ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ

Sanskrit title (Tibetan script, as in the text) ཨ་བྷི་དྷརྨྨ་ཀ་ཥོ་བྷཱ་ཥྱ་ཊཱི་ཀཱ་ཏ་ཏྭཱརྠ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 209 · folio 56b

དྲི་ལ་སོགས་པ་རྣམས་ཀྱིས་ཀྱང་འཇིག་རྟེན་ན་ས་ལ་ཉེ་བར་སྤྱོད་དོ། །ས་དང་ཆུ་དང་མེའི་ཁྱད་པར་ལས་ཁ་དོག་དང་དབྱིབས་དག་དང་ས་ལ་དྲི་ལ་སོགས་པ་ཡོད་ཀྱང་གཟུགས་ཀྱི་སྐྱེ་མཆེད་ཉིད་ཀྱིས་ཉེ་བར་སྤྱོད་དོ། །ཆུ་ལ་དྲི་མེད་ཀྱང་བསྣམ་པར་བྱའོ་ཞེས་དྲི་ཡིས་ཉེ་བར་སྤྱོད་དོ། །མེ་ལ་དྲི་དང་

རོ་དག་མེད་ཀྱང་ཁམས་གཉིས་དང་ས་ལ་གཟུགས་ཀྱི་སྐྱེ་མཆེད་ཁྱད་པར་མེད་པའི་ཕྱིར་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །དེ་ལྟ་ན་འོ་ན་ཐམས་ཅད་དུ་ཁྱད་པར་མེད་པར་རེག་པ་ཡིས་ཀྱང་ཉེ་བར་སྤྱོད་པར་ཐལ་བར་འགྱུར་རོ། །འཇིག་རྟེན་ན་ནི་ཁ་དོག་དང་དབྱིབས་ལ་ས་སྟེ་བསྣམ་པར་བྱའོ་

མྱང་བར་བྱའོ་རེག་པར་བྱའོ་ཞེས་སྟོན་པར་བྱེད་ཀྱི་དྲི་ལ་སོགས་པ་རྣམས་ནི་མ་ཡིན་ཏེ་གཟུགས་ཀྱི་སྐྱེ་མཆེད་བཞིན་ནོ། །འཇིག་རྟེན་གྱི་ཐ་སྙད་ཀྱིས་ས་ཉིད་དུ་ཁས་བླངས་ནས་དེ་ལྟར་བཤད་དེ། འཇིག་རྟེན་གྱི་ཐ་སྙད་ལ་ལྟོས་ནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་རྣམ་པར་དཔྱད་མི་

ལང་བ་ཉིད་ཀྱིས་འཇིག་རྟེན་གྱི་གདགས་པ་ལ་ངེས་པ་ཡོད་པ་མ་ཡིན་ཞེས་བྱའོ། །ཆོས་མངོན་པ་དག་གིས་འདིར་ས་དང་སྣམ་བུ་དག་གིས་བསྟན་པས་དེའི་ཕྱིར་དྲི་ལ་སོགས་པ་རྣམས་ཀྱིས་ཀྱང་ས་ཉེ་བར་སྤྱོད་པ་སྐྱོན་མེད་དོ། །གང་ཁ་དོག་དང་དབྱིབས་དག་གིས་སྟོན་པར་བྱེད་པ་དེ་དག་ལ་

སླར་འདི་སྐད་བཤད་དོ། །འཇིག་རྟེན་པ་ཐམས་ཅད་ལ་བཏགས་པ་གཅིག་ཏུ་མཚུངས་པ་ནི་མེད་དོ། །སྣམ་བུ་ནི་སྐྱེ་མཆེད་བཞིའི་བདག་ཉིད་དུ་ཡོངས་སུ་བཟུང་བས་ཐམས་ཅད་ཚོགས་པ་ལ་ཇི་ལྟར་རིགས་པར་བསྟན་པ་བྱས་པར་འགྱུར་རོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །གང་གི་ཚེ་

ཁ་དོག་དང་དབྱིབས་ལས་ཞེས་པ་དེ་བཞིན་དུ་ཆུ་མེ་ཡང་ངོ་། །ཆུ་རྣམས་ལ་རེ་ཞིག་སྔོན་པོ་དང་རིང་པོ་དག་གིས་ཆུ་སྟོན་པར་བྱེད་དེ་རྫས་ཉིད་ཀྱིས་ཀྱང་ཉེ་བར་འདོགས་པ་འདི་ལྟ་བུ་ཡོད་པར་སྨྲའོ། །ཆུ་རྣམས་དྲ་བནྟཱི་ཏི་ན་ཏི་ཁ་དོག་དང་དབྱིབས་ཕྲ་བ་ཉིད་ཕན་ཚུན་གཤེར་བ་ཉིད་ཡོད་པ་དེའི་ཕྱིར་

ཁ་དོག་དང་དབྱིབས་ཕྲ་མོ་རྣམས་ཚོགས་པའོ། །རླུང་གིས་བསྐུལ་བའི་དབང་གིས་ཡུལ་གཞན་དུ་སྐྱེད་པ་ཡང་མཐོང་བར་འགྱུར་རོ་ཞེས་བརྗོད་དོ། །འགྲོ་བར་བྱེད་པས་ན་ཆུའོ། །མེ་ལ་ཡང་མེ་སྟག་དམར་པོ་འབར་བ་དང་རིང་པོ་ཞེས་འཇིག་རྟེན་གྱིས་གདགས་པར་བྱེད་དོ། །རླུང་ཚོགས་

Vol. 209 · folio 57a

ཁམས་ཉིད་ཡིན་ཞེས་པ་གཡོ་བའི་ལས་ཅན་ཡང་བའོ། །རྫས་གཅིག་པུ་ཉིད་ལ་འཇིག་རྟེན་ན་རླུང་ཞེས་པས་དེའི་ཕྱིར་རླུང་དང་རླུང་གི་ཁམས་ལ་ཁྱད་པར་མེད་དོ། །རླུང་རྣམས་ཀྱི་ཚོགས་ནི་རླུང་ཡོད་པ་སྟེ་འཇིག་རྟེན་ན་རླུང་སྔོན་པོ་རླུང་ཟླུམ་པོ་ཞེས་སྨྲ་བར་བྱེད་དེ།

དེ་འགའ་ཞིག་ཏུ་ཉེ་བར་དམིགས་པས་སྨྲ་བར་བྱེད་པ་ནི་དེ་དང་འདྲ་བའང་ཡིན་ཞེས་པ་སྟེ། དེ་ལ་འདིས་འདི་འཐོར་ས་འཐོར་བར་ནུས་ཏེ་དེའི་ཕྱིར་རླུང་གི་ཁམས་ཉིད་རླུང་ངོ་ཞེས་སྔ་རབས་པ་རྣམས་ཟེར་རོ། །སྒྲའི་ངེས་གཟུང་གི་ཕྱིར་ཁམས་ཉིད་ཡིན་ཞེས་བྱའོ། །ས་ལ་སོགས་པ་ནི་ཁ་དོག་

དང་དབྱིབས་ཀྱི་བདག་ཉིད་ཁོ་ན་དེ་ལྟར་རིགས་ཏེ། ཟད་པར་གྱི་སྐྱེ་མཆེད་རྣམས་ལ་མི་སྡུག་པའི་ཁྱད་པར་ཉིད་ལས་དང་མི་སྡུག་པ་ལས་ཀྱང་གཟུགས་མེད་པའི་ཕྱིར་རོ། །རང་གི་ངོ་བོ་ཕན་ཚུན་ཐ་དད་པ་དག་ལ་སྒྲ་ཐ་མི་དད་པ་འཇུག་པའི་རྒྱུ་མཚན་ཁོང་དུ་མ་ཆུད་པའི་ཕྱིར་རམ། ཐམས་ཅད་

དུ་འཆད་པར་འགྱུར་བའི་ངེས་ཚིག་མེད་པའི་ཕྱིར་འདྲི་བ་ནི་ཅིའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པའི་ཞེས་རྒྱ་ཆེར་འབྱུང་བའོ། །གཟུགས་སུ་རུང་བ་ཞེས་བྱ་བ་ནི་གནོད་པ་བྱར་རུང་ཞེས་བྱ་བ་འདི་ལ་ཤེས་བྱེད་ཀྱི་ཁུངས་ནི་དོན་གྱི་སྡེ་ཚན་དག་ལས་མདོ་གསུངས་པ་ཡིན་ནོ། །འདི་ལ་དཔེར་བརྗོད་པ་

ནི། ཟུག་རྔུས་ཟུག་བཞིན་གནོད་པར་འགྱུར། །ཞེས་བྱ་བ་འདི་ཡིན་ཏེ་གནོད་པའི་གནས་སུ་གཟུགས་སུ་རུང་བའི་སྒྲར་སྦྱར་བའི་ཕྱིར་རོ། །གལ་ཏེ་ཟུག་རྔུས་ཟུག་པ་ལ་སེམས་པ་དང་བཅས་པས་ཟུག་རྔུས་བསྣུན་པ་ལས་སྐྱེས་པའི་སྡུག་བསྔལ་གྱིས་གནོད་པར་འགྱུར་བ་དང་གནོད་པ་

ཚོལ་བར་བྱེད་པ་ལ། དེའི་ཚོར་བའི་འདོད་པ་ལ་གནོད་པ་བྱས་པས་བསྐྱེད་པས་གནོད་པར་འགྱུར་ཞེས་བྱ་བ་ནི་རིགས་ན། གཟུགས་ནི་སེམས་ཅན་མ་ཡིན་པས་སྡུག་བསྔལ་མེད་པའི་ཕྱིར་རམ། ཡང་ན་གཟུགས་སྐད་ཅིག་མ་ཡིན་པ་ཉིད་ཀྱིས་གནོད་པ་བྱེད་པའི་དུས་མེད་པའི་ཕྱིར་གནོད་པ་

གང་ཞིག་ཡོད་ཅེ་ན། དེའི་ཕྱིར་ཡོངས་སུ་གྱུར་པ་བསྐྱེད་པའོ་ཞེས་བྱ་བ་གསུངས་ཏེ། རྒྱུན་གྱི་དབང་དུ་བྱས་ནས་ཡིན་གྱི་སྐད་ཅིག་གིས་ནི་མ་ཡིན་ནོ། །ཡོངས་སུ་འགྱུར་བ་ནི་གཞན་དུ་འགྱུར་བ་ཉིད་དོ། །མི་འདྲ་བ་ཡོངས་སུ་འགྱུར་བ་ནི་ཡོངས་སུ་འགྱུར་བ་སྟེ་སྔ་མ་དང་མི་འདྲ་བ་ཉིད་དུ་

Vol. 209 · folio 57b

བསྐྱེད་པའོ་ཞེས་བྱ་བའི་དོན་ཏོ། །གཟུགས་སུ་རུང་བ་ནི་ཐོགས་པའོ་ཞེས་བྱ་བ་ནི་རང་གི་ཡུལ་དུ་གཞན་སྐྱེ་བའི་གེགས་སོ། །གང་གི་ཕྱིར་སྔོན་གྱི་ལས་གོམས་པ་ལས་དཔྱད་ན་གཟུགས་ཁ་དོག་ངན་པ་དང་ཁ་དོག་བཟང་པོ་ཨནྟི་ཡེ་ཡཾ་ཚད་མས་རྟོགས་པར་བྱ་བ་ཨུ་ད་ཀྲོ་དྷ་ན་བྷ་བྷ་ཡུ་

བ་ནཱ་ཧི་ཞེས་གསུངས་པའི་ཕྱིར་མཐར་ཕྱིན་པའམ་དངོས་པོ་ལ་མངོན་པར་དཔྱད་པས་གཟུགས་བྱརྠ་ཚེ་དང་ལྡན་པ་ཁྱོད་ཀྱི་དབང་པོ་རྣམས་ནི་རབ་ཏུ་དང་བ་ལས་ན་ཁྱོད་ཀྱིས་བདུད་རྩི་ཅུང་ཟད་རྟོགས་སོ་ཞེས་གསུངས་པས་སོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །འདི་ནི་སེམས་ཅན་དུ་

སྟོན་པ་དང་བསྟན་དུ་ཡོད་པ་ཉིད་ཀྱི་སྟེང་ངེས་པའི་ཚིག་ཀྱང་གཟུགས་ཅན་མ་ཡིན་པ་ཐམས་ཅད་ལ་མེད་པའི་ཕྱིར་གཟུགས་ཅན་ཁོ་ན་ལ་དེའི་དོན་སྲིད་དོ་ཞེས་པ་ཡིན་ནོ། །གཟུགས་ཀྱི་ངེས་པའི་ཚིག་གང་ལ་ཡིན་པ་དེ་ཁོ་ན་ལ་དེའི་དོན་ལས་གཟུགས་བསྟན་པར་འགྱུར་གྱི་གཞན་ལས་མ་

ཡིན་ཞེས་སོ། །སྐྱོན་དེ་ཉིད་དུ་ཐལ་བའམ་དེའི་རིགས་ཡིན་པའི་ཕྱིར་མི་སྐྱེ་བའི་ཆོས་ཅན་དོ་ཥེ་ཨི་ཏི་ཙེ་ཏ་བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ་དག་རིགས་མཚུངས་པ་ཡོད་པ་མ་ཡིན་ནོ། །ཡོད་པ་ནི་མི་སྐྱེ་བའི་ཆོས་ཅན་མིག་ལ་སོགས་པའི་རིགས་ཉིད་རྒྱུར་བྱས་པའི་གཟུགས་ཀྱི་རིགས་ཡོངས་

སུ་བཟུང་བ་ལ་ཡང་འབྱུང་བ་རྣམས་གཟུགས་ཉིད་དུ་མི་འགྱུར་རོ། །འདིར་དེའི་ཤེས་བྱེད་བཤད་པ་གང་ཡིན་པ་དེ་རྣམས་ཀྱང་མ་འབྲེལ་བ་ཉིད་དེ། བདེ་བར་གཤེགས་པ་པའི་ངེས་པའི་ཚིག་མ་ཡིན་ནོ། །དེ་སྐད་ཅེས་རྒོལ་བ་ལ་ཐམས་ཅད་དུ་བྲ་ཏི་བི་དྷཱ་ནོཀྟ། འོ་ན་ནི་རྡུལ་ཕྲ་རབ་ཅེས་

བྱ་བ་ལ་གལ་ཏེ་གཟུགས་སུ་རུང་བ་ཡོངས་སུ་འགྱུར་བ་བསྐྱེད་པ་དང་ཐོགས་པ་ཡིན་ན་ནི་གཉི་ག་ལྟར་ཡང་གཟུགས་སུ་མི་འགྱུར་ཏེ་ཆ་ཤས་མེད་པའི་ཕྱིར་རོ། །དེ་ནི་ཇི་ལྟར་བལྟ་བར་མི་ནུས་པ་དེ་བཞིན་དུ་ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་རེག་པར་ཡང་མི་ནུས་ཏེ་ཡོངས་

སུ་འགྱུར་བ་ཡང་མ་ཡིན་ལ་ཐོགས་པ་ཡང་མ་ཡིན་སྙམ་དུ་བསམས་པའོ། །འདི་ན་རྫས་ཀྱི་རྡུལ་ཕྲ་རབ་ལ་མངོན་པར་འདོད་ཀྱི་འདུས་པའི་རྡུལ་ཕྲ་རབ་ནི་མ་ཡིན་ཏེ། དེ་ནི་རྫས་བརྒྱད་པ་ཡིན་པས་གཟུགས་སུ་རུང་བར་མི་འགལ་ལོ། །དེ་ཉིད་ཀྱི་ཕྱིར་རྡུལ་ཕྲ་རབ་ཀྱི་རྫས་གཅིག་ལོགས་ཤིག་

Vol. 209 · folio 58a

ཏུ་གྱུར་པ་ནི་མེད་པ་ཉིད་དོ་ཞེས་བྱ་བ་གསུངས་ཏེ། འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་བྱ་བ་ལ་སོགས་པར་ངེས་པའི་ཕྱིར་རོ། །འདུས་པ་ལ་གནས་པ་དེ་ནི་གཟུགས་སུ་རུང་བ་ཉིད་དོ། གཟུགས་སུ་རུང་བའམ་ཐོགས་པ་

ཡིན་ནོ། །གཞན་དག་ནི་རྡུལ་ཕྲ་རབ་ལོགས་སུ་གྱུར་ཏེ་ཡོད་པ་ཉིད་ཀྱང་གཟུགས་སུ་རུང་བའོ་ཞེས་ཟེར་རོ། །སོ་སོའི་རྣམ་པར་རིག་བྱེད་བསྐྱེད་པ་ནི་མ་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་རྣམས་ནི་བསགས་པ་ལ་བརྟེན་ནས་དམིགས་པའི་ཕྱིར་རོ། །འདི་ལྟར་ཡུལ་ངེས་པ་མེད་པ་

