ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) ཨ་བྷི་དྷརྨྨ་ཀ་ཥོ་བྷཱ་ཥྱ་ཊཱི་ཀཱ་ཏ་ཏྭཱརྠ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 209 · folio 329b
འོག་མེད་ན་དེ་དག་གི་གོ་རིམས་གང་གིས་བྱས་ཤེ་ན། འདོད་ཆགས་དང་བྲལ་བ་དང་། སྙོམས་པར་འཇུག་པས་བྱས་པ་དང་། ཚེ་དང་སྐྱེ་བས་བྱས་པ་ཞིག་སྟེ། དེ་དག་སྐྱེ་བའི་རྒྱུ་ནི་ཇི་ལྟར་འབྲས་བུ་མང་བའི་ཕྱིར་རོ། །ཇི་ལྟར་སེམས་ཅན་གཟུགས་ཅན་རྣམས་ཞེས་བྱ་
བ་རྒྱས་པར་འབྱུང་བས། འདྲི་བའི་བསམ་པ་ནི་འདི་ན་འདོད་པ་དང་གཟུགས་ཀྱི་ཁམས་དག་གི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་བདག་མེད་ན་གཟུགས་ལ་བརྟེན་ཏེ་འཇུག་པར་བརྟག་ན། གཟུགས་མེད་པ་དག་ན་ནི་གཟུགས་མེད་དེ། དེས་ན་དེ་ན་རྟེན་མེད་པའི་
ཕྱིར་སེམས་དང་སེམས་ལས་བྱུང་བ་འཇུག་པར་མི་འགྱུར་རོ་སྙམ་པའོ། །དེའི་ཕྱིར་དེའི་རྟེན་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེར་ནི་རིས་དང་སྲོག་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ་ཞེས་བྱ་བའི་སྒྲ་ནི་ལྡན་པ་མ་ཡིན་པའི་འདུ་བྱེད་གཞན་བསྡུ་བར་བྱ་བའི་ཕྱིར་ཏེ། དེ་དག་
ཀྱང་སོ་སོའི་སྐྱེ་བོ་ཉིད་དང་། ཐོབ་པ་དང་། སྐྱེ་བ་ལ་སོགས་པའོ། །དེ་དག་གི་རྟེན་ཉིད་ནི་སེམས་དང་སེམས་ལས་བྱུང་བའི་འཇུག་པའི་རྒྱུ་མཚན་གྱི་དངོས་པོར་ཉེ་བར་འགྲོ་བ་གང་ཡིན་པ་དེ་ཡིན་ཏེ། གང་ཞིག་ཡོད་པ་དང་མེད་པ་དག་ན་གང་ཞིག་འཇུག་པ་དང་ལྡོག་པ་དེ་ནི་
དེའི་རྟེན་ཞེས་བྱའོ། །གང་ཞིག་འདིའི་མཚན་ཉིད་དེའི་རྣམ་པར་འགྱུར་བའི་རྗེས་སུ་བྱེད་པ་ཡང་དེའི་གནས་དང་རྟེན་ནོ། །གཟུགས་མེད་པ་རྣམས་སུ་ནི་ལྷན་ཅིག་སྐྱེས་པའི་ཕུང་པོ་གསུམ་རྟེན་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་རིས་དང་སྲོག་ཏུ་བརྗོད་ཅེ་
ན། མི་འཆོལ་བའི་དོན་དུའོ་ཟེར་རོ། །ས་མི་འདྲ་བའི་སེམས་མངོན་དུ་གྱུར་པ་ན་ཡང་དེའི་ས་པའི་རིས་དང་སྲོག་ཡོད་པའི་ཕྱིར་དེའི་ས་པ་ཁོ་ན་དང་འབྲེལ་པས་མི་འཆོལ་བར་འགྱུར་རོ། །གཞན་དུ་ན་རང་གི་ས་པའི་སྔོན་གྱི་ལས་ཀྱི་འབྲས་བུ་དང་འབྲེལ་པ་མེད་པའི་ཕྱིར་ས་གང་
གི་ཕུང་པོ་བཞི་ཡིན་པ་དེ་ཁོ་ན་དེའི་སེམས་ཅན་དུ་འགྱུར་ཏེ། འདི་ནི་མི་འདོད་དོ། །སྲོག་གི་དབང་པོ་ནི་རྣམ་པར་སྨིན་པའི་ཕྱོགས་གཅིག་ཡིན་པའི་ཕྱིར་ལྷག་མ་རྣམ་པར་སྨིན་པ་དང་རྗེས་སུ་འབྲེལ་པའི་རྒྱུ་ནི་ཤིང་གི་རྩ་བ་བཞིན་ནོ། །དེ་བཞིན་དུ་སྲོག་སྔོན་མ་རྣམས་ནི་ཡལ་ག་
Vol. 209 · folio 330a
ལ་སོགས་པ་གནས་པ་བཞིན་དུ་བལྟའོ། །གཞན་དག་ན་རེ་རླུང་མེད་པའི་གནས་སུ་མར་མེའི་རྩེ་མོའི་ཚུལ་ལྟར་རྣམ་པར་ཤེས་པའི་འཇུག་པ་གནས་པ་ཉིད་དོ་ཞེས་ཟེར་རོ། །ཆོས་མངོན་པ་པ་ཞེས་སྨོས་པ་ནི་ལྡན་པ་མ་ཡིན་པའི་འདུ་བྱེད་རྫས་སུ་མེད་པའི་ཕྱིར་
འདི་བསྟན་བཅོས་ལས་གསུངས་པ་ཉིད་དོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་སེམས་ཅན་གཟུགས་ཅན་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཡང་ཇི་ལྟར་གཟུགས་ཅན་དག་ན་རིས་དང་སྲོག་ལ་བརྟེན་ནས་འཇུག་པ་མ་ཡིན་པ་ཞེས་བྱ་བ་འདི་ཤེས་པར་བྱ་ཞེ་ན།
ལུས་ཀྱི་དབང་པོ་མེད་ན་དེ་མེད་པའི་ཕྱིར་རོ། །གང་ཞིག་གང་གི་རྟེན་ཡིན་པ་དེ་ནི་ནམ་ཡང་དེའི་རྟེན་མ་ཡིན་པར་རིག་པ་ཡང་མ་ཡིན་ཏེ། དེའི་ཕྱིར་གཟུགས་རྣམས་ཀྱི་ཡང་དེ་གཉིས་ཁོ་ན་ལ་བརྟེན་ནས་འཇུག་པར་ཁས་བླང་བར་བྱ་དགོས་སོ། །སྟོབས་ཆུང་བའི་ཕྱིར་རོ། །ཞེས་
བྱ་བ་ལ་སེམས་ཀྱི་རྒྱུད་ཞེས་ཚིག་ལྷག་མ་དང་སྦྱར་བར་བྱའོ། །དེ་སྟོབས་ཆུང་བ་ཉིད་ནི་སེམས་ཀྱི་རྒྱུད་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བའི་ཕྱིར་ཏེ། སྟོབས་ཆུང་བ་ནི་རྟེན་སྟོབས་དང་ལྡན་པ་ལ་མ་ལྟོས་པར་འབྱུང་བར་མི་ནུས་སོ། །དེའི་ཕྱིར་དེ་ནི་གཟུགས་ལ་བརྟེན་ནས་
འཇུག་གོ །དེས་ན་རིས་དང་སྲོག་ཀྱང་བརྟེན་ནས་འཇུག་སྟེ། དེ་ཉིད་ཀྱང་སྟོབས་ཆུང་བའི་ཕྱིར་རོ། །དེས་ན་ཅིའི་ཕྱིར་སྟོབས་དང་ལྡན་པ་ཉིད་ཡིན་ཞེས་བྱ་བ་ནི་གཟུགས་མེད་པའི་སེམས་ཀྱི་རྒྱུད་དེ། དེའི་ཕྱིར་སྙོམས་པར་འཇུག་པའི་ཁྱད་པར་ལས་སྐྱེས་པའི་ཕྱིར་ཏེ་
ཞེས་བྱ་བ་སྨོས་སོ། །སྙོམས་པར་འཇུག་པ་དེ་སྙོམས་པར་འཇུག་པ་གཞན་ལས་ཁྱད་པར་དུ་འཕགས་པ་བསྟན་པའི་ཕྱིར་སྙོམས་པར་འཇུག་པ་དེ་ནི་གཟུགས་དང་བྲལ་བའི་ཕྱིར་འདུ་ཤེས་ཅན་ཡིན་ནོ་ཞེས་བྱ་བར་སྨོས་ཏེ། གཟུགས་ཀྱི་འདུ་ཤེས་དང་བྲལ་ཞེས་
བྱ་བའི་དོན་ཏོ། །དེའི་ཕྱིར་དེ་ན་གཟུགས་ལ་མི་ལྟོས་པར་རིས་དང་སྲོག་ལ་བརྟེན་ནས་འཇུག་སྟེ། དཔེར་ན་འདོད་ཆགས་དང་བྲལ་བའི་ཕྱིར་གཟུགས་ཀྱི་ཁམས་ན་ཁམ་གྱི་ཟས་མེད་པར་ལུས་གནས་ལ་དེའི་འདོད་ཆགས་མ་བྲལ་བའི་ཕྱིར་འདོད་པའི་ཁམས་ན་ནི་མ་ཡིན་པ་བཞིན་
Vol. 209 · folio 330b
ནོ། །འོ་ན་ནི་སྟོབས་དང་ལྡན་པས་ཏེ་སྙོམས་པར་འཇུག་པའི་ཁྱད་པར་གྱིས་བསྐྱེད་པ་དེ་ཁོ་ནས་རིས་དང་སྲོག་ལ་བལྟོས་པ་མེད་པར་འཇུག་པར་འགྱུར་གྱི་རྟེན་གཞན་གྱིས་ཅི་ཞིག་བྱ། ཇི་ལྟར་གཟུགས་ཅན་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ཇི་ལྟར་གཟུགས་རྣམས་ཀྱི་
རིས་མཐུན་པ་དང་སྲོག་གི་དབང་པོ་གཟུགས་ལ་བརྟེན་ནས་ཡིན་པ་དེ་ལྟར་གཟུགས་ཅན་མ་ཡིན་པ་རྣམས་ཀྱི་དེ་དག་ཅི་ལ་བརྟེན་ནས་ཡིན་དེ་གཉིས་ཉིད་ཕན་ཚུན་དུའོ། །ཞེས་བྱ་བ་ལ། རིས་མཐུན་པ་ནི་སྲོག་གི་དབང་པོ་ལ་བརྟེན་ནས་འཇུག་ལ། སྲོག་གི་དབང་པོ་ཡང་རིས་
མཐུན་པ་ལ་བརྟེན་ནས་སོ། །དེ་གཉིས་ཞེས་བྱ་བ་ནི་རིས་མཐུན་པ་དང་སྲོག་གི་དབང་པོ་གཉིས་སོ། །སྟོབས་ཆུང་བའི་ཕྱིར་རོ་ཞེས་བྱ་བ་ནི་དེ་དག་གི་རྒྱུ་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བའི་ཕྱིར་སྟོབས་ཆུང་བ་ཉིད་དོ། །དེ་ན་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་ནའོ། །
སྙོམས་པར་འཇུག་པའི་ཁྱད་པར་ལས་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་ནི་དེའི་རྒྱུ་གཟུགས་ཀྱི་འདུ་ཤེས་དང་བྲལ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་སེམས་ཀྱི་རྒྱུད་ལ་ཡང་མཚུངས་སོ། །དེ་གང་ཞེ་ན་ཏིང་ངེ་འཛིན་གྱི་ཁྱད་པར་ལས་སྐྱེས་པའི་ཕྱིར་སྟོབས་དང་ལྡན་པ་ཉིད་དེ།
དེའི་ཕྱིར་རྟེན་མེད་པ་ཁོ་ནར་སེམས་ཀྱི་རྒྱུད་འཇུག་པར་འགྱུར་རོ། །དེ་ཡང་ཕན་ཚུན་བརྟེན་ནས་འཇུག་གོ་ཞེས་གཞན་དག་ཟེར་རོ། །ཡང་ན་སྐད་ཅིག་མ་དང་པོ་ལ་བརྟེན་ནས་གཉིས་པ་ལ་འཇུག་པ་ལ་སོགས་པའོ། །སེམས་དང་སེམས་ལས་བྱུང་བ་དག་ལ་ཡང་ཞེས་བྱ་བ་ལ།
གལ་ཏེ་མི་བརྟན་པའམ་འགོག་པ་ལ་བརྟེན་པར་མི་འདོད་ན། འོ་ན་ནི་དེ་དང་རིས་མཐུན་པ་དང་སྲོག་གི་དབང་པོ་གཉིས་ཕན་ཚུན་བརྟེན་ནས་འཇུག་པ་དེ་བཞིན་དུ་སེམས་ལ་བརྟེན་ནས་སེམས་ལས་བྱུང་བ་རྣམས་སམ་སེམས་ལས་བྱུང་བ་རྣམས་ལ་བརྟེན་ནས་སེམས་འཇུག་པ་དེ་
ལས་གཞན་པའི་རྟེན་ཡོངས་སུ་རྟོག་པ་དགོས་པ་མེད་དོ། །གཞན་ཡང་སེམས་ཀྱི་རྒྱུན་གང་གིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སེམས་ཀྱི་རྒྱུན་གྱིས་འཕེན་པའི་རྒྱུ་ནི་ལས་དང་ཉོན་མོངས་པའི་མཚན་ཉིད་དོ། །སྲེད་པ་དང་ཞེས་བྱ་བ་ནི་སྲེད་པ་དང་མི་ལྡན་ཞིང་བྲལ་བའོ། །
Vol. 209 · folio 331a
གང་ཞེ་ན་གཟུགས་ལ་སྟེ། སེམས་ཀྱི་རྒྱུད་དེ་ནི་གཟུགས་ལ་མི་ལྟོས་པར་འཇུག་གོ །རྒྱུ་དེ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཟུགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །གཞན་དག་ན་རེ་གཟུགས་ཅན་རྣམས་ལ་སེམས་དང་སེམས་ལས་
བྱུང་བ་ཕྲ་བ་རྣམས་ལ་བརྟེན་ནས་འཇུག་གི་གཟུགས་ལ་བརྟེན་ནས་འཇུག་པ་མ་ཡིན་པས་གཟུགས་མེད་པ་རྣམས་སུ་ཕྲ་བའི་ཕྱིར་ཕྲ་བ་ཁོ་ན་ལ་རིས་མཐུན་པའི་སྲོག་གི་དབང་པོ་ལ་བརྟེན་ནས་འཇུག་གོ་ཞེས་ཟེར་རོ། །འདི་ཡང་ཕྲ་བ་དང་རགས་པ་ཉིད་དུ་ངེས་པར་གནས་པ་མ་
ཡིན་པའི་ཕྱིར། བསམ་གཏན་དང་པོའི་ས་པ་དེ་དག་ཀྱང་ཕྲ་བས་རིས་དང་སྲོག་ལ་བརྟེན་ནས་འཇུག་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་སྲིད་པའི་རྩེ་མོ་ཁོ་ན་ཕྲ་བས་དེ་དག་ཁོ་ན་རིས་དང་སྲོག་ལ་བརྟེན་ནས་འཇུག་པར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །གཞན་དག་ན་རེ་འཕེན་པའི་
རྒྱུའི་ནུས་པ་སེམས་ཀྱི་རྒྱུད་ལ་རྒྱུ་བ་ལ་དགེ་བ་དང་ཉོན་མོངས་ཅན་མི་བརྟེན་པར་འཇུག་པར་ཐལ་བར་འགྱུར་རོ་ཞེས་ཟེར་རོ། །ཡང་ཇི་ལྟར་གཟུགས་ཅན་རྣམས་ཀྱི་འཕེན་པའི་རྒྱུའི་ནུས་པ་ལས་སེམས་ཀྱི་རྒྱུད་དང་གཟུགས་ལྷན་ཅིག་འབྱུང་བའི་ཕྱིར་གཟུགས་ལ་བརྟེན་ནས་འཇུག་གོ །
དེ་བཞིན་དུ་སེམས་ཅན་གཟུགས་ཅན་རྣམས་འཕེན་པའི་རྒྱུའི་ནུས་པ་ལས་རིས་མཐུན་པ་དང་ལྷན་ཅིག་སྲོག་གི་དབང་པོ་འབྱུང་བ་གཟུགས་དང་སེམས་ཀྱི་རྒྱུད་ལ་མི་ལྟོས་པ་མ་ཡིན་པ་དེའི་ཕྱིར། རིས་མཐུན་པ་དང་སྲོག་ལ་བརྟེན་ནས་འཇུག་པར་འགྱུར་རོ། །ངེས་པར་གཟུགས་
ཅན་རྣམས་བཞིན་དུ་གཟུགས་མེད་པ་རྣམས་ལ་ཡང་སེམས་ཀྱི་རྒྱུད་གནས་པ་ཁས་བླང་བར་བྱའོ། །འདོད་པ་དང་ལྡན་པའི་ཁམས་ནི་འདོད་པའི་ཁམས་སོ་ཞེས་བྱ་བ་ལ། གནས་ཉི་ཤུ་ནི་ཡུལ་གྱི་རྣམ་པ་གཙོ་བོ་ཡིན་པའི་ཕྱིར་འདོད་པའི་སྒྲས་བརྗོད་དོ། །དེ་དང་ལྡན་པ་ནི་དེ་དང་
བྲལ་བ་མ་ཡིན་པ་སྟེ། དེའི་ཁོངས་སུ་འདུ་ཤེས་བྱ་བའི་དོན་ཏོ། །གནས་བཅུ་བདུན་ནི་གཟུགས་གཙོ་བོ་ཡིན་པའི་ཕྱིར་གཟུགས་ཀྱི་སྒྲས་བསྙད་དེ། དེ་དང་ལྡན་པའི་ཁམས་ནི་གཟུགས་ཀྱི་ཁམས་སོ། །རྡོ་རྗེའི་སོར་གདུབ་ལྟ་བུ་སྟེ། རྡོ་རྗེ་དང་ལྡན་པའི་གདུ་བུ་བཞིན་ནོ། །
Vol. 209 · folio 331b
གཟུགས་མེད་པའི་ཁམས་ན་གནས་མེད་པའི་ཕྱིར་གཟུགས་མེད་པའི་ངོ་བོ་ནི་གཟུགས་མེད་པ་ཞེས་སྨོས་ཏེ། དེ་ཡང་ཐོགས་པ་མེད་པ་ཉིད་དོ། །དེ་དང་ལྡན་པས་ན་ཐོགས་པ་མེད་པའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། གཟུགས་དང་གཟུགས་མེད་པའི་ཁམས་དག་ཀྱང་དེ་དང་འདྲ་བར་
རིག་པར་བྱའོ་ཞེས་བྱ་བ་ལ། གཟུགས་ཀྱི་ཁམས་ནི་གང་ཞིག་གཟུགས་རྣམས་འཛིན་པའོ། །གཟུགས་མེད་པའི་ཁམས་ནི་གང་ཞིག་གཟུགས་མེད་པ་རྣམས་འཛིན་པའོ། །འདོད་པ་རྣམས་ཀྱི་ཁམས་ནི་ཞེས་བྱ་བ་སྨོས་སོ། །ཁམ་གྱི་ཟས་དང་འཁྲིག་པ་དང་ལྡན་པའི་ཞེས་
བྱ་བ་ནི་དེའི་རྒྱུ་མཚན་ཅན་དང་། དེའི་ཡུལ་ཅན་ཞེས་བྱ་བའི་དོན་ཏོ། །ཇི་སྐད་བཤད་པའི་འདོད་ཆགས་འདོད་པ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་ཤེས་པར་བྱ་ཞེ་ན། འཇིག་རྟེན་སྣ་ཚོགས་གང་དེ་འདོད་པ་མིན། །ཞེས་རྒྱ་ཆེར་འབྱུང་བའི་ལུང་ལས་སོ། །ཀུན་ཏུ་རྟོག་པས་
བསྐྱེད་པའི་འདོད་ཆགས་ནི་ཀུན་རྟོག་འདོད་ཆགས་ཏེ། དེ་ན་ཚུལ་བཞིན་མ་ཡིན་པའི་རྟོག་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཚིགས་སུ་བཅད་པ་འདི་ལས་ནི་ཀུན་ཏུ་རྟོག་པའི་འདོད་ཆགས་ཁོ་ན་འདོད་པ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །འཕགས་པ་ཤཱ་
རིའི་བུས་ཞེས་བྱ་བ་ནི། ཀུན་ཏུ་འཚོ་བྱེད་ཀྱིས་སྨྲས་པའི་ཁས་བླངས་པ་ལ་ཉེས་པ་བརྗོད་པ་སྟེ། གང་གི་ཕྱིར་འདོད་ཆགས་ཀྱི་ཀུན་ཏུ་རྟོགས་པས་བཅིངས་པའི་དགེ་སློང་ཡིད་ཀྱིས་འདོད་པ་ཉེ་བར་བསྟེན་པ་ཁས་ལན་ནོ། །མངོན་དུ་གྱུར་པ་ཙམ་ཞིག་དེ་དག་གི་ཉེ་བར་
ལོངས་སྤྱོད་པ་ཡིན་པའི་ཕྱིར་རོ། །འདི་ཙམ་གྱིས་ནི་དགེ་སློང་དགེ་སློང་མ་ཡིན་པར་འགྱུར་བ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཕམ་པར་འགྱུར་བའི་ལྟུང་བ་དང་འབྲེལ་བ་ལས་ཡིན་ལ་དེ་ཡང་ལུས་ཁོ་ནའི་སྒོ་ནས་ཡིན་ནོ། །གཟུགས་རྣམས་མཐོང་ནས་ཡིད་དགའོ་ཞེས་
བྱ་བ་ཁོ་ན་དཔེ་ཙམ་ཡིན་གྱི། དེ་བཞིན་དུ་ཇི་སྲིད་རེག་བྱ་རྣམས་རེག་ནས་ཡིད་དགའོ་ཞེས་བྱ་བའི་བར་དུ་རྟོགས་པར་ནི་མི་བྱའོ། །མཐོང་བ་དང་ཐོས་པ་དང་བསྣམས་པ་དང་མྱངས་པ་དང་རེག་པ་རྣམས་ནི་ཡུལ་གྱི་འདོད་པ་རྣམས་ཉེ་བར་ལོངས་སྤྱོད་པ་ཡིན་པས། ཁྱོད་ཀྱི་སྟོན་པ་འདོད་
Vol. 209 · folio 332a
ཆགས་དང་བྲལ་བ་ཡང་གཟུགས་དང་པོར་མཐོང་བ་ཉིད་ན་འདོད་པ་ཉེ་བར་སྤྱད་པར་འགྱུར་རོ། །ཁོ་བོ་ཅག་གི་ལྟར་ན་དགེ་སློང་འདོད་ཆགས་དང་མ་བྲལ་བས་འདོད་ཆགས་མ་སྤངས་པ་ནི་ཡིད་ཀྱི་སྒོ་ནས་ཡིན་ལ་ལུས་དང་ངག་གི་སྒོ་ནས་ནི་མ་ཡིན་ནོ། །གལ་ཏེ་
ཡུལ་རྣམས་ལ་འདོད་ཆགས་ཁོ་ན་ཉེ་བར་ལོངས་སྤྱོད་པ་ཡིན་ན་ཉེ་བར་ལོངས་སྤྱོད་པ་སྔོན་དུ་འགྲོ་བའི་ཕྱིར་འདིའི་སྔ་རོལ་དུ་ཚོར་བ་ནི་ཡུལ་ཉེ་བར་ལོངས་སྤྱོད་པ་སྟེ་འདོད་ཆགས་ཚོར་བ་སྔོན་དུ་འགྲོ་བའོ། །འདོད་པའི་ཁམས་ན་ནི་སྙོམས་པར་འཇུག་པའི་ཚེ་གཟུགས་དང་གཟུགས་
མེད་པའི་དང་། ཟག་པ་མེད་པ་རྣམས་ཀུན་ཏུ་སྦྱོང་ལ། གཞན་གྱི་ཚེ་ནི་ཐོབ་པའོ། །གཟུགས་ཀྱི་ཁམས་ན་ནི་འདོད་པར་གཏོགས་པའི་སྤྲུལ་པའི་སེམས། གཟུགས་མེད་པ་དང་། ཟག་པ་མེད་པའི་ཆོས་རྣམས་ཀུན་ཏུ་སྤྱོད་དོ། །གཟུགས་མེད་པའི་ཁམས་ན་ནི་ཟག་པ་
པ་མེད་པ་ཁོ་ན་ཀུན་ཏུ་སྤྱོད་དོ། །དེའི་ཕྱིར་དྲི་བ་ནི་ཡང་ཅི་གང་དག་ལ་འདོད་པ་དང་གཟུགས་མེད་པའི་འདོད་ཆགས་དག་རྒྱས་པར་འགྱུར་བའོ་ཞེས་བྱ་བ་འབྱུང་སྟེ། ཅི་རིགས་པར་དམིགས་པ་འམ་མཚུངས་པར་ལྡན་པའི་སྒོ་ནས་སོ། །ད་ནི་འདི་རྟ་དང་བྲེས་ལྟ་བུ་ཡིན་ཏེ་ཞེས་བྱ་བ་ལ་འདི་རྟ་བརྟོད་སའི་ཡིན་
པ་ནི་བྲེས་སོ། །གཉིས་ཀ་ཡང་མི་ཤེས་པའི་ཕྱིར་བྲེས་དང་འདྲ་བ་ནི་བྲེས་ལྟ་བུ་སྟེ། དེ་བཞིན་དུ་འདིར་ཡང་འདོད་ཆགས་དག་གིས་ཁམས་རྣམས་བསྒྲུབ་ཅིང་ཁམས་རྣམས་ཀྱིས་ཀྱང་འདོད་ཆགས་དག་ཡིན་པས་འདི་གཉིས་ཀ་ཡང་མི་འགྲུབ་བོ་ཞེ་ན་གནས་བརྟན་དེ་དག་ལ་འདོད་ཆགས་
དང་མ་བྲལ་བའི་འདོད་ཆགས་གང་ཡིན་པ་དེ་ནི་འདོད་པའི་འདོད་ཆགས་ཡིན་ལ། དེ་གང་དུ་རྒྱས་པར་འགྱུར་བའི་ཆོས་དེ་ཡང་འདོད་པ་དང་ལྡན་པ་ཡིན་ནོ། །དེ་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གོང་མའི་གནས་དག་བཅུ་བདུན་ནི་ཞེས་གཟུགས་ཀྱི་ཁམས་སུ་གནས་བརྟན་
པའི་གནས་དེ་དག་ལ་འོག་མའི་འདོད་ཆགས་དང་བྲལ་བའི་འདོད་ཆགས་གང་ཡིན་པ་དེ་ནི་གཟུགས་ཀྱི་འདོད་ཆགས་ཡིན་ལ། དེ་གང་དུ་རྒྱས་པར་འགྱུར་བའི་ཆོས་དེ་ཡང་གཟུགས་དང་ལྡན་པ་ཡིན་ནོ། །དེ་བཞིན་དུ་གཟུགས་མེད་ཁམས་ན་གནས་མེད་དོ། །སྐྱེ་བ་ལས་ནི་དེ་རྣམ་བཞི། །
Vol. 209 · folio 332b
ཞེས་གཟུགས་མེད་པའི་ཁམས་སུ་སྐྱེ་བ་བསྟན་པ་དེ་དག་ལ་འདོད་ཆགས་དང་མ་བྲལ་བའི་འདོད་ཆགས་གང་ཡིན་པ་དེ་ནི་གཟུགས་མེད་པའི་འདོད་ཆགས་ཡིན་ལ། དེ་གང་དུ་རྒྱས་པར་འགྱུར་བ་དེ་ཡང་གཟུགས་མེད་པ་དང་ལྡན་པ་ཡིན་ནོ། །བསམ་གཏན་དང་གཟུགས་མེད་པར་
སྐྱེ་བ་དང་སྙོམས་པར་འཇུག་པ་དག་ལ་འདོད་ཆགས་པ་ནི་གཟུགས་དང་གཟུགས་མེད་པའི་འདོད་ཆགས་སོ། །ཡང་འདི་དག་གི་ཁྱད་པར་ཅི་ཞེ་ན། ཁ་ཅིག་ན་རེ། སྔར་ནི་སྣོད་ཀྱི་འདོད་ཆགས་བཤད་ལ་ད་ནི་རྒྱུ་དང་བཅས་པས་སེམས་ཅན་གྱི་འདོད་ཆགས་ཞེས་ཟེར་རོ། །གཞན་
དག་འདི་ནི་རུང་ངོ་ཞེས་ཟེར་རོ། །དེ་ཉིད་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྣམ་གྲངས་གཞན་གྱིས་བསྟན་པ་ནི། འདོད་པའི་འདོད་ཆགས་བཞིན་ཞེས་སོ། །སྤྲུལ་པའི་སེམས་ལ་ཇི་ལྟར་འདོད་པའི་འདོད་ཆགས་པ་ཡིན་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་སྤྲུལ་པའི་སེམས་ནི་
འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་རྣམས་ཁོ་ནའི་བསམ་གཏན་གྱི་འབྲས་བུ་ཡིན་ལ། འདོད་པ་ལས་འདོད་ཆགས་དང་བྲལ་བ་ལ་འདོད་པའི་འདོད་ཆགས་འབྱུང་བ་ཡང་མ་ཡིན་ཞིང་། འདོད་པའི་འདོད་ཆགས་རྒྱས་པར་མི་འགྱུར་བ་ནི་འདོད་པར་གཏོགས་པ་
ཡིན་པར་འོས་པ་ཡང་ཡིན་ནོ་ཞེས་འགལ་བར་མཐོང་བ་ཅན་གྱི་དྲི་བའོ། །ཐོས་པ་དང་ཡོངས་སུ་ཉམས་ནས་དེ་ལ་ཆགས་པའི་ཕྱིར་རོ་ཞེས་བྱ་བ་ལ་རྣལ་འབྱོར་པ་རྣམས་ནི་དེ་ལྟར་འདོད་པ་ན་སྤྱོད་པའི་སྤྲུལ་པའི་སེམས་ཀྱིས་འདོད་པ་ན་སྤྱོད་པའི་སྤྲུལ་པ་སྤྲུལ་པར་བྱེད་དོ། །ཞེས་
ཐོས་ནས་དེ་ལ་དམིགས་པའི་འདོད་ཆགས་སྐྱེ་ལ། འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ཏེ། རྗེས་སུ་དྲན་ནས་སྤྲུལ་པའི་སེམས་ལ་ཆགས་པར་བྱེད་དོ། །ཡང་ན་སྤྲུལ་པའི་དབང་གིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདོད་པ་ན་སྤྱོད་པའི་སྤྲུལ་པ་
མཐོང་ནས་ཨ་མ་ཀྱེ་མ་བདག་ལ་ཡང་འདི་འདྲ་བའི་སེམས་ཡོད་པར་གྱུར་ཅིག་སྙམ་དུ་སྤྲུལ་པར་བྱེད་པའི་སེམས་ལ་ཡང་འདོད་པ་ཉོན་མོངས་པ་ཅན་འབྱུང་ངོ་། །ཡང་ན་དྲི་དང་རོ་སྤྲུལ་པའི་ཕྱིར་ན་སྤྲུལ་པའི་སེམས་དེ་འདོད་པ་ན་སྤྱོད་པ་ཉིད་ཡིན་ནོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི་གཟུགས་
