ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) ཨ་བྷི་དྷརྨྨ་ཀ་ཥོ་བྷཱ་ཥྱ་ཊཱི་ཀཱ་ཏ་ཏྭཱརྠ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 209 · folio 276a
ཡིན་ཏེ་དམན་པའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་རྣམས་ལས་ཁྱད་པར་ཅན་ཉིད་ཡིན་ཏེ། ཉོན་མོངས་པའི་བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །དེ་བཞིན་དུ་ཇི་སྲིད་རྡོ་རྗེ་ལྟ་བུའི་གཞིའི་བར་དུ་རང་གི་རིགས་ཅན་
ཁོ་ནའི་ཡིན་གྱི་ཐམས་ཅད་ཀྱི་རྒྱུ་མ་ཡིན་ནོ། །གང་གི་ཕྱིར་འདྲ་བའམ་འབྲས་བུ་ལྷག་པར་གྱུར་པས་རང་གི་རིགས་ཅན་ཁོ་ནའི་ཡིན་གྱི་དམན་པའི་རྒྱུར་མི་འགྱུར་ན་འོ་ན་ཅི་གཞན་གྱི་རིགས་ཅན་གྱི་ཡང་དམན་པ་ནི་དམན་པ་དང་ལྷག་པ་ཉིད་དབང་པོའི་སྒོ་དང་རྒྱུའི་སྒོ་ནས་འདོད་དེ། དེ་རྒྱུ་འབའ་ཞིག་གི་སྒོ་ནས་མ་ཡིན་པ་
ཉིད་དོ། །རྒྱུད་གཅིག་ལ་ངེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མ་འོངས་པ་དག་ནི་སྡུག་བསྔལ་ལ་ཆོས་ཤེས་པ་མ་སྐྱེས་པའི་སྔར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་དུས་ཁོ་ནར་ཐོབ་པས་སྡུག་བསྔལ་ལ་ཆོས་ཤེས་པའི་སྔོན་དུ་ཐོབ་པ་ཡིན་ནོ། །སྡུག་བསྔལ་
ལ་ཆོས་ཤེས་པ་དེ་དག་ཐོབ་ནས་གཟོད་སྐྱེ་བས་དེ་དག་ཐོབ་པ་བས་ཕྱིས་སྐྱེས་པ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྔར་སྐྱེས་པ་གང་ཡིན་པ་དེ་ནི་དེའི་སྐལ་བ་མཉམ་པའི་རྒྱུར་འགྱུར་བ་ཁོ་ན་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སྔར་ཐོབ་པ་ཞེས་སྨོས་ཀྱི་སྔར་སྐྱེས་པ་ཞེས་ནི་མ་ཡིན་ནོ། །དེ་ཉིད་ལ་
རྒྱུ་བཤད་པ་ནི་འདི་འབྲས་བུ་སྔ་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། གལ་ཏེ་འབྲས་བུ་ཆེས་སྔ་བར་གྱུར་ན་ནི་རྒྱུ་དོན་མེད་པར་འགྱུར་ལ། སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་ན་ཡང་སྔ་ཕྱི་མེད་པའི་ཕྱིར་རྒྱུ་དང་འབྲས་བུ་དག་འཆོལ་བར་འགྱུར་རོ་ཞེས་སྔར་བཤད་ཟིན་ཏོ། །ཟག་པ་མེད་པའི་
ཆོས་སྔར་སྐྱེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིས་ནི་འབྲས་བུ་སྔར་སྐྱེས་པ་ཉིད་དང་། སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་ཉིད་ཡོད་པ་མ་ཡིན་ནོ་སྙམ་སྟེ་དྲིས་པའོ། །འདི་ལྟ་སྟེ། འབྲས་བུ་གོང་མ་ལས་ཡོངས་སུ་ཉམས་ཞེས་བྱ་བ་ལ། འབྲས་བུ་གོང་མ་ནི་དགྲ་བཅོམ་པ་ཉིད་
དམ། ཕྱིར་མི་འོང་བའི་འབྲས་བུའམ་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འབྲས་བུ་འོག་མ་མངོན་དུ་བྱེད་པའི་ཚེ་ཞེས་བྱ་བ་ལ་འོག་མ་ནི་ཕྱིར་མི་འོང་བའི་འབྲས་བུའམ། ལན་ཅིག་གཅིག་ཕྱིར་འོང་བའི་འབྲས་བུའམ། རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །དེ་ལ་འབྲས་བུ་གོང་མ་
Vol. 209 · folio 276b
ལས་ཡོངས་སུ་ཉམས་པ་འབྲས་བུ་འོག་མ་མངོན་དུ་བྱེད་པའི་ཚེ་འབྲས་བུ་འོག་མའི་ལམ་སྔར་སྐྱེས་པ་ཡིན་ཡང་འབྲས་བུ་འོག་མས་བསྡུས་པའི་ལམ་ཕྱིས་སྐྱེས་པའི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པ་ལྟ་བུ་སྟེ། དེ་ནི་དམན་པའི་ཕྱིར་རོ། །སློབ་དཔོན་འདུས་བཟང་ན་རེ། འདི་ལ་ཡོངས་སུ་ཉམས་
སྲིད་པ་ཡོད་དེ། དབང་པོ་བཀག་པའི་ཕྱིར་དང་ཟག་པ་མེད་པའི་ཆོས་མངོན་སུམ་དུ་བྱས་པའི་ཕྱིར་རོ་ཞེས་ཟེར་རོ། །བྱེ་བྲག་ཏུ་བྱས་པ་སྟེ་བརྗོད་པར་བྱའོ་ཞེས་བྱ་བ་ནི་དབང་པོའི་སྒོ་ནས་ཁྱད་པར་དུ་གྱུར་ཀྱང་འབྲས་བུ་ཕྱི་མའི་ལམ་དམན་པ་ཉིད་དོ། །གཞན་དུ་ན་འབྲས་བུ་སྔ་ཕྱིའི་ལམ་རྣམས་
སྤང་བྱ་ཁྱད་པར་མེད་པར་འགྱུར་རོ། །དེའི་ཕྱིར་འབྲས་བུ་ཕྱི་མའི་ལམ་ནི་དབང་པོའི་སྒོ་ནས་ཁྱད་པར་དུ་གྱུར་ཀྱང་འབྲས་བུ་ཕྱི་མའི་ལམ་གྱི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པའི་ཐོབ་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་དེ་ཐོབ་པའི་སྡུག་བསྔལ་ལ་ཆོས་ཤེས་པ་དང་ལྷན་
ཅིག་སྐྱེས་པ་སྟེ། དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཐོབ་པ། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ལ་སོགས་པ་དང་། ལྷན་ཅིག་སྐྱེས་པ་ཐམས་ཅད་ཀྱི་རྒྱུ་མ་ཡིན་པ་ལྟ་བུ་སྟེ་དེ་དག་ནི་ཕྱིས་སྐྱེས་མོད་ཀྱི། སྡུག་བསྔལ་ལ་ཆོས་ཤེས་པའི་ཐོབ་པ་བས་དམན་པ་ཁོ་ན་
ཡིན་ནོ། །དེ་བཞིན་དུ་སྐད་ཅིག་མ་གོང་མ་གོང་མ་དང་ལྷན་ཅིག་སྐྱེས་པ་དག་ལ་ཡང་བརྗོད་པར་བྱའོ། །དེ་བཞིན་དུ་འཕགས་པའི་ལམ་ཐམས་ཅད་ལ་རིག་པར་བྱའོ། །འདིར་ཡང་འདི་སྐད་བསྟན་པར་འགྱུར་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཐོབ་པ་རྣམས་ཆོས་མང་པོ་ཡིན་མོད་ཀྱི།
སྐལ་བ་མཉམ་པ་ནི་རྒྱུས་རྒྱས་པ་ལས་བྱུང་བའི་ཕྱིར་རྒྱུས་ཆེས་ཆེར་རྒྱས་པ་དེ་ལྟ་ན་ཡང་དམན་པ་ཉིད་ཁོ་ནའོ། །དེ་ལྟ་ན་འོ་ན་རྒྱུས་རྒྱས་པའི་སྒོ་ནས་ཁྱད་པར་ཅན་ཉིད་དུ་བརྗོད་པར་མི་བྱའོ་ཞེ་ན། རྒྱུས་ཆེས་ཆེར་རྒྱས་པ་ཉིད་ནི་ཁྱད་པར་དུ་འཕགས་པ་ཉིད་དེ། ཀཱ་ཤཱ་དི་ཏི། ཐོབ་པ་རྣམས་ནི་ཆོས་ཀྱི་
དབང་གིས་བཞག་གོ། །ཆོས་ཤེས་པའི་བཟོད་པ་ཡང་སྐལ་བ་མཉམ་པའི་རྒྱུ་མེད་པར་སྐྱེ་བས་སྡུག་བསྔལ་ལ་ཆོས་ཤེས་པ་དམན་པ་མ་ཡིན་པ་ཉིད་དེ། དེའི་ཐོབ་པ་སྡུག་བསྔལ་ལ་ཆོས་ཤེས་པའི་ཐོབ་པ་ལས་དམན་པས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཐོབ་པའི་སྐལ་བ་མཉམ་
Vol. 209 · folio 277a
པའི་རྒྱུ་མ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མ་འོངས་པ་ཡང་སྡུག་བསྔལ་ལ་ཆོས་ཤེས་པ་མ་འོངས་པ་ལས་དམན་པ་མ་ཡིན་ནོ། །དེ་ལྟ་ན་མ་འོངས་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་རྣམས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཁོ་ནའི་
སྐལ་བ་མཉམ་པའི་རྒྱུའོ། །སྡུག་བསྔལ་ལ་ཆོས་ཤེས་པའི་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་ཡང་མ་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་འདི་ནི་འབྲས་བུ་ཨ་ན་བ་སི་ཏ་འབྱིན་པར་ནུས་ཏེ། རྣམ་པར་སྨིན་པའི་རྒྱུ་ལྟར་འབྲས་བུ་འབྱིན་པ་སོ་
སོར་བསྟན་པ་མ་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་འབྲས་བུ་ལ་ཉེ་བར་མི་སྦྱོར་བ་ན་དགྲ་བཅོམ་པ་རྣམས་ཡོངས་སུ་མྱ་ངན་ལས་འདའོ། །སྐལ་བ་མཉམ་པའི་རྒྱུ་ཡོད་པས་ངེས་པར་དེ་འབྲས་བུ་སྐྱེད་པ་མ་ཡིན་ཏེ། སྐལ་བ་མཉམ་པའི་རྒྱུ་འགའ་ཞིག་ཡོད་ཀྱང་གེགས་ཀྱིས་དུས་གཞན་ནམ་
འབྲས་བུ་གཏན་མི་སྐྱེ་བ་ཡང་ཡོད་དོ། །སྐལ་བ་མཉམ་པའི་རྒྱུ་བཤད་ཟིན་ཏོ།། །།མཚུངས་ལྡན་རྒྱུ་ནི་སེམས་དག་དང་། །སེམས་བྱུང་ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲ་ནི་མཚུངས་པར་ལྡན་པའི་རྒྱུ་ནི་སེམས་དང་སེམས་ལས་བྱུང་བ་ཁོ་ནའོ་ཞེས་ངེས་པར་གཟུང་བ་སྟེ། རྣམ་པ་
གཞན་དུ་ངེས་པར་གཟུང་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ལྷན་ཅིག་འབྱུང་བའི་རྒྱུ་ལ་སོགས་པ་བཀག་པ་མི་འདོད་པར་ཐལ་བར་འགྱུར་རོ། །དེ་ལྟ་ན་ནི་དུས་དང་རྒྱུ་ཐ་དད་པ་ལས་སྐྱེས་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འོ་ན་ནི་དམིགས་པ་གཅིག་པ་དག་ཡིན་ནོ་ཞེས་བྱ་བ་ལ། དེ་ལྟ་
ན་དུས་དང་རྒྱུད་ཐ་དད་པ་ལ་སྐྱེས་པ་རྣམས་རྣམ་པ་ཐ་དད་པ་དང་དམིགས་པ་ཐ་དད་པའི་ཕྱིར་མཚུངས་པར་ལྡན་པའི་རྒྱུ་ཉིད་དུ་ཐལ་བར་འགྱུར་བ་ལྡོག་པ་ཡིན་ནོ། །དེ་ལྟ་ན་ཡང་དེ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་རྒྱུ་དང་དུས་ཐ་དད་པ་ལས་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གང་སྔར་སྨྲས་པའོ། །འདི་
ལྟར་དུས་དང་རྒྱུ་ཐ་དད་པ་ལས་སྐྱེས་པ་ནི་རྣམ་པ་དང་དམིགས་པ་གཅིག་པ་དང་། དམིགས་པ་དང་རྣམ་པ་ཐ་དད་པ་དག་གོ། །དེ་ལ་རྣམ་པ་དང་དམིགས་པ་གཅིག་པ་དག་ཅེས་བྱ་བ་སྨོས་པས་ནི་རྣམ་པ་དང་དམིགས་པ་ཐ་དད་པ་བཀག་གོ། །ཅིག་ཤོས་ནི་མ་བཀག་པས་ཐལ་བ་དེ་ཉིད་དུ་འགྱུར་རོ། །
Vol. 209 · folio 277b
འོ་ན་ནི་དུས་གཅིག་པ་དག་ཡིན་ནོ་ཞེས་བྱ་བ་འབྱུང་ངོ་། །དེ་ལྟ་ན་ཡང་རྒྱུད་ཐ་དད་པ་ལས་སྐྱེས་ཤིང་དུས་ཐ་མི་དད་པ་རྣམས་ལ་ཡང་ཐལ་བར་འགྱུར་ཏེ། མང་པོ་རྣམས་ཟླ་བ་ཚེས་པ་ལ་སོགས་པ་ལ་ལྟ་བ་དག་གི་ལྟ་བུ་རྒྱུད་ཐ་དད་པ་ལས་སྐྱེས་པ། དུས་གཅིག་ཅིང་རྣམ་པ་དང་དམིགས་པ་གཅིག་པ་དག་ལ་
ཡང་ཐལ་བར་འགྱུར་རོ། །གང་གི་ཕྱིར་ཁྱད་པར་དེ་དག་གིས་ནི་གཞན་དུ་ཐལ་བར་འགྱུར་བ་དེ་ལྟ་བས་ན་རྟེན་མཚུངས་ཅན་རྣམས་སོ། །རྒྱུད་ཐ་དད་པ་རྣམས་ཀྱང་རིགས་ཀྱི་སྒོ་ནས་རྟེན་མིག་ལ་སོགས་པ་མཚུངས་པ་ཅན་ཡིན་པས་དེ་ལས་ཁྱད་དུ་བྱ་བའི་ཕྱིར་མཚུངས་པ་ཞེས་བྱ་བ་ནི་ཐ་མི་དད་པ་སྟེ་ཞེས་
བྱ་བ་སྨོས་ཏེ། འདིས་ནི་སྐད་ཅིག་མའི་དབང་དུ་བྱས་ནས་མཚུངས་པ་ཉིད་དུ་འདོད་ཀྱི། རིགས་ཀྱི་དབང་དུ་བྱས་ནས་ནི་མ་ཡིན་ནོ་ཞེས་སྟོན་ཏེ། དེ་ཉིད་ཀྱི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །སློབ་དཔོན་འདུས་བཟང་ན་རེ། རྟེན་མཚུངས་པ་ཞེས་བྱ་བ་ལ་འདི་སྐད་ཅིག་གཅིག་གིས་རྟེན་
མཚུངས་པ་དང་། ཡང་རྣམ་པ་གཅིག་གིས་རྟེན་མཚུངས་པ་ཞེས་བྱ་བ་འདི་ཅི་ལྟར་ཤེས་པར་བྱ། གལ་ཏེ་དེ་རྣམས་རྣམ་པར་བཤད་དོ་ཞེ་ན། སྔར་མདོ་ཉིད་དུ། མཚུངས་ལྡན་རྒྱུ་ནི་སེམས་དག་དང་། སེམས་བྱུང་ཞེས་མཚུངས་ལྡན་གསུངས་པའི་ཕྱིར་འདི་ཉིད་དུ་ཐལ་བར་འགྱུར་བ་མེད་དོ། །
དུས་དང་རྒྱུད་ཐ་དད་དུ་སྐྱེས་པ་རྣམས་ལ་མཚུངས་པར་ལྡན་པ་ཡོད་པ་མ་ཡིན་ནོ་ཞེ་ན། རྟེན་མཚུངས་པ་ཞེས་བྱ་བ་གང་དག་གི་རྟེན་ཁོ་ན་མཚུངས་ཤིང་ཐ་དད་པ་ཡང་མ་ཡིན་པ་དེ་དག་རྟེན་མཚུངས་རྣམས་སོ། །རྣམ་པ་སྨོས་ནི་རྫས་ཀྱི་སྒོ་ནས་ཐ་དད་པ་ཡང་སྟེ། འདི་རྣམས་ཀྱི་རྟེན་ཡིན་པས་རྣམ་པ་ཡོངས་སུ་
མི་གཟུང་ངོ་། །མཚུངས་ལྡན་རྒྱུ་ནི་སེམས་དགེ་དང་། །སེམས་བྱུང་ཞེས་བྱ་བའི་མཚན་ཉིད་དེ་ཡང་ཁྱད་པར་ཅན་མེད་པར་ཁྱད་པར་བཞག་པར་མི་ནུས་པས་རྟེན་མཚུངས་ཞེས་བརྗོད་དོ། །རིགས་མཚུངས་པ་ནི་རྫས་མཉམ་པར་འཛིན་པ་སོ་སོར་འཇོག་པ་སྟེ། སེམས་དང་སེམས་ལས་བྱུང་བ་མཚུངས་
པར་ལྡན་པའི་རྒྱུ་སྟེ། འདིར་ཡང་ཁྱད་པར་ནི་རྟེན་མཚུངས་པ་ཉིད་ཀྱིས་རྟོགས་པར་བྱའི་རྣམ་པ་གཞན་དུ་མ་ཡིན་ནོ་ཞེས་ཟེར་རོ། །ཡང་མཚུངས་པར་ལྡན་པ་དང་། ལྷན་ཅིག་འབྱུང་བའི་རྒྱུ་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེས་ཁོང་ན་ཡོད་པའི་དྲི་བ་གཏན་ལ་དབབ་པར་བྱ་བའི་ཕྱིར། མཚུངས་པར་ལྡན་
Vol. 209 · folio 278a
པའི་རྒྱུ་གང་ཡིན་པ་དེ་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡང་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ལྷན་ཅིག་འབྱུང་བའི་རྒྱུ་ནི། མཚུངས་པར་ལྡན་པའི་རྒྱུ་མ་ཡིན་པ་ཡོད་དེ། སེམས་ཀྱི་རྗེས་སུ་འཇུག་པའི་གཟུགས་དང་། སྐྱེ་བ་ལ་སོགས་པ་དག་དང་འབྱུང་བ་ཆེན་པོ་རྣམས་སོ། །
མཚུངས་པར་ལྡན་པའི་རྒྱུ་གང་ཡིན་པ་ཁོ་ན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །དེ་ལ་རྫས་ཁྱད་པར་མེད་པས་འདྲི་བ་ནི་ཡང་དོན་གང་གིས་ཞེས་བྱ་བ་ལ་སོགས་པའོ། །ཕན་ཚུན་འབྲས་བུའི་དོན་གྱིས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་འགྲོན་པོ་རྣམས་ཕན་ཚུན་གྱི་སྟོབས་ཀྱིས་ལྷན་
ཅིག་ལམ་དུ་འགྲོ་བ་དེ་བཞིན་དུ། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ཕན་ཚུན་གྱི་སྟོབས་ཀྱིས་སྐྱེ་བའི་ཕྱིར་ཕན་ཚུན་འབྲས་བུ་ཉིད་དུ་འདོད་ལ། ཕན་ཚུན་འབྲས་བུ་ཉིད་ཀྱིས་ཀྱང་ལྷན་ཅིག་འབྱུང་བའི་རྒྱུར་འདོད་དོ། །མཚུངས་པ་ལྔས་ཞེས་བྱ་བ་ནི་རྟེན་དང་། དམིགས་དང་། རྣམ་
པ་དང་། དུས་དང་། རྫས་མཚུངས་པའི་རྣམ་པ་དག་གིས་སོ། །མཚུངས་པར་ལྡན་པའི་དོན་གྱིས་ཞེས་བྱ་བ་ནི་མཚུངས་པར་འཇུག་པའི་དོན་གྱིས་ཏེ། ཇི་ལྟར་འགྲོན་པོ་ཕན་ཚུན་གྱི་སྟོབས་ཀྱིས་ལམ་དུ་འགྲོ་བ་དེ་དག་ཟས་དང་། བཏུང་བ་དང་། ཁྲུས་དང་། མལ་དང་། སྟན་ལ་སོགས་
པ་ཡོངས་སུ་ལོངས་སྤྱོད་པའི་བྱ་བ་ལ་འདྲ་བར་སྤྱོད་པ་དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་མ་འོངས་པའི་དུས་ནས་ད་ལྟ་བའི་དུས་སུ་འོང་བ་གཅིག་མེད་ན་ཡང་ཐམས་ཅད་མཚུངས་པར་མི་ལྡན་པས་འདི་ནི་དེ་དག་གི་རྒྱུའི་དངོས་པོ་ཡིན་ཏེ་དེ་ཡོད་ན་ཡོད་པའི་ཕྱིར་རོ། །གཞན་དག་ན་རེ། དངོས་
པོ་མི་ལྡན་པ་མེད་པའི་ཕྱིར་མཚུངས་པར་ལྡན་པའི་འབྲས་བུ་གཅིག་པའི་དོན་གྱིས་ལྷན་ཅིག་འབྱུང་བའི་རྒྱུ་དང་ཕན་ཚུན་འབྲས་བུ་བསྐྱེད་པས་རབ་ཏུ་ཕྱེ་བའམ། ལྷན་ཅིག་འབྱུང་བའི་རྒྱུ་དང་དམིགས་པ་གཅིག་པར་སྦྱོར་བས་རབ་ཏུ་ཕྱེ་བ་ནི་མཚུངས་པར་ལྡན་པའི་རྒྱུའོ་ཞེས་ཟེར་རོ། །མཚུངས་པར་ལྡན་
པའི་རྒྱུ་བཤད་ཟིན་ཏོ།། །།ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་ཞེས་བྱ་བ་ལ། ཉོན་མོངས་པ་སྨོས་པ་ནི་སྐལ་བ་མཉམ་པའི་རྒྱུ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། དེ་ནི་ཉོན་མོངས་པ་ཅན་རྣམས་དང་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཀྱི་ཡིན་གྱི་འདི་ནི་ཉོན་མོངས་
Vol. 209 · folio 278b
པ་ཅན་ཁོ་ནའི་ཡིན་ནོ། །དེ་ལྟ་ཡིན་ན་གཞན་གྱི་ས་པ་དང་། མ་འོངས་པ་དང་། ཕྱིས་སྐྱེས་པ་དང་། ལྷན་ཅིག་སྐྱེས་པ་ཡང་ཀུན་ཏུ་འགྲོ་བའི་རྒྱུར་ཐལ་བར་འགྱུར་རོ། །ཉོན་མོངས་པ་ཅན་རྣམས་ཀྱི་ཞེས་ཁྱད་པར་གྱི་ཚིག་མེད་པ་དེའི་ཕྱིར། རང་ས་ཀུན་འགྲོ་སྔ་ཞེས་བྱ་བ་སྨོས་སོ། །འདིར་
སྐལ་བ་མཉམ་པའི་རྒྱུ་བཞིན་དུ་རང་གི་རིས་སྨོས་པ་ནི་མ་བྱས་ཏེ། འདི་ལྟར་འདི་ནི་ཉོན་མོངས་པ་ཅན་གྱི་ཐུན་མོང་བའི་རྒྱུ་ཡིན་པ་ཉིད་ཀྱིས་སྐལ་བ་མཉམ་པའི་རྒྱུ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །དེ་དག་ཀྱང་འོག་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་དག་ཀྱང་། སྡུག་བསྔལ་རྒྱུ་མཐོང་
སྤང་བྱ་བ། ལྟ་དང་དེ་བཞིན་ཐེ་ཚོམ་མེད། །གང་དེ་ལྷན་ཅིག་མ་འདྲེས་པའི། །མ་རིག་གང་ཡིན་ཀུན་ཏུ་འགྲོ། །ཞེས་བྱ་བ་སྟེ། དངོས་པོ་རིས་ལྔ་པོ་ཐམས་ཅད་ཀྱང་དམིགས་པར་འགྱུར་བའམ། ཉོན་མོངས་པའི་ཚོགས་ཐམས་ཅད་ཀྱི་རྒྱུའི་དངོས་པོར་འགྱུར་བས་ན་ཀུན་ཏུ་འགྲོ་བ་རྣམས་
སོ། །དེ་ཉིད་ཀྱི་ཕྱིར་འདི་ནི་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ཐུན་མོང་གི་རྒྱུ་ཉིད་ཡིན་པས་སྐལ་བ་མཉམ་པའི་རྒྱུ་ལས་ལོགས་ཤིག་ཏུ་རྣམ་པར་གཞག་གོ། །རིས་གཞན་དག་གི་ཡང་ཞེས་བྱ་བ་འདིས་ནི་འདི་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ཐུན་མོང་གི་རྒྱུ་ཉིད་དུ་རྟོགས་པར་བྱེད་དོ། །དེ་ལ་ཀུན་འབྱུང་
དང་། འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་ནི་ཀུན་ཏུ་འགྲོ་བའི་རྒྱུ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རིས་མཐུན་གཞན་ཡིན་ལ། དེ་བཞིན་དུ་གང་དག་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ལས་གཞན་པ་དེ་དག་ཀྱང་རིས་གཞན་ཡིན་ནོ། །དེའི་ཕྱིར་རིས་
གཞན་པ་དེ་དག་གི་ཡང་རྒྱུ་ཡིན་པའི་ཕྱིར་ཏེ། ཡང་ཞེས་བྱ་བའི་སྒྲས་ནི་རང་གི་རིས་པ་རྣམས་ཀྱི་ཡང་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །ཀུན་ཏུ་འགྲོ་བའི་རྒྱུ་སྔར་སྐྱེས་པ་ནི་རིས་ལྔ་ཆར་གྱི་ཉོན་མོངས་པ་ཅན་མ་སྐྱེས་པ་ཡང་རྒྱུ་མཐུན་པའི་འབྲས་བུ་ཉིད་དུ་ཡོངས་སུ་འཛིན་ཏེ། དེའི་ཕྱིར་དེ་དག་གི་
མཐུན་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཉོན་མོངས་པ་ཐམས་ཅད་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ནོ། །འཇིག་ཚོགས་ལ་ལྟ་བ་ལས་སྐྱེས་པའོ། །འཇིག་ཚོགས་ལ་ལྟ་བའི་ཀུན་འབྱུང་བ་ཅན་ནོ་ཞེས་གསུངས་སོ། །གཞན་དག་ན་རེ། ལྷན་ཅིག་འབྱུང་
Vol. 209 · folio 279a
བའི་རྒྱུའི་ཕྱོགས་གཅིག་དང་མཚུངས་པར་ལྡན་པ་དང་སྐལ་བ་མཉམ་པའི་རྒྱུའི་ཕྱོགས་གཅིག་ནི་ཀུན་ཏུ་འགྲོ་བའི་རྒྱུའོ་ཞེས་ཟེར་རོ། །དེ་དག་གིས་ནི་འདི་སྐད་བཤད་པར་འགྱུར་ཏེ། ཀུན་ཏུ་འགྲོ་བའི་རྒྱུ་གང་ཡིན་པ་དེ་སྐལ་བ་མཉམ་པའི་རྒྱུ་ཡང་ཡིན་ནོ་ཞེས་བྱ་བའོ། །དེ་ནི་
དེ་ལྟར་མ་ཡིན་ཏེ། ཧེ་ཏུ་སཾ་བྷེ་ད་པྲ་སཾ་གཱ་དཱ་སཾ་བྷིནྣ་པྲ་ཀཱ་རཱ་ཤྩ་ཧེ་ཏ་བཿ། ས་ཏྱ་པི་དྲ་བྱ་སཾ་བྷེ་དེ། (རྒྱུ་འཆོལ་བ་ཐལ་བའི་ཕྱིར་མ་འདྲེས་རྣམ་པ་རྣམས་ཀྱང་རྒྱུ་རྣམས་ཡོད་ཀྱང་རྫས་འཆོལ་བ་ལ།) འདི་ལྟར་རང་གི་རིགས་ཀྱི་སྲེད་པ་དང་འཇིག་ཚོགས་ལ་ལྟ་བ་དག་ཕན་ཚུན་རབ་ཏུ་འཇུག་པར་བྱེད་པ་ཉིད་ཡིན་ཀྱང་སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་དག་ལ་བྱེ་བྲག་ཡོད་དོ། །སྲེད་པ་མཐའ་དག་མིགས་