རྣམས་ཐོགས་པ་མེད་པའི་ངོ་བོ་ཡང་ཐོགས་པ་དང་བཅས་པར་འདོད་དེ། དེ་རྣམས་ཐོགས་པའི་ངོ་བོར་ཡོད་པ་བྱས་ནས་གཟུགས་རྣམས་དེ་ལྟར་རྟོག་པར་བྱའོ། །འོ་ན་ནི་འདས་པ་དང་མ་འོངས་པ་ཞེས་པ་ཞེས་བྱ་བ་ལ་ཡུལ་ན་མི་གནས་པའི་ཕྱིར་གནོད་པ་བྱར་རུང་བ་མ་ཡིན་ཞིང་ཐོགས་པ་མ་

ཡིན་ཏེ་གཟུགས་ཅན་མ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ཡང་གཟུགས་སུ་ཡོད་ཟིན་པ་དང་ཞེས་བྱ་བ་ནི་འདས་པའོ། །གཟུགས་སུ་ཡོད་པར་འགྱུར་བ་ཞེས་བྱ་བ་ནི་མ་འོངས་པ་སྐྱེ་བའི་རྒྱུའི་ཆོས་ཅན་ནོ། །དེ་དང་རིགས་མཐུན་པ་ཞེས་བྱ་བ་ནི་གཟུགས་སུ་ཡོད་པར་གྱུར་པ་དང་རིགས་མཐུན་པ་

མི་སྐྱེ་བའི་ཆོས་ཅན་ལ་འདོད་དེ་བུད་ཤིང་བཞིན་ནོ། །དཔེར་ན་ཤིང་ལ་སོགས་པ་འབུད་བཞིན་པ་མ་ཡིན་པ་ལ་ཡང་བུད་ཤིང་དུ་བརྗོད་དེ། དེ་དང་རིགས་མཐུན་པའི་ཕྱིར་བུད་ཤིང་ཡིན་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །འོ་ན་རྣམ་པར་རིག་བྱེད་མ་ཡིན་པ་གཟུགས་མ་ཡིན་པར་འགྱུར་ཏེ་དེ་དང་རིགས་

མཐུན་པ་མ་ཡིན་པའི་ཕྱིར་དང་ཐོགས་པ་མེད་པའི་ཕྱིར་རོ་ཞེ་ན། རྣམ་པར་རིག་བྱེད་རྒྱུར་བྱས་པའི་གཟུགས་དང་རིགས་མཐུན་པའི་ཕྱིར་གཟུགས་དང་རིགས་མཐུན་པ་ཉིད་མ་ཡིན་ནམ། དེ་ཉིད་ལེགས་པར་དཔྱད་ན་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའི་དངོས་པོ་ནི་ཇི་ལྟར་ཡུལ་ན་མི་གནས་ཞེས་

བྱའོ། །དེ་ཡང་རྣམ་པར་རིག་བྱེད་ལ་གཟུགས་ཡོད་པའི་ཕྱིར་གཟུགས་སུ་ཡོད་པར་འགྱུར་ཏེ། ཤིང་ལྗོན་པ་གཡོས་པས་གྲིབ་མ་གཡོ་བ་བཞིན་ནོ། །ཉེ་བར་འཇལ་བ་དང་དཔེར་བརྗོད་པ་འདི་ནི་འདྲ་བ་མ་ཡིན་ཏེ། །ཤེས་པས་ཤེས་བྱེད་འཇལ་བ་བ་ལང་གིས་བ་མེན་བཞིན་ནོ། །དེ་ལྟར་ན་

Vol. 209 · folio 58b

གྲིབ་མ་གཡོས་པ་དང་རྣམ་པར་རིག་བྱེད་མ་ཡིན་པ་འདྲ་བ་མ་ཡིན་ནོ། །དཔེར་བརྗོད་པ་འདིར་གང་དཔེར་བརྗོད་པ་དང་སྒྲུབ་བྱེད་ཀྱི་ཕྱིར་བསྟན་པའི་ངག་འདི་འདིར་སྒྲུབ་བྱེད་ཀྱི་ཆོས་ཅི་ཡིན། རབ་ཏུ་སྦྱོར་བ་དུ་མ་བསྡུས་པའི་དོན་ནི་རབ་ཏུ་སྦྱོར་བའི་ངག་མ་ཡིན་ལ། རབ་ཏུ་སྦྱོར་བའི་ངག་ནི་རང་གི་

རྟེན་གྱུར་པ་ལ་སྒྲུབ་པར་བྱེད་པ་སྟེ་རྣམ་པར་རིག་བྱེད་མ་ཡིན་པ་ལ་བརྟེན་པའི་ཕྱིར་གྲིབ་མ་བཞིན་ནོ། །ཡང་ན་རྣམ་པར་རིག་བྱེད་ཐམས་ཅད་ལ་བརྟེན་པའི་དབང་དུ་བྱས་ཏེ། གཟུགས་རྗེས་སུ་རྣམ་པར་འགྱུར་བའི་རྒྱུ་ལ་བརྟེན་པའི་ཕྱིར་ལྗོན་ཤིང་བཞིན་ནོ། །བསམ་གཏན་དང་ཟག་པ་མེད་པའི་

སྡོམ་པ་རྣམ་པར་རིག་བྱེད་མ་ཡིན་པ་ནི་རྣམ་པར་རིག་བྱེད་ལ་མི་ལྟོས་པ་ཡིན་ཡང་དེའི་རིགས་ཅན་ཡིན་པའི་ཕྱིར་འགྱུར་བ་མེད་པའི་ཕྱིར་མ་ཡིན་ཏེ་ཞེས་རྒྱ་ཆེར་འབྱུང་བ་ལ། ཁ་ཅིག་ན་རེ་དམ་བཅའི་ཁྱད་པར་འདི་ནི་གཟུགས་ལ་མེད་དོ། །འགྱུར་བ་ཞེས་པ་དེའི་ཕྱིར་འདི་སྐད་བརྗོད་

པར་འགྱུར་ཏེ་རྣམ་པར་རིག་བྱེད་འགྱུར་བ་ནི་དེ་རིག་བྱེད་མ་ཡིན་པ་ཡང་མ་ཡིན། །རྣམ་པར་རིག་བྱེད་གྱུར་ན་མི་འགྱུར་བས་ཞེས་སོ། །དེ་ནི་དེ་ལྟ་མ་ཡིན་ཏེ་གང་གི་ཕྱིར་གཟུགས་སུ་རུང་བ་ལག་པ་དང་རྐང་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་གཞན་དུ་བསྐྱེད་པ་དེ་ཡང་ཐོགས་

པ་མེད་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་དེར་དངོས་སུ་མི་འགྱུར་བས་དེའི་ཕྱིར་རྣམ་པར་རིག་བྱེད་ཀྱི་ཕྱིས་ཁས་བླངས་པ་དེ་འདི་ལྟར་དགག་པར་མི་བྱའོ། །མི་འགྱུར་བའི་ཕྱིར་ཞེས་པ་ཁྱད་པར་མེད་པའོ། །འགྲམ་ལྕག་དང་ཐལ་མོ་དང་འབྲུ་ལ་སོགས་པ་རྣམ་པར་འགྱུར་བ་ལ་རྣམ་

པར་རིག་བྱེད་མ་ཡིན་པའི་ཁྱད་པར་ཡོད་པ་མ་ཡིན་པས་དེའི་ཕྱིར་གཞན་གཟུགས་སུ་རུང་བ་མ་ཡིན་པའི་མཚན་ཉིད་རྣམ་པར་འགྱུར་བ་ནི་རྣམ་པར་རིག་བྱེད་ཀྱི་ཕྱི་ནས་དང་རྣམ་པར་རིག་བྱེད་མ་ཡིན་པ་དག་ལའོ་ཞེས་བཤད་པར་མི་འགྱུར་རོ། །ཤིང་ལྗོན་པ་ལ་ནི་ཡལ་ག་དང་ལོ་མ་ལ་སོགས་

པའི་ཆུང་བ་དང་འཕེལ་བ་དང་གྲིབ་མ་ཆུང་བ་དང་འཕེལ་བར་འགྱུར་བས་ཤིང་ལྗོན་པ་གཡོས་པས་གྲིབ་མ་གཡོས་པ་མི་འགལ་ལོ། །དེ་བཞིན་དུ་སྒྲུབ་བྱེད་ལ་སྐྱོན་བཤད་པ་ཡང་གང་ཞེ་ན། གཏན་ཚིགས་མ་གྲུབ་པ་ཉིད་དེ། གང་གྱུར་པས་གང་ལ་གྱུར་པའི་དངོས་པོ་དེ་དག་རྟེན་དང་

Vol. 209 · folio 59a

བརྟེན་པའི་དངོས་པོར་མེད་དེ། དཔེར་ན་ཤིང་པ་ལཱ་ཤ་དང་དེའི་གྲིབ་མ་བཞིན། ཡང་ན་ཁས་བླངས་པའི་དྷཱི་དྷཱཾ་རྒོལ་བར་བྱེད་དེ། རྣམ་པར་རིག་བྱེད་གྱུར་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་ལ་ཇི་ལྟར་གཡེང་བ་རྗེས་སུ་འཇུག་པའི་ཕྱིར་སྤྱིར་བཏང་བ་ཁས་བླངས་པས་རྣམ་པར་

རིག་བྱེད་ཀྱི་གཟུགས་ལས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སེལ་བར་བྱེད་དེ། རྣམ་པར་རིག་བྱེད་ལོག་ན་ཞེས་སོ། །འདིར་ཡང་གཏན་ཚིགས་མ་གྲུབ་པ་ཉིད་དེ། རྣམ་པར་རིག་བྱེད་མ་ཡིན་པ་ནི་རྣམ་པར་རིག་བྱེད་ལ་བརྟེན་པ་མ་ཡིན་ཞིང་དེ་ལོག་ན་དེ་ལྡོག་པ་མ་ཡིན་ནོ། །བཟློག་པས་

གྲིབ་མ་རྣམ་པར་རིག་བྱེད་ཨེ་ཀྵི་ར་ཀྵི་བྱེད་པ་ལ་ཡང་སྒྲུབ་བྱེད་བརྗོད་པར་བྱ་བ་ནི་གོ་སླ་བས་མ་བཤད་དོ། །ཡང་ན་གྲིབ་མ་སོང་བ་ཉིད་ཀྱིས་རྟེན་ལོག་ན་བཟློག་པས་ཁྱབ་ཅེས་བྱ་བ་ལ་རྣམ་པར་རིག་བྱེད་ལོག་ན་རྣམ་པར་རིག་བྱེད་མ་ཡིན་པ་བཟློག་ཅེས་བྱ་བ་སྟེ། འདོད་པ་ལ་གནོད་བྱེད་འགལ་བའོ། །

འགལ་བར་མཐོང་བ་མ་ཡིན་ཏེ་དེ་ལས་གཞན་དུ་ཁས་བླངས་ལ་གནོད་པ་ཉིད་དེ། རེ་ཞིག་དཔེར་བརྗོད་ཁས་བླངས་ནས་སྐྱོན་མེད་པ་དང་དཔེ་ལ་ཡང་སྐྱོན་མེད་དོ། །རྟེན་གྱུར་ན་གྱུར་པར་འདྲ་བའི་ཕྱིར་དཔེ་ཉིད་ཀྱང་རྣམ་པར་རིག་བྱེད་གྱུར་ན་ཡང་མ་གྱུར་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པའི་

དཔེ་མ་ཡིན་པར་གྲིབ་མ་ཞེས་སྟོན་པར་བྱེད་དེ། རྣམ་པར་རིག་བྱེད་ལོག་ན་ཡང་དེ་མ་ལོག་ལ་དེ་གྱུར་ན་ཡང་མ་གྱུར་རོ་ཞེས་ཤེས་པར་བྱའོ། །ཁ་ཅིག་ན་རེ་རྣམ་པར་རིག་བྱེད་གྱུར་པ་ལས་གྱུར་པ་ནི་རྣམ་པར་རིག་བྱེད་ཉིད་དོ་ཞེས་ཟེར་རོ། །འདི་ལྟར་རྣམ་པར་རིག་བྱེད་མ་ཡིན་པ་ནི་རྣམ་པར་རིག་བྱེད་

ཆུང་ངུ་དང་འབྲིང་དང་ཆེན་པོ་ལ་བལྟོས་ནས་ཆུང་ངུ་དང་འབྲིང་དང་ཆེན་པོར་འགྱུར་བ་ནི་མ་ཡིན་གྱི། སྔ་མ་ལས་གཞན་དུ་སྐྱེ་བ་ལ་འདིར་གྱུར་པར་དགོངས་པས་ན་འདི་ནི་ཀླན་ཀ་མ་ཡིན་ནོ། །གཞན་དག་ན་རེ། རྟེན་གྱི་འབྱུང་བ་ལ་གཟུགས་སུ་ཡོད་པའི་ཕྱིར་ཞེས་ཟེར་རོ་ཞེས་བྱ་བ་ནི་སློབ་དཔོན་དབྱིག་

གཉེན་བྱ་བ་སྟེ། སྔོན་པོ་ལ་སོགས་པ་རྒྱུར་བྱས་པའི་གཟུགས་འབྱུང་བ་ལ་བརྟེན་པ་ན། འབྱུང་བ་དང་གྲུབ་པ་དང་བདེ་བ་གཅིག་པར་མཐོང་སྟེ་དེའི་ཕྱིར་རྒྱུར་བྱས་པའི་གཟུགས་ཡིན་པས་འདི་ཡང་རྟེན་གྱི་འབྱུང་བ་ལ་གཟུགས་སུ་ཡོད་པའི་ཕྱིར་གཟུགས་སུ་རུང་བའོ། །ཐོགས་པ་དང་བཅས་པའི་ཕྱིར་རྒྱུར་

Vol. 209 · folio 59b

བྱས་པའི་གཟུགས་གཞན་གཟུགས་སུ་ཡོད་པ་དངོས་སུ་ཁས་བླངས་པའི་ཕྱིར་ལ། འདི་ནི་ཐོགས་པ་མེད་པའི་ཕྱིར་རྟེན་གྱི་སྒོ་ཁོ་ན་ནས་གཟུགས་སུ་རུང་བ་ཡིན་ནོ་ཞེས་སོ། །དེ་ལྟ་ན་འོ་ན་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དག་ཀྱང་ཞེས་རྒྱ་ཆེར་འབྱུང་སྟེ། དེ་རྣམས་ཀྱི་རྟེན་

མིག་ལ་སོགས་པ་དག་ནི་ཐོགས་པ་དང་བཅས་པ་ཡིན་ནོ་ཞེས་སོ། །དེ་ཉིད་ཐལ་བའི་སྒོ་ནས་འཁྲུལ་པར་སྟོན་པར་བྱེད་དོ། །གཞན་དག་ན་རེ། རྟེན་འབྱུང་བ་གཟུགས་སུ་ཡོད་པའི་ཕྱིར་གཟུགས་ཉིད་དུ་བཤད་པ་ལ། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ལ་ཐལ་བ་ཅི་ཞེ་ན། དེ་དག་

གི་རྟེན་འབྱུང་བ་མེད་དོ། །འདིར་ནི་ཐོགས་པ་དང་བཅས་པའི་རྟེན་གྱི་སྒོ་ནས་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་དོ། །གཟུགས་ཉིད་འདོད་པ་འབྱུང་བ་རྟེན་མ་ཡིན་པའི་ཕྱིར། དེས་ན་མིག་ལ་སོགས་པ་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ལ་ཐལ་བའོ། །ཉེ་བར་བཀོད་པ་འདི་ནི་མི་

མཐུན་པ་ཡིན་ཏེ་ཞེས་བྱ་བ་ནི་དེ་ཉིད་ལ་ལན་སྨྲའོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་ལྗོན་པ་ལ་གྲིབ་མ་ཉིད་ཅེས་བྱ་བ་རྒྱ་ཆེར་འབྱུང་སྟེ། ཇི་ལྟར་ཤིང་ལྗོན་པ་དང་གྲིབ་མ་དག་དང་ནོར་བུ་དང་འོད་དག་གྲུབ་པ་དང་བདེ་བ་དང་གཅིག་པ་དེ་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་པ་དང་འབྱུང་བ་

དག་གྲུབ་པ་དང་བདེ་བ་གཅིག་གོ་སྙམ་དུ་དགོངས་པའོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དག་ནི་མིག་ལ་སོགས་པ་དང་དེ་ལྟར་ཡང་མ་ཡིན་ཏེ། དེ་དག་ནི་དེ་དག་གི་སྐྱེ་བའི་རྒྱུ་ཙམ་འབའ་ཞིག་ཏུ་ཟད་པའི་ཕྱིར་རོ། །འདི་ནི་རེ་ཞིག་བྱེ་བྲག་ཏུ་སྨྲ་བ་མ་ཡིན་ཏེ་ཞེས་བྱ་བ་ལ་ཤིང་ལྗོན་པ་

ལ་བརྟེན་ནས་གྲིབ་མ་དང་ཞེས་རྒྱ་ཆེར་འབྱུང་བའོ། །ཅི་ལྟར་བྱེ་བྲག་ཏུ་སྨྲ་བའི་མ་ཡིན་ཞེ་ན། གྲིབ་མ་ལ་སོགས་པ་ཁ་དོག་གི་རྡུལ་ཕྲ་རབ་རྣམས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་གྲིབ་མ་དང་འོད་ཅེས་བྱ་བ་ནི་ཁ་དོག་གི་གཟུགས་ཁོ་ན་ལ། ཁ་དོག་གི་རྡུལ་ཕྲ་རབ་རྣམས་ནི་རང་གི་འབྱུང་བ་