Vol. 209 · folio 333a
ན་སྤྱོད་པས་ནི་དེ་གཉིས་སྤྲུལ་པའི་ཕྱིར་རོ་ཞེས་བྱ་བ་སྟེ། དྲི་དང་རོ་དག་ནི་ཁམ་གྱི་ཟས་ཉིད་ཡིན་པའི་ཕྱིར་འདོད་པར་གཏོགས་པ་ཁོ་ནའོ། །ས་གཞན་གྱི་བསམ་གཏན་གྱི་འབྲས་བུ་ནི་ས་གཞན་གྱི་སྤྲུལ་པ་མི་འཕྲུལ་ལ། དེ་དག་ཁམ་གྱི་ཟས་ཀྱི་འདོད་
ཆགས་དང་བྲལ་བའི་ཕྱིར་དྲི་དང་རོ་སྤྲུལ་པར་ཡང་མི་རིགས་སོ། གལ་ཏེ་ས་དང་ཁམས་སྐལ་བ་མི་མཉམ་པ་ལ་རྒྱས་པར་མི་འགྱུར་བའི་ཕྱིར་རང་གི་ཁམས་པའི་ཕྲ་རྒྱས་ཐམས་ཅད་ཀྱི་ཁམས་བསྟན་པར་འགལ་བ་མེད་བཞིན་དུ། ཅིའི་ཕྱིར་འདོད་ཆགས་ཁོ་ནས་བསྙད་ཅེ་ན།
ཕལ་ཆེར་རྒྱས་པར་འགྱུར་བའི་ཕྱིར་ཏེ། འདི་ལྟར་སེམས་ཅན་རྣམས་ནི་ཡང་དང་ཡང་དུ་འདོད་ཆགས་ཁོ་ན་ལ་ཀུན་ཏུ་སྤྱོད་པ་ཡིན་ནོ། །གང་འདོད་པའི་ཁམས་གཅིག་ལས་འདོད་ཆགས་དང་བྲལ་བ་དེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལྟ་མ་ཡིན་ན་ཁམས་གསུམ་
དག་མཐའ་ཡས་པའི་ཕྱིར་གཅིག་ཏུ་གྲོལ་བ་གཞན་དུ་བཅིངས་པས་ཐར་བ་མེད་པ་ཉིད་དུ་འགྱུར་རོ། །དེ་ཁོ་ན་ཡོད་པའི་ཚངས་པའི་འཇིག་རྟེན་དུ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། དེ་ལྟ་མ་ཡིན་ན་སྟོན་པ་ལྟར་ཐམས་ཅད་ཀྱི་འགྲོ་བ་མཐའ་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །
ཁམས་བཤད་ཟིན་ཏོ།། །།ད་ནི་འགྲོ་བ་རྣམས་བརྗོད་པར་བྱ་སྟེ། འདི་དག་ཀྱང་གང་དང་གང་དུ་ན་ཡིན་པ་མི་ཤེས་ཏེ་དེའི་ཕྱིར་ཁམས་གསུམ་པོ་བཤད་པ་གང་ཡིན་པ། དེར་ནི་དམྱལ་སོགས་འགྲོ་བ་ལྔ། །རང་གིས་མིང་གིས་བསྟན་ཞེས་བྱ་བ་སྨོས་སོ། །རྟེན་དང་བརྟེན་པའི་
དངོས་པོ་ནི་ཐ་དད་པ་ཉིད་དུ་མཐོང་བའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་གང་གིས་ན་དེ་དག་ཁམས་དག་ཏུ་ཞེས་བྱ་བ་འདིར་རྒྱས་པར་བྲིས་སོ། །ཁམས་རྣམས་ན་འགྲོ་བ་འབའ་ཞིག་ཡིན་པར་མ་ཟད་ཀྱི་འོ་ན་ཅི་ཞེ་ན། འགྲོ་བ་མ་གཏོགས་པ་ཡང་ཡོད་དོ། །དེ་རྣམས་ནི་དགེ་བ་དང་ཉོན་
མོངས་པ་ཅན་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་ནི་ཁམས་འགྲོ་བ་མ་གཏོགས་པར་ཡོད་པར་བསྟན་པའི་ཕྱིར་ཁམས་དག་ཏུ་འགྲོ་བ་རྣམས་ཞེས་བཤད་དོ། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །ཞེས་བྱ་བ་ལ་ཉོན་མོངས་པ་ཅན་མ་ཡིན་པ་སྨོས་པ་ནི་ཉོན་མོངས་པ་ཅན་
Vol. 209 · folio 333b
རྣམ་པར་བྱ་བའི་ཕྱིར་རོ། །ལུང་དུ་མ་བསྟན་པ་མ་ཡིན་པ་སྨོས་པ་ནི་དགེ་བ་བསལ་བར་བྱ་བའི་ཕྱིར་རོ། །སེམས་ཅན་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་བསལ་བར་བྱ་བའི་ཕྱིར་རོ། །འགྲོ་བ་རྣམས་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ནའོ། །ཞེས་བྱ་བ་ནི་རྣམ་པར་སྨིན་པའི་
རང་བཞིན་ཡིན་པའི་ཕྱིར་རོ། །འདི་ནི་དེ་དག་སེམས་ཅན་དུ་སྟོན་པ་ཉིད་དུ་བཤད་པར་འགྱུར་ཏེ། སེམས་ཅན་དུ་སྟོན་པ་ལ་རྣམ་པར་སྨིན་པ་སྲིད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འགྲོ་བ་འཆོལ་བར་འགྱུར་རོ་ཞེས་བྱ་བ་ནི་འགྲོ་བ་རྣམས་འདྲེས་པའི་ངོ་བོ་སྟེ་ཐ་མི་དད་ཅེས་བྱ་བའི་དོན་
ཏོ། །གལ་ཏེ་འགྲོ་བ་དག་ལུང་མ་བསྟན་པ་ཉིད་དུ་མི་འདོད་ན་སེམས་ཅན་རྣམས་ཕལ་ཆེར་འགྲོ་བ་གཞན་གྱི་དགེ་བ་དང་ཉོན་མོངས་པ་ཅན་དག་དང་ཡང་ལྡན་ནོ། །ལུང་དུ་མ་བསྟན་པ་དག་དང་ནི་མ་ཡིན་ཏེ། དེ་དག་གི་ཐོབ་པ་ལྷན་ཅིག་སྐྱེ་བ་ཡིན་པའི་ཕྱིར་རོ། །ཡང་ན་འགྲོ་བ་
ཐམས་ཅད་འགྲུབ་པར་འགྱུར་བའི་ལས་རྣམས་མི་ལ་སོགས་པའི་འགྲོ་བའི་རྒྱུ་ཡིན་ལ་དེ་རྣམས་ཀྱང་འགྲོ་བ་གཞན་དག་དེར་གཏོགས་པའི་ཕྱིར་ཏེ། དེ་ལྟ་ན་མི་ལ་སོགས་པའི་འགྲོ་བར་དམྱལ་བ་ལ་སོགས་པའི་འགྲོ་བ་ཡོད་པར་ཐལ་བར་འགྱུར་རོ། །འགྲོ་བ་རྣམས་ནི་སེམས་ཅན་དུ་
སྟོན་པ་མ་ཡིན་པ་མེད་ལ་སྲིད་པ་བར་མའི་རང་བཞིན་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་གོ་ག་ལས་ཤེ་ན། བསྟན་བཅོས་ལས་སོ་ཞེས་བསྟན་པའི་ཕྱིར། བཏགས་པ་ལས་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྐྱེ་གནས་བཞིས་ནི་འགྲོ་བ་ལྔ་བསྡུས་ཀྱི་ཞེས་
འབྱུང་བ་ལས་ན། སྐྱེ་གནས་རྣམས་སེམས་ཅན་ཞེས་པ་ཁོ་ན་ཡིན་པའི་ཕྱིར། འགྲོ་བ་རྣམས་ཀྱང་སེམས་ཅན་ཞེས་བྱ་བ་ཁོ་ན་ཡིན་ནོ། །ཞེས་ཤེས་པར་འགྱུར་རོ། །འགྲོ་བ་རྣམས་སེམས་ཅན་ཞེས་བྱ་བ་མ་ཡིན་པ་ཉིད་ཡིན་ན་ནི་སྐྱེ་
གནས་དག་ཏུ་འདུ་བར་མི་འགྱུར་ཏེ། དཔེར་ན་འགྲོ་བ་རྣམས་སུ་སྐྱེ་གནས་དག་མི་འདུ་བ་བཞིན་ནོ། །འགྲོ་བ་ལྔས་ནི་སྐྱེ་གནས་བཞི། ཞེས་བྱ་བ་ལ་ཅི་ཞེ་ན། མ་བསྡུས་ཏེ་སྐབས་དང་སྦྱར་རོ། །གལ་ཏེ་ཡང་སྣོད་ཀྱི་རང་བཞིན་འགྲོ་བ་རྣམས་སུ་གྱུར་ན། འགྲོ་བར་བྱེད་
Vol. 209 · folio 334a
པས་ན་འགྲོ་བའོ། །ལྔ་པོ་ཡང་མི་ལ་སོགས་པའོ། །སྣོད་བསྐྱེད་པའི་སྒོ་ནས་འགྲོ་བར་བྱེད་པས་འགྲོ་བ་ཡིན་ན་འཆོལ་བར་ཐལ་བར་འགྱུར་རོ། །ཅི་ཞིག་མ་བསྡུས་ཤེ་ན། སྲིད་པ་བར་མའོ་ཞེས་འབྱུང་བ་ལས་ན། དེ་བརྫུས་ཏེ་སྐྱེ་བའི་སྐྱེ་གནས་
ཀྱིས་བསྡུས་ཀྱང་། འགྲོ་བ་རྣམས་སུ་མ་འདུས་པའི་ཕྱིར་འགྲོ་བ་སྲིད་པ་བར་མ་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་སྐྱེ་བའི་སྲིད་པ་ལ་སོགས་པ་དང་འདྲ་བར་དེ་ཡང་འགྲོ་བས་བསྡུས་པར་འགྱུར་རོ། །དེའི་ཕྱིར་སྲིད་པ་བར་མ་དོ་འགྲོ་བའི་རང་བཞིན་
མ་ཡིན་ནོ། །ཡང་འགྲོ་བ་སྲིད་པ་བར་མ་མ་ཡིན་ནོ་ཞེས་བྱ་བ་ལ། བསྟན་བཅོས་གཉིས་པ་དཔེར་བརྗོད་པ་ནི་ཆོས་ཀྱི་ཕུང་པོ་ལས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། འདི་ལས་ནི་བསྒོམས་པ་ལས་བྱུང་བ་ལྟར་སྲིད་པ་བར་མ་པ་ཡང་དམྱལ་བ་ལ་སོགས་པའི་མིག་
གི་དབང་པོ་ལས་ཐ་དད་པར་ལོགས་ཤིག་ཏུ་བསྟན་ཏེ། དེའི་ཕྱིར་དེ་ཡང་བསྒོམ་པ་ལས་བྱུང་བ་ལྟར་དམྱལ་བ་ལ་སོགས་པའི་འགྲོ་བས་བསྡུས་པ་མ་ཡིན་པས་སྲིད་པ་བར་མ་འགྲོ་བའི་རང་བཞིན་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གཞན་དུ་ན་ནི་དམྱལ་བ་ལ་སོགས་པའི་མིག་གིས་
སྲིད་པ་བར་མ་པ་ཡང་བསྟན་པས་ཡང་ཅིའི་ཕྱིར་བརྗོད། བསྟན་བཅོས་ལས་སྲིད་པ་བར་མ་འགྲོ་བ་རྣམས་ལས་ལོགས་ཤིག་ཏུ་མཛད་པ་འབའ་ཞིག་ཏུ་མ་ཟད་དེ་འོ་ན་ཅི་ཞེ་ན། མདོ་ལས་ཀྱང་སྲིད་པ་བར་མ་འགྲོ་བ་རྣམས་ལས་ལོགས་ཤིག་མཛད་དོ་ཞེས་བྱ་བ་རྒྱས་པར་འབྱུང་
བ་ལ། སྲིད་པ་བར་མ་འགྲོ་བའི་རང་བཞིན་མ་ཡིན་པ་དང་། འགྲོ་བ་རྣམས་ལུང་དུ་མ་བསྟན་པ་ཉིད་ཀྱི་ཁུངས་ནི་ལས་ཀྱི་སྲིད་པ་དང་། སྲིད་པ་བར་མའོ་ཞེས་དམྱལ་བ་ལ་སོགས་པ་དག་ལས་ལོགས་ཤིག་ཏུ་སྨོས་པ་འདི་ཡིན་ནོ། །རྒྱུ་དང་བཅས་པ་དང་འགྲོ་བ་དང་བཅས་
པར་བཤད་དོ་ཞེས་བྱ་བ་ལ་འགྲོ་བ་རྣམས་ཀྱི་རྒྱུ་ནི་ལས་ཀྱི་སྲིད་པ་ཡིན་ལ། འགྲོ་བ་ནི་སྲིད་པ་བར་མ་ཡིན་ཏེ། འདིས་འགྲོ་བར་བྱེད་པས་ན་ཞེས་བྱས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་མདོའི་ཕྱིར་རོ། །དེའི་རྒྱུ་ཞེས་བྱ་བ་ནི་འགྲོ་བའི་རྒྱུ་ལས་ཀྱི་སྲིད་པ་སྟེ། འགྲོ་བ་
Vol. 209 · folio 334b
དག་ལས་ལོགས་ཤིན་ཏུ་མཛད་པའི་ཕྱིར་འགྲོ་བ་རྣམས་མ་བསྒྲིགས་ལ་ལུང་དུ་མ་བསྟན་པ་ཉིད་དུ་གྲུབ་པ་ཡིན་ནོ། །ལུས་དང་ངག་དང་ཡིད་ཀྱི་སྐྱོན་དང་སྙིགས་མ་དེ་དག་གིས་ཞེས་བྱ་བ་ལ་ལུས་ཀྱི་སྐྱོན་དང་ངག་གི་སྐྱོན་དང་ཡིད་ཀྱི་སྐྱོན་ནོ་ཞེས་བྱ་བ་རིག་པར་བྱའོ། །ཆོས་དེ་དག་
མ་གཏོགས་པ་ཞེས་བྱ་བ་ལ། དམྱལ་བ་དག་ཏུ་གཟུགས་ལ་སོགས་པ་གང་དག་རྣམ་པར་སྨིན་པའི་བདག་ཉིད་དུ་གྲུབ་པ་དེ་དག་ཁོ་ན་དམྱལ་བ་ཡིན་གྱི་དེ་དག་ལས་གཞན་པའི་དམྱལ་བ་དགེ་བའམ་མི་དགེ་བའི་ཆོས་ནི་མི་དམིགས་སོ། །རྣམ་པར་སྨིན་པ་གྲུབ་ནས་དམྱལ་བ་
ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་འབྱུང་བའི་ཕྱིར་འགྲོ་བ་རྣམས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ཞེས་བྱ་བ་འདི་ལ་ཁུངས་ནི་འདི་ཡིན་ཏེ། རྣམ་པར་སྨིན་པའི་གནས་སྐབས་ནི་དགེ་བ་དང་ཉོན་མོངས་པ་ཅན་མ་ཡིན་ནོ། །སྲིད་པ་བར་མའི་རང་བཞིན་དམྱལ་བ་ལ་སོགས་
པ་རྣམས་སོ་ཞེས་ཤེས་པར་བྱས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཞེས་བྱ་བ་ཡང་གྲུབ་སྟེ། རྣམ་པར་སྨིན་པ་ནི་སེམས་ཅན་དུ་བརྗོད་པ་ཡིན་པའི་ཕྱིར་རོ། །དམྱལ་བའི་འགྲོ་བ་ནི་འདི་དཔེར་བརྗོད་པ་ཙམ་ཞིག་ཏུ་ཟད་དོ། །འོ་ན་རབ་ཏུ་བྱེད་པའི་གཞུང་ཞེས་བྱ་བ་ལ།
འདིར་ཅི་ལ་ལན་གདབ་པར་བྱ། འགྲོ་བ་རྣམས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཉིད་ཡིན་ལ་བསྒོམ་པས་སྤང་བར་བྱ་བ་ལ་ཡང་བསྒོམ་པས་སྤང་བར་བྱ་བ་དང་། ཕྲ་རྒྱས་ཀུན་ཏུ་འགྲོ་བ་རྣམས་རྒྱས་པར་འགྱུར་གྱི་གཞན་དག་ནི་མ་
ཡིན་ཏེ། དེའི་ཕྱིར་ཐམས་ཅད་སྨོས་པ་ལ་ལན་གདབ་པར་བྱ་དགོས་སོ། །རྣམ་པ་ལྔ་ཉིད་ཡིན་ན་ཡང་དེ་དག་དགེ་བ་དང་ཉོན་མོངས་པ་ཅན་ཉིད་དུ་ཡང་འགྱུར་རོ། །འགྲོ་བ་རྣམས་སུ་ཉིང་མཚམས་སྦྱོར་བའི་སེམས་རྣམ་པ་ལྔ་ཡོད་དེ་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང་
འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་སོ། །འཇུག་པ་དང་བཅས་པའི་འགྲོ་བ་རྣམས་སྨོས་པས་ཞེས་བྱ་བ་ལ། འདིར་འགྲོ་བ་སྨོས་པས་ནི་འཇུག་པ་དང་ལྷན་ཅིག་པའི་འགྲོ་བ་གཟུང་སྟེ། འགྲོ་བའི་འཇུག་པ་ལ་འགྲོ་བ་ཉེ་བར་བཏགས་
Vol. 209 · folio 335a
པའི་ཕྱིར་རོ། །འགྲོ་བ་རྣམས་ཀྱི་འཇུག་པ་ཡང་ཉིང་མཚམས་སྦྱོར་བའི་སེམས་དག་ཡིན་ལ། ཉིང་མཚམས་སྦྱོར་བའི་སེམས་ཀྱི་འོག་རོལ་གྱི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་རྒྱུད་ལ་འགྲོ་བ་ཞེས་བརྗོད་དོ། །དེ་དག་ཀྱང་རྣམ་པ་ལྔ་ཡིན་པ་དེའི་ཕྱིར་འགྲོ་བ་
དག་ལ་ཕྲ་རྒྱས་ཐམས་ཅད་རྒྱས་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ཉིད་ལ་དཔེ་སྨོས་པ་ནི་གྲོང་སྨོས་ན་གྲོང་གི་ཉེ་འཁོར་ཡང་སྨོས་པ་བཞིན་ནོ་ཞེས་བྱ་བའོ། །ཇི་ལྟར་གྲོང་སྨོས་ན་གྲོང་གི་ཉེ་འཁོར་སྨོས་པ་ཡིན་ཞེ་ན། གྲོང་འདི་ན་སཱ་ལུའི་ཞིང་ཡོད་དོ། །འབྲུའི་
ཞིང་ཡོད་དོ་ཞེས་སྨྲ་བའི་ཕྱིར་རོ། །དཔེར་ན་སྙིགས་མ་ལྔ་པོ་དག་ཏུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཚེ་དང་སྐལ་བ་དང་ཉོན་མོངས་པ་དང་ལྟ་བ་དང་སེམས་ཅན་གྱི་སྙིགས་མ་དག་ཏུའོ། །ཉོན་མོངས་པའི་རང་བཞིན་དུ་ཁྱད་པར་མེད་ཀྱང་ཉོན་མོངས་པ་དག་ལས་ལྟ་བའི་སྙིགས་
མ་དག་ཐ་དད་དུ་བཞག་པ་ནི་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ཀྱི་དབང་དུ་མཛད་པའི་ཕྱིར་རོ། །འགྲོ་བའི་རྒྱུ་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། འགྲོ་བ་རྣམས་ཀྱི་རྒྱུ་ནི་ལས་ཀྱི་སྲིད་པ་ཡིན་ཏེ། དེའི་ཕྱིར་དེ་འགྲོ་བའི་རང་བཞིན་ཡིན་ཡང་འགྲོ་བའི་རྒྱུ་ཤེས་པར་བྱ་བའི་ཕྱིར་ཐ་དད་དུ་
སྨོས་སོ། །འདི་ནི་སྲིད་པ་བར་མ་ལ་ཡང་ཐལ་བར་འགྱུར་རོ་ཞེས་བྱ་བ་ལ་ཐ་དད་པར་སྨོས་ཀྱང་འགྲོ་བ་ཡིན་པར་འགྱུར་ན་ནི་འགྲོ་བའི་རང་བཞིན་ཁོ་ནས་འགྲོ་བ་ཤེས་པར་བྱ་བའི་ཕྱིར་ཐ་དད་དུ་བསྟན་པར་འགྱུར་རོ། །སྲིད་པ་བར་མ་ཡིན་པ་ཁོ་ནའི་ཕྱིར་ཞེས་བྱ་བ་ལ་གང་ནས་འཆི་འཕོ་
བ་དང་གང་དུ་འགྲོ་བར་འགྱུར་བ་དེ་གཉིས་ཀྱི་བར་དུ་འབྱུང་བའི་ཕྱིར་སྲིད་པ་བར་མ་འགྲོ་བ་མ་ཡིན་ནོ། །སྲིད་པ་བར་མ་ནི་འགྲོ་བའི་བར་མ་དོ་ཡིན་ནོ། །འགྲོ་བའི་བར་མ་དོ་ནི་འགྲོ་བར་མི་རུང་ངོ་། །སློབ་དཔོན་འདུས་བཟང་ན་རེ། སྲིད་པ་བར་མ་ནི་བགྲོད་པར་བྱ་བ་མ་ཡིན་པས་འགྲོ་
བ་མ་ཡིན་ཏེ། འཆི་འཕོ་བའི་ཡུལ་ཉིད་དུ་སྐྱེ་བའི་ཕྱིར་རོ་ཞེས་ཟེར་རོ། །མ་ཡིན་ཏེ། གཟུགས་མེད་པ་རྣམས་ཀྱང་འཆི་འཕོ་བའི་ཡུལ་ཉིད་དུ་སྐྱེ་བས་སྲིད་པ་བར་མ་བཞིན་དུ་འགྲོ་བ་མ་ཡིན་པར་ཐལ་བར་འགྱུར་རོ། །འགྲོ་བའི་རྒྱུ་ཉིད་ཀྱི་ཕྱིར་ལས་ཀྱི་སྲིད་པ་ཡང་སྲིད་པ་བར་མ་
Vol. 209 · folio 335b
བཞིན་འགྲོ་བ་མ་ཡིན་ནོ། །གལ་ཏེ་འགྲོ་བ་རྣམས་དགེ་བ་དང་ཉོན་མོངས་པ་ཅན་ཡང་ཡིན་ན་རྣམ་པར་སྨིན་པ་གྲུབ་ནས་ཞེས་བྱ་བ་འདི་ཇི་ལྟར་དྲང་ཞེ་ན་རྣམ་པར་སྨིན་པ་གྲུབ་ནས་དགེ་བ་དང་ཉོན་མོངས་པ་ཅན་ཡང་དམྱལ་བ་ཞེས་བྱ་བའི་གྲངས་སུ་འགྲོ་བས་འགལ་བ་མེད་དེ། འདི་
ལྟར་གལ་ཏེ་འདི་རྣམ་པར་སྨིན་པ་ཁོ་ན་གྲུབ་ནས་དམྱལ་བ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཞེས་དེ་སྐད་དུ་གསུངས་ན་ནི་དེའི་ཕྱིར་ཕུང་པོ་གཞན་བཀག་པར་རྟོགས་པར་འགྱུར་བ་ཞིག་གོ །འོ་ན་ཚེ་དང་ལྡན་པ་དེ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིར་ཡང་གང་ཟག་གི་
རྫས་བཀག་པ་ཡིན་གྱི་ཕུང་པོ་གཞན་མ་བཀག་པས་འགལ་བ་མེད་དོ། །གནས་བརྟན་འདུས་བཟང་ན་རེ། རྣམ་པར་སྨིན་པ་གྲུབ་པས་ཁྱད་པར་ཅན་གྱི་ཕུང་པོ་གཟུང་བའི་ཕྱིར་ཕུང་པོ་བསལ་ལོ་ཞེས་རྟོགས་པར་བྱའོ། །དེ་ལྟ་མ་ཡིན་ན་ཕུང་པོ་ཁྱད་པར་དུ་སྨོས་པ་ལ་
དགོས་པ་ཅི་ཞིག །དགོས་པ་ཡོད་དེ་འགྲོ་བ་གཞན་གྱི་རྒྱུར་གྱུར་པ་རྣམས་ལ་ཡང་ལས་དང་ཉོན་མོངས་པ་རྣམས་རྣམ་པར་སྨིན་པའི་དབང་གིས་དེའི་འགྲོ་བ་བསྙད་པར་ཤེས་པ་ཉིད་ཡིན་ཏེ། འཆོལ་བ་ཡོངས་སུ་སྤངས་པའོ། །དེ་དག་ཀྱང་ཁ་ཅིག་ན་རེ་རྣམ་པར་སྨིན་པའི་
རང་བཞིན་དག་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །ཅིའི་ཕྱིར་ན་གང་གི་ཕྱིར་རྣམ་པར་སྨིན་པའི་ཕུང་པོ་ལས་གཞན་དུ་དམྱལ་བ་མི་དམིགས་སོ་ཞེས་གསུངས་པ་གང་གི་ཕྱིར་རྣམ་པར་སྨིན་པ་གྲུབ་ནས་དམྱལ་བ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཞེས་གསུངས་པ་དེས་ན་འགྲོ་བ་རྣམས་རྣམ་
པར་སྨིན་པའི་རང་བཞིན་ཁོ་ན་ཡིན་ནོ་ཞེས་བྱ་བར་གཏོགས་སོ། །གཞན་དག་ན་རེ་རྒྱས་པ་ལས་བྱུང་བའི་རང་བཞིན་དག་ཀྱང་ཡིན་ཏེ། འདི་ལྟར་མིག་ལ་སོགས་པ་དག་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་ཡིན་ཞིང་རྒྱས་པ་ལས་བྱུང་བ་ཡང་ཡོད་ལ་དེ་དག་ཀྱང་འགྲོ་བས་བསྡུས་པ་
ཡིན་ནོ་ཞེས་ཟེར་རོ། །ལུས་དང་འདུ་ཤེས་ཐ་དད་དང་ཞེས་རྒྱས་པར་འབྱུང་བ་ལ། མདོར་བསྡུ་ན་རྣམ་པར་ཤེས་པ་གནས་བདུན་གྱི་རང་བཞིན་ནི་འདོད་པ་ན་སྤྱོད་པའི་ལྷ་དང་མི་རྣམས་དང་། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་པོ་ཞེས་བྱ་བ་འདི་ཡིན་
Vol. 209 · folio 336a
ལ། འདི་དག་གི་དེ་རྒྱས་པར་ནི་བརྩམ་པར་བྱའོ། །སེམས་ཅན་གཟུགས་ཅན་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ཅན་ནི་གཟུགས་དང་ལྡན་པ་དག་གོ། །བསམ་གཏན་དང་པོ་པ་ཞེས་བྱ་བ་ལ་བསམ་གཏན་དང་པོ་ན་ཡོད་པ་ནི་བསམ་
གཏན་དང་པོ་པ་སྟེ་ཚངས་རིས་ལ་སོགས་པ་རྣམས་སོ། །དེ་དག་ཀྱང་དང་པོར་འབྱུང་བ་རྣམས་ནི་རྣམ་པར་ཤེས་པ་གནས་པ་གཉིས་པར་བཞག་པས་དང་པོར་འབྱུང་བ་མ་གཏོགས་པ་ཞེས་བྱ་བ་སྨོས་སོ། །དེ་དག་གི་ལུས་ཐ་དད་པའི་ཕྱིར་རམ་ཞེས་བྱ་བ་རྒྱས་པར་འབྱུང་
བ་ལ་ཐ་དད་པ་ནི་ཁ་དོག་དང་རྟགས་དང་དབྱིབས་མི་མཚུངས་པ་ཉིད་དོ། །ཐམས་ཅད་ནི་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དབྱིབས་ཀྱི་ལུས་ཞེས་བྱ་བ་ལ། དབྱིབས་ཀྱི་བདག་ཉིད་ཀྱི་ལུས་ནི་དབྱིབས་ཀྱི་ལུས་ཏེ། ཚོར་བ་ལ་སོགས་པའི་ལུས་བསལ་བར་བྱ་བའི་
ཕྱིར་རོ། །དབྱིབས་ནི་དབྱིབས་སོ། །ལུས་ནི་ཁོག་པའོ། །དེ་དག་གིས་དེ་ལྟར་མཐོང་ཞེས་བྱ་བ་ནི་རྣམ་པ་གང་གིས་ཞེས་བྱ་བའི་དོན་ཏོ། །ཅི་འོད་གསལ་ན་གནས་པའམ། བསམ་གཏན་དང་པོར་སྐྱེས་པའམ། འོན་ཏེ་བསམ་གཏན་དང་པོའི་སྲིད་པ་བར་མ་དོར་
ན་གནས་པ་དག་གམ། །ཅི་བསམ་གཏན་གཉིས་པའི་སྙོམས་པར་འཇུག་པ་ཐོབ་པའམ་ཅི་མ་ཐོབ་པར་ཞེས་བརྗོད་པར་བྱའོ། །ད་ནི་བསམ་གཏན་གཉིས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཉན་ཐོས་ཀྱི་བསམ་གཏན་གྱི་སྤྱོད་ཡུལ་ཉིད་ཀྱི་ཕྱིར་དེ་དག་བསམ་གཏན་དང་པོའི་ས་
པའི་སྔོན་གྱི་བག་ཆགས་རྗེས་སུ་དྲན་པའི་ཤེས་པས་ཚངས་པ་འཆི་འཕོ་བར་མཐོང་བར་ནུས་པ་མེད་དོ། །ཅི་སྟེ་ཇི་ལྟར་མི་འགལ་བ་དེ་ལྟར་ཡིན་ལ་རག་གོ་སྙམ་ན་དེའི་ཕྱིར་འོན་ཏེ་ཐོབ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གང་ཞིག་ས་གང་ལས་འདོད་ཆགས་དང་བྲལ་བ་དེ་ནི་ས་དེ་ལ་
དམིགས་པའི་ཉོན་མོངས་པ་འབྱུང་བ་ཡོད་པ་མ་ཡིན་པས་དེ་དང་ཚངས་པ་ཆེན་པོ་ལ་དམིགས་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་ལ་མངོན་པར་ཞེན་པ་མི་རིགས་སོ། །དེ་ན་ཡང་གེགས་བྱེད་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་ཁུ་བ་དང་ཁྲག་ལ་སོགས་པ་ཕྱིའི་རྒྱུ་མཚན་ལ་
Vol. 209 · folio 336b
