གྱི། ཆོས་མ་ཡིན་པའི་ཕྱིར་ནི་མ་ཡིན་ནོ། །འཕགས་པ་གང་དག་ཡིན་ཞེ་ན། འཕགས་པ་ནི་བྱུང་བ་གང་། ཆགས་

པ་མེད་པ་དང་། རུང་བས་ཆོག་པར་འཛིན་པ་དང་། སེམས་ཅན་སྲིད་པའི་མཚོ་ལས་སྒྲོལ་བ་ནི་འཕགས་པ་ཞེས་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ཞུགས་པ་ནི་འཕགས་པ་སྟེ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡང་འཕགས་པ་ཞེས་བྱའོ། །དེ་བཞིན་གཤེགས་

པའི་སྐུ་ལ་ནི། བསགས་པའི་ཁམས་ཀྱི་བག་ཀྱང་མ་མཆིས། རིགས་ཀྱི་བུ་ང་འདས་ནས་ལོ་བཞི་སྟོང་གི་བར་དུ་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་ཏེ། དེའི་རྗེས་ལ་སའི་འོག་ཏུ་ནུབ་པར་འགྱུར་རོ། །ངའི་ཆོས་ཀྱི་མཇུག་ལོ་བརྒྱད་ཅུ་ལུས་པར་འགྱུར་ཏེ། ཆོས་ནུབ་ཏུ་

ཆ་བ་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་འཛམ་བུའི་གླིང་དུ་འབྱུང་བར་འགྱུར་ཏེ། ལོ་བཞི་བཅུའི་བར་དུ་ཆོས་ཀྱི་ཆར་ཕབ་ནས་ནུབ་པར་འགྱུར་རོ། །རྒན་ནམ་ཡང་ན་གཞོན་ཡང་རུང་། །གང་ལས་ཆོས་ནི་རྟོགས་འགྱུར་བ། །དབང་ཆེན་ལྷ་ཡི་བྱ་བ་བཞིན། །དེ་

ལ་བཀུར་སྟི་ཕྱག་ཀྱང་བྱ། །ཞེས་བྱ་བ་ནི་མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་ངས་བསྟན་པ་ཡིན་གྱི། ཉན་ཐོས་རྣམས་ཀྱི་ཕྱིར་ནི་མ་ཡིན་ནོ། །ཁ་ཅིག་ནི་ཟླ་བ་ཕྱེད་ཡིན་པར་འཛིན་ཏེ། ཟླ་བ་ནི་ཕྱེད་དུ་འགྱུར་ཞིང་ལྷག་པ་ཡང་མེད་དེ། ཟླ་བ་ནི་རི་རབ་ཀྱི་རྐྱེན་གྱིས་དེ་ལྟར་སྣང་

བར་ཟད་དོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་ཟླ་བ་དང་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ཕྲད་པའི་ཚེ། འཇིག་རྟེན་རྣམས་ཀྱིས་ཟླ་བ་གཟས་ཟིན་ཏོ་སྙམ་དུ་འཛིན་ཏེ། སྒྲ་གཅན་ནི་ཟླ་བ་ལ་འཛིན་པར་ཡང་མི་བྱེད་ལ། དེས་ནི་དེ་ལ་གཟའ་བར་ཡང་མི་ནུས་ཏེ། སྒྲ་གཅན་གྱི་ལག་པས་ཟླ་བ་

བསྒྲིབས་ནས་འོད་མི་སྣང་བར་བྱེད་པར་ཟད་དེ། ཟླ་བ་ལ་རྨ་ཡང་མེད། ཉོན་མོངས་པ་ཡང་མེད་དོ། །མི་རྣམས་ཀྱིས་ནི་ཟླ་བ་སྡུག་བསྔལ་ཞིང་འདུག་པར་འཛིན་ཏོ། །ཟླ་བ་ནི་རང་བཞིན་ཁོ་ནར་འདུག་བཞིན་དུ། བདག་ཉིད་སྒྲ་གཅན་དང་ལྷན་ཅིག་འདུག་སྟེ། འདི་ནི་འཇིག་རྟེན་གྱི་ཆོས་ཉིད་དོ། །དེ་བཞིན་གཤེགས་

Vol. 204 · folio 272b

པ་ནི་འཇིག་རྟེན་གསུམ་དུ་ཡང་དག་པར་སྣང་སྟེ། འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ། །རིགས་ཀྱི་བུ་དཔེར་ན་ཟླ་བ་ཡར་གྱི་ངོ་ཡང་མ་ཡིན། མར་གྱི་ངོ་ཡང་མ་ཡིན་པ་གནམ་སྟོང་གཉིས་པར་ཉི་མ་དང་ཟླ་བ་མེད་པའི་སྐབས་སུ། གཟའ་མཇུག་རིངས་ཤར་ནས་ཀུན་གྱིས་མ་ཚོར་བར་སྐད་ཅིག་

ཁོ་ན་ལ་མི་སྣང་བར་འགྱུར་རོ། །དེ་བཞིན་དུ་རང་སངས་རྒྱས་རྣམས་ཀྱང་སངས་རྒྱས་མི་བཞུགས་པའི་ཚེ་བྱུང་ནས། སེམས་ཅན་མང་པོ་དམ་པའི་ཆོས་ལ་བཀོད་ནས་མི་སྣང་བར་འགྱུར་རོ། །འདོད་ཆེན་པོ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་མོད་ཀྱི། འོན་ཀྱང་གཡང་ས་ཤིན་ཏུ་

ལྐུགས་པར་འདུག་གོ། །དཔེར་ན་དར་གྱི་སྲིན་བུ་རང་ཉིད་ཀྱིས་ཀུན་ནས་དཀྲིས་ནས། སྒོམ་བཏོད་པས་ཕྱིར་འབྱུང་མི་ནུས་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཡང་དེའི་ལས་ཀྱི་ཉེས་པས་འདོད་ཆེན་པོའི་ཁོང་ནས་འབྱུང་བར་མི་ནུས་སོ། །རིགས་ཀྱི་བུ་གཞན་ཡང་བུད་མེད་ཇི་ལྟར་མི་བཟོད་པ་

ཉོན་ཅིག །བུད་མེད་ནི་གལ་ཏེ་སྐྱེས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དམ། གཏམ་སྙེད་དམ། དཀྲིགས་སྙེད་དང་ལྷན་ཅིག་འདོད་པ་ཞེན་པར་སྤྱོད་ཀྱང་། སྦྲང་བུའི་གཅིན་གྱིས་རྒྱ་མཚོ་བརླན་ཅིང་ངོམས་པར་མི་འགྱུར་བ་དེ་བཞིན་དུ། བུད་མེད་རྣམས་ངོམས་པར་མི་འགྱུར་རོ། །མདོ་

ཆེན་པོ་འདི་ཡང་ལྷོ་ཕྱོགས་སུ་སོང་ནས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་དགོངས་པའི་ཚིག་གི་ཆར་འབེབས་སོ། །དེ་ནས་ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དམ་པའི་ཆོས་འཇིག་པར་ཤེས་ནས་དགུན་གྱི་དུས་དང་ཉེ་བར་གྱུར་པའི་

སྤྲིན་བཞིན་དུ་ཁ་ཆེའི་ཡུལ་དུ་སོང་ནས། ས་ལ་ནུབ་པར་གྱུར་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པ་བདུད་རྩིའི་མཆོག་གི་དམ་པའི་ཆོས་ཐམས་ཅད་ནུབ་པར་འགྱུར་རོ། །གསོལ་པ། འདོད་ཆེན་པོ་ཇི་ལྟ་བུ་ལགས། བཀའ་སྩལ་པ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་

བསྙེན་མ་ཡང་རུང་སྟེ། ཚིག་ངན་པས་མདོ་སྡེ་སྤངས་ནས། ཕྱིས་བཟོད་པ་གསོལ་བར་ཡང་མི་བྱེད་པ་གང་ཡིན་པ་དེ་ལྟ་བུ་ནི། འདོད་ཆེན་པོའི་ལམ་དུ་ཞུགས་པ་ཡིན་ནོ། །ཕམ་པ་བཞི་དང་། མཚམས་མེད་པ་ལྔ་བྱེད་པ་དེ་དག་བདག་ཅག་འཇིགས་པའི་ལམ་དུ་ཞུགས་པ་ཡིན་ནོ་སྙམ་དུ་ཤེས་ཀྱང་།

Vol. 204 · folio 273a

འཇིགས་པར་མི་ལྟ་ལ། དམ་པའི་ཆོས་འབྱུང་ངོ་སྙམ་དུ་མི་སེམས་ཤིང་དེ་ཉིད་ཀྱི་བསྔགས་པ་མ་ཡིན་པར་ཡང་རྗོད་པར་བྱེད་པ་དེ་དག་ཀྱང་དེར་ཞུགས་པ་ཡིན་ནོ། །དཀོན་མཆོག་གསུམ་མེད་དོ་ཞེས་ཟེར་བ་དེ་དག་ཀྱང་དེར་ཞུགས་པ་ཡིན་ནོ། །མཆོག་ཏུ་

ཚུལ་ཁྲིམས་འཆལ་པ་ལ་བྱིན་པ་ནི་འབྲས་བུ་ཅུང་ཟད་ཀྱང་མེད་དོ། །འབྲས་བུ་ཆེན་པོ་འཆགས་ཤིང་བཟོད་པ་གསོལ་བའི་སེམས་བསྐྱེད་པ་ནི་མི་སྲིད་དོ། །ཆད་པ་དག་གིས་ཐམས་ཅད་སྐྲག །ཀུན་ལ་སྲོག་ནི་ཕངས་པ་ཡིན། །བདག་གི་ཉམས་ལས་དཔག་བྱ་ཞིང་། །བརྡེག་པར་

མི་བྱ་གསད་མི་བྱ། །གསེར་འོད་དམ་པ་ལས། སྒྲིབ་པ་ཐམས་ཅད་དང་བྲལ་ཞིང་། །དགེ་བའི་ཆོས་ཐམས་ཅད་རྫོགས་པའི་ཕྱིར། དེ་ཁོ་ན་ཉིད་དང་ཡང་དག་པའི་ཡེ་ཤེས་ནི་ཆོས་ཀྱི་སྐུའོ། །ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་བ་ནི་ཆོས་ཀྱི་སྐུའོ། །ཉོན་མོངས་པ་ཅན་གྱི་ཡིད་གྱུར་

པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །འཇུག་པའི་རྣམ་པར་ཤེས་པ་གྱུར་པ་ནི་སྤྲུལ་པའི་སྐུའོ། །དུང་ཕྲེང་གི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་གསལ་བར་མ་གྱུར་པའི་ཚེ་ནི་ཀུན་གཞི་ཞེས་བྱའོ། །གསལ་བར་གྱུར་པའི་ཚེ་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །སྟུག་པོ་བཀོད་

པ་ལས། སེམས་ནི་རྣམ་པ་གཉིས་དངོས་སུ། །གཟུང་དང་འཛིན་པར་སྣང་བ་སྟེ། །བུམ་པ་སྣམ་བུ་ལ་སོགས་པའི། །ལུས་ནི་གང་ཡང་ཡོད་མ་ཡིན། །གསེར་མདོག་གི་སྔོན་གྱི་སྦྱོར་བ་ལས། གང་རང་སངས་རྒྱས་ཀྱི་ལུས་ཀྱིས་ཆོས་སྟོན་པ་ནི་ཆོས་ཉིད་ཡིན་ཏེ། ཚིག་གིས་ནི་མ་ཡིན་ནོ། །བཅོམ་

ལྡན་འདས་རང་སངས་རྒྱས། སྟུག་པོ་བཀོད་པ་ལས། འདི་ལྟར་སྣང་བ་ཅི་ཡང་རུང་། །མཚན་མ་གཟུགས་སུ་སྣང་བ་ལས། །བག་ཆགས་ཡོད་པར་ཀུན་གཞི་སྟེ། །ས་རྣམས་ཀུན་ན་གཟུགས་ལྟར་གནས། །ཇི་ལྟར་འོ་མ་གྱུར་པ་དང་། །ཡོན་ཏན་ཞོ་དང་དར་བར་སྣང་། །དེ་བཞིན་ཀུན་གཞི་

རྣམ་ཤེས་ཀྱང་། །རྣམ་པར་གྱུར་ན་གཟུགས་ལྟར་སྣང་། །གཟུགས་ཀྱི་ཡོན་ཏན་ལྡན་པའི་གཟུགས། །ཀུན་གཞི་གཟུགས་ལྟར་གནས་པ་སྟེ། །ཇི་ལྟར་བྱིས་པས་བརྟགས་པ་བཞིན། །གཟུགས་ནི་གུད་ན་ཡོད་མ་ཡིན། །ས་ལ་གཟུགས་རྣམས་ཡོད་པ་དང་། །ལྷ་ཡུལ་གནས་པའི་ཁྱིམ་རྣམས་

Vol. 204 · folio 273b

ཀྱང་། །རྣམ་པ་སྣ་ཚོགས་གང་སྣང་བ། །དེ་ནི་ཀུན་གཞིར་གྱུར་པ་ཡིན། །ཀུན་གཞི་ཀུན་དུ་ལག་པ་སྟེ། །ཀུན་ཏུ་ཁ་མིག་མགོ་ཡང་ཡིན། །རིམ་མ་མ་ཡང་ན་ཅིག་ཅར་དུ། །ས་རྣམས་ལོག་པར་རབ་ཏུ་གནས། །རི་རབ་ཙམ་དུ་གྱུར་པ་ཡི། །བདག་ཏུ་ལྟ་བ་མི་གནོད་ཀྱི། །སྟོང་ཉིད་ལྟ་ལ་

གནོད་པ་ནི། །ང་རྒྱལ་མི་བདེན་བརྟགས་པའོ། །རྣལ་འབྱོར་སྤྱོད་པས་སྟོང་པ་ཉིད། །གནས་མ་ཡིན་པར་སྤྱད་མི་བྱ། །གནས་མིན་གལ་ཏེ་སྤྱད་གྱུར་ན། །བདུད་རྩི་དུག་ཏུ་འགྱུར་བ་བཞིན། །ལྟ་བ་ཇི་སྙེད་གང་ཡང་རུང་། །ལུས་ཅན་རྣམས་ལ་ཡོད་པ་ཡིན། །ལྟ་བ་རྣམ་པར་སྤང་བའི་ཕྱིར། །

སྟོང་པ་ཉིད་ཀྱི་ཚུལ་བསྟན་ཏོ། །སྟོང་པ་ཉིད་ཀྱི་ལྟ་ཐོས་ནས། །ལ་ལའི་ལྟ་བ་མང་ཞིག་ནི། །གསོར་མི་རུང་བའི་ལྟ་ཅན་ཏེ། །སྨན་པས་བཏང་བའི་ནད་བཞིན་ཏེ། །ཇི་ལྟར་བསྲེག་བྱ་ཚིག་པའི་མེ། །བསྲེག་བྱ་མེད་པས་མི་གནས་སོ། །དེ་བཞིན་བསྲེག་བྱ་ལྟ་ཚིག་ན། །སྟོང་ཉིད་མེ་ཡང་

འགག་པར་འགྱུར། །ལྟ་བ་འགགས་པའི་དུས་སུ་ཡང་། །ཡང་དག་ཡེ་ཤེས་མེ་འབྱུང་སྟེ། །ཉོན་མོངས་བསྲེགས་ནས་རྣམ་པར་མཛེས །།སེམས་ནི་རྣམ་པ་གཉིས་དངོས་སུ། །གཟུང་དང་འཛིན་པར་སྣང་བ་སྟེ། །བུམ་པ་སྣམ་བུ་ལ་སོགས་པའི། །ཡུལ་ནི་གང་ཡང་ཡོད་མ་ཡིན། །རྣམ་པར་

ཤེས་པའི་སྤྱོད་ཡུལ་གང་། །འདི་ལྟར་སྣང་བ་ཅི་ཡང་རུང་། །རྣམ་པར་ཤེས་པར་གྱུར་པ་སྟེ། །བུམ་པ་ལ་སོགས་མ་ཡིན་ནོ། །འདི་ལྟར་ནོར་བ་སྣང་བ་གང་། །བུམ་པ་ལ་སོགས་ཅི་ཡང་རུང་། །དེ་ནི་ཀུན་གཞི་གྱུར་པ་སྟེ། །སྣང་བ་ནོར་བའི་མཚན་ཉིད་དོ། །འཕགས་པ་དཔལ་སྦས་ཞེས་

བྱ་བའི་མདོ་ལས། བྲམ་ཟེ་དེ་ནི་ལུས་ཐམས་ཅད་ནས་མེ་བྱུང་སྟེ། ཚིག་ནས་ཚིག་གོ་ཞེས་སྨྲས་ཏེ། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ངོ་། །དེ་ལ་བྲམ་ཟེའི་ཁྱེའུ་ཆོས་འདོད་ཀྱིས་འདི་སྐད་ཅེས་སྨྲས་སོ། །སློབ་དཔོན་མ་བསྙེངས་ཤིག །བདག་གིས་ཁྱོད་བསྐྱབ་པར་བགྱིའོ། །དེ་ནས་བྲམ་ཟེའི་

ཁྱེའུ་ཆོས་འདོད་ཀྱིས། བདག་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་ལ་སྤྱོད་པའི་བདེན་པ་དང་། བདེན་པའི་ཚིག་དེས་འདིའི་སེམས་ཅན་དམྱལ་བ་ཞི་བར་གྱུར་ཅིག་ཅེས་བྱས་པ་དང་། དེ་མ་ཐག་ཏུ་བྲམ་ཟེ་དེ་སེམས་ཅན་དམྱལ་བ་ནས་ཐར་ཏོ། །སྤོབས་པའི་རྒྱན་བཀོད་པ་ལས། དེ་བཞིན་དུ་གཟུགས་

Vol. 204 · folio 274a

ནས་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་བར་དུ། སངས་རྒྱས་ཀྱི་ཞིང་གཞན་ན་མིང་སྣ་ཚོགས་སུ་བྱ་བ་དཔག་ཏུ་མེད་དེ་རྣམ་གྲངས་འདི་ནི། མིང་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་ཡིན་པར་རིག་པར་བྱའོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པ།

གལ་ཏེ་བདག་སེམས་རྣམ་པར་གྲོལ་བར་མ་གྱུར་ན། བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ན་ད་ཅི་བྱར་ཡང་མེད་དོ། །བཀྲེས་པ་ནི་ཉེས་པ་མེད་ཀྱི། དུག་དང་འདྲེས་པའི་ཟས་ཟོས་པ་ནི་དེ་ལྟ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་

སེམས་དཔས་ཉན་ཐོས་ཀྱི་ཐེག་པ་ནི་མཐོས་ཀྱང་བླའོ། །བྱང་ཆུབ་སེམས་དཔའི་རྒྱན་ནི་རྒྱན་ཏེ། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱན་དང་། སྙིང་རྗེ་ཆེན་པོའི་བསམ་པ་ལ་གནས་པའི་རྒྱན་དང་། སེམས་ཅན་ཀུན་ལ་སེམས་ཐོགས་པ་མེད་པའི་རྒྱན་དང་། ཆོས་ཉན་པ་

ཚོལ་བས་ཆོག་མི་ཤེས་པའི་རྒྱན་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་ཆུབ་པར་བྱས་ནས། ཚུལ་བཞིན་སོ་སོར་རྟོག་ཅིང་དཔྱོད་པའི་རྒྱན་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཀྱང་། ཆོས་ཐམས་ཅད་ལ་མི་དམིགས་པའི་རྒྱན་དང་། །ཆོས་ཟབ་མོ་ལ་རྣམ་པར་སེམས་

ཤིང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། སེམས་ཅན་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའི་རྒྱན་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ལ་ཐབས་ལ་མཁས་པས་རྒྱན་ནོ། །སངས་རྒྱས་ཕལ་པོ་ཆེ་ལས། སངས་རྒྱས་སྤྱོད་ཡུལ་ཏིང་ངེ་འཛིན་ལས་སྐྱེས། །དེ་ནས་སངས་རྒྱས་ཀྱི་བྱིན་གྱི་རླབས་

ཀྱིས། འཇིག་རྟེན་གྱི་ཁམས་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་གཞི་དང་། སྙིང་པོ་རྒྱ་མཚོ་ཐམས་ཅད་རབ་ཏུ་གཡོས་སོ། །ཡང་དག་སངས་རྒྱས་ཆོས་ཀྱི་སྐུ། །རྣམ་དག་ནམ་མཁའ་འདྲ་བ་སྟེ། །གཟུགས་ཀྱི་སྐུ་ཡང་རབ་བརྟན་ཅིང་། །ཆོས་ཉིད་འདི་ལ་ཤིན་ཏུ་འཇུག །སྐད་ཅིག་སེམས་

ཀྱིས་དུས་གསུམ་འབྱུང་བ་ཡི། །ཞིང་འབྱུང་ཚུལ་དང་འཇུག་པ་ཀུན་ཀྱང་སྟོན། །སངས་རྒྱས་རྣམས་ཀྱིས་དུས་གསུམ་ཞིང་བསྟན་པ། །རྣམ་པར་སྣང་མཛད་རྒྱ་མཚོ་ཞིང་མི་ཟད། །ཞིང་རྣམས་རིང་དང་ཐུང་དང་གླིང་གི་གཟུགས་དང་རྣམ་པ་སྣ་ཚོགས་ཏེ། །ཆོས་དབྱིངས་མཉམ་

Vol. 204 · folio 274b

ཞིང་རྣམ་པར་འབྱམ་ཀླས་མིག་ཡོར་སྒྱུ་མ་དང་ཡང་འདྲ། །མིག་འཕྲུལ་རྣམ་ཕྱེ་རྣམ་དག་དྲི་མེད་སེམས་ཀྱིས་ཤིན་ཏུ་བསྐྱེད་པ་སྟེ། །ནམ་མཁའི་དབྱིངས་རྣམས་སྣ་ཚོགས་རྒྱན་གྱི་སྙིང་པོ་གནས་འགྱུར་འདི་ལ་སྣང་། །རིན་ཆེན་འོད་འཕྲོ་འབྱུང་བའི་ཞིང་། །འོད་འཕྲོའི་སྤྲིན་གྱིས་མངོན་

ཁེབས་ཤིང་། །རིན་ཆེན་ཐམས་ཅད་སྣ་ཚོགས་ལྡན། །ཐམས་ཅད་ལས་ཀྱི་སྤྲུལ་པ་ཡིན། །རྒྱ་མཚོ་སེམས་ལས་བྱུང་བ་ཡི། །ཞིང་རྣམས་མོད་པའི་ཡིད་ལ་གནས། །ཡེ་ནས་མི་གནས་སྨིག་རྒྱུ་བཞིན། །ཡོངས་སུ་རྟོགས་པར་ཡང་དག་བསྐྱེད། །བསམ་གཏན་ཚུལ་དང་རྣམ་ཐར་ས་སྦྱང་

ཞིང་། །ཞིང་རྣམས་རྒྱ་མཚོ་སྣ་ཚོགས་ཡངས་པ་འབྱུང་། །ཡིད་བཞིན་རིན་ཆེན་རྒྱལ་པོ་རྣམས། །ཁ་དོག་ཀུན་དུ་སྣང་བ་ལྟར། །སེམས་ཅན་བསམ་པ་རྣམ་དག་པས། །དེ་བཞིན་ཞིང་རྣམས་རབ་ཏུ་སྣང་། །ཀླུ་ཡི་རྒྱལ་པོའི་སྤྲིན་གྱི་གནས། །ནམ་མཁའི་དབྱིངས་ལ་སྟོན་པ་ལྟར། །དེ་