བཞི་ཆེན་ལ་བརྟེན་པའི་ཕྱིར་ཤིང་ལྗོན་པ་ལ་སོགས་པ་དག་གི་རྟེན་དུ་མི་འདོད་དོ། །གྲིབ་མ་དང་འོད་ཀྱི་རྡུལ་ཕྲ་རབ་རྣམས་ཀྱི་འབྱུང་བ་རྣམས་ནི་ཤིང་ལྗོན་པའི་འབྱུང་བ་རྣམས་རྒྱུ་སྟེ་དེ་སྐྱང་བ་དང་གནས་པ་དང་གྱུར་པའི་རྗེས་སུ་འབྱུང་ཞིང་འཇུག་པའི་རྒྱུ་དང་རྟེན་སྐྱེད་པ་དང་རྗེས་སུ་འཇུག་པའི་རྒྱུ་དང་

Vol. 209 · folio 60a

གནས་པར་གྱུར་པ་དང་མཐུན་པར་སྒྲུབ་པའི་ཕྱིར་རོ། །དེའི་གྲིབ་མ་ལ་སོགས་པའི་རྡུལ་ཕྲ་རབ་ཀྱི་རང་གི་འབྱུང་བ་རྣམས་ཉིད་རྟེན་སྐྱེད་པའི་ཕྱིར་ཤིང་ལྗོན་པ་ལ་བརྟེན་པ་ནི་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་འདི་ཉིད་བྱེ་བྲག་ཏུ་སྨྲ་བའི་མ་ཡིན་ཞེས་པ། །གཞན་དག་

ནི་ཁ་དོག་དང་དབྱིབས་ནི་ཁ་དོག་ལ་སོགས་པའི་སྤྱིའམ་ཀུན་བཏགས་པའོ། །གལ་ཏེ་ཁ་དོག་དང་དབྱིབས་ཙམ་ཁོ་ནར་བདེན་པ་བྱེ་བྲག་ཏུ་སྨྲ་བའི་ཁ་དོག་དང་དབྱིབས་ལ་མངོན་པར་བརྟེན་ནས་ལུས་རབ་ཏུ་དབྱེ་བ་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །ཅི་སྟེ་ཁ་དོག་ལ་སོགས་པའི་སྤྱི་ཉིད་ཁོ་ན་ཡང་བྱེ་བྲག་

ཏུ་སྨྲ་བ་རྣམས་ཀྱི་མ་ཡིན་ཏེ་དེ་ནི་བཏགས་པར་ཡོད་པས་བྱེ་བྲག་ཏུ་སྨྲ་བ་རྣམས་རྒྱུ་ཉིད་དུ་ཁས་མི་ལེན་ནོ་ཞེས་གཞན་དག་ཟེར་རོ། །སློབ་དཔོན་འདུས་བཟང་ན་རེ། གྲིབ་མ་ཞེས་བྱ་བ་ཁ་དོག་མཐའ་དག་གི་སྤྱི་ལ་གཟུང་གི་ཁ་དོག་ཉིད་ལ་ནི་མ་ཡིན་ཏེ་ཤིང་ལྗོན་པ་བཞིན་ནོ་ཞེས་ཟེར་རོ། །

དེ་ལྟར་གཉིས་པོ་དག་ཀྱང་བཏགས་པར་ཡོད་པའི་རྟེན་དང་བརྟེན་པའི་ངོ་བོས་ཧཱི་ཡི་སྟེ། རྫས་ཀྱི་རྟེན་དང་བརྟེན་པའི་ངོ་བོར་ཁས་མ་བླངས་པའི་ཕྱིར་རོ། །ད་ལྟ་ཡིན་དང་འབྱུང་བ་རྣམས་དང་འབྱུང་བ་ལ་བརྟེན་པ་རྣམས་དང་། རྒྱུར་བྱས་པའི་གཟུགས་ལ་བརྟེན་པ་རྣམས་ཀྱང་དེ་རྣམས་སུ་

ཐལ་བར་འགྱུར་རོ། །རྒྱུར་བྱས་པའི་གཟུགས་ཀྱང་རྒྱུར་བྱས་པའི་གཟུགས་ལ་བརྟེན་ཅིང་ཞེས་པ་ཡོད་ཀྱང་གཟུགས་ལ་བརྟེན་པ་ཉིད་ཅེས་པ་ལྗོན་ཤིང་དང་ནོར་བུ་ལ་བརྟེན་པ་ཉིད་ཅེས་འབྲེལ་དང་སྦྱར་རོ། །གྲིབ་མ་དང་འོད་ནི་རང་གི་འབྱུང་བ་ལ་བརྟེན་ཏེ་དེའི་རྗེས་སུ་བྱེད་པའི་ཕྱིར་རོ། །

རྣམ་པར་རིག་བྱེད་མ་ཡིན་པའི་རྟེན་འབྱུང་བ་ཆེན་པོ་དག་འགགས་ཀྱང་ཞེས་བྱ་བ་ལ། འདོད་གཏོགས་རྣམ་རིག་མིན་སྐད་ཅིག །ཕྱིན་ཆད་འདས་པའི་རྒྱུ་ལས་བྱུང་། །ཞེས་གསུངས་པའི་ཕྱིར་རྟེན་གྱི་འབྱུང་བ་ཆེན་པོ་དག་འགགས་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་རྗེས་སུ་འཇུག་པ་ཡིན་གྱི།

གྲིབ་མ་དང་འོད་དག་ནི་དེ་ལྟར་རྟེན་འགགས་ཀྱང་མི་འགག་པ་མ་ཡིན་ནོ། །དེའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ནི་ཤིང་ལྗོན་པ་ལ་གྲིབ་མ་ཉིད་དང་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལན་མ་ཡིན་ནོ། །ཨ་བྷཱུ་ཏེ་ར་ས་མ་ནྱཱ་ག་ཏ་བྱཱ་ཙ་བི་ཛྙཱ་བྷི་རསྟཱེ་ཏྱ་སམྦནྡྷ་མེ་ཏི་ནྣི་རུ་དྷྱ་ཏེ་ཏེ་ཥཱ་སྱ་བི་ཛྙཱ་བྟི་སློབ་དཔོན་

Vol. 209 · folio 60b

འདུས་བཟང་ཟེར་རོ། །གཞན་དག་ནི་སྐྱེད་བྱེད་ཀྱི་འབྱུང་བ་རྣམས་རྣམ་པར་རིག་བྱེད་མ་ཡིན་པའི་རྟེན་དུ་འདོད་དོ། །ཅིག་ཤོས་ནི་འབྲེལ་བ་མེད་པས་འདིའི་རྟེན་ཡིན་ནོ། །གཞན་དག་གིས་ནི་འདི་ལ་ཞེས་པ་ནི་སློབ་དཔོན་ཉིད་དེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་དག་གཟུགས་ཉིད་

དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་འདི་ལའོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ་གལ་ཏེ་རྟེན་གཟུགས་སུ་ཡོད་པའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་དག་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་ལྟར་གལ་ཏེ་གཟུགས་ཉིད་ཡིན་ན་ནི། དེ་ལྟ་ན་དེའི་རྟེན་གཟུགས་སུ་ཡོད་པ་མ་ཡིན་པའི་

ཕྱིར་འགའ་ཞིག་གཟུགས་ཉིད་མ་ཡིན་པར་ཡང་འགྱུར་ན་གཅིག་ལ་ཆོས་ཕན་ཚུན་འགལ་བ་འདུ་བ་ཡང་མ་ཡིན་ཏེ་རྟག་པ་དང་མི་རྟག་པ་བཞིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པ་དེ་ལྟར་རྟེན་ཐ་དད་དུ་གྱུར་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན་ཐམས་ཅད་གཟུགས་སུ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་

ན་འདྲ་བར་ཐལ་བ་མེད་དོ་ཞེས་བྱ་བ་ནི་གཞན་གྱི་མཚན་ཉིད་མཚན་གཞི་ཉིད་ལ་འབྱུང་བ་རྣམས་སུ་ཡང་ཐལ་བའོ། །དེ་ལྟར་གཞན་གྱི་འབྱུང་བའི་གཟུགས་རྣམས་ཀྱི་སྔ་མ་ལ་སོགས་པ་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་ཞེས་པ་རྗེས་སུ་དཔག་པའི་གཟུགས་ཉིད་དུ་གསུངས་ཏེ། ལུས་དང་

ངག་གི་ལས་ཉིད་ཀྱི་ཕྱིར་དང་རྣམ་པར་རིག་བྱེད་བཞིན་དུ་ཚོར་བ་ལ་སོགས་པའི་ཕུང་པོས་མ་བསྡུས་པའི་ཕྱིར་རོ། །འདི་རང་ཁོ་ནའི་གཟུགས་ཉིད་ལས་མཚན་ཉིད་གཞན་མ་ཡིན་པས་ཞེས་སོ། །འདིའི་ངེས་པའི་ཚིག་ཙམ་ཡང་གཟུགས་སུ་རུང་བས་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་

སྟེ་མཚན་ཉིད་ལ་བརྟེན་ནས་ཁྱད་པར་དུ་མ་བྱས་པའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྟེན་གཟུགས་སུ་རུང་བས་གཟུགས་ཉིད་དུ་ཐལ་བར་མི་འགྱུར་རོ་ཞེས་པ་སློབ་དཔོན་གྱི་ལེན་མངོན་པར་བརྗོད་པ་མི་རིགས་པ་ལ་བརྟེན་པའི་སྤྱི་བཟུང་ནས་ངེས་པར་གཟུང་བའི་ཕྱིར་དང་གོ་སྐབས་མེད་པར་

ལེན་མངོན་པར་བརྗོད་པའོ། །གཞན་དག་ན་རེ་མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྟེན་གཟུགས་སུ་རུང་བས་གཟུགས་ཉིད་དུ་ཐལ་བ་མེད་དོ། །དེའི་རིགས་ལས་གཞན་དུ་ན་རྣམ་པར་ཤེས་པ་དངོས་པོར་ཡོད་པ་གཟུགས་ལ་མི་ལྟོས་པའོ་ཞེས་ཟེར་རོ། །ཕུང་པོ་རྣམ་པར་གཞག་པའི་

Vol. 209 · folio 61a

མཇུག་ཐོགས་སུ་ཁམས་དང་སྐྱེ་མཆེད་རྣམ་པར་གཞག་པར་རིགས་པ་ལ་དེ་ལས་བརྒལ་ཏེ་ཚོར་བ་ལ་སོགས་པའི་མཚན་ཉིད་མ་བརྗོད་པ་ཉིད་དུ་གཟུགས་ཀྱི་ཕུང་པོའི་སྐྱེ་མཆེད་དང་ཁམས་རྣམ་པར་གཞག་པ་བདེ་བླག་ཏུ་བསྟན་པར་བྱ་བའི་ཕྱིར། དབང་དོན་དེ་དག་ཁོ་

ན་ལ་སྐྱེ་མཆེད་དང་ཁམས་བཅུར་འདོད་ཅེས་རྒྱ་ཆེར་གསུངས་སོ། །དེའི་སྐྱེ་མཆེད་དང་ཁམས་རྣམ་པར་གཞག་པ་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་རྣམ་པར་གཞག་པ་མེད་པས་འདི་ལྷག་མ་དང་བཅས་པ་སྟེ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཞེས་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་

ཡིན་ནོ་ཞེས་བསྟན་པའི་དོན་དུའོ། །ཚོར་བ་ལ་སོགས་པ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི། འདུས་བྱས་ཆོས་རྣམས་དེ་དག་ཀྱང་། །གཟུགས་ལ་སོགས་པ་ཕུང་པོ་ལྔ། །ཞེས་བརྗོད་པ་དེ་ལ་གཟུགས་ཀྱི་ཕུང་པོ་བཤད་ཟིན་ནས་ད་ནི་ཚོར་བ་ལ་སོགས་པ་བརྗོད་པར་བྱ་ཞེས་པའོ། །ཚོར་མྱོང་བ་

ཞེས་བྱ་བ་ལ་ཉམས་སུ་མྱོང་བས་ན་མྱོང་བའོ། །དངོས་པོའི་རང་གི་ངོ་བོ་སིམ་པ་དང་ཉེ་བར་གདུང་བ་དང་རྣམ་པ་དེ་གཉིས་ཀ་ལས་རྣམ་པར་གྲོལ་བའི་རང་བཞིན་མངོན་སུམ་དུ་བྱེད་པའོ། །དངོས་པོའི་རང་བཞིན་སིམ་པ་དང་ཡོངས་སུ་གདུང་བ་དང་རྣམ་པ་གཉིས་ཀ་ལས་གྲོལ་བའི་ཉམས་སུ་མྱོང་

བར་བྱེད་པས་ཀྱང་ཉམས་སུ་མྱོང་བ་སྟེ། དེ་ཡང་རང་བཞིན་གྱི་དབྱེ་བ་ལས་རྣམ་པ་གསུམ་མོ། །དེ་ལ་ལུས་དང་སེམས་འཕེལ་བར་འཇུག་པ་ནི་བདེ་བའོ། །འགྲིབ་པར་འཇུག་པ་ནི་སྡུག་བསྔལ་ལོ། །གང་ཞིག་གཉིས་ཀ་ཡང་མི་འཇུག་ལ་ཡོད་པའི་མྱོང་བ་དེ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་

ཡང་མ་ཡིན་པ་སྟེ་གནག་པ་ཡང་མ་ཡིན་དཀར་བ་ཡང་མ་ཡིན་པའི་ལས་བཞིན་ནོ། །རྒྱུ་མཚན་གྱི་དབྱེ་བ་ལས་ནི་རྣམ་པ་དྲུག་སྟེ་མིག་དང་གཟུགས་དང་རྣམ་པར་ཤེས་པ་གསུམ་ཚོགས་པ་ནི་མིག་གི་འདུས་ཏེ་རེག་པ་ཡིན་ལ། དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདུས་ཏེ་རེག་པ་ལས་

བྱུང་བ་ཡང་རིག་པར་བྱའོ། །ཚོར་བ་ཉམས་སུ་མྱོང་བ་ནི་རེག་པའི་ཡིན་ནོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །གང་འདོད་པ་དང་མི་འདོད་པ་གཉི་ག་ལས་བཟློག་པའི་རེག་པ་ཉམས་སུ་མྱོང་བ་ལས་དེ་ཚོར་བ་སྟེ། དེ་ལྟར་བདེ་བ་མྱོང་བར་འགྱུར་བའི་ཚོར་བ་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་

Vol. 209 · folio 61b

སོ། །བདེ་བའི་ཚོར་བ་སྐྱེད་པ་ཉིད་དེ་ལ་ཕན་པའི་ཕྱིར་རོ། །གལ་ཏེ་ཡུལ་ཉམས་སུ་མྱོང་བ་ལས་ཚོར་བར་འགྱུར་ན་དམིགས་པ་གཅིག་པ་རྣམས་ལ་འདིའི་ཁྱད་པར་ཅི་ཞིག་ཏུ་འགྱུར་ཞེ་ན། དེའི་ཕྱིར་རེག་པ་ཉམས་སུ་མྱོང་བས་ཚོར་བའོ་ཞེས་རྣམ་པར་གཞག་གོ། །དེ་ལྟར་ན་འདུ་ཤེས་

དང་མོས་པ་དང་དྲན་པ་དང་ཤེས་རབ་ལ་སོགས་པ་རྣམས་ཀྱང་དམིགས་པའི་སྒོ་ནས་ཚོར་བཞིན་ཏེ་རང་བཞིན་ལས་བརྗོད་པར་མི་བྱའོ། །འོན་ཏེ་དམིགས་པ་གཅིག་པ་རྣམས་ལ་མཚན་མར་འཛིན་པ་ལ་སོགས་པ་རྣམས་ཀྱིས་འདུ་ཤེས་ལ་སོགས་པ་རྣམས་དང་ཁྱད་པར་འདོད་ན། ཚོར་བ་ཡང་

ཡུལ་ཉམས་སུ་མྱོང་བས་ཅི་སྟེ་མི་འདོད། རེག་པ་ཉམས་སུ་མྱོང་བ་ཡང་དེ་དང་མཚུངས་པར་ལྡན་པའི་རྒྱུའི་ངོ་བོའམ་དམིགས་པ་ལས་བྱུང་བའི་ཕྱིར་རོ། །དེ་ལས་དེ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་ཐམས་ཅད་རིག་པ་དང་མཚུངས་པར་ལྡན་པའི་ཁྱད་པར་ལས་མ་ཡིན་ཡང་

རྒྱུར་གྱུར་པའི་སེམས་ལས་བྱུང་བ་ཐམས་ཅད་རེག་པའི་རྒྱུར་མེད་པའི་ཕྱིར་འཇིག་རྟེན་དང་བསྟན་བཅོས་ལས་ཀྱང་ཉམས་སུ་མྱོང་བའི་སྒྲ་འབྲས་བུའམ་རྒྱུར་རབ་ཏུ་གྲགས་པ་མེད་དོ། །རབ་ཏུ་གྲགས་པ་ནི་མངོན་དུ་བྱས་པ་མ་ཡིན་པས་སོ། །ཡང་ཅི་ལྟར་བདེ་བ་དང་སྡུག་བསྔལ་ལས་ཐ་དད་པའི་