པའི་ཡུལ་ཡིན་པའི་ཕྱིར་ཨཱཏྨཱ་བྷི་ནི་བེ་ཤཿ (བདག་མངོན་པར་ཞུགས།) སྲེད་པ་རབ་ཏུ་འཇིག་ཅིང་ཐེ་ཚོམ་དུ་བྱེད་ཅིང་སྲིད་པ་ཉིད་འཇིག་ཚོགས་ལ་ལྟ་བ་མཐའ་དག་གི་དམིགས་པའི་ཡུལ་ཡིན་པས་བརྟན་པོར་བྱེད་པ་ལ་བདག་ཏུ་ལྟ་བ་དང་ཐེ་ཚོམ་དུ་བྱེད་དོ། །དེས་ན་ཀུན་ཏུ་
འགྲོ་བ་རྣམས་ནི་ཉོན་མོངས་པ་ཐམས་ཅད་ཀྱི་དམིགས་པའི་ཡུལ་ཡིན་པའི་ཕྱིར་དང་། ཉོན་མོངས་པ་རྣམས་ཀྱི་རྒྱུ་བ་ཤིན་ཏུ་སྤངས་པར་གཏོད་པའི་ཕྱིར་རོ། །འཕགས་པ་རྣམས་ཀྱི་ཀུན་ཏུ་འགྲོ་བའི་རྒྱུ་སྤང་བའི་ཕྱིར་ལ། སྤང་བ་ཡང་རྒྱུའི་དངོས་པོར་མི་སྲིད་དོ་སྙམ་དུ་འདྲི་བ་ནི།
ཅི་འཕགས་པའི་གང་ཟག་གི་ཞེས་བྱ་བ་རྒྱས་པར་སྨོས་སོ། །འཕགས་པའི་གང་ཟག་ནི་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་རྣམས་ལ་མངོན་པར་འདོད་དོ། །དེ་དག་ལ་ཉོན་མོངས་པ་ཀུན་ཏུ་སྤྱོད་པ་སྲིད་པའི་ཕྱིར་རོ། །ཁ་ཆེ་བ་རྣམས་ན་རེ། ཉོན་མོངས་པ་ཅན་ཐམས་
ཅད་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་དག་ནི་སྤངས་ཟིན་པའི་འཕགས་པའི་གནས་སྐབས་ནི་རྒྱུའི་དངོས་པོར་འགྱུར་བ་མི་རུང་སྟེ། འོ་ན་ཅི་ཞེ་ན། དེ་དག་ནི་སོ་སོ་སྐྱེ་བོའི་གནས་སྐབས་ཁོ་ནར་རྒྱུའི་དངོས་པོར་རྣམ་པར་གནས་པ་ཡིན་ཏེ། གང་ཞིག་གང་གི་རྒྱུ་ཡིན་པ་དེ་ནི་ནམ་ཡང་
དེའི་རྒྱུ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བས་དེ་དག་ནི་སྤངས་ཀྱང་། དེ་དག་ནི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱི་རྒྱུ་ཉིད་དུ་བསྙད་དོ། །འདིར་ཀུན་ཏུ་འགྲོ་བའི་རྒྱུ་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ཐུན་མོང་གི་རྒྱུ་ཉིད་ཡིན་པའི་ཁུངས་ནི་འདི་ཡིན་ཏེ། འདིར་འཕགས་པའམ། སོ་སོ་སྐྱེ་བོའི་ཉོན་མོངས་
Vol. 209 · folio 279b
པ་ཅན་ཞེས་བྱ་བར་ཁྱད་པར་དུ་མ་བྱས་པ་དེའི་ཕྱིར་ན་འཕགས་པའི་ཡང་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །མཐོང་བས་སྤང་བར་བྱ་བའི་རྒྱུ་ལས་བྱུང་བ་ཞེས་ཁྱད་པར་མེད་པ་ཡིན་ཡང་ཀུན་ཏུ་འགྲོ་བ་རྣམས་ཁོ་ན་གཟུང་ངོ་། །དེ་བཞིན་དུ་རྣམ་པར་སྨིན་པ་ཡང་ཁྱད་པར་མེད་པར་བརྗོད་དུ་ཟིན་ཀྱང་མི་དགེ་
བ་རྣམས་ཁོ་ནའི་ཡིན་གྱི་ལུང་དུ་མ་བསྟན་པ་རྣམས་ཀྱི་ནི་མ་ཡིན་ནོ། །ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བའི་ཆོས་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིར་ཡང་མི་དགེ་བ་རྣམས་སོ་ཞེས་བྱ་བ་འདི་ཁུངས་ཡིན་ནོ། །ལུང་དུ་མ་བསྟན་པ་ནི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་གཉིས་
ཏེ། དེ་དག་ཀྱང་ཁྱད་པར་མེད་པར་མི་དགེ་བའི་ཆོས་རྣམས་ཀྱི་རྒྱུའི་དངོས་པོར་བསྟན་པས་འཕགས་པའི་མི་དགེ་བའི་ཆོས་རྣམས་ཀྱང་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བར་ངེས་པ་ཡིན་ནོ། །གཞན་ལུང་མ་བསྟན་མ་ཡིན་པའི་ཆོས་རྣམས་ནི་བྱེད་
རྒྱུ་མ་གཏོགས་པར་རྒྱུ་གཞན་གྱིས་དགེ་བའི་ཆོས་རྣམས་ཀྱི་རྒྱུ་ཉིད་བྱེད་དེ་བྱེད་རྒྱུ་ཉིད་ཀྱང་ལུང་མ་བསྟན་གྱི་ཆོས་རྣམས་ནཱ་ནེ་བྷྱོ་བཱ་ཉི་ཤ་ཡཿལུང་དུ་མ་བསྟན་པའི་ཆོས་འདུས་བྱས་རྣམས་ཞེས་བྱ་བ་ལ། འདུས་བྱས་སྨོས་པ་ནི་ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་རྣམ་པར་གཅད་
པར་བྱ་བའི་ཕྱིར་རོ། །ལུང་དུ་མ་བསྟན་པ་རྣམས་དང་ལུང་དུ་མ་བསྟན་པ་རྣམས་ཀྱི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་དང་སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་རྣམས་ཀྱི་ཇི་ལྟར་སྲིད་པའི་རྒྱུར་འགྱུར་རོ། །ཀུན་ཏུ་འགྲོ་བའི་རྒྱུ་ནི་མ་ཡིན་ནོ། །སྡུག་བསྔལ་གྱི་བདེན་པ་འཇིག་ཚོགས་
ལ་ལྟ་བའི་རྒྱུ་ཅན་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་ནས་རྒྱས་པར་འཇིག་ཚོགས་ལ་ལྟ་བ་དང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལ། འདིར་རྒྱས་པར་ཞེས་བྱ་བ་སྨོས་པ་ནི་སྡུག་བསྔལ་གྱི་བདེན་པ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ། འཇིག་
ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ཡང་ཡོད་དོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་མ་ཡིན་པ་ཡང་ཡོད། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་མ་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་པ་ཡོད་དོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་མ་ཡིན་
Vol. 209 · folio 280a
ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་མ་ཡིན་པ་ཡོད་དམ་ཞེ་ན། དེ་ལ་མུ་དང་པོ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་འདས་པ་དང་ད་ལྟར་བྱུང་བ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་དང་། ཀུན་འབྱུང་
བ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་ཀུན་ཏུ་འགྲོ་བ་འདས་པ་དང་། ད་ལྟར་བྱུང་བ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་དང་། འཇིག་ཚོགས་ལ་ལྟ་བ་མ་འོངས་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་
དང་། འཇིག་ཚོགས་ལ་ལྟ་བ་དེ་དང་མཚུངས་པར་ལྡན་པའི་ཆོས་སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པ་དང་ཞེས་བྱ་བའི་གཞུང་འདི་འཕེན་པ་ཡིན་ནོ། །མ་གཏོགས་པ་དག་ལས་གཞན་པ་དེ་དག་གང་ཞེ་ན། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་མ་འོངས་པ་མཚུངས་པར་ལྡན་པ་དང་བཅས་པ་
རྣམས་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་མ་འོངས་པ་རྣམས་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བ་མ་འོངས་པ་རྣམས་དང་། འགོག་པ་དང་ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་ཐམས་ཅད་ཁོ་ན་སྟེ། དེ་ནི་སྡུག་བསྔལ་གྱི་བདེན་པ་འཇིག་ཚོགས་ལ་ལྟ་
བའི་རྒྱུ་ཅན་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་ནའོ། །དེ་ལ་འདིར་གསུམ་པའི་ཁུངས་འཕགས་པའི་གང་ཟག་གི་ཡང་ཉོན་མོངས་པ་ཅན་གྱི་ཆོས་ཀུན་ཏུ་འགྲོ་བའི་རྒྱུ་ཅན་ནོ་ཞེས་བསྒོམ་པས་སྤང་བར་བྱ་བ་རྣམས་ཁྱད་པར་དུ་མ་བྱས་ཏེ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཉིད་དུ་བསྟན་པའི་ཕྱིར་
རོ། །གལ་ཏེ་འཕགས་པའི་གང་ཟག་གི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱི་ཀུན་ཏུ་འགྲོ་བའི་རྒྱུ་ཅན་ཡིན་ན། འོ་ན་བཏགས་པའི་བཤད་པ་འདི་ཇི་ལྟར་དྲང་ཞེས་བྱ་བ་ནི་བསྟན་བཅོས་དང་འགལ་བར་སྟོན་ཏོ། །གལ་ཏེ་འཕགས་པའི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱང་ཀུན་ཏུ་འགྲོ་བའི་རྒྱུ་ལས་
བྱུང་བ་ཡིན་ནའོ། །འདྲི་བའི་བསམ་པ་ནི་མི་དགེ་བ་ནི་མི་དགེ་བའི་རྒྱུ་ལས་བྱུང་བ་ཁོ་ནའོ་ཞེས་ངེས་པར་གཟུང་བའི་ཕྱིར་ན། ལུང་དུ་མ་བསྟན་པའི་རྒྱུ་ཅན་ནི་མ་ཡིན་ནོ་སྙམ་པའོ། །ཡོད་དེ་འཕགས་པའི་གང་ཟག་འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཞེས་བྱ་བ་ལ་སོགས་པ་ལ་སེམས་པ་
Vol. 209 · folio 280b
དེའི་རྒྱུ་ནི་མི་དགེ་བ་འབའ་ཞིག་ཏུ་མ་ཟད་ཀྱི། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པའི་ལྟ་བའི་བདག་ཉིད་ཅན་ལུང་དུ་མ་བསྟན་པ་ཡང་ཡིན་ནོ། །དེ་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པའི་རྒྱུ་ཅན་ཉིད་ཀྱང་ཡིན་མོད་ཀྱང་། དེ་ནི་རྒྱུ་མ་སྤངས་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེའི་རྒྱུ་
ལུང་དུ་མ་བསྟན་པ་ཡང་སྤང་བ་ཡིན་ནོ། །མཐོང་བས་སྤང་བར་བྱ་བ་ཡོངས་སུ་གཏུགས་ཏེ་སྤང་བའི་ཕྱིར་ལ། མཐོང་བའི་ལམ་ལས་ཡོངས་སུ་ཉམས་པ་ཡང་མེད་པའི་ཕྱིར་རོ། །དེ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སྐྱེ་བ་ཡིན་ཏེ། དེའི་ཕྱིར་མི་དགེ་བ་འདོད་ཆགས་ལ་སོགས་པའི་
བསྒོམ་པས་སྤང་བར་བྱ་བ་མ་སྤངས་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེ་ཇི་ལྟར་མ་སྤངས་ཤེ་ན། དེ་སྤངས་པ་ལས་ཡོངས་སུ་ཉམས་པའི་ཕྱིར་ཏེ། ལྷན་ཅིག་འབྱུང་བ་དང་། མཚུངས་པར་ལྡན་པའི་རྒྱུས་བསྡུས་པའི་རྒྱུ་མི་དགེ་བ་ལ་དགོངས་ནས་དེ་སྐད་དུ་གསུངས་པས་བསྟན་བཅོས་
དང་འགལ་བ་མེད་དོ། །ཀུན་ཏུ་འགྲོ་བའི་རྒྱུ་བཤད་ཟིན་ཏོ།། །།རྣམ་སྨིན་རྒྱུ་ནི་མི་དགེ་དང་། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པར་སྨིན་པའི་རྒྱུ་ནི་དེ་དག་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་སྟེ། དེ་དག་རྣམ་པར་སྨིན་པའི་རྒྱུ་ཁོ་ནའོ་ཞེས་བྱ་བར་ནི་མ་ཡིན་ནོ། །ཟག་པ་དང་
བཅས་པ་སྨོས་པ་ནི་ཟག་པ་མེད་པ་བསལ་བར་བྱ་བའི་ཕྱིར་རོ། །མི་དགེ་བ་ནི་ཟག་པ་དང་བཅས་པ་ཁོ་ན་ཡིན་པས་དེ་ལས་ཁྱད་པར་དུ་མ་བྱས་སོ། །ཡང་འདིར་རྒྱུའི་དོན་ཅི་ཞེ་ན། ཇི་ལྟར་ལས་ཉེ་བར་སོན་པས་སེམས་ཅན་རྣམས་ལས་ཀྱི་རྣམ་པར་འབྱེད་དེ། སེམས་ཅན་དམན་པ་རྣམས་ལ་དམན་པ་
དང་བཟང་པོ་རྣམས་ལ་གྱ་ནོམ་པའོ་ཞེས་པ་ལྟ་བུའོ། །དང་གི་སྒྲ་ནི་རྒྱུ་ཐ་དད་ཀྱང་འབྲས་བུ་ཐ་མི་དད་པར་ཤེས་པར་བྱེད་པའི་ཕྱིར་རོ། །ངེས་པར་གཟུང་བ་ནི་ཐལ་བར་གྱུར་པ་ལས་རྣམ་པར་སྨིན་པའི་རྒྱུ་བཟློག་པར་བྱ་བའི་ཕྱིར་རོ། །ཁ་ཅིག་ནི་ཐམས་ཅད་རྣམ་པར་སྨིན་པ་ཞེས་སེམས་ཏེ། སྣང་བ་
རྒྱ་ཆེན་པོ་ཅན་རྣམ་པར་སྨིན་པ་ཞེས་གསུངས་པའི་ཕྱིར། སྲེད་པའི་རྣམ་པར་སྨིན་པ་ཚོར་བའོ་ཞེ་ན། ཚིག་དེ་དེ་བཞིན་གཤེགས་པའི་གསུང་མ་ཡིན་ཏེ། གང་རྣམ་པར་སྨིན་པར་འགྱུར་བ་དེ་ཐམས་ཅད་ཀྱི་རྒྱུ་རྣམ་པར་སྨིན་པའི་རྒྱུ་ཞེས་བྱ་བར་འགྱུར་རོ། །སཱ་མཱ་སྟ་དྱ་ཏེ་ཨེ་ཏེ།
Vol. 209 · folio 281a
ཨཽ་བ་མྱ་ཏཱ་མིན་ནོ། །རྣམ་པར་སྨིན་པའི་སྒྲ་ཞེས་བྱ་བ་གང་ལས་ཀྱང་འདི་ཉིད་རྣམ་པར་སྨིན་པའི་རྒྱུ་གཞན་མ་ཡིན་ཞེས་བྱ། དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པའི་ཆོས་ཡིན་པའི་ཕྱིར་ཞེས་ཏེ། རྣམ་པར་སྨིན་པའི་སྐབས་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གཞན་
དག་རྣམ་པར་སྨིན་པའི་ཆོས་ཅན་འདི་མ་ཡིན་པར་བསྟན་པའི་ཕྱིར་དྲི་བ་ནི། ཅིའི་ཕྱིར་ལུང་དུ་མ་བསྟན་པའི་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །ཇི་ལྟར་ས་བོན་རུལ་བ་དག་ནི་མངོན་པར་བརླན་ཡང་སྟོབས་ཆུང་བའི་ཕྱིར་མྱུ་གུའི་རྒྱུ་མ་ཡིན་པ་དེ་བཞིན་དུ་ལུང་དུ་མ་བསྟན་པ་ཡང་ཟག་པ་དང་བཅས་པའི་ཕྱིར།
སྲེད་པས་མངོན་པར་བརླན་ཡང་སྟོབས་ཆུང་བའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ནོ། །ཡང་ཇི་ལྟར་ས་བོན་གྲུང་པོ་ཆུ་དག་གིས་མངོན་པར་མ་བརླན་པ་མྱུ་གུའི་རྒྱུ་མ་ཡིན་པ་དེ་བཞིན་དུ་ཟག་པ་མེད་པ་རྣམས་ཀྱང་དགེ་བ་ཡིན་པའི་ཕྱིར། གྲུང་ཡང་སྲེད་པས་མངོན་པར་མ་བརླན་པའི་ཕྱིར་རྣམ་པར་
སྨིན་པའི་རྒྱུ་མ་ཡིན་ནོ། །གཅིག་ནི་རང་གི་ནུས་པ་དང་བྲལ་བའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ལ། ཅིག་ཤོས་ནི་ལྷན་ཅིག་སྐྱེས་པའི་རྐྱེན་མ་ཚང་བའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ནོ། །ལྡན་པ་མ་ཡིན་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པར་སྨིན་པ་ནི་འདོད་པའི་
ཁམས་ལ་སོགས་པའི་ཆོས་ཅན་ཡིན་པའི་ཕྱིར། གདོན་མི་ཟ་བར་འདོད་པའི་ཁམས་ལ་སོགས་པ་དང་ལྡན་པར་འགྱུར་ན། ལྡན་པ་མ་ཡིན་པ་ནི་རྣམ་པར་སྨིན་པ་དང་ལྡན་པའི་རྒྱུར་མི་རུང་སྟེ། ངེས་པའི་རྒྱུ་མེད་པའི་ཕྱིར་རོ། །ལྷག་མ་རྣམས་ཞེས་བྱ་བ་ནི་མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་
པ་དག་གོ། །རྣམ་པ་གཉིས་ཀ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། དགེ་བ་དང་མི་དགེ་བ་ཉིད་ཀྱིས་གྲུང་པོ་ཡིན་པའི་ཕྱིར། རང་གི་ནུས་པ་དང་ལྡན་ལ། སྲེད་པས་མངོན་པར་བརླན་པའི་ཕྱིར་ལྷན་ཅིག་བྱེད་པའི་རྐྱེན་དང་ལྡན་པ་ཡིན་ནོ། །གཉིས་ཀ་ལྟར་ཡང་རུང་ངོ་ཞེས་སྔར་བཤད་ཟིན་ཏོ་ཞེས་བྱ་བ་ལ།
རྣམ་པར་སྨིན་པའི་རྒྱུ་ནི་རྣམ་པར་སྨིན་པའོ་ཞེས་ཚིག་བསྡུ་ན་ནི། རྒྱུའི་སྒྲ་མི་མངོན་པར་བྱས་པས་མིག་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་དང་མི་འགལ་ལོ། །ཡང་ན་རྣམ་པར་སྨིན་པ་ཉིད་རྒྱུ་ཡིན་པས་རྣམ་པར་སྨིན་པའི་རྒྱུ་ཡིན་ནོ་ཞེས་ཚིག་བསྡུ་ན་ཡང་འབྲས་བུའི་དུས་སུ་ཕྱིན་པའི་ལས་ལ་རྣམ་པར་སྨིན་
Vol. 209 · folio 281b
པར་འགྱུར་བས་ན། རྣམ་པར་སྨིན་པ་ཞེས་བྱ་སྟེ། དེ་ལྟ་ན་ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་དང་མི་འགལ་ལོ། །འབྲས་བུ་ནི་རྣམ་པར་སྨིན་པ་ཡིན་པས་རྣམ་པར་སྨིན་པ་ཞེས་བྱའི། རྣམ་པར་སྨིན་པར་འགྱུར་བས་ནི་མ་ཡིན་ནོ། །མི་འདྲ་བར་སྨིན་པ་ནི་ཞེས་བྱ་བ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི་
རྒྱུ་དང་མི་འདྲ་བའི་འབྲས་བུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་རྒྱུ་ནི་མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པ་དག་ཡིན་ལ་འབྲས་བུ་ནི་ལུང་དུ་མ་བསྟན་པ་ཡིན་པས་རྒྱུ་དང་མི་འདྲ་བ་ཡིན་ནོ། །ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་དང་སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་རྣམས་
ལ་མི་འདྲ་བར་རྣམ་པར་སྨིན་པ་མེད་དོ། །བྱེད་པའི་རྒྱུ་ལ་ནི་འདྲ་བ་དང་མི་འདྲ་བ་གཉི་ག་ཅི་རིགས་པའོ། །རྣམ་པར་སྨིན་པའི་རྒྱུ་བཤད་པའི་སྒོ་ནས་འདོད་པའི་ཁམས་ན་རྣམ་པར་སྨིན་པའི་རྒྱུ་ཕུང་པོ་གཅིག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་འདི་ཡང་བསྟན་པར་བྱའོ། །ཐོབ་པ་རྣམས་དང་དེ་དག་གི་སྐྱེ་བ་
ལ་སོགས་པ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པའི་ཕྱིར་ན་ཕུང་པོ་གཅིག་གོ། །ཐོབ་པ་རྣམས་ཀྱི་འབྲས་བུ་གང་ཡིན་པ་དེ་ཉིད་དེ་དག་གི་སྐྱེ་བ་ལ་སོགས་པ་རྣམས་ཀྱི་ཡང་ཡིན་པས་འབྲས་བུ་གཅིག་གོ། །ཐོབ་པ་རྣམས་ནི་ཐོབ་པ་དང་ལྡན་པ་དང་འབྲས་བུ་ཐ་དད་ཀྱི། མཚན་ཉིད་རྣམས་ནི་མ་
ཡིན་ཏེ། མཚན་གཞི་དང་། གཉིས་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཕུང་པོ་གཉིས་ལ་ཞེས་བྱ་བ་ལ། ལུས་དང་ངག་གི་ལས་དགེ་བ་དང་མི་དགེ་བ་ནི་གཟུགས་ཀྱི་ཕུང་པོ་ཡིན་ནོ། །དེ་དག་གི་སྐྱེ་བ་ལ་སོགས་པ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ནོ། །ལྷན་ཅིག་འབྱུང་བའི་རྒྱུ་ཡིན་
པའི་ཕྱིར་ལུས་དང་ངག་གི་ལས་དང་། དེ་དག་གི་སྐྱེ་བ་ལ་སོགས་པ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་གཅིག་ཁོ་ན་ཡིན་ཏེ། འབྲས་བུ་ཐ་དད་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་དུ་འགལ་བའི་ཕྱིར་རོ། །ཕུང་པོ་གསུམ་པ་ནི་ཁམས་གསུམ་ཀ་ན་ཡང་མེད་དེ། སེམས་དང་སེམས་
ལས་བྱུང་བ་རྣམས་གདོན་མི་ཟ་བར་འབྲས་བུ་གཅིག་པ་ཡིན་པའི་ཕྱིར་རོ། །ཕུང་པོ་བཞི་ལ་ཞེས་བྱ་བ་ལ། སེམས་དང་སེམས་ལས་བྱུང་བ་དགེ་བ་དང་མི་དགེ་བ་དག་ནི་ཅི་རིགས་པར་ཕུང་པོ་བཞིས་བསྡུས་པ་ཡིན་ལ། དེ་དག་གི་སྐྱེ་བ་ལ་སོགས་པ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་
Vol. 209 · folio 282a
པ་ཡིན་ནོ། །འདོད་པའི་ཁམས་ན་མཉམ་པར་གཞག་པའི་སེམས་མེད་པས་རྗེས་སུ་འཇུག་པའི་སེམས་གཟུགས་མི་སྲིད་པའི་ཕྱིར་ཕུང་པོ་ལྔ་པོ་ནི་ཡོད་པ་མ་ཡིན་ནོ། །ཕུང་པོ་བཞི་པོ་བཞི་ཆར་གྱི་ཡང་རྣམ་པར་སྨིན་པའི་འབྲས་བུ་ནི་གཅིག་ཁོ་ནའི་ཡིན་གྱི་ཐ་དད་པ་ནི་མ་ཡིན་
ནོ། །ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དག་གི་དེའི་སྐད་ཅིག་དང་དེའི་ཀུན་སློང་གི་སེམས་དང་སེམས་ལས་བྱུང་བ་རྣམས་འབྲས་བུ་གཅིག་གོ་ཞེས་ཟེར་རོ། །འདོད་པའི་ཁམས་ན་ཕུང་པོ་ལྔ་ཡང་ཡོད་པ་དེའི་ལྷན་
ཅིག་འབྱུང་བའི་རྒྱུ་མ་ཡིན་པ་མེད་པའི་ཕྱིར་གཞན་ཉིད་དོ། །གང་གི་ཕྱིར་ལུས་དང་ངག་གི་ལས་རྣམ་པར་སྨིན་པ་ལས་གཞན་པ་དང་། དེའི་ཀུན་ནས་སློང་བའི་སེམས་དང་སེམས་ལས་བྱུང་བ་རྣམས་སྐད་ཅིག་མ་རེ་རེ་བ་དག་ཁོ་ནའོ། །རེ་ཞིག་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་
པ་དག་འབྲས་བུ་ཐ་དད་དེ། རྣམ་པར་རིག་བྱེད་ཀྱི་ནི་རྡུལ་ཕྲ་རབ་རྣམས་སོ། །རྣམ་པར་རིག་བྱེད་མ་ཡིན་པའི་སྲོག་ཆགས་གསོད་པ་ལ་སོགས་པའི་རྫས་རྣམས་སོ། །སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ནི་སྔར་བཤད་པ་ཉིད་དོ། །འདོད་པའི་ཁམས་རྣམ་པར་སྨིན་པའི་རྒྱུ་