བལྟོས་པ་མེད་པའི་ཕྱིར་ན་རྫུས་ཏེ་སྐྱེ་བ་རྣམས་ལ་ཁུ་བ་དང་ཁྲག་མེད་པས་གེགས་བྱེད་པ་ཡོད་པ་མ་ཡིན་ནོ། །ཡང་ཅིའི་ཕྱིར་དེ་དག་འདི་སྙམ་དུ་བདག་ཅག་ནི་འདིས་སྤྲུལ་ལོ་སྙམ་དུ་ཤེས་པར་འགྱུར་ཞེ་ན། དབྱིབས་ཀྱི་ལུས་ཀྱི་ཁྱད་པར་རྟོགས་པའི་ཕྱིར་དང་། སྔར་སྐྱེས་པ་མཐོང་
བའི་ཕྱིར་རོ། །འོ་ན་ཚངས་པ་ཆེན་པོ་འདི་སྙམ་དུ་འདི་དག་ནི་བདག་གིས་སྤྲུལ་ལོ་སྙམ་དུ་ཤེས་པར་ག་ལས་འགྱུར་ཞེ་ན། དེ་ལ་སེམས་སྐྱེས་པའི་མཇུག་ཐོགས་སུ་དེ་དག་སྐྱེས་པའི་ཕྱིར་དང་། ལས་དང་འབྲས་བུའི་འབྲེལ་པ་ལས་ཀུན་ཏུ་རྨོངས་པའི་ཕྱིར་རོ། །ཡང་ན་ཚེ་དང་ཁ་དོག་དང་
ལུས་ཀྱི་ཆུ་ཞེང་ལྷག་པའི་བདག་གི་དངོས་པོ་མཐོང་བའི་ཕྱིར་རོ། །གལ་ཏེ་བདག་ཅག་ནི་ངེས་སོ་སྙམ་པ་དང་འདི་དག་བདག་གི་སྙམ་དུ་འདུ་ཤེས་ཐ་དད་པའི་ཕྱིར་འདུ་ཤེས་གཅིག་མ་ཡིན་ནོ་སྙམ་ན་རྒྱུའི་འདུ་ཤེས་ཐ་མི་དད་པའི་ཕྱིར་འདུ་ཤེས་ཐ་དད་པ་མེད་དོ། །གཞན་དག་ན་རེ་སྤྲུལ་པའི་འདུ་ཤེས་གཅིག་
པའི་ཕྱིར་ཞེས་ཟེར་རོ། །དེ་དག་ཐམས་ཅད་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་ལ་ཞེན་པའི་ཕྱིར་རོ། །གཞན་དག་ན་རེ། འོད་གསལ་ན་གནས་པ་དག་ཁོ་ནས་བསམ་གཏན་དང་པོའི་ས་པའི་སྤྲུལ་པ་སྤྲུལ་ནས་ཚངས་པ་དང་ལྷན་ཅིག་བསྡད་ལ། སྤྲུལ་པའི་
གནས་སྐབས་དང་ཡང་བསམ་གཏན་དང་པོར་སྐྱེས་པ་དག་ནི་དེའི་ས་པའི་མངོན་པར་ཤེས་པའི་ཡུལ་ཡིན་པས་དེ་དག་གི་སྤྲུལ་པའི་གནས་སྐབས་དྲན་པ་དེ་དག་འདི་སྙམ་དུ་བདག་ཅག་ནི་ཞེས་བྱ་བ་རྒྱས་པར་ཤེས་པར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ནི་བསམ་གཏན་གཉིས་པ་ལ་
སོགས་པར་སྐྱེས་པ་རྣམས་ཀྱི་མིག་གི་རྣམ་པར་ཤེས་པ་ནི་ཚངས་པའི་འཇིག་རྟེན་པ་ཁོ་ན་ཡིན་པས་དེ་དག་ཉམས་སུ་མྱོང་བ་རྗེས་སུ་དྲན་པ་མི་སྲིད་པ་མ་ཡིན་ཏེ། དེའི་ཕྱིར་སྔར་མཐོང་བ་ཁོ་ན་རྗེས་སུ་དྲན་པ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་སེམས་ཅན་འདི་ཡང་འདི་སྙམ་དུ་སྨོན་ལ། བདག་
ཅག་ཀྱང་འདིར་སྐྱེས་སོ་སྙམ་དུ་བསྒོམ་པ་ལས་བྱུང་བའི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པའམ། གཞན་གྱི་སེམས་ཤེས་པས་འཛིན་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སྐྱེས་ནས་ཐོབ་པ་ཁོ་ནས་ཏེ་སྙམ་དུ་ཤེས་པས་འགལ་བ་མེད་དོ་ཞེས་ཟེར་རོ། །གཞན་དག་ན་རེ་རྗེས་སུ་དཔག་
Vol. 209 · folio 337a
པའི་ཤེས་པས་གཞན་གྱི་བསམ་པ་རྣམ་པ་དང་བཅས་པར་རྟོགས་པ་གནོད་པར་བྱེད་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་མ་ཡིན་ན་ཞེས་རྒྱ་ཆེར་འབྱུང་བ་ལ་འོད་ཆུང་དང་ཚད་མེད་འོད་དག་ཀྱང་རྣམ་པར་ཤེས་པའི་གནས་པ་གསུམ་པའི་མཚན་ཉིད་ཐོབ་པ་རྣམས་
དེ་གང་གིས་རྣམ་པར་ཤེས་པའི་གནས་པའི་མཚན་ཉིད་ཡིན་པར་འགྱུར་ཏེ། དེའི་ཕྱིར་འདིར་དཔེར་བརྗོད་པའི་ཚུལ་གྱིས་འོད་གསལ་བ་རྣམས་ཉེ་བར་བཀོད་པའོ། །སེམས་ཅན་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཞེས་བྱ་བ་འདི་དགེ་རྒྱས་པ་དག་ལ་ཡང་ཐལ་བར་འགྱུར་བ་མ་
ཡིན་ནམ་ཞེ་ན། དེ་དག་ཀྱང་དངོས་གཞིའི་ས་ལ་བདེ་བའི་དབང་པོས་ཡོངས་སུ་སྐྱོ་ན་ཞེས་ཐམས་ཅད་རྒྱ་ཆེར་བརྗོད་པར་བྱའོ། །མ་ཡིན་ཏེ་ཞེས་བྱ་བ་རྒྱ་ཆེར་འབྱུང་སྐྱེ། དེ་དག་བསམ་གཏན་གསུམ་པའི་བདེ་བ་དེས་ཡོངས་སུ་སྐྱོ་བ་མེད་དོ། །གཞན་དག་ན་རེ་ཡིད་བདེ་བས་ཀྱང་
ཡོངས་སུ་སྐྱོ་བ་ཡོད་པ་མ་ཡིན་གྱི། གཞན་དུ་ན་རྒོད་པའི་ཕྱིར་ཞེས་ཟེར་རོ། །གཞན་དག་ན་རེ། དེ་ལ་གཞན་གྱིས་ཡོངས་སུ་སྐྱོ་བ་ཅུང་ཟད་ཀྱང་མེད་པ་རྒོད་པ་ཁོ་ན་སྐྱེ་བས་ཡོངས་སུ་སྐྱོའོ་ཞེས་ཟེར་རོ། །འོང་བ་མེད་པར་འདུ་ཤེས་པའི་ཕྱིར་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་
སྐྱེས་ནས་ཡུན་རིང་དུ་མ་ལོན་པ་རྣམས་ནི་འོང་བར་འདུ་ཤེས་པའི་ཕྱིར་རོ། །སྐྱེས་ནས་ཡུན་རིང་དུ་ལོན་པ་རྣམས་ནི་མེད་པར་འདུ་ཤེས་པའི་ཕྱིར་རོ། །སྐྲག་པ་དང་མི་སྐྲག་པར་འདུ་ཤེས་པའི་ཕྱིར་ཞེས་བྱ་བ་ནི་དེ་དག་ཉིད་གོ་རིམས་བཞིན་ནོ། །གཏན་དག་ན་རེ་དེར་འཇིགས་པ་ཡང་བ་མ་
ཡིན་ནོ་ཞེས་ཟེར་རོ། །སྐྲག་པ་སྐྱོ་བའི་བདག་ཉིད་དུ་གྱུར་པ་ཉིད་ནི་འདིར་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྐྲག་པ་ནི་སྐྱོ་བའི་རྒྱུ་འཆི་བར་དོགས་པའི་མཚན་ཉིད་ཅན་ཏེ། བདག་ཏུ་འཛིན་པ་མ་སྤངས་པའི་ཕྱིར་དེ་དག་ལ་དེ་ཡོད་དོ། །ན་བཱ་རྱ་ཏ་ཨི་ཏི། དེ་ཉིད་འདིར་འཇིགས་
པར་བརྗོད་དེ། འདིར་འཇིགས་པ་ནི་སྐྱོ་བ་ཉིད་དོ། །འདུ་ཤེས་གཅིག་པ་དག་ཅེས་བྱ་བ་ནི་བདེ་བར་འདུ་ཤེས་པ་དག་སྟེ། དེ་དག་ནི་བདེ་བ་གྱ་ནོམ་པ་ལ་གནས་པས་ཉེར་བསྡོགས་མངོན་དུ་མི་བྱེད་དོ། །དེ་ལ་བསམ་གཏན་དང་པོ་ན་ནི་ཉོན་མོངས་པ་ཅན་གྱི་འདུ་ཤེས་སུ་ཞེས་བྱ་བ་ལ།
Vol. 209 · folio 337b
རྒྱུ་མ་ཡིན་པ་ལ་རྒྱུར་མངོན་པར་ཞེན་པས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་མཚུངས་པར་ལྡན་པའི་ཕྱིར་ན་ཉོན་མོངས་པ་ཅན་ནོ། །གཉིས་པ་ནི་དགེ་བའི་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་དབང་གིས་ཚོར་བའི་ཁྱད་པར་མངོན་དུ་བྱེད་པའི་ཕྱིར་རོ། །གསུམ་
པ་ན་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་བདེ་བ་དང་མཚུངས་པར་ལྡན་པའི་ཕྱིར་ཏེ། གཞན་དུ་ན་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་འདུ་ཤེས་ཀུན་འབྱུང་བའི་ཕྱིར་དེ་ཡང་འདུ་ཤེས་ཐ་དད་པ་དག་ཏུ་འགྱུར་རོ། །རྣམ་པར་
སྨིན་པ་ལས་སྐྱེས་པ་ཞེས་བྱ་བ་བཤད་པ་གཞན་ཡང་ཀུན་འབྱུང་བའམ་རྣམ་པར་སྨིན་པ་ལས་སྐྱེས་པ་ནི་འདུ་ཤེས་གཅིག་པ་ཉིད་དུ་ཞེས་བྱའོ། །གཟུགས་མེད་པ་གསུམ་ནི་ཞེས་བྱ་བ་ནི་ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་ཅི་ཡང་མེད་པ་ཞེས་བྱའོ། །མདོ་
ལས་ཇི་སྐད་དུ་འབྱུང་བ་ལ་ཞེས་བྱ་བ་ལ། མདོ་ལས་དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནས་ནམ་མཁའ་མཐའ་ཡས་སོ་སྙམ་སྟེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ནས་གནས་སོ་ཞེས་བྱ་བའི་བར་དུ་རྒྱས་པར་འབྱུང་བ་
ཡིན་ནོ། །གཟུགས་མེད་པ་གསུམ་གྱི་བདག་ཉིད་ཅན་དག་ཏུ་ནི་ཕུང་པོ་བཞིའོ། །ལྷག་མ་རྣམས་སུ་ནི་ལྔའོ། །གང་གི་ཕྱིར་རྒྱུ་རྣམ་པར་ཤེས་པ་གནས་པའི་དངོས་པོ་རྣམ་པར་ཤེས་པ་མངོན་པར་ཆགས་པའོ། །དངོས་པོ་བསྟན་པའི་ཕྱིར་རྣམ་པར་ཤེས་པའི་གནས་བསྟན་པ་སེམས་
ཅན་དུ་སྟོན་པ་ཁོ་ནའི་དངོས་པོ་ནི་རྣམ་པར་ཤེས་པའི་གནས་རྣམས་སོ་ཞེས་གཞན་དག་ཟེར་རོ། །དེ་ལ་འདི་ལྟར་ལྷག་མ་དེ་འཇོམས་བྱེད་ལྡན་ཞེས་འབྱུང་བ་ལ་རྣམ་པར་ཤེས་པ་མངོན་པར་ཆགས་པའི་དངོས་པོ་ནི་འཇོམས་བྱེད་མ་ཡིན་པའོ། །རྣམ་པར་ཤེས་པ་མ་ཡིན་པ་ནི་འཇོམས་བྱེད་
དོ། །དེ་ལ་ངན་སོང་དག་ཏུ་ནི་འཇོམས་པར་བྱེད་པ་སྡུག་བསྔལ་གྱི་ཚོར་བ་ཡིན་ཏེ་དེས་རྣམ་པར་ཤེས་པ་ལ་གནོད་པའི་ཕྱིར་རོ། །གཞན་དག་ན་རེ་གང་དུ་སྲེད་པས་རྣམ་པར་ཤེས་པ་གཟུང་བ་དེ་དག་ནི་རྣམ་པར་ཤེས་པ་གནས་པ་ཡིན་ནོ། །ངན་འགྲོ་རྣམས་དང་གནས་གཙང་མ་དག་ན་ནི་ལས་
Vol. 209 · folio 338a
ཀྱིས་གཟུང་བ་ཡིན་ལ། འདུ་ཤེས་མེད་པའི་སེམས་ཅན་རྣམས་དང་། སྲིད་པའི་རྩེ་མོར་ནི་ལྟ་བས་གཟུང་བ་ཡིན་པས། དེ་དག་རྣམ་པར་ཤེས་པ་གནས་པ་ཉིད་མ་ཡིན་ནོ། །ངན་སོང་དག་ན་ནི་གཉིས་ཀ་མེད་དོ་ཞེས་བྱ་བ་ལ། འདི་ན་གནས་པ་རྣམས་ནི་
འགྲོ་བར་འདོད་པ་མ་ཡིན་ལ། དེ་ན་གནས་པ་རྣམས་ནི་བསྐྱོད་པར་མི་འདོད་པ་མ་ཡིན་ནོ། །སྲིད་པའི་རྩེ་མོར་ནི་རྒྱུ་བ་མི་གསལ་བའི་ཕྱིར་ཞེས་བྱ་བ་ལ། སེམས་དང་སེམས་ལས་བྱུང་བ་རྣམས་རྒྱུ་གཞན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ངན་སོང་བ་རྣམས་དང་འདུ་ཤེས་
མེད་པའི་སེམས་ཅན་མ་གཏོགས་པའོ། །བསམ་གཏན་བཞི་པར་སྐྱེས་པ་རྣམས་དང་འདུ་ཤེས་མེད་པའི་སེམས་ཅན་གྱིས་བསྡུས་པ་འབྲས་བུ་ཆེ་རྣམས་སུའོ། །གལ་ཏེ་ཡང་འདི་ན་གནས་པ་རྣམས་འགྲོ་བར་འདོད་པ་ཡོད་མོད་ཀྱི། སོ་སོ་སྐྱེ་བོ་རྣམས་ནི་འདུ་ཤེས་མེད་པ་པར་འཇུག་
པར་འདོད་པ་ཡིན་ལ། འཕགས་པ་རྣམས་ནི་སྤྲིན་མེད་དང་བསོད་ནམས་སྐྱེས་དག་ཏུ་ཡང་ངོ་། །གནས་གཙང་མ་རྣམས་ཀྱང་གནས་གཙང་མ་དང་གཟུགས་མེད་པར་འཇུག་པར་འདོད་ལ། ཡོངས་སུ་མྱ་ངན་ལས་འདའ་བར་ཡང་འདོད་ཀྱི། དེ་ན་གནས་པའི་བློ་མེད་དེ་དེའི་ཕྱིར་
སེམས་ཅན་གྱི་གནས་མ་ཡིན་ནོ། །འདི་དག་ཏུ་སེམས་ཅན་རྣམས་རང་དགའ་ས་ཀུན་ཏུ་གནས་ཏེ། སེམས་ཅན་དུ་བགྲང་བའི་ཆོས་རྣམས་ཁོ་ན་སེམས་ཅན་གྱི་གནས་ཞེས་བྱའོ། གང་གི་ཕྱིར་ལུས་ལ་སྲེད་པས་སེམས་ཅན་རྣམས་ཀྱི་གནས་ཡིན་གྱི། གནས་ལ་དགའ་བས་ནི་མ་ཡིན་
ཏེ། གནས་དག་ཏུ་སེམས་ཅན་འཆོལ་བའི་ཕྱིར་དང་། ལུས་ཁོ་ན་མ་འཆོལ་བའི་ཕྱིར་སེམས་ཅན་གྱི་གནས་ཡིན་ནོ། །གནས་མེད་པའི་ཕྱིར་སྲིད་པ་བར་མ་ཡང་སེམས་ཅན་རྣམས་མི་གནས་པས་སྲིད་པ་བར་མ་ཡང་སེམས་ཅན་གྱི་གནས་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འཁོར་བ་
སྣ་ཚོགས་པའི་དོན་གྱིས་ན་རྣམ་པར་ཤེས་པ་གནས་པ་དག་ཡིན་ལ། གནས་པར་འདོད་པ་དག་གིས་མངོན་པར་དགའ་བར་བྱས་པའི་ཕྱིར་སེམས་ཅན་གྱི་གནས་དག་ཡིན་ནོ་ཞེས་བྱ་བ་ནི་དེ་དག་རྣམ་པར་བཞག་པའི་ཁྱད་པར་ཡིན་ནོ་ཞེས་ཟེར་རོ། །ས་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་
Vol. 209 · folio 338b
ལས་གཞན་གྱི་ཕུང་པོ་རྣམས་ནི་མངོན་དུ་གྱུར་པ་ཡིན་ཡང་རྣམ་པར་ཤེས་པ་གནས་པའི་བྱ་བ་མི་བྱེད་དེ། སྲེད་པ་ཀུན་ཏུ་སྤྱོད་པའི་དབང་གིས་ན་དེ་ཉིད་རྣམ་པར་ཤེས་པ་རབ་ཏུ་གནས་པ་ཡིན་ན། དེ་དག་ལ་སྲེད་པ་ཀུན་ཏུ་སྤྱོད་པ་མེད་པའི་ཕྱིར་རོ། །རྒྱུ་གཞན་པ་དག་དང་། སེམས་
ཅན་དུ་བགྲང་བ་མ་ཡིན་པ་དག་ནི་རང་གི་ས་པ་ཡིན་ཡང་རྣམ་པར་ཤེས་པ་གནས་པ་མ་ཡིན་ནོ། །གཞན་དག་ན་རེ། དེ་དག་ཀྱང་རྣམ་པར་ཤེས་པ་གནས་པ་ཡིན་ཏེ། དེ་ལ་ཡང་རྣམ་པར་ཤེས་པ་ཉེ་བར་བརླན་པ་འཕེལ་བར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །རྣམ་པར་ཤེས་པ་འགྲོ་
བར་བྱེད་པ་ནི་འཇུག་པར་བྱེད་ཅེས་བྱ་བའི་དོན་ཏོ། །གཞན་དུ་མངོན་པར་དགའ་བ་ཡོངས་སུ་གཟུང་བས་འཇུག་པ་གཞན་ཡང་བརྗོད་པར་བྱའོ་ཞེས་ཏེ། མངོན་པར་དགའ་བ་ཡོངས་སུ་གཟུང་བ་ཡོད་པས་གང་ཞིག་ཚོར་བ་ལ་སོགས་པ་དང་འདྲེས་པའི་རྣམ་པར་ཤེས་པའི་འཇུག་པ་
ཐ་དད་མེད་པའི་དུས་དེ་འདིར་འཇུག་པར་མངོན་པར་འདོད་དོ། །གྲུ་དང་མཉེན་པའི་ཚུལ་གྱིས་ཞེས་བྱ་བ་ནི་དཔེའོ། །གཞན་དུ་རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པ་ལ་གནས་ནས་འགྲོ་བར་བྱེད་པ་མ་ཡིན་ནོ། །འོ་ན་མདོ་ལས་ཞེས་བྱ་བ་འདིས་ནི་རྣམ་པར་ཤེས་པ་ཡང་རྣམ་པར་
ཤེས་པ་གནས་པ་ཡིན་པར་བཤད་དོ་ཞེས་སྟོན་ཏོ། །དགའ་བ་ནི་ཡིད་བདེ་བའོ། །རྣམ་པར་ཤེས་པ་གནས་པ་བདུན་ཕུང་པོ་ལྔའི་རང་བཞིན་དག་ཡིན་ནོ་ཞེས་བྱ་བ་དེ་ཡང་ཇི་ལྟ་བུ་ཞེས་བྱ་བ་འདིས་ནི་ཡང་མདོ་དང་འགལ་བར་སྟོན་ཏེ། འདི་ལ་རྣམ་པར་ཤེས་པ་གནས་པ་གང་ཡིན་
ཞེ་ན། དེ་དག་དང་ལྡན་པའི་ཕུང་པོ་ལྔ་ཡང་མ་ཡིན་ནོ་ཞེས་བཤད་ན་གལ་ཏེ་གནས་པ་ལྔ་པོ་ཡོངས་སུ་སྤངས་ནས་གནས་པ་ཞེས་བྱ་བ་ནི་དེ་ཇི་ལྟ་བུ་ཡིན། དེ་ལྟ་ན་འོ་ན་ནི་བྱེ་བྲག་མེད་པར་ཞེས་བྱ་བ་ནི་མདོ་དང་བསྟན་བཅོས་དག་དང་མི་འགལ་བར་བསྟན་པའོ། །བྱེ་བྲག་མེད་པར་
ནི་ཞེས་བྱ་བ་ནི་ཁྱད་པར་མེད་པ་སྟེ། ལྔ་ཆར་ལ་ཡང་ཞེས་བྱ་བའི་དོན་གང་ཡིན་པའོ། །སྐྱེ་བའི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕུང་པོ་དག་ལ་ཞེས་བྱ་བ་ནི་མི་ལ་སོགས་པའི་རིས་ཀྱིས་བསྡུས་པ་དུས་གསུམ་པ་དག་ལའོ། །མངོན་པར་དགའ་བ་དང་བཅས་པ་ཞེས་བྱ་བ་ལ། མངོན་པར་
Vol. 209 · folio 339a
དགའ་བ་ནི་ཡིད་བདེ་བ་དང་ཉོན་མོངས་པ་ཅན་ནོ། །འདིར་གནས་བརྟན་འདུས་བཟང་གིས་མང་དུ་བཤད་པ་དེ་ཡང་མངས་པའི་འཇིགས་པས་རྣམ་པར་མ་དཔྱད་དོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་ངན་སོང་རྣམས་དང་། བསམ་
གཏན་བཞི་པ་དང་སྲིད་པའི་རྩེ་མོའི་རྣམ་པར་ཤེས་པ་གང་ཡིན་པ་དང་། ཟག་པ་མེད་པའི་ཕུང་པོ་རྣམས་སོ། །འགྲོ་བ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་སྨོས་པས་ནི་སྣོད་དང་། སྲིད་པ་བར་མ་དང་ས་བསྡུའོ། ཁམས་དག་སེམས་ཅན་དང་སེམས་
ཅན་དུ་སྟོན་པ་ཉིད་ཡིན་པའི་ཕྱིར། སྐྱེ་གནས་དེ་དག་གང་གི་ཡིན་པ་མི་ཤེས་པས་སེམས་ཅན་ཞེས་བྱ་བ་སྨོས་ཏེ། སྐྱེ་གནས་དག་ནི་སེམས་ཅན་དུ་བགྲང་བ་མ་ཡིན་པ་ཡོད་པ་མ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན་སྒོ་ང་ལས་སྐྱེས་སོགས་ཞེས་བྱ་བ་སྨོས་ཏེ། སྐྱེ་གནས་ཞེས་
བྱ་བ་ནི་སེམས་ཅན་རྣམས་ཀྱི་རིགས་ཡིན་གྱི་སྐྱེ་ས་ནི་མ་ཡིན་ནོ། །སྒོ་ང་ལས་སྐྱེས་པའི་སྐྱེ་གནས་ནི་སྒོ་ང་ལས་སྐྱེས་པའི་རིགས་ཞེས་བྱ་བའི་དོན་ཏོ། །རྫུས་ཏེ་སྐྱེས་པའི་སྐྱེ་གནས་ཀྱི་བར་དུ་ཡང་དེ་དང་འདྲའོ། །ཡང་དོན་གང་གི་རིགས་ལ་སྐྱེ་གནས་ཞེས་བརྗོད་ཅེ་ན། དེའི་ཕྱིར་
འདིར་སེམས་ཅན་འཆོལ་བར་འགྱུར་ཞིང་ཞེས་བྱ་བ་སྨོས་སོ། །འཆོལ་བར་འགྱུར་ཞེས་བྱ་བའི་དོན་གང་ཡིན་ཞེ་ན། འདྲེ་བར་འགྱུར་བ་ཞེས་བྱ་བའི་དོན་འདི་ཡིན་ནོ། །འདྲེ་བར་འགྱུར་བ་ཡང་སྐྱེ་བ་ཐུན་མོང་བའི་ཕྱིར་ཏེ། སྐྱེ་བ་ཆོས་མཚུངས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྒོ་ང་ལས་
སྐྱེས་པ་རིགས་སུ་མི་རུང་སྟེ། སྒོ་ང་ལས་སྐྱེས་པ་ལ་སོགས་པ་རྣམས་ལས་གཞན་ངེས་པར་གཟུང་བའི་ཕྱིར། བྲམ་ཟེའི་རིགས་བཞིན་ནོ། །འདིར་སྐྱེ་བ་ཁོ་ན་ནི་མ་ཡིན་ན་རིགས་དང་ཁམས་དང་འགྲོ་བ་རྣམས་ཀྱང་སྐྱེ་གནས་ཉིད་དུ་ཐལ་བར་འགྱུར་རོ། །སེམས་ཅན་ལས་སེམས་
ཅན་མཐའ་དག་ཀྱང་འདྲེས་པར་འགྱུར་བས་སྐྱེ་བའི་རྒྱུ་སྐྱེ་གནས་ཡིན་ནོ་ཞེས་སློབ་དཔོན་དཔལ་ལེན་ཟེར་རོ། །དེ་ལྟ་ན་སྒོ་ང་ལས་སྐྱེས་པ་ལ་སོགས་པ་རྣམས་ཁོ་ན་སྐྱེ་གནས་ཉིད་དུ་ཐལ་བར་འགྱུར་རོ། །མངལ་ནི་གང་གིས་མའི་ལྟོ་བར་བུ་ཉེ་བར་དཀྲིས་པའོ། །དྲོད་གཤེར་ནི་འདམ་རྫབ་ལ་
Vol. 209 · folio 339b
ལ་སོགས་པ་རྣམས་སུ་གཤེར་བ་ཉིད་དོ། །དབང་པོ་མ་ཚང་བ་མ་ཡིན་པ་ཞེས་རྒྱ་ཆེར་འབྱུང་བ་ལ། དབང་པོ་མཐའ་དག་ཡོངས་སུ་རྫོགས་པ་ནི་ཡན་ལག་ཐམས་ཅད་དང་ལྡན་པ་སྟེ་མགོ་དང་ལག་པ་ལ་སོགས་པའོ། །ཉིང་ལག་དང་ལྡན་པ་ནི་མཐེབ་སོར་ལ་སོགས་པ་དང་ལྡན་པའོ། །སྔར་
གྱི་རྒྱུ་ལ་མི་ལྟོས་པ་ཅིག་ཅར་དུ་སྐྱེ་བ་རྣམས་སོ་ཞེས་བྱ་བ་ལ་སྒོ་ང་ལས་སྐྱེ་བ་ལ་སོགས་པ་ལྟར་ནུར་ནུར་པོ་ལ་སོགས་པའི་རིམ་གྱིས་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན་དང་པོ་ཉིད་ནས་དབང་པོ་མ་ཚང་བ་མ་ཡིན་ཞིང་དམན་པ་མ་ཡིན་པ་ལ་སོགས་པའོ། །སྐྱེ་བ་ལ་ནི་འབྱུང་བ་ལའོ། །སྐྱེ་བ་དང་བརྫུ་བ་དང་། འབྱུང་
བ་ཞེས་བྱ་བ་ནི་དོན་གཅིག་སྟེ། དེ་ལ་མཛེས་པར་བྱེད་པའི་ཕྱིར་རྫུས་ཏེ་བྱུང་བ་རྣམས་སོ། །འདི་དག་གི་རང་བཞིན་ཡང་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ནི་ཕུང་པོ་བཞི་དང་ལྔའི་རང་བཞིན་ཡིན། དེ་ལས་གཞན་རྣམས་ནི་ཕུང་པོ་ལྔའི་རང་བཞིན་ཡིན། ཐམས་ཅད་ཀྱང་རྣམ་པར་སྨིན་པ་དང་
རྒྱས་པའི་རྒྱུད་ཀྱི་རང་བཞིན་ནོ། །ཁ་ཅིག་ན་རེ་ཡི་དགས་རྣམས་ནི་རྫུས་ཏེ་སྐྱེ་བ་ཁོ་ན་ཡིན་ནོ་ཞེས་ཟེར་ཏེ། དེའི་ཕྱིར་ཡི་དགས་ལ་མངལ་ནས་སྐྱེ་བ་ཉིད་བསྒྲུབ་པའི་ཕྱིར་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གཞན་དག་ན་རེ་འོན་ཀྱང་བདག་ནི་
ཚིམ་པ་མེད་ཅེས་འབྱུང་བའི་ཕྱིར་རྫུས་ཏེ་སྐྱེ་བ་ཉིད་དུ་གྲུབ་པར་བྱ་བའི་ཕྱིར་ཡིན་པར་ཤིན་ཏུ་ཆེས་རྟོགས་པ་མ་ཡིན་ནམ། མངལ་ནས་སྐྱེ་བ་དག་གིས་ནི་ཇི་ལྟར་བགྲངས་པར་མི་འགྱུར། མངལ་ནས་སྐྱེས་པ་ཉིད་ཡིན་ན་ནི་ཉིན་མོ་དང་མཚན་མོར་ལྔ་ལྔ་སྐྱེ་བར་ཡང་མི་རིགས་སོ། །
ཞེ་ན། བཀྲེས་པ་ཤིན་ཏུ་འཕེལ་བའི་ཕྱིར་ཚིམ་པ་མེད་དོ། །དེ་འདྲ་བ་དེ་ནི་སེམས་ཅན་གྱི་རང་བཞིན་ཡིན་པས་ཉིན་མཚན་དུ་ལྔ་ལྔ་སྐྱེ་བར་མི་འགལ་ལ། ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཡང་འགལ་བ་མེད་དོ། །སྐྱེ་གནས་ཐམས་ཅད་དུ་སྐྱེས་པ་རྣམས་
ལ་འཕགས་པའི་ཆོས་ཐོབ་པའི་གོ་སྐབས་ཡོད་མོད་ཀྱི། འཕགས་པའི་ཆོས་ཐོབ་ཟིན་པ་རྣམས་ནི་སྒོ་ང་ལས་སྐྱེས་པ་དང་དྲོད་གཤེར་ལས་སྐྱེ་བའི་གནས་དག་ཏུ་མི་སྐྱེའོ། །རྫུས་ཏེ་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ལ་དེའི་སྐྱེ་གནས་པ་རྣམས་ནི་སྐྱེ་མཆེད་དྲུག་ཚང་བ་ཁོ་ན་འགྲུབ་པའི་ཕྱིར་སྐྱེ་
Vol. 209 · folio 340a