གསུམ་པ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཉམས་སུ་མྱོང་བ་ཡོད་དོ་ཞེས་ཤེས་པར་བྱ་ཞེ་ན་ལུང་དང་རིགས་པ་ལས་ཏེ། གང་གི་ཕྱིར་མདོ་ལས་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཏེ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་ཞེས་ཚོར་བ་རྣམ་པ་གསུམ་གསུངས་

པ་དང་། རིག་པ་ནི་ཚོར་བ་དང་བྲལ་བའི་སེམས་སྐྱེ་བ་མེད་པའི་ཕྱིར་དང་བདེ་བ་དང་སྡུག་བསྔལ་དང་བྲལ་བའི་སེམས་དམིགས་པའི་ཕྱིར་རོ་ཞེས་བྱའོ། །འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་དོ་ཞེས་བྱ་བ་ལ་མཚན་ནི་ཁྱད་པར་ཏེ་བདག་དང་རང་བཞིན་དང་རང་གི་ངོ་བོ་ཞེས་པ་རྣམས་རྣམ་

གྲངས་སོ། །འདི་སྐད་དུ། ཁྱད་པར་འཛིན་པའི་རང་བཞིན་ནོ། །ཞེས་བརྗོད་པར་འགྱུར་རོ། །ཆོས་དང་སེམས་ཅན་དང་རྣམ་པར་རྟོག་པའི་གནས་ལ་འཇུག་པའི་ཕྱིར་འདུ་ཤེས་ཏེ་འདི་ཙམ་ཞིག་དཔེར་བརྗོད་དོ། །ཡང་ན་སྔོན་པོ་ལ་སོགས་པའི་ཁ་དོག་དང་དབྱིབས་དང་རྟེན་སྐྱེས་པ་དང་བུད་

Vol. 209 · folio 62a

མེད་དུ་རྣམ་པར་རྟོག་པ་དང་སྐྱེས་པའི་རྟེན་ལ་མཛའ་བོ་དང་དགྲར་རྣམ་པར་རྟོག་པ་དང་དེ་དག་གི་རྟེན་ལ་རབ་ཏུ་སྦྱོར་བ་ཇི་ལྟ་བར་བདེ་བ་དང་སྡུག་བསྔལ་དུ་འཛིན་པ་སྟེ་དེ་ལྟ་བུ་ལ་སོགས་པ་སྒྲ་དང་སྒྲ་ལ་མངོན་པར་ཞེན་ཅིང་ཁྱད་པར་དུ་འཛིན་པ་ལ་བརྗོད་པར་བྱའོ། །དེའི་ཕྱིར་འདི་དག་

གི་གོ་རིམས་དེ་ལྟ་བུའོ། །ཚོར་བ་བཞིན་ཞེས་བྱ་བ་ལ་དཔེར་ན་ཚོར་བའི་ཕུང་པོ་རྟེན་གྱི་དབྱེ་བས་དྲུག་ཏུ་ཕྱེ་བ་དེ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོ་ཡང་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་ཞེས་བྱ་བའི་བར་དྲུག་ཏུ་དབྱེའོ། །ཚོགས་ཀྱི་སྒྲ་ནི་རེ་རེ་

ཞིང་རྫས་དུ་མ་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ། །གལ་ཏེ་ཡུལ་གྱི་ཁྱད་པར་འཛིན་པའི་རྣམ་པར་རྟོག་པ་ནི་ཐོགས་པའི་རེག་པ་རྣམ་པར་རྟོག་པ་མེད་པ་དང་མཚུངས་པར་ལྡན་པར་ཇི་ལྟར་རུང་ཞེ་ན། འདུ་ཤེས་ནི་ས་མང་པོ་པ་ཡིན་པའི་ཕྱིར་ཚོར་བ་བཞིན་དུ་རྣམ་པར་ཤེས་པ་ཐམས་ཅད་དང་མཚུངས་པར་ལྡན་

ཏེ་ཐོགས་པའི་རེག་པ་དང་ལྡན་པ་ནི་གཡེང་བའི་ཕྱིར་བདག་མ་ཡིན་ཞེས་པས་ན་དེ་ལ་བྱ་བ་མངོན་པར་གསལ་བར་མི་འགྱུར་གྱི་གཡེང་བའི་ཕྱིར་ཚིག་བླ་དགས་ཀྱི་རེག་པ་དང་མཚུངས་པར་ལྡན་པ་ལ་ནི་དེའི་བྱ་བ་མངོན་པར་གསལ་བར་འགྱུར་རོ་ཞེས་བྱ་བ་འདི་ནི་ཁྱད་པར་རོ། །མིག་གི་རྣམ་པར་ཤེས་པའི་

དུས་སུ་མཚན་མར་མ་བཟུང་བར་ནི་ཡིད་ཀྱི་རྣམ་པར་ཤེས་པས་ངེས་པར་རྟོགས་པར་མི་ནུས་སོ། །དེའི་ཕྱིར་ཚོར་བ་བཞིན་དུ་འདུ་ཤེས་ཀྱང་འདུས་ཏེ་རེག་པ་ཐ་དད་པ་ལ་ཐ་དད་པར་མི་འགལ་ལོ། །འདུ་བྱེད་ཕུང་པོ་བཞི་ལས་གཞན། །ཞེས་བྱ་བ་ལས་གང་ཇི་སྐད་དུ་བཤད་པ་གསུམ་དང་འཆད་པར་

འགྱུར་བའི་རྣམ་པར་ཤེས་པའི་ཕུང་པོ་ལས་གཞན་པ་མཚུངས་པར་ལྡན་པ་དང་མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་དེ་དག་ནི་འདུ་བྱེད་ཀྱི་ཕུང་པོའོ། །རྣམ་པར་ཤེས་པའི་ཕུང་པོ་མ་བསྟན་པར་བཞི་ལས་གཞན་ཅེས་བརྗོད་པ་ཅི་ལྟར་ཡིན་ཞེ་ན། འདུས་བྱས་ཆོས་རྣམས་དེ་དག་ཀྱང་། །གཟུགས་

ལ་སོགས་པ་ཕུང་པོ་ལྔ། །ཞེས་སྔར་ཉིད་དུ་རྣམ་པར་ཤེས་པ་བསྟན་ཟིན་པས་ཉེས་པ་འདི་མེད་དོ། །བཅོམ་ལྡན་འདས་ཀྱིས་མདོ་ལས་ཞེས་བྱ་བ་ལ་སོགས་པས་ནི་ལུང་དང་འགལ་བ་སྤོང་བར་བྱེད་དོ། །མདོ་ལས་ནི་འདུ་བྱེད་ཀྱི་ཕུང་པོ་གང་ཞེ་ན། སེམས་པའི་ཚོགས་དྲུག་གོ་ཞེས་གསུངས་ལ། ཁ་

Vol. 209 · folio 62b

ཅིག་མདོ་འདི་ལ་བརྟེན་ནས་འདུ་བྱེད་ཀྱི་ཕུང་པོ་ནི་སེམས་ཁོ་ན་ཡིན་ནོ་སྙམ་དུ་སེམས་ཏེ་དེ་དག་ལ་མདོ་འདི་དགོངས་པ་ཅན་ཡིན་ནོ་སྙམ་དུ་ཤེས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་མདོ་ལས་ཞེས་བྱ་བ་གསུངས་སོ། །ཡང་ཅིའི་ཕྱིར་སེམས་ལས་བྱུང་བ་འདུ་བྱེད་ཀྱི་ཕུང་པོས་

བསྡུས་པ་གཞན་དག་ཀྱང་ཡོད་ན་སེམས་པ་ཁོ་ན་འདུ་བྱེད་ཀྱི་ཕུང་པོ་ཉིད་དུ་གསུངས་ཤེ་ན། དེའི་ཕྱིར་གཙོ་བོ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་གསུངས་སོ། །གང་དག་ལས་གཙོ་བོ་ཡིན་ཞེ་ན། དེ་ལས་གཞན་འདུ་བྱེད་ཀྱི་ཕུང་པོས་བསྡུས་པར་བྱ་བ་དང་ཡིད་ལ་བྱེད་པ་དང་ཐོབ་པ་ལ་སོགས་པ་

རྣམས་ལས་སོ། །ལྷག་མ་རྣམས་ལས་དེ་གཙོ་བོར་གྱུར་པ་ཅིས་བྱས་པ་ཞིག་ཅེ་ན། དེའི་ཕྱིར་བཤད་པ་དེ་ནི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་དེ་དང་མཚུངས་པར་ལྡན་པ་རྣམས་ལས་མངོན་པར་འདུ་བྱ་བ་ལ་གཙོ་བོ་ཡིན་ནོ། །མངོན་པར་འདུ་བྱ་བ་ནི་རྣམ་པར་སྨིན་པ་འཕེན་པ་ཡིན་ལ་དེའི་

དབང་གིས་ལྷག་མ་རྣམ་པར་སྨིན་པ་འཕེན་པའི་ཕྱིར་གཙོ་བོ་ཡིན་ནོ། །གཞན་དག་ན་རེ་འདི་ལྟ་བུ་དང་འདི་ལྟ་བུར་གྱུར་ཅིག་ཅེས་དེ་ལྟར་མངོན་པར་འདུ་བྱ་བ་ལ་གཙོ་བོ་ཡིན་ནོ་ཞེས་ཟེར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་སེམས་པ་མངོན་པར་འདུ་བྱ་བ་གཙོ་བོ་དེ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས་

ཀྱིས་འདུས་བྱས་མངོན་པར་འདུ་བྱེད་དོ་ཞེས་རྒྱས་པར་འབྱུང་བ་ལ། གལ་ཏེ་ཡང་འདུས་བྱས་སུ་གྱུར་པ་དེ་ཉིད་ཇི་ལྟར་སེམས་པས་འདུ་བྱེད་ཅེ་ན། ཅུང་ཟད་ཅིག་ཡོད་དུ་ཟིན་ཀྱང་འབྲས་བུ་འཕེན་པ་ལ་གཙོ་བོ་ཡིན་པས་སྐྱེ་བ་དང་རྗེས་སུ་མཐུན་པར་རྣམ་པར་འཇོག་པར་བྱེད་པས་འདུས་བྱས་མངོན་

པར་འདུ་བྱེད་ཅེས་བརྗོད་པར་བྱའོ་ཞེས་སོ། །ཁ་ཅིག་ན་རེ་འབྱུང་བར་འགྱུར་བའི་མིང་གིས་ཡིན་པ་དེ་བཞིན་དུ་ཕུང་པོ་ལྔའི་མཚན་ཉིད་ཀྱི་འདུས་བྱས་ཀྱང་འདི་ལྟར་གྱུར་ཅིག་ཅེས་དེ་ལྟར་མངོན་པར་འདུ་བྱེད་དོ་ཞེས་སོ། །གཞན་དག་ནི་གཞན་དུ་ཡང་སྟེ་རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་

སེམས་པ་དང་མཐུན་པར་སྒྲུབ་པའི་ཕྱིར་འདུ་བྱེད་ཀྱི་ཕུང་པོ་སྟེ། གཞན་དུ་ན་འདུས་བྱས་མངོན་པར་འདུ་བྱེད་པ་ནི་དེའི་ཕྱིར་བརྗོད་པར་བྱ་སྟེ་ཞེས་པ་དོན་མེད་པ་ཅན་མ་ཡིན་པར་འགྱུར་ཏེ། ཚོར་བ་ལ་སོགས་པ་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་མངོན་པར་བརྗོད་པ་འཇུག་པའི་རྒྱུ་མཚན་གསུངས་པ་

Vol. 209 · folio 63a

མེད་པ་དེའི་ཕྱིར་སེམས་པ་ཁོ་ན་འདུ་བྱེད་ཀྱི་ཕུང་པོར་བསྟན་པ་དགོངས་པ་ཅན་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་འདུས་བྱས་མངོན་པར་འདུ་བྱེད་དེ་ཞེས་རྒྱ་ཆེར་འབྱུང་ངོ་། །ཡང་ན་ཕུང་པོ་བཞིས་མ་བསྡུས་པའི་འདུ་བྱེད་རྣམས་བསྡུ་བར་བྱ་

བའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་དང་ཁམས་བཞིན་དུ་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོའོ་ཞེས་འདུ་བྱེད་ཀྱི་སྒྲས་སྤྱིར་བསྟན་ཏོ། །དེ་ལྟ་མ་ཡིན་ན་ཚོར་བ་ལ་སོགས་པ་ལྟར་སེམས་པའི་ཕུང་པོ་ཞེས་བརྗོད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ་གལ་ཏེ་སེམས་པ་ཁོ་ན་འདུས་བྱས་ཀྱི་

ཕུང་པོ་ཡིན་གྱི། རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་རྣམས་དང་ཐོབ་པ་ལ་སོགས་པ་མ་ཡིན་པ་དེ་ལྟ་ན། དེ་རྣམས་གཟུགས་དང་ཚོར་བ་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་དག་ཏུ་མ་བསྡུས་པའི་ཕྱིར། སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་ཉིད་དུ་མི་འགྱུར་ཏེ། འདུས་མ་

བྱས་བཞིན་ནོ། །གལ་ཏེ་དེ་ལས་ཅིར་འགྱུར་ཞེ་ན། ཡོངས་སུ་ཤེས་པ་དང་སྤངས་པར་མི་འགྱུར་ཏེ། སྡུག་བསྔལ་ཡོངས་སུ་ཤེས་པ་དང་ཀུན་འབྱུང་སྤོང་བར་མི་འགྱུར་རོ། །ཡོངས་སུ་ཤེས་པ་དང་སྤངས་པ་མེད་ན་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ནི་ཞེས་རྒྱ་ཆེར་

གསུངས་སོ། །མངོན་པར་མ་ཤེས་ཞེས་བྱ་བ་ནི་མཐོང་བའི་ལམ་གྱིས་སོ། །ཡོངས་སུ་མ་ཤེས་པར་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་སོ། །ཡང་ན་མངོན་པར་མ་ཤེས་ཤིང་ཞེས་བྱ་བ་ནི་འཇིག་རྟེན་པའི་ཤེས་པས་སོ། །ཡོངས་སུ་མ་ཤེས་པར་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་

ཤེས་པས་ཡིན་ཏེ། ཟག་པ་མེད་པའི་ཤེས་པ་ནི་ཡོངས་སུ་ཤེས་པའོ་ཞེས་བཤད་པའི་ཕྱིར་རོ། །ཡང་ན་གོ་རིམས་ཇི་ལྟ་བ་བཞིན་ཆོས་དང་རྗེས་སུ་ཤེས་པ་དག་གམ་བཟོད་པ་དང་ཤེས་པ་དག་གིས་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་མ་སྤངས་པ་ཞེས་གསུངས་ཏེ་ཞེས་བྱ་བ་ནི་ཆོས་གཅིག་

ཀྱང་མངོན་པར་མ་ཤེས་ཤིང་མ་སྤངས་པར་སྡུག་བསྔལ་མཐར་བྱེད་པར་ང་མི་སྨྲའོ་ཞེས་བྱ་བའོ། །དེ་ལ་སྡུག་བསྔལ་ཤེས་པས་ཡོངས་སུ་མ་ཤེས་ཤིང་། ཀུན་འབྱུང་ཤེས་པས་མ་སྤངས་པར་ཏེ་བཤད་པ་ནི་ཐལ་མ་ཐག་ཏུ་བསྟན་པ་ཉིད་ཡིན་ནོ། །དེའི་ཕྱིར་གདོན་མི་ཟ་བར་རེག་པ་དང་ཡིད་ལ་བྱེད་པ་

Vol. 209 · folio 63b

ལ་སོགས་པ་དེ་རྣམས་འདུ་བྱེད་ཀྱི་ཕུང་པོས་བསྡུས་པར་ཁས་བླངས་པར་བྱ་སྟེ། དེ་ལྟ་མ་ཡིན་ན་སངས་རྒྱས་འབྱུང་བ་དང་ཆོས་བསྟན་པ་དོན་མེད་པར་ཐལ་བར་འགྱུར་རོ། །འདི་ལྟར་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་ཤེས་པ་ཉིད་ཀྱིས་འདི་ནམ་མཁའ་དང་སོ་སོར་བརྟགས་པའི་འགོག་པ་བཞིན་

དུ་འགྱུར་རོ། །ནམ་མཁའ་དང་སོ་སོར་བརྟགས་པའི་འགོག་པ་ཡང་སྡུག་བསྔལ་མཐར་བྱེད་དོ་སྙམ་པ་འདི་ནི་ང་རྒྱལ་གྱི་དངོས་པོ་ཡིན་པའི་ཕྱིར་དང་། ང་རྒྱལ་ནི་སྡུག་བསྔལ་ཟད་པའི་གེགས་སུ་གྱུར་པའི་ཕྱིར་རོ། །དེ་ལྟར་ན་སེམས་པ་ཁོ་ན་འདུ་བྱེད་ཀྱི་ཕུང་པོ་དང་ཡིད་ལ་བྱེད་པ་ལ་སོགས་པ་