ཕུང་པོ་ལྔ་པ་མེད་དོ། །གཟུགས་ཀྱི་ཁམས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཐོབ་པ་སྐྱེ་བ་ལ་སོགས་པ་དང་བཅས་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྐྱེ་བ་ལ་སོགས་པ་དང་བཅས་པ་སྟེ། ཐོབ་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གཉིས་དང་། དེ་དག་གི་
སྐྱེ་བ་ལ་སོགས་པ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པའི་ཕྱིར་ཕུང་པོ་གཅིག་ཡིན་ལ། མཚན་ཉིད་དང་མཚན་གཞི་གཉིས་འབྲས་བུ་ཐ་མི་དད་པ་ཡིན་པའི་ཕྱིར་འབྲས་བུ་གཅིག་པ་ཡིན་ནོ། །ཕུང་པོ་གཉིས་པ་ནི་ཞེས་བྱ་བ་ལ། བསམ་གཏན་དང་པོ་ཁོ་ནའི་རྣམ་པར་རིག་བྱེད་
དགེ་བ་ཡིན་གྱི། བསམ་གཏན་གཉིས་པ་ལ་སོགས་པ་དག་གི་ནི་མ་ཡིན་ཏེ། དེའི་ས་པའི་རྟོག་པ་དང་དཔྱོད་པ་མེད་པའི་ཕྱིར་ལ། ས་འོག་མ་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཁོ་ན་དེར་མངོན་དུ་བྱེད་པའི་ཕྱིར་རྣམ་པར་སྨིན་པ་མེད་དོ། །རྣམ་པར་རིག་བྱེད་
Vol. 209 · folio 282b
ནི་གཟུགས་ཀྱི་ཕུང་པོའོ། །དེའི་ཕྱིར་སྐྱེ་བ་ལ་སོགས་པ་དག་ནི་འདུ་བྱེད་ཀྱི་ཕུང་པོའོ། །མཉམ་པར་མ་བཞག་པ་ཞེས་བྱ་བ་ལ། དེ་ལ་རྗེས་སུ་འཇུག་པའི་ཕུང་པོ་བཞི་པའོ། །མཉམ་པར་གཞག་པ་ཞེས་བྱ་བ་ལ། དེ་ལ་རྗེས་སུ་འཇུག་པའི་གཟུགས་ཡོད་པའི་ཕྱིར་ཕུང་པོ་ལྔ་པའོ། །གཟུགས་
མེད་པའི་ཁམས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་ན་གཟུགས་ཐམས་ཅད་མེད་པས་ཕུང་པོ་གཅིག་པ་འམ་བཞི་པ་ཡིན་གྱི་ཕུང་པོ་གཉིས་པ་ནི་མ་ཡིན་ནོ། །རྣམ་པར་སྨིན་པའི་རྒྱུ་དེ་ནི་རྣམ་པ་དགུ་ཡིན་ཏེ། ཁམས་གསུམ་ན་རིམ་བཞིན་དུ་རྣམ་པ་གསུམ་དང་། བཞི་དང་། གཉིས་
ཡིན་པའི་ཕྱིར་རོ། །གང་གི་རྣམ་པར་སྨིན་པའི་ཆོས་ཀྱི་སྐྱེ་མཆེད་གཅིག་ཁོ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཁ་ཅིག་ན་རེ་རིས་མཐུན་པ་དང་སྲོག་གི་དབང་པོ་ནི་འཕེན་པར་བྱེད་པའི་ཕྱིར་ལས་ཀྱི་འབྲས་བུ་ཁོ་ན་ཡིན་ལ། གཞན་དག་ན་རེ་གདོན་མི་ཟ་བར་འཕེན་པར་བྱེད་པའི་ཡིན་པ་ཁོ་ནར་མ་
ཟད་ཀྱི། རྫོགས་པར་བྱེད་པའི་ཡང་ཡིན་ཏེ། དེ་བས་ན་སྲོག་གི་དབང་པོ་གང་གི་རྣམ་པར་སྨིན་པ་ཡིན་པ་དེའི་ནི་རིས་མཐུན་པ་དང་། དེའི་སྐྱེ་བ ལ་སོགས་པ་ཡང་ཡིན་པས་དེའི་རྣམ་པར་སྨིན་པ་ནི་ཆོས་ཀྱི་སྐྱེ་མཆེད་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་གཟུགས་མེད་པའི་ཁམས་
སུ་སྐྱེས་པ་དགེ་བ་དང་ཉོན་མོངས་པ་ཅན་གྱི་སེམས་ཀུན་ཏུ་སྤྱོད་པའི་གནས་སུ་གྱུར་པའི་སྲོག་གི་དབང་པོ་མངོན་པར་འདོད་དེ། འདོད་པ་དང་གཟུགས་ཀྱི་ཁམས་དག་ན་ནི་གནས་སྐབས་ཐམས་ཅད་དུ་སྐྱེ་མཆེད་གཞན་དང་གཞན་ཡང་ཡོད་དོ་ཞེས་ཟེར་རོ། །གང་གི་ཡིད་ཀྱི་སྐྱེ་མཆེད་ཡིན་པ་དེའི་
ནི་གཉིས་ཏེ་ཞེས་བྱ་བ་འབྱུང་སྟེ། དེ་ལ་རྣམ་པར་ཤེས་པ་ནི་ཡིད་ཀྱི་སྐྱེ་མཆེད་དོ། །ཚོར་བ་ལ་སོགས་པ་དང་། དེ་དག་གི་སྐྱེ་བ་ལ་སོགས་པ་རྣམས་ཆོས་ཀྱི་སྐྱེ་མཆེད་དོ། །གང་གི་རེག་བྱའི་སྐྱེ་མཆེད་ཡིན་པ་ཡང་དེ་དང་འདྲའོ་ཞེས་བྱ་བ་ལ། རེག་བྱའི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དོ། །དེའི་
སྐྱེ་བ་ལ་སོགས་པ་རྣམས་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་རོ། །འདིར་རེག་བྱའི་སྐྱེ་མཆེད་ནི་སེམས་ཅན་དུ་བགྲང་བ་ལ་རིག་པར་བྱའོ། །གང་གི་ཕྱིར་ལུས་ཀྱི་སྐྱེ་མཆེད་ཡིན་པ་དེའི་གསུམ་སྟེ། ལུས་ཀྱི་སྐྱེ་མཆེད་ནི་འབྱུང་བ་ལས་གྱུར་པ་ཡིན་ལ། དེ་ཡང་འབྱུང་བ་ལ་བལྟོས་པའི་ཕྱིར་
Vol. 209 · folio 283a
ལུས་ཀྱི་སྐྱེ་མཆེད་ནི་རེག་བྱའི་སྐྱེ་མཆེད་འབྱུང་བའི་བདག་ཉིད་ཅན་ལ་མི་ལྟོས་པ་མི་སྲིད་དོ། །དེའི་སྐྱེ་བ་ལ་སོགས་པ་རྣམས་ནི་ཆོས་ཀྱི་སྐྱེ་མཆེད་དོ། །གཞན་དག་ན་རེ་གཟུགས་ཀྱི་སྐྱེ་མཆེད་ཀྱང་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་ལུས་ཀྱི་སྐྱེ་མཆེད་ནི་དེ་ལ་མི་
འཁྲུལ་བའི་ཕྱིར་དང་འབྱུང་བ་བ་ནི་ཚན་ལ་བརྟེན་པའི་ཕྱིར་མ་ཡིན་ནོ་ཞེས་ཟེར་རོ། །གང་གི་གཟུགས་དང་དྲི་དང་རོའི་སྐྱེ་མཆེད་དག་ཡིན་པ་ཡང་དེ་དང་འདྲའོ་ཞེས་ཟེར་རོ། གཟུགས་ལ་སོགས་པ་རྣམས་ལས་ནི་གང་རུང་བ་ཞིག་གོ། །དེ་དག་གི་རྟེན་འབྱུང་བ་ཆེན་པོ་དག་ནི་རེག་བྱའི་
སྐྱེ་མཆེད་དོ། །དེ་དག་གི་སྐྱེ་བ་ལ་སོགས་པ་དག་ནི་ཆོས་ཀྱི་སྐྱེ་མཆེད་དོ། །མིག་ནི་ལུས་ལ་མི་འཁྲུལ་བའི་ཕྱིར་དང་། སྐྱེ་བ་ལ་སོགས་པ་མཚན་ཉིད་ལ་མི་འཁྲུལ་བའི་ཕྱིར་ན། གང་གི་རྣམ་པར་སྨིན་པ་མིག་གི་སྐྱེ་མཆེད་ཡིན་པའི་ཕྱིར་དེའི་སྐྱེ་མཆེད་བཞི་ཡིན་ནོ། །གཞན་དག་ནི་
གཟུགས་ཀྱི་སྐྱེ་མཆེད་ཀྱང་ངོ་ཞེས་ཟེར་རོ། །གཞན་དག་ནི་སྐྱེ་མཆེད་གཅིག་བཞིན་དུ་མི་འཁྲུལ་བའི་ཕྱིར་དང་འབྱུང་བ་བཞི་ཚན་གཞན་ལ་བརྟེན་པའི་གཟུགས་ཀྱི་སྐྱེ་མཆེད་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་ན་ལུས་ཀྱི་སྐྱེ་མཆེད་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་མིག་གི་སྐྱེ་མཆེད་
ནི་ལུས་ཀྱི་སྐྱེ་མཆེད་ལ་རག་ལས་ཏེ་འཇུག་པའི་ཕྱིར་རོ། །གང་གི་རྣ་བ་དང་སྣ་དང་ལྕེའི་སྐྱེ་མཆེད་དག་ཡིན་པ་ཡང་དེ་འདྲའོ་ཞེས་བྱ་བ་ལ། དེ་དག་གི་ཚུལ་ཡང་མིག་གི་དབང་པོ་དང་འདྲ་སྟེ། དེ་དག་ཀྱང་འབྱུང་བ་ཆེན་པོ་ལ་བརྟེན་པའི་ཕྱིར་དང་། སྐྱེ་བ་ལ་སོགས་པ་དང་ལྡན་པའི་ཕྱིར་
དང་། ལུས་ཀྱི་སྐྱེ་མཆེད་ལ་རག་ལས་ཏེ་འཇུག་པའི་ཕྱིར་རོ། །སྐྱེ་མཆེད་བཅུ་གཅིག་ནི་རྣམ་པར་སྨིན་པ་ཡིན་ལ། སྒྲ་ནི་མ་གཏོགས་ཏེ་དེ་རྣམ་པར་སྨིན་པ་མ་ཡིན་པའི་ཕྱིར་རོ། །ཡང་ལས་འགའ་ཞིག་གི་རྣམ་པར་སྨིན་པ་སྐྱེ་མཆེད་གཅིག་རྣམ་པར་སྨིན་པར་འགྱུར་ལ། འགའ་ཞིག་
གིས་བཅུ་གཅིག་རྣམ་པར་སྨིན་པར་འགྱུར་བ་གང་ཡིན་པ་ལ་རྒྱུ་ཅི་ཡོད་ཅེ་ན། དེའི་ཕྱིར་ལས་ཀྱི་འབྲས་བུ་སྣ་ཚོགས་པ་དང་སྣ་ཚོགས་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཕྱིའི་ས་བོན་ལྟར་ནང་གི་ལས་ཀྱི་ས་བོན་ཡང་བལྟ་བར་བྱའོ། །འདི་ལྟར་པདྨའི་ས་བོན་རྣམས་རྩ་བ་དང་། མྱུ་
Vol. 209 · folio 283b
གུ་དང་ལོ་མ་དང་སྡོང་བུ་དང་གེ་སར་དང་ཟེའུ་འབྲུ་དང་ལྟེ་བ་སྣ་ཚོགས་ཡིན་པ་དེ་བཞིན་དུ་ནས་དང་གྲོ་ལ་སོགས་པ་དག་ནི་མ་ཡིན་ནོ། །ལས་དུས་གཅིག་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལས་འདས་པའི་རྣམ་པར་སྨིན་པ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཡིན་ནོ། །ལས་དུས་
གཉིས་པའི་ཞེས་བྱ་བ་ལ། འདས་པ་དང་ད་ལྟར་བའི་མ་འོངས་པ་མ་ཡིན་ནོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི། རྒྱུ་བས་འབྲས་བུ་ཧ་ཅང་ཉུང་བར་འགྱུར་བར་འོང་བའི་ཕྱིར་རོ་ཞེས་བྱ་བའོ། །བཟློག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ། ལས་སྐད་ཅིག་མ་དུ་མའི་རྣམ་པར་སྨིན་པའི་སྐད་ཅིག་གཅིག་
ནི་མ་ཡིན་ཏེ། རྒྱུ་བས་འབྲས་བུ་ཧ་ཅང་ཉུང་བར་འགྱུར་དུ་འོང་བའི་ཕྱིར་རོ། །རྣམ་པར་སྨིན་པ་ནི་ལས་དང་ལྷན་ཅིག་ཏུ་རྣམ་པར་སྨིན་པ་མ་ཡིན་ཏེ། ལྷན་ཅིག་སྐྱེས་པ་ལ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་གཉིས་བྱེད་པ་དང་ལྡན་པའི་ཕྱིར་རོ། །རྣམ་པར་སྨིན་པའི་རྒྱུ་ནི་
མི་འདྲ་བར་སྨིན་པ་ལ་བལྟོས་ཏེ། རྣམ་པར་གཞག་ན། དགེ་བ་དང་མི་དགེ་བའི་ཚོགས་པས་བསྡུས་པ་ནི་མི་འདྲ་བར་སྨིན་པ་ཡོད་པ་ཡང་མ་ཡིན་ནོ། །མིག་ལ་སོགས་པ་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་ལུང་དུ་མ་བསྟན་པ་སྟེ། སེམས་ཀྱང་དེའི་རྗེས་སུ་འཇུག་གོ། །མཇུག་
ཐོགས་སུ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ། རྣམ་པར་སྨིན་པ་རྣམ་པར་སྨིན་པ་མ་ཡིན་ཏེ་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་དྲངས་པའི་ཕྱིར་རོ། །གང་གི་ཕྱིར་རྣམ་པར་སྨིན་པའི་རྒྱུའི་མཇུག་ཐོགས་ཀྱི་སྐད་ཅིག་མ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་
ཉིད་ཀྱིས་དྲངས་པ་ཡིན་གྱི། རྣམ་པར་སྨིན་པའི་རྒྱུ་ཉིད་ཀྱིས་ནི་མ་ཡིན་ཏེ། དེ་མཇུག་ཐོགས་སུ་དགེ་བ་དང་མི་དགེ་བ་སྐྱེ་བའི་ཕྱིར་རོ། །རྣམ་པར་སྨིན་པའི་རྒྱུ་ལས་ཞེས་བྱ་བ་ལ། གང་གི་ཕྱིར་རྣམ་པར་སྨིན་པ་ནི་དེ་ལྷན་ཅིག་ཏུ་སྨིན་པ་མ་ཡིན་ཞིང་། མཇུག་ཐོགས་སུ་ཡང་མ་ཡིན་ཏེ། རྒྱུད་
ཡོངས་སུ་འགྱུར་བའི་ཁྱད་པར་ལས་སྐྱེས་པའི་ཕྱིར་དང་། རྣམ་པར་སྨིན་པ་དག་དུས་ཡོངས་སུ་ཆད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་སྟེ། གཞན་དག་ནི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་སྐྱེས་པ་མེད་པའི་ཕྱིར་དང་འཁོར་བ་ཇི་སྲིད་པའི་འབྲས་བུ་མ་
Vol. 209 · folio 284a
ཡིན་པའི་ཕྱིར་རྣམ་པར་སྨིན་པར་ཐལ་བ་མེད་དོ། །འདི་དག་གི་དུས་ངེས་པ་དོན་གྱིས་ནི་བཤད་མོད་ཀྱི་ཞེས་བྱ་བ་ལ། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས་ཞེས་བྱེ་བྲག་མེད་པར་བརྗོད་པས་དེ་ནི་དུས་གསུམ་པ་ཡིན་ནོ་ཞེས་བྱ་བར་དོན་གྱིས་བཤད་དོ། །སྔར་སྐྱེས་རྣམས་
ཞེས་བརྗོད་པས་སྐལ་བ་མཉམ་པའི་རྒྱུ་འདས་པ་དང་ད་ལྟར་བྱུང་བ་ཡིན་ནོ་ཞེས་བྱ་བར་བཤད་དོ། །སེམས་དང་སེམས་བྱུང་རྟེན་མཚུངས་རྣམས་ཞེས་བྱེ་བྲག་མེད་པར་བརྗོད་པ་དུས་གསུམ་པ་ཡིན་ནོ་ཞེས་བཤད་དོ། །ཀུན་འགྲོ་ལྔ་ཞེས་བརྗོད་པས་འདས་པ་དང་ད་ལྟར་བྱུང་བ་ཡིན་ནོ་ཞེས་བྱ་བར་བཤད་
དོ། །མི་དགེ་བ་དང་དགེ་བ་ཟག་བཅས་རྣམས་ཁོ་ན་ཞེས་བྱེ་བྲག་མེད་པར་བརྗོད་པས་དེ་ནི་དུས་གསུམ་པ་མ་ཡིན་ནོ་ཞེས་བྱ་བར་དོན་གྱིས་བཤད་པ་ཡིན་ནོ། །རང་ལས་གཞན་པ་བྱེད་རྒྱུའི་རྒྱུ་ཞེས་བྱེ་བྲག་མེད་པར་བརྗོད་པས་བྱེད་རྒྱུ་དུས་གསུམ་པ་དང་། དུས་ལས་རྣམ་པར་གྲོལ་བ་ཡིན་པར་དོན་གྱིས་
བཤད་དོ། །འདིར་གཏན་ཚིགས་ནི་བཤད་ཟིན་ཏོ་ཞེས་བྱ་བ་ལ། གང་ཞིག་ཅེ་ན། རྒྱུ་མཐུན་པའི་འབྲས་བུས་འབྲས་བུ་དང་བཅས་པའི་ཕྱིར་ལ། དེ་ལ་མ་འོངས་པ་མེད་དོ། །རྒྱུ་དང་འབྲས་བུ་དག་ཕན་ཚུན་བལྟོས་ཏེ་འཇུག་པའི་ཕྱིར་འདྲི་བ་ནི། རྒྱུ་དེ་དག་གང་གི་ཡིན་པའི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །
འདུས་བྱས་བྲལ་བཅས་འབྲས་བུ་ཡིན་ཞེས་བྱ་བ་ལ། ནམ་མཁའ་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་མ་གཏོགས་པ། འདུས་བྱས་དང་འདུས་མ་བྱས་གཞན་ཐམས་ཅད་ནི་འབྲས་བུ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ནམ་མཁའ་བྱ་བ་མ་ཡིན་པའི་ཕྱིར་དང་།
འཐོབ་པ་མ་ཡིན་པའི་ཕྱིར་འབྲས་བུ་མ་ཡིན་ལ། རྐྱེན་མ་ཚང་བས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཡང་འབྲས་བུ་མ་ཡིན་ཏེ། སོ་སོར་བརྟགས་པས་འགོག་པ་ལྟར་ལམ་གྱིས་ཐོབ་པ་མ་ཡིན་ཏེ་དེ་བསྒྲུབ་པར་བྱ་བའི་ཕྱིར་བསྟན་བཅོས་སྨོས་པ་ནི་
བསྟན་བཅོས་ལས་འབྲས་བུའི་ཆོས་རྣམས་གང་ཞེ་ན་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ལ། འབྲས་བུ་མེད་པའི་རྒྱུ་འམ། རྒྱུ་མེད་པའི་འབྲས་བུ་མེད་དེ། རྒྱུ་དང་འབྲས་བུ་དག་ནི་ཕན་ཚུན་བལྟོས་པའི་ཕྱིར་རོ། །དེའི་ཕྱིར་འདུས་མ་བྱས་
Vol. 209 · folio 284b
རྒྱུ་ཡིན་པའི་ཕྱིར་དེ་གང་གི་རྒྱུ་ཡིན་པའི་འབྲས་བུར་ཡང་འགྱུར་ལ། འབྲས་བུ་ཡིན་པའི་ཕྱིར་དེ་གང་གི་འབྲས་བུ་ཡིན་པའི་རྒྱུར་ཡང་འགྱུར་རོ། །མི་འགྱུར་ཏེ་འདི་ལྟར་འདུས་བྱས་ཁོ་ན་ལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །རྒྱུ་དང་འབྲས་བུའི་དངོས་པོར་མཚུངས་བཞིན་དུ་འདུས་བྱས་ཁོ་ན་ལ་རྒྱུ་དང་
འབྲས་བུ་དག་ཡོད་ཀྱི། འདུས་མ་བྱས་ལ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལ་རྒྱུ་ཅི་ཡོད་ཅེ་ན། དེ་ལ་རག་ལས་པའི་རྒྱུ་མི་སྲིད་པའི་ཕྱིར་ཞེས་རྒྱས་པར་འབྱུང་བས་རྒྱུ་གསུངས་ཏེ། འབྱུང་བ་དང་འགལ་བའི་ཕྱིར་རྒྱུ་རྣམ་པ་དྲུག་མི་སྲིད་དེ། འདི་ལ་རྒྱུ་རྣམ་པ་དྲུག་མེད་ལ། འདི་ལ་འབྲས་བུ་ཡང་
མེད་དེ། འདུས་མ་བྱས་ཡིན་པའི་ཕྱིར་དང་། འབྱུང་བར་འགལ་བའི་ཕྱིར་རོ། །འདི་ལ་རྒྱུ་དང་འབྲས་བུའི་མཚན་ཉིད་མི་རིག་པ་རྒྱས་པར་བརྗོད་པར་བྱ་སྟེ། དེ་ལ་བྱེད་རྒྱུའི་རྒྱུ་ཡང་མི་སྲིད་དེ། དེ་ནི་སྐྱེ་བཞིན་པ་ལ་གེགས་མི་བྱེད་པའི་ངོ་བོར་བཞག་ན་འདུས་མ་བྱས་ལ་ནི་སྐྱེ་བ་ཡོད་པ་མ་ཡིན་
ནོ། །སྐྱེ་བ་དང་ལྡན་པ་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་ལྷན་ཅིག་འབྱུང་བའི་རྒྱུ་ཡང་མི་སྲིད་དོ། །འདུས་མ་བྱས་ནི་སྐྱེ་བ་དང་མི་ལྡན་པའི་ཕྱིར་སྔར་སྐྱེས་པ་མེད་པས་སྐལ་བ་མཉམ་པའི་རྒྱུ་ཡང་མི་སྲིད་དོ། །སེམས་དང་སེམས་ལས་བྱུང་བའི་རང་བཞིན་མ་ཡིན་པའི་ཕྱིར་མཚུངས་
པར་ལྡན་པའི་རྒྱུ་ཡང་མེད་དོ། །སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་མ་ཡིན་པའི་ཕྱིར་ཀུན་ཏུ་འགྲོ་བའི་རྒྱུ་ཡང་མེད་དོ། །འདི་ལ་རྣམ་པར་སྨིན་པའི་རྒྱུ་ཡང་མི་སྲིད་དེ། ལྡན་པ་མ་ཡིན་པའི་ཕྱིར་དང་རྟག་པའི་ཕྱིར་རོ། །གཞན་ཡང་རྣམ་པར་སྨིན་པ་ནི་ལུང་དུ་མ་བསྟན་
པ་ཡིན་ལ། བྲལ་བ་ནི་དགེ་བ་ཡིན་པས་འདི་ལ་རྣམ་པར་སྨིན་པའི་རྒྱུ་མེད་དོ། །དེ་ལྟར་ན་རྒྱུ་རྣམ་པ་དྲུག་མི་སྲིད་པའི་ཕྱིར་འདུས་མ་བྱས་འབྲས་བུ་མ་ཡིན་ནོ། །འབྲས་བུ་རྣམ་པ་ལྔ་མི་སྲིད་པའི་ཕྱིར་ཡང་འདུས་མ་བྱས་ལ་འབྲས་བུ་མེད་དོ་ཞེས་སྟོན་ཏོ། །འདི་ལྟར་འདུས་མ་བྱས་ལ་བདག་པོའི་
འབྲས་བུ་ནི་མི་སྲིད་དེ། བདག་པོའི་འབྲས་བུ་ནི། སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་ལྷན་ཅིག་འབྱུང་བ་དང་ཕྱིས་འབྱུང་བར་འདོད་ན། དེ་ནི་སྐྱེ་བ་དང་ལྡན་པ་ཡང་མ་ཡིན་ནོ། །རྒྱུ་མཐུན་པའི་འབྲས་བུ་ཡང་མི་སྲིད་དེ། རྒྱུ་མཐུན་རྒྱུ་དང་འདྲ་བའོ། །
Vol. 209 · folio 285a
ཞེས་བྱ་བ་ཡིན་ན། འདུས་མ་བྱས་ནི་སྐྱེ་བ་དང་ལྡན་པ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྐྱེས་བུ་བྱེད་པའི་འབྲས་བུའང་མི་སྲིད་དོ། །འདུས་མ་བྱས་ནི་སྐྱེ་བ་དང་མི་ལྡན་པའི་ཕྱིར་སྐྱེས་བུའི་རྩལ་མེད་པའི་ཕྱིར་རོ། །འདི་རྣམ་པར་སྨིན་པའི་འབྲས་བུར་ཡང་མི་རུང་སྟེ།
རྣམ་པར་སྨིན་པའི་འབྲས་བུ་ནི་མི་དགེ་བ་དང་། དགེ་བ་ཟག་པ་དང་བཅས་པས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །ལམ་གྱི་རང་བཞིན་མ་ཡིན་པའི་ཕྱིར་ན་འདི་ལ་བྲལ་བའི་འབྲས་བུ་ཡང་མི་སྲིད་དེ། དེ་ནི་བར་ཆད་མེད་པའི་ལམ་རྣམས་ཀྱི་འབྲས་བུ་ཡིན་ནོ། །གཞན་ཡང་དུས་ལས་གྲོལ་བ་ལ་
འབྲས་བུ་འཛིན་པ་དང་འབྱིན་པའི་མཐུ་མེད་པའི་ཕྱིར་ཡང་འབྲས་བུ་མེད་དེ། ཇི་སྐད་དུ། ལྔ་ནི་ད་ལྟར་འབྲས་བུ་འཛིན། །ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །ཡང་ན་རྒྱུ་རྣམ་པ་ལྔ་དང་ཆོས་མི་མཐུན་པས་འདུས་མ་བྱས་ལ་རྒྱུ་རྣམ་པ་ལྔ་མི་སྲིད་པས་སོ། །ཅིའི་ཕྱིར་ལམ་ཞེས་བྱ་བ་རྒྱས་
པར་འབྱུང་སྟེ། དེ་ནི་དངོས་པོ་འབྱུང་བ་ལ་བྱེད་པ་དང་བྲལ་བ་ཁོ་ན་ཡིན་པར་འདོད་དོ་སྙམ་པ་ན་འདྲི་བའི་བསམ་པའོ། །འདི་ལྟར་དེ་ནི་སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་ཞེས་བྱ་བ་ལ། གང་ཞིག་སྐྱེ་བཞིན་པ་གང་ཞིག་ལ་གེགས་མི་བྱེད་པའི་ངོ་བོར་གནས་པ་དེ་ནི་དེའི་བྱེད་རྒྱུའི་རྒྱུ་ཡིན་ན། འདུས་
མ་བྱས་ནི་སྐྱེ་བ་དང་ལྡན་པ་མ་ཡིན་ཏེ། དེའི་ཕྱིར་ལམ་འདིའི་བྱེད་རྒྱུའི་རྒྱུ་མ་ཡིན་ནོ། །འདུས་བྱས་བྲལ་བཅས་འབྲས་བུ་ཡིན། །ཞེས་བྱ་བ་འདིར་བྲལ་བ་འབྲས་བུའི་ངོ་བོར་གྲགས་པས་དེའི་ཕྱིར་དེ་ནི་དེ་གང་གིའམ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ལམ་འདིའི་བྱེད་རྒྱུའི་རྒྱུར་མི་འདོད་ནའོ། །ཡང་ན་
དེའི་རྒྱུར་མི་འདོད་ན་ཇི་ལྟར་དེ་འབྲས་བུ་ཡིན་ཞེ་ན། དེ་གང་གི་འབྲས་བུ་ཡིན་ཞེས་གང་སྨྲས་པ་དེའི་ལན་ནི་ལམ་གྱི་འབྲས་བུ་ཡིན་ཏེ་ཞེས་བྱ་བའོ། །ཡང་ཇི་ལྟར་ན་འབྲས་བུ་ཡིན་ཞེས་བྱ་བ་དེའི་ལན་ནི་དེའི་སྟོབས་ཀྱིས་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་སྟེ། གང་གི་ཕྱིར། འདུས་མ་བྱས་ལམ་གྱི་
སྟོབས་ཀྱིས་འཐོབ་པ་དེའི་ཕྱིར་འདུས་མ་བྱས་ལམ་གྱི་འབྲས་བུ་ཡིན་ཏེ། དེ་ལྟར་ན་ལམ་བྱེད་རྒྱུའི་རྒྱུ་ཉིད་མ་ཡིན་ནོ། །འོ་ན་ནི་དེ་ལམ་གྱི་སྟོབས་ཀྱིས་སྐྱེ་བའི་ཕྱིར་ལམ་དེ་འཐོབ་པ་དེ་ཁོ་ན་ལ་ནུས་པའི་ཕྱིར་ཐོབ་པ་ཁོ་ན་ལམ་གྱི་འབྲས་བུ་ཡིན་གྱི། བྲལ་བ་ནི་ལམ་གྱི་འབྲས་བུ་མ་ཡིན་ཏེ་དེ་ལ་ནུས་པ་
Vol. 209 · folio 285b
མེད་པའི་ཕྱིར་རོ། །ཐོབ་པ་ཡང་འདོད་པ་མ་ཡིན་ནམ་ཞེ་ན། སྐྱེས་བུ་བྱེད་པའི་འབྲས་བུ་དང་བདག་པོའི་འབྲས་བུ་དེ་བསྐྱེད་པ་དང་བྲལ་བས་བྲལ་བའི་འབྲས་བུ་ཉིད་འདིར་མི་འདོད་ཀྱང་གདགས་པར་བྱའོ། །ཡང་ན་ལམ་མྱ་ངན་ལས་འདས་པ་ལ་བྱེད་པ་མེད་པའི་ཕྱིར་དང་བདག་ཉིད་ཐམས་