གནས་ཐམས་ཅད་ཀྱི་ནང་ན་རྫུས་ཏེ་སྐྱེ་བ་ཁོ་ན་བཟང་ངོ་། །གལ་ཏེ་ཐམས་ཅད་ཀྱི་ནང་ན་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཁོ་ན་བཟང་ན་ཡང་ཅིའི་ཕྱིར་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་མངལ་ནས་སྐྱེ་བའི་སྐྱེ་གནས་ལེན། ལས་དག་གིས་ལེན་ནོ་ཞེ་ན། དེའི་
ཕྱིར་སྐྱེ་བ་ལ་དབང་ཐོབ་པ་ཡང་ཞེས་བྱ་བ་སྨོས་སོ། །འཁོར་ལོས་སྒྱུར་བའི་རིགས་སུ་འཁྲུངས་པ་ནི་འཁོར་ལོས་སྒྱུར་བའི་རིགས་སོ། །གཞན་མུ་སྟེགས་ཅན་ཞེས་བྱ་བ་ནི་གཅེར་བུ་པ་གཉེན་གྱི་བུ་ལ་སོགས་པ་དག་གོ །སྒྱུ་མས་འཇིག་རྟེན་ཟའོ་ཞེས་བྱ་བ་ནི་ཉེ་བར་བསླུ་བའོ་
ཞེས་བྱ་བའི་དོན་ཏོ། །ཕྱིའི་ས་བོན་མེད་པའི་ཕྱིར་ཞེས་བྱ་བ་ནི་ཕྱིའི་ཁུ་བ་དང་ཁྲག་གི་འདམ་ལ་སོགས་པ་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བྱིན་གྱིས་བརླབས་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ལ། བྱིན་གྱིས་བརླབས་ཀྱི་དགོས་པ་ཅན་ནམ། བྱིན་གྱིས་བརླབས་པ་
ཡོད་པ་ནི་བྱིན་གྱིས་བརླབས་ལས་བྱུང་བའོ། །བྱིན་གྱིས་བརླབས་ནི་འདི་ནི་འདི་ལྟར་གྱུར་ཅིག་ཅེས་བྱིན་གྱིས་རློབ་པ་གང་ཡིན་པའོ། །ལན་དེ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ལ། སློབ་དཔོན་འདུས་བཟང་ན་རེ། རིགས་པ་ཉིད་དོ་ཞེས་ཟེར་ཏེ། གནས་སྐབས་སུ་འབྱུང་
བ་དུས་ཆེས་རིང་པོར་འཇུག་པའི་ཕྱིར་བྱིན་གྱིས་བརླབས་པ་རིགས་སོ། །དྲི་བ་ལས་དྲི་བ་གཞན་འབྱུང་སྟེ་ཞེས་བྱ་བ་ནི་འོ་ན་ཅིའི་ཕྱིར་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དྲི་བ་དེ་ལས་དྲི་བ་འདི་བྱུང་བའོ། །གལ་ཏེ་རྫུས་ཏེ་སྐྱེ་བ་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ།
ལུས་ཞིག་པ་ནི་ཤི་བའི་ལུས་གནས་པ་མེད་པའོ། །སྒོ་ང་ལས་སྐྱེ་བ་ལ་སོགས་པ་ལས་ཁྱད་དུ་བྱ་བའི་ཕྱིར་རྫུས་ཏེ་སྐྱེ་བའི་ཀླུ་བཟའ་བའི་ཕྱིར་འབྱིན་ཏོ་ཞེས་བྱ་བ་སྨོས་སོ། །ཀླུ་དང་ནམ་མཁའ་ལྡིང་དག་ནི་རྣམ་པ་བཞི་ཡིན་ཏེ། དེ་དག་གི་མཆོག་ནི་རྫུས་ཏེ་སྐྱེ་བའོ། །བར་མ་ནི་
མངལ་ནས་སྐྱེ་བའོ། །ཐ་ཆད་ནི་སྒོ་ང་ལས་སྐྱེས་པའོ། །དེ་ལ་རྫུས་ཏེ་སྐྱེ་བའི་མཁའ་ལྡིང་གིས་ནི་དྲོད་གཤེར་ལས་སྐྱེས་པ་ལ་སོགས་པ་དག་ལས་སྔ་མ་སྔ་མ་ཟོས་ནས། ཀླུ་ཐམས་ཅད་བཟའ་བའི་ཕྱིར་འབྱིན་ཏོ། །ཤི་བ་དེས་ཚིམ་པར་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་
Vol. 209 · folio 340b
འདིས་སྔར་མ་ཤི་བར་ཟོས་པ་གང་ཡིན་པ་དེ་ཡང་ཤི་བའི་ཚེ་མི་སྣང་བར་འགྱུར་རོ། །དེས་ནི་འགྲོ་བ་གཉིས་ཞེས་བྱ་བ་ནི་ལྷའི་འགྲོ་བ་དང་། དམྱལ་བའི་འགྲོ་བའོ། །གསུམ་གྱི་ཕྱོགས་ཞེས་བྱ་བ་ནི་མི་དང་དུད་འགྲོ་དང་ཡི་དགས་རྣམས་ཀྱི་ཕྱོགས་སོ། །གང་ལས་སྲིད་པ་བར་མ་ཐམས་
ཅད་ཡིན་ནོ་ཞེས་དེ་སྐད་དུ་བརྗོད་པ། སྲིད་པ་བར་མ་ཞེས་བྱ་བ་འདི་ཅི་ཞེ་ན། ཞེས་བྱ་བ་ལ་འདི་ལོག་པར་རྟོགས་པའི་ཕྱིར་དང་། མཚན་ཉིད་མ་བསྟན་པའི་ཕྱིར་ཐེ་ཚོམ་ཟ་བས་དྲིས་པའོ། །འགྲོ་བའི་བར་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་འགྲོ་བ་སྔ་མ་དང་ཕྱི་མའི་བར་ན་ཡོད་པའི་
ཕྱིར་རོ། །ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདི་སྐྱེས་པ་ཡང་ཡིན་ལ། བྱུང་བ་ཡང་མ་ཡིན་ཞེ་ན། ཞེས་བྱ་བ་ལ་འདི་སྐད་དུ་འདི་ཤི་ཞིང་མངོན་པར་གྲུབ་པ་ཡང་ཡིན་ལ་བྱུང་བ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ནི་ངེས་
པར་ལས་ཀྱི་སྒོ་ནས་མངོན་པར་གྲུབ་པར་ཁས་བླངས་པར་བྱའི་རང་བཞིན་གྱི་སྒོ་ནས་མ་ཡིན་ཏེ་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གདོན་མི་ཟ་བར་སྐྱེ་བ་ཁས་བླང་བར་བྱ་སྟེ། ལས་ཀྱི་རྒྱུས་བསྐྱེད་པའི་ཕྱིར་ཞེས་འབྱུང་བའི་ཕྱིར་སོན་པ་ནི་འབྱུང་བ་ཞེས་བརྗོད་དོ། །
འདི་སྐད་བསྟན་པར་འགྱུར་ཏེ། བྱུང་བའི་སྒྲ་ནི་སོན་པ་ལ་འཇུག་གོ། །སྲིད་པ་བར་མ་ནི་བགྲོད་པའི་ཡུལ་དུ་མ་ཕྱིན་པའི་ཕྱིར་བྱུང་བ་མ་ཡིན་ཏེ། འོ་ན་ཅི་ཞེ་ན་འབྱུང་བཞིན་པ་ཡིན་ནོ། །སོན་པ་ནི་ཞེས་བྱ་བ་འདིས་ནི་བྱུང་བའི་སྒྲ་སོན་པ་ལ་འཇུག་གོ་ཞེས་སྟོན་ཏོ། །གཞན་དག་ན་རེ། དེས་
བགྲོད་པར་བྱ་བའི་ཡུལ་གང་ཡིན་པ་དེ་དང་། ད་རུང་དུ་ཡང་དེ་མི་ལྡན་ཏེ། ཡུལ་དེ་དང་མི་ལྡན་ཞེས་བྱ་བའི་དོན་ཏོ་ཞེས་ཟེར་རོ། །དེའི་ཕྱིར་རྣམ་པར་སྨིན་པ་གཞན་གྲུབ་ཀྱང་བྱུང་བ་ཞེས་མི་བྱ་སྟེ། དེ་ཉིད་ཀྱི་ཕྱིར་སྐྱེ་བའི་སྲིད་པའི་བར་དུ་འབྱུང་བའི་ཕྱིར་སྲིད་པ་བར་མ་ཡིན་ནོ་ཞེས་
བསྟན་ཏོ་ཞེས་བྱའོ། །གང་དུ་རྣམ་པར་སྨིན་པ་འཕངས་པ་ཞེས་བྱ་བ་ལ། འཕེན་པ་བྱེད་པའི་ལས་ཀྱིས་ནི་རིས་མཐུན་པ་མངོན་པར་འགྲུབ་པ་ཡིན་ལ། རྫོགས་པར་བྱེད་པ་དག་གིས་ནི་རྫོགས་པར་བྱེད་དེ། གཅིག་གིས་སྐྱེ་བ་གཅིག་འཕེན་ཏེ། ཡོངས་རྫོགས་བྱེད་པ་དུ་མ་
Vol. 209 · folio 341a
ཡིན་ཞེས་བྱ་བ་སྐྱེ་བ་ཐམས་ཅད་ལ་ལས་གཉིས་ཀྱིས་བྱ་བ་བྱེད་དོ། །གཞན་དག་ན་རེ་འཆི་བའི་སྲིད་པ་ཆད་པ་ཁོ་ན་ལས་ཞེས་བྱ་བ་ལ་སོགས་པ་ལ་འཆི་བའི་སྲིད་པའི་མཇུག་ཐོགས་ཁོ་ནར་ཡུལ་གཞན་དུ་སྐྱེ་བའི་སྲིད་པ་འབྱུང་གི་བར་ན་གནས་པའི་བདག་ཉིད་
ཅན་རྒྱུ་མཚན་གཞན་སྔོན་དུ་འགྲོ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རིགས་པ་དང་ལུང་ལས་ཏེ་ཞེས་བྱ་བ་ལ་རིགས་པ་དང་ལུང་རྐྱང་པ་དག་ཚད་མ་མ་ཡིན་པའི་ཕྱིར་གཉི་ག་ཉེ་བར་བཀོད་དོ། །འབྲུའི་རྒྱུན་དང་ཆོས་མཐུན་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་གལ་ཏེ་འཆི་བའི་སྲིད་
པ་ཁོ་ན་ལས་ཡུལ་གཞན་དག་ཏུ་སྐྱེ་བའི་སྲིད་པ་འབྱུང་བར་འདོད་ན་ནི། དེ་ལྟ་ན་སྐྱེ་བའི་སྲིད་པ་མི་སྲིད་པ་ཉིད་དུ་ཐལ་བར་འགྱུར་ཏེ། རྒྱུན་གྱིས་འཇུག་པའི་ཕྱིར་རོ། །འདི་ལྟར་རྒྱུན་གྱིས་འཇུག་པའི་ཕྱིར་དངོས་པོ་རྣམས་ནི་ཆད་ནས་ཡུལ་གཞན་དག་ཏུ་འབྱུང་བར་མ་མཐོང་སྟེ། དཔེར་
ན་འབྲུའི་རྒྱུན་དུ་གཏོགས་པའི་འབྲུའི་འབྲས་བུ་རྣམས་རྒྱུན་དུ་འབྲེལ་པས་རྒྱས་པ་བཞིན་ནོ། །འདི་དག་ལ་རྒྱུན་གྱིས་འཇུག་པའི་ངང་ཚུལ་ཡོད་པས་ན་རྒྱུན་གྱིས་འཇུག་པའོ། །ཡུལ་གཞན་དག་ཏུ་ཞེས་བྱ་བ་སྨོས་པའི་ཕྱིར་སེམས་ཀྱི་རྒྱུན་གྱིས་མ་ངེས་པ་ཡང་མ་ཡིན་ཏེ། འགོག་པ་དང་
འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལས་ལྡང་བའི་སེམས་ཡོད་པ་ན་དུས་གཞན་དུ་ཆད་པ་ཞེས་བྱ་སྟེ། དེ་བཞིན་དུ་གཟུགས་མེད་པའི་ཁམས་ནས་ཤི་འཕོས་པ་རྣམས་ལ་ཡང་གཟུགས་སྐྱེ་བ་ཡུལ་གཞན་དུ་ཆད་པ་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །རྒྱུའི་གཟུགས་ལས་འབྲས་
བུའི་གཟུགས་ཆད་ནས་འབྱུང་བ་ཡང་མཐོང་སྟེ། དཔེར་ན་གཟུགས་ལས་གཟུགས་བརྙན་བཞིན་ཞེས་བྱ་བ་ནི་རྒྱུ་འཁྲུལ་པ་ལས་བྱུང་ཞེས་པའོ། །གཟུགས་བརྙན་མ་གྲུབ་ཕྱིར་པ་དང་། ཞེས་བྱ་བ་འདིས་བརྗོད་པར་འདོད་པ་མེད་པའི་ཕྱིར་མ་ངེས་པ་ཉིད་དོ་ཞེས་སྟོན་པར་བྱེད་དོ། །དམིགས་
པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དམིགས་པ་མེད་པའི་ཆོས་རྣམས་གང་ཞེ་ན། གཟུགས་དང་འདུས་མ་བྱས་དང་ལྡན་པ་མ་ཡིན་པ་རྣམས་སོ་ཞེས་བསྟན་བཅོས་ལས་འབྱུང་བས་ན་གཟུགས་བརྙན་སེམས་དང་སེམས་ལས་བྱུང་
Vol. 209 · folio 341b
བའི་དམིགས་པ་ཡིན་པའི་ཕྱིར་ཡོད་དོ་ཞེ་ན། འདིའི་ལན་གྱི་ཕྱིར་མི་འདྲའི་ཕྱིར་ན་དཔེ་མ་ཡིན་ཞེས་བྱ་བ་སྨོས་སོ། །ཁ་དོག་གི་ཁྱད་པར་གཞན་ཞེས་བྱ་བ་ལ། མེ་ལོང་གི་ཁ་དོག་ལས་གཞན་པ་ནི་ཁ་དོག་གི་ཁྱད་པར་གཞན་ནོ། །ཚིག་ཙམ་གྱིས་དད་པར་མི་འགྱུར་བས་འདྲི་བ་ནི་རེ་ཞིག་
ཇི་ལྟར་མ་གྲུབ་ཅེ་ན་ཞེས་བྱའོ། །ཡུལ་དེ་ཉིད་ན་ཞེས་བྱ་བ་ལ་ཟུར་ན་གནས་པས་མེ་ལོང་གི་ཡུལ་དེ་ཉིད་ན་མེ་ལོང་གི་གཟུགས་མཐོང་གི་གཟུགས་བརྙན་མ་ཡིན་ལ་མདུན་ན་གནས་པས་གཟུགས་བརྙན་མཐོང་གི་མེ་ལོང་གི་གཟུགས་མ་ཡིན་ཏེ། དེ་ལྟར་བསྡོམས་པས་དེར་གཉིས་ཀ་
སྣང་ངོ་། །གཞན་དག་ན་རེ་མདུན་དུ་ཕྱོགས་པས་གཉིས་ཀ་མཐོང་ངོ་ཞེས་ཟེར་རོ། །དེའི་ཕྱིར་མེ་ལོང་གཅིག་ན་སྣང་བ་གཉིས་ལྷན་ཅིག་ཏུ་མི་སྲིད་པའི་ཕྱིར་དེ་ན་མེ་ལོང་གི་གཟུགས་ལས་གཟུགས་བརྙན་ཡོད་པ་མ་ཡིན་ནོ། །རྟེན་གྱི་འབྱུང་བ་ཐ་དད་པའི་ཕྱིར་ཞེས་བྱ་བ་ལ་དེ་
གཉིས་ཀྱི་རྟེན་གྱི་འབྱུང་བ་རྣམས་ནི་ཐ་དད་པ་ཡིན་ལ། མེ་ལོང་གི་གཟུགས་ཀྱི་རྟེན་གྱི་འབྱུང་བ་རྣམས་ཀྱིས་གཟུང་བའི་ཡུལ་དེ་ན་གཟུགས་བརྙན་གྱི་གཟུགས་ཀྱི་རྟེན་གྱི་འབྱུང་བ་རྣམས་ཀྱི་གོ་ཡོད་པ་ཡང་མ་ཡིན་ཏེ། ཐོགས་པ་དང་བཅས་པའི་ཕྱིར་རོ། །དེའི་ཕྱིར་དེ་ན་རྒྱུར་བྱས་
པའི་གཟུགས་གཉིས་ལྷན་ཅིག་འབྱུང་བ་ནི་མེད་དོ། །དེ་བཞིན་དུ་ཕྱོགས་གཞན་ན་གནས་པ་རྣམས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཕྱོགས་ཐ་དད་པ་ན་གནས་པའི་སྐྱེས་བུ་གཅིག་གིས་རྒྱབ་ཀྱི་ཤིང་ལྗོན་པ་ལ་སོགས་པའི་གཟུགས་ཇི་ལྟར་ཡིན་པ་དེ་བཞིན་དུ་གཞན་གྱི་
ཡང་དེ་ཁོ་ན་ལྟར་ཡིན་ནོ། །དེ་ལ་གཅིག་གིས་ནི་རང་གི་མདུན་རོལ་གྱི་ཡུལ་ན་གནས་པའི་ཤིང་ལྗོན་པ་ལ་སོགས་པའི་གཟུགས་ཀྱི་གཟུགས་བརྙན་དམིགས་ཀྱི། རྒྱབ་ན་གནས་པའི་མ་ཡིན་ལ། ཅིག་ཤོས་ཀྱིས་ཀྱང་མཚེའུའི་ཆུའི་ཡུལ་དེ་ཉིད་དུ་དེ་ཁོ་ན་ལྟར་དམིགས་སོ། །གལ་
ཏེ་དེ་ན་ཆུའི་གཟུགས་ལྟར་གཟུགས་བརྙན་གྱི་གཟུགས་དག་ཀྱང་ཡོད་ན་ནི་གཟུགས་ཐུན་མོང་བ་ཡིན་པས་ཐམས་ཅད་ཀྱིས་ཆུའི་གཟུགས་ཅིའི་ཕྱིར་མ་དམིགས། དམིགས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་འདི་ནི་འཁྲུལ་པ་ཙམ་ཞིག་ཡིན་གྱི་གཟུགས་གཞན་ནི་མ་ཡིན་ནོ། །ཡང་གྲིབ་
Vol. 209 · folio 342a
མ་དང་ཉི་མ་གཉིས་ཀྱང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལ་གང་གི་ཚེ་མེ་ལོང་གྲིབ་མ་ན་འདུག་ཅིང་བསྒྲིབས་པ་མ་ཡིན་པའི་ཚེ་དེར་ཉི་མའི་གཟུགས་བརྙན་སྣང་ལ། ཉི་མ་ལ་འདུག་པ་ལ་གྲིབ་མ་སྣང་ན། ཉི་མ་དང་གྲིབ་མ་དག་ནི་ལྷན་ཅིག་གནས་པར་
འགལ་བའི་ཕྱིར་རོ། །དེར་ཡང་དེར་སྐྱེ་བཞིན་པ་དེར་དམིགས་པ་མ་ཡིན་ཏེ་མེ་ལོང་ལ་གཟུགས་བཞིན་ནོ། །གལ་ཏེ་ཅུང་ཟད་ཀྱང་མེད་ན། འོ་ན་དེ་ཇི་ལྟར་སྣང་ཞེ་ན། དེའི་ཕྱིར་གང་དེ་ལྟར་སྣང་བ་དེ་ནི་ཚོགས་པ་དེའི་མཐུ་དེ་འདྲ་བ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། མཐུ་དང་ནུས་
པ་དང་ནུས་མཐུ་ཞེས་བྱ་བ་ནི་དོན་གཅིག་གོ། །ཇི་ལྟར་ཞེ་ན་ཆོས་རྣམས་ཀྱི་མཐུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཇི་ལྟར་མིག་སེར་གྱིས་མིག་ཉམས་པར་བྱས་པས་ཐམས་ཅད་དུ་སེར་པོར་མཐོང་ལ། རབ་རིབ་ཅན་གྱིས་ཟླ་བ་གཉིས་སུ་མཐོང་བ་དང་། ཇི་ལྟར་ཁབ་ལེན་
ཁོ་ནས་ལྕགས་དག་འདྲེན་གྱི་གཞན་གྱིས་མ་ཡིན་པ་དང་། ཟླ་བ་ཤར་ན་ཆུ་ཤེལ་ཁོ་ན་ལས་ཆུ་འབྱུང་གི །སོལ་བ་ལ་སོགས་པ་དག་ལས་མ་ཡིན་པ་དེ་བཞིན་དུ་གཟུགས་གཞན་མེད་ཀྱང་མིག་དང་མེ་ལོང་གི་ངོས་དང་དེའི་བཞིན་གྱི་གཟུགས་ལ་བརྟེན་ནས་དེའི་གཟུགས་བརྙན་
གྱི་རྣམ་པ་ཅན་གྱི་མིག་གི་རྣམ་པར་ཤེས་པ་འབྱུང་བ་ཡིན་ནོ། །འདི་ལ་འགའ་ཞིག་ན་རེ། གཅིག་ན་ལྷན་ཅིག་གཉིས་མེད་ཕྱིར་ཞེས་བྱ་བ་ལ། ཁྱེད་ཅག་རྣམས་ཉིད་ཀྱིས་ལན་དུ་བྱས་པ་ཚོགས་པའི་མཐུ་ལས་དེ་དང་འདྲ་བར་སྣང་བ་གང་ཡིན་པ་ནི་ཡུལ་ཐ་དད་པ་དག་ཏུ་ཡང་
མེ་ལོང་ལ་གཟུགས་བརྙན་གྱི་གཟུགས་དག་ཐ་མི་དད་པའི་ཡུལ་དུ་མཐོང་བར་འགྱུར་རོ། །ཕྲ་བ་དང་དྲོ་བ་དང་བསིལ་བའི་རེག་བྱ་བཞིན་ནོ། །མེ་ལོང་གི་འབྱུང་བ་ཆེན་པོ་རྣམས་གཟུགས་བརྙན་གྱི་འབྱུང་བ་ཆེན་པོ་རྣམས་ལས་ཐ་དད་པའི་ཁྱད་པར་མེད་དེ། འདུས་པ་རྣམས་བར་
དང་བཅས་པའི་ཕྱིར་རོ། །གཟུགས་བརྙན་གྱི་འབྱུང་བ་ཆེན་པོ་རྣམས་ཕྲ་བའི་ཕྱིར་ཁོ་བོ་ཅག་ཀྱང་གཟུགས་གཅིག་ལ་གཉིས་སུ་མཐོང་བ་དང་ལྷན་ཅིག་མཐོང་བ་ཡིན་ནོ་ཞེས་མི་སྨྲའོ། །དེ་ལ་གཟུགས་བརྙན་རྣམས་ནི་འོག་ཏུ་ཞུགས་པ་ལ་འབྱུང་སྟེ། གང་གི་ཕྱིར་རང་གི་ཡུལ་དུ་གཟུགས་
Vol. 209 · folio 342b
དང་གཟུགས་བརྙན་དག་མི་སྣང་ལ། ཡུལ་གཞན་དུ་གཟུགས་བརྙན་རྣམས་ཀྱང་སྣང་བ་མཐོང་སྟེ་ཕྲ་བའི་སར་གཏོགས་པའི་ཕྱིར་རོ། །དེའི་ཕྱིར་གང་ཞིག་དམའ་བར་གྱུར་པ་ལ་གཟུགས་དང་གཟུགས་བརྙན་རྣམས་ཀྱང་སྣང་ངོ་། །གང་བཤད་པ་གྲིབ་མ་དང་ཉི་མ་དག་ཀྱང་ལྷན་
ཅིག་འབྱུང་བ་མ་མཐོང་ན་ཞེས་བྱ་བ་ལ། དེ་མ་མཐོང་བ་བདེན་ནོ། །ཡང་གྲིབ་མ་ན་འདུག་པའི་མེ་ལོང་གི་ངོས་ལ་ཞེས་བྱ་བ་ལ་སོགས་པ་ལ་དེ་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། གང་ན་གྲིབ་མ་ཡོད་པ་དེ་ན་ཉི་མ་མེད་དེ། ཉི་མའི་གཟུགས་བརྙན་གྱིས་བར་ཆོད་པའི་ཕྱིར་རོ། །གང་ན་
ཉི་མའི་གཟུགས་བརྙན་ཡོད་པ་དེ་ན་གྲིབ་མ་མེད་དེ། ཉི་མའི་གཟུགས་བརྙན་གྱིས་བར་དུ་ཆོད་པའི་ཕྱིར་རོ། །འདི་ཡང་གང་གི་ཕྱིར་བཤད་ཅེ་ན། ཕྱོགས་གཞན་ཉིད་དུ་མེ་ལོང་གི་ངོས་ལ་ཞེས་རྒྱ་ཆེར་འབྱུང་སྟེ། འདི་ལ་ཁྱེད་ཅག་ཁོ་ནས་ལན་དུ་བྱས་པ་ཚོགས་པའི་མཐུ་ཁོ་ན་
ལས་དེ་འདྲ་བར་སྣང་ངོ་ཞེས་བྱའོ། །གཞན་དག་ན་རེ་ནམ་མཁའི་ཁམས་ཀྱི་གཟུགས་བརྙན་གྱི་ཁྱད་པར་ལས་ཡུལ་ཐ་དད་པའི་གཟུགས་བརྙན་ཡང་སྨོས་སོ། །གཉིས་ཀ་ལས་དེར་གཟུགས་བརྙན་སྐྱེ་སྟེ། ནམ་མཁའི་དབྱིངས་ནས་ཟླ་བའི་དཀྱིལ་འཁོར་བཞིན་ནོ་ཞེས་ཟེར་རོ། །ཆོས་
མངོན་པ་པ་རྣམས་ནི། གཟུགས་བརྙན་ཞེས་བྱ་བ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདུས་པའི་ཁྱད་པར་ཞིག་ཡོད་པ་ཉིད་དོ་ཞེས་ཟེར་རོ། །གཟུགས་བརྙན་གཞན་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་གཟུགས་བརྙན་གྱི་རྒྱུ་བཞིན་ནོ། །གཞན་ཡང་རྫས་ཀྱི་མཚན་ཉིད་དུ་ཡོད་པར་རིགས་པའི་
ཕྱིར་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པའི་མཚན་ཉིད་ཡོད་དོ་ཞེས་གྲག་གོ །ནམ་ཞིག་ཉེ་བར་དམིགས་པ་ན་དེ་ལས་གཞན་པའི་འདུས་བྱས་བཞིན་འདི་ཡོད་པ་ཉིད་དུ་གྲུབ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་རྣམ་པར་ཤེས་པའི་ཚོགས་ལྔའི་
ཡུལ་དུ་གྱུར་པ་དེ་ཡོད་པས་རབ་ཏུ་གྲུབ་པས་མིག་གི་རྣམ་པར་ཤེས་པ་ལ་ཡང་འདི་ཡུལ་དུ་འགྱུར་བས་ཡོད་པ་དེ་གཟུགས་གཞན་ལ་སྒྲིབ་པར་བྱེད་པའི་ཕྱིར་རོ། །གཟུགས་གཞན་ནི་གཟུགས་བརྙན་ལ་སྒྲིབ་པར་བྱེད་དེ། རང་གི་ཡུལ་དུ་གཞན་བསྐྱེད་པའི་གེགས་བྱེད་པའི་ཕྱིར་རོ། །གལ་ཏེ་
Vol. 209 · folio 343a
གཅིག་མ་ཡིན་ཡང་རང་གི་ཡུལ་མ་ཡིན་པར་མང་པོ་སྐྱེ་བ་མཐོང་བས་བསྒྲིབ་པ་མ་གྲུབ་བོ་ཞེ་ན། ཉི་མའི་བྱ་བའི་གཟུགས་བཞིན་ཡུལ་ཐ་དད་པ་རྣམས་སུ་འདི་ཡུལ་མ་ཡིན་པའི་མངོན་པའི་ང་རྒྱལ་གྱིས་མེ་ལོང་ལ་ཡང་དེ་ལྟར་མ་དམིགས་སོ། །མེ་ལོང་གཅིག་
ཉི་ཆེ་ལ་གཟུགས་བརྙན་གཉིས་སྐྱེ་བ་མེད་དོ། །གཞན་དུ་ན་དངོས་པོ་རྣམས་མཚུངས་པར་སྐྱེ་བའི་ཕྱིར་རོ། །གང་གི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་ཤེས་པ་རྣམས་དང་མྱུ་གུ་ལ་སོགས་པ་རྣམས་ཡོད་པ་ཉིད་དུ་གྲུབ་པས་འདི་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་དུ་
བལྟའོ། །གཟུགས་བརྙན་གྲུབ་ཀྱང་སྲིད་པ་བར་མ་ལ་སོགས་པ་རྣམས་ཀྱི་གཟུགས་ཆད་ནས་སྐྱེ་བ་ལ་འདི་དཔེར་ནུས་པ་མ་ཡིན་ཏེ། གཟུགས་བརྙན་དང་འབྲེལ་པ་ལས་སྐྱེ་བ་ཁས་བླངས་པའི་ཕྱིར་རོ། །བར་དུ་མིག་དང་སྣང་བ་དང་། བཞིན་ལ་སོགས་པའི་རྒྱུ་ལས་བར་ཆད་
མེད་པར་གཟུགས་བརྙན་སྐྱེ་བར་འགྱུར་ཏེ། དབུ་བ་བཞིན་ཁ་དོག་གི་རྟེན་ལ་གནས་པ་ཉིད་དུ་མཐོང་ངོ་། །རྩིག་པ་ལ་སོགས་པ་དང་ཉེ་བ་ལས་ཟླ་བའི་འོད་ལ་སོགས་པ་མཐོང་བ་བཞིན་ནོ། །ཡང་གཟུགས་དང་འབྲེལ་པ་ཉིད་ལས་གཟུགས་བརྙན་སྐྱེའོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་
པར་བྱ་ཞེ་ན་བསྒྲིབས་པ་རྣམས་ལ་མི་སྐྱེའོ། །གལ་ཏེ་ཟླ་བ་ལ་སོགས་པ་ལ་གེགས་བྱེད་པ་མེད་ན་ཆུ་ལ་སོགས་པ་ལ་གཟུགས་བརྙན་སྐྱེ་བར་འགྱུར་རོ། །བསྒྲིབས་པ་རྣམས་ལ་ཡང་སྐྱེ་བར་འགྱུར་རོ། །སྲིད་པ་བར་མ་དོ་མེད་པ་དང་ཡུལ་མེད་པར་ཕུང་པོ་འགགས་པ་ཡུལ་གཞན་
དུ་སྐྱེ་བ་ལྟ་བུ་འགྲོ་བའི་རྣམ་པ་བློ་ཧྲཱ་ས་ལ་སོགས་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །དེའི་ཕྱིར་མ་ཆད་པར་གཟུགས་བརྙན་སྐྱེའོ་ཞེས་བྱ་བ་འདི་སྲིད་པ་བར་མའི་དཔེ་མ་ཡིན་ནོ། །བྱཱ་གྷ་ཏཱ་ཡ་སམྦརྟྟ་ཏེ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་མང་དུ་བཤད་དེ། འདི་ཡང་གཞུང་མངས་པ་ཡོངས་
སུ་སྤང་བའི་ཕྱིར་རྣམ་པར་མི་དཔྱད་དོ། །འདིར་རྣམ་པར་བཤད་པ་ནི་གང་དག་ལ་དོགས་པ་ཡོད་པ་རང་ཉིད་ཀྱིས་ཁས་བླངས་ཏེ་སོ་སོར་བསྒྲུབ་པར་བྱས་སོ། །རྒྱུན་མིན་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་གལ་ཏེ་གཟུགས་བརྙན་གཟུགས་ཀྱི་རྒྱུན་གྱི་ཁོངས་སུ་གཏོགས་པ་ཡིན་ན་ནི་མེ་