བཞིན་སངས་རྒྱས་སྨོན་ལམ་གྱིས། །ཞིང་གི་རྣམས་ནི་འབྱུང་བ་ཡིན། །སེམས་ཅན་ལུས་ཀྱི་རྣམ་པ་དག །ཇི་ལྟར་སེམས་ཀྱིས་བརྟག་པ་ལྟར། །དེ་བཞིན་ཞིང་གི་རྣམ་པ་ཡང་། །ཐམས་ཅད་ལས་ཀྱིས་རྣམ་པར་བྲིས། །ཇི་ལྟར་གཞན་དང་གཞན་གཟུགས་སུ། །སེམས་ཅན་

རྣམས་ཀྱི་བསམ་པ་བཞིན། །མགོན་པོ་རྣམས་ནི་སྣང་བ་ལྟར། །དེ་བཞིན་ཞིང་རྣམས་སྣང་བའོ། །སྒྱུ་མའི་མཁན་པོ་སྔགས་དག་གིས། །སྒོ་རྣམས་སྣ་ཚོགས་སྟོན་པ་ལྟར། །དེ་བཞིན་སེམས་ཅན་ལས་རྣམས་ཀྱིས། །བསམ་གྱིས་མི་ཁྱབ་ཅིང་འབྱུང་ངོ་། །ཇི་ལྟར་རི་མོ་

གཟུགས་ཀྱི་རྣམས། །རི་མོའི་ལས་ཀྱིས་བྲིས་པ་ལྟར། །དེ་བཞིན་ཞིང་རྣམས་འདི་དག་ཀུན། །སེམས་ཀྱིས་རི་མོར་བྲིས་པ་ཡིན། །གླིང་བྱང་ཆུབ་ཀྱི་རྒྱལ་མཚན་དེ་ན་གྲོང་རྡལ་མཛོད་མཐའ་ཡས་པ་ཞེས་བྱ་བ་ཁང་པ་བརྩེགས་པའི་དབྱིངས་སུ་འདུག་པ། གྲོང་རྡལ་འཇིག་རྟེན་གྱི་

ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་རབ་སྙེད་ཀྱི་འཁོར་དང་ལྡན་པ་ཡོད་དེ། གྲོང་རྡལ་མཛོད་མཐའ་ཡས་པ་ཞེས་བྱ་བ་དེ་ནི། དེ་བཞིན་གཤེགས་པའི་དགོངས་པའི་ཕྱིར། རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་རབ་སྙེད་ཕུན་སུམ་ཚོགས་པ་དང་ལྡན་པའོ། །

Vol. 204 · folio 275a

དེ་བཞིན་གཤེགས་པའི་དགོངས་པའི་ཕྱིར་ཡང་རེ་རེ་ཞིང་ཡང་ཏིང་ངེ་འཛིན་གྱི་འོབས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་རབ་སྙེད་ཀྱིས་ཡོངས་སུ་བསྐོར་བའོ། །ཏིང་ངེ་འཛིན་གྱི་འོབས་རྒྱ་མཚོ་དེ་དག་རེ་རེ་ཞིང་ཡང་། །དེ་བཞིན་

གཤེགས་པ་ཞི་གནས་ཀྱི་ཆུ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་རབ་སྙེད་ཀྱིས་ཡོངས་སུ་དག་པའོ། །དེ་བཞིན་གཤེགས་པའི་ཞི་གནས་ཀྱི་ཆུ་རྒྱ་མཚོ་དེ་དག་རེ་རེ་ཞིང་ཡང་། དེ་བཞིན་གཤེགས་པའི་ཡེ་ཤེས་དང་། ཡོན་ཏན་གྱི་མེ་ཏོག་

ཨུཏྤ་ལ་དང་། པདྨོ་དང་། ཀུ་མུ་ད་དང་། པུཎྜ་རཱི་ཀ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་རབ་སྙེད་ཀྱིས་ཡོངས་སུ་གང་བའོ། །གྲོང་རྡལ་མཛོད་མཐའ་ཡས་པ་དེ་ནི། སེམས་རིན་པོ་ཆེ་ཤིན་ཏུ་རྣམ་པར་དག་པའི་ཕ་གུ། རྒྱ་མཚོ་འཇིག་རྟེན་གྱི་

ཁམས་རྒྱ་མཚོ་བཅུའི་རྡུལ་ཕྲ་རབ་སྙེད་ལ་སོགས་པ་ཡིན་ནོ། །དེ་ཉིད་ནའང་ཤཱཀྱ་ཐུབ་པ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རྣམ་པར་སྣང་མཛད་ཅེས་བྱ་བར་རབ་ཏུ་ཤེས་སོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་། །ཕུང་པོ་ལྔ་ལས་ཤིན་ཏུ་བརྗོད། །དེ་རྣམས་ལས་

ཀྱི་ཕུང་ཆེན་ཡིན། །ལས་ཀྱི་རྩ་བ་སེམས་ཡིན་ཏེ། །སེམས་ནི་སྒྱུ་མ་བཞིན་དུ་བཤད། །སྒྱུ་མར་གྱུར་པ་འགྲོ་བ་འདིའོ། །སེམས་ནི་རི་མོ་མཁན་དང་འདྲ། །སེམས་ནི་ཕུང་པོ་བྱེད་པ་སྟེ། །འཇིག་རྟེན་ཁམས་ནི་ཇི་སྙེད་པའི། །འཇིག་རྟེན་འདི་དག་

སེམས་ཀྱིས་བྲིས། །གང་ཞིག་དུས་གསུམ་ཐམས་ཅད་ཀྱི། །རྒྱལ་བ་ཐམས་ཅད་ཤེས་འདོད་ན། །སངས་རྒྱས་ཐམས་ཅད་སེམས་ཀྱི་དངོས། །ཆོས་ཀྱི་དངོས་སུ་བལྟ་བར་གྱིས། །འདུས་བྱས་ཀྱི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་

ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། སེམས་ཅན་གྱི་ཁམས་རྣམས་ཏེ། འདི་དག་ནི་འདུས་བྱས་ཀྱི་ཆོས་སོ། །འདུས་མ་བྱས་ཀྱི་ཆོས་རྣམས་གང་ཞེ་ན། ནམ་མཁའ་དང་མྱ་ངན་ལས་འདས་པ་དང་། སོ་སོར་བརྟགས་

Vol. 204 · folio 275b

ཏེ་འགོག་པ་དང་། སོ་སོར་མ་བརྟགས་པར་འགོག་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཆོས་ཀྱི་གནས་ཉིད་དེ། འདི་དག་ནི་འདུས་མ་བྱས་ཀྱི་ཆོས་སོ། །ལས་སྣ་ཚོགས་ཀྱིས་མངོན་པར་འདུས་བྱས་པ། ནམ་མཁའི་ཁམས་དང་འཇིག་རྟེན་གྱི་ཁམས་ཐམས་

ཅད་ཀྱིས་ཡོངས་སུ་བསྡུས་པ། འཇིག་རྟེན་གྱི་ཁམས་ཕྱོགས་གཞན་དང་གཞན་གྱི་རྗེས་སུ་སོང་བར་རབ་ཏུ་གནས་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡེ་ཤེས་ཀྱི་རི་བོ་ཤིན་ཏུ་འཕགས་ཤིང་རྣམ་པར་དག་པའི་རིན་པོ་ཆེའི་རི་བོ་གྲངས་མེད་པ་ཀུན་དུ་གསལ་བར་གྱུར་ཅིག །

ཡེ་ཤེས་ཀྱི་ཕུང་པོས་གྲུབ་པའི་རིན་པོ་ཆེའི་འོད་ཀྱི་ཕུང་པོ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཡེ་ཤེས་ཀྱི་མར་མེས་ཡོངས་སུ་གྲུབ་པའི་རིན་པོ་ཆེའི་མར་མེ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །ཡེ་ཤེས་ཀྱི་སྣང་བ་ཀུན་དུ་གཏོང་བའི་རིན་པོ་ཆེའི་ལོ་མ་དང་ལྡན་

པ་གྲངས་མེད་པ་ཀུན་ནས་གནས་པར་གྱུར་ཅིག །གཞུང་དེ་ལྟར་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བསྔོ་བ་ཡང་ཁོང་དུ་ཆུད་པར་བྱ་སྟེ། ཡེ་ཤེས་ཀྱིས་སྤོས་ཆགས་པ་མེད་པའི་མཐར་ཐུག་པའི་སྤོས་ཀྱིས། ཡིད་ཀྱི་ལས་རྒྱ་ཆེན་པོ་ཡོངས་སུ་དག་པ་ཚད་མེད་པ་ཀུན་ནས་གནས་

པར་གྱུར་ཅིག །དེ་བཞིན་དུ་མེ་ཏོག་ཐམས་ཅད་ཀྱི་མེ་ཏོག་གི་རྒྱན་བསམ་གྱིས་མི་ཁྱབ་པ་ཀུན་དུ་གནས་པར་གྱུར་ཅིག་ཅེས་བྱ་བ་ནས། ཡེ་ཤེས་ཀྱི་མེ་ཏོག་ཆགས་པར་གྱུར་ཅིག་ཅེས་བྱ་བ་ནས། ཡེ་ཤེས་ཀྱི་མེ་ཏོག་ཆགས་པ་མེད་པའི་མཐར་ཐུག་པ་ཞེས་བྱ་བ་དང་།

ཡེ་ཤེས་ཀྱི་ཕྲེང་བ་དང་། བྱུག་པ་དང་། ཡེ་ཤེས་ཀྱི་ཕྱེ་མ་དང་། བདུག་པ་དང་། ཡེ་ཤེས་ཀྱི་གོས་དང་། ཆོས་གོས་ཀྱི་རྒྱན་དང་། ཡེ་ཤེས་ཀྱི་གདུགས་ཀྱི་རྒྱན་དང་། ཡེ་ཤེས་ཀྱི་རྒྱལ་མཚན་དང་། བ་དན་དང་། ཡེ་ཤེས་ཀྱི་ལྷབ་ལྷུབ་དང་། ཡེ་ཤེས་ཀྱི་ནོར་བུ་རིན་པོ་ཆེ་རྣམ་

པར་དག་པ་བརྗོད་དུ་མེད་པ། ཀུན་དུ་གནས་པར་གྱུར་ཅིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྦྱིན་པ་ལ་སོགས་པས་དགེ་བའི་རྩ་བ་དེ་དག་དགེ་བའི་རྩ་བ་ཐམས་ཅད་ཀྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་བསྔོས་ན། ལྷ་མ་ཡིན་གྱི་དབང་པོ་སྒྲ་

Vol. 204 · folio 276a

གཅན་ཞེས་བྱ་བ་ཡོངས་སུ་བསྔོའོ། །དེའི་རང་བཞིན་གྱི་ལུས་ནི་དཔག་ཚད་བདུན་བརྒྱའོ། །སྤྲུལ་པའི་ལུས་ནི་དཔག་ཚད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་དོ། །འདི་ལྟ་སྟེ། ནམ་མཁའ་ནི་སྐྱེ་བ་མེད་ཅིང་འགག་པ་མེད་ཀྱང་འཇིག་རྟེན་ཐམས་ཅད་ཀྱི་སྐྱེ་བ་དང་། །

འགག་པ་འཛིན་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྐུའི་སྐྱེ་མཆེད་ཀྱིས་ཕྲིན་ལས་གང་སྒྲུབ་པ་དེ། ཐུགས་ཀྱི་སྐྱེ་མཆེད་ཀྱིས་ཡོངས་སུ་གྲུབ་པར་མཛད་དོ། །བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་ས་

གཞན་ལ་ཞེ་སྡང་བསྐྱེད་པ་ཙམ་དུ་ཁ་ན་མ་ཐོ་བའི་ཆོས་ནི་འགའ་ཙམ་ཡང་བདག་གིས་མ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གཞན་ལ་ཁོང་ཁྲོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནི། སྒྲིབ་པའི་ཆོས་བརྒྱ་སྟོང་ཕྲག་བཅུ་པོ་འདི་དག་ཡོངས་སུ་འཛིན་པར་འགྱུར་ཏེ། གང་ཞེ་ན་བྱང་

ཆུབ་སེམས་དཔའ་མི་མཐོང་བ་དང་། ཆོས་མི་ཐོས་པ་དང་། ངན་སོང་དུ་གནས་པ་དང་། ཐེག་པ་དམན་པ་དང་འདྲེ་བ་དང་། སྡིག་པའི་གྲོགས་པོ་འཛིན་པ་དང་། བདུད་ཀྱི་ཡུལ་བསྟེན་པ་དང་། སངས་རྒྱས་ཀྱི་བསྟན་པ་ལས་རིང་བ་དང་། ཐེག་པ་དམན་པ་ལ་མོས་པ་དང་།

ཐེག་པ་ཆེན་པོ་ལ་ཡིད་མི་ཆེས་པ་དང་། དེ་བཞིན་གཤེགས་པའི་ཆོས་སྤོང་བ་དང་། བྱང་ཆུབ་སེམས་དཔའ་དང་འགྲོགས་པའི་ལས་དྲུངས་འབྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་ཕྱོགས་དང་། གླེང་གཞི་སྒུག་པ་དང་། དེ་བཞིན་གཤེགས་པའི་

རིགས་དང་། རིང་བར་འཛིན་པར་འགྱུར་བ་ལ་སོགས་པ་སྟེ། སྒྲིབ་པའི་ཆོས་ཀྱི་སྒོ་བརྒྱ་སྟོང་ཕྲག་བཅུ་འཛིན་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་འཇིག་པའི་ཚེ། ཐོག་མར་སྒྲ་ཆེན་པོ་འདི་ལྟ་བུ་འབྱུང་སྟེ། ཀྱེ་མ་གྲོགས་པོ་དག་བསམ་གཏན་དང་པོ་ནི་འདོད་པ་དང་།

གནོད་སེམས་མེད་པས་ཤིན་ཏུ་བདེ་བ་སྟེ། འདོད་པའི་ཁམས་ལས་ཡང་དག་པར་འདའ་བའི་རྒྱུར་འགྱུར་རོ། །སྒྲ་དེ་ཐོས་ནས་སེམས་ཅན་དག་བསམ་གཏན་དང་པོ་བསྒྲུབས་ནས་འདོད་པའི་ཁམས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ། །དེ་བཞིན་དུ་བསམ་གཏན་བཞི་

Vol. 204 · folio 276b

བའི་བར་གྱི་སྒྲ་བསྒྲགས་ནས། དེ་བཞིན་དུ་བསྒྲུབས་ཏེ་སྐྱེ། ཀླུའི་རྒྱལ་པོ་མ་དྲོས་པའི་གནས་ནས་ཆུ་ཀླུང་ཆེན་པོ་བཞི་འབབ་སྟེ། འདི་ལྟར་ཆུ་ཀླུང་ཆེན་པོ་གང་གཱ་ནི་གླང་པོ་ཆེའི་ཁ་ནས་འབབ་བོ། །སི་ཏ་ནི་སེང་གེའི་ཁ་ནས་འབབ་པོ། །སིན་དྷུ་ནི་གླང་གི་ཁ་ནས་

འབབ་པོ། །པཀྵུ་ནི་རྟའི་ཁ་ནས་འབབ་པོ། །གང་གཱ་ནི་མདུན་ནས་དངུལ་གྱི་བྱེ་མ་འདྲེན་ཅིང་འབབ་པོ། །སི་ཏ་ནི་རྡོ་རྗེའི་བྱེ་མའོ། །སིན་དྷུ་ནི་གསེར་གྱི་བྱེ་མའོ། །པཀྵུ་ནི་བཻ་ཌཱུརྱ་སྔོན་པོའི་བྱེ་མ་འདྲེན་ཅིང་འབབ་པོ། །དེ་དག་འབབ་པའི་ཚེ་རེ་རེས་ཀྱང་མཚོ་ཆེན་པོ་ལན་བདུན་

དུ་གཡས་ཕྱོགས་སུ་བསྐོར་ཏེ་ཕྱོགས་བཞིར་འབབ་ཅིང་རྒྱ་མཚོ་ལ་ཞེན་པར་འདོད་དོ། །ལན་བདུན་བསྐོར་བའི་བར་གྱི་གླིང་དེ་དག་ཀྱང་། མེ་ཏོག་ཨུཏྤ་ལ་དང་། པདྨོ་དང་། ཀུ་མུ་ད་དང་། པུཎྜ་རཱི་ཀ་ལྷ་རྫས་ཀྱི་རིན་པོ་ཆེའི་རང་བཞིན་ལས་གྲུབ་པའི་འདབ་མ་སྣ་ཚོགས་དང་

ལྡན་ཞིང་སྙིང་པོ་སྣ་ཚོགས་ཅན་གྱིས་བརྒྱན་པ། མཚོ་དེའི་དཀྱིལ་འཁོར་ནི་དཔག་ཚད་ལྔ་བཅུ་ཡོད་དེ། ཟབས་སུ་ཡང་དཔག་ཚད་ལྔ་བཅུའོ། །དེའི་ངོགས་ནི་རིན་པོ་ཆེ་སྣ་ཚོགས་བརྩིགས་པ་ཕ་གུ་ལྟར་འདུག་པས་ཀུན་ནས་འཁོར་བའོ། །ཇི་ལྟར་མཚོ་ཆེན་པོ་མ་དྲོས་པ། རིན་པོ་ཆེའི་ཞིང་

གིས་འཁོར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་མངོན་པར་འཚང་རྒྱ་བ་སྟོན་པ་ན། སངས་རྒྱས་ཀྱི་ཞིང་གིས་ཀུན་ནས་འཁོར་ཞིང་བརྒྱན་པ་ཡིན། ཆུ་ཀླུང་ཆེན་པོ་བཞི་ཆར་ཡང་ཁའི་སྒོ་དཔག་ཚད་ཙམ་ནས་འབབ་པོ། །བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་

རིགས་སུ་བྱུང་བའི་དཔལ་གྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་བལྟར་ཡོད་ཇི་ལྟར་ཁོང་དུ་ཆུད་པར་བྱ། སྨྲས་པ། ཀྱེ་རྒྱལ་བའི་སྲས་སྐུ་བལྟར་ཡོད་པ་ནི། དཔེར་ན་ཉི་མའི་དཀྱིལ་འཁོར་

དེ་ཉིད་འཛམ་བུའི་གླིང་དུ་འཆར་བའི་ཚེ། ཐོག་མར་རི་རབ་རིའི་རྒྱལ་པོ་ལ་སྣང་ངོ་། །དེའི་འོག་ཏུ་རི་བོ་ཆེ་གཞན་ལ་སྣང་ངོ་། །དེའི་འོག་ཏུ་རི་ནག་པོ་ལའོ། །དེའི་འོག་ཏུ་ས་ཕྱོགས་མཐོན་པོ་རྣམས་ལའོ། །དེའི་འོག་ཏུ་ས་ཕྱོགས་དམའ་བ་རྣམས་སུ་སྣང་བར་བྱེད་དེ།

Vol. 204 · folio 277a

འོན་ཀྱང་ཉི་མའི་དཀྱིལ་འཁོར་ལ་འདི་ནི་ཐོག་མར་སྣང་བར་བྱའོ་སྙམ་པ་ལ་སོགས་པའི་རྟོག་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཡེ་ཤེས་ཀྱི་སྐུ་ཉི་མའི་དཀྱིལ་འཁོར་ཡང་། ཆོས་ཀྱི་དབྱིངས་མཐའ་

དང་དབུང་མེད་པའི་རིས་སུ་འཆར་བར་འགྱུར་བའི་ཚེ། ཐོག་མར་ལྷག་པའི་རིའི་རྒྱལ་པོ་ལྟ་བུ་དང་ལྡན་པའི་སྐྱེས་བུ་དམ་པ་རྣམས་ལ་ཆོས་ཀྱི་སྣང་བ་ཆེན་པོ་ཡང་དག་པར་སྟོན་པའི་ཚུལ་དུ་འཆར་བར་འགྱུར་རོ། །དེའི་འོག་ཏུ་ཉན་ཐོས་དང་། རང་སངས་རྒྱས་གྱི་

ཐེག་པ་ལ་ཞུགས་པ་རྣམས་ལའོ། །དེའི་འོག་ཏུ་དགེ་བའི་རྩ་བ་ངེས་པ་དང་ལྡན་པའི་སེམས་ཅན་རྣམས་ལ་སྣོད་ཇི་ལྟ་བ་བཞིན་དུའོ། །དེའི་འོག་ཏུ་ལོག་པར་ངེས་པའི་སེམས་ཅན་ཡན་ཆད་སེམས་ཅན་ཐམས་ཅད་ལ་ཡང་འཆར་བར་འགྱུར་རོ། །དེ་ལྟར་འཆར་ཡང་དེ་

བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉི་མའི་འོད་ཟེར་དེ་དག་ནི། སེམས་ཅན་འདི་རྣམས་ལ་བདག་ཅག་གིས་ཐོག་མར་ཐེག་པ་ཆེན་པོ་སྣང་བར་བྱས་ཏེ། དེའི་འོག་ཏུ་འདི་དག་སྣང་བར་བྱའོ་སྙམ་དུ་རྟོག་པ་མི་མངའ་སྟེ། དེ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉི་མའི་དཀྱིལ་འཁོར་ལ་རྣམ་པར་རྟོག་

པ་མི་མངའ་བའི་ཕྱིར་རོ། །ཡང་དཔེར་ན་ཉི་མའི་དཀྱིལ་འཁོར་ལ་རྟོག་པ་མེད་ཅིང་། འོད་ཟེར་མཉམ་པ་ཉིད་དུ་འཆར་ཡང་། རི་ཆེན་པོ་རྣམས་ལ་རྣམ་པ་ཐ་དད་པ་ཉིད་དུ་སྣང་བར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉི་མའི་དཀྱིལ་འཁོར་རྣམ་པར་རྟོག་པ་མི་མངའ་

ཞིང་། འོད་ཟེར་མཉམ་པ་ཉིད་དུ་འཆར་ཡང་། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་རྣམ་པ་ཐ་དད་པ་དང་། བསམ་པའི་རྣམ་པ་ཐ་དད་པས། དེ་བཞིན་གཤེགས་པའི་འོད་ཟེར་ཐ་དད་པ་ཡང་སྣང་ཞིང་ཡོད་དེ། ཀྱེ་རྒྱལ་བའི་སྲས་དཔེར་ན་ཉི་མའི་དཀྱིལ་འཁོར་དེ་ཉིད་ཤར་ཀྱང་།

དམུས་ལོང་རྣམས་ལ་སྣང་བར་མི་འགྱུར་ཏེ། དེ་མིག་དང་མི་ལྡན་པའི་ཕྱིར་རོ། །དེ་མིག་ལམ་དུ་མི་སྣང་དུ་ཟིན་ཀྱང་། དམུས་ལོང་རྣམས་ལ་ཁ་ཟས་འཇུ་བ་དང་། ལུས་ཀྱི་གྲང་བ་བསལ་བ་དང་། ལུས་ཀྱི་ནད་མཁྲིས་པ་ལ་སོགས་པ་སེལ་བས་མི་ཕན་པ་མ་ཡིན་ཏེ་ཕན་འདོགས་སོ། །