ཅད་ཀྱིས་འབྲས་བུ་མ་ཡིན་པ་ཉིད་དགག་པའི་ཕྱིར་ཐོབ་པ་ཁོ་ན་འབྲས་བུར་བརྗོད་དོ། །ཡང་ཐོབ་པ་འབྲས་བུ་ཉིད་དུ་བྱེད་པའི་ཕྱིར་མ་ཡིན་གྱི་མྱ་ངན་ལས་འདས་པ་ལ་ཡང་ནུས་པ་ཡོད་དོ་ཞེས་བསྟན་པའི་ཕྱིར་ཐོབ་པ་ལ་ཡང་ནུས་པ་གཞན་ལ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཐོབ་པ་ལ་ནི་བྱེད་པ་
པོ་ཉིད་ཀྱིས་ནུས་པ་ཡིན་ཏེ། སྐལ་བ་མཉམ་པའི་རྒྱུ་ཁ་ཅིག་དང་ལྷན་ཅིག་འབྱུང་བའི་རྒྱུའོ། །བྲལ་བ་ལ་ནི་ཐོབ་པར་བྱེད་པ་ཉིད་ཀྱིས་ནུས་པ་ཡིན་ཏེ་ལམ་མེད་པར་ནི་བྲལ་བ་མི་འཐོབ་པོ། །དེ་ལྟ་བས་ན་རེ་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། རྒྱུ་རྣམས་ནི་དངོས་པོ་འབྱུང་བའི་རྒྱུ་མཚན་
ཡིན་པའི་ཕྱིར་ལམ་ནི་ཇི་ལྟར་ཡང་བྲལ་བའི་རྒྱུ་མ་ཡིན་གྱི་བྲལ་བ་ནི་དེའི་འབྲས་བུ་ཡིན་ནོ། །ཡང་མྱ་ངན་ལས་འདས་པ་རྒྱུ་མེད་པ་འབྲས་བུར་ཇི་ལྟར་འགྱུར་ཞེ་ན། འཇིག་རྟེན་ན་མངོན་པར་འདོད་པའི་དོན་ནུས་པས་ཐོབ་པ་དག་ལ་འབྲས་བུ་ཞེས་གྲགས་ལ། མྲྀཏྱུ་(འཆི་བའང་མིང་ངམ་ཞེས་བྱ་བ་གཞན།)ཤྱ་ནཱ་མ་པ་རཿཔུ་རུ་ཥཿསྱནྣཱརྠཿ(སྐྱེས་བུ།)
ཏསྨཱནྣ་སརྦཱ་བྷིམཏཿཔུརུཥཱརྠོ། །(འགྱུར། དོན་མ་ཡིན། དེའི་ཕྱིར་མ་ཡིན། ཐམས་ཅད་མངོན་པར་འདོད། སྐྱེས་བུའི་དོན།) མྱ་ངན་ལས་འདས་པ་དེ་ཡང་འཕགས་པའི་ལམ་གྱི་ནུས་པས་འཐོབ་པས་དེའི་འབྲས་བུ་ཞེས་བྱ་བ་ལ་རྒྱུ་མེད་པ་ཉིད་ནི་དེ་ཐོབ་པར་བྱ་བ་འཕགས་པའི་ལམ་རྒྱུ་དྲུག་པོ་ཉིད་མ་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་
ཁོ་ན་ཡིད་ལ་བཞག་ནས་ལམ་བསྒོམ་པ་ལ་འཇུག་གི །དེའི་ཐོབ་པ་ཡིད་ལ་བཞག་ནས་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེ་ཉིད་གཙོར་ལམ་གྱི་འབྲས་བུ་ཡིན་གྱི་དེའི་ཐོབ་པ་ནི་མ་ཡིན་ཏེ། ལམ་ནི་དེ་འཐོབ་པར་བྱ་བའི་ཕྱིར་
ཞུགས་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤངས་པ་ཁོ་ན་དགེ་སྦྱོང་གི་འབྲས་བུར་གསུངས་ཀྱི་ལམ་ནི་མ་ཡིན་ནོ། །ཡང་བདག་པོའི་འབྲས་བུ་ཡང་མེད་ན་གོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་སྐད་བསྟན་པར་འགྱུར་ཏེ། བྱེད་རྒྱུའི་རྒྱུ་ཡིན་པའི་ཕྱིར་འདི་ལ་བདག་
Vol. 209 · folio 286a
པོའི་འབྲས་བུ་ཁས་བླང་བར་བྱ་སྟེ། དེ་ཁས་མི་ལན་ན་བྱེད་རྒྱུའི་རྒྱུ་ཉིད་དུ་ཁས་བླངས་པ་དང་འགལ་ལོ། །འགལ་བ་མེད་དེ་སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོས་བྱེད་རྒྱུའི་རྒྱུ་ཡིན་པའི་ཕྱིར་ལ། འདས་པ་དང་ད་ལྟར་བྱུང་བ་ལ་འབྲས་བུ་འབྱིན་པ་དང་འཛིན་པ་ངེས་པའི་ཕྱིར། མ་
འོངས་པ་ལྟར་དུས་དང་བྲལ་བ་ལ་དེའི་ནུས་པ་མེད་པས་འདི་ལ་འབྲས་བུ་མི་འདོད་དོ། །འདི་ལ་འབྲས་བུ་ཡོད་པ་ནི་མ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལྔ་པོ་དེ་ལྟར་འབྲས་བུ་འཛིན། །གཉིས་ནི་འབྱིན་པར་བྱེད་པ་ཡིན། །ཞེས་དུས་ཀྱིས་བསྡུས་པ་དོན་ལ་འབྲས་བུ་འཛིན་པ་དང་འབྱིན་པ་བཤད་ན། འདུས་
མ་བྱས་ལ་ནི་ད་ལྟར་བྱུང་བ་ཉིད་མེད་པའི་ཕྱིར། འབྲས་བུ་འཛིན་པ་མི་སྲིད་ལ། འདས་པ་ད་ལྟར་བྱུང་བ་ཉིད་མེད་པའི་ཕྱིར་འབྲས་བུ་འབྱིན་པ་མི་སྲིད་དོ། །དེའི་ཕྱིར་འདི་ལ་དངོས་ཀྱི་རྟོགས་པས་རྒྱུ་དང་འབྲས་བུ་དག་མེད་ཀྱི། འོན་ཀྱང་བཏགས་པའི་རྟོགས་པས་རྒྱུ་ཉིད་དང་འབྲས་བུ་ཉིད་དུ་བསྙད་
དོ། །རྒྱུ་མ་ཡིན་ནོ་ཞེས་ནི་རྣམ་གྲངས་ཀྱིས་གསུངས་སོ་ཞེས་བྱ་བ་ལ། དོན་གྱིས་གསུངས་ཀྱི་སྒྲས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། རྒྱུ་གང་དག་ཡིན་པ་དང་རྐྱེན་གང་དག་ཡིན་པ་ཞེས་འདིར་གཟུགས་ལ་སོགས་པ་རྣམས་ཀྱི་རྒྱུ་དང་རྐྱེན་མ་ལུས་པར་སྨོས་པའི་ཕྱིར་དང་། དེ་དག་ཀྱང་ཁྱད་
པར་མེད་པའི་མི་རྟག་པ་ཉིད་དུ་བསྒྲུབ་པའི་ཕྱིར་རྒྱུ་རྟག་པ་མེད་དོ་ཞེས་གསུངས་པར་འགྱུར་རོ། །དེ་ལྟ་ན་འོ་ན་ནི་ཞེས་ཟེར་བ་ནི་ཆོས་མངོན་པ་པ་སྟེ། བྱེད་རྒྱུའི་རྒྱུར་མི་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། རྣམ་པར་ཤེས་པའི་དམིགས་པའི་རྐྱེན་དུའང་མི་འགྱུར་ཏེ། རྒྱུ་དང་རྐྱེན་རྣམས་བྱེ་
བྲག་མེད་པར་མི་རྟག་པ་ཉིད་དུ་བསྒྲུབ་པའི་ཕྱིར་རོ་ཞེས་ཟེར་རོ། །མདོ་སྡེ་པ་ན་རེ་སྐྱེད་པའི་ཞེས་བཀར་བའི་ཕྱིར་འགྱུར་ཏེ། གང་དག་རྣམ་པར་ཤེས་པའི་དམིགས་པ་ཙམ་ཡིན་ལ། སྐྱེད་པར་བྱེད་པ་མ་ཡིན་པ་དེ་དག་རྟག་པ་ཉིད་ནི་མི་དགག་གོ་ཞེས་ཟེར་རོ། །གཞན་དག་ན་རེ་དམིགས་པའི་རྐྱེན་རྣམ་
པར་ཤེས་པའི་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་འགག་པ་ལ་བྱེད་པའི་རྒྱུ་ད་ལྟར་བ་མ་ཡིན་ཏེ་རྣམ་པར་ཤེས་པ་སྨོས་པའི་ཕྱིར་རོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་རྒྱུ་རྣམས་ཀྱང་དེ་ཁོ་ན་ལྟར་ཡིན་ཏེ། བྱེད་རྒྱུའི་རྒྱུ་རྣམས་ཐམས་ཅད་ནི་སྐྱེད་པར་བྱེད་པ་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ་ཞེས་
Vol. 209 · folio 286b
ཟེར་རོ། །རྐྱེན་ནི་བཞི་པོ་ཞེས་བྱ་བའི་མདོ་སྡེ་ལས་དམིགས་པའི་རྐྱེན་ཡིན་པར་གསུངས་ཀྱི། མ་བསྒྲིབས་པའི་རྒྱུ་ཡིན་པར་ནི་མདོ་ལས་ཀྱང་མ་གསུངས་སོ། །ཡང་ན་མདོ་ལས་འདུས་མ་བྱས་དམིགས་པའི་རྐྱེན་ཡིན་པར་གསུངས་ཀྱི། མ་བསྒྲིབས་པའི་རྒྱུ་ཡིན་པར་ནི་མ་གསུངས་སོ་
ཞེས་བྱ་སྟེ། དེའི་ཕྱིར་མདོ་ལས་འདུས་མ་བྱས་རྒྱུའི་དངོས་པོར་མི་འགྲུབ་པོ། །མདོ་རྣམས་ཀྱང་ཕལ་ཆེར་ནུབ་ན་ཞེས་བྱ་བ་ལ། རྩ་བའི་བསྡུ་བ་ཉམས་པ་སེམས་ལ་བཞག་ནས་དེ་སྐད་དུ་སྨྲས་པ་ཡིན་ནོ། །མདོ་ནུབ་ཀྱང་བཀག་པའི་ཕྱིར་མདོ་གཞན་ལས་མ་གསུངས་པར་ཤེས་ལ་མ་བཀག་
ཀྱང་མདོ་མ་ལུས་པར་རྗེས་སུ་འཇུག་པའི་ཕྱིར་མ་གསུངས་སོ་ཞེས་བྱ་བར་རྟོགས་པར་ནུས་ཀྱི་གཞན་དུ་ནི་མ་ཡིན་ཏེ། དེ་ལྟ་བས་ན་མ་བཀག་པའི་ཕྱིར་དང་རྩ་བའི་བསྡུ་བ་ཉམས་པའི་ཕྱིར་མ་གསུངས་སོ་ཞེས་ངེས་པར་གཟུང་བར་མི་ནུས་སོ། །གཞན་དག་ན་རེ་སྐྱེད་པར་བྱེད་པའི་ཞེས་
འབྱུང་བའི་ཕྱིར་འདི་ལས་བཅོམ་ལྡན་འདས་ཀྱིས་འདུས་མ་བྱས་རྒྱུ་ཉིད་དང་རྐྱེན་ཉིད་དུ་མཚོན་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་འདི་སྐད་དུ་གཟུགས་ཀྱི་རྒྱུ་གང་དག་ཡིན་པ་དང་། རྐྱེན་གང་དག་ཡིན་པ་དེ་དག་ཀྱང་མི་རྟག་པ་ཡིན་ན་ཞེས་གསུངས་པར་འགྱུར་བ་ཞིག་གོ། །དེའི་ཕྱིར་འདུས་མ་
བྱས་རྒྱུར་གྱུར་པ་ཡོད་ཅིང་རྐྱེན་དུ་གྱུར་པ་ཡོད་ཀྱི། འགའ་ཞིག་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ། །རྒྱུ་ནི་རྣམ་པ་གཉིས་ཏེ། སྐྱེད་པར་བྱེད་པ་དང་། འགལ་བར་མི་བྱེད་པའོ་ཞེས་འདི་ནི་བྱེད་རྒྱུའི་རྒྱུ་བསལ་བར་བཤད་ཟིན་ཏོ། །ཡང་བྲལ་བ་ཞེས་བྱ་བ་འདི་ཅི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ།
རབ་ཏུ་གྲགས་པའི་དོན་གྱིས་མ་གྲགས་པའི་དོན་ངེས་པར་བྱེད་པ་ཡིན་ན། འདིར་གཉིས་ཀ་ཡང་དོན་མ་གྲགས་པ་ཡིན་པས་ཕན་ཚུན་བརྟེན་པར་འགྱུར་ཏེ་རྟ་དང་བྲེས་བཞིན་ནོ། །མདོ་སྡེ་པ་རྣམས་ན་རེ་སོ་སོར་བརྟགས་པས་འགོག་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདུས་མ་བྱས་ཐམས་ཅད་
རྫས་སུ་མེད་དོ་ཞེས་ཟེར་རོ། །གཟུགས་དང་ཚོར་བ་ལ་སོགས་པ་བཞིན་དུ་ཞེས་བྱ་བ་ལ། ཇི་ལྟར་གཟུགས་ནི་ཚོར་བ་ལ་སོགས་པ་དག་ལས་དངོས་པོ་གཞན་ཡིན་ཞིང་། ཚོར་བ་ལ་སོགས་པ་དག་ཀྱང་གཟུགས་ལས་གཞན་ཡིན་པ་དེ་བཞིན་དུ་འདུས་མ་བྱས་ནི་འདུས་བྱས་སམ་ཕན་ཚུན་
Vol. 209 · folio 287a
ལས་དངོས་པོ་གཞན་མ་ཡིན་ཏེ་དེའི་ཕྱིར་རྫས་སུ་མེད་དོ། །འོ་ན་ཅི་ཞེ་ན་རེག་བྱ་མེད་པ་ཙམ་ནི་ནམ་མཁའ་ཡིན་ཏེ་ཞེས་བྱ་བ་ལ། ཙམ་ཞེས་བྱ་བའི་སྒྲ་ནི་དངོས་པོ་གཞན་དང་གཞན་དགག་པར་བྱ་བའི་ཕྱིར་ཏེ་རེག་བྱ་སྔ་ན་མེད་པའམ་ཞིག་ནས་མེད་པ་ལ་ནམ་མཁའ་ཞེས་བྱ་བར་
གདགས་སོ། །འདི་ལྟར་མུན་པའི་ནང་དག་ན་ཞེས་བྱ་བས་ནི་དེ་གཞུང་འཛུགས་པར་བྱེད་དོ། །མ་རྙེད་ན་ཞེས་བྱ་བ་ལ་མ་ཕྲད་ནའོ་ཞེས་འཛེར་ཏོ། །སློབ་དཔོན་འདུས་བཟང་ནི་གཏན་ཚིགས་མ་བསྟན་པར་འདུས་མ་བྱས་རྫས་སུ་མེད་དོ་ཞེས་སྒྲུབ་པར་མི་ནུས་སོ་ཞེས་ཟེར་རོ། །ཕྲ་རྒྱས་དང་སྐྱེ་བ་སྐྱེས་
པ་རྣམས་འགགས་ནས་རྐྱེན་གཞན་མ་ཚང་བས་ཀྱང་མི་སྐྱེ་བས་དེའི་ཕྱིར་སོ་སོར་བརྟགས་པའི་སྟོབས་ཀྱིས་ཞེས་བྱ་བ་སྨོས་ཏེ། ཕྲ་རྒྱས་དང་སྐྱེ་བ་གཞན་མི་སྐྱེ་བའི་སོ་སོར་བརྟགས་པས་འགོག་པ་ཞེས་བྱའོ། །དེའི་ཕྱིར་དེ་ལྟ་ན་ཕུང་པོ་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་
ངན་ལས་འདས་པའི་དབྱིངས་ནི་སོ་སོར་བརྟགས་པའི་འགོག་པ་ཡིན་ནོ་ཞེས་བྱ་བར་བསྟན་པར་འགྱུར་ཏེ། འདི་ལྟར་བདེན་པ་གཉིས་འགགས་པ་ནི་སོ་སོར་བརྟགས་པའི་འགོག་པ་ཡིན་ནོ། །དེ་ལ་ཕྲ་རྒྱས་ནི་ཀུན་འབྱུང་གི་བདེན་པ་ཡིན་ལ་སྐྱེ་བ་སྡུག་བསྔལ་གྱི་བདེན་པའོ། །འདིར་ཉོན་མོངས་པ་འདོད་
ཆགས་ལ་སོགས་པའི་ས་བོན་ཕྲ་རྒྱས་ད་ལྟར་བ་དེ་འགགས་ནས་སོ་སོར་བརྟགས་པའི་སྟོབས་ཀྱིས་ཉོན་མོངས་པ་སྐྱེ་བ་དང་འགལ་བའི་རྟེན་ཐོབ་པས་ཉོན་མོངས་པ་ཕྲ་རྒྱས་འདོད་ཆགས་ལ་སོགས་པ་མ་འོངས་པ་མི་སྐྱེ་བ་ནི་ས་བོན་མེད་པའི་ཕྱིར་ཉོན་མོངས་པ་འགོག་པ་ཡིན་ནོ། །དེ་བཞིན་དུ་སྐྱེ་བ་ད་ལྟར་
བ་འགགས་པ་དང་སོ་སོར་བརྟགས་པའི་སྟོབས་ཉིད་ཀྱིས་ཡང་སྲིད་པའི་སྐྱེ་བར་མཚམས་མི་སྦྱོར་ཞིང་མི་སྐྱེ་བ་ནི་སྐྱེ་བ་འགོག་པ་ཡིན་ནོ། །དཔེར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་སོ་སོར་བརྟགས་པ་མེད་པ་ཁོ་ནར་རྐྱེན་ཟས་ལ་སོགས་པ་མ་ཚང་བས་བར་མ་དོར་འཆི་བའི་རིས་མཐུན་པ་ལྷག་མ་མི་སྐྱེ་བ་ནི་
སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཡིན་ནོ། །སྡེ་པ་གཞན་དག་ན་རེ་ཞེས་བྱ་བ་ལ། ཉོན་མོངས་པའི་བག་ཆགས་དང་རྗེས་སུ་འབྲེལ་བའི་རྟེན་སྐྱེ་བ་དང་འགལ་བའི་ཕྱིར་ཉོན་མོངས་པ་སྐྱེ་བ་དང་འགལ་བའི་ཕྱིར་བསྐྱེད་པ་དང་རྗེས་སུ་མཐུན་པས་ན་ཕྲ་རྒྱས་རྣམས་མི་སྐྱེ་བ་ལ་ཤེས་རབ་ཀྱི་ནུས་པ་ཡོད་
Vol. 209 · folio 287b
དེ་དེའི་ཕྱིར་དེ་ནི་སོ་སོར་བརྟགས་པས་འགོག་པ་ཡིན་ནོ། །སྡུག་བསྔལ་མི་སྐྱེ་བ་གང་ཡིན་པ་དེ་ལ་ནི་ཤེས་རབ་ཀྱི་བྱེད་པ་མེད་པའི་ཕྱིར་སོ་སོར་བརྟགས་པས་འགོག་པ་མ་ཡིན་ཏེ། དེ་ནི་སྡུག་བསྔལ་སྐྱེ་བའི་རྒྱུ་ཉོན་མོངས་པ་མ་ཚང་བས་ཐོབ་པས་འདིར་སོ་སོར་བརྟགས་པས་
འགོག་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ཡང་སོ་སོར་བརྟགས་པ་མེད་པར་ཞེས་བྱ་བ་ལ་སྡུག་བསྔལ་མི་སྐྱེ་བ་དེ་ཡང་སྟེ། རྒྱུ་མ་ཚང་བ་ནི་སོ་སོར་བརྟགས་པ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་སོ་སོར་བརྟགས་པ་མེད་པར་མི་འགྲུབ་པས་སོ་སོར་བརྟགས་པས་འགོག་པ་ཁོ་ན་ཡིན་ནོ། །རང་གི་ངང་
གིས་འགག་པའི་ཕྱིར་ཞེས་བྱ་བ་ནི་ཤེས་རབ་མེད་པར་འགག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ནི་སོ་སོར་བརྟགས་པས་འགོག་པ་ནི་མི་རྟག་པས་འགོག་པ་ཁོ་ན་ཡིན་ནོ་ཞེས་སྨྲ་བར་འགྱུར་རོ། །གེགས་མ་བྱས་པ་རྣམས་སྐྱེ་བ་ལ་ཞེས་བྱ་བ་ལ། གང་དག་ལ་སྐྱེ་བ་ལ་གེགས་མ་བྱས་
པ་ཡོད་པས་ན་སྐྱེ་བ་ལ་གེགས་མ་བྱས་པ་སྟེ། དེ་དག་སྐྱེ་བ་ལ་གེགས་བྱེད་པའི་དངོས་པོ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པས་ནུས་པ་ཡིན་ནོ། །གང་གི་ཕྱིར་རྒྱུ་དང་རྐྱེན་ལ་བལྟོས་ཏེ་རེས་འགའ་སྐྱེ་བར་འགྱུར་བ་ལས་ཤེས་རབ་ཀྱིས་སྐྱེས་པས་དེ་དག་སྐྱེ་བ་ལ་གེགས་བྱེད་པའི་དངོས་པོ་ཡིན་
གྱི། ཤེས་རབ་ཀྱིས་མི་སྐྱེ་བ་སྔ་ནས་ཡོད་པ་མ་ཡིན་པ་སྐྱེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་སོ་སོར་བརྟགས་པས་འགོག་པ་མི་རྟག་པ་ཉིད་མེད་ལ། དེ་ལ་ཤེས་རབ་ཀྱིས་ནུས་པ་མེད་པ་ཡང་མ་ཡིན་ནོ། །གལ་ཏེ་མི་སྐྱེ་བ་ཁོ་ན་མྱ་ངན་ལས་འདས་པ་ཡིན་གྱི། ཆོས་མངོན་པ་བ་རྣམས་ཀྱི་ལྟར་རྫས་
གཞན་ཞིག་མ་ཡིན་ན། དེ་ལྟ་ན་འོ་ན་འདས་པ་དང་ད་ལྟར་བྱུང་བའི་སྡུག་བསྔལ་དག་སྐྱེས་ཟིན་པ་ཉིད་ཀྱིས་མི་སྐྱེ་བ་མེད་པའི་ཕྱིར་མདོའི་ཚིག་འདི་ཇི་ལྟར་དྲང་། མྱ་ངན་ལས་འདས་པ་རྫས་སུ་གྱུར་པར་ཁས་མ་བླངས་པར་འདི་དྲང་བར་མི་ནུས་སོ་སྙམ་དུ་བསམས་པའོ། །དབང་པོ་ལྔ་ནི་དད་པ་ལ་
སོགས་པ་དག་གོ། །དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པ་ཞེས་བྱ་བ་ལ། སྡུག་བསྔལ་ལ་ནི་རང་གི་ངོ་བོས་སྤངས་པ་ཡོད་པ་མ་ཡིན་ཞེས་སྟོན་པར་བྱེད་དོ། །འདུན་པ་དང་འདོད་ཆགས་ཞེས་བྱ་བ་ལ། འདུན་པ་ནི་འདོད་པའོ། །འདོད་ཆགས་ནི་མངོན་པར་ཞེན་པའོ། །དེ་ལྟར་
Vol. 209 · folio 288a
དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པས་སྡུག་བསྔལ་སྤངས་པ་ཡིན་ཡང་མྱ་ངན་ལས་འདས་པ་རྫས་སུ་ཡོད་པར་བཏགས་པ་མེད་བཞིན་དུ་དུས་གསུམ་པའི་སྡུག་བསྔལ་སྤངས་པར་རུང་ངོ་། །ཇི་ལྟར་ཞེ་ན་སོ་སོར་བརྟགས་པའི་སྟོབས་ཀྱིས་འདས་པ་དང་།
མ་འོངས་པ་དང་། ད་ལྟར་བྱུང་བའི་སྡུག་བསྔལ་ལ་དམིགས་པའི་ཉོན་མོངས་པ་ཕྲ་རྒྱས་གཏན་མི་སྐྱེ་བའི་ཕྱིར་རོ། །དེར་ཡང་ཞེས་བྱ་བའི་ནི་འདོན་པའི་བྱེ་བྲག་ལའོ། །ཚུལ་ནི་འདི་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པ་ཁོ་ནས་དེ་སྤངས་པ་ཡིན་ཏེ། སོ་
སོར་བརྟགས་པའི་སྟོབས་ཀྱིས་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་ཉོན་མོངས་པ་ལ་དམིགས་པའི་ཕྲ་རྒྱས་གཏན་མི་སྐྱེ་བའི་ཕྱིར་རོ། །ཡང་ན་དགོས་པ་ནི་ཞེས་བྱ་བ་ནི་འདོན་པའི་བྱེ་བྲག་ཉིད་ལ་སླར་ཡང་དགོངས་པ་འཆད་པའོ། །སྐྱེ་བ་སྔ་མ་ལ་འབྱུང་བ་ནི་ཚེ་རབས་སྔ་མའོ། །
སྐྱེ་བ་འདི་ལ་བྱུང་བ་ནི་ཚེ་འདི་ལའོ། །ཇི་ལྟར་བཤད་ན་འདས་པ་དང་། ད་ལྟར་བྱུང་བའི་ཉོན་མོངས་པ་སྐད་ཅིག་མ་ཡིན་པ་བསལ་བར་འགྱུར་རོ། །འདི་ཉིད་ལ་ཤེས་བྱེད་ནི། ཇི་ལྟར་སྲེད་པ་རྣམ་པར་སྤྱོད་པ་དག་ལ་ཞེས་བྱ་བ་སྨོས་སོ། །སྲེད་པ་རྣམ་པར་སྤྱོད་པ་དག་ནི་ཐེ་ཚོམ་ཟ་བར་འགྱུར་
བ་དག་སྟེ། གཡོ་བར་གྱུར་པ་དག་ཅེས་བྱ་བའི་དོན་ཏོ། །འདས་པ་དང་མ་འོངས་པའི་དུས་ཀྱི་སྐད་ཅིག་མ་གཅིག་གི་དབང་དུ་མཛད་ནས་ཡིན་པར་ནི་མི་རུང་ཞེས་འདས་པ་དང་། ད་ལྟར་བའི་ཚེ་རབས་ཀྱི་དབང་དུ་མཛད་ནས་གསུངས་སོ་ཞེས་བྱ་བར་ཤེས་ཏེ། དེ་བཞིན་དུ་འདིར་ཡང་ཚེ་རབས་སྔ་མ་པ་
དང་། ཚེ་འདི་པའི་ཉོན་མོངས་པའི་རྒྱུན་མཐའ་དག་དང་སྦྱར་གྱི། །སྐད་ཅིག་མ་གཅིག་དང་ནི་མ་ཡིན་ནོ། །སྲེད་པ་རྣམ་པར་སྤྱད་པ་བཅོ་བརྒྱད་པོ་དེ་དག་ནི་དགེ་སློང་དག་ངའོ་སྙམ་པ་ཡོད་ན་ང་འདི་ལྟ་བུའོ་སྙམ་པ་འབྱུང་བར་འགྱུར་ཞིང་། ང་འདི་འདྲའོ་སྙམ་པ་དང་། ང་དེ་ལྟ་མ་ཡིན་ནོ་སྙམ་པ་དང་། ང་
བཟང་ངོ་སྙམ་པ་དང་། ང་ངན་ནོ་སྙམ་པ་འབྱུང་བར་འགྱུར་རོ། །དེ་ལ་འབྱུང་བར་འགྱུར་རོ་སྙམ་པར་འབྱུང་བར་འགྱུར་ཞིང་། དེ་ལ་འབྱུང་བར་མི་འགྱུར་རོ་སྙམ་པ་དང་། འདི་ལྟ་བུར་འབྱུང་བར་འགྱུར་རོ་སྙམ་པ་དང་། འདི་འདྲ་བར་འབྱུང་བར་འགྱུར་རོ་སྙམ་པ་དང་། དེ་ལྟ་མ་ཡིན་པར་འབྱུང་བར་འགྱུར་
Vol. 209 · folio 288b
རོ། །དེ་ལ་གྱུར་ཅིག་སྙམ་པར་འབྱུང་བར་འགྱུར་ཞིང་། དེ་ལ་འདི་ལྟ་བུར་གྱུར་ཅིག་སྙམ་པ་དང་། འདི་འདྲ་བར་གྱུར་ཅིག་སྙམ་པ་དང་། དེ་ལྟ་མ་ཡིན་པར་གྱུར་ཅིག་སྙམ་པ་དང་། འགྱུར་ཀྱང་ཅི་མ་རུང་སྙམ་པ་དང་། འདི་ལྟ་བུར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང་། དེ་འདྲ་བར་གྱུར་ཀྱང་
ཅི་མ་རུང་སྙམ་པ་དང་། དེ་ལྟ་མ་ཡིན་པར་གྱུར་ཀྱང་ཅི་མ་རུང་སྙམ་པ་འབྱུང་བར་འགྱུར་རོ་ཞེས་བྱ་བ་སྟེ། དེ་དག་གི་ཁྱད་པར་ནི་འོག་ཏུ་བཤད་པར་བྱའོ། །ཉོན་མོངས་པ་གཉིས་པོ་དེས་ཀྱང་ཞེས་བྱ་བ་ནི་ཚེ་རབས་སྔ་མ་པ་དང་ཚེ་འདི་པ་པས་སོ། །རྒྱུད་འདི་ལ་ཞེས་བྱ་བ་ད་ལྟར་བྱུང་བ་ལའོ། །ས་
བོན་གྱི་དངོས་པོ་ནི་ནུས་པའོ། །འདི་ལྟར་ཉོན་མོངས་པ་གཉིས་པོ་དེས་ཀྱང་རྒྱུད་ཉོན་མོངས་པ་མ་འོངས་པ་བསྐྱེད་པར་ནུས་པར་བྱས་པ་དེས་འདི་ལ་ས་བོན་གྱི་དངོས་པོ་གཞག་ལ་ཞེས་བྱ་སྟེ། ས་བོན་གྱི་དངོས་པོ་དེ་སྤངས་པས་ཚེ་རབས་སྔ་མ་པ་དང་། ཚེ་འདི་པའི་ཉོན་མོངས་པ་གཉིས་པོ་དེ་ཡང་སྤངས་
པ་ཡིན་ནོ། །ཇི་སྲིད་དུ་དེས་བཞག་པའི་ས་བོན་གནས་པ་དེ་སྲིད་དུ་ནི་ཉོན་མོངས་པ་འགགས་ཀྱང་སྤངས་པ་མ་ཡིན་ལ། དེས་བཞག་པའི་ས་བོན་གྱི་དངོས་པོ་སྤངས་ན་ནི་དེ་ཡང་སྤངས་པར་རྣམ་པར་གཞག་གོ། །དཔེར་ན་རྣམ་པར་སྨིན་པ་ཟད་པས་ཞེས་བྱ་བ་ལ། ལས་སྔར་འགགས་ཀྱང་ཇི་སྲིད་དུ་
དེས་བཞག་པའི་རྣམ་པར་སྨིན་པའི་འབྲས་བུ་མ་ཟད་པ་དེ་སྲིད་དུ་ཟད་དོ་ཞེས་མི་བྱ་བ་ལ། དེ་ཟད་ན་ནི་ལས་དེ་ཟད་པར་འགྱུར་བ་ལྟ་བུའོ། །དེས་བཞག་པའི་ས་བོན་མེད་པས་མ་འོངས་པའི་སྡུག་བསྔལ་ལམ་ཉོན་མོངས་པ་ཇི་ལྟར་སྤངས་ཤེ་ན། དེའི་ཕྱིར་མ་འོངས་པའི་ཇི་ལྟར་སྡུག་བསྔལ་ལམ་ཉོན་
མོངས་པ་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །ས་བོན་སྐྱེ་བ་མི་སྲིད་ཅིང་། ས་བོན་མེད་པའི་ཕྱིར་གཏན་མི་སྐྱེ་བ་ལ། ས་བོན་མེད་པ་ཡང་སོ་སོར་བརྟགས་པའི་སྟོབས་ཁོ་ནས་ཡིན་ཏེ། དེ་ལྟར་ན་དུས་གསུམ་གྱི་སྡུག་བསྔལ་ལམ་ཉོན་མོངས་པ་སྤངས་པར་བཞག་གོ། །འགོག་པ་ལ་མངོན་དུ་ཕྱོགས་