རྣམས་ནི་དེའི་ཁྱད་པར་རོ་ཞེས་སློབ་དཔོན་དཔལ་ལེན་ཟེར་རོ། །འདི་ནི་མ་ཡིན་ཏེ་ཡིད་ལ་བྱེད་པ་ལ་སོགས་པ་རྣམས་དང་སེམས་པ་རང་བཞིན་ཐ་དད་པའི་ཕྱིར་རང་བཞིན་གཞན་མ་ཡིན་པར་ངེས་པར་གཟུང་བར་བྱ་སྟེ་སེམས་པ་དང་སེམས་ལས་བྱུང་བ་མ་སྤངས་པ་གཞན་འགའ་ཞིག་ཐོབ་པར་

བྱེད་དོ། །དེས་ན་འདུ་བྱེད་ཀྱི་ཕུང་པོ་ཡང་རྫས་དུ་མ་སྟེ་སེམས་པ་སྨོས་པས་ཀྱང་འདི་ཁོང་དུ་ཆུད་དོ། །དེ་ལྟར་ན་སེམས་པ་དང་ཐ་དད་པའི་སེམས་པ་ཞེས་བྱ་བ་གཉི་ག་ཡང་མེད་པར་ཐལ་བ་མ་ཡིན་ཏེ། འདུན་པ་དང་དད་པ་དང་རྨོངས་པ་དང་ཁྲོ་བ་དང་འདོད་ཆགས་ལ་སོགས་པ་རྣམས་ནི་ཕན་ཚུན་ངོ་བོ་ཐ་

དད་པ་ཡིན་པའི་ཕྱིར་རོ། །ཐ་མི་དད་པའི་ཚུལ་གྱིས་འཇུག་པ་སེམས་པའི་རང་བཞིན་ནོ། །དེ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །གསུམ་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་བསལ་བའི་ཕྱིར་རོ། །སྐྱེ་མཆེད་བཅུ་གཅིག་དང་ཁམས་བཅུ་བདུན་གྱིས་

བསྡུས་པའི་ཆོས་རྣམས་ཐམས་ཅད་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ཀྱིས་བསྡུས་པས། དེའི་ཕྱིར་རྣམ་རིག་བྱེད་མིན་དང་། །འདུས་མ་བྱས་དང་བཅས་པ་ནི། །ཞེས་བྱ་བ་གསུངས་སོ། །རྣམ་པར་ཤེས་པ་ནི། རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་བྱ་སྟེ་སོ་སོར་རྣམ་པར་རིག་པའི་སྒྲས་ཤེས་རབ་

ལ་སོགས་པ་རྣམས་ལས་ཁྱད་པར་དུ་བྱེད་དོ། །གཟུགས་བརྙན་དང་སྒྲ་བརྙན་ལྟར་ཡུལ་སོ་སོར་སྣང་བའི་ཕྱིར་དངོས་པོ་ཙམ་ལ་ལྟ་བ་ཉིད་ནི་རྣམ་པར་ཤེས་པའོ། །ཤེས་རབ་ནི་སླར་ཡང་རང་གི་མཚན་ཉིད་ཡོངས་སུ་གཅོད་པའོ། །འདུ་ཤེས་ནི་ཡུལ་གྱི་ཁྱད་པར་ལ་དམིགས་པ་སྟེ་དེ་ལྟར་འདི་ནི་

Vol. 209 · folio 64a

ཁྱད་པར་ཡིན་ནོ། །གཞན་དག་ན་རེ་རྣམ་པར་ཤེས་པའི་ཁམས་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་དོན་དུ་སོ་སོར་ཞེས་པ་སྟེ་བརྣན་པའི་དོན་ཏོ་ཞེས་ཟེར་རོ། །དེ་ཉིད་ཀྱི་ཕྱིར་ཡུལ་དང་ཡུལ་སོ་སོར་རྣམ་པར་རིག་བྱེད་ཅེས་གསུངས་ཏེ། དེ་ཡང་གང་ཞིག་ཅེ་ན་དམིགས་པ་ཞེས་བྱ་བ་

གསུངས་ཏེ། དེ་ཡང་དངོས་པོ་ཙམ་གྱི་སྣང་བརྙན་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་མིག་གི་རྣམ་པར་ཤེས་པ་རྣམ་པར་གཞག་པ་ལ་གཟུགས་ཉིད་ཉེ་བར་དམིགས་ཀྱི་སྒྲ་ལ་སོགས་པ་རྣམས་མ་ཡིན་ནོ། །སྔོན་པོ་ཡང་ཉེ་བར་དམིགས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་བུད་

མེད་དང་སྐྱེས་པ་ལ་སོགས་པ་རྣམས་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་ངོ་བོས་མི་དམིགས་ཏེ་གཟུགས་ཙམ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ལ་ཡང་ཇི་སྲིད་སྲིད་པ་བཞིན་དུ་བརྗོད་པར་བྱའོ། །གང་ཞིག་མདོ་ལས། རྣམ་པར་ཤེས་པར་

བྱེད་པས་ན། །ཞེས་བྱེད་པ་པོ་བསྟན་པ་ནི་རང་གི་ངོ་བོ་ཙམ་སྟེ། དེ་ལས་ཐ་དད་པའི་རྣམ་པར་ཤེས་པ་པོར་རྟོག་པ་དགག་པར་བྱ་བའི་ཕྱིར་རོ། །དཔེར་ན་གྲིབ་མ་འགྲོའོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ནི་བར་མཚམས་མེད་པར་ཡུལ་གཞན་དག་ཏུ་སྐྱེ་བ་ན་ཅུང་ཟད་ཀྱང་མི་བྱེད་པའི་བྱེད་པ་པོར་བརྟན་པ་

འཐོབ་པ་དེ་བཞིན་དུ་རྣམ་པར་ཤེས་པ་ཡང་ཡུལ་གཞན་དག་ཏུ་རྒྱུན་ཆགས་སུ་སྐྱེ་བ་ན་ཅུང་ཟད་ཀྱང་མི་བྱེད་ཀྱང་ཡུལ་དེ་དང་དེ་ཤེས་པར་བྱེད་དོ་ཞེས་བྱེད་པ་པོའི་བརྟན་པ་འཐོབ་པོ། །གང་ལས་ཤེ་ན། གྲེ་སྐྱེས་རྣམ་པར་ཤེས་པར་བྱེད་དོ་ཞེས་ནི་ང་མི་སྨྲའོ་ཞེས་གཞན་ལས་བྱེད་པ་པོ་བཀག་པའི་ཕྱིར་རོ། །

སྐད་ཅིག་མའི་ངོ་བོར་བསྟན་པ་ལས་ཐ་དད་པའི་རྣམ་པར་ཤེས་པར་རྟོག་པ་དགག་པའི་ཕྱིར་རོ། །གཞན་དག་ན་རེ་དཔེར་ན་གྲིབ་མ་འགྲོའོ་ཞེས་པ་དེ་ཡང་ཡུལ་གཞན་དུ་རྒྱུད་ལ་བྱེད་པ་པོ་བསྟན་ཏོ་ཞེས་ཟེར་རོ། །འདིས་ཀྱང་དུས་མངོན་པར་འཕངས་པའི་ཕྱིར་རྣམ་པར་ཤེས་པའི་ཚོགས་དྲུག་ནི་

རྣམ་པར་ཤེས་པའི་ཕུང་པོའོ་ཞེས་བརྗོད་དོ། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། ཁམས་བདུན་དག་ཏུའང་འདོད་པ་སྟེ། །ཞེས་བྱ་བ་ལ་གཉི་ག་ལ་འང་གི་སྒྲ་ནི་རྣམ་པར་ཤེས་པའི་རྫས་རེ་རེ་ཞིང་ཡིད་ཀྱི་སྐྱེ་མཆེད་ཡིན་གྱི་འདི་བཏགས་པ་ཚོགས་པ་པ་ནི་མ་ཡིན་པའོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །

Vol. 209 · folio 64b

འདིར་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་ཞེས་འཆད་པར་རོ། །གཞན་དག་ན་རེ་ཟག་བཅས་དང་ཟག་པ་མེད་པར་རོ་ཞེས་ཟེར་རོ། །རྣམ་པར་ཤེས་པའི་ཕུང་པོ་ནི་རྣམ་པར་ཤེས་པ་དྲུག་གི་བདག་ཉིད་ཡིན་ལ་དེ་དག་ཀྱང་ཁམས་རྣམ་པར་གཞག་པ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་

ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་རོ་ཞེས་བསྟན་པ་ཉིད་དེ། དེའི་ཕྱིར་ཡིད་ཀྱི་ཁམས་རྣམ་པར་ཤེས་པའི་ཕུང་པོས་མ་བསྡུས་པ་ནི་ཡོད་པ་མ་ཡིན་ནོ་ཞེས་དེ་ལྟར་ཐུགས་ལ་བཞག་ནས་ཡང་དེ་དག་ལས་གཞན་པ་ཡིད་ཀྱི་ཁམས་དེ་དག་གང་ཡིན་ཞེས་འདྲི་སྟེ། དྲུག་པོ་འདས་མ་

ཐག་པ་ཡི། །ཞེས་རྒྱ་ཆེར་འབྱུང་བ་ལ་དེ་མ་ཐག་པ་སྨོས་པ་ནི་བར་དང་བཅས་པ་རྣམ་པར་གཅད་པའི་ཕྱིར་རོ། །འདས་པ་སྨོས་པ་ནི་མ་འོངས་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །རྣམ་པར་ཤེས་པ་སྨོས་པ་ནི་འདས་མ་ཐག་པའི་ཚོར་བ་ལ་སོགས་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །

ནིའི་སྒྲ་ནི་རྣམ་པར་ཤེས་པ་དྲུག་ལས་དེ་མ་ཐག་ཏུ་འདས་པ་ཁོ་ན་ཡིན་གྱི་ཡིན་གྱི་དེ་ལས་ཐ་དད་པ་ནི་ཡོད་པ་མ་ཡིན་ནོ་ཞེས་ངེས་པར་གཟུང་བའི་དོན་ཏོ། །འདིར་འདས་མ་ཐག་པ་ནི་རིགས་མཐུན་པའི་སྐད་ཅིག་མས་ཆོད་པ་འདས་པ་ཡིན་གྱི་རིགས་མི་མཐུན་པའི་སྐད་ཅིག་མའི་

དེ་མ་ཐག་པ་ནི་མ་ཡིན་ཏེ། དེ་ལྟར་ན་འགོག་པའི་སྙོམས་པར་འཇུག་པ་ལས་ལྡང་བའི་སེམས་ལ་ཡང་ཡོད་པ་ཉིད་དུ་འགྱུར་རོ། །དཔེར་ན་བུ་དེ་ཉིད་དུས་དང་གནས་སྐབས་ཀྱིས་ཆོད་པ་ན་གཞན་གྱི་བར་འགྱུར་བ་དང་། འབྲས་བུ་དེ་ཉིད་དུས་དང་གནས་སྐབས་ཀྱིས་ཆོད་པ་ན་གཞན་གྱི་ས་བོན་ཡིན་

པ་ལྟ་བུའོ། །དེ་བཞིན་དུ་མིག་ལ་སོགས་པའི་རྣམ་པར་ཤེས་པ་གཞན་ལ་བརྟེན་པ་དེ་ཉིད་དུས་དང་གནས་སྐབས་ཀྱིས་ཆོད་པ་ན་གཞན་གྱི་རྟེན་དུ་འགྱུར་རོ། །དེ་ལྟར་ན་དེ་ཉིད་བརྟེན་པ་ཡིན་པའི་ཕྱིར་རྣམ་པར་ཤེས་པ་ཡིན་ལ་རྟེན་ཡིན་པའི་ཕྱིར་ཡིད་ཡིན་ནོ་ཞེས་བྱ་བར་འགྲུབ་པར་འགྱུར་རོ། །

སློབ་དཔོན་འཕགས་པའི་འབངས་ན་རེ་མིག་གི་རྣམ་པར་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡིད་དུ་འགྱུར་རོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་དེ་མ་ཐག་ཏུ་དེ་མི་སྐྱེ་བ་མ་ཡིན་པས་ལུས་ཀྱི་རྣམ་པར་ཤེས་པའི་བར་ཉིད་ཡིད་དུ་འགྱུར་ལ། དེ་ལས་གཞན་པའི་རྣམ་པར་ཤེས་

Vol. 209 · folio 65a

པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དྲུག་པོ་རྣམས་ཀྱང་ཡིད་དུ་འགྱུར་རོ་ཞེས་ཟེར་རོ། །འདི་ཡང་ངེས་པའི་རྒྱུ་མེད་པའི་ཕྱིར་སེམས་ཇི་ལྟ་བར་ཐམས་ཅད་ཀྱི་ཕྱི་མ་མི་སྲིད་དོ། །དེའི་ཕྱིར་མ་ལ་ཡང་སོ་སོར་བསྟན་པར་བྱའོ། །གཅིག་གི་ནང་དུ་གཅིག་འདུས་པའི་ཕྱིར་

ཞེས་བྱ་བ་ལ་གྲངས་བསྒྲུབ་པ་ནི་དོན་གྱི་དབང་གིས་འགྱུར་གྱི་རིམ་པའི་དབང་གིས་མ་ཡིན་ནོ། །དེ་ལ་གལ་ཏེ་ཡིད་ཀྱི་ཁམས་དྲུག་གི་ནང་དུ་འདུས་སོ་ཞེས་བྱ་བ་ཡིན་ན་ནི་དེ་ལྟ་ནི་ཡིད་ཀྱི་ཁམས་མ་གཏོགས་པ་གཞན་ཁམས་བཅུ་བདུན་རྫས་སུ་ཡོད་པར་འགྱུར་རོ། །ཅི་སྟེ་རྣམ་པར་ཤེས་

པའི་ཁམས་དྲུག་ཡིད་ཀྱི་ནང་དུ་འདུ་ན་ནི་དེ་ལྟ་ན་གཟུགས་ཅན་བཅུ་དང་ཡིད་ཀྱི་ཁམས་དང་ཆོས་ཀྱི་ཁམས་ཞེས་བྱ་བ་བཅུ་གཉིས་སུ་འགྱུར་རོ། །དེ་ལྟའང་ཡིན་མོད་ཀྱི་ཞེས་བྱ་བ་ལ་དངོས་སུ་ན་དེ་ལྟར་བཅུ་བདུན་ནམ་བཅུ་གཉིས་ཡིན་མོད་ཀྱི་འོན་ཀྱང་རྟེན་དང་བརྟེན་པའི་དབྱེ་བས་ཕྱེ་ན།

དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། །ཅེས་བྱ་སྟེ་གང་གི་ཕྱིར་ཇི་ལྟར་རྣམ་པར་ཤེས་པ་རྣམས་དམིགས་པ་མེད་པ་ན་སྐྱེ་བར་མི་འགྱུར་བ་དེ་བཞིན་དུ་རྟེན་མེད་ན་ཡང་ཡིན་ལ། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་ནི་ཇི་ལྟར་མིག་ལ་སོགས་པའི་རྣམ་

པར་ཤེས་པ་རྣམས་ལ་མིག་ལ་སོགས་པ་ལྟ་བུར་རྟེན་གཞན་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་རྟེན་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར་ཡིད་ཀྱི་ཁམས་བསྟན་ཏོ། །ཡང་ཇི་ལྟར་འགགས་ཟིན་པ་ད་ལྟར་བའི་རྟེན་དུ་བརྗོད་ཅེ་ན། དེ་སྐྱེ་བ་ལ་ཉེ་བའི་རྒྱུར་གྱུར་པའི་

ཕྱིར་རོ། །ཇི་ལྟར་གཟུགས་ཡོད་ཀྱང་མིག་མེད་པར་དེའི་རྣམ་པར་ཤེས་པ་ཕྱི་མ་མི་སྐྱེ་བ་དེ་བཞིན་དུ་ཡུལ་རྣམས་ཡོད་ཀྱང་རྣམ་པར་ཤེས་པ་སྔ་མ་འགགས་པ་མེད་པར་རྣམ་པར་ཤེས་པ་ཕྱི་མ་མི་འབྱུང་ངོ་། །དེ་ཉིད་ཀྱི་ཕྱིར་འགགས་མ་ཐག་པ་ཞེས་བརྗོད་ཀྱི་ཆེས་སྔ་བར་འགགས་པ་ནི་མ་ཡིན་ནོ། །

དེས་གོ་སྐབས་ཕྱིར་ཡང་མ་སྐྱེ་བའི་ཕྱིར་དེའི་ཕྱིར་འདི་ནི་འདིར་རྟེན་གྱི་དངོས་པོའོ། །ད་ལྟར་བ་ཁོ་ནས་དེའི་རྟེན་གྱི་བྱ་བ་བྱེད་དེ། དེ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་འབྲས་བུ་ཉིད་དུ་ཡོངས་སུ་གཟུང་བའི་ཕྱིར་རོ། །འདས་པས་ནི་བྱ་བ་བྱས་ཟིན་པ་ཁོ་ནའོ། །གལ་ཏེ་རྟེན་སེམས་ཡིན་པའི་ཕྱིར་