Vol. 204 · folio 277b

དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉི་མའི་དཀྱིལ་འཁོར་ཡང་སེམས་ཅན་ལྷག་པའི་བསམ་པའི་མིག་མདོངས་པ། ལྟ་བ་ལོག་པ། སྦྱོར་བ་ལོག་པ། འཚོ་བ་ལོག་པ། དམུས་ལོང་ལྟ་བུར་གྱུར་པའི་མིག་ལམ་དུ་སྣང་བར་མི་འགྱུར་ཏེ། དེ་ནི་དད་པའི་མིག་དང་མི་ལྡན་པའི་ཕྱིར་རོ། །

མིག་ལམ་དུ་མི་སྣང་ཡང་། དེ་བཞིན་གཤེགས་པའི་མཐུས། དེ་དག་གི་ལུས་ལ་མི་བདེ་བ་རྩེ་ཞིལ་བར་འགྱུར་བ་དང་། མ་འོངས་པའི་ཉོན་མོངས་པའི་རྒྱུའི་ལྷག་མ་སེལ་བའི་སྒོར་ཕན་མི་འདོགས་བ་མ་ཡིན་ཏེ་ཕན་འདོགས་སོ། །སྨྲས་པ། དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་

བརྗོད་པ་ཇི་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉི་མའི་དཀྱིལ་འཁོར་རྣམ་པར་རྟོག་པ་མི་མངའ་ཞིང་འོད་ཟེར་མཉམ་པ་ཉིད་དུ་འཆར་ཡང་། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་རྣམ་པ་ཐ་དད་པ་དང་། བསམ་པའི་རྣམ་པ་ཐ་དད་པས་དེ་བཞིན་གཤེགས་པའི་འོད་ཟེར་ཐ་དད་པ་

ཡང་སྣང་ཞིང་ཡོད་དོ། །ཀྱེ་རྒྱལ་བའི་སྲས་དཔེར་ན། ཉི་མའི་དཀྱིལ་འཁོར་དེ་ཉིད་ཤར་ཀྱང་། དམུས་ལོང་རྣམས་ལ་སྣང་བར་མི་འགྱུར་ཏེ། དེ་ནི་མིག་དང་མི་ལྡན་པའི་ཕྱིར་རོ། །མིག་ལམ་དུ་མི་སྣང་དུ་ཟིན་ཀྱང་། དམུས་ལོང་རྣམས་ལ་ཁ་ཟས་འཇུ་བ་དང་། ལུས་ཀྱི་གྲང་བ་བསལ་བ་དང་།

ལུས་ཀྱི་ནད་མཁྲིས་པ་ལ་སོགས་པ་སེལ་བས་མི་ཕན་པ་མ་ཡིན་ཏེ། ཕན་འདོགས་སོ། །དེ་བཞིན་གཤེགས་པ་དེ་བཞིན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་མི་ཤེས་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཁོང་ན་ཡོད་པ་ངོ་མཚར་ཆེས། བདག་གིས་ཅི་ནས་ཀྱང་སེམས་ཅན་

འདི་དག་རང་རང་གི་འདུ་ཤེས་ཀྱི་འདུན་པ་ཆེན་པོ། འཕགས་པའི་ལམ་གྱིས་འགྲོལ་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཁོང་དུ་ཆུད་པར་འཕགས་པའི་ལམ་བསྟན་པར་མཛད་དོ་ཞེ་ན། འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་སེལ་བར་མཛད་དོ། །དེ་ལྟར་འདུ་ཤེས་

ཡོངས་སུ་སེལ་བའི་ཕྱིར་རོ། །ཡེ་ཤེས་ཚད་མེད་པས་འགྲོ་བ་ཐམས་ཅད་ཡོངས་སུ་འཚོའོ། །ཀྱེ་རྒྱལ་བའི་སྲས་ནམ་མཁའ་ནི་སྐྱེ་བ་མེད་པས། འཇིག་རྟེན་གྱི་ཁམས་འཇིག་ཀྱང་རུང་། འདུ་ཡང་རུང་སྟེ། དེ་བཞིན་དུ་མི་ཟད་མི་འཕེལ་བར་གནས་སོ། །སྨྲས་པ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་

Vol. 204 · folio 278a

སུ་མྱ་ངན་ལས་འདས་པ་ཇི་ལྟ་བུ་སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་ལ་ཡོངས་སུ་མྱ་ངན་ལས་འདས་པ་ཤིན་ཏུ་མཐར་ཐུག་པར་མི་བརྗོད་མི་སྟོན་ཏོ། །ཆུ་སྣོད་གཅིག་ཅིག་གམ་དེ་ནས་ལོགས་ཤིག་ཏུ་ཕྱུང་ངམ། སྟོང་པར་

གཞག་པར་གྱུར་ལ། ཉི་མའི་གཟུགས་བརྙན་ཡང་སྣང་བར་མི་འགྱུར་ན། ཉི་མའི་དཀྱིལ་འཁོར་གྱིས་ཉེས་སམ། སྨྲས་པ་མ་ཡིན་ནོ། །སྨྲས་པ་དེ་བཞིན་དུ་སེམས་ཅན་སྣོད་ཆག་པ་ལྟ་བུ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པར་སྣང་ངོ་། །ཉི་མའི་དཀྱིལ་འཁོར་ཆོས་

དབྱིངས་ཚད་དང་མཉམ་པ་ནི། སྣོད་དུ་གཟུགས་བརྙན་སྣང་སྟེ་ཆག་ལ་སྣང་བ་མིན། དེ་ལྟར་མི་མཆོག་དབང་པོ་ཀུན་དུ་སྣང་། །སེམས་ཅན་དད་མེད་རྣམས་ཀྱིས་མྱ་ངན་འདས་པར་ཤེས། །ཀྱེ་རྒྱལ་བའི་སྲས་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ནི། དེ་བཞིན་གཤེགས་པའི་རིགས་

སྟོན་པ་ཤིན་ཏུ་ངེས་པ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི་རྗེས་སུ་བསྔོ་བ། ཤིན་ཏུ་མཐར་ཐུག་པའི་མུར་ཕྱིན་པའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བག་ཆགས་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་བག་ཆགས་དང་།

དགེ་བའི་རྩ་བའི་བག་ཆགས་དང་། སེམས་ཡོངས་སུ་སྨིན་པའི་བག་ཆགས་དང་། སངས་རྒྱས་ལ་ལྟ་བའི་བག་ཆགས་དང་། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པར་སྐྱེ་བའི་བག་ཆགས་དང་། དགེ་བའི་བག་ཆགས་དང་། སྨོན་ལམ་གྱི་བག་ཆགས་དང་། ཕ་རོལ་ཏུ་ཕྱིན་པའི་

བག་ཆགས་དང་། ཆོས་མཉམ་པ་ཉིད་ངེས་པར་རྟོགས་པའི་བག་ཆགས་དང་། སྤྱོད་པ་ཐ་དད་པའི་བག་ཆགས་དང་། བག་ཆགས་དེ་དག་ལ་གནས་ཤིང་། ཉོན་མོངས་པ་མ་ལུས་པར་སྤངས་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོས། བག་ཆགས་ཐུགས་སུ་ཆུད་པ། བླ་ན་

མེད་པ་འཐོབ་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཆོས་ལས་འགོལ་བའི་ལམ་སྟེ། བཅུ་གང་ཞེ་ན། དགེ་བའི་བ་ཤེས་གཉེན་ལ་བརྙས་པ་དང་། འཁོར་བས་འཇིགས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པས་སྐྱོ་བ་དང་། འཇིག་རྟེན་གྱི་

Vol. 204 · folio 278b

ཁམས་ན་གནས་པས་སྐྱོ་བ་དང་། མཉམ་པར་གཞག་པ་ལ་གནས་སུ་བྱེད་པ་དང་། དགེ་བའི་རྩ་བལ་ཞེན་པ་དང་། དམ་པའི་ཆོས་སྤང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་དཔགས་པས་འབྱེད་པ་བྱེད་པ་དང་། ཉན་ཐོས་དང་རང་སངས་རྒྱས་སུ་འདོད་པ་དང་། བྱང་ཆུབ་སེམས་

དཔའ་ལ་ཁྲོ་ཞིང་ཞེ་སྡང་བས་ཏེ། དེ་དག་ནི་ཡོངས་སུ་སྤང་བར་བྱའོ། །ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་བདུད་ཀྱི་ལས་ཏེ། འདི་ལྟ་སྟེ། སེམས་འཁྲུགས་པ་ལ་བརྙས་པ་དང་། ཤེས་རབ་འཆལ་བ་ལ་སྨོད་པ་དང་། ཆོས་ཀྱི་དཔེ་མཁྱུད་དང་། ཆོས་ཀྱི་སྣོད་ལ་ཁྱད་དུ་

གསོད་པ་དང་། ཟང་ཟིང་དང་འབྲེལ་པར་ཆོས་སྟོན་པ་དང་། སྣོད་མ་ཡིན་པ་ལ་ཆོས་རྒྱ་ཆེན་པོ་སྟོན་པ་དང་། དགེ་བའི་བཤེས་གཉེན་ཡོངས་སུ་སྤོང་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་འདོད་པ་དང་། བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་ཞིང་མི་སྙན་པར་བརྗོད་པ་དང་། བདག་

བསྟོད་ཅིང་གཞན་སྨོད་པ་དང་། ཟབ་མོའི་གཏམ་འཆབ་ཅིང་སྤོང་བ་དང་། ཡི་གེ་སྣ་ཚོགས་རང་བཟོར་བྱས་པའི་རང་བཟོ་ལ་དགའ་བ་དང་། གྲོལ་བ་དང་དབུགས་ཕྱིན་པ་ལ་བསྙེན་ཅིང་བཀུར་སྟི་བྱེད་ཀྱི་མ་གྲོལ་ཅིང་དབུགས་མ་ཕྱིན་པ་ལ་མི་བྱེད་པའོ། །ཉན་ཐོས་ཆེན་པོ་དེ་དག་ཛེ་ཏའི་ཚལ་

དེ་ཉིད་ན་འཁོད་ཀྱང་། སངས་རྒྱས་ཀྱི་ཞིང་དག་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ནས་འདུས་པ་རྣམས་མཐོང་བར་མ་གྱུར་ཏོ། །འདི་ལྟ་སྟེ། དགེ་སློང་ལ་ལ་ཞིག་སྐྱེ་བོ་མང་པོའི་ཚོགས་ཀྱི་དབུས་སུ་སས་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སམ། ཆུའམ་མེའམ་རླུང་ངམ་

སྔོན་པོ་ལ་སོགས་པས་ཁྱབ་པའི་ཏིང་ངེ་འཛིན་ལ་ཞུགས་ན། འགྲོ་བ་མང་པོ་དེ་དག་གིས་ཆུའི་ཕུང་པོ་ལ་སོགས་པ་མི་མཐོང་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་རྣམ་པར་དཔྱོད་པ་རྣམས་ནི་མ་གཏོགས་སོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་ཡུལ་རྣམ་པར་

འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དེ་དག་ཡོངས་སུ་བསྟན་པ་མཛད་ན། ཉན་ཐོས་དེ་དག་གིས་མ་མཐོང་ཞིང་ཤེས་པར་མ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ལམ་ལ་ཞུགས་པ་དེ་དག་གིས་ནི་མཐོང་ངོ་། །ཁོང་དུ་ཆུད་དོ། །དཔེར་ན་དགེ་སློང་འགོག་པའི་སྙོམས་

Vol. 204 · folio 279a

པར་ཞུགས་པ། དབང་པོ་དྲུག་གིས་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་གནས་དེ་ན་ཡོད་ཀྱང་། སྙོམས་པར་ཞུགས་པ་དེ་ཉིད་ཀྱི་བྱིན་གྱི་རླབས་དང་། མཐུ་དེས་མི་ཤེས་མི་མཐོང་ངོ་། །དེ་བཞིན་དུ་ཉན་ཐོས་ཆེན་པོ་དེ་དག་ཛེ་ཏའི་ཚལ་དེ་ན་རྣམ་པར་དཔྱོད་ལ། དེ་དག་ལ་

དབང་པོ་དྲུག་ཡོད་དེ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དང་། རྣམ་པར་འཕྲུལ་པ་དང་ཁྱུ་མཆོག་གི་མཐུ་འབྱུང་བ་དང་། ཆོ་འཕྲུལ་ད་དག་མཐོང་བར་མ་གྱུར་ཤེས་པར་མ་གྱུར་ཏོ། །ཐམས་ཅད་བདོག་བཞིན་དུ། ལྟོ་ཡི་ནད་ཀྱིས་ཤི་བ་བཞིན། །ཆོས་མ་བསྒོམས་པ་དེ་བཞིན་ནོ། །སྒྲ་

གདགས་ཇི་སྙེད་ཡོད་པ་དང་། །སེམས་ཅན་ཀུན་གྱི་སྒྲ་སྐད་དུ། །སྒྲ་ལ་མཁྱེན་པ་ཐུགས་ཆུད་ཀྱང་། །རྣམ་པར་རྟོག་པ་གང་ཡང་མེད། །གང་དག་སངས་རྒྱས་རྟོག་མེད་ཀྱང་། །རྒྱལ་བ་རྣམ་པར་རྟོག་པར་སྣང་། །ཇི་ལྟར་ས་བོན་རྣམ་དག་པ། །ཞིང་བཟང་ལ་ནི་སྐྱེ་འགྱུར་ཞིང་། །དེ་

བཞིན་སེམས་བསམ་རྣམ་དག་ལ། །སངས་རྒྱས་ཆོས་ནི་སྐྱེ་བར་འགྱུར། །སངས་རྒྱས་རྟོག་པར་མི་མཛད་དོ། །སྟོན་ལ་རྟོག་པ་མི་མངའ་ཡང་། །འཇིག་རྟེན་ཁམས་ནི་ཚད་མེད་པར། །ཐུབ་པས་རྣམ་པར་རྟོག་པ་བསྟན། །སྐུ་གཉིས་དེ་དག་བསམ་མི་ཁྱབ། །འཇིག་རྟེན་ཁམས་སུ་སྣང་གྱུར་ཀྱང་། །

སྐུ་ལ་གཉིས་སུ་གྱུར་པ་མེད། །ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང་། །ཟླ་བ་གཉིས་སུ་གྱུར་པ་མེད། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྤྱན་གྱི་སྐྱེ་མཆེད་ཀྱིས་སངས་རྒྱས་ཀྱི་ཕྲིན་ལས་གང་མཛད་པ་དེ་སྙན་གྱི་

སྐྱེ་མཆེད་ཀྱིས་ཡོངས་སུ་གྲུབ་པར་མཛད་དོ་ཞེས་བྱ་བ་ནས་དབང་པོ་ཐམས་ཅད་སྦྱར་བ་འབྱུང་། སངས་རྒྱས་མྱ་ངན་ལས་འདས་པའི་ཚེ། འཇིག་རྟེན་ཐམས་ཅད་ནི་སེམས་ཅན་རྣམས་ངུ་ཞིང་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ལ་སོགས་པ་དེ་དག་གིས་བསོད་ནམས་འཐོབ་པར་བྱ་བའི་ཕྱིར་

ཐབས་མཛད་པ་འབྱུང་། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པ་རྣམས་ལ་ནི། ཕན་ཚུན་དུ་ངན་སེམས་ཀྱི་སེམས་བསྐྱེད་པ་ལྟ་བུར་ཁ་ན་མ་ཐོ་བའི་ཆེ་བ་ངས་འགའ་ཙམ་མ་མཐོང་ངོ་། །སེམས་ཀྱི་རྣམ་པ་འཇིག་རྟེན་ཀུན། འཇིག་རྟེན་རྣམ་

Vol. 204 · folio 279b

པ་སེམས་ཅན་ཀུན་གྱི་སེམས་ཡིན་ཏེ། རྣམ་པ་གཉིས་ཀྱི་གྲངས་སུ་ཞུགས། དེ་བཞིན་གཤེགས་པ་སྐུ་ཡོངས་སུ་འབྱེད་པ་མི་མཛད། སྐུ་ཐ་དད་པར་མཛད་པ་ཡང་མི་མངའ་བར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་བསམ་པ་དང་མོས་པ་ཇི་ལྟ་བ་

བཞིན་སྐུ་ཡོངས་སུ་སྟོན་ཏེ། དེ་བཞིན་གཤེགས་པའི་སྐུ་ལ་རྣམ་པར་རྟོག་པ་དང་། སྤྲོས་པ་མི་མངའོ། །དེ་བཞིན་གཤེགས་པ་ནི་དབྱིངས་ཀྱི་སེར་སྣ་མི་མངའ་སྟེ། སེམས་ཅན་དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ལ། དེ་བཞིན་གཤེགས་པའི་དབྱིངས་གྲག་པར་མི་

འགྱུར་རོ། །འཁོར་གྱི་དཀྱིལ་འཁོར་དུ་ཚོགས་པའི་སེམས་ཅན་ཐམས་ཅད་ཀྱང་འདི་སྙམ་དུ་སམས་ཏེ། བདག་ཁོ་ནའི་དོན་དུ་དེ་བཞིན་གཤེགས་པ་ཆོས་སྟོན་ཏོ་སྙམ་མོ། །དེ་བཞིན་གཤེགས་པ་ནི་གསུང་སྒྲོགས་པ་ཡང་མེད། ཕྱིར་སྡུད་པ་ཡང་མེད་དེ། དེ་བཞིན་གཤེགས་པའི་གསུང་

གི་ཕྲིན་ལས་དེ་དག་ཀྱང་ཡོད་ཅིང་སྣང་ངོ་། །དཔེར་ན་རྒྱ་མཚོ་ཆེན་པོ་ལ་ཆུའི་ཕུང་པོ་ཚད་མེད་པ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀླུའི་སེམས་ཀྱི་ཁྱད་པར་ལས་བྱུང་ངོ་། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོ་ལ། ཆོས་ཀྱི་རྒྱུན་ཚད་མེད་པ་གང་ཇི་སྙེད་པ་དེ་ཐམས་

ཅད་སྔོན་གྱི་དགོངས་པའི་སྨོན་ལམ་གྱི་ཁྱད་པར་ལས་བྱུང་བའོ། །རྒྱ་མཚོ་ཆེན་པོ་ལ་གླིང་བཞི་པའི་སེམས་ཅན་གྱི་ལུས་ཀྱི་གཟུགས་བརྙན་ལྟ་བུར་སྣང་སྟེ། དེའི་ཕྱིར་རྒྱ་མཚོ་ཆེན་པོ་ཞེས་བྱའོ། །བཅུ་པོ་འདི་དག་ནི་བདུད་ཀྱི་རླབས་ཏེ། བཅུ་ནི་སེམས་ཞུམ་པ་དང་། བསམ་པ་

འཁྲུགས་པ་དང་། རྒྱ་ཆུང་ངུས་མགུ་བ་དང་། གཅིག་ལས་མི་བཟོད་པ་དང་། སྨོན་ལམ་ལ་ལྷུང་བར་མི་དམིགས་པ་དང་། ཉོན་མོངས་པ་རྣམ་པར་བཟློག་པ་དང་། ཞི་བ་དང་། དད་པ་དང་། འཁོར་བའི་རྒྱུན་གཅོད་པ་དང་། སྤྱོད་པ་ལས་ཕྱིར་ལྡོག་པ་དང་། སེམས་ཅན་ཡོངས་སུ་

སྨིན་པར་མི་བྱེད་པ་དང་། ཆོས་ལ་ཐེ་ཚོམ་ཟ་བའོ། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པ་ལས། ཆོས་བཅུ་གཉིས་དང་ལྡན་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་ཏེ་གང་ཞེ་ན། རང་བཞིན་གྱིས་རྒྱ་ཆེན་པོ་ལ་

Vol. 204 · folio 280a

མོས་པ་དང་། སྙིང་རྗེ་དང་ལྡན་པ་དང་། བཅོས་མ་མ་ཡིན་པ་དང་། སངས་རྒྱས་ལ་བསྙེན་བཀུར་བྱས་པ་དང་། ལས་གསུམ་དག་པ་དང་། སྡིག་པའི་གྲོགས་སྤངས་པ་དང་། ཇི་སྐད་སྨྲས་པ་བཞིན་བྱེད་པ་དང་། བགེད་པའི་ངང་ཚུལ་ཅན་དང་། དེ་བཞིན་

གཤེགས་པས་བྱིན་གྱིས་བརླབས་པ་དང་། བདོག་པ་ཀུན་ལ་མི་ལྟ་བ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། ཡི་དམ་ལ་བརྟེན་པའོ། །ཡོན་ཏན་གྱི་ཆོས་བཅུ་གཉིས་མཐོང་བས་སྦྱིན་པར་གནས་པར་བྱ་སྟེ། གང་ཞེ་ན། བྱང་ཆུབ་ཀྱི་སེམས་ཀྱི་ལམ་སྟོན་པ་དང་། ལོངས་

སྤྱོད་སྒྲུབ་པ་དང་། འདོད་པའི་རིགས་སུ་སྐྱེ་བ་དང་། སེར་སྣ་ཚར་གཅོད་པ་དང་། གཏོང་བའི་རྒྱུན་འཕེལ་བར་འགྱུར་བ་དང་། ཡི་དགས་ཀྱི་སྒོ་གཅོད་པ་དང་། ཐུན་མོང་གི་ལོངས་སྤྱོད་ལས་སྙིང་པོ་ལེན་པ་དང་། ཡོ་བྱད་རྫོགས་པར་འགྱུར་བ་དང་། བདོག་པ་ལ་གོམས་པར་འགྱུར་

བ་དང་། འཛིན་པའི་སེམས་མེད་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་བཀའ་དང་མཐུན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འགྱུར་རོ། །བཅུ་གཉིས་མཐོང་བས་ཚུལ་ཁྲིམས་བསྲུང་སྟེ། བྱིན་གྱི་རླབས་ཕུན་སུམ་ཚོགས་པར་འགྱུར་བ་དང་། བྱང་ཆུབ་

ཀྱི་ལམ་ལ་འཇུག་པ་དང་། བདག་གི་འཆིང་བ་ལྷོད་པར་འགྱུར་བ་དང་། བདག་ངན་འགྲོ་ལས་ཐར་བ་དང་། ངན་འགྲོའི་ལམ་སྤོང་བ་དང་། ལས་གསུམ་ཁ་ནམ་ཐོ་བ་མེད་པ་དང་། མཁས་པས་མི་སྨད་པ་དང་། བག་ཡོད་པ་ལ་བརྟེན་པ་དང་། སེམས་ཅན་ལ་མི་འཇིགས་

པ་སྦྱིན་པ་དང་། སྒོ་གསུམ་གྱི་སྡོམ་པ་འཐོབ་པ་དང་། སངས་རྒྱས་ཀྱི་ཆོས་བསྒྲུབ་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའོ། །བཟོད་པའི་བཅུ་གཉིས་ནི། འདུ་བྱེད་སྐད་ཅིག་པ་ཡིན་པར་བཟོད་པ་དང་། བདག་མི་དམིགས་པར་བཟོད་པ་དང་། བདག་དང་

གཞན་བསྲུངས་བ་དང་། འཁྲུག་པའི་གཏམ་མེད་པར་བྱ་བ་དང་། བག་ལ་ཉལ་བ་དང་། ཀུན་ནས་དཀྲིས་པ་བསལ་བ་དང་། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་བསལ་བ་དང་། མཚན་དང་དཔེ་བྱད་བསྒྲུབས་པ་དང་། ཚངས་པའི་འཇིག་རྟེན་དུ་སྐྱེ་བ་དང་། གཞན་གྱི་གནོད་