པའི་ད་ལྟར་བ་སྟེ་དེ་མ་ཐག་ཏུ་འཇིག་པའི་ཕྱིར་རོ། །སློབ་དཔོན་འདུས་བཟང་ན་རེ་སོ་སོར་བརྟགས་པའི་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དག་ཁྱད་པར་མེད་པར་ཐལ་བའི་ཕྱིར། འདི་ནི་ཡོད་པ་མ་ཡིན་ཏེ། སོ་སོར་བརྟགས་པའི་སྟོབས་ཀྱིས་རྐྱེན་མ་ཚང་བའི་ཕྱིར་
Vol. 209 · folio 289a
དང་། ཨ་ཀྲྀ་ཏོཏྦཏྟི་པྲ་ཏི་བནྡྷ་ནཱ་མུཏྤཏྟི་པྲ་ཏི་བནྡྷ་ད་ནུཏྤཱ་དཿ (མ་བྱས་པ་སྐྱེ་བ་གེགས། སྐྱེ་བའི་གེགས། མི་སྐྱེ་བ།) སོ་སོར་བརྟགས་པའི་འགོག་པ་ཞེས་བརྗོད་དོ། །ཡང་ན་ས་བོན་མ་ཚང་བའི་ཕྱིར་སོ་སོར་བརྟགས་པའི་འགོག་པ་དང་རྐྱེན་མ་ཚང་བའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཞེས་བྱ་བའི་ཁྱད་པར་
ཡོད་དོ། །སོ་སོར་བརྟགས་པའི་སྟོབས་ཀྱིས་རྐྱེན་ནི་མ་ཚང་བས་སམ་སྐྱེ་བ་མེད་པ་ལ་ནི་ཁྱད་པར་ཕྲ་མོ་ཡང་ཡོད་པ་མ་ཡིན་ནོ། །དེ་ནི་ད་ལྟར་མ་ཡིན་ཏེ། རང་བཞིན་ཐ་དད་པ་མེད་ཀྱང་བུམ་པ་དང་སྣམ་བུ་ལ་སོགས་པ་བཞིན་ཐ་དད་པའི་ཐ་སྙད་
མ་འཆོལ་བར་གནས་པའོ། །བུམ་པ་དང་སྣམ་བུ་ནི་ནམ་ཡང་བུམ་པ་དང་སྣམ་བུ་མ་ཡིན་པར་མི་འགྱུར་བ་དེ་བཞིན་དུ་འདིར་ཡང་རྐྱེན་མ་ཚང་བས་མི་སྐྱེ་བ་ནི་ནམ་ཡང་སོ་སོར་བརྟགས་པས་འགོག་པ་ཞེས་མི་བྱའོ། །སོ་སོར་བརྟགས་པའི་སྟོབས་ཀྱིས་མི་སྐྱེ་བས་སོ་སོར་བརྟགས་པས་འགོག་
པ་ཞེས་བྱ་སྟེ། གང་ཡང་དུས་གསུམ་པའི་སྡུག་བསྔལ་འགོག་པས་རབ་ཏུ་ཕྱེ་བ་ནི་སོ་སོར་བརྟགས་པས་འགོག་པ་ཞེས་བཤད་དོ། །འདུ་བྱེད་མ་འོངས་པ་མི་སྐྱེ་བས་རབ་ཏུ་ཕྱེ་བ་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཞེས་བྱ་སྟེ། ཆོས་མངོན་པ་ལས་མ་འཆོལ་བར་རྣམ་པར་
གཞག་གོ། །འདི་ལ་ཡང་ལན་ནི་བཤད་ཟིན་པ་ཉིད་དོ། །འགགས་ཟིན་པ་དང་འགག་པ་ལ་མངོན་དུ་ཕྱོགས་པ་ནི་འབད་པ་དོན་དང་བཅས་པར་མི་འགྱུར་རོ་སྙམ་པའོ། །སྡུག་བསྔལ་གྱི་རང་བཞིན་སྤངས་པར་མི་འདོད་ན་འོ་ན་ཅི་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་ཤེ་ན། དེ་ཡང་མ་འོངས་པ་ནི་
དེ་ལ་དམིགས་པའི་ཉོན་མོངས་པ་སྐྱེ་བའི་གེགས་སུ་གྱུར་པ་ལས་འདོད་དེ། ཉོན་མོངས་པ་མི་སྐྱེ་བ་ནི་སོ་སོར་བརྟགས་པའི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ལས་རྣམ་པ་གཞན་དུ་མ་ཡིན་ནོ། །དེ་ལ་དམིགས་པར་བྱས་པའི་ཐོབ་པ་ཡོངས་སུ་རྟོགས་པ་ལས་ཀྱང་མི་རིགས་ཏེ་བཀག་པའི་ཕྱིར་
རོ། །གང་བཤད་པ། ཉོན་མོངས་པ་སྤངས་པའི་དུས་སུ་འདས་པ་དང་ད་ལྟར་བྱུང་བའི་སྡུག་བསྔལ་ལ་དམིགས་པའི་ཉོན་མོངས་པ་གང་ཡིན་པ་མེད་དེ་སྤངས་པའི་ཕྱིར་འདས་པ་དང་ད་ལྟར་བྱུང་བའི་སྡུག་བསྔལ་སྤངས་པ་ཞེས་བྱའོ། །དེ་བཞིན་དུ་ད་ལྟར་བྱུང་བ་སྨོས་པ་ཅི་ཞེ་ན། ཉོན་མོངས་པ་
Vol. 209 · folio 289b
སྤོང་བ་ཞེས་བྱའོ། །འོ་ན་འདས་པ་དང་མ་འོངས་པས་དེ་ལ་བཞག་པའི་ས་བོན་སྤངས་པ་ཅི་ཞེ་ན། ས་བོན་སྤངས་པ་ནི་ལམ་གྱི་སྟོབས་ཀྱིས་གནས་གྱུར་པའོ། །གང་ཡང་མ་འོངས་པ་ནམ་མཁའི་མེ་ཏོག་དང་མཚུངས་པའི་ཕྱིར་དེ་ལ་དམིགས་པའི་འཇུག་པ་མེད་པ་ཉིད་དུ་བཤད་དོ། །དེ་ལ་
གཞན་འདས་པ་དང་མ་འོངས་པ་སྡུག་བསྔལ་ལ་དམིགས་པ་གང་ཞེ་ན། ཉོན་མོངས་པ་སྤངས་པ་གང་ཡིན་པ་ལས་སྡུག་བསྔལ་སྤངས་པར་བརྗོད་ཀྱི། མ་འོངས་པ་ལ་དམིགས་པ་ཉིད་ནི་མ་ཡིན་ཞེས་བྱའོ། །འོ་ན་ཅི་ས་བོན་ཡོད་པས་དེ་ལ་དམིགས་པ་སྐྱེ་ཞེ་ན། ཇི་སྲིད་འདི་སྐྱེ་བ་སྲིད་
པ་དེ་སྲིད་འདི་མ་སྤངས་ལ། དེ་མ་སྤངས་པའི་ཕྱིར་དེ་ལ་དམིགས་ཀྱང་སྤངས་པར་མི་བརྗོད་དོ། །གང་གི་ཚེ་འདི་གནས་གྱུར་པས། ས་བོན་སྤངས་པར་གྱུར་པ་དེའི་ཚེ་གཏན་མི་སྐྱེ་བའི་ཕྱིར་སྤངས་པ་ཞེས་བྱའོ། །དེ་སྤངས་པའི་ཕྱིར་དེ་ལ་དམིགས་ཀྱང་སྡུག་བསྔལ་སྤངས་པ་ཞེས་བརྗོད་དོ། །
གང་བཤད་པ་མ་འོངས་པ་ཉིད་མེད་པའི་ཕྱིར་དེ་ཇི་ལྟར་མི་སྐྱེ་བར་རུང་ཞེ་ན། དངོས་པོ་སྔ་མ་ཅན་གྱི་ཕྱིར་མེད་པ་ཞེས་བྱའོ། །དེ་ནི་དེ་ལྟ་མ་ཡིན་ཏེ། གང་ཡོད་པ་ནི་རྒྱུ་ལས་འགྱུར་བས། དེ་སེམས་ལ་བཞག་ནས་མ་འོངས་པ་མི་སྐྱེ་བར་བརྗོད་དོ། །དངོས་པོ་སྔ་མ་ཅན་གྱི་ཕྱིར་མེད་པ་ཞེས་བྱ་བ་འདི་
ངེས་པ་ཡང་མ་ཡིན་ཏེ། དེ་ལྟ་ན་ཞིག་པ་ནི་གཅིག་ལ་གཅིག་མེད་པ་ཁོ་ནར་འགྱུར་རོ། །གཏན་མེད་པ་དང་སྔ་ན་མེད་པ་དག་མ་ཡིན་པ་དེའི་ཕྱིར་འདི་ལ་ངེས་པ་མེད་དོ། །འདི་ངེས་པར་ཁས་བླང་བར་བྱ་ན་མ་སྐྱེས་པ་ཉིད་མི་སྐྱེ་བ་ཡིན་གྱི་སྐྱེ་བ་ནི་མ་ཡིན་པས་མ་འོངས་པ་ཡོད་པ་ཉིད་ལ་ཡང་སྐྱེ་བ་
དང་འཇིག་པའི་དངོས་པོ་ཡིན་པ་ལས་དུས་སུ་གཏོགས་པར་ཐལ་བར་འགྱུར་རོ། །གང་ཡང་དམིགས་པ་ཐ་དད་པའི་དབང་པོ་ལྔ་རྣམས་སྤང་བའི་ཕྱིར་འཇུག་པ་ཞེས་བཤད་པ་རབ་ཏུ་ཞེན་པས་མ་བརྗོད་པའི་ཕྱིར་སྡུག་བསྔལ་སྤོང་བ་དོན་དུ་གཉེར་བའི་གདུལ་བྱ་རྣམས་ལ་དེ་ལྟར་གསུངས་ཏེ།
འདིར་ཉོན་མོངས་པ་སྤོང་བ་དགག་པ་བྱ་བ་ནི་མ་ཡིན་ནོ། །དཔེར་ན་ཐོགས་པ་ལ་སོགས་པའི་ཡུལ་རྣམས་ཀྱང་སྟེ། གཟུགས་ལ་སོགས་པའི་ཡུལ་འཆིང་བ་ལ་ཆགས་པ་དང་བྲལ་བའི་ཕྱིར་དང་ཡང་ཡང་ཀུན་ཏུ་རྒྱུ་བའི་འདུན་པའི་འདོད་ཆགས་སྤངས་པས་གཟུགས་ལ་སོགས་པ་
Vol. 209 · folio 290a
སྤངས་པ་ཞེས་བཤད་པ་ནི། དེ་སྤོང་བ་ལ་གུས་པར་སྦྱར་བའི་ཕྱིར་ཡིན་གྱི། འདི་གཞན་རྣམས་སྤང་བ་ལ་གཟུགས་ལ་སོགས་པ་མ་སྤངས་པ་ཞེས་བྱ་བ་ནི་མ་ཡིན་ནོ་ཞེས་རྟོགས་པར་བྱའོ། །འགོག་པ་དེ་རྣམས་ཀྱི་མཆོག་ཏུ་བཤད་དོ་ཞེས་བྱ་སྟེ། རྟག་པའི་ཕྱིར་འདུས་
བྱས་དག་པས་མཆོག་ཡིན་ལ། དགེ་བ་འདུས་མ་བྱས་དག་པས་མཆོག་ཡིན་པར་བཤད། དེ་ལྟར་ན་མྱ་ངན་ལས་འདས་པ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཀྱི་མཆོག་ཀྱང་ཡིན་ལ་དངོས་པོ་མེད་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་མདོ་དང་འགལ་ལོ། །འདི་ལྟར་དངོས་པོ་མེད་པ་ནི་མཚན་ཉིད་མེད་
པས་ཆོས་ཉིད་མ་ཡིན་ལ། བརྗོད་དུ་མེད་པ་ནི་བརྗོད་དུ་མེད་པ་དག་པས་མཆོག་ཉིད་ཀྱང་མ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་གང་ཞིག་རང་གི་མཚན་ཉིད་འཛིན་པས་ཆོས་ཞེས་བྱ་ཞིང་། ཆོས་གཞན་དག་པས་ཁྱད་པར་དུ་འཕགས་པ་གང་ཡིན་པ་དེ་ནི་དོན་གཞན་དུ་གྱུར་
པ་ཅུང་ཟད་ཅིག་ཡིན་ནོ། །འདུས་མ་བྱས་ནི་མེད་པ་ཁོ་ནའོ་ཞེས་ཀྱང་མི་སྨྲ་སྟེ་དེས་ན་མདོ་དང་འགལ་བ་མེད་དོ། །གལ་ཏེ་ཡོད་ལ་རྫས་སུ་ཡོད་པ་མ་ཡིན་པ་དེས་ན། དེ་ཇི་ལྟ་བུ་ཞིག་ཡིན་པར་བརྗོད་པར་བྱའོ། །དེ་ནི་ཁོ་བོ་ཅག་གིས་ཇི་སྐད་དུ་བཤད་པ་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ལ།
རེག་བྱ་མེད་པ་ཙམ་ནི་ནམ་མཁའ་ཡིན་ལ། ཕྲ་རྒྱས་དང་སྐྱེ་བ་སྐྱེས་པ་འགགས་ནས་སོ་སོར་བརྟགས་པའི་སྟོབས་ཀྱིས་གཞན་མི་སྐྱེ་བ་ནི་སོ་སོར་བརྟགས་པས་འགོག་པ་ཡིན་ཞིང་། སོ་སོར་བརྟགས་པས་མེད་པ་ཁོ་ནར་རྐྱེན་མ་ཚང་བ་མི་སྐྱེ་བ་ནི་སོ་སོར་བརྟགས་པ་མ་ཡིན་པས་
འགོག་པ་སྟེ་ཞེས་བྱ་བ་ལྟ་བུའོ། །ཇི་ལྟར་ཡོད་པ་མ་ཡིན་པའི་བདག་ཉིད་ལ་ཡོད་ཅེས་བྱ་ཞེ་ན། དཔེར་ན་སྒྲ་ལ་སྔ་ན་མེད་པ་ཡང་ཡོད། ཕྱིས་མེད་པ་ཡང་ཡོད་ཅེས་བྱ་མོད་ཀྱི། འོན་ཀྱང་དངོས་པོ་མེད་པ་ཡོད་དོ་ཞེས་བྱ་བའི་སྒྲ་སྦྱར་བས་ཡོད་པར་མི་འགྲུབ་སྟེ། ཡོད་དོ་ཞེས་བྱ་བའི་
སྒྲ་ནི་ཚིག་ཕྲད་ཡིན་པའི་ཕྱིར་རོ། །འདུས་མ་བྱས་ཀྱང་དེ་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི། ཡོད་དོ་ཞེས་ཀྱང་བྱ་བ་ལ་ཡོད་པ་ཡང་མ་ཡིན་པ་ཞེས་བྱ་བའོ། །ཇི་ལྟར་མེད་པ་རྣམས་ཀྱི་མཆོག་མེད་པ་ཡིན་པར་འོས་ཞེས་གང་སྨྲས་པ་དེའི་ལན་ནི་མེད་པ་ཡང་ཁ་ཅིག་ཅེས་བྱ་བ་རྒྱས་པར་འབྱུང་
Vol. 209 · folio 290b
བའོ། །དེ་ཅི་འདྲ་བ་ཞིག་ཅེ་ན། གང་གནོད་པ་ཐམས་ཅད་དང་གཏན་བྲལ་བ་དེ་ནི་ཞེས་བྱ་བ་སྨོས་ཏེ་ནད་མེད་པ་བཞིན་ནོ། །ཅིའི་ཕྱིར་འདི་བསྔགས་པ་ཐོབ་པ་འོས་ཤེ་ན། གདུལ་བྱ་རྣམས་དེ་ལ་འདུན་པར་བྱ་བའི་ཕྱིར་ཏེ། གདུལ་བྱ་བདག་ལ་ཆགས་པ་དང་ལྡན་པ་རྣམས་དེ་ལ་སྐྲག་པར་འགྱུར་རོ། །
ནམ་མཁའ་ནི་ཐམས་ཅད་མེད་པ་མ་ཡིན་ཏེ། རེག་བྱ་མེད་པ་ཙམ་གྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །སོ་སོར་བརྟགས་པས་མ་ཡིན་པའི་འགོག་པ་ནི་གཏན་བྲལ་བ་ཡིན་མོད་ཀྱི། གནོད་པ་ཐམས་ཅད་དང་ནི་མ་ཡིན་ཏེ་སྐྱེ་བ་དང་མི་ལྡན་པ་རྣམས་ཁོ་ནའོ། །དེ་རྙེད་པའི་ཕྱིར་རོ། །དེ་ལྟར་ན་གཞན་
དག་པས་དེ་མཆོག་ཡིན་པས་བསྔགས་པ་ཐོབ་པར་འོས་སོ། །རང་གི་མཚན་ཉིད་མེད་ཀྱང་འདས་པ་དང་མ་འོངས་པ་ལྟར་ཆོས་ཀྱི་ཐ་སྙད་ཀྱང་ཅིའི་ཕྱིར་མི་འདོད། འདི་ལ་བཤད་ཟིན་ཏོ། །ཇི་སྐད་བཤད་ཅེ་ན། གདུལ་བ་རྣམས་དེ་ལ་འདུན་པར་བྱ་བའི་ཕྱིར་ཞེས་བྱ་བར་ཏེ། བརྗོད་དུ་མེད་པ་ཉིད་ཡིན་
ཡང་སྔ་ན་མེད་པ་ལ་སོགས་པ་ལྟར་དེ་དག་ཕན་ཚུན་ཁྱད་པར་དུ་འགྱུར་རོ། །མི་འགྲུབ་སྟེ་སྔ་ན་མེད་པ་དང་བརྗོད་དུ་མེད་པ་ཞེས་བྱ་བ་ལ། ཞིག་ནས་མེད་པ་དང་གཏན་མེད་པ་དང་གཅིག་ལ་གཅིག་མེད་པ་རྣམས་ལས་གང་ཡང་རུང་བར་འགྱུར་རོ། །དེ་བཞིན་དུ་ཅིག་ཤོས་ལ་ཡང་བརྗོད་པར་
བྱའོ། །སློབ་དཔོན་འདུས་བཟང་ན་རེ་རྫས་དང་བཏགས་པར་ཡོད་པ་ལས་གཞན་པའི་ཡོད་པའི་རྣམ་པ་མ་བཤད་པའི་ཕྱིར་དེ་ལྟར་སྨྲས་ན་མྱ་ངན་ལས་འདས་པ་ཡོད་པ་མ་ཡིན་པར་ཁས་བླངས་པར་འགྱུར་རོ། །གང་ཡང་ཡོད་པའི་སྒྲ་ནི་སྔ་ན་མེད་པ་དང་ཕྱིས་མེད་པ་ལ་ཡང་ཡོད་པས་དཔྱད་དེ། རེ་ཞིག་
འདི་ཅི་ཞེ་ན་གཏན་མེད་པ་ཉིད་ནི་རྣམ་པ་གཞན་དགག་པ་ཤེས་པར་བྱེད་པའི་དོན་ཏོ། །ཡོད་པ་ནི་བཅས་པའི་སྒྲ་སྟེ། སྔ་མ་དང་ཕྱི་མར་ཡང་རྣམ་པ་ཁ་ཅིག་དགག་པ་ལས་འདི་དང་འདི་མེད་དོ་ཞེས་སྦྱར་བ་དེ་ལ་ཅིག་ཤོས་ལ་ཅིག་ཤོས་མེད་པ་ནི་དངོས་པོ་ཉིད་དོ། །གཏན་མེད་པ་ནི་དངོས་པོའི་ཐ་སྙད་
དོ། །ཅི་ལྟར་མི་འགལ་བར་འགྱུར་ཞེ་ན། དེ་ཡོད་པ་གང་ལ་སྡུག་བསྔལ་གྱི་དངོས་པོ་དགག་པ་མེད་དེ། འདི་དང་འདི་མེད་དོ་ཞེས་དཔེ་བསྟན་པར་མི་ནུས་སོ། །ཀུན་རྫོབ་ཀྱི་ཐ་སྙད་ཀྱི་སྒྲ་ཙམ་ནི་གཉི་ག་ལ་ཇི་ལྟ་བར་རུང་སྟེ། འདུས་མ་བྱས་ལ་བཏགས་པར་ཡོད་པ་མི་འགལ་ལོ། །གལ་
Vol. 209 · folio 291a
ཏེ་བཏགས་པ་ཉེ་བར་ལེན་པ་མེད་པའི་ཕྱིར་འགལ་ལོ་ཞེ་ན། འདི་ལ་ཇི་སྐད་བཤད་པའི་བཏགས་པ་ཉེ་བར་ལེན་པ་ཡོད་དེ། དཔེར་ན་ནགས་ཚལ་གྱི་ཤིང་དང་། དམག་གི་གླང་པོ་དང་རྟ་ལ་སོགས་པ་ལྟ་བུའོ། །གང་བཤད་པའི་སྒྲ་སྔ་མ་དང་ཕྱི་མ་ཁས་བླངས་པ་
ལ་དཔེ་མ་གྲུབ་པོ་ཞེ་ན་དེ་ཡང་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། གལ་ཏེ་ད་ལྟར་བ་བཞིན་སྔ་མ་དང་ཕྱི་མ་ལས་གཟུགས་ཀྱང་ཡོད་ན་དེ་ལྟར་ཡོད་པ་དེའི་རང་བཞིན་ནི་རྟག་པའི་ཕྱིར་ཅི་ལས་སྔ་མ་དང་ཕྱི་མ་ཞེས་ཤེས་པར་མི་བྱེད། གལ་ཏེ་བྱེད་པ་ལས་སོ་ཞེ་ན། བྱེད་པ་དེ་ཡང་རྫས་སམ་བཏགས་
པ་ཅི་ཞིག་ཏུ་བརྗོད་པར་བྱེད། གལ་ཏེ་རྫས་ཀྱི་སྒོ་ནས་དེ་ལྟར་ཡོད་ན་སྔ་མ་དང་ཕྱི་མར་ཡང་བྱེད་པ་མེད་པར་ཁས་བླང་བའི་ཕྱིར་རྫས་ཀྱི་སྒོ་ནས་དུས་ཐམས་ཅད་དུ་ཡོད་པར་ཁྱས་བླངས་པ་ལ་གནོད་དོ། །རྫས་སུ་ཡོད་པར་མཚུངས་པ་ལ་ཡང་གཟུགས་ལ་སོགས་པ་ལ་དུས་ཐམས་ཅད་དུ་ཡོད་ལ་
བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རང་གི་རྣམ་པར་རྟོག་པ་འབའ་ཞིག་གོ། །ཅི་སྟེ་བཏགས་པ་ཙམ་དུ་ཡོད་ན་དེ་ལྟར་ན་ཉུང་ངུར་ཡོད་པ་ཞེས་བརྗོད་དེ། ད་ལྟར་བ་ཡང་དོན་དམ་པའི་སྒོ་ནས་ཡོད་པའི་ཕྱིར་རོ། །ད་ནི་དུས་ཐམས་ཅད་དུ་ཡོད་ན་སྔ་མ་དང་ཕྱི་མ་ཞེས་བྱ་བའི་རྣམ་པར་གཞག་པ་ཅི་
ལྟར་འགྲུབ་ཅེ་ན། འོན་ཀྱང་བྱེད་པ་མེད་པ་དང་དོན་གཞན་མེད་པས་བཏགས་པར་ཡོད་པ་དེ་ལྟ་ན་ཡང་ཡོད་པ་ལས་གཞན་མ་ཡིན་པའི་ཕྱིར་དངོས་པོའི་རང་བཞིན་གྱི་བྱེད་པ་ཡང་རྟག་པའི་བྱེད་པ་བཞིན་ནམ། དངོས་པོ་ཡང་མི་རྟག་པ་ཞེས་བྱ་བར་ཐལ་བར་འགྱུར་རོ། །དེ་ལྟར་ན་
གཉི་ག་ལྟར་ཡང་སྔ་མ་དང་ཕྱི་མ་ཞེས་བྱ་བའི་ཐ་སྙད་མེད་པའི་ཕྱིར་དུས་གསུམ་མེད་དོ། །གང་བཤད་པ་ཡོད་པ་ནི་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེ་ཡང་མི་རིགས་ཏེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ད་ལྟར་བ་ཉིད་སྔ་མ་དང་ཕྱི་མར་ཡང་ཡོད་པ་ནི་ཁོ་ནའི་སྒྲ་ཡིས་འགྲུབ་བོ། །དེ་ལྟར་ཡོད་པ་ད་
ལྟར་བ་ཉིད་ལྟར་སྒྲ་ཡང་དགག་པར་འགྱུར་རོ། །ད་ལྟར་བ་ཉིད་ཡིན་པའི་ཕྱིར་གཞན་མ་ཡིན་པར་བྱས་པ་དེ་ལྟ་ན་ཡང་འདས་པའི་སྒྲ་གཞན་ལ་ད་ལྟ་བ་ཡང་གཞན་ལ་མ་འོངས་པ་ཡང་གཞན་ནོ་ཞེས་བྱ་བར་ཐལ་བར་འགྱུར་རོ། །གཞན་མ་ཡིན་པ་ལ་ནི་ཁོ་ནའི་སྒྲ་འདས་པ་མ་ཡིན་མ་འོངས་པ་
Vol. 209 · folio 291b
མ་ཡིན་ད་ལྟར་འབྱུང་བ་མ་ཡིན་པར་འགྱུར་ཏེ། གཅིག་ལ་མ་སྐྱེས་པ་དང་སྐྱེས་པ་འཇིག་པ་ཉིད་དང་མ་སྐྱེས་པ་མི་འཇིག་པ་ཉིད་ཀྱང་མི་རུང་ངོ་། །འདིར་གཞན་དང་གཞན་མེད་པ་མི་རུང་བས་དེ་ཉིད་དེར་བཀག་པའི་ཕྱིར། དེ་ལྟར་དེའི་རང་བཞིན་མེད་པ་ཉིད་དུ་ཤེས་པར་བྱའོ། །
འགོག་པ་འཕགས་པའི་བདེན་པ་ཡིན་པར་མི་འགྱུར་ཏེ་ཞེས་བྱ་བ་ལ། གང་ཞིག་ཅི་ཡང་མ་ཡིན་པ་དེ་ནི་ཇི་ལྟར་དེའི་བདེན་པའམ་བརྫུན་པ་ཞེས་བྱ། རེ་ཞིག་འགོག་པའི་བདེན་པའི་དོན་འདི་གང་ཡིན། ཅི་རྫས་ཀྱི་དོན་ཡིན་ནམ་འོན་ཏེ་ཕྱིན་ཅི་ལོག་པའི་དོན་ཡིན། གལ་ཏེ་རྫས་
ཀྱི་དོན་ཡིན་ན་ནི། དེ་ལྟ་ན་ཀུན་རྫོབ་ཀྱི་བདེན་པ་མེད་པར་ཐལ་བར་འགྱུར་ཏེ། དེའི་ཕྱིར་ཕྱིན་ཅི་མ་ལོག་པའི་དོན་ཁས་བླང་བར་བྱ་དགོས་ལ། དེ་ལྟ་ན་སྡུག་བསྔལ་ལྟར་སྡུག་བསྔལ་འགོག་པ་ཡང་བདེན་པ་ཉིད་དུ་མི་འགལ་ལོ། །དེ་ཉིད་བསྟན་པའི་ཕྱིར་འཕགས་པ་རྣམས་ཞེས་
བྱ་བ་རྒྱས་པར་སྨོས་ཏེ། ཇི་ལྟར་འཕགས་པ་རྣམས་ཀྱིས་སྡུག་བསྔལ་ལ་སྡུག་བསྔལ་ཉིད་དུ་གཟིགས་ཀྱི། བདེ་བ་ཞེས་བྱ་བ་མ་ཡིན་པས་སྡུག་བསྔལ་འཕགས་པའི་བདེན་པར་བརྗོད་པ་དེ་བཞིན་དུ་སྡུག་བསྔལ་འགོག་པ་ཡང་འཕགས་པ་རྣམས་ཀྱིས་སྡུག་བསྔལ་མེད་པའི་མཚན་
ཉིད་ཁོ་ནར་གཟིགས་པ་ལ་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བརྗོད་དོ། །ཇི་ལྟར་མེད་པ་ནི་ཅི་ཡང་མ་ཡིན་པའི་ཕྱིར་གསུམ་པ་ཉིད་དུ་འགྱུར་ཞེ་ན། གཉིས་པའི་འོག་ཏུ་མཐོང་བ་དང་བསྟན་པས་ན་གསུམ་པ་ཡིན་ཏེ། བདེན་པ་མངོན་པར་རྟོགས་པའི་ཚེ་གཉིས་པ་
ཀུན་འབྱུང་གི་བདེན་པའི་འོག་ཏུ་རང་གི་ཤེས་རབ་ཀྱིས་མཐོང་བ་དང་། སྟོན་པའི་ཚེ་གཞན་གཉིས་ཀྱི་འོག་ཏུ་བསྟན་པས་གསུམ་པ་ཞེས་བྱའོ། །ཡུལ་མེད་པར་ཤེས་པ་མེད་དོ། །དེ་སྤྱོད་པ་རྣམས་ལ་རྟོགས་པར་བྱེད་ཅེས་བྱ་བ་ནི་ཆེར་འགལ་བ་སྟེ། མེད་པ་ཞེས་བྱ་བ་ཤེས་པ་དེ་
ཅི་ལ་དམིགས་པའོ། །གལ་ཏེ་དངོས་པོ་མེད་ན་མེད་ཅེས་བྱ་བས་དངོས་པོ་ཁོ་ན་བཀག་པ་ཡིན་ནོ་ཞེ་ན། དངོས་པོ་བཀག་པ་མི་རིགས་སོ། །འོན་ཏེ་དངོས་པོ་མེད་པ་ཅི་ལྟར་ཞེ་ན་དངོས་པོ་མེད་པ་ལ་དམིགས་པའི་ཤེས་པ་མེད་དོ། །དེ་བཞིན་དུ་གཙོ་བོ་དང་སྐྱེས་བུ་དང་དབང་ཕྱུག་ལ་
Vol. 209 · folio 292a
སོགས་པ་ལ་དམིགས་པའི་ཤེས་པ་རྣམས་ལ་ཡང་བརྗོད་པར་བྱའོ། །ཅིར་འགྱུར་ཞེས་བྱ་བ་ནི་སྐྱོན་ཅིར་འགྱུར་ཞེས་བྱའོ། །ཅི་ཞིག་ཏུ་ཡང་འགྱུར་ཞེས་བྱ་བ་ནི་ཡོན་ཏན་ཅི་ཞིག་ཏུ་འགྱུར་ཞེས་བྱ་བའོ། །བྱེ་བྲག་ཏུ་སྨྲ་བའི་ཕྱོགས་བསྐྱང་བར་འགྱུར་རོ་ཞེས་
བྱ་བ་ནི་ཡོན་ཏན་འདིར་འགྱུར་རོ་ཞེས་བྱ་བའོ། །ཡང་དག་པ་མ་ཡིན་པ་ཀུན་བརྟགས་པར་འགྱུར་ཞེས་བྱ་བ་ནི་སྐྱོན་ཅིར་འགྱུར་ཞེས་སྨྲས་པ་དེའི་ལན་ཏེ། ཡང་དག་པ་མ་ཡིན་པ་ཀུན་བརྟགས་པའི་སྐྱོན་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་ཚིག་ཙམ་གྱིས་འདི་སྒྲུབ་པར་མི་ནུས་སོ་ཞེས་རྒྱུ་
དྲིས་པའོ། །གཟུགས་དང་ཚོར་བ་ལ་སོགས་པ་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་ཞིག་དངོས་པོ་ཡིན་པ་དེ་ནི་གཟུགས་དང་ཚོར་བ་ལ་སོགས་པ་བཞིན་དུ་རང་གི་ངོ་བོས་མངོན་སུམ་གྱིས་དམིགས་པ་ཡིན་ལ། ཡང་ན་མིག་ལ་སོགས་པ་ལྟར་འབྲས་བུའི་སྒོ་ནས་རྗེས་སུ་དཔག་
པས་དམིགས་པ་ཡིན་ན། འདི་ལ་གཉིས་ག་ཡང་མེད་པས་འདུས་མ་བྱས་དངོས་པོ་མ་ཡིན་ནོ་ཞེས་བྱ་བ་གཟུང་སྟེ་འདི་ནི་ལན་གཅིག་མ་ཡིན་པར་བཤད་ཟིན་ཏོ། །དངོས་པོ་ཆེ་གེ་མོ་ཞིག་གི་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་དངོས་པོའིའོ། །རྒྱུ་དང་འབྲས་བུ་ལ་སོགས་པའི་དངོས་པོ་མི་སྲིད་
པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ནོར་དང་། བདག་པོ་དང་། ཡན་ལག་དང་། ཡན་ལག་ཅན་དང་། ཡོན་ཏན་དང་ཡོན་ཏན་ཅན་གྱི་འབྲེལ་པ་རྣམས་ལ་སོགས་པ་རྣམས་གཟུང་སྟེ། འགོག་པ་ནི་དངོས་པོའི་འབྲས་བུ་མ་ཡིན་ཞིང་རྒྱུ་མ་ཡིན་ལ། ནོར་དང་བདག་པོ་ཡང་
མ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །བཀག་པ་ཙམ་དུ་ནི་ངའོ་ཞེས་བྱ་བ་ནི། ཆོས་དང་ཆོས་ཅན་གྱི་འབྲེལ་པའི་དབང་དུ་བྱས་ནས་བཤད་པ་སྟེ་སྒྲ་དང་མི་རྟག་པ་ཉིད་བཞིན་ནོ། །དེ་ནི་དེའི་གནས་སྐབས་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །དངོས་པོ་གཞན་ཉིད་ཡིན་ན་ཡང་