Vol. 209 · folio 343b
ལོང་གི་རྒྱུད་དང་མ་འབྲེལ་པར་གཟུགས་དང་འབྲེལ་པ་ཁོ་ནར་འབྱུང་བར་འགྱུར་ཏེ། གཞན་གྱི་རྒྱུད་དུ་གཏོགས་པ་ནི་གཞན་གྱི་རྒྱུ་དང་འབྲེལ་ཏེ་འབྱུང་བར་མི་རིགས་སོ། །ལྷན་ཅིག་འབྱུང་བའི་ཕྱིར་ཡང་གཟུགས་བརྙན་གཟུགས་ཀྱི་རྒྱུན་མ་ཡིན་ཏེ། གང་ཞིག་གང་གི་རྒྱུན་ཡིན་པ་
དེ་ནི་ལྷན་ཅིག་འབྱུང་བར་མ་མཐོང་སྟེ། དཔེར་ན་ས་བོན་དང་མྱུ་གུ་བཞིན་ནོ། །ཇི་ལྟར་འཆི་བའི་སྲིད་པའི་རྒྱུན་སྐྱེ་བའི་སྲིད་པ་ལྟ་བུ་སྟེ་དེ་གཉིས་ནི་ལྷན་ཅིག་འབྱུང་བ་མ་ཡིན་ནོ། །རྒྱུན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྒྱུན་གྱིས་འཇུག་པའི་འབྲུ་དཔེར་བརྗོད་པ་ལ་གཟུགས་བརྙན་
རྒྱུན་དུ་གྱུར་པ་མ་ཡིན་པས་ཕྱིར་བཟློག་པས་དཔེ་མི་འདྲ་བ་ཡིན་ནོ། །གཟུགས་བརྙན་གྱི་གཙོ་བོའི་རྒྱུ་གང་ཡིན་པ་ནི་མེ་ལོང་ལ་སོགས་པ་སྟེ་དེའི་རྗེས་སུ་བྱེད་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་རལ་གྲི་བསགས་ཀར་བསྙལ་ཏེ་འདུག་པ་ཡིན་ན་ནི་གཟུགས་བརྙན་ཡང་བསགས་ཀར་རིང་
བར་སྣང་ལ། གལ་ཏེ་གྱེན་ལ་འགྲེང་སྟེ་འདུག་པ་ཡིན་ན་ནི་གཟུགས་བརྙན་ཡང་དེ་ལྟར་སྣང་ངོ་། །རྒྱུ་གཉིས་པ་གཙོ་བོ་མ་ཡིན་པ་ཁུ་ཆུ་དང་ཁྲག་ལ་སོགས་པ་ཡོད་དོ་ཞེ་ན་དེའི་ཕྱིར་གཙོ་བོའི་རྒྱུ་གང་ཡང་རུང་བ་ཞིག་དང་ཞེས་བྱ་བ་སྨོས་སོ། ཅི་སྟེ་ཡང་ཁུ་ཆུ་དང་ཁྲག་ལ་སོགས་པ་ཁོ་ན་
གཙོ་བོ་ཡིན་ཏེ། དེ་ལ་བརྟེན་ནས་སྐྱེ་བའི་སྲིད་པ་འགྲུབ་པའི་ཕྱིར་རོ་ཞེ་ན་དེའི་ཕྱིར་ཕྱིའི་ཁུ་ཆུ་དང་ཁྲག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་དག་ན་རེ། མི་འདྲའི་ཕྱིར་ན་དཔེ་མ་ཡིན་ཞེས་བྱ་བ་རྒྱུའི་རྗེས་སུ་བྱེད་པས་གཟུགས་བརྙན་འཇིག་པར་འགྱུར་གྱི་འཆི་ཁ་མའི་
ཕུང་པོ་འགགས་པས་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་མེད་པར་འགྱུར་བ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་སེམས་ཅན་གྱི་རྒྱུད་རྒྱུན་ཆད་པར་ཐལ་བར་འགྱུར་རོ། །གཟུགས་བརྙན་གཟུགས་དང་འདྲ་བར་འབྱུང་ན། སྐྱེ་བའི་སྲིད་པ་ནི་དེ་ལྟར་འཆི་བའི་སྲིད་པ་ལས་འབྱུང་བ་ཡང་མ་ཡིན་ནོ། །གཞན་
དུ་ན་བ་ལང་ལ་སོགས་པ་ཤི་ན་བ་ལང་ལ་སོགས་པ་དག་ཁོ་ནར་སྐྱེ་བར་ཐལ་བར་འགྱུར་རོ། །རྒྱུ་ལ་བརྟེན་པའི་དབང་གིས་གཟུགས་བརྙན་འབྱུང་བ་རྒྱུ་མེ་ལོང་གཅིག་ལས་ཀྱང་ཁྱིམ་ལ་སོགས་པའི་གཟུགས་བརྙན་དུ་མི་འབྱུང་ལ། ཕུང་པོའི་རྒྱུན་གཅིག་ལས་ཅིག་ཅར་ཕུང་པོ་མང་པོའི་རྒྱུན་མི་འབྱུང་
Vol. 209 · folio 344a
བས་དཔེ་འདྲ་བ་ཡོད་པ་མ་ཡིན་ནོ་ཞེས་ཟེར་རོ། །མགུར་ནས་གསུངས་ཕྱིར་ཞེས་བྱ་བ་ནི་ཉིད་ཀྱི་གསུང་གིས་གསུངས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མདོ་འདི་དེ་དག་མི་འདོན་ཏོ་ཞེས་བྱ་བ་ལ་སོགས་པ་ལ་སྲིད་པ་བར་མ་ལ་སོགས་སྐུར་པ་འདེབས་པའི་
སྡེ་པ་གཞན་དག་གིས་སྡེ་པ་གཞན་ལ་གྲགས་ཀྱང་། སྡུད་པའི་བཞི་པོ་ཉམས་པས་ལྷག་པར་སྒྲོ་བཏགས་པར་དོགས་པས་ཚད་མར་མི་བྱེད་དེ་དེ་དག་གི་ལུང་གི་ཁོངས་སུ་མ་འདུས་པའི་ཕྱིར་རོ། །གནས་གསུམ་ཞེས་བྱ་བ་ནི་རྒྱུ་གསུམ་མོ། །བུ་ཆད་པ་ནི་འབྱུང་བའོ། །མ་རུང་
ཞིང་ཞེས་བྱ་བ་ནི་བུ་འཛིན་པར་ནུས་པའོ། །ཟླ་མཚན་དང་ལྡན་པ་ཞེས་བྱ་བས་ནི་བུ་འཛིན་པར་རུང་ཡང་ཟླ་མཚན་ལ་ལྟོས་སོ་ཞེས་སྟོན་ཏོ། །ཟླ་མཚན་དང་ལྡན་ཡང་གལ་ཏེ་བུ་འཛིན་པའི་ནུས་པ་ཉམས་པ་མེད་པ་ཡིན་ན་སྟེ། འདི་ནི་གནས་དང་པོའོ། །ཕ་དང་མ་ཆགས་
པར་གྱུར་ཅིང་ཕྲད་པ་དང་ཞེས་བྱ་བ་ལ། ཆགས་པར་གྱུར་ལ་མ་ཕྲད་པ་དང་། ཕྲད་པར་གྱུར་ལ་མ་ཆགས་པ་ཡང་ཡོད་པས་གཉིས་ཀ་སྨོས་ཏེ་འདི་ནི་གནས་གཉིས་པའོ། །དྲི་ཟ་ཉེ་བར་གནས་པར་གྱུར་ནའོ་ཞེས་བྱ་བ་འདི་ནི་གནས་གསུམ་པའོ། །དྲི་ཟ་ཉེ་བར་གནས་པར་གྱུར་
ནའོ། །ཞེས་བྱ་བ་འདི་ཡང་དེ་དག་མི་འདོན་པ་དེ་དག་གི་ལུང་དག་ལས་དེ་སྐད་དུ་མི་འདོན་པའི་ཕྱིར་རོ། །འོ་ན་ཇི་ལྟར་དེ་དག་འདོན་ཞེ་ན། ཕུང་པོ་ཞིག་པ་ཉེ་བར་གནས་པར་གྱུར་ནའོ་ཞེས་འདོད་དེ། འདིར་ཕུང་པོ་ཞིག་པ་ནི་འཆི་བའི་སྲིད་པའོ། །གལ་ཏེ་དེ་ལྟར་ན་རྟ་ལེན་གྱི་
བུའི་མདོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཕུང་པོ་ཞིག་པ་ནི་འགྲོ་བ་དང་འོང་བ་དང་བྲམ་ཟེ་ལ་སོགས་པའི་ངོ་བོར་མི་འཐད་དོ། །ཁ་ཅིག་ན་རེ་བར་མ་དོ་ཞེས་བྱ་བའི་ལྷ་དག་ཅིག་ཡོད་དོ། གང་ཞིག་དེ་དག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་
བའོ། །ཞེས་ཟེར་རོ། །དེ་ལྟ་ན་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། དེ་ལ་གང་ཞིག་སྐྱེས་པའི་ལྷ་དག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ནི་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་
Vol. 209 · folio 344b
ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་སྐྱེ་བ་ལ་སོགས་པའི་ལྷ་དག་ཁས་མི་ལེན་ན་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྲུབ་བོ། །དེ་ཡང་བར་མ་དོའི་
ལྷ་དག་ཏུ་སྐྱེས་ཏེ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་འགྱུར་རོ། །གཞན་དག་ན་རེ་འདོད་པ་དང་གཟུགས་ཀྱི་ཁམས་དག་གི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བས་བར་མ་དོར་ཡོངས་སུ་མྱ་ངན་
ལས་འདའ་བ་སྟེ། དེས་ན་སྲིད་པ་བར་མ་མེད་པར་ཁམས་གཉིས་སུ་མ་སྐྱེས་པའི་སེམས་ཅན་མེད་པས་སྲིད་པ་བར་མ་གྲུབ་པ་ཉིད་དོ་ཞེས་ཟེར་རོ། །འགྲོ་མདོ་ཞེས་བྱ་བ་ནི་མཉན་དུ་ཡོད་པར་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་
དག་ངས་སྐྱེས་བུ་དམ་པའི་འགྲོ་བ་བདུན་དང་ལན་པ་མེད་པའི་ཡོངས་སུ་མྱ་ངན་ལས་འདའ་བ་བསྟན་པར་བྱ་ཡིས་ཞེས་སྐྱེས་བུ་དམ་པའི་འགྲོ་བའི་མདོ་རྒྱས་པར་གསུངས་སོ། །མདོ་དེ་ལས་ནི་ཕྱིར་མི་འོང་བ་ལྔ་ལས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ། ཞོགས་མ་ལ་
སོགས་པ་དཔེ་གསུམ་གྱི་སྒོ་ནས་རྣམ་པ་གསུམ་དུ་མཛད་ནས་སྐྱེས་བུ་དམ་པའི་འགྲོ་བ་བདུན་དུ་གསུངས་སོ། །དུས་དང་ཡུལ་གྱི་ཁྱད་པར་གྱི་བྱེ་བྲག་གིས་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་དུས་ཀྱི་ཁྱད་པར་གྱི་བྱེ་བྲག་དང་ཡུལ་གྱི་ཁྱད་པར་གྱི་བྱེ་བྲག་གིས་སོ། །ཇི་ལྟར་ཞེ་ན་མངོན་
པར་གྲུབ་པ་བཞིན་དུ་ཞེས་བྱ་བ་ནི་དུས་སོ། །གནམ་དུ་ཡར་བ་བཞིན་དུ་ཞེས་བྱ་བ་དང་། ས་ལ་མ་ལྷུང་བ་ཉིད་དུ་ཞེས་བྱ་བ་ནི་ཡུལ་ལོ། །བར་མ་དོ་ཞེས་བྱ་བའི་ལྷ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་དག་ཏུ་སྐྱེ་བཞིན་པ་གང་ཡོད་པ་མ་ཡིན་པ་ནི་བདེན་པ་ཉིད་དེ། ཡོངས་སུ་
མྱ་ངན་ལས་འདས་པ་དེའི་དབང་དུ་བྱས་ནས་དང་པོ་བལྟའོ། །དེ་ལས་གང་དུས་ཕྱི་མའི་དབང་དུ་བྱས་ནས་གཉིས་པའོ། །དེ་ལས་ཀྱང་གང་གཞན་པའི་དབང་དུ་བྱས་ནས་གསུམ་པའོ། །དུས་ཀྱི་བྱེ་བྲག་གི་ཁྱད་པར་ཤེས་པར་བྱ་བའི་ཕྱིར་འདི་དཔེར་བརྗོད་པ་ཡིན་ནོ། །ཡུལ་
Vol. 209 · folio 345a
གྱི་བྱེ་བྲག་གི་ཁྱད་པར་ལས་ཀྱང་ནུས་པར་རུང་སྟེ། ཁ་ཅིག་སྐྱེས་པའི་ཡུལ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །ཁ་ཅིག་ཡུལ་གཞན་དུ་སོང་ནས་སོ། །ཁ་ཅིག་དེ་ནས་ཀྱང་སོང་ནས་སོ། །དེ་བཞིན་དུ་སྐྱེས་ནས་ཡོངས་སུ་མྱ་ངན་ལས་
འདའ་བ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ལས་ཕུལ་དུ་བྱུང་བ་འགའ་ཡང་ཡོད་པ་མ་ཡིན་པས། དེ་ཐ་དད་དུ་བསྟན་པ་དོན་མེད་པ་ཉིད་དོ། །ཚེའི་ཚད་ཀྱི་བར་དུའམ་ཞེས་བྱ་བ་ལ་ཚེའི་ཚད་ཀྱི་སྔ་རོལ་དུ་སྟེ་ཚེ་ཡོངས་སུ་མ་རྫོགས་པ་ཁོ་ནར་ཞེས་བྱ་བའི་དོན་ཏོ། །ལྷ་དང་
ཉེ་བའི་བར་དུ་ཞེས་བྱ་བ་ལ། ལྷ་རྣམས་ཀྱི་དྲུང་ནི་ལྷ་དང་ཉེ་བ་སྟེ། དེའི་བར་ནི་ལྷ་དང་ཉེ་བའི་བར་རོ། །བཤད་པ་འདི་ལ་ལྕགས་ཀྱི་ཚ་ཚ་ལ་སོགས་པའི་དཔེ་རྣམ་པ་གསུམ་ཇི་ལྟར་རུང་ཞེ་ན། དེའི་ཕྱིར་ཁམས་ཀྱི་གནས་སྐབས་པའམ་ཞེས་བྱ་བ་རྒྱས་པར་སྨྲས་སོ། །སྐྱེས་པ་ཙམ་གྱིས་ཉོན་
མོངས་པའི་ས་བོན་གྱི་གནས་སྐབས་ཁོ་ནར་ལམ་མངོན་དུ་གྱུར་པ་ལས་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། འདི་ནི་དབང་པོ་རྣོན་པོ་ཡིན་ནོ་ཞེས་གྲག་གོ། །འདུ་ཤེས་ཀྱི་གནས་སྐབས་པའམ་ཞེས་བྱ་བ་ནི་ཡུལ་གྱི་འདུ་ཤེས་ཀུན་ཏུ་སྤྱོད་པའི་གནས་སྐབས་སུའོ། །གཞན་དག་ན་རེ་ཉོན་
མོངས་པ་སྐྱེས་པ་ཡོངས་སུ་གཅོད་པར་བྱེད་པ་གང་ཡིན་པ་དེ་འདུ་ཤེས་ཀྱི་གནས་སྐབས་པ་ཡིན་ནོ་ཞེས་ཟེར་ཏེ། འདི་ནི་དབང་པོ་འབྲིང་པོའོ། །རྣམ་པར་རྟོག་པའི་གནས་སྐབས་པ་ཞེས་བྱ་བ་ནི་དེའི་ས་པའི་ཉོན་མོངས་པའི་རྣམ་པར་རྟོག་པ་ཀུན་ཏུ་སྤྱོད་པའི་གནས་སྐབས་སུའོ། །
གཞན་དག་ན་རེ་རྣམ་པར་རྟོག་པ་ནི་དཔྱད་པ་ཡིན་པའི་ཕྱིར་ཤེས་རབ་ཀུན་ཏུ་སྤྱོད་པའི་གནས་སྐབས་སུ་ཡིན་ནོ། །འདིར་རྣམ་པར་རྟོག་པ་ནི་སེམས་རྩིང་བ་ལ་མི་འདོད་དེ། དེ་ནི་བསམ་གཏན་དང་པོའི་ས་པ་ཡིན་པའི་ཕྱིར་གཉིས་པ་ལ་སོགས་པ་དག་ན་བར་དུ་མྱ་ངན་ལས་འདའ་བར་མི་
འགྱུར་རོ། །འདི་ནི་དབང་པོ་རྟུལ་པོ་ཡིན་ནོ། །ཡང་ན་དང་པོ་ནི་གཟུགས་ཀྱི་ཁམས་སུ་ཞེས་བྱ་བ་ལ། འདི་ལ་དཔེ་ནི་དཔེར་ན་ཞོགས་མའི་མེ་ཆུང་ངུ་ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་ནི་ལྷ་རྣམས་ཀྱི་འབྱོར་པ་ཞེས་བྱ་བ་ལ། འདི་ལ་ཡང་དཔེ་ནི་དཔེར་ན་ལྕགས་ཀྱི་ཚ་ཚ་གནམ་དུ་
Vol. 209 · folio 345b
ཡར་བ་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །གསུམ་པ་ནི་ལྷ་རྣམས་ཀྱི་ཆོས་ཡང་དག་པར་འགྲོ་བའི་ཞེས་བྱ་བ་ལ་འདིར་ཡང་དཔེ་ནི་དཔེར་ན་ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེས་ན་དཔེ་གསུམ་གྱི་སྒོ་ནས་རྣམ་པ་གསུམ་ཡིན་ཏེ། དེ་ལྟ་ན་ཡང་བར་མ་
དོ་དང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དག་ལས་ཁྱད་པར་མི་མངོན་པས་ཁྱད་པར་བསྟན་པའི་ཕྱིར་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ཞེས་བྱ་བ་རྒྱས་པར་སྨྲས་སོ། །ཚེ་ཕལ་ཆེར་བཅོམ་ནས་ཞེས་བྱ་བ་ནི་ཚེ་ཕལ་ཆེར་ཕྱིད་ནས་སོ། །དེ་དག་ཐམས་ཅད་ཀྱང་ཞོགས་
མ་ལ་སོགས་པའི་དཔེ་དག་དང་མི་འབྱོར་རོ། །ཁམས་སུ་གཏོགས་པ་དང་པོ་ནི་དཔེ་དང་པོ་དང་མ་འབྲེལ་ལ། འདུ་ཤེས་སུ་གཏོགས་པ་དང་། རྣམ་པར་ཤེས་པར་གཏོགས་པ་ཡང་གཉིས་པ་དང་གསུམ་པ་དག་དང་ཞོགས་མ་ལ་སོགས་པའི་དཔེ་དག་དང་མ་འབྲེལ་
ལོ། །གང་དག་གཟུགས་ཀྱི་ཁམས་སུ་རིས་མཐུན་པ་ཡོངས་སུ་བཟུང་ནས་ཡོངས་སུ་མྱ་ངན་འདའ་བ་དེ་ཡང་ཞོགས་མའི་དཔེ་དང་མ་འབྲེལ་ལོ། །ལྷ་གང་དག་འབྱོར་པ་ཉམས་སུ་མྱང་ནས་ལྷ་རྣམས་དང་ཆོས་ཡང་དག་པར་བགྲོ་བས་རྗེས་སུ་ཞུགས་ཏེ། མྱ་ངན་ལས་འདའ་བ་སྟེ་
ལྕགས་ཀྱི་ཚ་ཚ་ལ་སོགས་པའི་དཔེ་དང་འབྲེལ་པ་མེད་དོ། །དེ་ཉིད་ལ་རྒྱུ་སྨོས་པ་ནི་ཡུལ་དུ་འགྲོ་བའི་བྱེ་བྲག་མེད་པའི་ཕྱིར་ཞེས་བྱ་བ་འབྱུང་སྟེ། ཡུལ་དུ་འགྲོ་བའི་བྱེ་བྲག་མེད་པའི་ཕྱིར་རོ། །དེ་ཇི་ལྟར་མེད་ཅེ་ན། ཡུལ་དེ་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་
བའི་ཕྱིར་རོ། །ཡང་ན་ཡུལ་གྱི་བྱེ་བྲག་མེད་པའི་ཕྱིར་དང་འགྲོ་བའི་བྱེ་བྲག་མེད་པའི་ཕྱིར་ཞེས་རེ་རེ་ལ་བྱེ་བྲག་མེད་པའི་སྒྲ་སྦྱར་རོ། །བསམ་གཏན་དག་གིས་བཅུ་ཚན་བཞི་སྟེ་ཞེས་བྱ་བ་ལ་བསམ་གཏན་རེ་རེ་ལས་གང་ཟག་བཅུ་བཅུ་དབང་དུ་བྱས་པའི་ཕྱིར་རོ། །གཟུགས་
མེད་དག་གིས་བདུན་ཚན་གསུམ་ཞེས་བྱ་བ་ལ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་སྐྱེ་བ་གཉིས་མ་གཏོགས་པ་སྟེ། གཟུགས་མེད་པའི་སྲིད་པ་བར་མ་མི་སྲིད་དོ། །འདུ་ཤེས་ཀྱིས་ནི་དྲུག་ཚན་དུ་ཞེས་བྱ་བ་ལ། འདི་ལ་ནི་གོང་དུ་འཕོ་བ་ཡང་མེད་དེ། ས་གཞན་མེད་
Vol. 209 · folio 346a
པའི་ཕྱིར་རོ། །དེའི་ཕྱིར་འདི་དག་ཐམས་ཅད་རྟོག་པ་ཙམ་དུ་ཟད་དེ། ཡང་གི་སྒྲ་ལས་གཟུགས་བརྙན་འབའ་ཞིག་ཏུ་མ་ཟད་དོ། །གླེང་གཞི་མཉན་དུ་ཡོད་པ་ན་སྟེ། འདི་ན་དགེ་སློང་རྣམ་པ་གང་དག་དང་རྟགས་གང་དག་དང་། མཚན་མ་གང་དག་
གིས་འདོད་པ་དག་ལས་དབེན་པ། སྡིག་ཏོ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ནས་གནས་སོ། །དེ་རྣམས་དེ་དག་དང་རྟགས་དེ་དག་ཡིད་
ལ་མི་བྱེད་ཀྱི་འོན་ཀྱང་དེ་གཟུགས་ཀྱི་རྣམ་པའམ། ཚོར་བའི་རྣམ་པའམ། འདུ་ཤེས་ཀྱི་རྣམ་པའམ། འདུ་བྱེད་ཀྱི་རྣམ་པའམ། རྣམ་པར་ཤེས་པའི་རྣམ་པ་གང་ཞིག་དེ་ཉེ་བར་དམིགས་པའི་ཆོས་དེ་དག་ནང་དུ་ཡིད་ལ་བྱེད། འབྲས་དང་ཟུག་རྔུ་དང་། སྡིག་པ་དང་། མི་
རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡིད་ལ་བྱེད་དེ་ཆོས་དེ་དག་ལ་ཡིད་བྱུང་ཞིང་སྐྲག་སྟེ་ཕྱིར་ཟློག་པར་བྱེད་དེ་ཆོས་དེ་དག་ལ་སྐྱོ་ཞིང་སྐྲག་སྟེ་ཕྱིར་བཟློག་ནས་འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པ་སྟེ། འདི་ལྟ་སྟེ། ཕུང་པོ་ཐམས་ཅད་ངེས་པར་སྤངས་པ། སྲེད་པ་ཟད་པ་
འདོད་ཆགས་དང་བྲལ་བ་འགོག་པ། མྱ་ངན་ལས་འདས་པའོ་ཞེས་འཆི་བ་མེད་པའི་དབྱིངས་ལ་སེམས་གཏོད་པར་བྱེད་དོ། །མདོ་དེ་ཉིད་གསུངས་ནས་ཁྱད་པར་ནི་འདི་ཡིན་ཏེ། དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་དེ་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ། སྲིད་པའི་
ཟག་པ་དང་མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ། གྲོལ་ནས་ཀྱང་བདག་རྣམ་པར་གྲོལ་ལོ། །བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་སྙམ་དུ་ཡེ་ཤེས་མཐོང་བ་འབྱུང་ངོ་། །མདོ་དེ་ཉིད་
གསུངས་ནས་ཁྱད་པར་ནི་འདི་ཡིན་ཏེ། དེ་འདིར་རྣམ་པར་མི་གྲོལ་གྱི་ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་ལ་ཆགས་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱིས་བར་མ་དོར་རྣམ་པར་གྲོལ་བར་འགྱུར་རོ། །མདོ་དེ་ཉིད་གསུངས་ནས་དེ་
Vol. 209 · folio 346b
བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། འོན་ཀྱང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། འོན་ཀྱང་མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་
རོ། །དེ་མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། འོན་ཀྱང་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་མངོན་པར་འདུ་བྱེད་པ་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། འོན་
ཀྱང་གོང་དུ་འཕོ་བར་འགྱུར། དེ་གོང་དུ་འཕོ་བར་མི་འགྱུར་གྱི། འོན་ཀྱང་ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་ལ་ཆགས་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱིས་ཚངས་ཆེན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་
འགྱུར་རོ། །དེ་ཚངས་ཆེན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་མ་ཡིན་གྱི། ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་ལ་ཆགས་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱིས་ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་དང་སྐལ་བ་
མཉམ་པར་སྐྱེ་བར་འགྱུར་རོ། །དེ་ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་སུ་སྐྱེ་བར་མི་འགྱུར་གྱི་ཆོས་ལ་འདུན་པ་དེ་ཉིད་དང་། ཆོས་ལ་ཆགས་པ་དེ་ཉིད་དང་། ཆོས་ལ་དགའ་བ་དེ་ཉིད་དང་། ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱིས་ཚངས་རིས་ཀྱི་ལྷ་རྣམས་དང་སྐལ་བ་
མཉམ་པར་སྐྱེ་བར་འགྱུར་རོ། །དེ་ལྟར་ན་རེ་ཞིག་བསམ་གཏན་དང་པོ་ལ་མདོ་བཅུའོ། །འདི་ན་དགེ་སློང་རྣམ་པ་གང་དག་དང་རྟགས་གང་དག་དང་མཚན་མ་གང་དག་གིས་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་
པ་མེད་པ་དང་། དཔྱོད་པ་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་པ་ཞེས་བྱ་སྟེ་ལྷག་མ་སྔ་མ་བཞིན་ནོ། །སྐྱེ་བ་ལ་ནི་འོད་གསལ་བ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་ནས་ཚད་མེད་འོད་པ་
Vol. 209 · folio 347a
རྣམས་དང་ངོ་། །དེ་ནས་འོད་ཆུང་རྣམས་དང་ངོ་། །དེ་ལྟར་ན་འདི་དག་ནི་བསམ་གཏན་གཉིས་པའི་མདོ་བཅུའོ། །འདི་ན་དགེ་སློང་རྣམ་པ་གང་དག་དང་ཞེས་བྱ་བ་ཐམས་ཅད་བརྗོད་ནས་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་
དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་བ་ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་ལ་གནས་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། །བསམ་གཏན་གསུམ་རྫོགས་པར་བྱས་ཏེ་གནས་སོ། །ལྷག་མ་སྔ་མ་བཞིན་ནོ། །སྐྱེ་བ་ལ་ནི་དགེ་
རྒྱས་པ་རྣམས་དང་སྐལ་བ་མཉམ་པར་རོ། །དེ་ནས་ཚད་མེད་དགེ་རྣམས་དང་། དེ་ནས་དགེ་ཆུང་རྣམས་སུ་སྟེ། དེ་དག་ནི་བསམ་གཏན་གསུམ་པའི་མདོ་བཅུའོ། །འདི་ན་དགེ་སློང་རྣམ་པ་གང་དག་དང་། ཞེས་བྱ་བ་ཐམས་ཅད་བརྗོད་ནས་བདེ་བ་ཡང་སྤངས་ཤིང་སྔ་ནས་སྡུག་
བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པས་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། །འདིར་ཡང་ལྷག་མ་སྔ་མ་བཞིན་ཏེ། སྐྱེ་བ་ལ་ནི་
འབྲས་བུ་ཆེ་བ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་ནས་བསོད་ནམས་སྐྱེས་རྣམས་དང་། དེ་ནས་སྤྲིན་མེད་རྣམས་དང་ངོ་། །འདི་དག་ནི་བསམ་གཏན་བཞི་པའི་མདོ་བཅུ་སྟེ། དེ་དག་ནི་བསམ་གཏན་དག་གི་བཅུ་ཚན་བཞི་རྣམས་སོ། །འདི་ན་དགེ་སློང་རྣམ་པ་གང་དག་དང་རྟགས་
གང་དག་དང་མཚན་མ་གང་དག་གིས་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་
སོ། །དེ་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་ཡིད་ལ་མི་བྱེད་ཀྱི། འོན་ཀྱང་དེ་ན་དམིགས་པའི་ཚོར་བའི་རྣམ་པའམ་འདུ་ཤེས་ཀྱི་རྣམ་པའམ། འདུ་བྱེད་ཀྱི་རྣམ་པའམ། རྣམ་པར་ཤེས་པའི་རྣམ་པའི་ཆོས་དེ་དག་ལ་ནང་དུ་ཡིད་ལ་བྱེད་ཅིང་ཞེས་བྱ་བ་ནས་བརྩམས་ཏེ།
Vol. 209 · folio 347b
ཕུང་པོ་ཐམས་ཅད་ངེས་པར་སྤངས་པ་སྲིད་པ་ཟད་པ་འདོད་ཆགས་དང་བྲལ་བ། འགོག་པ་མྱ་ངན་ལས་འདས་པའོ་ཞེས་བྱ་བ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་བདུན་ཚན་གྱི་མདོ་དང་པོའོ། །མདོ་འདི་ཉིད་བརྗོད་ནས་གཉིས་པ་ལ་ནི་འདི་ཁྱད་པར་རོ། །དེ་ཉིད་ཤེས་པ་ཁོ་ནས་མཐོང་ངོ་
ཞེས་བྱ་བ་ནས་བརྩམས་ཏེ་ཇི་སྲིད་སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་པའི་བར་རོ། །གསུམ་པ་ལ་ནི་འདི་ཁྱད་པར་ཏེ། དེ་རྣམ་པར་མི་འགྲོལ་གྱི་ཞེས་རྒྱ་ཆེར་བཤད་ནས། འོན་ཀྱང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །བཞི་པ་ནི་མངོན་པར་འདུ་བྱེད་པ་དང་
བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ལྔ་པ་ནི་མངོན་པར་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དྲུག་པ་ནི་གོང་དུ་འཕོ་བར་འགྱུར་རོ། །བདུན་པ་ནི་དེ་གོང་དུ་འཕོ་བར་མི་འགྱུར་གྱི་འོན་ཀྱང་ཆོས་ལ་འདུན་པ་དེ་ཉིད་ཀྱིས་བྱ་བ་ལ་སོགས་པ་
ནས་ཇི་སྲིད་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའི་ཞེས་པའི་བར་རོ། །འདི་ན་རྣམ་པ་གང་དག་དང་རྟགས་གང་དག་དང་ཞེས་རྒྱ་ཆེར་སྦྱར་ཏེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་རྣམ་པར་
ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མེད་དེ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། །འདི་དག་ཀྱང་རྣམ་
ཤེས་དང་ཅི་ཡང་མེད་པའི་སྐྱེ་མཆེད་དག་གི་མདོ་བདུན་བདུན་རྣམས་སུ་ཇི་སྐད་བཤད་པའི་ཚུལ་གྱིས་རིག་པར་བྱའོ། །ལྷག་མ་རྣམས་བརྗོད་དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་
བྱས་ཏེ་གནས་སོ་ཞེས་བྱ་བ་འདིར་ཡང་མདོ་དྲུག་གོ། །གཟུགས་མེད་པ་རྣམས་སུ་དེ་དག་སྐྱོ་བའི་གཡོ་བ་ལས་དང་། དེ་སྲིད་པ་ལས་སྲིད་པའི་རྩེ་མོ་ལས་གོང་དུ་འགྲོ་བ་ལ་བདུན་ཚན་གསུམ་མོ། །འདུ་ཤེས་ཀྱིས་ནི་དྲུག་ཚན་དུ་བྱའོ། །གལ་ཏེ་ཚེའི་ཚད་ཀྱི་བར་དུ་ཡོངས་སུ་མྱ་ངན་
Vol. 209 · folio 348a
ལས་འདའ་བས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ན་ནི། དེ་ལྟ་ན་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་རྣམས་ཀྱང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཉིད་དུ་ཐལ་བར་འགྱུར་རོ། །སེམས་ཅན་རྣམས་ནི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་དང་
བྱང་གི་སྒྲ་མི་སྙན་པ་མ་གཏོགས་ཕལ་ཆེར་ཚེ་ཡོངས་སུ་མ་ཟད་པར་དུས་བྱེད་དོ། །དེ་ཉིད་ཀྱི་ཕྱིར་དེ་དག་ལ་ནི་ལུང་ལས་ཀྱང་ཞེས་བྱ་བ་སྨོས་ཏེ་ཀྱང་ཞེས་བྱ་བའི་སྒྲས་ནི་རིགས་པ་ལས་ཀྱང་ངོ་། །རང་གི་ལུས་ཁོ་ནས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་སྲིད་པ་བར་མ་དོ་ཡོད་ན་ནི་དེ་
རང་གི་ལུས་ཁོ་ནས་མནར་མེད་པར་ལྟུང་བ་མི་རིགས་ཏེ། དེའི་རང་གི་ལུས་ནི་སྔར་གྱི་ལུས་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི། གང་ལས་དེ་ཁོ་ན་རང་གི་ལུས་ཀྱིས་ཡིན་པར་འགྱུར་བ་དེ་ལ་གཞན་དག་པས་ཁྱད་ཅི་ཡོད་ཅེ་ན། ཁྱད་པར་ཡོད་དེ། དེ་ནི་གསོན་པོ་ཁོ་ནར་དམྱལ་
བའི་མེ་དག་གིས་བསྐོར་རོ་ཞེས་ཤེས་པར་བྱ་བའི་ཕྱིར། རང་གི་ལུས་ཁོ་ནས་ཞེས་གསུངས་ཏེ། སྔར་གྱི་ལུས་ཁོ་ནས་དམྱལ་བར་འགྲོ་བ་མི་རིགས་སོ། །ལས་ཤིན་ཏུ་དྲག་པོ་རྫོགས་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ལ་འཇུག་པ་རྙེད་པའི་ཕྱིར་ཤིན་ཏུ་དྲག་པོ་རྣམས་སོ། །རྣམ་
པར་སྨིན་པར་ངེས་པའི་ཕྱིར་ཡོངས་སུ་རྫོགས་པ་རྣམས་སོ། །ཆེ་བའི་ཕྱིར་ཤིན་ཏུ་དྲག་པོ་རྣམས་སོ། །བསགས་པའི་ཕྱིར་ཡོངས་སུ་རྫོགས་པ་རྣམས་སོ། །གསོན་པོ་ཁོ་ནར་དམྱལ་བའི་མེ་དག་གིས་བསྐོར་བ་དེའི་ཕྱིར་འདིའི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ནི་དང་པོར་སྨིན་
པ་ཡིན་ནོ། །འདི་ད་ནི་ཇི་ལྟར་དྲང་ཞེས་བྱ་བ་ནི་སྲིད་པ་བར་མ་ཡོད་ན་སྙམ་དུ་བསམས་པའོ། །འདི་དེ་མ་ཐག་ཏུ་སྐྱེའོ་ཞེས་བྱ་བ་ནི་ལུས་ཀྱིས་བར་མ་ཆོད་པར་དམྱལ་བར་སྐྱེའོ། །སྲིད་པ་བར་མ་སྐྱེ་བ་ཉིད་ཡིན་པར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རིས་མཐུན་པར་ཉེ་བར་འགྲོ་བ་ནི་སྐྱེ་བ་ཡིན་
ལ། དེ་ལ་མངོན་དུ་ཕྱོགས་པ་ནི་སྲིད་པ་བར་མ་ཡིན་པས། འཆི་བའི་མཇུག་ཐོགས་སུ་སྲིད་པ་བར་མ་ཁོ་ནས་དམྱལ་བ་དག་ཏུ་སྐྱེ་བ་ཡིན་གྱི་སྐྱེས་པ་མ་ཡིན་ནོ། །གལ་ཏེ་དེ་མ་ཐག་ཏུ་དམྱལ་བ་དག་ཏུ་སྐྱེས་པ་ཡིན་ནོ་ཞེས་སྨྲས་ན་ནི་སྲིད་པ་བར་མ་མེད་པར་འགྱུར་བ་ཞིག་གོ། །བྲམ་ཟེ་ན་
Vol. 209 · folio 348b
ཚོད་ཁྱེར་ཟིན་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལ། འཆི་བའི་དྲུང་དུ་འདིའི་ན་ཚོད་ཁྱེར་ཟིན་པས་ན་ན་ཚོད་ཁྱེར་ཟིན་པའོ། །འདི་ནི་འདིར་སྲིད་པ་བར་མ་མེད་པའི་ཁུངས་ཡིན་ནོ། །འདི་ལ་ཁྱོད་ཀྱིས་ཐལ་མ་ཐག་ཏུ་སྲིད་པ་བར་མ་ཡོད་པར་ཇི་སྐད་སྨྲས་པ་འདི་ནི་དགོངས་པ་ཡིན་གྱི། སྲིད་པ་བར་
མ་མེད་དོ་ཞེས་ཁོ་བོ་ཅག་གིས་འདོད་པ་འདི་ནི་དགོངས་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ག་ལས་ཤེ་ན། སློབ་དཔོན་གྱིས་བརྟག་པ་འདི་ཁྱོད་ལ་ཡང་མཚུངས་ཏེ། ཞེས་བྱ་བ་སྨོས་ཏེ། དྲི་བ་འདྲི་ཞེས་བྱ་བའི་དོན་ཏོ། །འདི་ལ་ཁྱོད་ཀྱིས་སྲིད་པ་བར་མ་མེད་དོ་ཞེས་དེ་སྐད་དུ་སྨྲས་པ་འདི་ནི་
དགོངས་པ་ཡིན་གྱི་ཁོ་བོ་ཅག་གིས་སྲིད་པ་བར་མ་ཡོད་དོ། །ཞེས་ཇི་སྐད་སྨྲས་པ་འདི་ནི་དགོངས་པ་མ་ཡིན་ནོ་ཞེས་བྱ་བ་འདི་གོ་ག་ལས། དེ་ལྟ་བས་ན་གཉིས་ཀའི་ཕྱོགས་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྲིད་པ་བར་མ་ཡོད་དོ་སྲིད་པ་བར་མ་མེད་དོ་ཞེས་བྱ་བ་གཉིས་ཀའི་ཕྱོགས་ལ་
ཡང་ཁྱོད་དང་ཡང་ཇི་སྐད་བཤད་པའི་མདོ་མི་འགལ་བའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཤེས་པར་བྱེད་པ་གཞན་དུ་ཤེས་པར་མི་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁུངས་ཀྱི་དོན་ཤེས་པར་བྱེད་པ་གང་ལ་གཞན་དུ་ཤེས་པར་བྱེད་པ་མེད་པའོ། །འདི་སྐད་བསྟན་པར་འགྱུར་
ཏེ། ཚིགས་སུ་བཅད་པའམ་མདོ་གང་གི་དོན་རྣམ་པ་གཞན་དུ་བཀྲི་བར་མི་ནུས་པ་དེ་ནི་ཁུངས་ཡིན་ལ། གང་གི་དོན་རྣམ་པ་གཞན་དུ་ཡང་ཡིན་པར་མི་འགལ་བ་དེས་ནི་བརྗོད་མཁན་ཉིད་སེལ་བར་བྱེད་པ་ཡིན་ནོ། །ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་སྲིད་པ་བར་མ་མེད་དོ་ཞེས་བྱ་བ་གང་ཡིན་
པ་འདི་ནི་རྒྱུ་དང་འབྲས་བུ་ལ་ཀུན་ཏུ་རྨོངས་པ་སྔོན་དུ་འགྲོ་བའི་ལོག་པར་ལྟ་བའོ། །འདི་ནི་གང་མདོ་དེ་དང་དེ་ལས་སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་གསུངས་པ་བཞིན་ནོ། །ཡང་འགྲོ་བ་གང་དུ་འགྲོ་བར་འགྱུར་བའི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། སྐྱེ་བའི་སྲིད་པའི་ཐེ་ཚོམ་འདི་ཡང་གང་ལས་
ཡིན། ལས་ཀྱི་འབྲས་བུ་གཅིག་དང་དུ་མ་ཉིད་ལས་ན་མདོ་དང་འགལ་ལོ། །གང་ལ་གང་ཟག་མངོན་པར་གྲུབ་པའི་ཀུན་ཏུ་སྦྱོར་བ་མ་སྤངས་པ་དང་སྐྱེ་བའི་ཀུན་ཏུ་སྦྱོར་བ་སྤངས་པ་དང་སྐྱེ་བའི་ཀུན་ཏུ་སྦྱོར་བ་སྤངས་པ་ཡོད་ཅེས་རྒྱས་པར་ཏེ། ཉོན་མོངས་པའི་ཀུན་སློང་དུ་གྱུར་པའི་
Vol. 209 · folio 349a
ལས་རྣམས་ཉོན་མོངས་པ་བཞིན་ཏེ་ཐ་དད་པར་འགྱུར་རོ། །ལས་ཐ་དད་པའི་ཕྱིར་འདི་མི་འདོད་དེ། སྔོན་དུས་སྲིད་པའི་ཤ་ཚུགས་ཞེས་ཤེས་པར་བྱའོ། །ཡང་འདི་ལས་གཅིག་གི་འབྲས་བུ་སྔ་མ་དང་ཕྱི་མ་དེའི་འབྲས་བུ་སྐྱེད་པའི་ངེས་པ་ཅི་ཞིག་བྱས། མཐོང་
བའི་ཆོས་ཀྱི་འབྲས་བུ་ལ་སོགས་པའི་ལས་བསྡུས་པའི་ཕྱིར། འདི་མྱོང་བར་ངེས་པ་ཉིད་དུ་ཐལ་བར་འགྱུར་རོ། །ནག་པོའི་ལས་བྱེད་པའི་མི་ལ་སོགས་པ་རྣམས་དབྱིབས་ཐ་དད་པ་ལ་མི་བརྟེན་པར་མཐོང་ངོ་། །དེ་ནས་ལས་ཀྱི་དབྱེ་བ་ལས་འདིར་དཔྱད་པ་འདི་འབྱུང་སྟེ། ཅི་དམྱལ་
བ་ལ་སོགས་པར་འགྲོ་བ་ཐམས་ཅད་ཀྱི་སྲིད་པ་བར་མའི་ཤ་ཚུགས་གཅིག་མངོན་པར་འགྲུབ་བམ་འོན་ཏེ་ཤ་ཚུགས་ཐ་དད་པ་ཞིག་འབྱུང་ཞེས་རྣམ་པར་བཅད་པ་སྟེ། དེའི་ཕྱིར་དེ་ནི་འཕེན་པ་གཅིག་པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་སོ། །ལས་ནི་རྣམ་པ་གཉིས་ཏེ། འཕེན་པར་
བྱེད་པ་དང་ཡོངས་སུ་རྫོགས་པར་བྱེད་པའོ། །དེ་ལ་དེ་དག་གི་ཡོངས་སུ་རྫོགས་པར་བྱེད་པ་ནི་དུ་མ་ཡིན་གྱི། འཕེན་པར་བྱེད་པ་ནི་གཅིག་ཡིན་ཏེ་དེའི་ཕྱིར་དེ་ནི་འཕེན་པ་གཅིག་པའི་ཕྱིར། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན་ཞེས་བྱ་བ་སྨོས་སོ། །འདི་ལ་དུས་སྔ་མའི་སྲིད་པ་
འབྱུང་བར་འགྱུར་བའི་ཤ་ཚུགས་ལྟ་བུ་ཡོད་པས་ན་སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན་ཏེ། རྒྱའི་འབུར་བཞིན་ནོ། །སྔོན་གྱི་དུས་སྨོས་པ་ནི་འཆི་བའི་སྲིད་པ་དང་སྐྱེ་བའི་སྲིད་པ་ལས་ཀྱང་ཁྱད་པར་དུ་བྱ་བའི་ཕྱིར་རོ། །མངལ་ན་གནས་པ་རྣམས་ཁོ་ན་འཆི་ན་འགྲོ་བ་ལྔ་པའི་སྲིད་པ་བར་མ་མངོན་
པར་འགྲུབ་བོ། །ལྷག་པ་དག་ན་འཕིན་པ་ཞེས་བྱ་བ་ལ། ལྷག་པ་ནི་མེ་མ་མུར་ལ་སོགས་པ་རྣམས་སོ། །གཞན་དག་ནི་དམྱལ་བའི་མེ་ནི་ཉེས་པ་བྱས་པ་དག་ཁོ་ན་ལས་འབྱུང་བའི་ཕྱིར་སྐྱོན་འདི་མེད་དོ། །མ་བསགས་ཤིང་ལས་ཀྱི་འབྲས་བུ་མ་ཐོབ་པ་དམྱལ་བའི་མེས་མི་ཚིག་གོ། །ཞེས་བྱ་བ་
ནི་ངེས་པ་ཡིན་ནོ་ཞེས་ཟེར་རོ། །གང་གི་ཕྱིར་གཞོན་ནུ་ཐོར་བུ་ལྟ་བུ་མཚན་དང་དཔེ་བྱད་དང་བཅས་པ་མའི་མངལ་དུ་འཇུག་པའི་ཕྱིར་དེས་ཛམྦུའི་གླིང་བྱེ་བ་ཕྲག་བརྒྱ་སྣང་བར་མཛད་དེ། ལྷན་ཅིག་སྐྱེས་པའི་འོད་ཡོངས་སུ་རྫོགས་པའི་ཕྱིར་རོ། །བྱེ་བ་ཕྲག་བརྒྱ་ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་
Vol. 209 · folio 349b
ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །གཞན་དག་ན་རེ་སྔོན་དུས་ཀྱི་ཚེ་སྲིད་པ་ཐམས་ཅད་ཀྱང་གཞོན་ནུ་ཐོར་བུའི་དབྱིབས་དང་བོང་ཚོད་དེ་ཉིད་དོ་ཞེས་ཟེར་རོ། །དེ་ནི་མཚན་མ་ཙམ་དུ་ཟད་དེ་ཞེས་བྱ་བ་འབྱུང་སྟེ། མཚན་མཁན་རྣམས་ལུང་སྟོན་པ་དང་རྗེས་སུ་མཐུན་པར་ཟད་སོ། །དུད་འགྲོའི་
སྐྱེ་གནས་བཟློག་ནས་ཡུན་རིང་དུ་ལོན་པའི་ཕྱིར་ཞེས་བྱ་བ་ནི་བསྐལ་པ་བརྒྱ་ལུས་པ་ནས་ལོག་པ་ཡིན་ན། །དཔེར་ན་རྒྱལ་པོ་ཀྲྀ་ཀཱིས་ཞེས་བྱ་བ་ལ། ཇི་ལྟར་རྒྱལ་པོ་ཀྲྀ་ཀཱིས་འབྱུང་བར་འགྱུར་བའི་དོན་གྱི་མཚན་མ་ཙམ་དུ་རྨི་ལམ་བཅུ་མཐོང་བ་ལྟ་བུའོ། །རྒྱལ་པོ་ཀྲྀ་ཀཱིས་ནུབ་གཅིག་ལ་རྨི་
ལམ་བཅུ་རྨིས་པར་གྲག་སྙ་ཏེ། འདི་ལྟ་སྟེ་གླང་པོ་ཆེ་སྐར་ཁུང་ནས་བྱུང་ནས་མཇུག་མ་ལ་འཐོགས་པ་དང་། ཁྲོན་པ་ཆུ་ཤིན་ཏུ་དངས་ཤིང་ཞིམ་ལ་མ་རྙོག་ཅིང་མ་གཡོགས་པ་ཞིག་མ་འཐུངས་པ་ཁོ་ནར་སྐམས་པ་དང་། ཙན་དན་གོ་ཤཱིཪྵ་དང་། ཨེ་རཎྜའི་བུད་ཤིང་བརྗེ་བ་དང་། མུ་ཏིག་
བྲེ་གང་ཕྱེ་བྲེ་གང་དུ་འཚོང་བ་དང་། སྐྱེ་བོའི་ཚོགས་ཆེན་པོས་སྤྲེའུ་དབང་བསྐུར་བ་དང་། སྐྱེས་བུ་མི་གཙང་བས་གོས་པ་ཞིག་གཞན་དག་ལ་ཡང་བསྒོ་བ་དང་། གླང་པོ་ཆེའི་ཕྲུ་གུས་གླང་པོ་ཆེ་ཆེན་པོ་ཟིལ་གྱིས་གནོན་པ་དང་། ལྷའི་ཚལ་ནས་མེ་ཏོག་ལ་སོགས་པ་ཁྱེར་བ་དང་།
དགའ་སྟོན་ཆེན་པོ་དོར་བ་དང་། སྐྱེས་བུ་བཅོ་བརྒྱད་ཀྱིས་རས་ཡུག་གཅིག་དྲངས་ཀྱང་མི་འདྲལ་བར་མཐོང་ལ། མཐོང་ནས་ཀྱང་སྐྲག་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལ་གསོལ་པ་དང་། བཅོམ་ལྡན་འདས་དེས་དབུགས་འབྱིན་པར་མཛད་ཅིང་བཀའ་སྩལ་
པ། རྒྱལ་པོ་ཆེན་པོ་མ་འཇིགས་ཤིག་འདི་དག་ཁྱོད་ཀྱི་འཆི་ལྟས་སྟོན་པར་བྱེད་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཞིག་འབྱུང་སྟེ། དེའི་གསུང་རབ་ཉམས་པར་
འགྱུར་བའི་མཚན་མར་གྱུར་པ་ཞིག་གོ། །དཔེར་ན་ཇི་ལྟར་ཞེ་ན། དེའི་ཉན་ཐོས་ཆེན་པོ་ལོངས་སྤྱོད་སྤངས་ཤིང་རབ་ཏུ་བྱུང་ནས་སློང་མོ་གཟར་བུ་གང་བྱིན་པ་ཙམ་གྱིས་རྙེད་པ་དང་བཀུར་སྟི་ལ་ལྟོས་པ་སྐྱེད་དེ། གླང་པོ་ཆེ་སྐར་ཁུང་ལ་མཇུག་མ་འཐོག་པ་ལྟར་ཚུལ་མ་ཡིན་པས་ཉོན་མོངས་
Vol. 209 · folio 350a
པར་འགྱུར་ཞིང་ལེགས་པའི་དོན་ལ་མི་རྩོལ་བར་འགྱུར། ཁྲོན་པ་ཆུ་མ་འཐུངས་པར་སྐམས་པ་ལྟར་ཆོས་སྨྲ་བ་ཆོས་སྟོན་པ་ལ་འགའ་ཡང་ཉན་པར་མི་འགྱུར། གོ་ཤཱིཪྵ་དང་འདྲ་བའི་གཙུག་ལག་དང་དམ་པ་མ་ཡིན་པའི་བསྟན་བཅོས་དག་བརྗེ་
བར་འགྱུར། ཟང་ཟིང་གི་ཕྱིར་མུ་ཏིག་བྲེ་གང་ལྟ་བུའི་ཆོས་སྟོན་པར་འགྱུར། སྤྲེའུ་ལྟ་བུའི་ཚུལ་ཁྲིམས་འཆལ་པ་མདུན་གྱིས་བདར་བར་འགྱུར། ཚུལ་ཁྲིམས་འཆལ་པ་ལ་བརྩད་པ་དང་མི་གཙང་བས་གོས་པ་ལྟར་བདག་ཁོ་ནར་མ་ཟད་དོ། །ཞེས་དད་པ་དང་ལྡན་པ་གཞན་
དག་ལ་ཡང་བསྐུར་བར་འགྱུར། གླང་པོ་ཆེའི་ཕྲུ་གུ་འདྲ་བའི་གསར་བུས་གླང་པོ་ཆེ་ཆེན་པོ་དང་འདྲ་བའི་རྒན་པོ་རྣམས་ལ་སྤྱོ་བར་འགྱུར། དགེ་འདུན་ནམ་མཆོད་རྟེན་གྱི་མེ་ཏོག་དང་འབྲས་བུ་ལ་སོགས་པ་བླངས་ཏེ་ཁྱིམ་པ་དག་ལ་སྟེར་བར་འགྱུར། དགའ་སྟོན་ཆེན་པོ་དང་འདྲ་
བའི་སོ་སོ་ཐར་པའི་མདོ་འདོན་པ་ལ་འདུས་ནས་རྩོད་པ་སྨྲ་བར་འགྱུར། བསྟན་པ་རྣམ་པ་བཅོ་བརྒྱད་དུ་འགྱེས་པར་འགྱུར། དེ་དག་ཀྱང་རས་ཡུག་ལྟ་བུའི་རྣམ་པར་གྲོལ་བའི་རས་ཡུག་འདྲེན་ཅིང་། དེ་གཞན་ཉིད་དུ་ཡང་མི་འགྱུར་རོ། །སྲིད་པ་བར་མ་ནི་ལྟོ་བ་རྟོལ་ཏེ་འཇུག་
པ་མ་ཡིན་གྱི་ཞེས་བྱ་བ་ལ་ཅིའི་ཕྱིར་ཞེ་ན། ལས་ཀྱིས་ལྟོ་བར་འཛིན་པའི་ཕྱིར་སྐྱེ་གནས་ཀྱི་སྒོ་ནས་འཇུག་གོ། །གཞན་དག་ན་རེ། ཐོགས་པ་མེད་པའི་ཕྱིར་གང་འདོད་པ་ནས་འཇུག་གོ་ཞེས་ཟེར་རོ། །གཟུགས་ན་སྤྱོད་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འོག་མིན་ན་ལུས་ཀྱི་ཚད་
དཔག་ཚད་ཁྲི་དྲུག་སྟོང་པ་རྣམས་ཛམྦུའི་གླིང་དུ་མངོན་པར་འགྲུབ་པའི་གོ་སྐབས་ཡོད་པར་མི་འགྱུར་རོ་ཞེ་ན་ནམ་མཁའ་ཡངས་པའི་ཕྱིར་དང་། རྟེན་ནོར་བུའི་འོད་ལ་སོགས་པའི་སྣང་བ་དང་འདྲ་བས་འགར་ཡང་ཐོགས་པ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ཡང་ཞེས་བྱ་བ་ལ་
སོགས་པ་ལ། གཞན་དག་ན་རེ་དགེ་སློང་མ་དཀར་མོ་ཁོ་ན་ཡིན་ཏེ། དགེ་འདུན་ལ་ཆོས་གོས་ཕུལ་བའི་སྨོན་ལམ་གྱི་དབང་གིས་ཇི་སྲིད་དེའི་གདུང་ལ་བཀུར་སྟི་བྱ་བའི་ཕྱིར་མཆོད་རྟེན་བཞེངས་པ་ཡང་གོས་ཀྱིས་དཀྲིས་པའི་བར་དུ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་བརྩམས་པ་
Vol. 209 · folio 350b
ཐམས་ཅད་བྱང་ཆུབ་ཁོ་ནར་བསྔོས་པའི་ཕྱིར། དེའི་སྲིད་པ་བར་མ་གོས་དང་བཅས་པ་མ་ཡིན་ནོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་བྱང་ཆུབ་སེམས་དཔའི་ཡང་གོས་དང་བཅས་པ་ཡིན་ཏེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཤས་ཆེ་བའི་ཕྱིར་གཟུགས་ཀྱི་ཁམས་ཀྱི་སྲིད་པ་བར་མ་
བཞིན་ནོ་ཞེས་ཟེར་རོ། །ཡང་སྲིད་པ་སྔ་མ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །སྲིད་པ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ཡིན་པས། སྲིད་པ་ཞེས་བྱ་བ་ནི་བྱེ་བྲག་མེད་པར་ཉེ་བར་ལེན་པའི་ཕུང་པོ་ལྔ་དག་གོ་ཞེས་བྱ་བ་སྨོས་ཏེ། འདིར་ནི་སེམས་ཅན་ཞེས་བྱ་བ་ཁོ་