Vol. 209 · folio 65b

སེམས་ལས་བྱུང་བ་ཉིད་དུ་ཐལ་ལོ་ཞེ་ན་དེའི་རྗེས་སུ་མི་འཇུག་པའི་ཕྱིར་ཐལ་བ་མེད་དོ། །འོན་ཏེ་ཅིའི་ཕྱིར་རྣམ་པར་ཤེས་པ་ཉིད་དུ་རྣམ་པར་གཞག་ཅེ་ན། ཡིད་ཀྱི་ཁམས་སེམས་ལས་བྱུང་བ་མ་ཡིན་ཡང་མཚུངས་པ་དེ་མ་ཐག་པའི་རྐྱེན་ངེས་པ་ལས་སེམས་སུ་ངེས་པ་དེ་སེམས་བྱུང་དུ་ངེས་པ་

ལས་ཡིད་ཀྱི་ཁམས་མ་ཡིན་ནོ། །འོ་ན་དེ་ལྟར་འབྱུང་བ་ཆེན་པོ་རྣམས་ལ་ཡིད་ཀྱི་ཁམས་ཉིད་ཡོད་པར་འགྱུར་ཏེ་ངེས་པའི་ཕྱིར་རོ། །སྐྱེ་བ་གཅིག་པུ་ལ་ཡིད་ཀྱི་ཁམས་མེད་ཅིང་ཡིད་ཀྱི་ཁམས་ཞེས་ཀྱང་མི་རུང་ངོ་། །རྣམ་པར་ཤེས་པ་རྒྱུ་ཉིད་ཀྱི་ཕྱིར་སེམས་ལས་བྱུང་བ་རྣམས་རྣམ་པར་

ཤེས་པའི་རྟེན་དུ་མི་རུང་ངོ་། །དེ་ལ་རྟེན་དྲུག་ཚན་ནི་མིག་ལ་སོགས་པ་ཡིད་ཀྱི་མཐར་ཐུག་པའོ། །བརྟེན་པ་དྲུག་ཚན་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཐུག་པའོ། །དམིགས་པ་དྲུག་ཚན་ནི་གཟུགས་ལ་སོགས་པ་ཆོས་ཀྱི་ཁམས་ཀྱི་མཐར་ཐུག་པའོ། །

འོ་ན་ནི་དགྲ་བཅོམ་པ་ཞེས་བྱ་བ་ལ་ཐ་མ་ནི་གང་ནས་མཚམས་མི་སྦྱོར་བ་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ་ཐམས་ཅད་ཀྱི་ཐ་མ་གང་ཡིན་པའོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི། དེ་གང་གི་ཞེས་རྒྱས་པར་འབྱུང་བ་སྟེ། རྣམ་པར་ཤེས་པ་འདས་མ་ཐག་པ་ལ་ཡིད་ཅེས་བྱ་བ་ལ། དེ་གང་གི་འདས་

མ་ཐག་པར་འགྱུར་བ་དགྲ་བཅོམ་པའི་སེམས་ཐ་མ་ལས་སེམས་གཞན་སྐྱེ་བ་ཡང་མ་ཡིན་ནོ། །དེ་ཡང་ཡིད་ཀྱི་ངོ་བོར་ཞེས་བྱ་བ་ལ་ཕྱི་མའི་རྟེན་གྱི་ངོ་བོར་གནས་པའི་ཕྱིར་ན། དེར་ཡིད་ཉིད་མ་ཉམས་སོ་སྙམ་དུ་དགོངས་སོ། །གལ་ཏེ་དེ་རྟེན་གྱི་ངོ་བོར་རྣམ་པར་མ་བཞག་ན་ཅིའི་ཕྱིར་ཕྱི་མ་

མི་སྐྱེ་ཞེ་ན། དེའི་ཕྱིར་རྒྱུ་གཞན་མ་ཚང་བའི་ཕྱིར་རྣམ་པར་ཤེས་པ་ཕྱི་མ་མི་སྐྱེ་བར་ཟད་དོ་ཞེས་གསུངས་ཏེ། དེ་ལ་ཡིད་ལས་མཇུག་ཐོགས་སུ་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་གཞན་ནི་མཐོང་བའི་ཆོས་ཀྱི་རྣམ་པར་སྨིན་པ་ལྷག་མ་དང་འགྲོ་བར་ཉིང་མཚམས་སྦྱོར་བའི་ཉོན་མོངས་པའི་ཐོབ་པ་ཡིན་ནོ། །

དགྲ་བཅོམ་པའི་རྣམ་པར་ཤེས་པ་ཐ་མ་ལ་ནི་ཡིད་ཀྱི་ངོ་བོར་གནས་ཀྱང་གཉི་ག་མེད་པས་རྣམ་པར་ཤེས་པ་ཕྱི་མ་མི་སྐྱེའོ། །གལ་ཏེ་དྲུག་པོ་འདས་མ་ཐག་པའི་རྣམ་པར་ཤེས་པ་ཡིད་ཉིད་ཡིན་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱང་ཡིད་ལ་བརྟེན་ནས་སྐྱེ་བས་ཏེ་ཡིད་ལ་བརྟེན་ནས་ཆོས་

Vol. 209 · folio 66a

རྣམས་ཀྱང་སྐྱེ་བར་བརྗོད་པར་བྱའི་ཡིད་ཀྱི་རྣམ་པར་ཤེས་པ་ལས་མ་ཡིན་ཏེ། ཡིད་ཀྱི་རྐྱེན་ཉིད་མ་བཀག་པར་མིག་ལ་བརྟེན་ནས་ཞེས་གསུངས་པ་ཡིན་ནོ། །འོ་ན་འདི་རྐྱེན་གྱི་གཙོ་བོར་བསྟན་པ་ཅི་ཞེ་ན། གླན་ཀའི་སྐབས་མེད་དོ། །དེ་ལ་ཕུང་པོ་དག་

གིས་ནི་ཞེས་བྱ་བ་ལ་སོགས་པ་ལ། འདུས་བྱས་ཆོས་རྣམས་དེ་དག་ཀྱང་། །ཞེས་བྱ་བ་དེར་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཐམས་ཅད་བསྡུས་པའི་ཕྱིར་ཕུང་པོ་དག་གིས་ནི་འདུས་བྱས་ཐམས་ཅད་བསྡུས་སོ། །གང་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོའང་ཞེས་

བྱ་བ་དེར་ཟག་པ་དང་བཅས་པ་རྣམས་ཁོ་ན་ཉེ་བར་ལེན་པའི་རྒྱུར་གྱུར་པའི་ཕྱིར་རམ་ཉེ་བར་ལེན་པ་ལས་བྱུང་བའི་ཕྱིར་རམ་ཉེ་བར་ལེན་པ་ལ་རག་ལུས་པའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་དག་གིས་ནི་ཟག་པ་དང་བཅས་པ་ཐམས་ཅད་བསྡུས་སོ། །སྐྱེ་མཆེད་དང་ཁམས་དག་གིས་ནི་ཆོས་ཐམས་ཅད་བསྡུས་

སོ། །ཆོས་ཐམས་ཅད་ཀྱང་ཕུང་པོ་ལྔ་དང་འདུས་མ་བྱས་ཀྱིས་སོ། །འདི་ནི་རེ་ཞིག་རྒྱས་པའི་སྒོ་ནས་ཆོས་ཐམས་ཅད་བསྡུས་པ་ཡིན་ལ། བསྡུས་པ་ནི་ཕུང་པོ་དང་ནི་ཞེས་རྒྱ་ཆེར་འབྱུང་སྟེ། དང་གི་སྒྲ་ནི་ཀུན་སྡུད་པའི་དོན་ཏོ། །འདི་ཅི་ལྟར་ཤེས་པར་བྱ་ཞེ་ན། གཟུགས་ཀྱི་ཕུང་པོ་དང་། ཡིད་ཀྱི་སྐྱེ་མཆེད་

དང་ཆོས་ཀྱི་ཁམས་བསྡོམས་པ་ཉིད་ཀྱིས་དེ་ལྟར་ཤེས་པར་བྱའི་རེ་རེས་ནི་མ་ཡིན་པའོ། །དེ་ལ་གཟུགས་ཀྱི་ཕུང་པོས་ནི་གཟུགས་ཅན་གྱི་ཁམས་བཅུ་དང་རྣམ་པར་རིག་བྱེད་མ་ཡིན་པའོ། །ཡིད་ཀྱི་སྐྱེ་མཆེད་ཀྱིས་ནི་སེམས་ཀྱི་ཁམས་བདུན་ནོ། །ཆོས་ཀྱི་ཁམས་ཀྱིས་ནི་ཚོར་བ་ལ་

སོགས་པ་གསུམ་དང་འདུས་མ་བྱས་དང་རྣམ་པར་རིག་བྱེད་མ་ཡིན་པའོ། །ཡང་ཅིའི་ཕྱིར་གསུམ་པོ་འདི་དག་ཁོ་ནས་ཡིན་གྱི་གཞན་དག་གིས་སམ་གཉིས་སམ་གཅིག་གིས་མ་ཡིན་ཞེ་ན། དེའི་ཕྱིར་བསྡུ་བ་དེ་ནི་ཞེས་རྒྱ་ཆེར་གསུངས་ཏེ། གང་དང་གང་ནས་བྱུང་ཡང་རུང་ཞེས་བྱ་བ་ལ།

ཕུང་པོ་དང་སྐྱེ་མཆེད་དང་ཁམས་དག་གིས་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཅི་ཞེ་ན་གཞན་ཡང་བདེན་པ་དང་འགྲོ་བ་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བས་བསྡུ་བ་ཡང་རིག་པར་བྱའོ། །རང་གི་ངོ་བོ་ཉིད་ཀྱིས་ཏེ་གཞན་གྱི་དངོས་པོས་བསྡུས་པ་ནི་མ་ཡིན་ནོ། །འོ་ན་ཕུང་པོ་

Vol. 209 · folio 66b

གསུམ་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་ཅི་ལྟར་བསྡུས་ཏེ། ཡང་དག་པའི་རྟོག་པ་དང་རྩོལ་བ་དག་གིས་ཤེས་རབ་ཀྱི་ཕུང་པོ་བསྡུས་པར་མི་འགྱུར་ཞིང་ཡང་དག་པའི་དྲན་པས་ཏིང་ངེ་འཛིན་གྱི་ཕུང་པོ་བསྡུས་པ་མ་ཡིན་ཏེ་དེའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །དེ་ཡང་ལྟའོ་

ཞེས་པ་གཞན་གྱི་དངོས་པོས་བསྡུས་ཀྱང་ཆོས་རྣམས་ལ་འདོད་པར་བྱའོ་ཞེས་པས་རིགས་མཐུན་པ་གཞན་དག་གཞན་གྱི་དངོས་པོ་ཉིད་ཀྱི་ཁྱད་པར་ལས་ངེས་པ་འདི་ནི་ཅི་ལས་ཡིན་ཞེ་ན། ཡང་དག་པའི་རྟོག་པ་དང་རྩོལ་བ་དག་ཉིད་ཀྱིས་ཤེས་རབ་ཀྱི་ཕུང་པོ་བསྡུས་ཀྱི་ལམ་གྱི་ཡན་ལག་

ལྷག་མ་རྣམས་ནི་མ་ཡིན་ནོ། །ཅི་སྟེ་གསལ་བའི་ཕྱིར་ཡང་དག་པའི་རྟོག་པ་དང་རྩོལ་བ་དག་ཤེས་རབ་ཀྱི་མཚན་ཉིད་བསྟན་ལ་ཏིང་ངེ་འཛིན་ལ་སོགས་པ་མ་ཡིན་ཞིང་། དྲན་པ་དང་ཏིང་ངེ་འཛིན་གྱི་མཚན་ཉིད་ཡང་དག་པའི་རྟོག་པ་ལ་སོགས་པ་མ་ཡིན་པས་ཡོད་པར་ངེས་པའི་རྒྱུ་གྲུབ་

པོ། །འོ་ན་རང་བཞིན་གྱིས་བསྡུས་པའི་མཚན་ཉིད་མེད་པར་བསྡུས་པ་ཁས་བླངས་པའི་ཕྱིར། ཇི་ལྟར་གཞན་གྱི་དངོས་པོ་དང་མཚུངས་པར་ལྡན་པས་ཐམས་ཅད་ཀྱི་ཐམས་ཅད་དུ་མཚུངས་པར་ལྡན་པ་ཉིད་གཞན་གྱི་ཆོས་བསྡུས་པ་ལ་ཡང་ཅིའི་ཕྱིར་འདོད་པར་མི་བྱེད་ཅེ་ན། མཚུངས་པར་

ལྡན་པ་ནི་དམིགས་པ་དང་བཅས་པ་རྣམས་ཉིད་དེ། དེ་ཡང་རྟེན་དང་དམིགས་པ་དང་རྣམ་པ་དང་དུས་དང་རྫས་ཀྱི་རྣམ་པ་སྨོས་པའི་རྒྱུ་མཚན་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་མི་རུང་ངོ་། །བསྡུ་བའི་དངོས་པོ་ནི་ཆོས་རྣམས་ཐམས་ཅད་ཀྱི་གཞན་གྱི་དངོས་པོའི་ཁྱད་པར་ལ་སྟེ། ངེས་

པའི་རྒྱུ་མེད་པའི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་དུ་མ་ཡིན་ནོ། །འོ་ན་གལ་ཏེ་དེ་ལྟར་ཕུང་པོ་གསུམ་གྱིས་ལམ་བསྡུས་སོ་ཞེས་བརྗོད་པ་མིང་ཙམ་ཞིག་གམ་ཅི་ཞེ་ན། འདི་ནི་བསྡུ་བའི་སྒྲ་དང་རྗེས་སུ་མཐུན་པས་བརྗོད་པའོ། །རང་བཞིན་གྱིས་བསྡུ་བ་འདི་ནི་འདི་ལྟར་དངོས་པོ་རྣམས་ཀྱི་རང་

བཞིན་ཉིད་དོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་གྱིས་བསྡུས་པ་ཐམས་ཅད་ནི་དངོས་པོ་ལ་མ་ལྟོས་པའི་ཕྱིར་དང་རྒྱུ་མེད་པའི་ཕྱིར་འདི་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། གཞན་གྱི་དངོས་པོ་དང་མི་ལྡན་པ་ནི་མིག་སྟེ་འདིར་རྣ་བའི་དངོས་པོ་དང་མི་ལྡན་པའོ། །མི་ལྡན་གང་དང་གང་ཡིན་པ་དེ་དང་དེ་

Vol. 209 · folio 67a

ཉིད་ཀྱིས་བསྡུས་སོ་ཞེས་བྱ་བ་རིགས་མ་ཡིན་པའི་སྨྲ་བར་ཁོང་དུ་ཆུད་པར་བྱའོ། །དངོས་པོ་རྣམས་ཀྱིས་བསྡུས་པའི་རང་བཞིན་ནི་འདིར་རང་བཞིན་གྱི་རང་གི་ངོ་བོ་ནི་མ་ཡིན་ནོ་ཞེས་གཞན་དག་ཟེར་རོ། །རང་བཞིན་ནི་རང་གི་མཚན་ཉིད་དོ། །རང་གི་མཚན་ཉིད་ཀྱང་

དངོས་པོ་རྣམས་ཕན་ཚུན་འབྱེད་པར་བྱེད་པ་ཡིན་ལ་གང་ལ་ཕྱེ་བ་དེ་ཉིད་དུ་བསྡུ་བ་ལ་མི་རིག་པ་མེད་དོ། །དེ་ལྟ་མ་ཡིན་ན་དབྱེ་བ་མེད་པས་བསྡུ་བ་ཉིད་དུ་མི་འགྱུར་ཏེ། བསྡུ་བ་ནི་རྫས་གཞན་པ་རྣམས་གཅིག་ཏུ་བྱེད་པ་ཉིད་ཡིན་པ་དེའི་ཕྱིར་འདིར་དོན་དུ་རུང་ངོ་། །གཅེར་བུ་རྣམས་ཀྱང་རང་བཞིན་

མངོན་པར་འདོད་པ་འདིའི་མིང་གི་དོན་ཡང་ཅི་ཞེ་ན། གང་གི་ཕྱིར་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དངོས་པོ་གཞན་རྣམ་པར་བཅད་པས་སྟོན་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་བསྟན་བཅོས་ལས་ཀྱང་མིག་གི་རྣམ་པར་ཤེས་པས་སྔོན་པོ་རྣམ་པར་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་

ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པས་ནི་སྔོན་པོ་རྣམ་པར་ཤེས་ཤིང་སྔོན་པོའོ་སྙམ་དུ་ཡང་ངོ་ཞེས་གསུངས་སོ། །སློབ་དཔོན་འདུས་བཟང་ན་རེ། གཞན་གྱི་དངོས་པོས་བསྡུས་ན་ནི་ཆོས་གཅིག་སྐྱེས་པ་དང་འཇིག་པས་ཆོས་ཐམས་ཅད་སྐྱེ་བ་དང་འཇིག་པ་མི་འདོད་པ་ཉིད་དུ་ཐལ་བར་འགྱུར་ལ།