Vol. 204 · folio 280b

པ་ལས་འདའ་བ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པ་འཐོབ་པ་དང་། བདུད་ཀྱི་ཡུལ་ལས་འདའ་བ་དང་། དེ་བཞིན་གཤེགས་པ་མཐོང་བའོ། །བརྩོན་འགྲུས་ཀྱི་ནི་ཆོས་ཐམས་ཅད་རྫོགས་པར་བྱང་ཆུབ་པ་དང་། དེ་བཞིན་གཤེགས་པའི་དྲུང་དུ་ཕྱིན་པ་དང་།

དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་དང་། དེ་བཞིན་གཤེགས་པ་མཉེས་པར་འགྱུར་བ་དང་། སེམས་ཅན་སྨིན་པར་བྱེད་པ་དང་། གདུལ་བྱ་སངས་རྒྱས་ཀྱི་ཆོས་ལ་འགོད་པ་དང་། སེམས་ཅན་གྱི་མི་ཤེས་པ་སེལ་བ་དང་། གདུལ་བྱ་ལ་ཡེ་ཤེས་སྒྲུབ་པ་དང་། ཞིང་

སྦྱང་བ་དང་། མུ་ཐུག་པ་མེད་པར་སེམས་ཅན་གྱི་དོན་བྱེད་པ་དང་། སྐད་ཅིག་གཅིག་གིས་ཞིང་ཐམས་ཅད་དུ་འགྲོ་བ་དང་མངོན་པར་འཚང་རྒྱ་བའོ། །བསམ་གཏན་གྱི་ནི་མི་འཁྲུག་ཅིང་ཞི་བ་དང་། ཡུལ་ལ་མི་རྒྱུག་པ་དང་། སེམས་གནས་པ་དང་། ཁམས་གསུམ་

ལས་འདའ་བ་དང་། འཇིག་རྟེན་པའི་སྙོམས་པར་འཇུག་པ་ཟིལ་གྱིས་མནན་པ་དང་། དེ་ལ་མ་ཆགས་པར་འགྱུར་བ་དང་། བསམ་གཏན་ཟློག་པ་དང་། དངོས་པོའི་འདུ་ཤེས་དང་འབྲལ་བ་དང་། ཚད་ཡོད་པའི་ཏིང་ངེ་འཛིན་ལ་སྨོན་པ་དང་། ཤིན་ཏུ་ཞི་བ་དང་། ཅང་

ཤེས་པ་དང་། དབང་པོ་བསྡམས་པའོ། །ཤེས་རབ་ཀྱི་ནི་གཏི་མུག་སེལ་བ་དང་། ཉོན་མོངས་པ་སེལ་བ་དང་། མི་ཤེས་པ་མེད་པ་དང་། མ་རིག་པ་དྲུངས་འབྱིན་པ་དང་། སྲེད་པ་འཇོམས་པ་དང་། ཤེས་རབ་རྡོ་རྗེ་ལྟ་བུ་དང་། ཤེས་རབ་ཉི་མ་ལྟ་བུ་དང་། ཤེས་རབ་མེ་ལྟ་བུ་

དང་། ཤེས་རབ་ནོར་བུ་ལྟ་བུ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྟོང་པ་ཉིད་དོ། །སེམས་ཅན་ཐམས་ཅད་འཁོར་ལོས་སྒྱུར་བའི་བསོད་ནམས་དང་ལྡན་པའི་བསོད་ནམས་བརྒྱ་འགྱུར་གྱིས་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་འགྲུབ། བ་སྤུའི་བསོད་ནམས་ཐམས་ཅད་བརྒྱར་

འགྱུར་བས། དཔེ་བྱད་གཅིག །དེ་ནས་མཚན། དེ་ནས་གཙུག་ཏོར། དེ་ནས་ཆོས་ཀྱི་གཡུང་དྲུང་སྟེ། དེས་ནི་སེམས་ཅན་ཐམས་ཅད་ཀྱིས་ཞུས་ན་ཡང་གསུང་གཅིག་གིས་ལན་ཐེབས་སོ། །ང་མྱ་ངན་ལས་འདས་ནས་རྒྱལ་པོ་མ་སྐྱེས་དགྲས་སྐུ་གདུང་བརྒྱད་ཆ་བླངས་ནས་རིན་པོ་ཆེའི་

Vol. 204 · folio 281a

ཟ་མ་ཏོག་ཏུ་བཅུག་ནས། གྲོང་ཁྱེར་གྱི་ཕྱི་རོལ་དུ་རྒྱལ་པོ་མྱ་ངན་མེད་འབྱུང་བ་ལ་བསྡད་པར་ས་བརྐོས་ནས་འཇོག་པར་འགྱུར་རོ། །རྒྱལ་པོ་མྱ་ངན་མེད་ནི་ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ནས་འབྱུང་ངོ་། །དེ་ནས་ངའི་རིང་བསྲེལ་བྱུང་ནས་ཞག་བདུན་

མཆོད་དེ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བྱེད་པར་འགྱུར་རོ། །གང་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། གྲོག་པ་ལ་སོགས་པ་དེ་ནི་ང་ཡང་སྐྱེད་མོས་ཚལ་འདི་ནི་ཆོས་ཀྱི་རྣམ་པ་འདི་སྟོན་པ་དང་། འཁོར་འདུས་པ་འདི་ཡང་མཐོང་བར་ཤེས་པར་བྱའོ། །འཇིག་རྟེན་དང་མཐུན་

པར་འཇུག་པ་ལས། དེ་དག་སྣ་ཚོགས་སྐུ་མེད་ཀྱང་། །སེམས་ཅན་མོས་པ་ཇི་བཞིན་དུ། །སྐུ་ལུས་སྤྲུལ་པ་མཛད་པ་ནས། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །བདུད་ནི་བྱེ་བ་ཕྲག་བརྒྱ་ཡིས། །དགེ་འདུན་དབྱེ་བར་མི་ནུས་ཀྱང་། །དགེ་འདུན་དབྱེན་ནི་སྟོན་མཛད་པ། །འདི་ནི་འཇིག་

རྟེན་མཐུན་འཇུག་ཡིན། །སྲིད་པ་འཕོ་བ་ལས། རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱའོ། །རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱའོ། །མིག་གིས་གཟུགས་རྣམས་མི་མཐོང་ཞིང་། །ཡིད་ཀྱིས་ཆོས་རྣམས་མི་རིག་པ། །དེ་ནི་བདེན་པ་མཆོག་

ཡིན་ཏེ། །དེ་ལ་འཇིག་རྟེན་མི་དགོས་སོ། །བྱམས་པ་འཇུག་པ་ལས། ནོར་ཀུན་དུ་བསྲུང་ལ་བགོ་བཤའ་མི་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པའི་བསླབ་པ་ཇི་ལྟར་བཅས་པ་ལ་བསླབས་སུ་ཟིན་ཀྱང་། དེ་ཉན་ཐོས་

ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་སམ། དམིགས་པར་ལྟ་བ་དང་། ལྷན་ཅིག་རྟེན་པར་བྱེད་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལས་ཉམས་པར་འགྱུར་རོ། །སྟོང་པ་ཉིད་མི་བཟོད་པ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །འདི་ལ་ནི་ཡོན་དབུལ་ལོ། །འདི་ལ་ནི་མི་དབུལ་

ལོ་སྙམ་པ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །འདི་ལ་ནི་ཆོས་བཤད་དོ། །འདི་ནི་ཚུལ་ཁྲིམས་འཆལ་པའོ། །འདི་ནི་མི་འཆལ་པའོ་ཞེས་ཕྱེ་ནས་འཆལ་པ་ལ་བརྙས་པར་བྱེད་ན་བྱང་ཆུབ་སེམས་དཔའི་ཉེས་པའོ། །བག་ཡོད་པ་གང་ཞེ་ན། བསླབ་པ་མི་གཏོང་བ་དང་། དམ་བཅས་

Vol. 204 · folio 281b

པ་མི་ཉམས་པ་དང་། སེམས་ཅན་ཀུན་ལ་བྱམས་པ་དང་། སེམས་ཅན་མི་གཏོང་བ་དང་། བྱང་ཆུབ་ལ་འདུན་པ་བརྟན་པ་དང་། བརྩོན་པ་མི་གཏོང་བ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་ཅིང་བསྙེན་བཀུར་བྱེད་པ་དང་། ཆོས་ལ་གུས་པ་དང་། ཐོས་པ་མང་པོས་ཆོག་མི་ཤེས་པ་དང་།

གཞན་ལ་ཆོས་བགོ་བཤའ་བྱེད་པ་དང་། ཟང་ཟིང་མེད་པར་ཆོས་སྟོན་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་རྣམས་མི་གཏོང་བ་དང་། ཆོག་ཤེས་པ་དང་། ང་རྒྱལ་བཅོམ་པ་དང་། རྣ་བླགས་ཏེ་ཆོས་ཉན་པ་དང་། བླ་མ་ལ་གུས་པ་དང་། བཟོད་པ་ལ་གནས་པ་དང་། གནོད་

སེམས་ཀྱི་ཐ་བ་སྤངས་པ་དང་། ཆོས་ཟབ་མོ་ལ་མོས་པ་དང་། དམིགས་པར་ལྟ་བ་སྤངས་པ་དང་། ནང་དུ་ཡང་དག་འཇོག་ལ་འདུན་པ་དྲག་པ་དང་། བྲེ་མོའི་གཏམ་སྡང་བ་དང་། ལུས་དང་སེམས་དབེན་པར་གནས་པ་དང་། དགོན་པ་ལ་གནས་པ་དང་། སེམས་མཉེན་པ་དང་། ཚུལ་ཁྲིམས་མཆོག་

ཏུ་མི་འཛིན་པ་དང་། བདག་ལ་མི་བསྟོད་པ་དང་། གཞན་ལ་མི་སྨོད་པ་དང་། དགེ་སྦྱོང་གི་ཚུལ་ལ་དགའ་བ་དང་། གསང་པོར་སྨྲ་བ་དང་། བཞིན་ཁྲོ་གཉེར་མེད་པའོ། །ཡང་ཉན་ཐོས་ཀྱི་སེམས་དང་། དམིགས་པ་ཅན་གྱི་སེམས་ཐ་ན་རྨི་ལམ་དུ་ཡང་ཡིད་ལ་མི་བྱེད་པ་ནི་བག་ཡོད་པའོ། །དེ་བཞིན་

གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་པ་ལས། དེ་བཞིན་གཤེགས་པའི་ལྷའི་སྤྱན་གྱིས་སེམས་ཅན་གྱི་འཆི་འཕོ་དང་སྐྱེ་བ་གཟིགས་སོ། །དམིགས་པ་ཚད་མེད་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རྟོགས་པས། ཀུན་ནས་ཉོན་མོངས་པ་ལ་དམིགས་པ་རྣམ་པར་བྱང་བ་ལ། རྣམ་པར་འཇོག་པ་

ཡང་ཡོད། ལྷག་པའི་ང་རྒྱལ་གྱིས་འཛིན་པས་རྣམ་པར་བྱང་བ་ལ་ཀུན་ནས་ཉོན་མོངས་པ་ལ་དམིགས་པར་རྣམ་པར་འཇོག་པ་ཡོད་དེ། དེ་ལ་སྣྲེལ་ཞིའི་རྣམ་གྲངས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་འཇུག་གོ། །ཀུན་ནས་ཉོན་མོངས་པའི་རྒྱུ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །རྐྱེན་

ནི་མ་རིག་པའོ། །མ་རིག་པ་ནི་རྒྱུའོ། །འདུ་བྱེད་ནི་རྐྱེན་ནོ། །དེ་བཞིན་དུ་བསྒྲེ། རྣམ་པར་དག་པར་འགྱུར་བའི་རྒྱུ་དང་རྐྱེན་ནི་གཉིས་ཏེ་གཞན་ལ་རྗེས་སུ་མཐུན་པའི་སྒྲ་དང་། རང་གི་ཚུལ་བཞིན་ཡིད་ལ་བྱེད་པའོ། །ཡང་གཉིས་ཏེ། ཞི་གནས་ལ་རྩེ་གཅིག་པ་དང་། ལྷག་མཐོང་ལ་མཁས་

Vol. 204 · folio 282a

པའོ། །ཀུན་དུ་འགྲོ་བ་ལ་མཁྱེན་པ་ནི་ལུས་ཀྱི་ལས་སྦྱོར་ལ་ངག་གི་མ་ཡིན་པ་ཡང་མཁྱེན་ཏོ། །དེ་བཞིན་དུ་བསྒྲེ། ཡང་འདོད་ཆགས་ཀྱི་ལམ་སྡུག་པ་རྣམས་ལས་སྐྱེ་བ་ཡང་ཡོད། རྗེས་སུ་ཆགས་པ་ལས་སྐྱེ་བ་ཡང་ཡོད། བདག་ཆགས་པ་ལས་སྐྱེ་བ་ཡང་ཡོད་དོ། །

ཞེ་སྡང་ཁོང་ཁྲོ་བ་ལས་སྐྱེ་བའི་རྒྱུ་ཡང་ཡོད། བསམ་པ་ཡོངས་སུ་མ་རྫོགས་པ་ལས་སྐྱེ་བ་ཡང་ཡོད། བག་ཆགས་ལས་སྐྱེ་བ་ཡང་ཡོད་དོ། །གཏི་མུག་མ་རིག་པའི་རྒྱུ་ལས་སྐྱེ་བ་ཡང་ཡོད། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ལས་སྐྱེ་བ་ཡང་ཡོད། ཐེ་ཚོམ་གྱི་རྒྱུ་ལས་སྐྱེ་བ་ཡང་ཡོད་

དོ། །གང་ཟག་བསམ་པ་དམན་པ་ལ་སྦྱོར་བ་རྒྱ་ཆེ་བ་ཡང་ཡོད། དེ་བཞིན་དུ་བསྒྲེ། སེམས་ཅན་གང་དག་སྣོད་མིན་པ། །དེ་ལ་སངས་རྒྱས་བཏང་སྙོམས་མཛད། །གང་གི་དུས་ན་འགྲོལ་འགྱུར་བ། །དེ་ཡི་དུས་ལ་རབ་ཏུ་གཞེས། །འཆགས་པའི་ཚུལ་ཁྲིམས་ཀྱིས་ལྷ་དང་

མིར་སྐྱེ་བ་དང་། གནོད་སེམས་ཀྱིས་མཛེས་པ་དང་། ལེ་ལོས་མངོན་པར་རྟོགས་པ་དང་། གཡེང་བས་ངེས་པར་འགྱུར་བ་དང་། དམིགས་པ་ཅན་གྱིས་རྗེས་སུ་མཐུན་པའི་བཟོད་པ་འཐོབ་པ་དང་། བུད་མེད་ཀྱི་ལུས་མཛེས་པར་འཁོར་ལོས་སྒྱུར་བ་དང་། བརྒྱ་བྱིན་དང་། ཚངས་པ་

དང་། སངས་རྒྱས་སུ་འཇིག་རྟེན་དུ་འབྱུང་བ་དང་། བྱང་གི་སྒྲ་མི་སྙན་པ་ལོག་པར་ལྟུང་བ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་མ་རྟོགས་པར་དེ་བཞིན་གཤེགས་པའི་ཐུགས་ཀྱི་རྒྱུ་བ་ཤེས་པ་དང་། དེ་བཞིན་གཤེགས་པ་ལ་མཉམ་པར་བཞག་པ་ནི་གནས་མེད་དོ། །སྐྱེས་བུ་

ཁ་དོག་ལྔ་ཅན་དུ། །ནམ་མཁའ་གཟུགས་སུ་བྱེད་ཀྱང་སྲིད། །སངས་རྒྱས་གནས་མིན་བཤད་པ་འདི། །གནས་སུ་འགྱུར་བ་མི་སྲིད་དོ། །ནང་ནི་ཞི་བའོ། །ཕྱི་ནི་ཉེ་བར་ཞི་བའོ། །ཟག་པ་བཞི་ནི་འདོད་པ་དང་། སྲིད་པ་དང་། མ་རིག་པ་དང་ལྟ་བའོ། །ཉེ་བར་ལེན་པ་

བཞི་ནི། འདོད་པ་དང་། ལྟ་བ་དང་། བདག་ཏུ་ལྟ་བ་སྨྲ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །སྔོན་དྲི་མཆོག་གི་བསྐལ་པ་ལ། འཇིག་རྟེན་གྱི་ཁམས་དྲི་ལྡན་དུ། དེ་བཞིན་གཤེགས་པ་ཙན་དན་ཁྱིམ་འཇིག་རྟེན་དུ་བྱུང་བ་དེ་མྱ་ངན་ལས་

Vol. 204 · folio 282b

འདའ་ཁར་གང་ཞིག་གདུལ་བར་བྱ་ཞེས་འཇིག་རྟེན་ལ་གཟིགས་པ་དང་། སྲིད་པའི་རྩེ་མོ་ན་སེམས་ཅན་དགེ་བའི་རྩ་བ་བསྐྱེད་པ་རྒྱ་ཆེན་པོ་ལ་མོས་པ་སངས་རྒྱས་ཀྱིས་གདུལ་བྱ་གཅིག་ཅིག་འདུལ་བ་དེ་ལ། བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་གནས་ནས་མིར་སྐྱེ་སྟེ། དེ་ནས་

ཤི་འཕོས་ཏེ་མིར་སྐྱེས་ནས་འདོད་པ་ལ་མ་བརྩེས་པ་ཐེག་པ་ཆེན་པོ་ཐོས་པ་ལྟ་ན། བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་པར་འགྱུར་བ་གཟིགས་སོ། །དེ་ནས་སངས་རྒྱས་དེ་ཐུགས་རྗེ་དང་ཐབས་ལ་མཁས་པས། དགེ་སློང་དག་ལ་དེང་ཡོངས་སུ་མྱ་ངན་ལས་འདའོ་

ཞེས་མྱ་ངན་ལས་འདས་པ་ཆེན་པོ་བསྟན་ཏེ། སྐུ་གདུང་གིས་ཀྱང་རྒྱས་པར་གྱུར་ཏོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲི་བཞི་སྟོང་དུ་གནས་སོ། །བཅོམ་ལྡན་འདས་དེ་ཏིང་ངེ་འཛིན་གྱི་མཐུས་བསྐལ་པ་བརྒྱད་ཅུ་རྩ་བཞིར་སྐུ་མི་སྣང་བར་གྱུར་ཏོ། །དེ་ནས་སེམས་

ཅན་མིར་སྐྱེས་ཏེ་ལོ་བརྒྱད་ལོན་པ་དང་། སངས་རྒྱས་ཀྱི་ཁ་དོག་དང་གཟུགས་ཀྱིས་དེར་གཤེགས་ནས། ཁྱེའུ་དེ་ལ་ཆོས་བཤད་ཅིང་ལུང་བསྟན་ཏེ། དེའི་ཚེ་ཁྱེའུ་དེ་མ་གཏོགས་པ་མིར་གྱུར་པ་གང་གིས་ཀྱང་དེ་བཞིན་གཤེགས་པ་དེ་མ་མཐོང་ངོ་། །དེ་ནས་ཡང་མྱ་ངན་ལས་འདས་

པ་བསྟན་ཏེ། སྐུ་གདུང་ནི་ལྷ་རྣམས་ཀྱིས་མཆོད་དོ། །ཉི་ཟླ་གཅིག་གིས་མུན་པ་ཐམས་ཅད་སེལ་བ་ལྟར་དགེ་བའི་རྩ་བ་ལྷག་མཐོང་དང་ལྡན་པ་གཅིག་གིས་མི་ཤེས་པའི་མུན་པ་ཐམས་ཅད་སེལ་བ་སྟེ། བྱང་ཆུབ་སེམས་དཔའི་རྒྱན་ནི་བཞི་སྟེ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་

དང་། ཤེས་རབ་དང་། གཟུངས་སོ། །ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་ལ་གནོད་པ་མི་བྱེད་པའོ། །ཏིང་ངེ་འཛིན་ནི་བྱམས་པའོ། །ཤེས་རབ་ནི་ཐེ་ཚོམ་མེད་པའོ། །གཟུངས་ནི་དྲི་བ་བརྗོད་དུ་མེད་པའོ། །ས་གཞི་བཻ་ཌཱུརྱ་དཀར་པོའི་དབྱིངས་སུ་འདུག་པ། སངས་

རྒྱས་རྟག་ཏུ་མཉམ་པར་གཞག །དེ་ཡི་ཏིང་འཛིན་ཉམས་པ་མེད། །ཆོས་རྣམས་ཀུན་དང་མཉམ་པར་ལྡན། །ས་ཆུ་མེ་ལ་མ་ཡིན་ཏེ། །རླུང་དང་འདོད་ཁམས་གཟུགས་མེད་ལ། །རྒྱལ་བ་གནས་ཏེ་བསམ་གཏན་མིན། །ལྷག་པའི་ཚུལ་ཁྲིམས་ནི་ཐམས་ཅད་མཁྱེན་པའི་སེམས་

Vol. 204 · folio 283a

མི་མཐོང་བ་དང་། མངོན་པར་འདུ་བྱེད་པ་ཐམས་ཅད་རྣམ་པར་སྤོང་བའོ། །ལྷག་པའི་སེམས་ནི་ཏིང་ངེ་འཛིན་ལ་རབ་ཏུ་གནས་ནས་ཤེས་རབ་འཐོབ་བོ། །ལྷག་པའི་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་སོ་སོ་ཡང་དག་པར་རིག་པ་འཐོབ་པོ།

མ་ཐོས་པའི་ཆོས་ཉན་པ་ནི་ཤེས་རབ་ཀྱི་རྩ་བའོ། །ཐོས་པའི་ཆོས་གཞན་ལ་སྟོན་པ་ནི་ཤེས་རབ་ཀྱི་ལས་སོ། །འདི་ལ་བུདྡྷའི་ཆོས་དང་ཡིག་འབྲུ་བཤད་པ་རིལ་འབྱུང་། བདུད་རྩི་བརྗོད་པ་ལས། བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་ན་བདུད་ཀྱིས་མི་བརྫི་བ་དང་། ཚེ་རིང་བ་དང་།

མྱུར་དུ་སངས་རྒྱས་སུ་འགྲུབ་སྟེ། ལྔ་ནི་རྟག་ཏུ་སེམས་ཅན་ལ་ཆོས་སྦྱིན་པ་དང་། སེམས་ཅན་ལ་མི་འཇིགས་པ་སྦྱིན་པ་དང་། ཚད་མེད་པ་བཞི་སྒོམ་པ་དང་། མཆོད་རྟེན་རྙིང་པ་འཆོས་པ་དང་། སེམས་ཅན་ཀུན་བྱང་ཆུབ་ཀྱི་སེམས་ལ་མོས་པར་བྱེད་པའོ། །འཇམ་དཔལ་

གྱིས་ཞུས་པ་ལས། རྒྱུ་གཉིས་ཀྱིས་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྨོན་ལམ་གྱི་དབང་དང་། གདུལ་བའི་སེམས་ཅན་གྱི་དགེ་བ་ཡོངས་སུ་སྨིན་པའི་དབང་གིས་ཏེ། སྐུ་ཇི་ལྟར་གསུང་དང་།

མཚན་དང་ཆོས་སྟོན་པ་ལ་སོགས་པ་ཡང་དེ་དང་འདྲ་སྟེ། སེམས་ཅན་རྣམས་ཀྱིས་དེ་ལྟར་ཤེས་སོ། །དཀྱིལ་འཁོར་བརྒྱད་པ་ལས། དེས་ནི་ལྕི་བ་སར་བསྲེས་བའི། །དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ། །སེམས་ཅན་ཀུན་དང་ཐུན་མོང་དུ། །འདས་པའི་སངས་རྒྱས་