ན་གཟུང་ངོ་། །དེ་ནི་རྣམ་པ་བཞིར་དབྱེ་སྟེ་ཞེས་བྱ་བ་ལ། དེ་ནི་གཅིག་ཁོ་ན་ཡིན་མོད་ཀྱི་སྐྱེ་བ་དང་གནས་སྐབས་ཀྱི་བྱེ་བྲག་གིས་རྣམ་པ་བཞིར་དབྱེའོ། །གལ་ཏེ་སེམས་ཅན་གཟུགས་ཅན་དག་གི་ནང་དུ་སྐྱེ་ན་ཞེས་བྱ་བ་ལ་གཟུགས་ཅན་སྨོས་པ་ནི། གཟུགས་མེད་པ་རྣམས་སུ་སྲིད་པ་བར་
མ་མེད་པའི་ཕྱིར་རོ། །ནི་ཙི་ཥཱཾ་བྷཱ་བཱ་ནཾ་སྲིད་པ་བར་མ་ཉིད་སྔོན་ཞེས་བྱ་བ་དེ་ཉིད་དུས་སྔ་མའི་སྲིད་པར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། སྲིད་པ་བར་མ་མེད་པར་སྐྱེ་བ་ལ་སོགས་པའི་སྲིད་པ་རྣམས་དེའི་འབྲས་བུ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གང་གི་གནས་སྐབས་ལས་སྲིད་པ་བར་མ་རྣམས་
སྲིད་པ་བར་མ་ལ་སོགས་པ་རྣམས་སུ་སྐྱེ་བ་འབྱུང་བ་དེ་འདིར་དུས་སྔ་མའི་སྲིད་པ་སྟེ། གང་གི་ཕྱིར་སྐྱེ་བ་གཞན་ལ་བལྟོས་པ་དེ་འདིའི་གནས་སྐབས་ལ་སྟེ་སྐྱེ་བ་དུ་མའི་གནས་སྐབས་གསུམ་ལ་བལྟོས་པ་མ་ཡིན་ནོ། །སྲིད་པ་བར་མ་དེ་ཡང་ལུང་དང་རིགས་པའི་ཡུལ་ཡིན་པ་འབའ་ཞིག་
ཏུ་མ་ཟད་དེ། འོ་ན་ཅི་ཞེ་ན་རིས་མཐུན་ལྷ་མིག་དག་པས་མཐོང་། རིས་མཐུན་པས་བལྟ་བར་བྱ་བ་ཡིན་ཞིང་། ལྷ་མིག་དག་པས་བལྟ་བར་བྱ་བ་ཡིན་ནོ། །རིས་མཐུན་པའི་སྲིད་པ་བར་མ་དག་གིས་མཐོང་ངོ་ཞེས་བྱ་བ་ལ་དམྱལ་བའི་སྲིད་པ་བར་མ་ནི་དམྱལ་བའི་སྲིད་པ་བར་མ་ཁོ་ནས་
མཐོང་གི །གཞན་གྱི་སྲིད་པ་བར་མ་དག་གིས་ནི་མ་ཡིན་ཏེ་གཞན་དག་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །གང་དག་ལ་ལྷའི་མིག་རྣམ་པར་དག་པ་མངོན་པར་ཤེས་པ་ལས་བྱུང་བ་ཡོད་པ་དེ་དག་གིས་ཀྱང་འདི་མཐོང་ངོ་། །ལྷའི་མིག་ཤིན་ཏུ་རྣམ་པར་དག་པ་ནི་སྐྱོན་བཅུ་གཅིག་དང་བྲལ་
Vol. 209 · folio 351a
བ་སྟེ། སྐྱོན་དེ་དག་ཀྱང་ཐེ་ཚོམ་དང་ཡིད་ལ་མི་བྱེད་པ་དང་། ལུས་ཀྱི་གནས་ངན་ལེན་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། བརྩོན་འགྲུས་བརྩམས་དྲགས་པ་དང་། སེམས་ཡ་ཡོ་པོ་དང་། བག་ཚ་བ་དང་། འདུ་ཤེས་སྣ་ཚོགས་པ་དང་།
སྨྲ་བ་མངས་པ་དང་། ཧ་ཅང་བསྒོམ་དྲགས་པ་རྣམས་སོ། །གཟུགས་རྣམས་སུ་མངོན་པར་ཤེས་པ་ལས་བྱུང་བ་ནི་མངོན་པར་ཤེས་པའི་རང་བཞིན་ཏེ། བསྒོམས་པའི་འབྲས་བུ་ཞེས་བྱ་བའི་དོན་ཏོ། །ལྷའི་མིག་སྐྱེས་ནས་ཐོབ་པས་ནི་མི་མཐོང་སྟེ། ཅིའི་ཕྱིར་ཞེ་ན། ལྷའི་མིག་
ཤིན་ཏུ་རྣམ་པར་དག་པས་མཐོང་ངོ་ཞེས་འབྱུང་བའི་ཕྱིར་རོ། །འདིར་གང་ལྷའི་མིག་སྐྱེས་ནས་ཐོབ་པས་མི་མཐོང་བའི་རྒྱུ་ཅི་ཞེ་ན། ཤིན་ཏུ་དང་བའི་ཕྱིར་ཞེས་བྱ་སྟེ། སྐྱེས་ནས་ཐོབ་པའི་མིག་གི་ཡུལ་མ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གཞན་དག་ན་རེ་ལྷའི་སྲིད་པ་བར་མ་
པས་ཐམས་ཅད་མཐོང་ངོ་། །ཞེས་བྱ་བ་ནི་དེའི་མིག་ནི་འགྲོ་བ་དང་འདྲ་བར་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ་གཞན་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དབང་པོ་ཀུན་ཚང་ཞེས་བྱ་བ་ལ། སྔོན་གྱི་དུས་ཀྱི་སྲིད་པའི་ཤ་ཚུགས་ཅན་ཡིན་ཡང་། རྣམ་པར་སྨིན་པའི་སྙིང་པོ་
དང་པོ་ཡིན་པའི་ཕྱིར་དང་། སྲིད་པ་འཚོལ་བ་ཡིན་པའི་ཕྱིར་དབང་པོ་མ་ཚང་བ་མེད་པ་ཡིན་ནོ། །འགྲོ་བ་གང་དང་། ཁམས་དང་གནས་གང་དུ་སྐྱེ་བར་འགྱུར་བ་ནི་དེ་ལས་རྣམ་པ་ཐམས་ཅད་དུ་ཟློག་ཏུ་མེད་དོ། །མིའི་སྲིད་པ་བར་མ་མེད་པར་གྱུར་ནས་ཞེས་བྱ་བ་རྒྱས་
པར་འབྱུང་སྟེ། ཁམས་དང་གནས་དག་ལ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ངེས་པ་འདིས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། ཅིའི་ཕྱིར་འགྲོ་བའི་སྲིད་པ་བར་མ་ལས་ཀྱི་འཕེན་པར་གཅིག་ཁོ་ན་ཞེ་ན། མྱོང་བར་ངེས་པའི་ལས་ཀྱིས་འཕངས་པ་དེ་འགྲོ་བ་དེ་དང་ཕྲད་པའི་དོན་དུ་
འཇུག་པའི་ཕྱིར་རོ། །རྒྱུན་ཏུ་ཞུགས་པ་ལ་སོགས་པ་རྣམས་གནས་དང་ས་འཕོས་པ་ལས་བར་མ་དོར་འཆི་བ་གང་ཡིན་པ་ནི་བཟློག་པར་འགྱུར་རོ་ཞེས་བྱ་བ་རྩོད་པའི་ཚིག་གོ། །འདོད་ཆགས་དང་མ་བྲལ་བའི་སློབ་པའི་སྲིད་པ་བར་མ་ལ་ནི་ས་འཕོ་བ་མེད་དེ་ལམ་ལས་རྒྱལ་བ་མ་
Vol. 209 · folio 351b
ཡིན་པའི་ཕྱིར་དང་། འདོད་པའི་ཁམས་ལས་ནི་མངོན་དུ་མ་གྱུར་པའི་སྒོ་ནས་སྡུག་བསྔལ་ལས་འདས་པའི་ཕྱིར་རོ། །གང་དག་མངོན་དུ་གྱུར་པར་འདོད་པ་དེ་དག་ཀྱང་རིགས་ནས་རིགས་སུ་སྐྱེ་བ་དང་། བར་ཆད་གཅིག་པ་དག་ས་འཕོ་བར་མི་འདོད་དོ། །ལྷ་དང་མིའི་རིགས་ནས་
རིགས་སུ་སྐྱེ་བ་སོ་སོར་ངེས་པ་དག་ཀྱང་ལྷ་དང་མི་དག་ཏུ་སྐྱེ་བ་ལ་ཞུགས་པའི་ལས་མངོན་དུ་གྱུར་པའི་ཕྱིར་འགྲོ་བ་གཞན་དུ་སྐྱེ་བ་མ་ཡིན་ཏེ། དེའི་ཕྱིར་མི་བཟློག་ཅེས་བཤད་དོ། །འདོད་པ་ན་སྤྱོད་པ་སྨོད་པ་ནི་གཟུགས་ན་སྤྱོད་པའི་སྲིད་པ་བར་མ་བསལ་བར་བྱ་བའི་ཕྱིར་རོ། །
དེ་ནི་ཁམ་གྱི་ཟས་ཀྱི་འདོད་ཆགས་དང་བྲལ་བ་ཡིན་ཏེ། དེའི་ཟས་ནི་རྣམ་པར་ཤེས་པ་དང་ཡིད་ལ་སེམས་པ་དང་། རེག་པ་ཞེས་བྱ་བ་དང་རྣམ་པ་གསུམ་མོ། །དེ་ཉིད་ཀྱི་ཕྱིར་དྲི་ཟ་ཞེས་བྱའོ། །གང་གི་ཕྱིར་དེ་ལྟར་དྲི་ཟ་ཡིན་པ་དེའི་ཕྱིར་དྲི་ཟའོ། །འགྲོ་བ་མ་ཡིན་ཡང་འདི་དྲི་ཟ་ཞེས་
བྱ་བར་འགྱུར་རོ། །གལ་ཏེ་འདི་འགྲོ་བའི་དོན་ཡིན་ཡང་ཟ་བའི་དོན་དུ་འགྱུར་བ་ཅི་ཞེ་ན། སྒྲའི་བྱིངས་རྣམས་དོན་དུ་མ་ཡིན་པའི་ཕྱིར་ཞེས་བྱ་སྟེ། འགྲོ་བའི་དོན་ཅན་ཡང་ཟ་བའི་དོན་ཅན་དུ་འགྱུར་བས་སྐྱོན་མེད་དེ། དེ་ལྟ་ན་གནྡྷ་དྲི་དང་ཨརྦ་ཟ་བ་ཡིན་པས་གནྡྷཱརྦ་ཞེས་པར་འགྱུར་
རོ་ཞེ་ན། དེའི་ཕྱིར་ཐུང་ངུ་ཉིད་ནི་ཀརྐནྡྷུ་དང་ཤ་ཀནྡྷུ་བཞིན་ནོ་ཞེས་སྨོས་ཏེ། དཔེར་ན་ཤཀཱནྡྷུ་ཞེས་ཐོབ་པ་ལ་ཤ་ཀནྡྷུ་ཞེས་པར་གྱུར་པ་བཞིན་ནོ། །དབང་ཆུང་བར་གྲགས་པ་ཞེས་བྱ་བ་ནི་མི་རིགས་པ་སྟེ། དམན་པའི་རིགས་ཅན་ཞེས་བྱ་བའི་དོན་ཏོ། །དབང་ཆུང་བ་ནི་དབང་
ཐང་ཆུང་བའོ། །དབང་ཆུང་བར་གྲགས་པ་གང་ལ་ཡོད་པ་དེ་ནི་དབང་ཆུང་བར་གྲགས་པ་ཡིན་ནོ། །དབང་ཆེ་བ་ནི་དབང་ཐང་ཆེ་བ་སྟེ། དབང་ཆེ་བ་ཞེས་བྱ་བར་གྲགས་པ་གང་ལ་ཡོད་པ་དེ་ནི་དབང་ཆེ་བར་གྲགས་པ་ཡིན་ནོ། །བཙུན་པ་ན་རེ་ངེས་པ་མེད་དེ་ཞེས་བྱ་བ་ལ་བཙུན་པ་ནི་
དཔེས་སྟོན་པའི་སྡེ་པ་ཆོས་སྐྱོབ་བོ། །ཇི་སྐད་དུ་སྐྱེ་བའི་ཚོགས་པ་མ་རྙེད་པ་དེ་སྲིད་ཀྱི་བར་དུ་གནས་སོ་ཞེས་བྱ་བ་འདི་ལ་རྒྱུ་སྨྲས་པ་ནི་དེའི་ཚེའི་འཕེན་པ་ལོགས་ཤིག་ན་མེད་དེ་ཞེས་བྱ་བའོ། །ཡང་དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་རིས་མཐུན་པ་གཅིག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་
Vol. 209 · folio 352a
སོ། །དུས་སྔ་མའི་སྲིད་པ་གང་ཡིན་པ་དང་། སྲིད་པ་བར་མ་གང་ཡིན་པ་དེ་དག་ཐོབ་པ་བྱེད་པའི་རིས་མཐུན་པ་དེ་ནི་གཅིག་པ་ཉིད་དོ། །ཚེའི་ལས་གང་གིས་དུས་སྔ་མའི་སྲིད་པའི་ཚེ་འཕེན་པ་དེ་ཉིད་ཀྱིས་སྲིད་པ་བར་མའི་ཡང་ཡིན་ཏེ། སྲིད་པ་ཚོལ་བའི་ཕྱིར་རོ། །
དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ། གལ་ཏེ་རིས་མཐུན་པ་ཐ་དད་པའམ་ཚེའི་ལས་ཀྱིས་ཚེ་ལོགས་ཤིག་ཏུ་འཕེན་པར་འགྱུར་ན་ནི་དེ་ལྟ་ཡིན་དང་སྲིད་པ་བར་མ་དོའི་ཚེ་ཟད་པས་འཆི་བའི་སྲིད་པར་ཡང་འགྱུར་ཏེ། དཔེར་ན་དུས་སྔ་མའི་སྲིད་པའི་ཚེ་ཟད་པས་འཆི་བའི་སྲིད་པར་འགྱུར་བ་བཞིན་
ནོ། །དེའི་ཕྱིར་ངེས་པ་མེད་དོ། །གལ་ཏེ་ཤའི་ཕུང་པོ་རི་རབ་ཙམ་དུ་ཞེས་བྱ་བ་ནི་སློབ་དཔོན་ཉིད་འདྲི་བར་མཛད་པའོ། །གཞན་དག་ན་རེ་འདི་ལ་རྒྱུ་མེད་པ་དང་རྒྱུ་དང་བཅས་པར་སྨྲ་བའི་ཚིག་གིས་གླགས་ཡོད་པ་དེའི་ཕྱིར་དེས་སྨྲས་སོ་ཞེའོ། །དེ་དག་དྲི་དེ་ཚོར་ཞིང་དེ་དང་ལྷན་ཅིག་རྒྱུ་བའི་རོ་
མྱོང་བ་དྲན་ནས་དེ་དག་ལ་ཆགས་པ་སྐྱེད་པར་བྱེད་པ་དེའི་ཕྱིར་དྲི་དང་རོ་ལ་མངོན་པར་ཆགས་པ་ཞེས་བྱ་བ་སྨོས་སོ། །སད་པར་བྱས་ནས་སྲིད་པ་དེས་ཞེས་བྱ་བ་ནི་དྲི་དང་རོའི་སྲེད་པས་རྣམ་པར་སྨིན་པ་ལ་མངོན་པར་ཕྱོགས་པར་བྱས་ཏེ་སྲིད་པ་བར་མའི་རྒྱུན་གྱིས་སྲིན་བུའི་ནང་དག་ཏུ་སྐྱེ་བར་
འགྱུར་རོ། །དེའི་རྐྱེན་མང་པོ་ཞེས་བྱ་བ་ནི་སྲིན་བུའི་ངོ་བོའི་རྐྱེན་མང་བའི་ཚེ་སྟེ། དེ་འཆགས་པར་འགྱུར་ཏེ། སྲིན་བུའི་སྲིད་པ་འཆགས་པར་འགྱུར་བའོ། །འཇུག་པ་རྙེད་ཅེས་བྱ་བ་ནི་རྣམ་པར་སྨིན་པ་འབྱིན་པ་ལ་མངོན་དུ་ཕྱོགས་པར་གྱུར་ཅེས་བྱ་བའི་དོན་ཏོ། །སེམས་ཅན་རྣམས་
ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པོ་ཞེས་བྱ་བ་ནི་དེ་ཉིད་ལ་ཡུལ་དང་དུས་སུ་རྐྱེན་ངེས་པ་དང་མ་ངེས་པ་ཉིད་ཀྱི་ཕྱིར་རོ། །སྲིད་པ་བར་མ་ནི་སྲིད་པ་ཚོལ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དེ་ནི་སྐྱེ་བའི་དགོས་པ་ཅན་ཡིན་པའི་ཕྱིར་སྲིད་པ་དོན་དུ་གཉེར་བར་བྱེད་དོ། །དེའི་ཕྱིར།
ཚོགས་ཤིང་དུས་ལ་བབ་པ་ན། འབྲས་བུ་ཉིད་དུ་སྨིན་པར་འགྱུར་ཞེས་འབྱུང་བའི་ཕྱིར་རོ། །གཞན་དུ་ནི་མ་ཡིན་ཏེ་ཞེས་བྱ་བ་དེ་མང་པོ་མ་ཡིན་པའི་དུས་སོ། །གཞན་དུ་ནི་མ་ཡིན་པ་ལྟ་བུའོ་ཞེས་བྱ་བ་ནི་ཚེ་ཐུང་བ་མ་ཡིན་པ་སྟེ། འཁོར་ལོས་སྒྱུར་བ་འབྱུང་བ་ནི། སྟོང་ཕྲག་
Vol. 209 · folio 352b
བརྒྱད་ཅུ་ལས་མི་འཕྱི་ཞེས་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་གང་གི་ཕྱིར་འཁོར་ལོས་སྒྱུར་བ་ལ་སོགས་པར་འགྱུར་བའི་ལས་དག་ཡོད་དུ་ཟིན་ཀྱང་། རེས་འགའ་ཞིག་ཁོ་ན་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་བྱ་བ་ལ་འཇུག་པ་རྙེད་པར་འགྱུར་བའི་ཕྱིར་རོ། །དེ་ཉིད་དུ་ཞེས་བྱ་བ་
ནི་སྲིད་པ་བར་མ་དོར་རོ། །སྲིད་པ་ཚོལ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་དེ་ནི་སྐྱེ་བའི་དགོས་པ་ཅན་ཡིན་པའི་ཕྱིར་སྲིད་པ་དོན་དུ་གཉེར་བར་བྱེད་དོ། །ཡང་ལས་ལས་སྐྱེ་བ་དང་ལས་ཀྱི་འབྲས་བུ་དེ་རྐྱེན་ཚོགས་པ་ལས་ཇི་ལྟར་སྐྱེ་བར་འགྱུར། ཏནྟརྱ་ཀཏྭཱཛྫ་ནྨ་ནཿ (དེའི་སྐྱེ་བ་འཕགས་པའི་མ་ཡིན་པའི་ཕྱིར་རོ། །)སྲིད་པ་བར་མ་ལ་ནི་
དེ་ལྟར་བརྒལ་བར་བྱ་བ་མ་ཡིན་ཏེ་འདི་ནི་ལས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ཉིད་དོ་ཞེས་བཤད་དོ། །འོན་ཏེ་མ་ངེས་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་ཞིག་དུས་དང་སྐྱེ་བ་ངེས་པས་ཡུལ་མ་ངེས་པར་འཕེན་པ་དེ་ནི་དེ་ལས་གཞན་པའི་ཡུལ་དང་སྐྱེ་བ་དེར་སྐྱེའོ། །
གཞན་དག་ན་རེ་འདྲ་བར་སྐྱེ་བར་འགྱུར་ཏེ། སྐྱེ་བ་དེ་དང་ཡུལ་དེར་སྐྱེ་བ་མ་ངེས་ན་ནི་དེའི་ཕྱིར་དེ་དང་འདྲ་བའི་སྐྱེ་བར་སྐྱེའོ་ཞེས་ཟེར་རོ། །ཡང་ཅིའི་ཕྱིར་འདིའི་རིགས་ཉིད་ངེས་པ་དང་མ་ངེས་པ་ཉིད་དུ་བཤད་པ་ལ། དུས་སུ་ཡང་རིགས་ངེས་པ་དང་མ་ངེས་པའི་ཕྱིར་མ་ཡིན་ཏེ། དུས་སུ་
ཡང་གཉི་ག་རིག་པར་བྱའོ། །ཇི་ལྟར་བ་ལང་དག་ནི་དབྱར་རྣམས་སུ་འཁྲིག་པ་མང་ལ་ཞེས་བྱ་བ་ལ་སོགས་པས་ངེས་པ་དང་མ་ངེས་པ་སྟེ། ཇི་ལྟར་ཞེ་ན། དུས་གཞན་ལ་བ་ལང་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་བ་མེན་རྣམས་ཀྱི་ནང་དུ་སྐྱེའོ་ཞེས་བྱ་བ་ལ་
སོགས་པ་འབྱུང་ངོ་། །ལས་ཀྱི་འཕེན་པ་གཅིག་པའི་ཕྱིར་ཞེས་བྱ་བ་ལ་ལས་གང་གིས་བ་ལང་ལ་སོགས་པའི་རིས་མཐུན་པ་འཕེན་པའི་ལས་དེ་ཉིད་ཀྱིས་དེའི་སྲིད་པ་བར་མ་འཕེན་པས་ཇི་ལྟར་རིས་མཐུན་པ་གཞན་གྱི་སྲིད་པ་བར་མས་རིས་མཐུན་པ་གཞན་སྐྱེད་པར་ནུས་ཏེ། དེ་ནི་བརྗོད་
པར་བྱ་བ་མ་ཡིན་ནོ། །གཞན་དག་ན་རེ་རིས་མཐུན་པ་གཞན་དུ་སྐྱེས་པ་ཡང་དེའི་རིས་མཐུན་པར་གཏོགས་པའོ། །འོ་ན་སྲིད་པ་བར་མ་དང་ཐ་མི་དད་པའི་རིས་མཐུན་པ་ཉིད་ཅི་ཞེ་ན། ཀ་ལྨཱ་ཥ་པཱ་ད་ལ་སོགས་པ་བཞིན་ཞེས་སོ། །འདི་ལ་བརྗོད་པར་བྱ་བ་མེད་དེ། འདིར་ནི་རིས་
Vol. 209 · folio 353a
མཐུན་པ་གང་དུ་སྐྱེ་བ་དེའི་རིགས་མཐུན་པར་གཏོགས་པ་ཉིད་དུ་འགྱུར་རོ་ཞེས་གཞན་གྱིས་བསམས་པའོ། །འདི་དེ་འདྲ་བ་ཞེས་གསུངས་པའི་ཕྱིར་ཅི་ལས་ཡིན། རྣམ་པ་གཞན་དུ་ན་ཁྱད་པར་ལས་བྱུང་བའི་དོན་ཅན་དེ་དགག་པའི་ཕྱིར་དེ་སྐད་བཤད་དོ། །སྲིད་པ་
བར་མ་རིས་གཞན་ནི་མ་ཡིན་ནོ་ཞེས་རྒྱས་པར་འབྱུང་སྟེ། དེའི་ཕྱིར་འདི་ལ་ནི་མ་ཡིན་ནོ། །སློབ་དཔོན་འདུས་བཟང་ནི། དེའི་ལས་རིགས་གཅིག་པའི་ཕྱིར་རིས་ཐ་དད་པ་འཕེན་པ་གཅིག་པ་ཉིད་གཏོད་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་ན་ཡང་སྲིད་པ་བར་མའི་ལས་གང་ཡིན་པའི་འབྲས་བུ་
དེ་ཉིད་ལྷག་མའི་སྐྱེ་བ་ཡིན་ནོ་ཞེ་ན། ཅི་ལྟར་ལས་ཀྱི་འཕེན་པ་གཅིག་ཉིད་འདོར་བར་བྱེད། ཅི་སྟེ་དེ་ཉིད་དེ་ཡི་འབྲས་བུའོ་ཞེ་ན། དེ་ལྟ་ན་ཡང་སྐྱེ་བ་གཅིག་འཕེན་པ་ལས་གཅིག་ཡིན་པས་འགལ་ཏེ། ལས་གཅིག་གིས་རིགས་མཐུན་པ་དུ་མ་འཕེན་པ་ཉིད་དུ་ཁས་བླང་བའི་ཕྱིར་རོ། །
གཞན་དག་ན་རེ་རིས་གཞན་གྱིས་སྲིད་པ་བར་མས་ཞེས་བྱ་བ་ལ་སོགས་པས་མི་བཟློགས་ཞེས་བྱ་བ་འདི་དང་འགལ་བར་སྟོན་ཏོ་ཞེས་ཟེར་རོ། །གཞན་དག་ནི་འགྲོ་བ་གཅིག་ལ་དགོངས་ཏེ་གསུངས་པའི་ཕྱིར་སྐྱོན་མེད་དོ་ཞེས་ཟེར་ཏེ། འགྲོ་བ་གཅིག་ཏུ་རིས་མཐུན་པའི་ཕྱིར་གཞན་ཉིད་འཕེན་
པ་དེ་ལ་རིགས་གཅིག་ཏུ་དགོངས་སོ་ཞེས་ཤེས་པར་བྱའོ། །བློ་ནི་ཕྱིན་ཅི་ལོག་གྱུར་པས། ཞེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་དང་ཞེ་སྡང་དག་གིས་ཏེ་འདི་ལྟར་མ་ལ་འཁྲིག་པའི་འདོད་ཆགས་ཀུན་ཏུ་སྤྱོད་པའི་ཕྱིར་བློ་ཕྱིན་ཅི་ལོག་པ་ཡིན་ལ། ཕ་ལ་ཞེ་སྡང་ཀུན་ཏུ་སྤྱོད་པའི་
ཕྱིར་རོ། །ཡང་ན་ནི་བཟློག་པའོ། །ཕ་མ་ཞེས་བྱ་བ་ལ། ཕ་དང་མ་ནི་ཕ་མ་སྟེ། ཕ་མ་དེ་གཉིས་སོ། །ཉལ་པོ་བྱེད་པ་ནི་འཁྲིག་པའི་ཆོས་ལྷག་པར་སྤྱོད་པའོ། །ཕོའི་འདོད་ཆགས་ནི་ཕོའི་འོ། །མོའི་ཡང་དེ་དང་འདྲའོ། །དེ་ཉིད་ཀྱི་ཕྱིར། བུ་ནི་ལྷག་པར་མའི་ཕྱོགས་
འཛིན་ལ། བུ་མོ་ནི་ཕའི་འོ། །གནས་སྐབས་དེར་ཞེས་བྱ་བ་ལ། ཕོའི་ཉལ་པོ་ལ་ནི་ཕའི་གནས་སྐབས་སུའོ། །མོའི་ཉལ་པོ་ལ་ནི་མའི་གནས་སྐབས་སུའོ། །མི་གཙང་བ་དེར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མི་གཙང་བ་ནི་ཁུ་ཁྲག་གོ །མངལ་གྱི་གནས་ནི་ཕོ་བ་དང་
Vol. 209 · folio 353b
ལོང་ཀ་དང་གཉིས་ཀྱི་བར་རོ། །ཁུ་ཆུ་དང་ཁྲག་འདི་ནི་བདག་གི་ཡིན་ནོ་སྙམ་སྟེ་དགའ་བ་སྐྱེས་ནས་མའི་མངལ་དུ་ཞུགས་ཏེ་ཁུ་ཆུ་དང་ཁྲག་ཐིགས་པ་གཅིག་གཉིས་ཀྱིས་ནུར་ནུར་པོར་གནས་ཏེ། འདབ་ཆགས་སུ་གནས་ཞེས་བྱ་བའི་དོན་ཏོ། །དེ་ནས་འདབ་ཆགས་སུ་གནས་པ་དེའི་
ཕུང་པོ་འཁྲང་བར་འགྱུར་བ་ཞེས་བྱ་བ་ནི་རགས་པར་འགྱུར་བ་སྟེ། ནུར་ནུར་པོའི་ལུས་ཡིན་པའི་ཕྱིར་རོ། །སྲིད་པ་བར་མ་པའི་ཤིན་ཏུ་དང་བ་དག་ནི་འགག་པར་འགྱུར་ཏེ། འདིར་སྐྱེ་བ་དང་འགག་པ་ན་ས་བོན་དང་མྱུ་གུ་དང་འདྲ་བར་བལྟ་བར་བྱའོ། །རྒྱབ་རོལ་ཏུ་བལྟས་ཏེ་ཙོག་
ཙོག་པོར་ཞེས་བྱ་བ་ནི་བདག་ཉིད་ལ་ཕའི་སྤྱོད་ལམ་ལྷག་པར་མོས་པའི་ཕྱིར་རོ། །དེ་བཞིན་དུ་ལྟོ་རོལ་དུ་ཁ་བལྟའོ་ཞེས་བྱ་བ་ཡང་བདག་ཉིད་ལ་མའི་གནས་སྐབས་སུ་ལྷག་པར་མོས་པའི་ཕྱིར་ཏེ་དེ་ལྟ་སྐྱེ་སྟེ་གཡོན་ཕྱོགས་ཀྱི་ངང་ཚུལ་ཅན་ཡིན་པའི་ཕྱིར་ལྟོའི་གཡོན་ཕྱོགས་སུ་བསྙེས་
ཏེ་གནས་སོ། །ཕྱིས་ལུས་སྐྱེ་ཞིང་ཞེས་བྱ་བ་ནི་རྒྱས་པ་དང་འཕེལ་ཞིང་ཞེས་བྱ་བའི་དོན་ཏོ། །དེ་དག་ཁོ་ན་ཡིན་ཏེ་ཞེས་བྱ་བ་ནི་ཁུ་ཆུ་དང་ཁྲག་གི་འབྱུང་བ་དག་ཁོ་ནའོ། །ཇི་ལྟར་ཞེ་ན་ཁུ་ཆུ་དང་ཁྲག་དབང་པོ་མེད་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ས་བོན་དང་མྱུ་གུ་འགག་པ་དང་སྐྱེ་
བའི་ཚུལ་དུ་ཞེས་བྱ་བ་ལ། སྐད་ཅིག་མ་གཅིག་ཁོ་ན་ལས་ས་བོན་འགག་ཅིང་མྱུ་གུ་སྐྱེའོ། །ནུར་ནུར་པོ་ཞེས་བྱ་བ་གང་ཡིན་པ་ན་ཞེས་བྱ་བ་ནི་ཁུ་ཆུ་དང་ཁྲག་གི་མཇུག་ཐོགས་སུ་དང་པོར་ནུར་ནུར་པོ་ཡིན་ནོ་ནུར་ནུར་པོ་ལས་མེར་མེར་གྱི་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །
དུར་ཁྲོད་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པ་ལ། དུར་ཁྲོད་ནི་དུར་ཁྲོད་དེ། ཡང་དང་ཡང་དུ་ཤི་བས་འཕེལ་བར་བྱས་པའོ། །སྲིད་པ་བར་མའི་གཟུགས་ཀྱི་རྒྱུན་ལས་སྐྱེ་བའི་ཆར་གཏོགས་པའི་གཟུགས་སྐྱེ་བ་དེ་ལྟར་ནི་མ་ཡིན་ཏེ། ས་བོན་དང་མྱུ་གུའི་ཚུལ་དུ་བལྟ་བར་བྱའོ། །སེམས་
ཅན་དུ་སྟོན་པ་མ་ཡིན་པ་སེམས་ཅན་དུ་སྟོན་པའི་ས་བོན་དུ་འགྱུར་བར་འོས་པ་མ་ཡིན་ཏེ། རྒྱུད་ཀྱི་དབྱེ་བ་ལས་ཅིག་ཅར་ཡང་སེམས་ཅན་དང་སེམས་ཅན་དུ་སྟོན་པ་མ་ཡིན་པའི་གཟུགས་འགག་གོ། །སེམས་ཅན་དུ་སྟོན་པ་དང་སེམས་ཅན་དུ་སྟོན་པ་མ་ཡིན་པ་ལས་སྐྱེས་པ་ཡང་རིས་
Vol. 209 · folio 354a