རིགས་གཅིག་སྤངས་པ་ལས་ཐམས་ཅད་སྤངས་པར་འགྱུར་བས་གོང་མའི་གཉེན་པོ་དོན་མེད་པ་ཉིད་དོ། །རང་གི་ངོ་བོས་བསྡུས་པར་བསྟན་པའི་ཕྱིར་འདི་ལྟར་གཞན་གྱི་ངོ་བོས་བསྡུས་པར་ཡང་མི་འགྱུར་ཏེ་འདི་ལ་སྐྱོན་མེད་དོ། །དཔེར་ན་མིག་གི་དབང་པོ་ནི་གཟུགས་ཀྱི་ཕུང་པོ་དང་ཞེས་རྒྱ་ཆེར་

འབྱུང་སྟེ། གཟུགས་ཀྱི་མཚན་ཉིད་དང་རྗེས་སུ་འབྲེལ་བའི་ཕྱིར་གཟུགས་ཀྱི་ཕུང་པོས་སོ། །མིག་གི་སྐྱེ་མཆེད་དང་ཁམས་དག་ནི་མི་རྟག་པ་ཉིད་ཀྱི་ཕྱིར་སྡུག་བསྔལ་གྱི་བདེན་པ་དང་། དེའི་རྒྱུ་ཡིན་པའི་ཕྱིར་ཀུན་འབྱུང་གི་བདེན་པས་བསྡུས་སོ། །གཞན་དང་གཞན་བསྡུས་པ་ཡང་དེ་ལྟར་

རྒྱ་ཆེར་སྦྱར་རོ། །བསྡུ་བའི་དངོས་པོ་ནི་སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་པ་རྣམས་སོ། །འཁོར་རྣམས་ནི་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་རྣམས་སོ། །བསྡུ་བའི་དངོས་པོས་འཁོར་བསྡུས་པ་ཡང་རང་བཞིན་གྱིས་ནི་མ་ཡིན་ཏེ། འདི་རེས་འགའ་

Vol. 209 · folio 67b

བ་ཡིན་པའི་ཕྱིར་དང་བརྡར་བཏགས་པའི་ཡིན་པར་རིག་པར་བྱའོ། །བསྡུ་བའི་དངོས་པོ་རྣམས་ཀྱིས་ནི་འཁོར་རྣམས་བདག་གིར་བྱེད་པ་ཙམ་ལ་འདིར་བསྡུ་བར་གསུངས་སོ། །དེ་ནི་རྟག་ཏུ་མེད་པ་དང་ཕྱིས་ཀྱང་རེས་འགའ་བ་ཡིན་ནོ། །རང་བཞིན་གྱིས་བསྡུས་པ་ནི་རྟག་པ་དང་དོན་དམ་པ་པ་

ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །རྟེན་གྱི་དབྱེ་བས་ཁམས་ཀྱི་དབྱེ་བའི་དབང་དུ་བྱས་ནས་འདྲི་བ་ནི། མིག་དང་རྣ་བ་དག་ཅེས་བྱ་བ་རྒྱས་པར་འབྱུང་བའོ། །རིགས་དང་སྤྱོད་ཡུལ་དང་རྣམ་པར་ཤེས་པའི་དབྱེ་བས་ཁམས་དབྱེ་བར་བྱའི་རྟེན་གྱི་དབྱེ་བས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མི་

འགྱུར་ཏེ་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་མིག་ལ་སོགས་པ་ལྔ་པོ་རྣམས་ནི་ཕན་ཚུན་རིགས་དང་སྤྱོད་ཡུལ་དང་རྣམ་པར་ཤེས་པ་ཐ་དད་པ་ལས་ཁམས་ཐ་དད་དོ། །གཟུགས་ལ་སོགས་པ་ཡུལ་གྱི་ཁམས་རྣམས་ནི་རིགས་དང་རྣམ་པར་ཤེས་པ་ཐ་དད་པ་ལས་སོ། །རྣམ་

པར་ཤེས་པའི་ཁམས་དྲུག་ནི་རིགས་དང་སྤྱོད་ཡུལ་ཐ་དད་པ་ལས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་ཡུལ་ནི་ཆོས་ཀྱི་ཁམས་སོ། །ཡིད་ཀྱི་ཁམས་སྤྱོད་ཡུལ་ནི་རྣམ་པར་ཤེས་པའི་དབྱེ་བ་ལས་ཆོས་ཀྱི་ཁམས་སྤྱོད་ཡུལ་ཡིན་པའི་ཕྱིར་དང་། ཡིད་ཀྱི་རྣམ་པར་ཤེས་

པའི་རྟེན་ཡིན་པའི་ཕྱིར་རོ། །དེ་ལ་རིགས་ཀྱི་དབྱེ་བ་ཡོད་དེ་རྣམ་པར་ཤེས་པའི་ཁམས་དྲུག་གིས་བསྡུས་པའི་ཕྱིར་རོ། །མིག་དང་རྣ་བ་དང་སྣ་རྣམས་ལས་རིགས་ཐ་དད་པར་ཡོད་པ་མ་ཡིན་ནོ། །རིགས་ཀྱི་དོན་ནི་ཁམས་ཀྱི་དོན་ཏོ་ཞེས་སོ། །འབྲས་བུའི་དབྱེ་བས་རྟེན་རྣམ་པར་བཅད་དེ་ཁམས་ཀྱི་

དབྱེ་བ་རྣམ་པར་གཞག་གོ། །དེའི་ཕྱིར་མིག་ལ་སོགས་པ་རྣམ་པ་གཉིས་ཡིན་མོད་ནའང་ཁམས་གཅིག་ཉིད་དེ། འདིར་ཡང་དཔེ་ནི་སྐད་ཅིག་མའི་རྒྱུན་གཞན་གྱི་མིག་ལ་སོགས་པ་རྣམས་སོ། །དེ་ལྟ་མ་ཡིན་ན་ཁམས་ཉི་ཤུ་རྩ་གཅིག་ཏུ་འགྱུར་བ་མ་ཡིན་ནམ་ཞེས་བརྗོད་པར་མི་བྱའི། འོ་ན་ཅི་ཞེ་ན།

འདི་སྐད་དུ་ཁམས་ཚད་མེད་པ་དག་ཏུ་འགྱུར་བ་མ་ཡིན་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་རྣ་བ་དང་སྣ་དག་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ལ་རིགས་འདྲ་བ་ནི་སོ་སོར་གཉིས་ཀ་ཡང་རྣ་བ་དང་སྣའི་རང་བཞིན་ཡིན་པའི་ཕྱིར་རོ། །སྤྱོད་ཡུལ་འདྲ་བ་ནི་སྒྲ་དང་དྲིའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །རྣམ་པར་

Vol. 209 · folio 68a

ཤེས་པ་འདྲ་བ་ནི་སོ་སོར་གཉིས་ཀ་རྣ་བ་དང་སྣའི་རྣམ་པར་ཤེས་པའི་རྟེན་ཡིན་པའི་ཕྱིར་རོ། །སྤྱོད་ཡུལ་འདྲ་བ་དང་རྣམ་པར་ཤེས་པ་འདྲ་བར་འཁྲུལ་པ་ནི་ཡིད་ཀྱི་ཁམས་དང་ཡུལ་ལ་ཡང་ཡོད་པའི་ཕྱིར་རིགས་གཅིག་ཏུ་ཡོད་པ་ཉིད་དོ་ཞེས་པའི་ཁྱད་པར་འདི་ལ་སྐྱོན་

མེད་དེ། དེ་ལྟར་ན་འོ་ན་སྤྱོད་ཡུལ་དང་རྣམ་པར་ཤེས་པ་འདྲ་བ་ནི་དོན་མེད་པ་ཅན་ཏེ་སྔ་མ་ཉིད་ཀྱིས་གྲུབ་པའི་ཕྱིར་ཞེ་ན། མིག་གི་ཁམས་དང་ཡིད་ཀྱི་ཁམས་ཡུལ་མཚུངས་པ་ནི་མེད་དོ། །རྣམ་པར་ཤེས་པ་འདྲ་བ་ནི་གཉི་ག་མིག་གི་རྣམ་པར་ཤེས་པའི་རྟེན་ཉིད་ཀྱི་ཕྱིར་རོ། །ཡུལ་ནི་

ཡིད་ཀྱི་རྣམ་པར་ཤེས་པའི་ལྷག་པར་དམིགས་པའོ་ཞེས་བྱ་བར་ཐལ་བ་མེད་དོ། །ཁ་ཅིག་རིགས་གཞན་དུ་སེམས་སོ། །ལུས་ཀྱི་དབང་པོས་ཐ་དད་པ་མེད་པར་བསྡུས་པའི་ཕྱིར་ལུས་ཀྱི་ཁམས་མ་ཡིན་པའི་ཕོའི་དབང་པོ་དང་མོའི་དབང་པོ་མེད་པ་ཉིད་དོ། །དེ་ཐམས་ཅད་ལུས་སུ་རིགས་གཅིག་

པས་རིགས་མཚུངས་པ་དང་། ཐམས་ཅད་ཀྱི་ཡུལ་རེག་བྱ་ཡིན་པས་སྤྱོད་ཡུལ་མཚུངས་པའི་ཕྱིར་རོ། །རེག་བྱའི་ཁྱད་པར་ལས་དབང་པོ་གཞན་ནི་མ་ཡིན་ཏེ། མིག་དང་བྲང་ལ་སོགས་པ་བཞིན་ནོ། །མིག་དང་བྲང་དང་མགྲིན་པ་དག་ཀྱང་ཐུན་མོང་མ་ཡིན་པའི་རེག་བྱ་དུ་བ་ལ་སོགས་པ་དང་

ཕྲད་པ་ན་དེ་དག་དབང་པོ་གཞན་མ་ཡིན་ཏེ་ཐམས་ཅད་ལུས་ཀྱི་རྣམ་པར་ཤེས་པའི་རྟེན་ཡིན་པའི་ཕྱིར་རོ། །སྤྱོད་ཡུལ་མཚུངས་ཀྱང་རྣམ་པར་ཤེས་པ་འདྲ་བ་དང་རྣམ་པར་ཤེས་པ་མི་འདྲ་བར་གསལ་བར་འབྱུང་ངོ་། །དབང་པོ་རྣམས་ནི་ལྷག་པར་དབང་བྱེད་པ་ཉིད་ཀྱི་ཕྱིར་ཏེ། ཁ་ཅིག་ཏུ་དེ་

དག་ཉིད་ཀྱང་དབང་བྱེད་པས་སྐྱེ་མཆེད་དང་ཁམས་གཅིག་ཉིད་དང་ཡུལ་རེག་བྱ་ཡིན་པར་རིགས་མཐུན་པ་ལ་ཡང་དབང་པོ་སོ་སོར་བསྟན་པ་དབང་པོ་བཅུ་གཅིག་རྣམས་ཆོས་ཀྱི་སྐྱེ་མཆེད་དང་ཁམས་གཅིག་ཉིད་ལ་ཡང་དབང་པོ་སོ་སོར་བསྟན་པ་བཞིན་ནོ་ཞེས་སོ། །གལ་ཏེ་མིག་ལ་སོགས་

པ་རྣམས་ཁམས་གཅིག་ཉིད་ཡིན་ན། ཅིའི་ཕྱིར་དེ་རྣམས་ཀྱི་རྟེན་གཅིག་ཉིད་དུ་མི་འགྱུར་ཞེ་ན། དེའི་ཕྱིར་མཛེས་བྱའི་ཕྱིར་ན་གཉིས་བྱུང་ངོ་ཞེས་གསུངས་སོ། །གལ་ཏེ་དངོས་པོ་རྣམས་འབྱུང་བ་རྒྱུའི་དབང་གིས་ཡིན་གྱི་དགོངས་པའི་དབང་གིས་མ་ཡིན་པ་མ་ཡིན་ནམ་ཞེ་ན། འདི་ནི་དེ་

Vol. 209 · folio 68b

ལྟར་ཡིན་ནོ། །ཅིའི་ཕྱིར། མཛེས་པའི་ཕྱིར་ན་གཉིས་བྱུང་ངོ་། །ཞེས་བྱ་བ་སྨྲས་ཤེ་ན། ཇི་ལྟར་ད་ལྟའི་སེམས་ཅན་སོ་སོར་རིགས་མཐུན་པ་རྣམས་མིག་དག་གིས་རྟེན་ཐ་དད་པས་ཡན་ལག་རྣམ་པར་འབྱེད་པའི་རྟེན་ལ་མཛེས་པར་རློམ་པ་དེ་བཞིན་དུ་འདས་པའི་དུས་ན་ཡང་ཡིན་པར་

གདོན་མི་ཟ་སྟེ། དེའི་ཕྱིར་སྲིད་པ་སྔོན་དུ་འགྲོ་བ་ཅན་གྱི་ལས་ཀྱིས་མངོན་པར་བསྒྲུབ་པའི་ལུས་ལ་དགོངས་ནས། མཛེས་བྱའི་ཕྱིར་ན་གཉིས་འབྱུང་ངོ་ཞེས་བཤད་དོ། དེ་སྐྱེས་པའི་ལས་ཀྱི་གཞི་བསྟན་པའི་ཕྱིར་རོ། །དཔེར་ན་རྒྱན་མཛེས་པ་ལ་དམིགས་པའི་འདུན་པའི་འདོད་ཆགས་ཀྱི་

རྒྱུ་ཅན་གྱི་འབྲས་བུ་ཡིན་པས་མཛེས་པར་བྱ་བའི་དོན་དུ་བརྗོད་པ་བཞིན་ནོ། །སློབ་དཔོན་འདུས་བཟང་ན་རེ། དབང་པོའི་རྣམ་པ་འདི་རྣམས་ཉིད་ཀྱི་རྣམ་པ་མངོན་པར་འགྲུབ་པ་དེ་ནི། རྒྱུའི་མི་མཐུན་ཕྱོགས་མེད་པ་གཉིས་ཀྱིས་མངོན་པར་འགྲུབ་སྟེ། ལུས་ཀྱི་དབང་པོའི་ལག་པ་དང་རྐང་

པའི་གནས་ཀྱི་དབྱེ་བ་བཞིན་ནོ། །གང་ཞིག་འདོད་ཆགས་ལ་སོགས་པ་ལུས་ཀྱི་དབང་པོའི་རྟེན་རྣམ་པར་རྟོག་པ་དག་ཏུ་མཐོང་བ་དེའི་རྒྱུ་ནི་དེ་དག་ཉིད་ཀྱི་མཐུན་པའི་ཕྱོགས་འཛིན་པས་དེ་རྟེན་མེད་པ་དང་བཅས་པ་གཉིས་བཞིན་དུ་ཅིའི་ཕྱིར་རྒྱུ་ལ་བལྟོས་པས་དབང་པོ་མངོན་པར་འགྲུབ་ཅེས་སོ། །

གལ་ཏེ་རྒྱུ་ལ་བལྟོས་པས་དབང་པོ་མངོན་པར་འགྲུབ་པ་དེ་ཉིད་བརྗོད་པར་བྱ་བ་དབང་པོ་འདི་རྣམས་ཀྱི་རྒྱུ་ཉིད་རྣམ་པ་གང་གིས་གཉིས་ཉིད་ཀྱིས་འཇུག་པར་བྱེད། དེ་ལ་རིགས་ཁོ་ན་རྣམ་པ་ཞེ་ན། ལས་ཀྱི་རྣམ་པར་ཐལ་བ་ལས། དེ་ཉིད་ལྷག་པར་དབང་བྱེད་པ་ཐོབ་པའི་སྒྲ་ཡིས་བརྗོད་པར་བཤད་

དོ། །གལ་ཏེ་མིག་ལ་སོགས་པ་རྟེན་རེ་རེར་གྱུར་ན་ལྷག་པར་དབང་བྱེད་པ་ཉམས་ཏེ། ཇི་ལྟར་གཉིས་དག་གིས་ཡོངས་སུ་གསལ་བར་མཐོང་བ་དེ་ལྟར་རེ་རེར་མ་ཡིན་ནོ། །དེ་ལྟར་དབང་པོ་རྣམས་ཀྱིས་ལྷག་པར་དབང་བྱེད་པ་འགྲིབ་པ་དང་ཉམས་པར་འགྱུར་བ་ན། མཛེས་བྱའི་ཕྱིར་ཞེས་པ་ལྷག་

པར་དབང་བྱེད་པའོ་ཞེས་བཤད་པར་བྱ་སྟེ། མཛེས་བྱའི་ཕྱིར་ཞེས་པའི་སྒྲ་ཡིས་ལྷག་པར་དབང་བྱེད་པ་བརྗོད་པར་བྱའོ་ཞེས་ཟེར་རོ། །འདི་ནི་རྟོག་པ་ཙམ་སྟེ་ཇི་ལྟར་ལྕེ་ལ་སོགས་པ་རྣམས་རྟེན་གཅིག་དང་རྟེན་དུ་མ་ལ་ཡང་དེ་དང་འདྲ་བས་དབང་བྱེད་པ་ཉམས་པས་འདི་དག་གི་གཅིག་ལའང་མིག་ལ་