ཉོན་མོངས་པ་གང་གི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིར་སེམས་གཉིས་ལ་འགོག་པ་གཉིས་བལྟ་བར་བྱ་སྟེ། བར་ཆད་མེད་པའི་ལམ་དང་། ལྷན་ཅིག་ཏུ་ཉོན་མོངས་པའི་ཐོབ་པ་འགལ་ལ། རྣམ་པར་གྲོལ་བའི་ལམ་དང་ལྷན་ཅིག་ཏུ་སོ་སོར་བརྟགས་པའི་འགོག་པ་འཐོབ་པོ། །ཉོན་
Vol. 209 · folio 292b
མོངས་པའི་ཐོབ་པ་མ་འགགས་པར་ནི་བྲལ་བའི་ཐོབ་པ་མི་འཐོབ་སྟེ། དེ་ལྟར་ན་ཉོན་མོངས་པ་གང་གི་ཐོབ་པ་འགགས་ནས་འགོག་པ་གང་ཐོབ་པ་དེ་ནི་དེའི་ཡིན་ནོ་ཞེས་ཐ་སྙད་འདོགས་སོ། །འདི་ལ་ཡང་རྒྱུ་དང་འབྲས་བུ་ལ་སོགས་པའི་འབྲེལ་བ་མེད་པའི་ཕྱིར་འདྲི་བ་ནི། འོ་ན་དེ་འཐོབ་
པར་ངེས་པའི་རྒྱུ་གང་ཞིག་ཡིན་ཞེས་བྱ་བའོ། །ཉོན་མོངས་པ་འདིའི་ཐོབ་པ་ཆད་པས་འགོག་པ་འདི་ཁོ་ན་འཐོབ་ཀྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་ངེས་པའི་རྒྱུ་འགའ་ཡང་མེད་དེ། སྔར་བཤད་པའི་འབྲེལ་པ་རྣམས་མི་སྲིད་པའི་ཕྱིར་རོ། །ཡང་ན་འདི་ནི་འདོད་ཆགས་ཀྱི་བྲལ་བའི་ཐོབ་པ་ཡིན་གྱི།
གཞན་གྱི་བྲལ་བའི་ནི་མ་ཡིན་ནོ། །ཞེས་ངེས་པའི་རྒྱུ་མེད་དེ་འདོད་ཆགས་ཀྱི་ཐོབ་པ་ཆད་པ་རྒྱུ་མ་ཡིན་པའི་ཕྱིར་དང་ལམ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཆེ་གེ་མོ་ཞིག་གིས་མེད་པའོ་ཞེས་དགག་པ་ཙམ་དུ་ནི་རུང་ངོ་ཞེས་གང་སྨྲས་པ་དེ་ལ་ལུང་དང་འགལ་བ་བསྟན་པའི་ཕྱིར། མདོ་ལས་མཐོང་བའི་ཆོས་
ལ་མྱ་ངན་ལས་འདས་པ་ཐོབ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ད་ལྟར་བའི་སྐྱེ་བ་ལ་མྱ་ངན་ལས་འདས་པ་ཐོབ་པ་ནི་ཕུང་པོ་ལྷག་མ་དང་བཅས་པའི་དབྱིངས་ཀྱི་གནས་སྐབས་ན་ཡིན་ཏེ། དེས་ན་མེད་པ་ནི་བརྗོད་དུ་མེད་པ་ཡིན་པའི་ཕྱིར་ན་ཇི་ལྟར་འཐོབ་པར་འགྱུར། དེའི་ཕྱིར་མདོ་
ལས་ཐོབ་པར་གསུངས་པའི་ཕྱིར་མྱ་ངན་ལས་འདས་པ་ཡོད་པ་ཁོ་ན་ཡིན་པར་བརྗོད་དོ། །མེད་པ་ཡིན་ཡང་ཐོབ་པ་མི་འགལ་ལོ་ཞེས་བསྟན་པའི་ཕྱིར་གཉེན་པོ་ཐོབ་པས་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཉོན་མོངས་པ་དང་ཡང་སྲིད་པ་ནི་ཉོན་མོངས་པ་དང་ཡང་སྲིད་པ་དག་སྟེ། དེ་དག་གི་
སྐྱེ་བ་ནི་ཉོན་མོངས་པ་ཡང་སྲིད་པའི་སྐྱེ་བའོ། །ཉོན་མོངས་པ་དང་ཡང་སྲིད་པའི་ཉོན་མོངས་པ་ཡང་སྲིད་དེ་དག་ཏུ་སྐྱེ་བ་ཤིན་ཏུ་འགལ་བའི་རྟེན་ཏེ་དེ་འཐོབ་པའི་ཕྱིར་སླར་ཡང་ཉོན་མོངས་པ་སྐྱེ་བའམ་སྐྱེད་པ་མ་ཡིན་པས་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱའོ། །གཉེན་པོ་ནི་བར་
ཆད་མེད་པའི་ལམ་མོ། །དེ་ཐོབ་པ་ནི་མངོན་དུ་བྱེད་པའོ། །འདི་ལྟར་དེ་ནི་དེས་སྤང་བར་བྱ་བའི་ཉོན་མོངས་པའི་ས་བོན་དང་རྗེས་སུ་འབྲེལ་བའི་རྟེན་སྐྱེ་བ་དང་འགལ་བས། དེའི་མཇུག་ཐོགས་སུ་ཉོན་མོངས་པའི་ས་བོན་རྟོགས་པའི་རྟེན་སྐྱེ་བར་འགྱུར་ཏེ་ལམ་གྱིས་དེ་བསྒྱུར་བའི་ཕྱིར་
Vol. 209 · folio 293a
རོ། །དེ་ལྟར་ན་གཉེན་པོས་ཉོན་མོངས་པ་སྐྱེ་བ་དང་ཤིན་ཏུ་འགལ་བའི་རྟེན་འཐོབ་བོ། །ཉོན་མོངས་པ་མ་ལུས་པ་སྐྱེ་བ་དང་འགལ་བའི་རྟེན་ཐོབ་ན་ཡང་སྐྱེ་བ་མི་འབྱུང་སྟེ། དེ་ལྟར་ན་དེ་སྐྱེ་བ་འབྱུང་བ་དང་འགལ་བར་ཡང་འགྱུར་རོ། །འདི་ལྟར་ཉོན་མོངས་པའི་ས་བོན་
མི་འགལ་ན་ནི་ཉོན་མོངས་པ་སྐྱེ་བ་དང་ཤིན་ཏུ་འགལ་བའི་རྟེན་མི་འཐོབ་ལ། གཉེན་པོ་མ་སྐྱེས་ན་ནི་ཉོན་མོངས་པའི་ས་བོན་མི་འགག་གོ། །ལུང་ལས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་ལ། འདིར་དཔེར་བརྗོད་པ་ནི་འབྱུང་བ་མེད་པ་ཞེས་བྱ་བ་འདི་ལྟ་སྟེ་མི་སྐྱེ་བའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །
སློབ་དཔོན་གྱིས་འབྱུང་བ་འགག་པ་ཙམ་གྱི་དབང་དུ་བྱས་ནས་འབྱུང་བ་མེད་པ་ཞེས་ཁུངས་སུ་བཤད་པ། དེའི་ཕྱིར་འདི་ཡིན་ན་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། འདི་ནི་མི་འབྱུང་བས་ཁྱད་པར་དུ་གྱུར་པའི་དངོས་པོ་ཉིད་བསྟན་གྱི་འབྱུང་བ་བཀག་པ་ཙམ་ནི་མ་ཡིན་པས་འདི་ན་མྱ་ངན་ལས་འདས་པ་མི་
སྐྱེ་བ་ཙམ་དུ་ཤེས་པར་བྱ་བ་ལ་ཁུངས་མ་ཡིན་ནོ་ཞེ་ན། བདུན་པ་འདི་ནི་ནུས་པ་མེད་པར་བལྟའོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མངོན་པར་འདོད་པའི་དོན་བསྒྲུབ་པར་བྱ་བ་ལ་ཞེས་བྱ་བར་སྦྱར་རོ། །འདིར་ཡིན་ན་འབྱུང་བར་འགྱུར་རོ་ཞེས་བྱ་བ་ཇི་སྐད་དུ་བཤད་པ་ཡིན་ཞེས་བྱ་བ་འབྱུང་སྟེ། རྟེན་
གྱི་དོན་མི་སྲིད་པས་ན་གཞན་དུ་ཉེ་བར་བཀོད་དོ། །གང་ཁོ་ནས་ཞེས་བྱ་བ་ནི་ལམ་གྱིས་སོ། །དེ་ཐོབ་པར་བྱ་བ་ནི་མྱ་ངན་ལས་འདས་པ་ཐོབ་པར་རོ། །དེ་ཉིད་ཡོད་དམ་ཞེས་བྱ་བ་ནི་མངོན་དུ་གྱུར་པ་ནའོ། །ཐོབ་ན་ཞེས་བྱ་བ་ནི་རྙེད་ན་སྟེ་ལམ་དང་སྦྱར་རོ། །སྡུག་བསྔལ་མི་འབྱུང་བར་འདོད་པར་
གྱིས་ཤིག་ཅེས་བྱ་བ་ནི་གཞན་མྱ་ངན་ལས་འདས་པ་དོན་མེད་པར་བརྟགས་པ་ཅི་ཞིག་བྱ་ཞེས་བྱའོ། །ངེས་པར་སྤངས་པ་ནི་ངེས་པར་བོར་བ་སྟེ། འདིར་ཞེས་པ་ཕུང་པོ་ཐམས་ཅད་སྤངས་པ་ནི་སྤངས་པ་ཞེས་བྱ་བར་འགལ་བ་མེད་དོ། །དེ་ལ་ཡང་བདུན་པ་འདི་ནི་ནུས་པ་མེད་པར་བལྟའོ་
ཞེས་བྱ་བ་ཐམས་ཅད་རྒྱ་ཆེར་བརྗོད་པར་བྱའོ། །དེའི་སེམས་ཀྱིས་རྣམ་པར་ཐལ་ཞེས་བྱ་བ་ཕུང་པོ་ལྷག་མ་མེད་པའི་ཕྱིར་མྱ་ངན་ལས་འདས་པའི་གནས་སྐབས་ནའོ། །སློབ་དཔོན་འདུས་བཟང་ན་རེ། ཆོས་མངོན་པ་བ་རྣམས་ནི་སྡུག་བསྔལ་འགོག་པ་རྣམ་པ་གཉིས་སུ་འཆད་དེ། སྡུག་
Vol. 209 · folio 293b
བསྔལ་ལས་དོན་གཞན་མ་ཡིན་པ་དང་སྡུག་བསྔལ་ལས་དོན་གཞན་པའོ། །དེ་ཉིད་ནི་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་བསམ་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་ཉེ་བར་བསྟན་ཏོ། །འགའ་ཞིག་དོན་གཞན་མ་ཡིན་པ་ནི་ཇི་ལྟར་ཡོད་པ་ལས་མ་སྐྱེས་པ་དང་ཡོད་པ་ལས་ངེས་པར་འབྱུང་བ་
ཞེས་བྱ་བ་ལ་སོགས་པ་སྨོས་པ་ལྟ་བུའོ། །དེའི་ཕྱིར་ལུང་དང་འགལ་བ་མེད་དེ། མྱ་ངན་ལས་འདས་པ་མི་རྟག་པར་བསྟན་པ་དེ་ཡང་དངོས་པོ་ཉིད་དོ་ཞེས་བྱ་བ་དེ་ལ་འགལ་བ་ཅི་ཞིག །མྱ་ངན་ལས་འདས་པ་བསྟན་པ་ཡང་ཡོད་པ་དོན་གཞན་དུ་གྱུར་པ། འདུ་བྱེད་ཐམས་ཅད་མི་རྟག་པའི་
བདག་ཉིད་ཀྱི་ཕྱིར་དེ་ལ་དགོངས་པས་སྐྱོན་མེད་དོ། །སྡུག་བསྔལ་ལས་དོན་གཞན་མ་ཡིན་པ་འགོག་པ་ཞེས་བྱ་བ་ཆོས་མངོན་པ་བ་རྣམས་ཀྱི་ཁས་བླངས་འགལ་བ་སྟེ། སྡུག་བསྔལ་ལས་དོན་གཞན་མ་ཡིན་པ་སྡུག་བསྔལ་ཉིད་སྡུག་བསྔལ་འགོག་པར་མི་རུང་ངོ་། །གང་ཡང་འདི་ནི་དོན་
གཞན་གྱི་འགོག་པ་རྟོགས་པར་བྱ་བའི་ཕྱིར་ལུང་དུ་གསུངས་ཏེ། དེ་ཡང་ཡོད་པའི་སྒྲ་ནི་སྔ་ན་མེད་པ་དང་ཞིག་ནས་མེད་པ་ལ་ཡང་ཡོད་དོ་ཞེས་བྱ་བ་འདིས་སླར་ཡང་བཤད་དོ། །མྱ་ངན་ལས་འདས་པ་མི་རྟག་པར་བསྟན་པ་དེ་ཡང་དངོས་པོ་ཞེས་བྱ་བ་འདིས་ནི་སརྦ། (ཐམས་ཅད།) མ། (མཆོག) །ལི་ཀྲྀ། (བྱས།)
ཏནྣ་ཧི། (མ་ཡིན།) དངོས་པོའི་ངོ་བོ་མི་རྟག་པ་ཉིད་ནི་མར་མེ་ལྟ་བུ་སྟེ་རེས་འགའ་མེད་པས་ན་བཅོམ་ལྡན་འདས་ཀྱིས་མར་མེ་བཞིན་མྱ་ངན་ལས་འདས་པ་ཡང་རྟོགས་ཞེས་སེམས་ཀྱི་རྣམ་པར་ཐར་པ་གང་ཡིན་པ་རྟག་པ་ཉིད་ཁོ་ནར་བསྟན་པར་འགྱུར་རོ། །གཞན་དུ་བྲིས་པ་གང་ཡིན་པ་
དེ་ཉིད་རྣམ་པར་བཤད་པ་འདི་ལས་བཀག་པར་རྟོགས་པར་བྱ་སྟེ། གཞུང་མངས་པའི་འཇིགས་པས་དངོས་སུ་མ་བཀག་གོ། །སློབ་དཔོན་འདུས་བཟང་ན་རེ། མདོ་བྱེད་པ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་མཚན་ཉིད་གསུངས་ཏེ། སོ་སོར་བརྟགས་པ་དང་བྲལ་བ་
ཁོ་ནར་རྐྱེན་མ་ཚང་བས་མི་སྐྱེ་བ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཞེས་བྱའོ། །རྐྱེན་མ་ཚང་བ་ཞེས་བྱ་བ་འདི་ཅི་ཞེ་ན། རྐྱེན་རྣམས་མ་ཚོགས་པ་དང་ཉེ་བར་མ་གྱུར་པ་ཞེས་གང་བཤད་པ་ཡིན་ནོ། །གང་མེད་པ་ནི་དངོས་པོ་སྐྱེ་བའི་གེགས་ནུས་པ་མ་ཡིན་པས་དེའི་རྐྱེན་མ་ཚང་བ་ཙམ་
Vol. 209 · folio 294a
སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་མ་ཡིན་ནོ། །རྐྱེན་མ་ཚང་བ་ལས་ཆོས་ཁ་ཅིག་དམིགས་ཏེ་གང་ནུས་པ་ལས་སྐྱེ་བའི་ཆོས་ཅན་ཡང་མི་སྐྱེ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་རྐྱེན་མ་ཚང་བ་ཙམ་ལས་མི་སྐྱེ་བར་ཁས་ལེན་པར་བྱེད་ན། ཡང་དེའི་རིགས་
ཅན་གྱི་རྐྱེན་དང་ཉེ་བ་ལས་ཆོས་དེ་སྐྱེ་བར་ཐལ་བར་འགྱུར་རོ། །སོ་སོར་བརྟགས་པའི་འགོག་པ་རྐྱེན་མ་ཚང་བ་མ་ཡིན་ནོ། །འོ་ན་རྐྱེན་མ་ཚང་བ་ལས་དངོས་པོ་རྣམས་མི་སྐྱེ་བ་ཅི་ཞེ་ན། གང་གི་ཕྱིར་རྐྱེན་ལ་ནི་སྐྱེ་བ་དེ་མེད་པའི་ཕྱིར་དེ་ཉིད་ཁོ་ན་མ་ཡིན་ཏེ། ཆོས་གཞན་གྱི་དངོས་
པོ་མི་སྐྱེ་བ་བྱ་བ་མ་མཐོང་བ་དེའི་ཕྱིར་སྐྱེ་བའི་གེགས་ཀྱི་ཕྱིར་རྒྱུ་མེད་པའི་ཆོས་གཞན་ཀུན་ཏུ་རྟོགས་པས་བརྟགས་ནས་ཆོས་གཞན་སྐྱེད་པའི་གེགས་ནུས་པས་རྟག་ཏུ་སྐྱེ་བ་ལ་གེགས་སུ་ཐལ་བར་འགྱུར་རོ། །འོ་ན་ཅི་དེའི་ཐོབ་པ་ལ་རྐྱེན་མ་ཚང་བ་ཞེས་བྱ་བ་ཅི་ཡང་ཡོད་པ་མ་ཡིན་ན་གང་
དེའི་ཐོབ་པ་རྟག་པ་ཉིད་དུ་རྟོག་པར་མི་བྱེད་ཅེ་ན། གང་གི་ཕྱིར་རྐྱེན་མ་ཚང་བ་ཁོ་ན་མ་ཡིན་ཏེ་དེའི་ཐོབ་པའི་རྒྱུ་འདོད་དོ། །གང་ལ་རྐྱེན་མ་ཚང་བ་རྣམས་ཁོ་ན་ལ་སེམས་གནས་པ་སོ་སོར་ཐོབ་པས་དེ་ཉིད་དེའི་རྒྱུའོ། །དེ་ལྟ་ན་འོ་ན་རྐྱེན་མ་ཚང་བ་ཉིད་ལས་དངོས་པོ་རྣམས་མི་སྐྱེ་བར་འགྱུར་རོ། །
བཅོམ་ལྡན་འདས་ཀྱིས་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའི་ཐོབ་པ་ཡོངས་སུ་བརྟགས་པས་གསུངས་པ་ཡང་ཅི་ཞེ་ན། འདི་ལ་ཡོད་པ་མ་ཡིན་པ་འདིར་མི་འགྱུར་ཞེས་བྱ་སྟེ། རྒྱུ་ལ་ཡོད་པ་མ་ཡིན་པ་འབྲས་བུར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡང་སོ་སོར་བརྟགས་པ་མ་
ཡིན་པའི་འགོག་པ་ལས་མ་བྱུང་བའི་དངོས་པོ་རྣམས་ཉིད་བརྗོད་པར་བྱ་ན། འདི་ལ་ཡོད་པའམ་ཐོབ་པ་འདིར་མི་འགྱུར་ཞེས་སོ། །གང་བཤད་པ། སླར་ཡང་དེའི་རིགས་ཅན་གྱི་རྐྱེན་ཉེ་བ་ལས་ཆོས་དེ་སྐྱེ་བར་ཐལ་བར་འགྱུར་རོ། །དེ་ཡང་མི་རིགས་ཏེ་དེའི་རིགས་ཅན་ཁོ་ནའི་འབྲས་བུར་
འགྱུར་གྱི། གང་གི་རྐྱེན་མ་ཚང་བ་དེ་ཉིད་ཀྱིས་ནི་མ་ཡིན་ཏེ་དེ་ནི་དེའི་རྐྱེན་གྱི་རིགས་ཅན་ཡིན་ནོ། །རྐྱེན་རྣམས་ཀྱིས་རྐྱེན་གཞན་དང་གཞན་སྐྱེད་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། རྐྱེན་རྣམས་ནི་སླར་ཡང་འབྲས་བུ་དང་བཅས་པ་ཡོད་པ་གང་ལས་སླར་ཡང་སྐྱེ་བ་དེའི་རྐྱེན་དུ་འགྱུར་བ་དེའི་
Vol. 209 · folio 294b
ཕྱིར་རྐྱེན་མ་ཚང་བ་ལས་མ་འོངས་པ་ན་གཏན་མི་སྐྱེ་བ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཞེས་གནས་སོ། །གང་ཡང་གཞན་ལས་མང་དུ་བཤད་པ་དེ་ཡང་རྣམ་པར་བཤད་པ་འདིས་བཀག་པར་བལྟ་སྟེ་དངོས་སུ་དགག་པ་མ་བྱས་སོ། །ཆོས་མངོན་པ་ལས་ཀྱང་ཞེས་བྱ་བ་རྒྱས་པར་
འབྱུང་ངོ་། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འདིའི་དོན་ནི་འདི་མ་ཡིན་ནོ་ཞེས་བྱ་བ་ནི། དངོས་པོ་མེད་པ་ནི་ལུས་མེད་པ་དང་རང་གི་ངོ་བོ་མེད་པ་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན་དངོས་པོའི་སྒྲའི་དོན་དུ་མ་བརྗོད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་འདི་དོན་མ་ཡིན་པའི་ཕྱིར་རོ། །འོ་ན་གང་ཡིན་
ཞེ་ན་དངོས་པོ་ནི་རྣམ་པ་ལྔའོ། །རང་བཞིན་གྱི་དངོས་པོ་ནི་ཞེས་བྱ་བ་ནི་རང་བཞིན་ཉིད་དངོས་པོའོ། །དངོས་པོ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་དམིགས་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །དམིགས་པ་ཉིད་དངོས་པོ་ཡིན་པ་ནི་དམིགས་པའི་དངོས་པོའོ། །ལྡན་པའི་དངོས་པོ་ཞེས་བྱ་བ་ལ།
ལྡན་པའི་དངོས་པོ་ནི་ལྡན་པའི་དངོས་པོའོ། །རྒྱུའི་དངོས་པོ་ནི་ཞེས་བྱ་བ་ནི་རྒྱུ་ཉིད་དངོས་པོ་ཡིན་པ་ནི་རྒྱུའི་དངོས་པོའོ། །ཡོངས་སུ་གཟུང་བའི་དངོས་པོ་ཞེས་བྱ་བ་ལ། ཡོངས་སུ་གཟུང་བའམ་ཡོངས་སུ་འཛིན་པའི་དངོས་པོ་ནི་ཡོངས་སུ་གཟུང་བའི་དངོས་པོ་སྟེ། ཡོངས་སུ་འཛིན་པ་ནི་
འདིར་བདག་གིར་བྱེད་པའོ། །དེའི་ཕྱིར་འདིར་རྒྱུ་དངོས་པོའི་སྒྲར་གསུངས་ཀྱི་རང་གི་ངོ་བོ་ནི་མ་ཡིན་ནོ་ཞེས་སྟོན་ཏེ། གང་གི་ཕྱིར་ཆོས་མངོན་པ་ལས་འདུས་མ་བྱས་རྣམས་རྒྱུ་མེད་པ་ཉིད་དུ་གྲུབ་ཀྱི་རང་གི་ངོ་བོ་མེད་པ་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །ཡང་འབྲས་བུ་འདི་དག་ལས་ཞེས་བྱ་བ་རྒྱས་
པར་འབྱུང་བ་ལ། འཆད་པར་འགྱུར་བའི་མཚན་ཉིད་ཅན་རྣམ་པར་སྨིན་པ་དང་། བདག་པོ་དང་། རྒྱུ་མཐུན་པ་དང་། སྐྱེས་བུ་བྱེད་པ་དང་། བྲལ་བའི་འབྲས་བུ་ཞེས་བྱ་བ་ལྔ་པོ་གང་དག་ཡིན་པ་དེ་དག་ལས་འབྲས་བུ་གང་ཞིག་རྒྱུ་དྲུག་པོ་དེ་ལས་རྒྱུ་གང་གི་ཞེ་ན། དེ་ལ་རེ་ཞིག་བྲལ་
བའི་འབྲས་བུ་ནི་རྒྱུ་གང་གི་ཡང་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །རྣམ་སྨིན་འབྲས་བུ་ཐ་མའི་ཡིན། །ཞེས་བྱ་བ་ལ་རྣམ་པར་སྨིན་པ་ལས་རྣམ་པར་སྨིན་པའི་རྒྱུ་མཐུན་པ་སྟེ། རྣམ་པར་སྨིན་པ་ལས་རྣམ་པར་སྨིན་པ་ནི་མ་ཡིན་ཏེ། དགེ་བ་དང་མི་དགེ་བ་ཉིད་རྣམ་པར་སྨིན་པ་དང་
Vol. 209 · folio 295a
བཅས་པས་སོ། །འདིར་རྣམ་པར་སྨིན་པའི་འབྲས་བུ་ནི་རྣམ་པར་སྨིན་པའི་རྒྱུ་ཁོ་ནའི་ཡིན་ནོ་ཞེས་ངེས་པར་གཟུང་གི །རྣམ་པར་སྨིན་པ་ནི་འབྲས་བུ་ཁོ་ན་ཞེས་བྱ་བར་ནི་མ་ཡིན་ཏེ་བདག་པོའི་འབྲས་བུ་མ་བཀག་པའི་ཕྱིར་རོ། །བདག་པོའི་འབྲས་བུ་དང་པོའི་ཡིན་ཞེས་
བྱ་བ་ལ། འདི་བདག་པོའི་ཡིན་པ་ནི་བདག་པོའིའོ། །འདིར་ངེས་པར་གཟུང་བ་གཉིས་ཀ་ཡང་ངེས་པར་གཟུང་བར་བྱ་སྟེ། འདི་ལྟར་བྱེད་རྒྱུའི་རྒྱུ་འགའ་ཞིག་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ཡང་ཡོད་ལ། གཞན་དག་ལ་ཡང་བདག་པོའི་འབྲས་བུ་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་
བདག་པོའི་འབྲས་བུ་དང་པོའི་ཡིན་ཞེས་བྱ་བའི་ངག་འབྲས་བུ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། སྐྱེས་བུ་བྱེད་པའི་འབྲས་བུ་ནི་བདག་པོའི་འབྲས་བུ་ལྟར་ཐམས་ཅད་ཀྱི་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་དོན་དུ་ཡིན་པའི་ཕྱིར་འབྲས་བུ་མེད་པ་མ་ཡིན་ན། །དེ་ཉིད་དབང་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་
མི་སྒྲིབ་པའི་ངོ་བོར་གནས་པ་གང་ཡིན་པ་ཁོ་ནའོ། །བྱེད་རྒྱུའི་རྒྱུ་ལས་སྐྱེས་པའི་དངོས་པོ་ཡང་ཡོད་དེ་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའི་དངོས་པོ་ཡང་ངོ་། །འདིས་ནི་འདུས་མ་བྱས་མ་གཏོགས་པ་བྱེད་རྒྱུ་བྱེད་པ་པོ་དང་བཏང་སྙོམས་པ་དང་རྣམ་པ་གཉིས་ཀ་ལ་ཡང་བདག་པོའི་འབྲས་བུ་ཡོད་དོ་
ཞེས་བྱ་བར་ཤེས་པར་བྱ་བར་འགྱུར་ཏེ། དེ་སྐད་དུ། སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་འཆད་དོ། །འདི་ལྟ་སྟེ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལ་ཞེས་བྱ་བ་ལ། མིག་ལ་སོགས་པའི་སྐྱེ་མཆེད་བཅུ་ནི་མིག་ལ་སོགས་
པའི་རྣམ་པར་ཤེས་པ་རྣམས་ཀྱི་བྱེད་རྒྱུའི་རྒྱུ་ལས་གཞན་མ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་དང་བཅས་པའི་རྒྱུ་སྲིད་དོ། །ཡིད་དང་ཆོས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ཀྱང་ཡིན་ཏེ་དེ་གཟུང་བ་ནི་མ་ཡིན་ནོ། །སྣོད་ཀྱི་འཇིག་
རྟེན་ལ་ཞེས་བྱ་བ་ལ། སྣོད་ཀྱི་འཇིག་རྟེན་ནི་ལུང་དུ་མ་བསྟན་པ་དང་། འདོད་དགུར་མི་འཇུག་པ་དང་། དགེ་བ་དང་མི་དགེ་བའི་ལས་ཀྱིས་སྐྱེད་པ་ཡིན་ཡང་རྣམ་པར་སྨིན་པའི་འབྲས་བུ་མ་ཡིན་ཏེ། རྣམ་པར་སྨིན་པ་ནི་ཐུན་མོང་མ་ཡིན་པའི་ཕྱིར་ལ། །སེམས་ཅན་བརྗོད་ཅེས་
Vol. 209 · folio 295b
མཚན་ཉིད་བྱས་པའི་ཕྱིར་རོ། །དེ་ལས་གཞན་པའི་རྒྱུ་མི་སྲིད་པ་ལས་ནི་བྱེད་རྒྱུའི་རྒྱུ་ཁོ་ན་ཡིན་ནོ། །དེ་ལྟ་བུ་ལ་སོགས་པ་སྦྱར་བར་བྱ་སྟེ། དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་ཡིད་དུ་འོང་བ་དང་མི་དགེ་བ་རྣམས་ནི་བཟློག་པའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །སྐལ་མཉམ་ཀུན་
ཏུ་འགྲོ་བ་ཡི། །ཞེས་བྱ་བ་ལ་རྒྱུ་མཐུན་པའི་འབྲས་བུ་ནི་རྒྱུ་དང་འདྲ་བ་ཡིན་ཏེ། དེའི་ཕྱིར་རྒྱུ་མཐུན་པའི་འབྲས་བུ་ནི་སྐལ་བ་མཉམ་པ་དང་ཀུན་འགྲོ་བདག་ཁོ་ནའི་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་གི་རྒྱུ་མཐུན་པ་ཁོ་ན་ནི་མ་ཡིན་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་ཡང་དེ་དག་གི་ཡིན་
པའི་ཕྱིར་རོ། །སྐྱེས་བུ་པ་ནི་གཉིས་ཀྱི་ཡིན། །ཞེས་བྱ་བ་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ཁོ་ན་གཉིས་ཀྱི་ཡིན་ཏེ། འདི་ལྟར་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ནི་ལྷན་ཅིག་འབྱུང་བའི་འབྲས་བུ་ཁོ་ན་ལ་བྱེད་པ་དང་ལྡན་པའི་ཕྱིར་རོ། །བདག་པོའི་འབྲས་བུ་ཡང་དེ་དག་གི་