གང་ཡིན་དང་། །གང་དག་མ་འོངས་ད་ལྟར་བྱུང་། །བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། རང་སངས་རྒྱས་གང་དག་ཡོད་པ། །དེ་དག་རྣམས་ལ་ཡོངས་སུ་བསྔོ། །དེ་ནས་དཀྱིལ་འཁོར་འཁོར་ཡུག་ཏུ། །འཁོར་གྱི་དཀྱིལ་འཁོར་རྣམས་བྱ་སྟེ། །འཇིག་རྟེན་དབང་

ཕྱུག་བྱམས་པ་དང་། །ཐུབ་པ་སྐྱེས་མཆོག་ནམ་མཁའ་དང་། །ཀུན་དུ་བཟང་པོ་བློ་ལྡན་དང་། །གསང་བ་ཡི་ནི་བདག་པོ་དང་། །འཇམ་དཔལ་གཞོན་ནུར་གྱུར་པ་དང་། །སྒྲིབ་པ་ཐམས་ཅད་རྣམ་སེལ་དང་། །དེ་བཞིན་ས་ཡི་སྙིང་པོ་སྟེ། །དེ་དག་གི་ཆེད་དུ་དཀྱིལ་འཁོར་

Vol. 204 · folio 283b

བརྒྱད་བྱའོ། །འདི་བྱས་ན་ཡོན་ཏན་བཞི་འཐོབ་སྟེ། ཚེ་རབས་ཐམས་ཅད་དུ་ཆོས་དང་ལྡན་པའི་སེམས་དང་མི་འབྲལ་བ་དང་། འཁོར་མང་པོ་དང་། ཡོ་བྱད་ཕུན་སུམ་ཚོགས་པ་དང་། ལུས་སྲ་ཞིང་བརྟན་པའོ། །ཆོས་ཀྱི་ཕུང་པོ་ལས། ཟ་མའམ་མ་ནིང་གིས་བུད་མེད་སྡུ་

གུ་མཐོང་ནས་འདོད་ཆགས་སྐྱེས་པས། ཕལ་ཆེར་ནད་ཀྱིས་བཏབ་ཅིང་འབྱིན་པ་རེངས་པར་འགྱུར་ཏེ། དེ་དག་གི་ལུས་ཁུ་ཆུ་རྒྱས་པས་དེ་ལྟར་འགྱུར་རོ། །ཟ་མ་དང་མ་ནིང་ལས་མཐོ་རིས་སུ་འགྲོ་བ་ནི་ཉུང་སྟེ། ཕལ་ཆེར་དམྱལ་བར་འགྲོའོ། །འཁོར་བཞི་པོ་གང་དག་

འདོད་ཆགས་དང་མི་གཙང་བའི་ཉེས་དམིགས་མི་ཤེས་པ་དེ་དག་ནི་ཆགས་པས་གདུངས་པས་མདོག་ངན་ཅིང་མི་སྡུག་གོ། །ཤེས་པ་ནི་དེ་ལས་བཟློག་པའོ། །སྐྱེས་པ་ལྟ་བུ་མ་ཡིན་པ་སྲིན་བུའི་རིགས་ལྔ་བུད་མེད་ལ་ཡོད་དེ། དེ་དག་ནི་བུད་མེད་ཀྱི་གཅི་བའི་ལམ་ན་གནས་

ཏེ། རེ་རེ་ལ་ཡང་སྲིན་བུ་བརྒྱད་ཅུ་བརྒྱད་ཅུ་ཡོད་ལ། མཆུ་རྣོ་ཞིང་མཆུ་ཁ་གཉིས་ཡོད་པས་རྟག་ཏུ་བུད་མེད་ཀྱི་ལུས་ལ་ཟའོ། །དེས་ན་དེ་དག་གང་ཡིན་སྤྱོད་པ་སྟེ། འདོད་པས་ངོམས་མི་མྱོང་ངོ་། །འཆལ་བའི་ཚུལ་ཁྲིམས་ཀྱི་ཉེས་པ་ནི་བཅུ་སྟེ། འཆི་བའི་ཚེ་གདུང་བ་དང་།

འགྱོད་པར་འགྱུར་བ་དང་། མནར་མེད་པར་འགྲོ་བས་འཇིགས་པ་དང་། །ཁྲིམས་ལ་སྐུར་པ་འདེབས་པ་དང་། སངས་རྒྱས་ཀྱིས་སྤངས་པ་དང་། ཉན་ཐོས་ཀྱིས་སྤངས་པ་དང་། འཆི་བའི་ཚེ་འཇིགས་པ་དང་བཅས་པ་དང་། ངན་འགྲོར་འགྲོ་བ་དང་། མི་ལུས་

འཐོབ་པར་དཀའ་བ་དང་། ལྷ་རྣམས་ཀྱིས་སྤངས་པའོ། །བུད་མེད་ཀྱི་སྣའི་ནང་ན་སྲིན་བུའི་ཚོགས་ཁ་རྫོགས་ཞེས་བྱ་བ་དག་ཡོད་དེ། དེ་དག་བུད་མེད་ཀྱི་ཁ་སྤུ་ལ་ཟ་བས་བུད་མེད་ཀྱི་ཁ་སྤུ་མི་སྐྱེའོ། །བུད་མེད་ལ་སྲིན་བུའི་ཚོགས་ཨ་བ་རོ་ཕེན་ཞེས་བྱ་བ་ཡོད་པས།

བུད་མེད་ཀྱི་ཁ་ལ་ཟ་སྟེ། དེས་ན་མགུལ་བ་དམའ་བ་ཡིན་ནོ། །བུད་མེད་ཀྱི་ཁར་བཅུག་པ་ཡང་དང་པོར་དེ་དག་གིས་ཟོས་ནས་ཉལ་ཉིལ་ནུ་མའི་དྲུང་དུ་འདོར་ཏེ། དེས་ན་ནུ་མ་འཕྱང་བ་ཡིན་ནོ། །བུད་མེད་སྦྲུམ་ན་སྲིན་བུ་དེ་དག་ཀྱང་སྦྲུམ་སྟེ། དེས་ན་ནུ་ཞོ་མང་བ་ཡིན་

Vol. 204 · folio 284a

ནོ། །བུད་མེད་འདོད་ཆགས་མི་བཟོད་པས་ན་བསླབ་པའི་གཞི་ལྷག་མ་བཅའ་བར་མཛད་དོ། །ཡི་གེ་མེད་པའི་ཟ་མ་ཏོག་ལས། བྱང་ཆུབ་སེམས་དཔས་རྟག་ཏུ་ནན་ཏན་དུ་བསྲུང་བར་བྱ་བའི་ཆོས་གཅིག་སྟེ་གང་ཞེ་ན། གང་བདག་མི་འདོད་པ་དེ་གཞན་

ལ་མི་བྱའོ། །གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དེ། འཆི་བའི་དུས་ཀྱི་ཚེ་ང་ཉིད་བྱང་ཆུབ་སེམས་དཔའ་འདི་དག་ཉིད་དང་ཐབས་ཅིག་བྱ་རྒོད་ཕུང་པོའི་རི་ལ་གནས་པར་མཐོང་བར་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་བསྟན་པ་ལས། སུས་འདུ་བྱེད་ཐམས་ཅད་མི་

སྐྱེ་བར་མཐོང་བས་སྡུག་བསྔལ་ཤེས་སོ། །ཆོས་ཐམས་ཅད་འབྱུང་བ་མེད་པར་མཐོང་བས་ཀུན་འབྱུང་སྤངས་སོ། །ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདས་པར་མཐོང་བས་འགོག་པ་མངོན་སུམ་དུ་བྱས་སོ། །ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་བས་ལམ་

བསྒོམས་སོ། །འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་རིན་པོ་ཆེ་མཐར་ཕྱིན་པ་ལས། བུད་མེད་ཀྱི་ལུས་དེ་ཉིད་ཀྱིས་བརྒྱ་བྱིན་དང་ཚངས་པ་དང་། འཁོར་ལོས་སྒྱུར་བ་དང་། དེ་བཞིན་གཤེགས་པར་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་གཅིག་ཏུ་དེ་བཞིན་

གཤེགས་པ་གཉིས་འབྱུང་བ་གནས་མ་ཡིན་ནོ། །ཆ་བཞི་དང་། དྲུག་པ་དང་། ཆ་བརྒྱད་པ་དང་། ཆ་བཅུ་དྲུག་པ་དང་། ཟུར་གསུམ་པ་དང་། མོའི་སྒྲ་དང་། མོའི་དབྱངས་དང་། མོའི་སྤ་བ་དང་། མོའི་ཚུལ་དང་། ཀུན་དུ་སྤྱོད་པ་ནི་མོའི་དབང་པོ་ཞེས་བྱ་སྟེ། ཕོའི་ཡང་དེ་དང་འདྲའོ། །

བྱང་གི་སྒྲ་མི་སྙན་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ཐུབ་སྟེ། དུས་མ་ཡིན་པར་འཆི་བ་ཡང་ཡོད་དོ། །འདོད་པའི་ཁམས་ཀྱི་ལྷ་དྲུག་དང་། གཟུགས་ཀྱི་ཁམས་ཀྱི་གནས་བཅུ་བདུན་དང་། གཟུགས་མེད་པ་བཞི་ལ་ཡང་དུས་མ་ཡིན་པར་འཆི་བ་ཡོད་པར་འབྱུང་། དམྱལ་བའི་

རིས་ལ་ཡང་བར་མདོར་འཆི་བ་ཡོད་པར་འབྱུང་ངོ་། །འཆི་བ་ན་སྐྱེ་བའི་མཚན་མ་ལམ་རྒྱུད་ལྔ་གང་གི་མཚན་མ་མཐོང་བ་དེར་སྐྱེ་བ་འབྱུང་། ཟན་ལ་བོད་པ་ལ་ཚུལ་ཤིང་བྲིམ་པ་འབྱུང་། མཽད་གལ་གྱི་བུས་ཤཱ་རིའི་བུའི་སྣམ་སྦྱར་མྱུར་བར་བྱས་ནས། བཅོམ་ལྡན་འདས་

Vol. 204 · folio 284b

ཀྱི་ཐད་དུ་འགྲོ་བར་བྱ་བའི་ཕྱིར་སོར་མོ་ལྔས་ཁབ་ལྔས་དྲུབས་པ་བྱུང་། བྱང་ཆུབ་སེམས་དཔའ་ཡོངས་སུ་འདྲི་བའི་རང་བཞིན་ཅན་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ང་རྒྱལ་བསྐྱེད་པས་བརྙས་པ་ཐོབ་

འགྱུར་ལ། །ང་རྒྱལ་སྤངས་པ་བཀུར་སྟི་འཐོབ་པར་འགྱུར། །བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ང་རྒྱལ་སྤང་བར་བྱ། སེམས་ཅན་ཐམས་ཅད་ལ་ཡོན་གནས་ཀྱི་སེམས་ཉེ་བར་གཞག་པར་བྱ། བྱང་ཆུབ་ཀྱི་སེམས་མི་

གཏོང་བར་བྱ། དགེ་བའི་བཤེས་གཉེན་མགུ་བར་བྱ། །ཆོས་བཙལ་བ་ལ་ཆོག་མི་ཤེས་པར་བྱ། མང་དུ་ཐོས་པ་ལ་བརྩོན་པར་བྱ། བསྟན་བཅོས་ཤིན་ཏུ་བརྟགས་པ་དག་ཀྱང་བཙལ་བར་བྱ། སོ་སོའི་གྲུབ་པའི་མཐའ་རྟོགས་པ་ལ་ཡང་བསླབ་པར་བྱ། དོན་

དང་ལྡན་པའི་བསྟན་བཅོས་བཙལ་བར་བྱ་ཞིང་དོན་མེད་པའི་བསྟན་བཅོས་འདི་ལྟ་སྟེ། འཇིག་རྟེན་རྒྱང་ཕན་པ་དང་། བྱད་སྟེམས་ཀྱི་དང་། གཞོན་ནུ་རྩེ་བའི་བསྟན་བཅོས་དང་། རྒྱན་པོའི་བསྟན་བཅོས་དང་། ཉོ་ཚོང་གི་དང་། འཁྲིག་པའི་བར་དང་། རིག་

བྱེད་ཀྱི་བསྟན་བཅོས་ལ་སོགས་པ་གང་རྣམ་པར་ཐར་པ་དང་མི་མཐུན་པ་ཐམས་ཅད་ནི་སྤང་བར་བྱའོ། །བྱང་ཆུབ་སེམས་དཔས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་ལ་བསྟན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་འཆལ་པ་དང་། ལོག་པར་ལྟ་བ་

ནི་བྱང་ཆུབ་སེམས་དཔའི་མི་དགེ་བའི་བཤེས་གཉེན་མ་ཡིན་གྱི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ནི་ཡིན་ནོ། །ཚུལ་ཁྲིམས་འཆལ་པ་དང་། ལོག་པར་ལྟ་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གཞག་པར་མི་ནུས་ཀྱི། ཉན་ཐོས་དང་རང་སངས་

རྒྱས་ཀྱི་ཐེག་པ་པས་ནི་བྱང་ཆུབ་སེམས་དཔའ་ཟག་པ་མེད་པའི་ཡེ་ཤེས་ལ་འཇུག་པར་ནུས་སོ། །སྔོན་འཛམ་བུའི་གླིང་འདི་དག་གི་ཚད་ཁྲི་ཕྲག་བཞི་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་བསྟན་བཅོས་ཐམས་ཅད་ལ་མཁས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན།

Vol. 204 · folio 285a

ཐམས་ཅད་མཁྱེན་པ་ཉིད་ཀྱིས་རྩོམ་པ་ནི་འདི་ལྟ་སྟེ། བསྟན་བཅོས་ལ་མཁས་པ་ཡིན་ནོ། །ཆགས་པས་ནི་འགྲོ་བ་ལྔར་འགྲུབ་བོ། །ཞེ་སྡང་གིས་ནི་གསུམ་དུའོ། །གཏི་མུག་གིས་ནི་ལྔར་རོ། །དེ་ཅིའི་ཕྱིར་ཞེ་ན། ཞེ་སྡང་ནི་ངན་སོང་འབའ་ཞིག་

གི་ས་སྟེ། ལས་ལས་ཉོན་མོངས་པ་རྗེས་སུ་དཔག་སྟེ། ཉོན་མོངས་པ་འདས་པ་ལས་འདི་མངོན་པར་འདུས་བྱས་ཉོན་མོངས་པ་ལས་སེམས་རྗེས་སུ་དཔག་སྟེ། ཉོན་མོངས་པ་རབ་ཏུ་སྤྱོད་པ་ལས་ཆགས་པའམ། སྡང་བའམ་རྨོངས་པའི་སེམས་རྗེས་སུ་དཔག་

གོ། །སེམས་ལས་གང་ཟག་འབྱུང་བར་རྗེས་སུ་དཔག་སྟེ། དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་འགྲོ་བ་འདོད་པས་མཛད་དོ། །གང་ཟག་འདིས་ལས་འདི་མངོན་པར་འདུས་བྱས་པས་སེམས་ཅན་དཔའ་བར་འགྲོའོ། །སྔོན་བུདྡྷ་འཇིག་རྟེན་

གསུམ་གྱི་བླ་མས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྲམ་ཟེ་ཟླ་བའི་སྨིན་མ་ཞེས་བྱ་བར་གྱུར་པ་ལ། མ་འོངས་པ་ནི་བསྐལ་པ་བྱེ་བ་དྲུག་ཅུ་ན་བུདྡྷ་འཇིག་རྟེན་གསལ་མཛེས་ཞེས་བྱ་བར་འགྱུར་ཏེ། སྐུ་ཚེ་ནི་ལོ་བྱེ་བ་བརྒྱད་ཅུར་འགྱུར་བར་ལུང་བསྟན། སྔོན་

བུདྡྷ་གྲགས་མ་སྨིན་པའི་སྤྱན་སྔ་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་བླ་མ་ཞེས་བྱ་བར་གྱུར་པ་ན། ཡི་དམ་འདི་ལྟར་བཅས་ཏེ་ཇི་སྲིད་དུ་བདག་གིས་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་རྣམས་མངོན་པར་ཤེས་པ་མྱུར་བ། བདེ་བའི་

ལམ་གྱིས་མྱ་ངན་ལས་མ་འདས་པ་དང་། ངན་སོང་གསུམ་དུ་སྐྱེ་བ་དང་། སྡུག་བསྔལ་གྱི་སྒྲ་ཡོད་པ་དང་། སེམས་ཅན་ཐམས་ཅད་སྲིད་པ་ཐམ་པར་མ་གྱུར་པ་དེ་སྲིད་དུ་བདག་མངོན་པར་འཚང་མི་རྒྱའོ། །བྱང་ཆུབ་སེམས་དཔའ་གང་ཟག་དང་གྲོང་དང་། ཡུལ་གྱི་

ཐ་སྙད་དང་། འཇིག་རྟེན་གྱི་ཤེས་པ་ཐམས་ཅད་བསླབ་པར་བྱའོ། །བུདྡྷ་ཤཱཀྱ་ཐུབ་པ་སྔོན་སྟོན་པ་སྤྱན་བཟངས་ཞེས་བྱ་བར་གྱུར་པ་ན་འདོད་པའི་ཁམས་ཀྱི་སྐྱོན་གྱིས་གནོད་པ་ཁམས་གཉིས་ཀྱང་དེ་དང་འདྲ་བས་སེམས་ཅན་རྣམས་ལ་སྐྱབས་མེད་དེ། བདག་གིས་

Vol. 204 · folio 285b

ནི་འདུ་བྱེད་ཐམས་ཅད་ལ་གནས་པར་མི་བྱ་སྟེ། གནས་པ་མེད་ན་གཡོ་བར་མི་འགྱུར་རོ་སྙམ་མོ། །དེ་ཆོས་ཐམས་ཅད་ལ་མི་གནས་པའི་བསམ་གཏན་དུ་གྱུར་ནས། སེམས་ཅན་ལ་སྙིང་རྗེ་བའི་སེམས་ཐོབ་སྟེ། ཆོས་དེ་བསྟན་པས་སེམས་ཅན་བྱེ་བ་ཁྲག་ཁྲིག་མི་གནས་

པའི་མྱ་ངན་ལས་འདས་སོ། །བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་ནི་བདུད་ལྔ་ལས་རྒྱལ་བར་ནུས་སོ། །ལྔ་གང་ཞེ་ན། ཉོན་མོངས་པ་དང་། ལས་དང་། ཕུང་པོ་དང་། འཆི་བདག་དང་། ལྷའི་བུའི་བདུད་དོ། །སེམས་ཀྱི་དབང་གིས་ཆོས་ཐམས་ཅད་

སྐྱེ་སྟེ། སེམས་ཀྱི་དབང་གིས་ཆོས་ཐམས་ཅད་འགག་སྟེ། ཇི་ལྟ་ཇི་ལྟར་སེམས་ཀྱི་རྟོག་པ་དེ་ལྟ་དེ་ལྟར་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་སྟོན་པར་བྱེད་དོ། །ཚེའི་ཚད་ཀྱི་མདོ་ལས། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་སྟེ། བར་མ་དོར་

འཆི་བ་ནི་མེད་དོ། །སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ལས། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར་བའི་ལམ་ནི་བཞི་སྟེ། ཐམས་ཅད་མཁྱེན་པའི་སེམས་ཡོངས་སུ་མི་གཏོང་བ་དང་། དགེ་བའི་རྩ་བ་ཐམས་ཅད་ཚོལ་བ་ལ་ངོམས་མི་ཤེས་པ་དང་། དམ་པའི་

ཆོས་སྒྲུབ་པའི་ཕྱིར་བརྩོན་པའོ། །བཞི་པོ་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་མི་དཔོགས་པ་ཡིན་ཏེ། བསམ་གཏན་ཟློག་པ་དང་། སེམས་ཀྱི་རྣམ་པར་འབྱེད་པ་དང་། སེམས་ཅན་ལ་སྙིང་རྗེ་ཆེ་བ་དང་། སྤོབས་པ་དང་སྐད་སྣ་ཚོགས་

པའོ། །ཕན་ཡོན་བཞི་མཐོང་ན། ཐོས་པ་ཚོལ་བར་བྱེད་དེ། རང་དང་གཞན་གྱི་ཤེས་པར་སྦྱོར་བ་དང་། ཕྱོགས་བཞི་ནས་ལྷགས་པའི་ཐེ་ཚོམ་གཅོད་པ་དང་། དམ་པའི་ཆོས་འཛིན་པ་དང་། སངས་རྒྱས་ཀྱི་བསྔགས་པ་མི་ཟད་པའོ། །ཐོས་ནས་ཆོས་བྱེ་བྲག་ཏུ་འབྱེད་ཤེས་པ་དང་། ཐོས་

ནས་བྱ་བ་མི་བྱེད་པ་དང་། ཐོས་ནས་གཞན་ལ་སྟོན་པ་དང་། ཐོས་ནས་བྱང་ཆུབ་ལ་གཏོང་བར་བྱེད་པའོ། །བཞི་པོ་འདི་དག་ནི་ཆོས་སྨྲ་བའི་ཚིག་གཟུང་བར་འོས་པར་འགྱུར་ཏེ། འདོད་པ་ཆུང་བ་དང་། ཆོག་ཤེས་

Vol. 204 · folio 286a

པ་དང་། ངང་ཚུལ་བཟང་ཞིང་མཉེན་པ་དང་། རང་གི་ཆོས་སྒྲུབ་པའོ། །ཆོས་བཞི་དང་ལྡན་ན་སངས་རྒྱས་དང་ཕྲད་པར་འགྱུར་ཏེ། དྲན་པ་རྩེ་གཅིག་པ་དང་། སངས་རྒྱས་ཀྱི་བསྔགས་པ་ཡང་དང་ཡང་དུ་བརྗོད་པ་དང་། ཚུལ་ཁྲིམས་དག་པ་དང་།

ལྷག་པའི་བསམ་པས་སྨོན་ལམ་འདེབས་པའོ། །ཆོས་བཞིས་སྤོབས་པ་དག་འཐོབ་སྟེ། ཆོས་སྨྲ་བ་གཞན་གྱིས་བཤད་པ་དང་འགལ་བར་མི་བྱེད་པ་དང་། ཆོས་སྨྲ་བ་ལ་གུས་པ་དང་། ཞེས་དང་བཅས་པར་ཆོས་ཉན་པ་དང་། ཐོས་པས་ཁེངས་པ་མེད་པ་

དང་། ཐོས་པ་ཉུང་ངུ་ལ་བརྙས་པར་མི་བྱེད་པའོ། །ཆོས་བཞི་དང་ལྡན་ན་སྨོན་ལམ་འགྲུབ་སྟེ། ཚུལ་ཁྲིམས་དང་། བསླབ་པ་དག་པ་དང་། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་དང་། གཡོ་སྒྱུ་མེད་པ་དང་། དགེ་བའི་རྩ་བ་བསྐྱེད་པ་ལ་སེམས་པའོ། །འདུལ་

བ་གཞི་ལས། བལྟ་བས་མི་ངོམས་པ་ལྔ་སྟེ། རྒྱ་མཚོ་དང་། བ་གླང་ཅང་ཤེས་དང་། རི་རབ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། སངས་རྒྱས་སོ། །ཀླུ་ནི་གནས་སྐབས་ལྔ་རང་བཞིན་དུ་གནས་ཏེ། སྐྱེ་བ་དང་། འཆི་བ་དང་། ཟ་བ་དང་། གཉིད་ལོག་པ་དང་།