ཐ་དད་པ་མ་ཡིན་པའི་སེམས་ཅན་དུ་སྟོན་པ་ལས་མ་ཡིན་ནོ། །གཞན་དག་ན་རེ། འབྱུང་བ་གཞན་དག་ཁོ་ན་ཡིན་ཏེ་ཞེས་བྱ་བ་ལ། སྲིད་པ་བར་མའི་འབྱུང་བ་ནུར་ནུར་པོའི་འབྱུང་བ་དང་འབྲེལ་པ་དག་ནི་ནུར་ནུར་པོ་དང་ལྷན་ཅིག་འགགས་ལ། དེ་དག་
ཀྱང་འགག་པ་ན་ལྷན་ཅིག་བྱེད་པའི་རྐྱེན་གཞན་ནུར་ནུར་པོ་ལ་བརྟེན་ནས་སྔར་གྱི་འབྱུང་བ་དང་མཚན་ཉིད་མི་མཐུན་པའི་འབྱུང་བ་གཞན་དབང་པོ་དང་བཅས་པ་དག་གི་རྒྱུར་འགྱུར་རོ། །དཔེར་ན་ལོ་མའི་སྲིན་བུ་ལྟ་བུ་ཡིན་ལ་ཞེས་བྱ་བ་ལ། ལོ་མའི་འབྱུང་བ་དག་ལ་བརྟེན་ནས་ལས་
རྣམས་ལས་བྱུང་བ་དག་སྐྱེ་བ་དེ་དག་དབང་པོའི་རྟེན་གྱི་ངོ་བོར་འགྱུར་གྱི། །ལོ་མའི་འབྱུང་བ་ཆེན་པོ་དག་ནི་སྲིན་བུའི་རྟེན་མ་ཡིན་ནོ། །ག་ལས་ཤེ་ན། ལོ་མ་དུམ་བུ་རེ་རེ་ནས་མ་དམིགས་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་ཕ་དང་མའི་མི་གཙང་བ་ནུར་ནུར་པོ་ལས་བྱུང་བ་ཞེས་བྱ་བའི་
མདོ་དང་འགལ་ལོ་ཞེ་ན། དེའི་ལན་དུ་མི་གཙང་བ་ལ་བརྟེན་ནས་སྐྱེ་བ་ལ་དགོངས་ཏེ་གསུངས་པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཁུ་ཆུ་དང་ཁྲག་ལ་བརྟེན་ནས་དེ་དག་གི་དབང་པོའི་འབྱུང་བ་ཆེན་པོ་རྣམས་སྐྱེའོ་ཞེས་བྱ་བ་འདི་ལ་དགོངས་ཤིང་བསམས་ནས་ཕ་དང་མའི་མི་གཙང་བ་
ནུར་ནུར་པོ་ལས་འབྱུང་བ་ཞེས་གསུངས་པའི་ཕྱིར་མདོ་དང་འགལ་བ་མེད་དེ། དཔེར་ན་ལོ་མ་ལ་བརྟེན་ནས་སྐྱེས་པའི་སྲིན་བུ་ནི་མིའི་སྲིན་བུ་ཡིན་པ་དེ་བཞིན་དུ་ཕ་དང་མའི་མི་གཙང་བ་ལ་བརྟེན་ནས་སྐྱེས་པའི་ནུར་ནུར་པོ་ཡང་ཕ་དང་མའི་མི་གཙང་བ་ནུར་ནུར་པོ་ཡིན་ནོ། །རེ་ཞིག་
འདོད་པའི་ཁམས་སུ་སྒོ་ང་ལ་སྐྱེ་བ་དང་། མངལ་ནས་སྐྱེ་བའི་སྐྱེ་གནས་སུ་འཇུག་པ་ནི་དེ་ལྟ་བུའོ། །གཞན་ལ་ཞེས་བྱ་བ་ནི་དྲོད་གཤེར་ལས་སྐྱེ་བ་དང་རྫུས་ཏེ་སྐྱེ་བའི་སྐྱེ་གནས་དག་ལའོ། །ཅི་རིགས་པར་ཞེས་བྱ་བ་ནི་དྲི་དང་གནས་ལ་མངོན་འདོད་གཞན་ཞེས་བྱ་བ་སྟེ། འགྲོ་བའི་
ཡུལ་དུ་འགྲོའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་ན་དམྱལ་བ་དག་ཏུ་གནས་འདོད་ཅེ་ན་ཞེས་བྱ་བ་ནི་དམྱལ་བ་དག་འཇིགས་པའི་གནས་ཡིན་པའི་ཕྱིར་འདྲི་བའོ། །གནས་སྐབས་གང་གིས་ཞེས་བྱ་བ་ནི་ཤན་པ་ལ་སོགས་པའམ་ལིངས་པ་ལ་སོགས་པ་དག་གི་ཚེ་སྟེ། ཇི་སྐད་དུ། ཇི་ལྟར་
Vol. 209 · folio 354b
འགྱུར་བས་དེ་མྱོང་ལས། སྔར་བྱས་པ་ནི་རྨི་ལམ་ལྟར། །སེམས་ཅན་དེ་འདྲ་མཐོང་གྱུར་ནས། །དམྱལ་བར་རབ་ཏུ་རྒྱུག་པར་འགྱུར་ཞེས་རྣལ་འབྱོར་སྤྱོད་པའི་སྔོན་གྱི་སློབ་དཔོན་དག་གིས་བཤད་དོ། །ཡང་སྲིད་པ་བར་མ་གང་ཞིག་སྐྱེ་བའི་ཡུལ་དུ་ཇི་ལྟར་འགྲོ་ཞེ་ན། དེ་
ལ་ལྷའི་སྲིད་པ་བར་མ་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །སྟན་ལས་ལྡང་བ་བཞིན་དུ་ཞེས་བྱ་བ་ནི་གནས་གོང་མར་སྐྱེ་བའི་ཕྱིར་རོ། །མི་དང་དུད་འགྲོ་དང་ཡི་དགས་རྣམས་ཀྱི་ནི་ཞེས་བྱ་བ་ལ། མིའི་སྲིད་པ་བར་མ་ནི་མི་བཞིན་ནོ། །དུད་འགྲོའི་སྲིད་པ་བར་མ་ནི་དུད་འགྲོ་
བཞིན་ནོ། །ཡི་དགས་ཀྱི་སྲིད་པ་བར་མ་ནི་ཡི་དགས་བཞིན་ཏེ། རྒྱབ་ཀྱི་འགྲོ་བས་ཡི་དགས་ཡིན་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་གཟུགས་མེད་པ་རྣམས་སུ་སྲིད་པ་བར་མ་མེད་ཅེ་ན། ལས་དེའི་འཕེན་པ་དེའི་ནུས་པ་ལས་དེའི་ནུས་པ་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་
སྤངས་པའི་ཕྱིར་རོ། །ཉོན་མོངས་པས་རྒྱས་པར་བྱས་པའི་ལས་རྣམས་འབྲས་བུ་འཕེན་ནུས་པ་ལས། ཉོན་མོངས་པ་མེད་པར་འོས་པ་མ་ཡིན་ཏེ། ལས་ཡོད་ཀྱང་སྐྱེ་བ་འཕེན་པ་མེད་པའི་ཕྱིར་རོ། །རགས་པ་དང་ཕྲ་བའི་ས་ལ་དེའི་ངོ་བོའི་ལས་དང་འབྲས་བུ་ནི་
ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་སེམས་པ་ཅན་མ་ཡིན་ལ་འཇིག་རྟེན་པའི་བསྐལ་པ་མི་མཉམ་པའི་སེམས་ཅན་ཡང་མ་ཡིན་ནོ། །སྲིད་པ་བར་མའི་དབང་པོ་འཆོལ་བ་མེད་དེ། མཐོང་བའི་རྒྱུ་འདོད་པ་ན་སྤྱོད་པའི་དངོས་པོ་རྣམས་ཀྱི་
སྤང་བྱ་ཕྲ་རྒྱས་རྣམས་སྤངས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །ཅི་སྲིད་པ་བར་མ་ཐམས་ཅད་བློ་ཕྱིན་ཅི་ལོག་ཏུ་གྱུར་པས་མའི་མངལ་དུ་འཇུག་གམ་ཞེ་ན་སྨྲས་པ་མ་ཡིན་ཏེ། འོན་ཀྱང་མངལ་དུ་འཇུག་པ་ནི་བཞི་ཞེས་བྱ་བར་རྒྱས་པར་འབྱུང་ངོ་། །མངལ་དུ་འཇུག་པ་འདི་
བཞི་ཞེས་བྱ་བ་ནི་མངལ་དུ་འཇུག་པ་དང་། གནས་པ་དང་འབྱུང་བའི་ཁྱད་པར་གཞན་མེད་དོ་སྙམ་དུ་བསམས་པའོ། །སེམས་ཉོན་མོངས་པ་ཅན་ཡིན་ཡང་འདུ་ཤེས་དང་མོས་པ་དག་ཕྱིན་ཅི་མ་ལོག་པའི་ཕྱིར་ཤེས་བཞིན་དུ་འཇུག་གོ་ཞེས་བརྗོད་དོ། །བཟློག་སྟེ་བསྟན་ཏོ་ཞེས་བྱ་བ་
Vol. 209 · folio 355a
ལ་མདོ་ལས་ནི་ཐམས་ཅད་ཤེས་བཞིན་པར་འགྱུར་བ་གང་ཡིན་པ་འདི་ཐོག་མར་བསྟན་ལ་གསུམ་ནི་ཇི་སྐད་བསྟན་པ་ཁོ་ན་བཞིན་ནོ། །རྨོངས་པ་དང་མ་རྨོངས་པའི་བྱེ་བྲག་འདི་ནི་མངལ་ནས་སྐྱེ་བའི་སྐྱེ་གནས་ལ་ཡིན་ཏེ། སྒོ་ང་ལས་སྐྱེས་པ་ནི་རྟག་ཏུ་
ཐམས་ཅད་རྨོངས་པ་ཁོ་ནར་འགྱུར་རོ། །གང་ཞིག་སྐྱེ་བར་འགྱུར་བ་ཞེས་བྱ་བ་ནི་སྒྲའི་ཚུལ་གྱིས་དུས་གསུམ་ལ་བསྒྲུབ་པའི་ཕྱིར་རོ། །ཡང་ན་འབྱུང་བར་འགྱུར་བའི་མིང་གིས་ཞེས་བྱ་བ་འབྱུང་བར་འགྱུར་བའི་མིང་གིས་ཀྱང་སྟོན་པར་བྱེད་པའོ། །འདུས་བྱས་མངོན་པར་འདུ་བྱེད་
དོ་ཞེས་བྱ་བ་ལ་བསྐྱེད་པའི་གནས་སྐབས་སུ་འདུས་བྱས་སུ་འགྱུར་གྱི་བསྐྱེད་བཞིན་པའི་གནས་སྐབས་སུ་ནི་མ་ཡིན་ལ། གཞན་དག་ན་རེ་རྒྱལ་པོ་ལྔ་ལེན་གྱི་བུ་ལྔ་བརྒྱ་སྒོ་ང་ལས་སྐྱེས་པ་ཡིན་པ་དེ་དག་གིས་ཀྱང་རང་སངས་རྒྱས་ཀྱི་བྱང་ཆུབ་རྟོགས་སོ་ཞེས་བྱ་བར་གྲགས་ཏེ། དེའི་ཕྱིར་སྒོ་
ང་ལས་སྐྱེས་པ་ནི་རྟག་ཏུ་ཐམས་ཅད་རྨོངས་པ་ཁོ་ནར་འགྱུར་རོ་ཞེས་བྱ་བ་འདི་མ་ངེས་སོ་ཞེ་ན་རང་སངས་རྒྱས་བསེ་རུ་ལྟ་བུ་ལ་དགོངས་ནས་གསུངས་པས་ཉེས་པ་མེད་དོ། །ཡང་ཅིའི་ཕྱིར་ཤེས་བཞིན་མ་ཡིན་པར་འཇུག་པ་ཤེས་བཞིན་དུ་གནས་པ་དང་འབྱུང་བ་དག་ཏུ་མི་འགྱུར་ཞེ་ན་མི་སྲིད་
པའི་ཕྱིར་ཏེ། ལུས་དང་དབང་པོ་སྟོབས་དང་ལྡན་པ་དང་། ཚང་བ་དང་། མ་ཉམས་པ་དང་། གསལ་བ་གང་གིས་ཤེས་བཞིན་མ་བཞག་པ་ལུས་དང་དབང་པོ་སྟོབས་དང་མི་ལྡན་པ་དང་། ཉམས་པ་དང་མ་ཚང་བ་དང་། ཞན་པ་དེ་ཤེས་བཞིན་དུ་གནས་པའམ་འབྱུང་བར་
འགྱུར་བ་ནི་སྲིད་པ་མ་ཡིན་ནོ། །ཤེས་བཞིན་དུ་འཇུག་པ་ཡོད་དེ་རྒྱུའི་ཤུགས་ཀྱིས་འཕེན་པའི་དབང་གིས་སོ། །ཤེས་བཞིན་དུ་གནས་པར་ཡང་འགྱུར་ཏེ། གཉིས་ཀ་རྒྱུའི་དབང་ལས་སོ། །འབྱུང་བར་ཡང་ཞེས་བྱ་སྟེ་འདི་ནི་སྲིད་དོ། །ལོག་པའི་འདུ་ཤེས་དང་མོས་པ་དག་ཅེས་བྱ་བ་ལ། འདུ་
ཤེས་ནི་མཚན་མར་འཛིན་པའོ། །མོས་པ་ནི་ལྷག་པར་མོས་པའོ། །ཡང་ཇི་ལྟར་ལོག་པ་དག་ཏུ་འགྱུར་ཞེ་ན། འདི་སྙམ་དུ་རླུང་ལངས་པའམ་ཆར་འབབ་པའམ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གལ་ཏེ་རྩེ་དགས་འགྲོ་བའི་ཡུལ་དུ་འགྲོའོ་ཞེས་སྔར་བསྟན་ཟིན་པ་མ་ཡིན་ནམ་རླུང་ལངས་
Vol. 209 · folio 355b
པའམ་ཆར་འབབ་པའམ་ཞེས་རྒྱས་པར་ཡང་ཅིའི་ཕྱིར་སྨོས་ཤེ་ན། ངེས་པ་མེད་པར་ཤེས་པར་བྱ་བའི་ཕྱིར་ཏེ། འདོད་ཆགས་དང་ཞེ་སྡང་གཉིས་ཁོ་ནས་བློ་ཕྱིན་ཅི་ལོག་ཏུ་གྱུར་པས་སྐྱེ་བའི་ཡུལ་དུ་འགྲོ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། རྣམ་པ་གཞན་དུ་རྩྭ་ཐིབས་པོའམ་ནགས་ཐིབས་
པོར་འཇུག་པའམ་ཞེས་རྒྱས་པར་འབྱུང་བ་ཡང་ཡིན་ཏེ། དེ་ལྟར་བཤད་ན། སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །རང་གི་ས་པའི་ཉོན་མོངས་ཀུན། །ཞེས་བྱ་བ་འདི་ཡང་ཚད་མར་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། སྐྱེད་མོས་ཚལ་དུ་འཇུག་གོ་སྙམ་པས་ཀྱང་ངོ་། །
སྐྱེ་བའི་ཡུལ་དུ་བློ་ཕྱིན་ཅི་ལོག་གིས་འཇུག་གི་སྙམ་པ་ནི་ཉེ་བའི་གནས་སྐབས་སུའོ། །འདི་ནི་རིང་བའི་གནས་སྐབས་ཡིན་ཏེ་འདི་དག་གི་ཁྱད་པར་རོ་ཞེས་ཟེར་རོ། །འདི་ཡང་མ་ཡིན་ཏེ་ཉེ་བའི་གནས་སྐབས་སུ་མངོན་པར་འདོད་པ་དེར་ཡང་མངལ་གྱི་གནས་མི་གཙང་བ་དང་སྤྲད་
པ་ལ་དགའ་བས་མངོན་པར་འཇུག་གོ་ཞེས་གསུངས་པའི་ཕྱིར་རོ། །ཅི་ལྟར་ན་སྐྱེ་བའི་དུས་ཀྱི་ཉོན་མོངས་པ་ཅན་གྱི་སེམས་ཤེས་བཞིན་དུ་རུང་ཞེ་ན། ཤེས་རབ་ཐམས་ཅད་དགེ་བར་འདོད་པ་མ་ཡིན་ནོ། །དེས་ན་ཉོན་མོངས་པ་ཅན་གྱི་སེམས་ཀྱང་ཤེས་བཞིན་དུ་འགལ་བ་
མེད་དེ། རྣམ་པ་གཞན་དུ་ན་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་རྫུན་དུ་སྨྲ་བར་མི་འགྱུར་རོ། །ཡང་ན་འདིར་རྒྱུན་གྱི་དབང་དུ་བྱས་ཀྱི་མཚམས་སྦྱོར་བའི་སྐད་ཅིག་ནི་མ་ཡིན་ནོ། །དེ་ལ་ཡང་འདི་ཕྱིར་ཞིང་ཉོན་མོངས་པའི་སེམས་ཀུན་ཏུ་སྤྱོད་པས་ཉོན་མོངས་པ་ཅན་ཞེས་བྱ་བ་ཆུང་
བའི་ཕྱིར་གྲངས་སུ་ཉེ་བར་མི་འགྲོའོ། །རྟ་དཀར་པོ་དང་ནས་ཀྱི་ཕུང་པོ་བཞིན་ཞེས་བྱ་སྟེ། འདི་ནི་བདག་གི་ཕའོ་འདི་ནི་བདག་གི་མའོ་སྙམ་པ་ལས་གཞན་དུ་མི་འཁྲུལ་བའི་ཕྱིར་རམ་གུས་པ་བསྐྱེད་པའི་ཕྱིར་ཤེས་བཞིན་ཞེས་བརྗོད་དོ། །ཇི་ལྟ་བ་བཞིན་དུ་ཡང་དག་པར་རབ་ཏུ་
ཤེས་པའི་ཕྱིར་འདི་ཉིད་འདིར་ཤེས་བཞིན་དུ་མངོན་པར་འདོད་དོ། །ཡང་འདིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཤེས་བཞིན་ལ་སོགས་པ་མངལ་དུ་འཇུག་པ་རྣམ་པ་བཞིར་རོ། །འདིར་ཡང་འབྱུང་བར་འགྱུར་བའི་མིང་གིས་བསྟན་ཏོ་ཞེས་བྱ་བ་ནི་དེའི་ཚེ་དེ་དག་འཁོར་ལོས་སྒྱུར་
Vol. 209 · folio 356a
བ་ལ་སོགས་པ་མ་ཡིན་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་འཁོར་ལོས་སྒྱུར་བ་ལ་སོགས་པ་དེ་དག་དེ་ལྟར་འཇུག་སྙམ་ན། རྣམ་གྲངས་གཉིས་པའི་སྒོ་ནས་དེའི་རྒྱུ་བསྟན་པའི་ཕྱིར། ལས་སམ་ཡེ་ཤེས་སམ་གཉིས་ཀ་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །རྒྱ་ཆེའི་ཕྱིར་
ཞེས་བྱ་བ་ནི་རླབས་ཆེ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཐོས་པ་མང་བ་དང་། རབ་ཏུ་འབྱེད་པ་བྱས་པ་རྣམས་ནི་ཞེས་བྱ་བ་ནི་ཐོས་པ་མང་བ་ཡང་དེ་དག་ཡིན་ལ། རབ་ཏུ་འབྱེད་པ་བྱས་པ་ཡང་ཡིན་ནོ། །འདི་སྐད་བསྟན་པར་འགྱུར་ཏེ། ཐོས་པ་དང་། བསམ་པ་དང་།
བསྒོམ་པའི་ཤེས་པ་རྫོགས་པ་རྣམས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཤེས་བཞིན་དང་ཤེས་བཞིན་མ་ཡིན་པར་མངལ་དུ་འཇུག་པ་ཞེས་བྱ་བ་རྣམ་པ་གཉིས་ཁོ་ན་མ་ཡིན་ནམ། ཇི་ལྟར་རྣམ་པ་བཞིར་བརྗོད་དེ། གནས་པ་དང་འབྱུང་བ་ནི་མངལ་དུ་འཇུག་པ་མ་ཡིན་པའི་ཕྱིར་རོ་ཞེ་ན་འཇུག་
པ་གཙོ་བོ་ཡིན་པའི་ཕྱིར་ཉེས་པ་མེད་དེ། འདི་ལྟར་འགའ་ཡང་ཤེས་བཞིན་མ་ཡིན་པར་ཞུགས་ནས་ཤེས་བཞིན་དུ་གནས་པའམ་འབྱུང་བ་ནི་མེད་དོ། །དེའི་ཕྱིར་གང་འདི་མངལ་གྱི་གནས་ནས་འབྱུང་བ་བདག་ཉིད་ཀྱིས་རབ་ཏུ་ཤེས་པ་དེ་ནི་འཇུག་པ་ཁྱད་པར་དུ་ཡང་ཤེས་ཏེ། འཇུག་
པའི་སྒྲས་གནས་པ་དང་འབྱུང་བ་ཡང་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་གནས་པ་དང་འབྱུང་བ་དག་ཤེས་བཞིན་དང་ཤེས་བཞིན་མ་ཡིན་པའི་དབྱེ་བས་དྲུག་ཉིད་དུ་ཡང་ཐལ་བར་མི་འགྱུར་རོ། །འཇུག་པ་གཙོ་བོ་ཡིན་པས་རིགས་ཐ་དད་པ་དང་ཐ་མི་དད་པ་རྣམས་ལ་ཡང་འཇུག་པ་ཉིད་ངེས་པའི་ཕྱིར་
ཅི་ལས་ཞེས་ཏེ། རེ་ཞིག་མངལ་གྱི་དབང་དུ་བྱས་པ་རྫོགས་སོ།། །།དེ་བཞིན་དུ་རིགས་ཐ་དད་པ་རྣམས་དང་འདི་གཉིས་རིགས་ཐ་མི་དད་པ་རྣམས་ཏེ། གཉིས་ཞེས་བྱ་བ་བཞི་ཉིད་དུ་རུང་ངོ་། །གཞན་དག་ན་རེ། བྱང་ཆུབ་སེམས་དཔའ་ཁོ་ན་སེམས་དཔའ་ཞེས་སོ། །ཐ་མ་ལ་རིགས་
མཐུན་པ་ལ་ནི་གསུམ་པ་དང་གཉིས་པ་དང་གཉིས་པ་ལའོ། །གང་ནས་ཤི་འཕོས་ནས་དགའ་ལྡན་དུ་སྐྱེས་པ་ནི་དང་པོ་དང་གསུམ་པའོ། །གང་ནས་ཤི་འཕོས་ནས་འོད་སྲུངས་ཀྱི་གསུང་རབ་ལ་སྐྱེས་པའོ། །དེ་ལས་གང་དུ་ཐ་མ་ཞེས་བྱ་བ་ནི་གྲངས་མེད་པ་གསུམ་ལས་དང་པོ་དང་གཉིས་པ་དང་
Vol. 209 · folio 356b
གསུམ་པ་རྣམས་ལའོ། །དེ་ལས་གོང་དུ་བཞི་པ་ཡིན་ནོ། །དེ་ནི་འདིར་ཕྱི་རོལ་ཅན་རྣམས་ཞེས་བྱ་བ་འབྱུང་སྟེ། བདག་ཏུ་སྨྲ་བ་ཡོངས་སུ་འཛིན་པའོ། །དེ་མེད་པའི་ཕྱིར་བདག་ནི་ཡོད་པ་མ་ཡིན་ལ། གལ་ཏེ་བདག་མེད་ན་འདི་སྲིད་པ་བར་མའི་སྒོ་ནས་འཇིག་རྟེན་འདི་ནས་ཕ་
རོལ་དུ་འཕོ་ཞེས་ཅི་སྟེ་བརྗོད། འདི་མའི་མངལ་དུ་འཇུག་པ་དང་གནས་པ་དང་འབྱུང་བ་ཞེས་ཀྱང་ཅི་སྟེ་བརྗོད། དེའི་ཕྱིར་འདིར་གང་ཞིག་འཕོ་བ་དང་ཉེ་བར་འཕོ་བ་ཞེས་བྱ་བར་ཁས་བླང་བར་བྱ་བ་བྱེད་པའི་སྐྱེས་བུ་འགའ་ཞིག་ཡོད་པ་ཡིན་ནོ་ཞེ་ན། དེ་དགག་པར་བྱ་བའི་ཕྱིར་
བདག་མེད་ཅེས་བྱ་བ་འབྱུང་ངོ་། །གསུང་རབ་ལས་ཀྱང་ཕུང་པོ་ཙམ་ལ་བདག་གོ་ཞེས་བསྙད་པ་ཡོད་ལ་དེ་དགག་པའི་ཕྱིར་དང་པོའི་ཕྱོགས་དང་འགལ་ལོ་ཞེས་འདྲི་བ་ནི་བདག་ཇི་ལྟ་བུ་ཞིག་ཅེ་ན་ཞེས་བྱ་བ་སྟེ། ཅི་ཕུང་པོ་ཙམ་གྱི་བདག་ཉིད་ཅན་ཞིག་གམ། འོན་ཏེ་ནང་གི་བྱེད་པའི་སྐྱེས་བུ་ཞིག་
ཅེས་བྱ་བའོ། །དེའི་ཕྱིར་གང་ཕུང་པོ་འདི་དག་འདོར་ཞིང་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཡང་རྒྱུ་ལ་དགག་པ་བྱེད་པ་ཅི་ཞེ་ན་དེ་མེད་པའི་ཕྱིར་རོ། །དེ་གལ་ཏེ་མི་འདོར་ན་གནས་སྐབས་སུ་ཉེ་བར་འཇོམས་པས་འདོར་བའི་གནས་སྐབས་བསྐྱེད་པར་བྱེད་དོ། །ཉིང་མཚམས་མི་སྦྱོར་བའི་
གནས་སྐབས་སུ་ཉེ་བར་འཇོམས་པས་ཉིང་མཚམས་སྦྱོར་བའི་གནས་སྐབས་མི་བསྐྱེད་དོ། །དེས་ན་གཞན་ཉིད་འདོར་བར་བྱེད་པས་ཉིང་མཚམས་སྦྱོར་བ་ཞེས་བྱ་བར་ཐལ་བར་མི་འགྱུར་རོ། །གནས་སྐབས་སུ་འགོག་པ་སྐྱེད་པ་དག་གིས་གནས་སྐབས་སུ་འགོག་པ་མི་བསྐྱེད་པ་ཡང་
མི་རུང་སྟེ། གཞན་མ་ཡིན་པ་ཉིད་ལས་གཞན་ཉིད་སྔ་ཕྱི་མེད་པར་ཁྱད་པར་མེད་པའི་ཕྱིར་རོ། །འདིའི་འདོར་བ་ཉིད་ཉིང་མཚམས་སྦྱོར་བའི་བྱེད་པ་པོ་ཉིད་དུ་ཡང་མི་རུང་ངོ་། །ཕུང་པོ་འདི་དག་འདོར་ཞིང་ཞེས་བྱ་བ་ནི་ད་ལྟར་བ་དག་གོ། །གཞན་དག་ཏུ་ཉིང་མཚམས་སྦྱོར་ཞེས་བྱ་བ་
ནི་སྲིད་པ་བར་མ་པ་དག་གམ་སྐྱེ་བའི་ཆར་གཏོགས་པ་དག་གོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཞེས་བྱ་བས་ལུང་ལས་ཀྱང་ནང་གི་བྱེད་པའི་སྐྱེས་བུ་མེད་པར་བསྟན་ཏེ། རིགས་པ་ལས་དེ་མེད་པར་ནི་དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར་ཞེས་བྱ་བ་དེར་བཤད་ཟིན་ཏོ། །བྱེད་
Vol. 209 · folio 357a
པ་པོ་མི་དམིགས་སོ་ཞེས་བྱ་བ་ནི་གཟུགས་དང་ཚོར་བ་ལ་སོགས་པ་ལྟར་རང་གི་ངོ་བོས་སམ། མིག་ལ་སོགས་པ་ལྟར་བྱ་བའི་སྒོ་ནས་ཏེ། དེའི་ཕྱིར་རི་བོང་གི་རྭ་དང་འདྲ་བར་མེད་དོ་ཞེས་བྱ་བར་ངེས་སོ། །ཡང་ན་བྱེད་པ་པོ་རྟག་པའམ། མི་རྟག་པ་ཞིག་
ཕུང་པོ་ལས་ཐ་དད་པ་མི་དམིགས་སོ། །འདི་ལྟར་རྟག་པ་སྔ་ཕྱིར་རྣམ་པར་འགྱུར་བས་སྟོང་པ་ནི་ལས་རྣམས་ཀྱི་བྱེད་པ་པོ་དང་འབྲས་བུ་རྣམས་ཀྱི་ཟ་བ་པོར་མི་རུང་ངོ་། །དེའི་ཕྱིར་རྟག་པའི་བྱེད་པ་པོ་ཉིད་མི་འཐད་དེ། འགའ་ཡང་གཟུགས་ཅན་མ་ཡིན་པ་དང་ལུས་ཅན་མ་ཡིན་པ་དང་།
བདེ་བ་ཅན་མ་ཡིན་པ་དང་སྡུག་བསྔལ་ཅན་མ་ཡིན་པ་དང་འདུ་ཤེས་ཅན་མ་ཡིན་པ་དང་སེམས་པ་མེད་པ་དང་རྣམ་པར་ཤེས་པ་རྣམ་པར་རྟོག་པ་མེད་པར་ཡང་ཐལ་བར་འགྱུར་ཏེ། དེ་དག་དང་མ་འབྲེལ་པའི་ཕྱིར་དང་རྣམ་པར་འགྱུར་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འཁོར་བ་དང་
མྱ་ངན་ལས་འདས་པའི་གནས་སྐབས་དག་ཁྱད་པར་མེད་པའི་ཕྱིར་དང་དེའི་རྒྱུའི་འཇུག་པ་དོན་མེད་པའི་ཕྱིར་བྱེད་པ་པོ་མེད་པ་ཉིད་དོ། །མི་རྟག་པ་ཡང་མེད་དེ་བྱས་པ་ཆུད་ཟོས་པ་དང་མ་བྱས་པ་དང་ཕྲད་པའི་ཉེས་པ་ལས་སོ། །གལ་ཏེ་ཡང་ཕྱི་རོལ་པ་རྣམས་ཕུང་པོ་ལས་ཐ་དད་པའི་
བདག་ཏུ་རྟོག་པར་བྱེད་པ་དེ་ལྟ་ན་ཡང་། དེ་སངས་རྒྱས་རྣམས་ཀྱི་ཕུང་པོ་ཙམ་ཁོ་ནའི་ཡུལ་ལ་དེ་ལྟར་གསུངས་ཏེ། འདི་ན་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་བདག་དང་བདག་གི་ཞེས་ཡང་དག་པར་རྗེས་སུ་ལྟ་ཞིང་ཡང་དག་པར་རྗེས་སུ་མཐོང་སྟེ་
ཞེས་འབྱུང་ངོ་། །དེ་དག་ནི་རང་བཞིན་ནམ་འབྲས་བུ་ལ་བདག་ཏུ་བསྙད་པ་སྟེ། རང་བཞིན་ནམ་འབྲས་བུའི་ཆོས་གང་ཡིན་པ་དེ་ལ་འདིར་དེ་དག་གིས་བདག་ཅེས་བྱ་བར་མཐོང་ངོ་ཞེས་བྱ་བར་ངེས་སོ། །གལ་ཏེ་ནང་གི་བྱེད་པའི་སྐྱེས་བུ་དགག་ན། འོ་ན་བདག་ཇི་ལྟ་བུ་ཞིག་མི་དགག་ཅེ་
ན་ཕུང་པོ་ཙམ་ཉིད་དོ། །ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའི་དོན་དུ་སྟེ། གསུང་རབ་ལས་ཕུང་པོ་ཙམ་ཉིད་ལ་ཐ་དད་དུ་བདག་ཅེས་ཉེ་བར་བཏགས་སོ། །ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱིར་རོ། །དེ་ལྟ་ན་འོ་ན་ཕུང་པོ་དག་ཅེས་བྱ་བ་རྒྱས་པར་འབྱུང་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words