དེར་འགྱུར་མོད་ཀྱི། དེ་ནི་བྱེད་པ་པོའི་མ་ཡིན་པའི་ཡང་འདིར་བརྗོད་པར་མི་འདོད་དོ། །ཚིག་ལེའུར་བྱས་པས་སྦྱར་བའི་ཕྱིར་སྐྱེས་བུ་པ་ཞེས་བྱ་བའི་སྒྲ་བྱེ་བྲག་ཏུ་བཤད་པའི་ཕྱིར་སྐྱེས་བུའི་ངོ་བོ་ལས་མི་གཞན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྐྱེས་བུའི་བྱེད་པ་ནི་བྱ་བ་དང་ལས་དང་
བྱ་རྒྱུ་དང་གཡོ་བ་ཞེས་བྱ་བ་ལས་དོན་གཞན་མ་ཡིན་ལ། བྱ་བ་ཡང་བྱ་བ་དང་ལྡན་པ་དག་ལས་གཞན་མ་ཡིན་པས་སྐྱེས་བུ་ཉིད་སྐྱེས་བུའི་བྱེད་པ་ཡིན་པར་བཤད་ཅིང་། དེའི་འབྲས་བུ་ནི་སྐྱེས་བུ་པར་བཤད་དོ། །ནང་གི་བྱེད་པའི་སྐྱེས་བུ་མེད་པས་སྐྱེས་བུ་བྱེད་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན།
ཆོས་གང་གི་བྱེད་པ་གང་ཡིན་པ་དེ་ནི་དེའི་སྐྱེས་བུ་བྱེད་པའོ། །གལ་ཏེ་དེ་ལྟ་ན་ཆོས་ཀྱི་བྱེད་པ་ཞེས་བརྗོད་པར་བྱའི་སྐྱེས་བུ་བྱེད་པ་ཞེས་ཇི་ལྟར་བརྗོད་ཅེ་ན། འཇིག་རྟེན་ན་གྲགས་པའི་སྐྱེས་བུའི་བྱེད་པ་ལ་སྐྱེས་བུ་བྱེད་པ་ཞེས་གྲགས་པས་དེའི་ཕྱིར་འདིར་ཡང་སྐྱེས་བུའི་བྱེད་པ་ནི་སྐྱེས་བུའི་བྱེད་པ་
དང་འདྲ་བས་སྐྱེས་བུའི་བྱེད་པའོ། །ཕྱི་རོལ་ཏུ་ཡོངས་སུ་བརྟགས་པའི་སྐྱེས་བུ་དཔེར་བྱས་ནས་སྐྱེས་བུ་བྱེད་པ་ཞེས་བྱ་སྟེ། དཔེར་ན་བྱ་རོག་གི་རྐང་པ་དང་འདྲ་བ་ལ་བྱ་རོག་རྐང་དང་། གླང་པོ་ཆེ་མྱོས་པ་དང་འདྲ་བ་ལ་གླང་པོ་ཆེ་མྱོས་པ་ཞེས་བྱ་བ་ལྟ་བུའོ། །སློབ་དཔོན་འདུས་བཟང་ན་རེ།
Vol. 209 · folio 296a
སྐྱེས་བུའི་བྱེད་པ་ནི་ནུས་པ་པའི་ཆོས་ཏེ། བྱེད་པ་གང་ཡིན་པའི་སྐྱེས་བུའི་བྱེད་པར་སེམས་སོ་ཞེས་ཟེར་རོ། །དེས་ནི་སྐྱེས་བུ་བྱེད་པ་ནི་འབྲས་བུ་འཕེན་པའོ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་བར་མ་ཆད་དུ་སྐྱེ་བ་དང་དུས་གཞན་དུ་སྐྱེ་བ་ལ་ཡང་སྐྱེས་བུ་བྱེད་པ་རུང་ལ།
ལྷན་ཅིག་སྐྱེ་བ་ལ་ནི་མ་ཡིན་ནོ། །ལྷན་ཅིག་སྐྱེ་བ་ལ་ཐམས་ཅད་གཅིག་པའི་སྐྱེས་བུ་བྱེད་པའི་འབྲས་བུ་ཡོད་པ་མ་ཡིན་ཏེ། རང་བཞིན་གྱི་འབྲས་བུས་རང་བཞིན་མི་སྐྱེད་པའི་ཕྱིར་དང་མ་སྤངས་པ་རྣམས་འབྲས་བུ་འཕེན་ན་འབྲས་བུ་དུ་མར་ཐལ་བའི་ཕྱིར་རོ། །ནུས་པའི་ཆོས་ནི་རྒྱུའི་དངོས་པོའོ། །
རྒྱུའི་དངོས་པོའི་གནས་སྐབས་ཁོ་ནས་འབྲས་བུ་འཕེན་ནོ་ཞེས་བྱ་བ་འདིས་ཁྱད་པར་མཚོན་པར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་གཉི་ག་ལ་ཡང་ཐལ་བར་འགྱུར་བ་མཚུངས་སོ། །ཅི་གཞན་དག་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྐལ་བ་མཉམ་པ་དང་། ཀུན་འགྲོ་བ་དང་། རྣམ་པར་
སྨིན་པ་དང་། བྱེད་རྒྱུའི་རྣམས་ལ་ཡང་ཡོད་དམ། འོན་ཏེ་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་གཉིས་ཁོ་ནའི་ཡིན་ཞེ་ན། གཞན་དག་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་དག་ལ་ཡང་སྟེ། སྐལ་བ་མཉམ་པ་དང་། ཀུན་ཏུ་འགྲོ་བའི་
རྒྱུ་དག་ལ་ཡང་དེ་མ་ཐག་ཏུ་འབྱུང་བའི་སྐྱེས་བུ་བྱེད་པའི་འབྲས་བུ་ཡོད་ཀྱི་རྒྱུ་མཐུན་པའི་འབྲས་བུ་ནི་མ་ཡིན་ནོ། །ཅིའི་ཕྱིར་སྐྱེས་བུ་བྱེད་པའི་འབྲས་བུ་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ཁོ་ནའི་ཡིན་པར་བརྗོད་ཅེ་ན། ལྷན་ཅིག་དང་དེ་མ་ཐག་ཏུ་འབྱུང་བ་དེ་ནི་དེ་གཉིས་ཁོ་ནའི་
ཡིན་གྱི་སྔ་མ་དག་གི་ནི་མ་ཡིན་ཏེ། འབྲས་བུ་གང་ཡིན་པ་རྒྱུ་དང་འདྲ་བ་དག་ཏུ་རྣམ་པར་གཞག་གོ། །རྒྱུ་མཐུན་པ་དང་སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་དག་གིས་ནི་འདྲ་བ་དང་། ལྷན་ཅིག་སྐྱེས་པ་ནི་ཅིག་ཤོས་སྐྱེས་བུ་བྱེད་པའི་འབྲས་བུ་དག་གི་ཡིན་པས་དེ་ལྟར་བཤད་དོ། །སྐལ་
བ་མཉམ་པའི་རྒྱུ་ཐམས་ཅད་ལ་ཡང་དེ་མ་ཐག་ཏུ་འབྱུང་བའི་སྐྱེས་བུ་བྱེད་པའི་འབྲས་བུ་ཡོད་པ་མ་ཡིན་ཏེ། དགྲ་བཅོམ་པའི་འཆི་ཀ་མ་མི་འཐད་པའི་ཕྱིར་རོ། །ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ལ་ནི་གདོན་མི་ཟའོ། །བྱེད་རྒྱུའི་རྒྱུ་ཡང་ཁ་ཅིག་ལ་སྐྱེས་བུ་བྱེད་པའི་
Vol. 209 · folio 296b
འབྲས་བུ་ཡོད་ཀྱི་ཐམས་ཅད་ལ་ནི་མ་ཡིན་ནོ། །རྣམ་པར་སྨིན་པའི་རྒྱུ་མ་གཏོགས་པ་ཞེས་བྱ་བ་འབྱུང་ངོ་། །ཅིའི་ཕྱིར་ཞེ་ན། སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལྷན་ཅིག་འབྱུང་བའམ་དེ་མ་ཐག་ཏུ་འབྱུང་བ་ཡིན་ན། རྣམ་པར་སྨིན་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ནི་རྒྱུད་ལ་བལྟོས་པ་ཁོ་ན་
ཡིན་གྱི། དེ་མ་ཐག་པའམ་དུས་གཅིག་པ་མ་ཡིན་ནོ། །གཞན་དག་ན་རེ། དེ་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་ལྟར་ཞིང་ལ་སོགས་པའི་བྱ་བ་མཚུངས་ཤིང་འབྱོར་པར་མཚུངས་པ་ལ་ཁ་ཅིག་ལ་འབྲུ་ལ་སོགས་པ་འབྱོར་པར་གྱུར་ལ་ཁ་ཅིག་གིས་ནི་མ་ཡིན་པ་ལྟ་བུའོ། །གང་
ཞིག་རྣམ་པར་སྨིན་པའི་རྒྱུ་ལས་སྐྱེས་བུ་བྱེད་པའི་འབྲས་བུ་མི་འདོད་པ་དེ་དག་གི་ལྟར་ན་དེ་སྔོན་གྱི་ལས་ཀྱི་འཕེན་པ་ལས་མ་ཡིན་ཞེས་དཔེར་བརྗོད་དོ། །དེའི་ཕྱིར་ལྷན་ཅིག་འབྱུང་བ་དང་དེ་མ་ཐག་ཏུ་འབྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི། སྐྱེས་བུ་བྱེད་པའི་འབྲས་བུའི་སྐལ་བ་ཡང་ཡོད་པ་ཡིན་
ནོ། །དེ་ལ་དཔེར་བརྗོད་པ་འདི་ལ་རྣམ་པར་དཔྱད་པ་མེད་དོ། །སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་རྣམས་ཀྱིས་དེ་མ་ཐག་ཏུ་སྐྱེ་བ་སྐྱེས་བུ་བྱེད་པའི་འབྲས་བུར་གསུངས་སོ། །དེ་ཉིད་གཅིག་པུ་སྐྱེས་བུ་བྱེད་པའི་འབྲས་བུ་མ་ཡིན་གྱི་རྒྱུ་མཐུན་པའི་འབྲས་བུ་དང་བདག་པོའི་འབྲས་བུར་ཡང་རུང་
ངོ་། །ཇི་ལྟར་དེ་རྒྱུ་མཐུན་པའི་འབྲས་བུ་མེད་པ་དེ་ལྟར་སྐྱེས་བུ་བྱེད་པའི་འབྲས་བུའམ་བདག་པོའི་འབྲས་བུ་སྟེ། དེ་བཞིན་དུ་ཅིག་ཤོས་ལ་ཡང་བརྗོད་པར་བྱའོ། །རྒྱུ་དང་འདྲ་བའི་ཕྱིར་རྒྱུ་མཐུན་པའི་འབྲས་བུ་དང་དེའི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་སྐྱེས་བུ་བྱེད་པའི་འབྲས་བུ་དང་དེ་བསྐྱེད་པ་ལ་གེགས་མེད་
པའི་ངོ་བོར་གནས་པས་བདག་པོའི་འབྲས་བུ་ཞེས་བྱ་སྟེ་འཆོལ་བ་མེད་དོ། །རྒྱུ་དང་འབྲས་བུའི་ངེས་པ་བཤད་ཟིན་ཏོ།། །།ད་ནི་འབྲས་བུ་རྣམས་ཀྱི་མཚན་ཉིད་བརྗོད་པར་བྱ་བ་ཡིན་པས། དེའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་ཞེས་བྱ་བ་འདི་ཅི་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་སྨིན་ལུང་དུ་མ་བསྟན་
ཆོས། །ཞེས་བྱ་བ་ལ། རྣམ་པར་སྨིན་པ་ནི་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ཞིང་། སེམས་ཅན་དུ་བརྗོད་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་གི །རྣམ་པར་སྨིན་པ་ཁོ་ན་སེམས་ཅན་དུ་བརྗོད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྒྱུ་མཐུན་པ་ལས་བྱུང་བ་དང་། རྒྱས་པ་ལས་བྱུང་བ་བསལ་བར་བྱ་བའི་ཕྱིར་ལུང་
Vol. 209 · folio 297a
བསྟན་ཕྱིས་འབྱུང་ཞེས་བྱ་བ་སྨོས་ཏེ། ལུང་བསྟན་པའི་ཕྱི་ནས་འབྱུང་བས་ན་ལུང་བསྟན་ཕྱིས་འབྱུང་བའོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྨོས་པ་ནི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་བསལ་བར་བྱ་བའི་ཕྱིར་རོ། །ལྟ་བ་དེ་གཉིས་ནི་སེམས་
ཅན་དུ་སྟོན་པ་དང་། ལུང་བསྟན་ཕྱིས་འབྱུང་མ་ཡིན་མོད་ཀྱི། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་མ་ཡིན་ལ་རྣམ་པར་སྨིན་པ་མ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་དབང་པོའི་འབྱུང་བ་ཆེན་པོ་རྒྱས་པ་བསམ་གཏན་གྱི་ཁྱད་པར་ལ་སྙོམས་པར་ཞུགས་པའི་རྒྱུ་ཅན་ཡང་ལུང་དུ་བསྟན་པའི་ཕྱིས་འབྱུང་བ་ཡིན་
པའི་ཕྱིར་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཕྱིར་དང་། སེམས་ཅན་དུ་བརྗོད་པའི་ཕྱིར་རྣམ་པར་སྨིན་པར་འགྱུར་ལ། དེ་ལྟ་ན་རྒྱས་པ་ལས་བྱུང་བ་དང་། རྣམ་པར་སྨིན་པའི་རྣམ་པར་གཞག་པ་འདྲེས་པར་འགྱུར་རོ་ཞེ་ན་འདྲེས་པ་མེད་དེ། རྣམ་པར་སྨིན་པའི་རྒྱུ་དང་འབྲས་བུ་
དག་ནི་ས་ཐ་དད་པ་ཉིད་དམ་དུས་གཅིག་པ་མ་ཡིན་ན། དབང་པོའི་འབྱུང་བ་ཆེན་པོ་རྒྱས་པ་དང་། བསམ་གཏན་གྱི་ཁྱད་པར་ལ་སྙོམས་པར་ཞུགས་པ་དག་ནི་དུས་གཅིག་པ་དང་ས་ཐ་དད་པ་ཉིད་ཡིན་པས་དབང་པོའི་འབྱུང་བ་ཆེན་པོ་རྒྱས་པ་ལས་རྣམ་པར་སྨིན་པ་ཉིད་དུ་ཐལ་བར་འགྱུར་བ་མེད་
མོད། དེ་ཉིད་ཀྱི་ཕྱིར་གང་ཞིག་དེ་ལས་དུས་ཕྱི་མ་ལས་འབྱུང་ཞིང་ཞེས་བྱ་བ་སྨོས་ཏེ། དེ་དང་ལྷན་ཅིག་ཏུ་ནི་མ་ཡིན་ནོ། །དེ་ལྟ་ན་འོ་ན་སྤྲུལ་པའི་སེམས་ལ་ཡང་ཐལ་བར་འགྱུར་ཏེ། དེ་ཡང་སྙོམས་པར་འཇུག་པའི་སེམས་དགེ་བ་ལས་འབྱུང་ཞིང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་
པ་དང་སེམས་ཅན་དུ་བརྗོད་པ་ཡང་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་མ་ཐག་ཏུ་མ་ཡིན་པ་ཞེས་བྱ་བ་སྨོས་སོ། །དེ་མ་ཐག་པ་ནི་མཚུངས་པ་དེ་མ་ཐག་པའི་སྟོབས་ཀྱིས་དྲངས་པའི་ཕྱིར་ལ། སྤྲུལ་པའི་སེམས་ཀྱང་སྙོམས་པར་འཇུག་པའི་སེམས་ཀྱིས་དེ་མ་ཐག་ཏུ་འབྱུང་ན། རྣམ་པར་སྨིན་པ་ནི་དེ་
ལྟ་བུ་ཡང་མ་ཡིན་ནོ། །ཅིའི་ཕྱིར་སེམས་ཅན་དུ་སྟོན་པ་མ་ཡིན་པའི་དོན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལས་ལས་སྐྱེས་པ་ཉིད་དུ་མཚུངས་བཞིན་དུ་སེམས་ཅན་དུ་སྟོན་པ་ཁོ་ན་རྣམ་པར་སྨིན་པ་ཡིན་ལ། སེམས་ཅན་དུ་སྟོན་པ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཡོད་ཅེ་ན། དེའི་ཕྱིར་ཐུན་མོང་
Vol. 209 · folio 297b
བ་མ་ཡིན་པའི་ཕྱིར་ཏེ་ཞེས་བྱ་ལ་སོགས་པ་སྨོས་སོ། །རྣམ་པར་སྨིན་པ་ནི་ཐུན་མོང་མ་ཡིན་པ་སྟེ་ཞེས་བྱ་བ་འབྱུང་སྟེ། རྒྱུད་གང་ལ་རྣམ་པར་སྨིན་པའི་རྒྱུ་ཡོད་པ་དེ་ཁོ་ན་ལས་འབྱུང་བའི་ཕྱིར་དེ་དང་འདྲ་བར་གཞན་གྱིས་མྱོང་བ་མེད་པའི་ཕྱིར་རོ། །གཞན་གྱིས་བྱས་པའི་ལས་ཀྱི་རྣམ་
པར་སྨིན་པ་གཞན་གྱིས་མྱོང་བ་ནི་མ་ཡིན་ཏེ། དེ་ལྟ་ན་ནི་མ་བྱས་པ་དང་ཕྲད་པ་དང་བྱས་པ་ཆུད་ཟོས་པར་འགྱུར་རོ། །བདག་པོའི་འབྲས་བུ་སེམས་ཅན་དུ་སྟོན་པ་མ་ཡིན་པ་ཅིའི་ཕྱིར་མྱོང་ཞེ་ན་ཐུན་མོང་གི་ལས་ལས་བྱུང་བའི་ཕྱིར་ཏེ། དེ་མྱངས་ན་མ་བྱས་པ་དང་ཕྲད་པ་དང་བྱས་པ་ཆུད་ཟོས་པ་མེད་
དོ། །རྒྱུ་མཐུན་རྒྱུ་དང་འདྲ་བའོ། །ཞེས་བྱ་བ་ལ། རེ་ཞིག་སྐལ་བ་མཉམ་པའི་རྒྱུའི་འབྲས་བུ་རྒྱུ་དང་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པར་འདྲ་བ་ནི་རིས་དང་རང་གི་ས་འདྲ་བ་བལྟོས་པ་ཡིན་པ་གཟུང་ལ། རང་གི་ས་པའི་ཉོན་མོངས་པ་དང་སྐལ་བ་མཉམ་པ་ཡང་ངོ་། །ལྷན་ཅིག་སྐྱེས་པ་
ཡང་སྐྱེས་བུ་བྱེད་པའི་འབྲས་བུ་དང་རྒྱུ་ལས་མ་ཡིན་ནམ་ཞེ་ན། གང་གི་ཕྱིར་འདྲ་བར་ཡོད་པ་སྐྱེས་བུ་བྱེད་པའི་འབྲས་བུ་སྟེ། རྒྱུ་གང་ཡིན་པ་དང་མི་འདྲ་བ་ནི་ཅུང་ཟད་ཀྱང་མེད་དོ། །རྒྱུ་མཐུན་པའི་འབྲས་བུ་ཡང་དེ་བཞིན་ཏེ། འདི་ལ་སྐྱོན་མེད་པས་མི་འདྲ་བ་ཡོད་པ་མ་ཡིན་ཡང་རྒྱུ་མཐུན་པ་ནི་རང་གི་
རིས་ཀྱི་ཉོན་མོངས་པ་ཅན་འཇུག་པ་མཚུངས་པས་འདི་ལ་མི་འདྲ་བ་སྐྱེས་བུ་བྱེད་པའི་འབྲས་བུར་བརྗོད་དོ་ཞེས་གཞན་དག་ཟེར་རོ། །རང་གི་རྫས་འདྲ་བ་ཡང་མེད་དེ་ལྷན་ཅིག་སྐྱེས་པ་སྐྱེས་བུ་བྱེད་པའི་འབྲས་བུའོ། །དེ་ལ་ཚོར་བ་ལས་ཚོར་བ་ཉིད་འབྲས་བུར་རུང་བ་ཡིན་ཏེ། རང་གི་རྫས་འདྲ་བ་
ཡང་རྒྱུ་མཐུན་པའི་འབྲས་བུ་ཞེས་དེ་ཉིད་རྒྱུ་དང་འདྲ་བར་བརྗོད་དོ། །འདི་ལྟར་དེ་ནི་ས་དང་ཉོན་མོངས་པ་ཅན་ལས་འབྲས་བུ་དང་འདྲ་བ་ཡིན་ཏེ། འདོད་པ་ན་སྤྱོད་པའི་ཀུན་ཏུ་འགྲོ་བའི་རྒྱུའི་འབྲས་བུ་ནི་འདོད་པ་ན་སྤྱོད་པའི་རྒྱུའི་ཉོན་མོངས་པ་ཅན་ཁོ་ན་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་བཞིན་དུ་རྣམ་
པ་ལས་ཀྱང་ནི་མ་ཡིན་ཏེ། རྣམ་པ་ལྔ་ཆར་ཡང་རྒྱུ་ཡིན་པའི་ཕྱིར་རོ། །སྐལ་བ་མཉམ་པའི་རྒྱུ་ནི་རྣམ་པ་ལས་ཀྱང་འབྲས་བུ་དང་འདྲ་བ་ཡིན་ནོ། །དེ་ལ་ཀུན་ཏུ་འགྲོ་བའི་རྒྱུ་གང་ཞིག་ས་དང་ཉོན་མོངས་པ་ཅན་ལས་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། རྣམ་པ་ལས་ཀྱང་འབྲས་བུ་དང་འདྲ་བ་དེ་ནི་སྐལ་བ་མཉམ་
Vol. 209 · folio 298a
པའི་རྒྱུ་ཡིན་པར་ཁས་ལེན་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་གང་ཞིག་གང་གི་སྐལ་བ་མཉམ་པའི་རྒྱུ་ཡིན་པ་དེ་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཀུན་ཏུ་འགྲོ་བ་མ་ཡིན་པ་ནི་སྐལ་བ་མཉམ་པའི་རྒྱུ་ཁོ་ནའོ། །རིས་གཞན་པའི་ཀུན་ཏུ་འགྲོ་བ་ནི་ཀུན་ཏུ་འགྲོ་བ་ཁོ་ནའོ། །གཉིས་ཀ་ཡིན་
པ་ནི་རང་གི་རིས་པའི་ཀུན་ཏུ་འགྲོ་བ་ཁོ་ནའོ། །དེ་ལྟར་ན་མུ་གསུམ་པ་ལ་བསམས་ནས། གང་ཞིག་རྣམ་པ་ལས་ཀྱང་འདྲ་བ་དེ་ནི་སྐལ་བ་མཉམ་པའི་རྒྱུ་ཡིན་པར་ཁས་ལེན་པ་ཉིད་དོ་ཞེས་བཤད་དོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་མུ་གསུམ་དུ་བཤད་པའི་ཆོས་རྣམས་མ་
གཏོགས་སོ་ཞེས་བྱ་བའི་དོན་ཏེ། །གང་གི་ཚེ་དགེ་བ་ལ་སོགས་པ་རྣམས་ཀྱང་མཇུག་ཐོགས་སུ་མཚན་ཉིད་མི་འདྲ་བ་སྐྱེ་བ་ནི་སྔ་མ་དེའི་སྐལ་བ་མཉམ་པའི་རྒྱུའམ་ཀུན་ཏུ་འགྲོ་བའི་རྒྱུ་མ་ཡིན་ནོ། །བྲལ་བ་བློ་ཡིས་ཟད་པའོ། །ཐོབ་པའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །འགོག་པ་སྨོས་པ་ནི་མ་ཐོབ་པ་
ཙམ་བྲལ་བ་ཉིད་ཡིན་པ་དགག་པར་བྱ་བའི་དོན་ཏོ། །དེས་ན་ཞེས་བྱ་བ་ནི་གཏན་ཚིགས་བརྗོད་པ་སྟེ། གང་གི་ཕྱིར་འགོག་པ་ཤེས་རབ་ཀྱིས་ཐོབ་པར་བྱ་བ་ཡིན་པ་དེའི་ཕྱིར་བྲལ་བའི་འབྲས་བུ་སོ་སོར་བརྟགས་པས་འགོག་པ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །གང་གི་སྟོབས་ཀྱིས་གང་སྐྱེ་བའི་འབྲས་
བུ་སྐྱེས་བུ་བྱེད་ལས་སྐྱེས་ཞེས་བྱ་བ་ལ་རྒྱུ་གང་གི་སྟོབས་ཀྱིས་འབྲས་བུ་གང་ཞིག་སྐྱེ་བ་དེ་ནི་དེའི་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ནོ། །དཔེར་ན་ས་འོག་མའི་ཞེས་བྱ་བ་ལ་སོགས་པ་ལ། འདིར་རྒྱུ་དང་འབྲས་བུ་དག་ས་ཐ་དད་པའི་ཕྱིར་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཡིན་པའི་ཕྱིར་དང་། དགེ་
བ་དང་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ཏེ། སྐྱེས་བུ་བྱེད་པའི་འབྲས་བུ་ཁོ་ན་ཡིན་གྱི་རྒྱུ་མཐུན་པའི་འབྲས་བུ་ནི་མ་ཡིན་ཏེ། དེའི་རྒྱུ་དང་འདྲ་བ་དང་རང་གི་ས་པ་ཡིན་པར་འདོད་དོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་གཞན་ཡང་བསྡུ་སྟེ། དཔེར་ན་འདོད་པ་ན་སྤྱོད་པའི་འཆི་བའི་སེམས་དགེ་བ་དང་ལུང་དུ་མ་
བསྟན་པ་ལས་གཟུགས་ན་སྤྱོད་པའི་སྲིད་པ་བར་མ་དོའི་སྐད་ཅིག་མ་དང་པོ་ལྟ་བུའོ། །སྐྱེས་བུ་བྱེད་པས་ཐོབ་པའི་འབྲས་བུ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ལ། སོ་སོར་བརྟགས་པའི་འགོག་པ་ཡང་སོ་སོར་བརྟགས་པའི་སྟོབས་ཀྱིས་ཐོབ་པས་དེ་ཡང་སྐྱེས་བུ་བྱེད་པའི་འབྲས་བུ་ཁོ་ནའོ་ཞེས་
Vol. 209 · folio 298b
བསྟན་པའི་ཕྱིར། སོ་སོར་བརྟགས་པས་འགོག་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གཞན་དག་སྐྱེས་བུ་བྱེད་པའི་འབྲས་བུ་རྣམ་པ་བཞིར་སེམས་པར་བྱེད་དེ། ལྷན་ཅིག་པ་དང་བར་མ་ཆད་པ་དང་། དུས་གཞན་དུ་སྐྱེས་པ་དང་མ་སྐྱེས་པ་རྣམས་སོ། །དེ་ལ་ལྷན་ཅིག་སྐྱེས་པ་ནི་གང་དག་ལ་
ཅིག་ཅར་ཕན་ཚུན་གྱི་སྟོབས་ཀྱིས་སྐྱེས་པ་ལྟ་བུའོ། །བར་མ་ཆད་སྐྱེས་པ་ནི་དཔེར་ན་འཇིག་རྟེན་ཆོས་མཆོག་པ་རྣམས་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལྟ་བུའོ། །དུས་གཞན་དུ་སྐྱེས་པ་ནི། དཔེར་ན་ཞིང་པ་རྣམས་ཀྱི་ཞིང་ལས་ལྟ་བུའོ། །མ་སྐྱེས་པ་ནི་མྱ་ངན་ལས་འདས་པ་སྟེ།
བར་ཆད་མེད་པའི་ལམ་དེའི་སྟོབས་ཀྱིས་དེའི་ཐོབ་པ་སྐྱེས་པ་ལྟ་བུའོ། །ཇི་ལྟར་ན་འདིར་གཟུང་བ་ཡིན། དེ་ནི་སྐྱེ་བ་མ་ཡིན་ནོ་ཞེ་ན། ངའི་ནོར་སྐྱེས་སོ་ཞེས་ཐོབ་པ་ལ་ཡང་སྐྱེས་པའི་སྒྲ་བརྗོད་པ་མཐོང་སྟེ། བདག་གིས་ནོར་ཐོབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་བར་ཆད་མེད་པའི་ལམ་གང་
དག་གིས་ཉོན་མོངས་པ་སྤོང་བར་བྱེད་པ་དེ་དག་གིས་ནི་སྤངས་པ་དེ་བྲལ་བའི་འབྲས་བུ་ཡིན་ལ། སྐྱེས་བུ་བྱེད་པའི་འབྲས་བུ་ཡང་ཡིན་ནོ། །གང་དག་གིས་སྔར་སྤངས་པ་རྣམས་ཀྱི་བྲལ་བའི་འབྲས་བུ་འབའ་ཞིག་ཐོབ་པ་དེ་དག་གིས་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཁོ་ན་ཡིན་ཏེ། དཔེར་ན་ངེས་པ་
ལ་འཇུག་པ་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་ཕྲ་རྒྱས་བཅུ་པོ་དག་སྤངས་པ། འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་བྲལ་བའི་འབྲས་བུ་དང་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ལ། འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བའི་སྐྱེས་བུ་བྱེད་པའི་འབྲས་བུ་ཁོ་ན་ཡིན་པ་བཞིན་ནོ། །དེ་བཞིན་དུ་
སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ལ་ནི་གདོན་མི་ཟ་བར་གཉིས་ཀ་ཡིན་པ་ནས་ཇི་སྲིད་ལམ་ལ་རྗེས་སུ་ཤེས་པའི་བར་ཏེ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་བཅུ་བཞི་པོ་དག་སྤངས་པ་རྣམས་ལ་ནི་བྲལ་བ་དང་སྐྱེས་བུ་བྱེད་པའི་འབྲས་བུའོ། །མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་ནི་
ཁྱད་པར་དུ་སྐྱེས་བུ་བྱེད་པའི་འབྲས་བུ་ཁོ་ན་སྟེ། དེའི་སྟོབས་ཀྱིས་ཐོབ་པ་གཞན་ཐོབ་པའི་ཕྱིར་རོ། །དེ་བཞིན་དུ་བསྒོམ་པའི་ལམ་ལ་ཡང་ཇི་ལྟར་རིགས་པར་བརྗོད་པར་བྱའོ། །སྔོན་བྱུང་བ་མ་ཡིན་པའི་འདུས་བྱས་ཁོ་ན་འདུས་བྱས་ཁོ་ནའི་བདག་པོའི་འབྲས་བུ་ཡིན་གྱི་འདུས་མ་བྱས་མ་ཡིན་ཞིང་འདུས་མ་
Vol. 209 · folio 299a
བྱས་ཀྱི་ནི་མ་ཡིན་ནོ་ཞེས་ངེས་པར་གཟུང་སྟེ་བདག་པོའི་འབྲས་བུ་ཁོ་ན་ནི་མ་ཡིན་ནོ། །སྔོན་བྱུང་བ་མ་ཡིན་པ་ཞེས་བྱ་བ་ནི་སྔོན་བྱུང་བ་ལས་གཞན་སྔོན་མ་བྱུང་བའོ། །དེ་ནི་ལྷན་ཅིག་བྱུང་བ་དང་ཕྱིས་བྱུང་བ་སྟེ། རྒྱུ་བས་སྔར་སྐྱེས་པའི་འབྲས་བུ་ནི་ཅུང་ཟད་ཀྱང་མེད་དོ། །ཅིའི་ཕྱིར་ཞེ་ན་འབྲས་བུ་སྐྱེས་པའི་
མ་འོངས་པ་མེད་དོ། །བྱ་བ་བྱས་ཟིན་པས་མི་སྐྱེ་བར་ཡང་འགྱུར་རོ། །མ་སྐྱེས་པར་ཡང་འཇིག་པ་མེད་པས་སྐྱེ་འཇིག་དང་བྲལ་བའི་ཕྱིར་འདུ་བྱེད་མི་རྟག་པར་ཐལ་བར་འགྱུར་རོ། །གལ་ཏེ་མི་སྐྱེ་བའི་ཆོས་ཅན་བཞིན་ནོ་ཞེ་ན་མ་ཡིན་ཏེ་དེའི་རིགས་ཅན་གྱི་སྐྱེ་བ་དང་འཇིག་པ་མཐོང་བས་དེ་ནི་མི་རྟག་པ་ཉིད་དུ་
རྟོགས་ཏེ་ཐམས་ཅད་ལས་ཆེས་སྔ་བར་འདས་པའི་བྱེད་རྒྱུ་ལས་འདས་པ་དང་ད་ལྟར་བ་དང་མ་འོངས་པའི་ཆོས་ཀྱི་བདག་པོའི་འབྲས་བུ་དང་ད་ལྟར་བའི་མ་འོངས་པ་དང་མ་འོངས་པའི་མ་འོངས་པ་ཁོ་ནའོ། །ཡང་ན་ཐམས་ཅད་ལས་ཞེས་བྱ་བ་བསྐྱེད་པ་ལ་གེགས་མེད་པའི་ངོ་བོས་གནས་པའོ། །
སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན་ཞེས་བྱ་བ་ནི། དེ་ཉིད་དེའི་སྐྱེས་བུ་བྱེད་པའི་འབྲས་བུ་དང་བདག་པོའི་འབྲས་བུ་རྣམ་པར་གཞག་པའི་ཕྱིར་འདྲི་བའོ། །བྱེད་པ་པོ་དང་ཟ་བ་པོའི་དངོས་པོ་ལས་དཔེར་ན་ཞིང་པ་རྣམས་ཀྱི་ལོ་ཏོག་ལ་སོགས་པ་སྐྱེས་བུ་བྱེད་པའི་
འབྲས་བུ་ཡིན་པ་ལྟ་བུའོ། །དེའི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་བདག་པོའི་འབྲས་བུ་ཡང་ཡིན་ཏེ། དེ་ཉེ་བར་ལོངས་སྤྱད་པའི་ཟ་བ་པོའི་ངོ་བོ་ཡིན་པའི་ཕྱིར་རོ། །སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་སོ། །གང་དག་ཉེ་བར་ལོངས་སྤྱོད་པ་ཙམ་ཡིན་པ་
དེ་དག་གི་ནི་བདག་པོའི་འབྲས་བུ་ཁོ་ན་ཡིན་ནོ། །དེ་བཞིན་དུ་བཟོ་ལ་སོགས་པ་ལ་ཡང་བཟོ་བོ་རྣམས་དང་གཞན་དག་ལ་ཡང་སྦྱར་རོ། །ལྔ་པོ་ད་ལྟར་འབྲས་བུ་འཛིན་ཞེས་བྱ་བ་ལ། ད་ལྟ་ཁོ་ན་ངེས་པར་གཟུང་གི་ལྔ་པོ་ཁོ་ན་ཞེས་བྱ་བ་ནི་མ་ཡིན་ཏེ། བྱེད་རྒྱུའི་རྒྱུ་ཡང་དེ་དང་འདྲ་མོད་ཀྱི་ཞེས་འབྱུང་བའི་ཕྱིར་
རོ། །འབྲས་བུ་འཛིན་པ་ཞེས་བྱ་བ་ནི་འབྲས་བུ་འཕེན་པ་སྟེ། མ་འོངས་པ་ན་བསྐྱེད་པའི་ཕྱིར་རིས་མཐུན་པའི་རྫས་ཀྱི་ས་བོན་གྱི་དངོས་པོར་ཉེ་བར་འགྲོ་བས་རིས་ཐ་དད་པ་འབྲས་བུ་གཅིག་པ་དང་སྐལ་བ་མཉམ་པ་འབྲས་བུ་དུ་མ་དང་ཁ་ཅིག་སྐལ་བ་མཉམ་པ་མ་ཡིན་པ་དག་ཀྱང་ངོ་། །རང་གི་རྒྱུད་ཀྱི་སྤྱིའི་
Vol. 209 · folio 299b
ནི་དེ་ཉིད་ད་ལྟར་བྱུང་བ་ཉིད་ད་ལྟར་བྱུང་བ་ཉིད་དོ། །འདི་ནི་འདུས་བྱས་རྣམས་ཁོ་ནའི་བྱེད་པའོ། །བྱེད་རྒྱུའི་རྒྱུ་ཡང་དེ་དང་འདྲ་མོད་ཀྱི་ཞེས་བྱ་བ་ནི་ད་ལྟར་བ་ཁོ་ན་འབྲས་བུ་འཛིན་ཞེས་བྱ་བ་སྨོས་ཏེ་འདུས་མ་བྱས་ལ་འབྲས་བུ་མེད་པའི་ཕྱིར་རོ། །གཉིས་ནི་རབ་ཏུ་འབྱིན་པར་བྱེད་ཅེས་བྱ་བ་ལ། ད་
ལྟར་བ་དག་ཁོ་ན་ཞེས་བྱ་བར་ངེས་པར་གཟུང་བར་བྱ་སྟེ་གཉིས་ཁོ་ན་ཞེས་ནི་མ་ཡིན་ནོ། །དུས་མཉམ་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ལ་རྒྱུའི་དངོས་པོའི་དུས་ཁོ་ནར་འབྲས་བུ་ཕྱུང་བའི་ཕྱིར་རོ། །ད་ལྟར་གྱི་དང་འདས་པ་ཞེས་བྱ་བ་ལ། སྐབས་སུ་བབ་པའི་ཕྱིར་འབྲས་བུ་འབྱིན་པར་བྱེད་དོ་ཞེས་བྱ་བར་སྦྱར་
རོ། །ད་ལྟར་བ་དག་རྒྱུ་མཐུན་པའི་འབྲས་བུ་འབྱིན་པ་མི་སྲིད་དོ་སྙམ་དུ་སྟེ། རེ་ཞིག་གང་འདས་པ་དག་ནི་ཞེས་དྲི་བ་རྒྱས་པར་འབྱུང་ངོ་། །མཇུག་ཐོགས་སུ་བསྒྲུབ་པའི་ཕྱིར་ཞེས་བྱ་བ་འབྱུང་སྟེ། དེ་ལ་འབྲས་བུ་གང་ཞིག་སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་དག་གི་ཡིན་པར་ངེས་ཤིང་དེ་དག་གི་
མཇུག་ཐོགས་སུ་སྐྱེ་བ་དེ་ནི་དེ་དག་གིས་འཛིན་པ་དང་འབྱིན་པ་ཡིན་ལ། རྒྱུ་དག་འགགས་ན་ནི་གཟུང་བ་དང་ཕྱུང་ཟིན་པ་ཡིན་ན། དེ་ཉིད་ཀྱི་ཚེ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན་ཕྱིས་ཀྱང་ཕྱུང་བ་ཡིན་ནོ། །མི་འབྱིན་ཞེས་བྱ་བའི་དོན་ཏོ། །འོན་ཏེ་འགགས་པ་དག་ལས་རྒྱུ་མཐུན་པའི་འབྲས་བུ་སྐྱེ་ན་ནི། དེ་ལྟ་ན་
འདས་པ་དག་གིས་འབྲས་བུ་ཕྱུང་བ་ཡིན་ནོ། །བྱེད་རྒྱུའི་རྒྱུ་ཡང་ཞེས་བརྗོད་པར་བྱ་སྟེ། ཅུང་ཟད་ཅིག་ནི་བྱེད་རྒྱུ་ད་ལྟར་བྱུང་བའི་ཡང་བདག་པོའི་འབྲས་བུ་ཡིན་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ལྟ་བུའོ། །ཅུང་ཟད་ཅིག་ནི་དེ་མ་ཐག་ཏུ་ཡིན་ཏེ། དཔེར་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་
རྣམས་ཀྱི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལྟ་བུའོ། །ཅུང་ཟད་ཅིག་ནི་དུས་གཞན་གྱི་ཚེ་ཡིན་ཏེ། དཔེར་ན་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་ཀྱི་བྱང་ཆུབ་གསུམ་ལྟ་བུའོ་ཞེ་ན། འདི་མ་སྨོས་པའི་རྒྱུ་སྔར་བཤད་ཟིན་ཏོ། །དགེ་བའི་སྐལ་བ་མཉམ་པའི་རྒྱུ་ཞེས་འབྱུང་སྟེ། མི་
ལྡན་པ་ལ་མངོན་པར་འདོད་པ་ཡིན་ནོ། །དམིགས་པ་དང་བཅས་པའི་ངེས་པས་མཚུངས་པར་ལྡན་པ་སྨོས་པའི་ཕྱིར། ཐམས་ཅད་ཀྱི་ཐ་མར་འདོར་བའི་ཞེས་བྱ་བ་ལ། དགེ་བའི་རྩ་བ་ཆུང་ངུའི་ཆུང་ངུ་རྣམས་ཀྱིས་ཐོབ་པ་ཐམས་ཅད་ཀྱི་ཐ་མར་འདོར་བ་དག་སྟེ་གཞན་དག་ནི་སྔར་དོར་ཟིན་པའི་
Vol. 209 · folio 300a
ཕྱིར་རོ། །དེ་དག་ནི་འབྲས་བུ་འཛིན་པ་ཁོ་ན་ཡིན་གྱི་འབྱིན་པ་ནི་མ་ཡིན་ཏེ། དགེ་བའི་རྩ་བ་ཀུན་ཏུ་ཆད་པའི་གནས་སྐབས་ན་དགེ་བ་མི་སྐྱེ་བའི་ཕྱིར་རོ། །གཉིས་པ་ནི་དགེ་བའི་རྩ་བ་དག་གིས་ཉིང་མཚམས་སྦྱོར་བས་ཞེས་བྱ་བ་ལ། འབྱིན་པ་འབའ་ཞིག་ཡིན་གྱི་འཛིན་པ་ནི་
མ་ཡིན་ཏེ་སྔར་བཟུང་ཟིན་པའི་ཕྱིར་རོ། །འདི་སྐད་དུ་དེ་དག་ཉིད་ཅེས་བྱ་བ་ལ། ཐམས་ཅད་ཀྱི་དང་པོར་རྙེད་པ་ད་ལྟར་བྱུང་བ་དེ་ནི་ངེས་པར་འཛིན་ཀྱང་ས་དོ་ཥ་ཏྭཱཙྪི་ཀྵ་ཡ་ཏི། དེ་ཉིད་ཉིང་མཚམས་སྦྱར་བའི་སྔ་རོལ་ཏུ་བཟུང་ཟིན་པའི་ཕྱིར་འཛིན་པ་མ་ཡིན་ནོ། །ཆོས་རགས་པས་ད་ལྟར་བྱུང་བའི་
འབྲས་བུ་ལྔ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་མ་འཁྲུགས་པའི་དོན་དུ་སློབ་པར་བྱེད་དོ་ཞེས་གཞན་དག་ཟེར་རོ། །འདི་སྐད་བཤད་པར་འགྱུར་ཏེ། སྔ་ན་མེད་པ་རྙེད་ན་འབྲས་བུ་འཛིན་པ་དང་། འབྱིན་པ་སྲིད་པའི་ཕྱིར་དེ་དག་ཉིད་ཅེས་བརྗོད་པར་བྱའོ། །གནས་སྐབས་ལྷག་མ་རྣམས་སུའོ་ཞེས་བྱ་
བ་བཤད་མ་ཐག་པའི་གནས་སྐབས་གཉིས་པོ་མ་གཏོགས་པ། དགེ་བའི་རྩ་བ་ཀུན་ཏུ་མ་ཆད་པའི་གནས་སྐབས་ལྷག་མ་རྣམས་བཟུང་སྟེ། བདག་ཅག་ལ་སོགས་པ་ལྟ་བུའི་ཐོབ་པ་དག་ནི་འབྲས་བུ་འཛིན་པ་དང་འབྱིན་པ་ཡིན་ནོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ལ། དགེ་བའི་རྩ་
བ་ཀུན་ཏུ་ཆད་པའི་གནས་སྐབས་ནི་སྔར་བཟུང་ཟིན་པའི་ཕྱིར་འཛིན་པ་མ་ཡིན་ལ། དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བ་མེད་པའི་ཕྱིར་འབྱིན་པ་ཡང་མ་ཡིན་ནོ། །མི་དགེ་བ་ཞེས་བྱ་བ་ལ། མི་དགེ་བ་རྣམས་ཀྱི་ཐ་མར་འདོར་བ་སྟེ། ཐོབ་པ་དེ་དག་ནི་རྒྱུ་མཐུན་པའི་འབྲས་བུ་འཛིན་པ་ཁོ་ན་ཡིན་གྱི། འབྱིན་པ་ནི་མ་ཡིན་
ཏེ། རྒྱུ་མཐུན་པའི་འབྲས་བུ་དེ་མ་ཐག་པ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱི་དང་པོར་ཐོབ་པའི་མི་དགེ་བའི་སྐལ་བ་མཉམ་པའི་རྒྱུ་དེ་ནི་འབྲས་བུ་འབྱིན་པ་ཡིན་གྱི་འཛིན་པ་ནི་མ་ཡིན་ཏེ། སྔར་བཟུང་ཟིན་པའི་ཕྱིར་རོ། །འདི་སྐད་དུ་དེ་དག་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། མི་དགེ་བའི་སྐལ་བ་
མཉམ་པའི་རྒྱུ་འདི་ནི་འབྱིན་པ་ཡིན་གྱི་འཛིན་པ་ནི་མ་ཡིན་ཏེ། འདོད་ཆགས་དང་བྲལ་བའི་དུས་སུ་གཟུང་བའི་ཕྱིར་རོ། །ཐོབ་པ་གང་དག་སྔོན་མེད་པ་དང་པོར་རྙེད་པ་དེ་དག་ནི་འབྲས་བུ་འཛིན་པ་དང་འབྱིན་པ་ཡང་མ་ཡིན་ནོ། །འདི་ལ་ཡང་སློབ་དཔོན་འདུས་བཟང་གི་རྣམ་པར་བཤད་པ་ནི་སྒྲོ་བཏགས་པ་ཡིན་
Vol. 209 · folio 300b
པས་དེ་དགག་པ་ལ་འབད་པ་མི་བྱའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ལ། འདོད་པ་ལས་འདོད་ཆགས་དང་བྲལ་བའི་གནས་སྐབས་ནི་སྔར་བཟུང་ཟིན་པའི་ཕྱིར་མི་འཛིན་ལ། འདོད་པའི་འདོད་ཆགས་དང་བྲལ་བའི་ལས་ཉམས་པའི་ཕྱིར་འབྱིན་པ་ཡང་མ་ཡིན་ནོ། །བསྒྲིབས་
ལ་ལུང་དུ་མ་བསྟན་པའི་ཡང་དེ་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དྲི་བ་ལ་མུ་བཞི་དགྲ་བཅོམ་པ་ཉིད་ཐོབ་པ་དང་། ཡོངས་སུ་ཉམས་པ་ལས་ཅི་རིགས་སུ་སྦྱར་བར་བྱའོ། །བསྒྲིབས་ལ་ལུང་དུ་མ་བསྟན་པའི་སྐལ་བ་མཉམ་པའི་རྒྱུ་ཡོད་པས་འཛིན་པ་ཡིན་ལ་མི་འབྱིན་ཞེས་བྱ་བ་སྟེ། མུ་བཞི་པ་
རྒྱས་པར་བརྗོད་དེ། མུ་དང་པོ་ནི་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བ་ཐོབ་པ་ལྡན་པས་ཐམས་ཅད་ཀྱི་ཐ་མར་འདོར་བའི་ཐོབ་པ་གང་དག་ཡིན་པའོ། །གཉིས་པ་ནི་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པས་ཐམས་ཅད་ཀྱི་དང་པོར་ཐོབ་པ་གང་ཡིན་པའོ། །གསུམ་པ་
ནི་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བའི་གནས་སྐབས་ལྷག་མ་རྣམས་སུའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པ་སྟེ། སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བ་ལས་མ་ཉམས་པའི་ཞེས་བྱ་བའི་ཐ་ཚིག་གོ། །བསྒྲིབས་ལ་ལུང་དུ་མ་བསྟན་པ་སྨོས་པ་ནི་བསྒོམ་པས་སྤང་བར་བྱ་
བའི་ཉོན་མོངས་པ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་དང་སྦྱར་བར་བྱའོ། །རེ་ཞིག་འབྱིན་པ་གང་ཡིན་པ་དེ་ནི་འཛིན་པ་ཡང་ཡིན་ནོ་ཞེས་བྱ་བ་ལ། སྐལ་བ་མཉམ་པའི་རྒྱུ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུ་ཡོད་པའི་ཕྱིར་རོ། །འཛིན་ལ་མི་
འབྱིན་པ་ཡང་ཡོད་དེ། དགྲ་བཅོམ་པའི་ཕུང་པོ་ཐ་མ་རྣམས་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། དེའི་ཚེ་ནི་ཕུང་པོ་ཐམས་ཅད་ལས་ངེས་པར་འབྱུང་བའི་ཕྱིར་རྒྱུ་མཐུན་པའི་འབྲས་བུ་མེད་པས་འཛིན་པ་ཁོ་ན་ཡིན་གྱི་འབྱིན་པ་ནི་མ་ཡིན་ནོ། །དམིགས་པ་དང་བཅས་པའི་ངེས་པས་ནི་སྐད་ཅིག་རེ་རེ་སྟེ་ཞེས་
བྱ་བ་ལ། སྔར་ནི་དམིགས་པ་མེད་པ་ཐོབ་པ་རྣམས་དང་། རྒྱུན་ལ་སྐལ་བ་མཉམ་པའི་རྒྱུ་ཉིད་དུ་བཤད་ལ། དེ་ནི་དམིགས་པ་དང་བཅས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་དང་སྐད་ཅིག་རེ་རེ་ལ་སྐལ་བ་མཉམ་པའི་རྒྱུ་ཉིད་དུ་བརྗོད་དོ། །དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་ཞེས་བྱ་བ་ལ།
Vol. 209 · folio 301a
དགེ་བའི་སེམས་སྐྱེས་པས་དགེ་བའི་སེམས་རྒྱུ་མཐུན་པའི་འབྲས་བུ་ཉིད་དུ་གཟུང་བ་གང་ཡིན་པ་དེའི་མཇུག་ཐོགས་སུ་མི་སྐྱེ་བས་འབྲས་བུ་འཛིན་པ་ཁོ་ན་ཡིན་གྱི་འབྱིན་པ་ནི་མ་ཡིན་ནོ། །གཉིས་པ་ནི་བཟློག་པའོ་ཞེས་བྱ་བ་ལ་གང་གི་ཚེ་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་
པའི་མཇུག་ཐོགས་སུ་དགེ་བའི་སེམས་མངོན་དུ་བྱེད་པ་དེའི་ཚེ་སྔར་འགགས་པའི་དགེ་བའི་སེམས་དེ་འབྱིན་པ་ཁོ་ན་ཡིན་གྱི་འཛིན་པ་ནི་མ་ཡིན་ཏེ། སྔར་བཟུང་ཟིན་པའི་ཕྱིར་རོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ལ། གང་གི་ཚེ་ཉོན་མོངས་པ་ཅན་ནམ་མི་དགེ་བའི་མཇུག་
ཐོགས་སུ་ཉོན་མོངས་པ་ཅན་ནམ་ལུང་དུ་མ་བསྟན་པ་མངོན་དུ་བྱེད་པ་དེའི་ཚེ་དགེ་བའི་སེམས་ཀྱིས་དེས་སྔར་བཟུང་བའི་ཕྱིར་འབྲས་བུ་མི་འཛིན་ལ། རིགས་མི་མཐུན་པའི་སེམས་ཀྱིས་བར་དུ་ཆོད་པའི་ཕྱིར་འབྱིན་པ་ཡང་མ་ཡིན་ནོ། །མི་དགེ་བ་ལ་སོགས་པ་ཡང་དེ་བཞིན་དུ་
སྦྱར་བར་བྱའོ་ཞེས་བྱ་བ་ལ། མུ་དང་པོ་ནི་གང་གི་ཚེ་མི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་དགེ་བ་འམ་ལུང་དུ་མ་བསྟན་པའི་མངོན་དུ་བྱེད་པའོ། །གཉིས་པ་ནི་བཟློག་པའོ། །གསུམ་པ་ནི་གང་གི་ཚེ་མི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་མི་དགེ་བ་ཁོ་ན་སྐྱེ་བའོ། །བཞི་པ་ནི་གང་གི་ཚེ་
དགེ་བའམ་ལུང་དུ་མ་བསྟན་པའི་མཇུག་ཐོགས་སུ་དགེ་བ་འམ། ལུང་དུ་མ་བསྟན་པ་མངོན་དུ་བྱེད་པའོ། །བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སྐལ་བ་མཉམ་པའི་རྒྱུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །མ་བསྒྲིབས་པའི་སྐལ་བ་མཉམ་པའི་རྒྱུ་ནི་སྡུག་
བསྔལ་མཐོང་བས་སྤང་བར་བྱ་བའི་མི་དགེ་བ་ཡང་ཡིན་ཏེ། རྒྱུ་མཐུན་པའི་འབྲས་བུ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་འབའ་ཞིག་མ་ཡིན་ནོ། །གཅིག་ནི་འདས་པས་འབྱིན་པར་འགྱུར་ཞེས་བྱ་བ་ལ། གཅིག་ནི་འདས་པ་ཁོ་ནས་ཞེས་བྱ་བ་ཡིན་གྱི། གཅིག་ཁོ་ན་འདས་པ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་
ཕྱིར་རྣམ་པར་སྨིན་པའི་རྒྱུ་ནི་འདས་པ་ཁོ་ནས་འབྲས་བུ་འབྱིན་ཏེ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ལྷན་ཅིག་གམ། དེ་མ་ཐག་ཏུ་རྣམ་པར་སྨིན་པ་ནི་མེད་དོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྨིན་པའི་རྒྱུ་ནི་རྒྱུན་ལ་བལྟོས་པ་ཡིན་ནོ། །འདི་ལ་བརྟེན་པས་ན་རྟེན་ནོ། །རྟེན་གྱི་འབྲས་བུ་ནི་རྟེན་གྱི་
Vol. 209 · folio 301b
འབྲས་བུ་སྟེ། གང་ཞིག་གང་ལ་བརྟེན་པ་དེ་ནི་དེའི་འབྲས་བུ་ཡིན་ནོ། །སྦྱོར་བའི་འབྲས་བུ་ནི་སྦྱོར་བའི་འབྲས་བུ་སྟེ། མི་སྡུག་པའི་དྲན་པ་ཉེ་བར་གཞག་པ་ནས་བརྩམས་ཏེ་མི་སྐྱེ་བ་ཤེས་པའི་བར་ལྟ་བུའོ། །སྦྱོར་བ་གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། མི་སྡུག་པ་སྨོས་པ་ནི་འདིར་དཔེའི་
དོན་དུ་ཡིན་ནོ། །ཚོགས་པའི་འབྲས་བུ་ནི་ཚོགས་པའི་འབྲས་བུའོ། །བསྒོམ་པའི་འབྲས་བུ་ནི་བསྒོམ་པའི་འབྲས་བུའོ། །དེ་ལ་ཁ་ཅིག་ན་རེ་ནི་རྟེན་གྱི་འབྲས་བུ་བདག་པོའི་འབྲས་བུའི་ཁོངས་སུ་འདུའོ་ཞེས་ཟེར་རོ། །གཞན་དག་ན་རེ། ཐམས་ཅད་ཀྱང་སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་
བུ་དག་གི་ཁོངས་སུ་འདུའོ་ཞེས་ཟེར་རོ། །དེ་ལ་ཆོས་གང་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། ཆོས་མང་པོ་དག་རེ་རེ་ནས་རྒྱས་པར་བཤད་པར་མི་ནུས་པས་ཐམས་ཅད་ཕུང་པོ་བཞིར་རྣམ་པར་གཞག་གོ། །དེ་ཉིད་ཀྱི་ཕྱིར་མདོར་བསྡུ་ན་ཆོས་ཀྱི་རྣམ་པ་བཞི་པོ་འདི་དག་ཁོ་ན་ཡིན་ཏེ་ཞེས་སྨོས་སོ། །
ཉོན་མོངས་པ་ཅན་ཞེས་བྱ་བས་ནི་འདོད་ཆགས་ལ་སོགས་པ་མི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་དང་དེ་དག་གི་མཚུངས་པར་ལྡན་པ་དག་གཟུང་ངོ་། །རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་བུའི་བདག་ཉིད་རྣམས་སོ། །ཟག་པ་མེད་པ་དང་པོ་
རྣམས་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་དེ་དང་མཚུངས་པར་ལྡན་པ་རྣམས་སོ། །རྣམ་པར་སྨིན་པ་མ་གཏོགས་པའི་ལུང་དུ་མ་བསྟན་པ་རྣམས་ཞེས་བྱ་བ་ལ། དེ་དག་ནི་སྤྱོད་ལམ་པ་དང་། བཟོའི་གནས་པ་དང་སྤྲུལ་པ་ཐམས་ཅད་དོ། །དགེ་བ་རྣམས་སོ་ཞེས་བྱ་བ་ནི་ཟག་པ་དང་བཅས་
པ་དང་། ཟག་པ་མེད་པ་རྣམས་སོ། །ཇི་སྐད་དུ་བཤད་པ། མ་གཏོགས་པ་ལྷག་མ་རྣམས་ལས་སྐྱེ་བས་ན་ལྷག་མ་ལས་སྐྱེས་སོ། །ཆོས་ཉོན་མོངས་པ་ཅན་རྣམས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པར་སྨིན་པ་ནི་ཆོས་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་ཉོན་མོངས་པ་ཅན་རྣམས་བསྐྱེད་པ་ལས་
རྣམ་པར་སྨིན་པའི་རྒྱུ་མ་གཏོགས་པའོ། །དེ་ལ་སེམས་ལས་བྱུང་བ་ལྷན་ཅིག་སྐྱེས་པ་རྣམས་དང་སེམས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ཡིན་ནོ། །དེ་བཞིན་དུ་སེམས་ལས་བྱུང་བ་དག་ལ་ཡང་སོ་སོར་བརྗོད་པར་བྱའོ། །སྐལ་བ་མཉམ་པའི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words