ཉལ་པོ་བྱེད་པའོ། །བུད་མེད་རང་བཞིན་གྱིས་མཁས་པ་ཁ་ཅིག་ནི་སྐྱེས་པ་གང་བདག་ལ་ཆགས་པ་དང་། དུས་དང་ཟླ་མཚན་འོང་བ་དང་། བུ་ཆགས་པ་དང་། གག་ལས་མངལ་དུ་ཞུགས་པ་དང་། བུ་ཕོ་མོ་ཤེས་ཏེ། ཕོ་ནི་གཡས་པར་རོ། །མོ་ནི་གཡོན་པར་རོ། །རང་

བཞིན་གྱི་མ་ནིང་ནི། ཐོག་མ་ནས་བུད་མེད་ཀྱང་མ་ཡིན་པའོ། །ཟླ་བ་ཕྱེད་པ་ནི་བུད་མེད། ཕྱེད་ནི་སྐྱེས་པར་འགྱུར་བའོ། །ཆགས་པའི་མ་ནིང་ནི། གང་ལ་ཕ་རོལ་ལ་ཆགས་ནས་དབང་པོ་འབྱུང་བར་འགྱུར་བའོ། །ཕྲག་དོག་པའི་མ་ནིང་ནི། ཕ་རོལ་ལོག་པར་སྒྲུབ་པ་མཐོང་

ནས་དབང་པོ་འགྱུར་བའོ། །ཉམས་པའི་མ་ནིང་ནི། ནད་ཀྱིས་དབང་པོ་ཉམས་པའམ། མཚོན་གྱིས་བཅད་པའོ། །སོར་མོའི་ཕྲེང་བ་ལས། ཉན་ཐོས་ཀྱི་ཐེག་པ་ལས། ཡིད་ཆེས་བསྟན་པ་གང་ཡིན་པ་ཡང་དེ་བཞིན་གཤེགས་པའི་སྙིང་པོའོ་ཞེས་བྱ་བའི་དོན་དེ་ཡིད་རང་

Vol. 204 · folio 286b

བཞིན་གྱིས་དག་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྙིང་པོའོ། །དེ་ནི་ཆོས་ཐམས་ཅད་ཀྱི་གཙོ་བོ་སྟེ། ཆོས་ཐམས་ཅད་ཀྱི་གོ་དེ་བཞིན་གཤེགས་པའི་སྙིང་པོའི་རང་བཞིན་ནོ། །འདི་ལྟ་སྟེ། རྒྱལ་པོ་གཞན་གྱིས་ཁྲིམས་བྱས་པ་ཐོས་ནས་བདག་ཉིད་ཀྱང་སྐྱེ་

དགུ་སྐྱོང་བ་དེ་བཞིན་དུ། ཁ་ཆེ་ཡུལ་གྱི་འཁོར་དང་། ཡུལ་བྷ་རུ་ཀ་ཙ་པ་རྣམས་ཀྱང་ངོ་ཚ་དང་། ང་རྒྱལ་བསྐྱེད་ནས་ཐེག་པ་ཆེན་པོས་འཇིགས་ཤིང་སྐྲག་པས་གསང་སྟེ་སྟོན་པར་འགྱུར་གྱི་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་མི་འགྱུར་རོ། །སྔོན་བསྐལ་པ་དཔག་ཏུ་

མེད་པའི་སྔོན་རོལ་དུ་བུདྡྷ་ཀོ་སན་ཏ་བཟང་པོ་མཉན་ཡོད་ཀྱི་དྲུང་དུ་བྱུང་བ་ན་དམ་པའི་ཆོས་ནུབ་ཀར་དགེ་སློང་སངས་རྒྱས་བློ་གྲོས་དགོན་པ་ན་གནས་པ་ལ་གཅིག་གིས་གཅིག་ལ་གོས་བཟང་པོ་ཞིག་བྱིན་པ་ནུབ་གཅིག་ནས་གཅིག་གིས་གོས་ཕྲོག་སྟེ་གཅེར་བུར་ཕྱུང་ནས་

ཤིང་ལ་བཏགས་སོ། །དེ་ནས་བྲམ་ཟེ་མེ་ཏོག་ཐུ་བ་ཞིག་གིས་མཐོང་ནས། ཀྱེ་མ་དགེ་སྦྱོང་ངུར་སྨྲིག་གིས་ནི་ཐར་པར་མི་འགྱུར་བ་ལྟ་ཞིག་སྙམ་ནས། གཅེར་བུར་བྱུང་ལ་དཀའ་ཐུབ་བྱས་ན་ངུར་བ་ལྟ་ཞེས་གཅེར་བུར་བྱུང་ནས་རྒྱུ་སྟེ། དེ་ནས་གཅེར་བུར་བྱུང་ངོ་། །དེ་ནས་

དགེ་སློང་དེ་བཅིངས་པ་ཁྲོལ་ནས་ལུས་ས་སེར་ཞིག་གིས་བྱུགས་ཏེ་འགྲོ་བ་དང་། ཆུར་ཞུགས་ཏེ་ཀླད་པའི་རྨ་བཀྲུས་ནས་རྩྭ་འཇམ་པོས་ཀླད་པ་བཀབ་པ་དང་། རང་གི་ལུས་རྨ་ཡོད་པ་སྐྲ་འཇམ་པོས་གཡོགས་པ་དང་། བ་ལང་གི་ལྕི་བ་བ་སོགས་ཏེ་མེ་ལྡེ་བ་དང་། རྨ་ལ་ཕོག་སྙམ་

བྱེད་པ། བྲམ་ཟེ་ཞིག་དང་ཤིང་ཐུན་ཞིག་དང་། ཉམ་ཐག་པ་གཞན་དག་ཅིག་གིས་མཐོང་ནས། སྔ་མ་བཞིན་བསམས་ཏེ་ཡ་མཚན་ཅན་ཀུན་དུ་རྒྱུ་དང་། དཀའ་ཐུབ་ཅན་རྩྭ་གོས་གྱོན་པ་དང་། ཕྱུགས་བདག་དང་བ་ལང་གི་ལྕི་བའི་རི་ལུ་ཅན་དང་། མྱ་ངན་དུ་འགྲོ་བ་བྱུང་།

དེ་ནས་མགོ་བྱུང་སྟེ། ཡ་མཚན་ཅན་དགུ་བཅུ་རྩ་དྲུག་པོ་ཐམས་ཅད་ཀྱང་དགེ་སློང་དེའི་སྤྱོད་ལམ་ལས་འཕྲོས་ཏེ་བྱུང་ངོ་། །འཕགས་པ་བདེ་བྱེད་ཀྱིས་ཞུས་པ་ལས། རིགས་ཀྱི་བུ་གང་སུ་ཡང་རུང་བ་དག་དེ་ལྟར་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་མི་འདོད་མི་དད་ལ་

Vol. 204 · folio 287a

སླར་ཟློག་པ་དང་། གཤེ་བ་དེ་ནི་དགེ་སྦྱོང་མ་ཡིན་པ་ཞེས་བྱ། མུ་སྟེགས་ཅན་ཞེས་བྱ། དམིགས་ཅན་ཞེས་བྱ། དཀྲུགས་མ་བ་ཞེས་བྱ། ངན་གཡོ་ཅན་ཞེས་བྱ། འཆལ་པ་ཞེས་བྱའོ། །སྐྱེ་བོ་རྨོངས་པ་ཁྲོས་པས་ཟིལ་ནོན་པ། །འཇིག་རྟེན་མཁས་པའི།

བསྟན་ལས་དེ་རིང་སྟེ། དེ་ནི་ལོག་ལྟ་རྣམས་ཀྱི་ནང་འཛིན་ཡིན། །དེ་ལྟ་བས་ན་མཁས་མིས་འཁྲུག་མི་བྱ། །འཕགས་པ་འཇམ་དཔལ་གྱིས་ཞུས་པ་ལས། འཇམ་དཔལ་རྒྱུ་གཉིས་ཀྱིས་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཁྱད་དུ་འཕགས་པ་ཡིན་ནོ། །རྒྱུ་གཉིས་གང་ཞེ་ན།

འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་གྱི་དབང་དང་། གདུལ་བྱའི་སེམས་ཅན་རྣམས་ཀྱི་དགེ་བ་ཡོངས་སུ་སྨིན་པའི་དབང་གིས་ཏེ། འཇམ་དཔལ་རྒྱུ་དེ་གཉིས་ཀྱིས། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཁྱད་པར་དུ་འཕགས་པ་ཡིན་ནོ། །སྐུ་ཇི་ལྟ་བར་

གསུང་དང་། མཚན་དང་ཆོས་སྟོན་པ་ལ་སོགས་པ་ཡང་དེ་འདྲ་སྟེ། སེམས་ཅན་རྣམས་ཀྱིས་དེ་ལྟར་ཤེས་སོ། །འཕགས་པ་ཆོས་ཀྱི་ཕུང་པོ་ལས། བཅུ་པོ་འདི་དག་ནི་ཚུལ་ཁྲིམས་འཆལ་པའི་ཉེས་དམིགས་ཡིན་ཏེ། འཆི་བའི་ཚེ་གདུང་བར་འགྱུར་བ་དང་། འགྱོད་པར་འགྱུར་བ་

དང་། མནར་མེད་པར་འགྲོ་བས་འཇིགས་པ་དང་། ཚུལ་ཁྲིམས་ཅན་ལ་སྐུར་པ་འདེབས་པ་དང་། སངས་རྒྱས་ཀྱིས་སྤངས་པ་དང་། ཉན་ཐོས་ཀྱིས་སྤངས་པ་དང་། ལྷས་སྤངས་པ་དང་། འཆི་བའི་ཚེ་འཇིགས་པ་དང་། ངན་འགྲོར་འགྲོ་བ་དང་། མི་ལུས་འཐོབ་པར་དཀའ་བའོ། །

འཕགས་པ་རིན་པོ་ཆེའི་མཐའ་ལས། ཆོས་ཀྱི་དབྱིངས་ལ་འདི་དག་ནི་སྐྱེ་བོའི་ཆོས་སོ། །འདི་དག་ནི་འཕགས་པའི་ཆོས་སོ་ཞེས་གདགས་པར་མི་ནུས་སོ། །ཆོས་ཀྱི་དབྱིངས་ལ་འདི་ནི་འདི་ན་འདུག་གོ། །ཆེ་གེ་མོ་ཞིག་ན་འདུག་གོ་ཞེས་གདགས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན།

ཆོས་ཀྱི་དབྱིངས་ནི་བསྟན་དུ་མེད་པ། གདགས་སུ་མེད་པ། གདགས་པ་ལས་ཡང་དག་པར་འདས་པ་ཡིན་ནོ། །བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་རྒྱས་པ་ལས། དུས་མ་ཡིན་པར་འཆི་བ་དགུ་ཡོད་དོ། །གང་ཞེ་ན། ནད་པ་སྨན་དང་རིམ་

Vol. 204 · folio 287b

གྲོ་དང་མི་ལྡན་པའམ། སྨན་མ་ཡིན་པ་བྱེད་པ་དང་། རྒྱལ་པོའི་ཆད་པ་དང་། ཧ་ཅང་བག་མེད་པས་མི་མ་ཡིན་པས་མདངས་ཕྲོགས་པ་དང་། མེ་དང་། ཆུ་དང་། སེང་གེ་སྟག་ཝ་སྦྲུལ་ལ་སོགས་པ་དང་གཡང་དུ་ལྷུང་བ་དང་། དུག་བྱད་རོ་ལངས་ཀྱི་སྦྱོར་བ་དང་། བཀྲེས་སྐོམ་

སྟེ། འདི་དག་ནི་མདོར་བསྡུས་པའོ། །གཞན་ཡང་གྲངས་མེད་དཔག་ཏུ་མེད་དོ། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བའི་མདོ་ལས། ཇི་ལྟར་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་མཐའ་ཡས་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ལ་ཡོན་

ཕུལ་པ་ཡང་ཚད་མེད་མཐའ་ཡས་སོ། །ཕྱི་མའི་ཚེ་དུས་ལྔ་བརྒྱ་ཐ་མ་ལ་སུ་ཞིག་དེ་བཞིན་གཤེགས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་མཆོད་པ་དང་། བསྟི་སྟང་བྱེད་པ་དེས་ཕན་ཡོན་ལྔ་གཟུང་བར་འགྱུར་ཏེ། དྲན་པ་དང་ལྡན་པ་དང་། རྟོགས་པ་དང་ལྡན་པ་དང་། ངོ་ཚ་ཤེས་

ཤིང་ཁྲེལ་ཡོད་པ་དང་། མྱུར་དུ་སངས་རྒྱས་མཐོང་བ་དང་། མཐོང་ནས་དད་པ་སྐྱེ་བའོ། །དེ་ཆོས་བཞི་དང་ཡང་ལྡན་པར་འགྱུར་ཏེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པའི་བསྟན་པ་འཛིན་པ་དང་། དེ་ཡང་ཇི་སྐད་བསྟན་པ་བཞིན་སྒྲུབ་པ་དང་། བསྒྲུབས་ནས་སངས་

རྒྱས་དང་ཉེ་བར་འགྱུར་བ་དང་། མྱུར་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་བ་དག་གོ། །དྷརྨ་འདི་ལས་མཆོད་རྟེན་ལ་རྒྱན་ཕུལ་པ་ཡན་ཆད་སོ་སོའི་ཡོན་ཏན་ཞིབ་ཏུ་འབྱུང་ངོ་། །འཕགས་པ་གསེར་གྱི་བྱེ་མ་ལྟ་བུ་ལས། བཅོམ་ལྡན་འདས་ལ་ཚེ་

དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་གང་དུ་སངས་རྒྱས་མི་འབྱུང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་ཀྱི་སྤྱད་པ་མི་སྤྱོད་པའི་འཇིག་རྟེན་གྱི་ཁམས་ཇི་སྙེད་མཆིས། བཀའ་སྩལ་པ། སངས་

རྒྱས་འབྱུང་བ་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནི་དཔེར་ན་རྒྱ་མཚོ་ཆེན་པོའི་བྱེ་མ་དང་། གང་གཱའི་བྱེ་མའི་ནང་ན་གསེར་གྱི་བྱེ་མ་དཀོན་པ་དང་འདྲ་སྟེ། ཇི་ལྟར་རྒྱ་མཚོའི་བྱེ་མ་དང་། གང་གཱའི་བྱེ་མ་ལས་ལ་ལ་ཞིག་གིས་བྱེ་མ་འབྲུ་གཅིག་བླངས་པ་

Vol. 204 · folio 288a

བཞིན་དུ་ཉུང་ངོ་། །འཕགས་པ་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་མདོ་ལས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་བ་ཤར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ལེགས་པར་གསུངས་པའི་ཆོས་འདུལ་པ་ལ་རབ་ཏུ་བྱུང་

བ་ཞེས་བགྱི། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འཇིག་རྟེན་པའི་ཆོས་ལས་ཀྱང་མ་འདས་ལ། ཟག་པ་མེད་པའི་ཆོས་རྣམས་ཀྱང་མ་ཐོབ་ན། དེ་ཙམ་གྱིས་རབ་ཏུ་བྱུང་བ་དང་། འཇིག་རྟེན་ལས་འདས་པའི་བསྙེན་པར་རྫོགས་པ་ཡིན་ནོ། །འཕགས་པ་བཞི་པ་སྒྲུབ་པ་

ལས། བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་དཀའ་བ་བྱེད་པ་སྟེ། གང་ཞེ་ན། སེམས་ཅན་མཐུ་ཆུང་བ་ལ་བཟོད་པ་བྱེད་པ་དང་། དབུལ་བ་ལ་བདོག་པ་ཐམས་ཅད་གཏོང་བ་དང་། ཡན་ལག་གི་མཆོག་མགོ་སློང་བ་ལ་ཁྲོ་བ་མེད་པའི་སྟེང་དུ་བཤེས་གཉེན་

དུ་འདུ་ཤེས་པ་དང་། སྐྱེ་བ་ལ་མི་རྟོག་པས་བསམས་བཞིན་དུ་སྐྱེ་བར་བྱེད་པའོ། །བྱང་ཆུབ་སེམས་དཔའི་ཆོས་ཟུང་དུ་འབྲེལ་བ་བཞི་སྟེ། གང་ཞེ་ན། བསམ་པ་དང་སྦྱོར་བ་ཟུང་དུ་འབྲེལ་པ་དང་། གཏོང་བ་དང་བསྔོ་བ་ཟུང་དུ་འབྲེལ་པ་དང་། བྱམས་པ་དང་སྙིང་

རྗེ་ཟུང་དུ་འབྲེལ་པ་དང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའོ། །འཕགས་པ་བློ་གྲོས་མི་ཟད་པས། ཕ་རོལ་ཏུ་ཕྱིན་པའི་དོན་གང་ཞེ་ན། སྤྱོད་པའི་ཁྱད་པར་རྫོགས་པའི་དོན་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །ཡེ་ཤེས་ཟབ་མོ་རྫོགས་པའི་དོན་

དང་། འདུས་བྱས་དང་། འདུས་མ་བྱས་ལམ་ཆགས་པའི་དོན་དང་། འཁོར་བའི་ཉེས་པ་ཇི་ལྟ་བ་བཞིན་རྟོགས་པའི་དོན་དང་། སྐྱེ་བོ་མི་མཁས་པ་རྣམས་རྟོགས་པར་བྱེད་པའི་དོན་དང་། སེམས་ཅན་གྱི་ཁམས་ཤེས་པའི་དོན་དང་། ཕྱིར་མི་ལྡོག་པའི་ས་འཐོབ་པའི་དོན་

དང་། སངས་རྒྱས་ཀྱི་ཞིང་སྦྱོང་བའི་དོན་དང་། ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །འཕགས་པ་སྒོ་མཐའ་ཡས་བ་སྒྲུབ་པ་ལས། རྒྱལ་བས་བསྔགས་པའི་དགོན་པར་གནས་པར་གྱིས། །དེ་ལ་གནས་པས་གཞན་ལ་བརྙས་མི་བྱ། །ཟབ་མོའི་བཟོད་

Vol. 204 · folio 288b

ལ་འདུན་པ་བསྐྱེད་ནས་སུ། བག་ཡོད་མགོ་ལ་འབར་བཞིན་གནས་པར་གྱིས། །འདི་ལྟར་ཚུལ་འཆོས་བྱེད་ཀྱི་གཞི་ཡིན་པ། །ཤེས་ཁེ་རྙེད་པ་རྣམས་ལ་གནས་མ་བྱེད། །བྱ་དང་འདྲ་བར་ངན་ངོན་ཙམ་གྱིས་ཆོག་བྱ་སྟེ། །མིར་གྱུར་པ་ཡི་འབྲས་བུ་ཡོད་པར་

གྱིས། །འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ལས། བཅོམ་ལྡན་འདས་ལ་འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དགེ་སློང་དེ་དག་གིས་ཆོས་འདི་ཐོས་ནས་གནོད་པར་གྱུར་པ་ལ་གཟིགས། བཀའ་སྩལ་པ། དེ་སྐད་མ་ཟེར་ཅིག །

གལ་ཏེ་འདི་མ་ཐོས་ན་བསྐལ་བའི་བར་དུ་བཟང་འགྲོར་ཡང་མི་སྐྱེ་ན། སངས་རྒྱས་མཉེས་པར་བྱེད་པ་ལྟ་ཅི་སྨོས། ཆོས་ཀྱི་རྣམ་གྲངས་དེ་དག་ཐེ་ཚོམ་དང་བཅས་པར་ཐོས་པས་ད་གཟོད་ཁོ་ན་དམྱལ་བ་ནས་ཐར་ནས་དགའ་ལྡན་དུ་སྐྱེས་སོ། །འཕགས་པ་དཔལ་དབྱིག་གིས་ཞུས་

པ་ལས། བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ཕ་མ་ལ་གནོད་པ་བྱེད་པ་དང་། བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བོ་དང་། བློན་པོ་དང་། ཉེ་དུ་དང་རྒན་རབས་ལ་གནོད་པ་བྱེད་པར་ཇི་ལྟར་མོས་

པ་དང་། ཅི་ནུས་པར་དུས་དུས་སུ་སྦྱིན་པ་སྦྱིན་པར་བྱའོ། །འཕགས་པ་བགྲེས་མོས་ཞུས་པ་ལས། ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། འོན་ཀྱང་ཆོས་རྣམས་འདོགས་སོ། །མཁས་པ་རྣམས་ནི་དེ་ལ་མངོན་པར་མི་ཞེན་ཏེ། མངོན་པར་ཞེན་པ་མེད་པས་

མི་རྩོད་དོ། །རྩོད་པ་མེད་པ་ནི་དགེ་སློང་གི་ཆོས་ཀྱི་མཆོག་གོ། །ཀུན་དགའ་བོས་གསོལ་པ། འདི་ཅིའི་སླད་དུ་འདི་ལྟར་དབུལ་བར་གྱུར་ལགས། བཀའ་སྩལ་པ། ཀུན་དགའ་བོ་ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། འདི་ངའི་མར་གྱུར་ཏེ། དེ་བཞིན་

གཤེགས་པ་འཁོར་བ་འཇིག་གི་བསྟན་པ་ལ་རབ་ཏུ་འབྱུང་དུ་མ་བཏང་བས། ང་ཟ་གཅིག་ཟན་བཅད་པར་གྱུར་ཏེ། དེ་ནས་འདོད་པས་བཏང་ངོ་། །དེའི་རྣམ་པར་སྨིན་པས་འདི་ལྟར་གྱུར་ཏོ། །འཕགས་པ་རྣམ་པར་མི་རྟོག་པ་ལ་འཇོག་པ་ལས། དམ་ཆོས་འདི་

Vol. 204 · folio 289a

ལ་རྒྱལ་བའི་སྲས། །རྣམ་པར་མི་རྟོག་བསམས་གྱུར་ནས། །རྣམ་རྟོག་བགྲོད་དཀའ་རྣམ་འདས་ཏེ། །རིམ་གྱིས་མི་རྟོག་ཐོབ་པར་འགྱུར། །འཕགས་པ་འཇིག་རྟེན་དང་མཐུན་པར་འདུག་པ་ལས། སངས་རྒྱས་ཡེ་ཤེས་དཔག་ཡས་ཏེ། །ཆོས་ཀྱི་དབྱིངས་

ལས་འབྱུང་ཡིན་ཡང་། །སངས་རྒྱས་ཞིང་ནི་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞིགས་པ་མེད་ཅིང་སྐྱེ་མེད་ལ། །ཆོས་ཀྱི་དབྱིངས་དང་མཉམ་གྱུར་ཀྱང་། །བསྲེག་པའི་བསྐལ་པ་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །འཕགས་པ་ཆོས་

དང་དོན་རྣམ་པར་འབྱེད་པ་ལས། བུད་མེད་གང་ལ་ལ་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་འཆང་ངམ་ཀློག་ན། དེ་བུད་མེད་ཀྱི་ལུས་བརྗེས་ནས། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། དེ་ཉིད་དེའི་བུད་མེད་ཀྱི་ལུས་ཀྱི་ཐ་མ་ཡིན་ནོ། །འཆི་བའི་དུས་ཀྱི་ཚེ་ཡང་

དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་བར་འགྱུར་རོ། །འཕགས་པ་སྲིད་པ་འཕོ་བ་ལས། བཅོམ་ལྡན་འདས་ཇི་ལྟར་ན་ལས་བགྱིས་ཤིང་བ་སོགས་པ་འགགས་ནས་ཡུན་རིང་དུ་ལགས་པ་འགུམ་པའི་དུས་ཀྱི་ཚེ་ཉེ་བར་གནས་ཤིང་ཡིད་ལ་མངོན་དུ་འགྱུར་

ལགས། འདུ་བྱེད་ཐམས་ཅད་སྟོད་པ་ལ་ཇི་ལྟར་ལས་རྣམས་འཆབ་མི་འཚལ་བར་གདའ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ།

དཔེར་ན་མི་ཞིག་ཉལ་ཉལ་བའི་རྨི་ལམ་ན། ཡུལ་གྱི་བུད་མེད་བཟང་མོ་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱོད་པ་རྨིས་ལ། དེ་ཉལ་བ་ལས་སད་ནས་ཡུལ་གྱི་བུད་མེད་བཟང་མོ་དེ་དྲན་ནོ། །རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། རྨི་ལམ་གྱི་ཡུལ་གྱི་བུད་མེད་བཟང་མོ་དེ་ཡོད་དམ། གསོལ་

པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། འོ་ན་གང་རྨི་ལམ་གྱི་བུད་མེད་བཟང་མོ་ལ་མངོན་པར་ཞེན་པའི་མི་དེ་ཅི་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་

Vol. 204 · folio 289b

དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་ཡུལ་གྱི་བུད་མེད་བཟང་མོ་ཡང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ལགས་ན། དེ་དང་ཡོངས་སུ་སྤྱོད་པ་ལྟ་ག་ལ་མཆིས་ཏེ། འདི་ལྟར་མི་དེ་ནི་ཕོངས་ཤིང་དུ་བ་པའི་སྐལ་བ་ཅན་དུ་འགྱུར་ལགས་སོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མིག་གིས་གཟུགས་རྣམས་མཐོང་ན། ཡིད་བདེ་བར་འགྱུར་པའི་གཟུགས་རྣམས་ལ་མངོན་པར་ཞེན་ཏེ། མངོན་པར་ཞེན་པར་གྱུར་ནས་རྗེས་སུ་

ཆགས་པར་འགྱུར་རོ། །རྗེས་སུ་ཆགས་ནས་ཀུན་དུ་ཆགས་པར་འགྱུར་རོ། །ཀུན་དུ་ཆགས་ནས་འདོད་ཆགས་ལས་བྱུང་བ་དང་། ཞེ་སྡང་ལས་བྱུང་བ་དང་། གཏི་མུག་ལས་བྱུང་བའི་ལས་ལུས་དང་ངག་དང་། ཡིད་ཀྱིས་མངོན་པར་འདུ་བྱེད་དེ། ལས་དེ་མངོན་པར་འདུས་བྱས་པར་གྱུར་ནས་འགག་

གོ། །འགག་པ་ན་ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་སུ་མ་ཡིན། ནུབ་ཕྱོགས་སུ་མ་ཡིན། བྱང་ཕྱོགས་སུ་མ་ཡིན། སྟེང་དུ་མ་ཡིན། འོག་ཏུ་མ་ཡིན། ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན་ནོ། །དུས་གཞན་ཞིག་ན་འཆི་བའི་དུས་

དང་། ཚོད་ཉེ་བར་གནས་པའི་ཚེ་དང་སྐལ་བ་འདྲ་བའི་ལས་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ། འདི་ལྟ་སྟེ་དཔེར་ན། ཉལ་ཉལ་བ་ལས་སད་པའི་མིའི་ཡུལ་གྱི་བུད་མེད་བཟང་མོ་ལྟ་བུར་ལས་དེ་ཉིད་ལ་མངོན་དུ་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་རྣམ་པར་ཤེས་

པ་ཐ་མ་འགག་ཅིང་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་ཡང་ན་ནི་ལྷའི་ནང་དུ། ཡང་ན་ནི་མིའི་ནང་དུ། ཡང་ན་ནི་ལྷ་མ་ཡིན་གྱི་ནང་དུ། ཡང་ན་ནི་སེམས་ཅན་དམྱལ་བ་རྣམས་སུ། ཡང་ན་ནི་དུད་འགྲོ་རྣམས་སུ། ཡང་ན་ནི་ཡི་དགས་རྣམས་སུ་འབྱུང་བར་

འགྱུར་རོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ། གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ། མངོན་པ་དེ་དང་སྐལ་པ་འདྲ་བའི་སེམས་ཀྱི་རྒྱུད་འབྱུང་ངོ་། །རྒྱལ་པོ་ཆེན་པོ་དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཕྱིན་པ་ཡང་མེད་ལ། འཆི་འཕོ་

Vol. 204 · folio 290a

དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་གང་ཐ་མ་འགགས་པ་དེ་ནི་འཆི་འཕོ་ཞེས་བྱ། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་ད་ནི་སྐྱེ་བ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །རྣམ་

པར་ཤེས་པ་དང་པོ་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་དང་བྲལ་བའི་ཕྱིར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མ་ནི་ཐ་མས་སྟོང་། འཆི་འཕོ་ནི་འཆི་འཕོས་སྟོང་། ལས་ནི་ལས་ཀྱིས་སྟོང་། རྣམ་པར་ཤེས་པ་དང་པོ་ནི་དང་པོས་སྟོང་།

སྐྱེ་བ་ནི་སྐྱེ་བས་སྟོང་ལ། ལས་རྣམས་ཆུད་མི་ཟ་བར་མངོན་པ་ཡང་ཡོད་དོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པར་སེམས་ཀྱི་རྒྱུད་འབྱུང་ངོ་། །འཕགས་

པ་རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ལས། ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་དང་།

ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་མཆོད་རྟེན་བརྩེགས་པ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས་ནས་འབྲུ་ཙམ་

གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། །འཕགས་པ་བྲམ་ཟེ་མོ་དཔལ་གྱིས་ཞུས་པ་ལས། དཔལ་ལྡན་མ་མ་རིག་པ་ནི་ཡང་དག་པ་མ་ཡིན་པའི་རྣམ་པར་འབྱུང་གི་ཡང་དག་པའི་

རྣམ་པ་ནི་མ་ཡིན་ནོ། །མ་རིག་པ་ནི་ཕྱིན་ཅི་ལོག་རྣམ་པར་འབྱུང་གི་ཕྱིན་ཅི་ལོག་པའི་རྣམ་པར་སྨིན་པ་ནི་མི་འབྱུང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བཅུ་པ་ལས། བཀའ་སྩལ་པ། རབ་འབྱོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

Vol. 204 · folio 290b

པ་འདི་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཐམས་ཅད་དེར་འདུས་པས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀཽ་ཤི་ཀ་ལས། བཀའ་སྩལ་བ། ཀཽ་ཤི་ཀ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པའི་དོན་ནི་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་བལྟ་བར་མི་བྱ། གཉིས་མ་ཡིན་པར་ཡང་མ་ཡིན། མཚན་མར་མ་ཡིན་མཚན་མ་མེད་པར་ཡང་མ་ཡིན། བླང་བར་མ་ཡིན། དོར་བར་མ་ཡིན། བསྣན་པར་མ་ཡིན། བསྣན་པ་མེད་པར་མ་ཡིན།

ཀུན་ནས་ཉོན་མོངས་པར་མ་ཡིན། ཀུན་ནས་ཉོན་མོངས་པ་མེད་པར་ཡང་མ་ཡིན་པ་ནས་ཡང་དག་པའི་མཐའ་ཡང་མ་ཡིན། ཡང་དག་པའི་མཐའ་མ་ཡིན་པ་ཡང་མ་ཡིན་ནོ། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །མི་ལམ་གློག་དང་སྤྲིན་ལྟ་བུར། །

འདུས་བྱས་ཐམས་ཅད་དེ་ལྟར་བལྟ། ན་མོ་བྷ་ག་ཝ་ཏེ་པྲ་ཛྙཱ་པ་ར་མི་ཏ་ཡེ། ཨོཾ་དྷཱི་ཤཱི་ཤྲུ་ཏི་སྨྲྀ་ཏི་གཏི་བི་ཛ་ཡེ་སྭཱ་ཧཱ། འགག་པ་མེད་པ་སྐྱེ་མེད་པ། །རྟག་པ་མེད་ཅིང་ཆད་མེད་ལ། །ཐ་དད་དོན་མིན་དོན་གཅིག་མིན། །འོང་བ་མེད་ཅིང་འགྲོ་མེད་ལ། །སྤྲོས་པ་ཞི་བས་ཞི་བ་ཡིན། །རྟེན་

ཅིང་འབྲེལ་འབྱུང་སུས་བསྟན་པ། །རྫོགས་པའི་སངས་རྒྱས་གང་ཡིན་པ། །སྨྲ་མཆོག་དེ་ལ་ཕྱག་འཚལ་ལོ། །འཕགས་པ་ཆོས་བཞི་པ་བསྟན་པ་ལས། ཆོས་བཞིན་དང་ལྡན་ན། སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་ཏེ། རྣམ་པར་སུན་འབྱིན་པ་ནི་མི་

དགེ་བ་སྤྱོད་པ་ན་དེ་ལ་འགྱོད་པ་མང་བ་འོ། །གཉེན་པོ་སྤྱོད་པ་ནི་མི་དགེ་བ་བྱས་ནས་དགེ་བ་ལ་བརྩོན་པའོ། །སོར་ཆུད་པར་བྱེད་པའི་སྟོབས་ནི་སྡོམ་པ་བླངས་ནས་ཕྱིན་ཆད་མི་བྱེད་པའོ། །རྟེན་གྱི་སྟོབས་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་མི་

གཏོང་བའོ། །འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལས། ཆོས་གང་རྒྱུས་བྱུང་དེ་དག་གི། །རྒྱུ་དང་དེ་འགོག་གང་ཡིན་པའང་། །དེ་བཞིན་གཤེགས་པས་བཀའ་སྩལ་ཏོ། །དེ་སྐད་གསུང་བ་དགེ་སྦྱོང་ཆེ། །ལ་ལས་མི་ཡོད་པའི་ས་ཕྱོགས་སུ་མཆོད་རྟེན་བྱས་ཏེ་

Vol. 204 · folio 291a

སྙིང་པོ་འདི་བཅུག་ན་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ། །དེ་ནས་ཤི་འཕོས་ནས་གནས་གཙང་མར་སྐྱེའོ། །འཕགས་པ་ཆོས་བཞི་པོ་ལས། བྱང་ཆུབ་སེམས་དཔའ་ཆོས་བཞི་སྲོག་གི་ཕྱིར་ཡང་ནམ་འཚོའི་བར་དུ་མི་གཏོང་བ་ལ། བྱང་ཆུབ་ཀྱི་སེམས་དང་།

དགེ་བའི་བཤེས་གཉེན་དང་། བཟོད་པ་དང་། ངེས་པ་དང་། དགོན་པར་གནས་པའོ། །འཕགས་པ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་གང་གཱའི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། དེ་བཞིན་གཤེགས་པ་ལ་ཕུལ་བ་བས། གང་གིས་

སྙིང་རྗེ་བས་ཚིགས་སུ་བཅད་པ་གཅིག་གཞན་གྱི་རྒྱུད་ལ་བཞག་ན། བསོད་ནམས་འདི་ལ་སྔ་མས་ཆར་ཡང་མི་ཕོད་དོ། །འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། མདོ་འདི་བཀླགས་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བཀླགས་པར་འགྱུར། །འཕགས་པ་ཆོས་བཞི་

པའི་མདོ་ལས། དགེ་སློང་གིས་ཇི་སྲིད་འཚོའི་བར་དུ་ཡིད་བརྟན་པར་མི་བྱ་བ་བཞི་ལ། བུད་མེད་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། བདག་གི་གཟུགས་བཟང་བ་དང་། དབང་ཕྱུག་པ་ཡོ་བྱད་འབྱོར་པའོ། །འཕགས་པ་རྒྱལ་བའི་བློ་གྲོས་ལས། བསོད་ནམས་འདོད་པས་དེ་

བཞིན་གཤེགས་པ་མཆོད་པར་བྱའོ། །ཤེས་རབ་འདོད་པས་མཉན་པ་ལ་བརྩོན་པར་བྱའོ། །ལོངས་སྤྱོད་འདོད་པས་གཏོང་བ་སྤེལ་བར་བྱའོ། །གཟུགས་བཟང་བར་འདོད་པས། བཟོད་པ་བསྒོམ་པར་བྱའོ། །སྤོབས་པ་འདོད་པས་བླ་མ་ལ་གུས་པར་བྱའོ། །གཟུངས་

འདོད་པས་མངོན་པའི་ང་རྒྱལ་མེད་པར་བྱའོ། །བདེ་བ་འདོད་པས་སྡིག་པ་སྤང་བར་བྱའོ། །སེམས་ཅན་ལ་བདེ་བར་བྱ་བར་འདོད་པས། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །སྐད་སྙན་པར་འདོད་པས་བདེན་པ་སྨྲ་བར་བྱའོ། །ཡོན་ཏན་འདོད་པས་དགེ་བའི་བཤེས་གཉེན་

ལ་བསྟེན་པར་བྱའོ། །ཞི་གནས་འདོད་པས་འདུ་འཛི་མེད་པར་བྱའོ། །ལྷག་མཐོང་མཐོང་བར་འདོད་པས་ཆོས་ལ་སྟོང་པར་བརྟག་པར་བྱའོ། །ཚངས་པའི་འཇིག་རྟེན་འདོད་པས་ཚད་མེད་པ་བསྒོམ་པར་བྱའོ། །ལྷ་དང་མིའི་ཕུན་སུམ་ཚོགས་པར་འདོད་པས་དགེ་བ་བཅུ་བྱའོ། །

Vol. 204 · folio 291b

མྱ་ངན་ལས་འདའ་བར་འདོད་པས། ཐོས་པ་ལ་བརྩོན་པར་བྱའོ། །ཡོན་ཏན་ཐམས་ཅད་འདོད་པས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ། །འཕགས་པ་སྦྱིན་པའི་ཕན་ཡོན་བསྟན་པ་ལས། སེར་སྣ་སྤང་བའི་ཕྱིར་དད་པས་སྦྱིན་ནོ། །དུས་སུ་སྦྱིན་ནོ། །དེ་བཞིན་

གཤེགས་པས་གནང་བའི་རུང་བ་དངོས་པོ་གསུམ་ཡོངས་སུ་དག་པར་སྦྱིན་ནོ། །སེམས་ཀྱི་འཁྲུག་པའི་སྐྱོན་ཐམས་ཅད་ཡོངས་སུ་སྤང་བའི་ཕྱིར་བསྟི་སྟོང་བྱས་ཏེ་སྦྱིན་ནོ། །སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་པའི་ཕྱིར་རང་གི་ལག་ནས་སྦྱིན་ནོ། །དྷརྨ་འདི་ལས་སྦྱིན་པ་རེ་

རེའི་རྣམ་པར་སྨིན་པ་ངེས་པ་རྒྱས་པ་འབྱུང་། འཕགས་པ་མི་རྟག་པ་ཉིད་ཀྱི་མདོ་ལས། ནད་མེད་མི་རྟག་ལང་ཚོ་རྟག་མ་ཡིན། །འབྱོར་བ་མི་རྟག་སྲོག་ཀྱང་རྟག་མ་ཡིན། །སྐྱེ་བོ་མི་རྟག་ཉིད་ཀྱིས་ཉེན་གྱུར་ན། །འདོད་པས་ཡོན་ཏན་དགའ་བ་ཇི་ལྟར་སྐྱེ། །འཕགས་པ་ཀུན་དུ་རྒྱུ་སེན་རིངས་ཀྱིས་

ཞུས་པ་ལས། བཅོམ་ལྡན་འདས་ལ་ཀུན་དུ་རྒྱུ་སེན་རིངས་ཀྱིས་གསོལ་པ། བདག་ཇི་སྲིད་འཚོའི་བར་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཇི་སྲིད་འཚོའི་བར་དུ་ཡན་ལག་བརྒྱད་པའི་བསྙེན་ཏེ་གནས་པ་ལ་ཉེ་བར་གནས་པར་བྱའོ། །སྲོག་ཆགས་ཐམས་ཅད་གསོད་དང་

གཞན་ནོར་རྐུ་དང་མི་ཚངས་སྤྱོད་པ་དང་། །གང་གི་དབྱེ་བ་བརྫུན་དང་མྱོས་སྐྱེད་བཏུང་དང་དུས་མིན་ཟ་བ་དང་། །ཕྲེང་བ་ཁ་དོག་གླུ་གར་རྩེ་འཇོ་མལ་སྟན་མཐོན་པོ་རྣམས། །དེང་ནས་བདག་གིས་སྤངས་ཏེ་ཡོན་ཏན་བརྒྱད་ཀྱིས་དགྲ་བཅོམ་ཚུལ་དུ་བགྱི། །དེ་བཞིན་དུ་ལན་

གཉིས་ལན་གསུམ་དུའོ། །བདག་གིས་གསོ་སྦྱོང་གི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་འཛིན་པ་འདི་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། བྱང་ཆུབ་ཀྱི་ཚོགས་སུ་འགྱུར་བ་དང་། དོན་གྱི་དམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། མྱ་ངན་

ལས་འདས་པའི་བདེ་བ་བླ་ན་མེད་པ་ལ་གནས་པར་གྱུར་ཅིག །བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་དེ་ལྟར་བྱེད་པ་ལེགས་སོ་ལེགས་སོ། །འཕགས་པ་སེང་གེས་ཞུས་པ་ལས། སྐྱེ་བ་ཀུན་དུ་བྱང་ཆུབ་སེམས། །རྨི་ལམ་ན་ཡང་སེམས་དེ་ནི། །འདོར་མི་

Vol. 204 · folio 292a

འགྱུར་ན་མ་ཉལ་ཚེ། །སྨོས་ཅི་འཚལ་བར་གང་གིས་འགྱུར། །གྲོང་དང་གྲོང་ཁྱེར་རྣམས་སུ་ཡང་། །གང་དུ་གནས་པའི་ཡུལ་རྣམས་སུ། །བྱང་ཆུབ་ལ་ནི་ཡང་དག་འཛུད། །དེས་ན་སེམས་འདོར་མི་འགྱུར་རོ། །འདིར་ནི་སྙིང་པོ་ལྔ་བྱིན་ཞིང་། །

སྐྲག་ལ་མི་འཇིགས་བྱིན་ན་ནི། །གང་དང་གང་དུ་སྐྱེས་པར་ཡང་། །དེས་ནི་སྟོབས་ནི་ཆེར་འགྱུར་ཏེ། །རྟག་ཏུ་མཐུ་ཡིས་འཕགས་པ་དང་། །བདུད་རྣམས་བྱེ་བས་མི་ཚུགས་སོ། །འཕགས་པ་འཇམ་དཔལ་གྱིས་བསྟན་པ་ལས། འཇམ་དཔལ་ཅི་ལ་དམིགས་ནས་དེ་

བཞིན་གཤེགས་པ་ལ་མཆོད་པ་བགྱི། ལྷའི་བུ་དམིགས་པ་བཞི་སྟེ་གང་ཞེ་ན། བྱང་ཆུབ་ཀྱི་སེམས་དང་། སེམས་ཅན་ཐམས་ཅད་ཐར་བར་བྱ་བ་དང་། དཀོན་མཆོག་གི་གདུང་རྒྱུད་མི་གཅད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་དམིགས་ནས་སོ། །

འཕགས་པ་རྡོ་རྗེ་སྙིང་པོའི་གཟུངས་ལས། བཀའ་སྩལ་པ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། སེམས་ཅན་དམྱལ་བ་རང་གི་རྟོག་པ་ལས་བྱུང་ངམ། འོན་ཏེ་ངོ་བོ་ཉིད་ལས་བྱུང་། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱིས་པ་སོ་སོའི་སྐྱེ་བོ་རང་གི་རྟོག་

པས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་གཤིན་རྗེའི་འཇིག་རྟེན་དུ་རིག་སྟེ། དེ་དག་མ་མཆིས་པ་ལ་སྒྲོ་བཏགས་པའི་སླད་དུ་ངན་སོང་གསུམ་དུ་གནོད་པ་ཚོར་ཞིང་སྡུག་བསྔལ་མྱོང་ལགས་སོ། །བཅོམ་ལྡན་འདས་བདག་གིས་སེམས་ཅན་དམྱལ་བ་ཇི་ལྟར་མི་མཐོང་བ་དེ་བཞིན་

དུ་སེམས་ཅན་དམྱལ་བ་པ་རྣམས་མི་མཐོང་སྟེ། སེམས་ཅན་དམྱལ་བའི་སྡུག་བསྔལ་ཡང་མ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན་མི་ལ་ལ་ཞིག་གཉིད་ལོག་པའི་རྨི་ལམ་ན་བདག་སེམས་ཅན་དམྱལ་བར་ལྟུང་བ་སྙམ་དུ་རིག་ནས་དེ་དེ་ན་ལྕགས་ཀྱི་བུམ་པ་རབ་ཏུ་ཁྲོས་པ་ཤིན་ཏུ་འབར་བར་བདག་

ཉིད་བཅུག་པར་ཡང་འདུ་ཤེས་པར་འགྱུར་རོ། །དེས་དེ་ན་སྡུག་བསྔལ་གྱི་ཚོར་བ་དྲག་ཅིང་མི་བཟད་ལ་བརྣག་པར་དཀའ་ཞིང་ཡིད་དུ་མི་འོང་བ་མྱོང་བར་འགྱུར། དེས་དེ་ན་ཡིད་ཀྱི་གདུང་བ་མྱོང་བར་འགྱུར། དེས་དེ་ན་སྐྲག་པར་འགྱུར། དངང་བར་འགྱུར། ཀུན་དུ་དངང་བར་འགྱུར་རོ་ཞེས་པ་

Vol. 204 · folio 292b

ནས་དེ་འདི་ལྟར་བདག་ནི་གཉིད་ཀྱིས་ལོག་པར་གྱུར་ཏེ་ཡང་དག་པ་མ་ཡིན་པ་འདི་བདག་གིས་ཀུན་དུ་བརྟགས་སོ་སྙམ་དུ་དྲན་པ་སྐྱེ་བར་འགྱུར་ཞིང་། སླར་ཡང་ཡིད་བདེ་བ་ཐོབ་པར་འགྱུར་ལགས་སོ་ཞེས་གསུངས་སོ། །འཕགས་པ་སྣང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་ལས།

ཆོས་བཞི་དང་ལྡན་ན་མྱུར་དུ་བཟོད་པ་འཐོབ་ཅིང་བླ་ན་མེད་པའི་བྱང་ཆུབ་མངོན་པར་འཚང་རྒྱ་སྟེ། བཞི་ནི་སངས་རྒྱས་ལ་ཆོས་ཉིད་དུ་མཐོང་གི། གཟུགས་སུ་མ་ཡིན་པ་དང་། ཆོས་ལ་འདོད་ཆགས་དང་བྲལ་བར་མཐོང་གི། ཡི་གེ་དང་ངེས་པའི་ཚིག་ཏུ་མ་ཡིན་པ་དང་།

དགེ་འདུན་ལ་འདུས་བྱས་སུ་མཐོང་གི། ཚོགས་སུ་མ་ཡིན་པ་དང་། ཤེས་རབ་ཀྱི་མིག་ཡོངས་སུ་དག་པར་འགྱུར་བའོ། །འཕགས་པ་སངས་རྒྱས་བཅུ་པ་ལས། གང་གིས་མཚན་བཟུང་ན་མྱུར་དུ་འཚང་རྒྱ་བའི་སངས་རྒྱས་བཅུ་ལ། ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་

ཡོན་ཏན་ཐམས་ཅད་རྣམ་པར་དག་པ་ན་སངས་རྒྱས་ཡོན་ཏན་བསྐལ་པ་དཔག་ཏུ་མེད་པ་ལས་འདས་པ་དང་། ལྷོ་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་ཆེན་བཀོད་པ་ན་སངས་རྒྱས་ཡོན་ཏན་བཀོད་པའི་དཔལ་གཟི་བརྗིད་ཀྱི་ཕུང་པོའི་བསྐལ་པ་དང་། ནུབ་ཕྱོགས་

ན་འཇིག་རྟེན་སྦྱོར་བས་མུན་པ་ཐམས་ཅད་བྲལ་བ་ན་སངས་རྒྱས་ཆོས་ཐམས་ཅད་ལ་སྤོབས་པ་བཀོད་པའི་དཔལ་དང་། བྱང་ཕྱོགས་ན་འཇིག་རྟེན་མུན་པ་དང་རྡུལ་དང་བྲལ་བ་ན་སྤོབས་པ་དཔག་ཏུ་མེད་པ་ཡང་དག་པར་སྤྱོད་པ་དང་། ཤར་ལྷོ་ན་འཇིག་རྟེན་ཡུན་རིང་པོར་བདེ་

བ་བཀོད་པ་ན་སྤྲིན་གྱི་འབྲུག་སྒྲ་སྒྲ་དབྱངས་བསྟོད་པ་དང་། ལྷོ་ནུབ་ན་འཇིག་རྟེན་ཡོན་ཏན་དཔག་ཏུ་མེད་པ་བཀོད་པ་ན་སངས་རྒྱས་ཉི་མའི་འོད་དམ་པ་དཔལ་གྱི་གཟི་བརྗིད་འབྱུང་བ་དང་། ནུབ་བྱང་ན་འཇིག་རྟེན་ངན་སོང་སྤངས་པ་ན་སངས་རྒྱས་རྣམ་པ་མང་པོའི་

གཟི་བརྗིད་ཀྱི་རྒྱལ་པོ་དཔལ་འབྱུང་བ་དང་། བྱང་ཤར་ན་འཇིག་རྟེན་མྱ་ངན་གྱི་གནོད་པ་ཐམས་ཅད་དང་བྲལ་བ་ན་སངས་རྒྱས་བསྐལ་པ་བྱེ་བ་གྲངས་མེད་པར་ཀུན་དུ་འབྱུང་བ་དང་། སྟེང་ན་འཇིག་རྟེན་གཟི་བརྗིད་དཔག་ཏུ་མེད་པ་བཀོད་པ་ན། སངས་རྒྱས་དགེ་བ་

Vol. 204 · folio 293a

གསེར་གྱི་ནམ་མཁའ་ངེས་པར་སྒྲོགས་པ་དཔལ་གྱི་གཟི་བརྗིད་འབྱུང་བ་དང་། འོག་ན་འཇིག་རྟེན་རྡུལ་ཐམས་ཅད་འདུས་པ་ན་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་འཕྲུལ་པའི་གཟི་བརྗིད་འབྱུང་བའོ། །དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་

ལས། དཔེར་ན་ཆུ་བོའི་རྒྱུན་བར་ཆད་མེད་པར་རྟག་ཏུ་འབབ་པ་བཞིན་དུ་སྐྱེས་བུ་དེ་དག་གཉིད་ལོག་གམ། མྱོས་སམ་རབ་ཏུ་མྱོས་པའི་འཇུག་པ་ན་ཡང་དེ་བཞིན་ནོ། །དེ་ལྟར་ན་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བསྟན་དུ་མེད་པ་ཐོགས་པ་མེད་པར་འདོད་དོ། །

གཟུགས་དེ་ཇི་ལྟ་བུ་ཡིན་ཞེ་ན། ལས་ཀྱི་ངོ་བོར་ཡོད་པ་ཉིད་ཡིན་ནོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསུང་རབ་ཡང་དག་པའི་ལམ་སྟོན་པ་ནི་འདི་ལྟ་སྟེ། འདོད་ཆགས་ལ་མི་སྡུག་པའོ། །ཞེ་སྡང་ལ་བྱམས་པའོ། །གཏི་མུག་ལ་རྟེན་ཅིང་འབྲེལ་བར་

འབྱུང་བའོ། །འདི་ལྟར་ས་ཆེན་པོའི་ཆོས་བཅུ་ནི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། རེག་པ་དང་། ཡིད་ལ་བྱེད་པ་དང་། འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྟེ། དམིགས་པ་གཅིག་ལ་མཚན་ཉིད་གཞན་དང་

གཞན་དུ་འདོད་པ་དེ་དང་འདྲའོ། །མཆོད་རྟེན་ནམ་དགེ་འདུན་གྱི་གཙུག་ལག་ཁང་གི་སྐྱོང་ནུལ་ཉི་མའམ། ཆར་པས་ཟད་པ་སླར་འཆོས་ན་ལྷ་ཕྱི་བང་གསུམ་པ་ལུས་དཀར་གྱི་ནང་དུ་སྐྱེ། དེ་ནས་ཤི་འཕོས་ན་ཡང་དེ་དང་རྒྱུ་མཐུན་དཀར་ཤམ་པདྨའི་རྩ་ལག་ལྟ་བུའི་མདོག་སྟོང་

ཕྱོགས་དང་རྒྱ་ཡུལ་ལ་སོགས་པར་སྐྱེ་བར་འགྱུར། རྒྱལ་ཆེན་བཞི་རྣམས་ནི་རི་རབ་ཀྱི་ངོས་ལ་འཁོར་རོ། །གཞལ་མེད་ཁང་དང་ལྡན་པ་དེ་དག་ལ་མུ་སྟེགས་ཅན་རྣམས་གཟའ་དང་སྐར་མ་དང་། རྒྱུ་སྐར་ཡིན་པར་སེམས་ཏེ། དེ་རྣམས་ཀྱི་རགས་པ་བགྲངས་ན་བྱེ་བ་ཕྲག་དྲུག་ཡོད་དོ། །

རི་རབ་ཀྱི་ངོས་གང་ལ་ཉི་མ་འཁོར་བའི་ངོས་དེ་དང་དེའི་མིའི་གནས་གང་དུ་རི་རབ་ཀྱི་གྲིབ་མ་འབབ་པ་དེ་ལྟར་མཚན་མོར་འགྱུར་རོ། །བྱང་ཕྱོགས་ན་རླུང་འཁོར་ལོའི་གཟུགས་ཞེས་བྱ་བ་ཡོད་དོ། །བྱང་ཕྱོགས་ཀྱི་སྐར་མ་དེ་དག་འཆར་དུ་ཡང་མི་སྟེར། ནུབ་ཏུ་ཡང་མི་སྟེར་ན་མུ་སྟེགས་ཅན་དེ་

Vol. 204 · folio 293b

དག་གིས་དེ་མཐོང་ནས་དྲང་སྲོང་བདུན་གྱིས་འཇིག་རྟེན་འཛིན་ཏོ། །བརྒྱ་བྱིན་གྱི་ཁང་པ་བརྩེགས་མ་ལ་བརྒྱ་བྱིན་སྔ་རབས་ཤི་སྟེ་ན་རག་ལ་སོགས་པར་སོང་བའི་མིང་གི་དཀར་ཆག་བྲིས་བ་ནི་ལེགས་འབྱོར་པ་དང་། ཀུན་དགའ་དང་མི་འཆི་ཞེས་བྱ་བ་ལ་སོགས་སུམ་ཅུ་སྟེ། དེ་མཐོང་

ནས་བརྒྱ་བྱིན་སྐྱོ་བ་སྐྱེའོ། །དཀོན་མཆོག་སྤྲིན་ལས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱམས་པ་སྒོམ་པ་མང་བ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་གཅིག་པུར་དབེན་པར་འདུག་སྟེ། ནང་དུ་ཡང་དག་པར་བཞག་ནས་རབ་ཏུ་དབེན་པ་ལ་མངོན་དུ་ཕྱོགས་

ཏེ། ཤིན་ཏུ་སྐྱོ་བའི་སེམས་ཀྱིས་ལུས་དྲང་པོ་དང་། ལུས་བགས་ཀྱིས་ཀློད་པས་སྐྱིལ་མོ་ཀྲུང་བཅས་ནས་དྲན་པ་མངོན་དུ་གཞག་སྟེ། ཕྱི་རོལ་དུ་མ་བྱུང་བའི་སེམས་ཀྱིས་འདི་སྙམ་དུ་སེམས་སོ། །སེམས་ཅན་གང་དག་ཁྲོ་བ་གནོད་སེམས་མང་བ་མི་དགེ་བའི་ལས་བྱེད་པ་རྣམས་

དང་། གང་དག་བདག་ལ་རྒོལ་བ་དང་། དགྲ་བོ་གཅུགས་མེད་པར་ཤར་གཉེར་བ་རྣམས་བྱུང་ངམ་འབྱུང་ངམ་འབྱུང་བར་འགྱུར་བ་ཡང་རུང་སྟེ། བདག་གིས་དེ་དག་ཐམས་ཅད་ཀྱི་ཁྲོ་བ་དང་། གནོད་སེམས་རབ་ཏུ་ཞི་བར་བྱ་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་བཀོད་པར་

བྱའོ་སྙམ་མོ། །དེ་ཡང་གང་ཙམ་གྱིས་མ་ཡིན་གྱི་བསམ་པ་ཐག་པས་སེམས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་བྱམས་པ་བསྒོམ་པ་མང་བ་ཡིན་ནོ། །བཅོམ་ལྡན་འདས་བསྐལ་བ་གྲངས་མེད་པ་གསུམ་གྱིས་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་

འགྲུབ་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་ཡུལ་བསྒྲུབ་པར་བྱ་བ་བསམ་གྱིས་མི་ཁྱབ་སྟེ། དེ་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་སྒྲུབ་པར་མི་ནུས་ཀྱིས། ནམ་བྱང་ཆུབ་

སེམས་དཔས་ཆོས་མཉམ་པ་ཉིད་དུ་ཞུགས་པར་གྱུར་པ་དེའི་ཚེ་ནས་བརྩམས་ཏེ་བསྐལ་པ་བགྲང་བར་བྱའོ། །ཐོག་མའི་སེམས་ནས་བརྩམས་ཏེ་ནི་མ་ཡིན་ནོ། །ཐེག་པ་ཆེན་པོ་ཆོས་མངོན་པའི་མདོ་ལས་འབྱུང་བ་བྱང་ཆུབ་སེམས་དཔའི་ཆོས་བཞི་དང་ལྡན་ན།

Vol. 204 · folio 294a

རྣམ་པར་རིག་པ་ཐམས་ཅད་ཀྱི་དོན་མེད་པར་ཁོང་དུ་ཆུད་པར་འགྱུར་ཏེ། རྣམ་པར་ཤེས་པ་མི་མཐུན་པའི་རྒྱུ་མཚན་ཉིད་ཤེས་པ་ནི། འདི་ལྟ་སྟེ། ཡི་དགས་དང་། དུད་འགྲོ་དང་། མི་དང་ལྷ་རྣམས་ཀྱི་དངོས་པོ་གཅིག་ལ་རྣམ་པར་རིག་པ་ཐ་དད་པར་མཐོང་

བ་ལྟ་བུ་དང་། དམིགས་པ་མེད་པའི་རྣམ་པར་རིག་པ་དམིགས་པ་ནི། འདི་ལྟ་སྟེ། འདས་པ་དང་། མ་འོངས་པ་དང་། རྨི་ལམ་དང་། གཟུགས་བརྙན་དམིགས་པ་ལྟ་བུ་དང་། ཕྲད་པ་མེད་པར་ཕྱིན་ཅི་ལོག་མེད་པར་འགྱུར་བ་ཤེས་པས་ནི་བདེན་པའི་དོན་ལ་དམིགས་པའི་

རྣམ་པར་ཤེས་པ་འབད་པ་མེད་པར་བདེན་པར་ཤེས་པའི་ཕྱིར་ཕྱིན་ཅི་ལོག་མེད་པར་འགྱུར་བ་དང་། ཤེས་པ་རྣམ་པ་གསུམ་པ་རྗེས་སུ་མཐུན་པའི་ཤེས་པས་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་དང་། བསམ་གཏན་པ་སེམས་ལ་དབང་ཐོབ་པ་རྣམས་མོས་པའི་དབང་གིས་དེ་

ལྟར་དོན་དེ་དག་སྣང་བ་དང་། ཞི་གནས་ཐོབ་པའི་རྣལ་འབྱོར་པ་ཆོས་ལ་ལྷག་མཐོང་ལ་བརྩོན་པ་རྣམས་ལ་ཡིད་ལ་བྱེད་པ་ཙམ་དུ་དོན་སྣང་བ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་སྟེ། དེ་ལ་གནས་པ་རྣམས་ལ་དོན་ཐམས་ཅད་མི་སྣང་ངོ་། །དགོངས་པ་ངེས་པར་འགྲེལ་པ་ལས།

འཇམ་དཔལ་འདི་ནི་དེ་བཞིན་གཤེགས་པའི་བྱ་བ་སྒྲུབ་པ་ངེས་པའི་དོན་དུ་བསྟན་པ་ཞེས་བྱ་བར་ཟུང་ཤིག །བཅོམ་ལྡན་འདས་རྣམ་པར་ལྟ་བའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་གང་ལགས་པ་དེ། སེམས་ལས་ཐ་དད་པ་ཞེས་བགྱིའམ་ཐ་དད་པ་མ་ལགས་

ཞེས་བགྱི་བྱམས་པ་ཐ་དད་པ་མ་ཡིན་ཞེས་བྱའོ། །ཅིའི་ཕྱིར་ཐ་དད་པ་མ་ཡིན་ཞེ་ན། གཟུགས་བརྙན་དེ་རྣམ་པར་རིག་པ་ཙམ་དུ་ཟད་པའི་ཕྱིར་ཏེ། བྱམས་པ་རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པར་རིག་པ་ཙམ་གྱིས་ཕྱེ་བ་མ་ཡིན་ནོ་ཞེས་ངས་བཤད་དོ། །བཅོམ་

ལྡན་འདས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་སེམས་ལས་ཐ་དད་པ་མ་ལགས་ན་སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་ལ་ཇི་ལྟར་རྟོག་པར་བགྱིད། བཀའ་སྩལ་པ། བྱམས་པ་ཆོས་གང་ལ་ཡང་རྟོག་པར་མི་བྱེད་མོད་ཀྱི། འོན་ཀྱང་དེ་ལྟར་སྐྱེས་པའི་སེམས་

Vol. 204 · folio 294b

དེ་ནི་དེ་ལྟར་སྣང་ངོ་། །བྱམས་པ་འདི་ལྟ་སྟེ། མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་དག་པ་ལ་གཟུགས་ཀྱིས་རྐྱེན་བྱས་ཏེ་གཟུགས་ཉིད་མཐོང་ཡང་གཟུགས་བརྙན་མཐོང་ངོ་སྙམ་དུ་སེམས་ཏེ། དེ་ལ་ནི་གཟུགས་དེ་དང་གཟུགས་བརྙན་སྣང་བ་དེ་དོན་ཐ་དད་པར་སྣང་ངོ་། །དེ་བཞིན་དུ་དེ་

ལྟར་སྐྱེས་པའི་སེམས་དེ་ཡང་ཏིང་ངེ་འཛིན་གྱི་གཟུགས་བརྙན་ཞེས་བྱ་བ་དང་དོན་ཐ་དད་པར་སྣང་ངོ་། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་གཟུགས་བརྙན་རང་བཞིན་དུ་གནས་པ་གཟུགས་ལ་སོགས་པ་གང་ལགས་པ་དེ་ཡང་། སེམས་དང་ཐ་དད་པ་མ་ལགས་པ་

ཞེས་བགྱིའམ། བྱམས་པ་ཐ་དད་པ་ནི་མ་ཡིན་ཏེ། བྱིས་པ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ཀྱིས་གཟུགས་བརྙན་དེ་དག་ལ་རྣམ་པར་རིག་པ་ཙམ་དེ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པས་ཕྱིན་ཅི་ལོག་ཏུ་སེམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། བཀའ་

སྩལ་པ། བྱམས་པ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལ་འདི་ལྟར་གཟུགས་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་དུ་མིང་དུ་གློ་བུར་དུ་བཏགས་པ་དེ་རྣམ་པར་རྟོག་པ་ཙམ་དུ་མ་ཟད་དམ། གསོལ་པ། རྣམ་པར་རྟོག་པ་ཙམ་ཉིད་དོ། །ཡི་གེ་མེད་པའི་ཟ་

མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ལས། རིགས་ཀྱི་བུ་གང་བྱང་ཆུབ་སེམས་དཔའི་རྟག་ཏུ་བསྲུང་བར་བྱ་བའི་ཆོས་ནི་གཅིག་སྟེ་གང་ཞེ་ན། གང་བདག་མི་འདོད་པ་དེ་གཞན་ལ་མི་བྱའོ། །ཆོས་གཅིག་པུ་དེ་བསྲུངས་ན་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་

བསྲུངས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་བདག་གི་སྲོག་ཕངས་པར་འཛིན་པ་དེས་སྲོག་མི་གཅོད་དོ། །གང་བདག་གིས་ནོར་ཕངས་པ་དེ་མ་བྱིན་པར་མི་ལེན་ཏེ། གང་བདག་གི་ཆུང་མ་ཕངས་པར་འཛིན་པ་དེ་གཞན་གྱི་ཆུང་མའི་གན་དུ་མི་འགྲོ་བའོ། །

རིགས་ཀྱི་བུ་དེ་ལ་སོགས་པ་གང་ལ་ལ་ཞིག་འདི་སྙམ་དུ་དེ་བཞིན་གཤེགས་པའི་བཀའ་བཞིན་དུ་བྱའོ་སྙམ་དུ་སེམས་པ་དེས་ཆོས་གཅིག་པུ་འདི་བསྲུང་བར་བྱའོ་ཞེས་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་ལ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་

Vol. 204 · folio 295a

གཉེར་བ་དེ་ཐམས་ཅད་ནི་རང་གི་བདེ་བའི་རྒྱུར་དོན་དུ་གཉེར་གྱི། སུ་ཡང་བདག་སྡུག་བསྔལ་བར་མི་འདོད། འགྲོ་བ་རྣམས་ནི་བདེ་བ་འདོད། །ཅེས་བྱ་བའི་ཐ་ཚིག་སྟེ། གང་ཁྱེད་ཅག་མི་འདོད་པ་དེ་གཞན་དག་ལམ་བྱེད་ཅིག་ཅེས་ང་སྨྲའོ། །རིགས་

ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་གང་རྟག་ཏུ་བསྲུང་བར་བྱ་བའི་ཆོས་གཅིག་གོ། །གང་མདོ་འདི་ཉན་པ་དེ་འཆི་བའི་དུས་ཀྱི་ཚེ་ཡང་བྱང་ཆུབ་སེམས་དཔའ་འདི་དག་ཉིད་དང་། ཐབས་ཅིག་ཏུ་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ལ་གནས་པ་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་གང་དེ་

བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གཅིག་པུ་དེ་གང་ཞེས་ཟེར་བ་ནི་ཆོས་གཅིག་པུ་དེ་གང་ཡང་མེད་དོ། །གང་ལ་ཆོས་གང་ཡང་རྟོག་པ་མེད་པ་དེ་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པའོ། །རིགས་ཀྱི་བུ་ཡང་དེ་

བཞིན་གཤེགས་པས་ཆོས་ཐམས་ཅད་མ་སྐྱེས་པར་ཐུགས་སུ་ཆུད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། དེ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་སོ་སོར་རྟོག་པའི་སེམས་གནས་པ་རྣམ་པར་ཐར་པའི་སྒོ་སྟོང་

པ་ཉིད་དེ། དེ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཞེས་བྱའོ། །དེ་ལ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མཚན་མ་མེད་པར་སོ་སོར་རྟོག་པའི་སེམས་གནས་པ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་སྟེ། དེ་ནི་རྣམ་

པར་ཐར་པའི་སྒོ་མཚན་མ་མེད་པ་ཞེས་བྱའོ། །དེ་ལ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མངོན་པར་འདུ་བྱེད་པ་མེད་པར་སོ་སོར་རྟོག་པའི་སེམས་གནས་པའོ། །དེ་ལ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་གང་ཞན། གང་ཟག་སློབ་

པ་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་གང་ཡིན་པའོ། །ཀུན་ཤེས་པའི་དབང་པོ་གང་ཞེ་ན། གང་ཟག་སློབ་པ་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་གང་ཡིན་པའོ། །

Vol. 204 · folio 295b

ཀུན་ཤེས་པ་དང་ལྡན་པའི་དབང་པོ་གང་ཞེ་ན། གང་ཟག་མི་སློབ་པ་འདི་ལྟ་སྟེ། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་དད་པའི་དབང་པོ་ལ་སོགས་པ་གང་ཡིན་པའོ། །

དེ་ལ་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པའི་བར་གང་ཡིན་པའོ། །དེ་དག་ནི་ཟད་པར་གྱི་སྐྱེ་མཆེད་བཅུ་ཞེས་བྱ་སྟེ། ཐམས་ཅད་སའི་ཁམས་སུ་མོས་པར་བྱེད་དེ། ཐམས་ཅད་ཀྱང་སའི་ཁམས་ཁོ་ནར་ཁམས་

གཅིག་ཏུ་འགྱུར་རོ། །ཐམས་ཅད་ཆུད་ནས་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་མོས་པར་བྱེད་དེ། རྣམ་པར་ཤེས་པ་ཁོ་ནར་ཁམས་གཅིག་པའི་བར་དུ་འགྱུར་རོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་གང་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་རྣམས་སྐྱེ་མཆེད་བཅུ་གཉིས་པོ་དག་ལ་གང་

ཟག་ལ་བདག་མེད་པར་ཕྱོགས་གཅིག་ཤེས་པ་གང་ཡིན་པ་སྟེ། དེ་ནི་ཐམས་ཅད་ཤེས་པ་ཞེས་བྱའོ། །དེ་ལ་ལམ་གྱི་རྣམ་པ་ཤེས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཐེག་པ་གསུམ་གྱི་ལམ་ཤེས་ཀྱང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པས་དག་པར་མི་སེམས་

ཀྱི། བྱང་ཆུབ་སེམས་དཔའི་ལམ་གྱིས་ངེས་པར་འབྱུང་བ་གང་ཡིན་པའོ། །དེ་ལ་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་ནི་འདི་ཡིན་ཏེ། ཆུར་ཇི་སྲིད་པ་ཞེང་ཡང་དེ་སྲིད་ལ་ཞེང་དུ་ཇི་སྲིད་པར་ཆུར་ཡང་དེ་སྲིད་ཡིན་ནོ། །རོ་བྲོ་བའི་མཆོག་ནི། དེའི་མགུར་དྲང་པོར་མིད་པ་དྲང་

ཞིང་མ་ཡོ་ལ་ཐོགས་པ་མེད་པར་མིད་དུ་རུང་བར་འགྱུར་པ་ཡིན་ནོ། །བཀའ་སྩལ་པ། ཤར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། ཅི་ཕུང་པོ་ལྔ་པོ་འདི་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་སྙམ་མམ། གསོལ་པ།

བཙུན་པ་བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་སྒྱུ་མ་ལྟ་བུ་ལགས་ཤིང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་ལགས་ལ། རྣམ་པར་ཤེས་པ་གང་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words