Vol. 209 · folio 69a

སོགས་པར་འགྱུར་རོ་ཞེས་པ་དང་། ལས་ཀྱིས་ལྕེ་ནི་རྟེན་ཉིད་དུ་གསལ་བར་དམིགས་པའི་རྟེན་དུ་གྱུར་པ་རྒྱ་ཆེན་པོ་ཞིག་སྐྱེ་བར་འདོད་དོ་ཞེས་བརྗོད་པར་མི་ནུས་སོ། །རིགས་མཐུན་པར་འདྲ་བ་རྣམས་ལ་ཡང་གཟུགས་མཛེས་པར་རློམ་པ་ངེས་པ་སྟེ། དཔེར་ན་འུག་པ་ལ་

སོགས་པ་རྣམས་ལ་ཡང་རང་གི་ལུས་མཛེས་པའི་སྲིད་པ་ལས་སྐྱེས་པ་ཉིད་ཀྱི་མིག་ལ་སོགས་པའི་རྟེན་གྱི་དབྱེ་བ་ལྟ་བུའོ། །དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ལ་གལ་ཏེ་མིག་ལ་སོགས་པ་རྟེན་གཉིས་པར་མ་གྱུར་ན་ཤིན་ཏུ་མི་མཛེས་པར་འགྱུར་ཏེ། རྟེན་གཉིས་པའི་མིག་ལ་སོགས་པ་དག་ལ་

མཛེས་པར་མངོན་པར་རློམ་པའི་ཕྱིར་རོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དོན་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ་དངོས་པོའི་སྒོ་ནས་དབྱེ་བ་ཡོད་པ་མ་ཡིན་ཏེ། ཇི་ལྟར་གང་ཕུང་པོ་རྣམས་འདུས་མ་བྱས་ཁྱད་པར་དུ་ཤེས་པར་བྱ་བར་གསུངས་ལ།

སྐྱེ་མཆེད་དང་ཁམས་རྣམས་ལ་ཡང་དེ་ཉིད་དེ་དེའི་ཕྱིར་འདིར་ཕུང་པོ་ལ་སོགས་པའི་དོན་གྱི་ཁྱད་པར་ལས་བྱེད་པ་ཡིན་གྱི། དེ་ཡང་དངོས་པོའི་ཁྱད་པར་ཤེས་པར་བྱ་བ་མ་ཡིན་ནོ། །འདུ་བྱེད་ལ་སོགས་པའི་སྒྲ་རྣམས་སོ་སོར་དོན་དུ་མ་ཡིན་པའི་ཕྱིར་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་དོན་རྣམ་

གྲངས་གཞན་གྱིས་ཏེ། དེའི་ཕྱིར་དེ་ལྟར་ཕུང་པོ་ལ་སོགས་པའི་དོན་བསྟན་པའི་ཕྱིར། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །ཞེས་བྱ་བ་གསུངས་ཏེ། འདི་རྣམས་ལ་སྤུངས་པ་དང་སྐྱེ་བའི་སྒོ་དང་རིགས་དག་ཡོད་པས་ན་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །

དེ་རྣམས་ཀྱང་གང་ཞེ་ན། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །ཞེས་བྱ་བ་སྟེ་སྒྲ་རྣམས་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཕུང་པོའི་དོན་ནི་སྤུངས་པའི་དོན་ཡིན་ནོ་ཞེས་བྱ་བར་ཇི་ལྟར་རྟོགས་ཤེ་ན། མདོ་ལས་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་

འགྲོའོ་ཞེས་འབྱུང་བའི་ཕྱིར་རོ། །མི་རྟག་པ་ཉིད་ཀྱིས་འགག་པའོ་ཞེས་བྱ་བ་ནི་འགོག་པ་ནི་རྣམ་པ་ལྔར་འགྱུར་བ་ལས་མི་རྟག་པ་ཉིད་ཀྱི་མཚན་ཉིད་ཀྱི་འགོག་པའི་ཁྱད་པར་རོ། །གཞན་དག་ནི་སྙོམས་པར་འཇུག་པའི་འགོག་པ་དང་། སྐྱེ་བའི་འགོག་པ་དང་སོ་སོར་བརྟགས་པའི་འགོག་པ་དང་།

Vol. 209 · folio 69b

སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ། །འདིར་མི་རྟག་པ་ཉིད་ཀྱིས་འགགས་པ་ནི་སོ་སོར་བརྟགས་པའི་འགགས་པ་རྣམ་པར་གཅད་པའི་ཕྱིར་རོ། །གཟུགས་ཀྱི་སྐབས་ལས་སྐྱེ་བ་དང་སྙོམས་པར་འཇུག་པའི་འགོག་པ་དག་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཉིད་གཟུགས་

མ་ཡིན་ནོ་ཞེས་ཁ་ཅིག་གོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་ཡང་རིག་པར་བྱ་ཞིང་། ཤིན་ཏུ་བསྟན་པས་རང་གི་མཚན་ཉིད་ཀྱི་འགོག་པ་ཤེས་པར་བྱའོ། །འགོག་པ་རྣམ་པར་གཅད་པའི་དོན་དུ་མི་རྟག་པ་ཉིད་སྨོས་པར་ཤེས་པར་བྱའོ། །སྙོམས་པར་འཇུག་པ་དང་སྐྱེ་བ་དང་

སོ་སོར་བརྟགས་པས་འགོག་པ་རྣམས་མ་འོངས་པ་ཉིད་དོ། །སོ་སོར་བརྟགས་པས་འགོག་པ་དུས་གསུམ་པ་ཅན་ནོ། །ཟག་པ་དང་བཅས་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱི་འགོག་པ་ནི་ད་ལྟར་བྱུང་བ་ཉིད་དོ། །ད་ལྟར་བྱུང་བ་ནི་བྱུང་ལ་མ་འགགས་པའོ་ཞེས་བྱ་བ་ལ། བྱུང་བ་ཞེས་བྱ་བ་

དེ་ཙམ་ཞིག་ཡིན་ན་ནི་འདས་པ་ལ་ཡང་ཐལ་བར་འགྱུར་རོ། །མ་འགགས་པ་ཞེས་བྱ་བ་དེ་ཙམ་ཞིག་ཡིན་ན་ནི་མ་འོངས་པ་ལ་ཡང་ཐལ་བར་འགྱུར་བས་དགག་པའི་ཕྱིར་གཉིས་ཀ་སྨོས་སོ། །ནང་ནི་རང་གི་རྒྱུད་ལ་ཡོད་པའོ་ཞེས་བྱ་བ་ནི་མིག་ལ་སོགས་པ་དང་གཟུགས་ལ་སོགས་པའོ། །

གཞན་ནི་ཕྱིའི་འོ་ཞེས་བྱ་བ་ནི་གང་ཞིག་གཞན་གྱི་རྒྱུད་ཀྱི་དང་རྒྱུད་མ་གཏོགས་པའོ། །ཡང་ན་སྐྱེ་མཆེད་ཀྱི་སྒོ་ནས་ཞེས་བྱ་བ་ནི་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དྲུག་དང་གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་དྲུག་གོ། །དེའི་ཕྱིར་གཞན་གྱི་རྒྱུད་དུ་གཏོགས་པའི་གཟུགས་ལ་སོགས་པ་རྣམས་

ཕྱིའི་འོ་ཞེས་བྱའོ། །རིགས་པ་ནི་ཐོགས་པ་དང་བཅས་པ་སྟེ་སྐྱེ་མཆེད་བཅུའི་རང་བཞིན་ནོ། །ཕྲ་བ་ནི་ཐོགས་པ་མེད་པ་སྟེ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །ཡང་ན་བལྟོས་པ་པ་ཡིན་ཏེ་བིལ་བའི་གཟུགས་ནི་རགས་པ་དང་ཡིན་ལ་སྐྱུ་རུ་རའི་གཟུགས་ནི་ཕྲ་བའོ། །གལ་ཏེ་བལྟོས་པ་

པ་མ་ཡིན་པའི་ཕྱིར་མ་གྲུབ་པ་སྟེ་རྣམ་པར་གནས་པ་མེད་དོ་ཞེ་ན། ཇི་ལྟར་སྐྱུ་རུ་རའི་གཟུགས་དེ་ཉིད་བིལ་བ་དང་རྒྱ་ཤུག་ལ་བལྟོས་ནས་ཕྲ་བ་དང་རགས་པ་ཡང་ཡིན་པས་ཅུང་ཟད་ཕྲ་བ་དང་རགས་པར་གནས་པར་མི་འགྱུར་ཏེ། ཕ་རོལ་དང་ཚུ་རོལ་བཞིན་ནོ་ཞེ་ན་མ་ཡིན་ཏེ་བལྟོས་པས་ཐ་དད་པའི་ཕྱིར་རོ་

Vol. 209 · folio 70a

ཞེས་བྱ་བ་ལ་གང་ལ་བལྟོས་ནས་མངོན་པར་བརྗོད་པ་དེ་ལ་བལྟོས་པ་གནས་སྐབས་ཏེ། དཔེར་ན་ཕ་དང་བུ་བཞིན་ནོ། །ངན་པ་ནི་ཉོན་མོངས་པ་ཅན་ཏེ་བསྒྲིབས་པ་དང་མི་དགེ་བ་གྱ་ནོམ་པ་ནི་ཉོན་མོངས་པ་ཅན་མ་ཡིན་པ་སྟེ་དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །

རིང་བ་ནི་འདས་པ་དང་མ་འོངས་པ་སྟེ་ཕན་ཚུན་ད་ལྟར་བྱུང་བའི་དངོས་པོས་ཆོད་པའི་ཕྱིར་རོ། །ཉེ་བ་ནི་ད་ལྟར་བྱུང་བ་སྟེ་འདས་པ་དང་མ་འོངས་པ་དག་གིས་མ་ཆོད་པའི་ཕྱིར་རོ། །ཡང་ན་བྱེད་པ་པོ་འདས་པ་དང་མ་འོངས་པ་ནི་རིང་བའོ། །ད་ལྟར་བྱུང་བ་ནི་ཉེ་བའོ། །རྣམ་པར་ཤེས་པའི་བར་དུ་

ཡང་དེ་དང་འདྲའོ་ཞེས་བྱ་བ་ལ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་གང་ཅི་ཡང་རུང་། རྣམ་པར་ཤེས་པ་གང་ཅི་ཡང་རུང་། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། ཐག་རིང་བ་ན་ཡོད་པ་གང་

ཡིན་པའམ། ཉེ་བ་ན་ཡོད་པ་གང་ཡིན་པ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བར་རོ། །དེ་ལ་རགས་པ་དང་ཕྲ་བ་མ་གཏོགས་པ་འདས་པ་ལ་སོགས་པ་རྣམས་ནི་དེ་ཁོ་ན་ལྟར་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་འདི་ནི་ཁྱད་པར་ཡིན་ཏེ།

ཞེས་བྱ་བ་གསུངས་སོ། །རགས་པ་ནི་དབང་པོ་ལྔ་ལ་བརྟེན་པའོ་ཞེས་བྱ་བ་ནི་རྟེན་གྱི་རྗེས་སུ་བྱེད་པའི་ཕྱིར་རོ། །ཕྲ་བ་ནི་ཡིད་ལས་བྱུང་བའོ་ཞེས་བྱ་བ་ནི་མ་བསགས་པ་དང་ཐོགས་པ་མེད་པའི་རྟེན་ཅན་ཡིན་པའི་ཕྱིར་རོ། །ཡང་ན་ས་ལས་ཀྱང་ཞེས་བྱ་བ་ལ་བལྟོས་པ་ཉིད་ཀྱི་ཕྱིར་འདོད་པར་

གཏོགས་པ་ནི་རགས་པ་ཉིད་དང་སྲིད་པའི་རྩེ་མོ་པ་ནི་ཕྲ་བ་ཉིད་དོ། །འདས་པ་དང་མ་འོངས་པ་ནི་རང་གི་སྒྲས་བརྗོད་པ་ཡིན་བཞིན་དུ་རིང་པོར་སྒྲོ་བཏགས་པ་དང་ངན་པ་དང་གྱ་ནོམ་པའི་དོན་ཡོངས་སུ་རྒྱས་པར་མ་རངས་པས་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཞེས་གསུངས་སོ། །བཙུན་པ་ཞེས་བྱ་བ་

ནི་དཔེ་སྟོན་སྡེ་པའི་གནས་བརྟན་ཆོས་སྐྱོབ་པོ། །དབང་པོ་ལྔས་གཟུང་བར་བྱའོ་ཞེས་བྱ་བ་ནི་ཕྱིའི་སྐྱེ་མཆེད་ལྔའོ། །གཞན་ནི་ཕྲ་བའོ་ཞེས་བྱ་བ་ནི་ཡིད་ཀྱི་དབང་པོའི་གཟུང་བར་བྱ་བ་སྟེ་དེ་ཡང་མིག་ལ་སོགས་པ་སྐྱེ་མཆེད་གཟུགས་ཅན་རྣམས་དང་རྣམ་པར་རིག་བྱེད་མ་ཡིན་པའོ། །ཡིད་

Vol. 209 · folio 70b

དུ་མི་འོང་བའོ་ཞེས་བྱ་བ་ནི་ཡིད་དང་མི་མཐུན་པ་སྟེ། །དེ་ནི་ཡིད་དུ་འོང་བར་བྱེད་པ་མ་ཡིན་ཞིང་དགའ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཡིད་དུ་འོང་བ་ནི་ཡིད་དང་མཐུན་པ་སྟེ། དེ་ནི་ཡིད་དུ་འཐད་པའི་ཕྱིར་ཡིད་དུ་འོང་བར་བྱེད་པའོ། །དེ་ལྟ་ན་རྡོར་བའི་དོན་གྱིས་ནི་ངན་པ་ཡིན་ལ། ཚིམ་པར་

བྱེད་པའི་དོན་གྱིས་ན་གྱ་ནོམ་པའོ། །རིང་བ་ནི་ཡུལ་མི་སྣང་བ་ཅན་ནོ་ཞེས་བྱ་བའི་རྟེན་གྱི་ཡུལ་གྱི་དབང་དུ་བྱས་ནས་ཡིན་ཏེ། འགའ་ཞིག་ཉེ་ཡང་ཕྲ་བའི་ཕྱིར་མི་སྣང་བས་ཡུལ་སྨོས་སོ། །ཅུང་ཟད་ཅིག་ཉེ་བ་ཡིན་ཡང་ཆད་པའི་ཕྱིར་ཡུལ་མི་སྣང་བ་ཅན་དུ་འགྱུར་མོད་ཀྱི། དེའི་རྟེན་ནི་གནས་དང་ཉིད་

ཀྱིས་ལྟ་བར་ནུས་པས་ཀྲིཏ་ཀྱི་རྐྱེན་ནི་ནུས་པའི་དོན་ལ་རིག་པར་བྱའོ། །ཉེ་བ་ནི་ཡུལ་སྣང་བ་ཅན་ནོ་ཞེས་བྱ་བ་ལ་སྐར་མ་ལ་སོགས་པ་ནི་ཅུང་ཟད་ཅིག་ནི་རིང་ཡང་སྣང་བ་དེའི་ཕྱིར་ཡུལ་སྣང་བ་ཅན་ཞེས་སྨོས་སོ། །ཡང་རྒྱུ་ཅིའི་ཕྱིར་བཙུན་པས་བྱེ་བྲག་ཏུ་སྨྲ་བས་བཤད་པའི་རིང་བ་དང་ཉེ་བ་ལ་རྣམ་པ་

གཞན་དུ་རིང་བ་དང་ཉེ་བ་བསྟན་ཅེ་ན། དེའི་ཕྱིར་འདས་པ་ལ་སོགས་པ་རང་གི་མིང་གིས་བསྟན་པའི་ཕྱིར་ཏེ་ཞེས་བྱ་བ་ལ་གསུངས་ཏེ། འདི་ལྟར་ཅུང་ཟད་ཅིག་རང་གི་སྒྲས་རབ་ཏུ་དབྱེ་བར་སྨྲས་པ་ནི་རབ་ཏུ་དབྱེ་བ་གཞན་གྱི་མཚན་ཉིད་ལ་འཇུག་པ་མ་ཡིན་ཏེ་ཐ་མི་དད་པར་འགྱུར་རོ་ཞེས་དགོངས་སོ། །

དེ་དག་གི་ཉེ་བ་དང་རིང་བ་དག་ནི་ཞེས་བྱ་བ་ལ་ཚོར་བ་ལ་སོགས་པ་ཡུལ་མི་སྣང་བ་ལ་བརྟེན་པ་ནི་རིང་བ་ཡིན་ལ། ཡུལ་སྣང་བ་ལ་བརྟེན་པ་ནི་ཉེ་བའོ། །སྔ་མ་བཞིན་ནོ་ཞེས་བྱ་བ་ནི་དབང་པོ་ལ་བརྟེན་པ་ནི་རགས་པའོ། །ཡིད་ལས་བྱུང་བ་ནི་ཕྲ་བའོ། །ཡང་ན་ས་ལས་ཀྱང་ངོ་ཞེས་བཤད་པ་ལྟར་རོ། །

སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བའི་སྒོའི་དོན་ནི་སྐྱེ་མཆེད་ཀྱི་དོན་ཏེ་ཞེས་བྱ་བ་ལ། གང་ལས་རྟོགས་ཤེ་ན་ངེས་པའི་ཚིག་ཏུ་ན་སེམས་དང་སེམས་ལས་བྱུང་བ་རྣམས་ཞེས་རྒྱ་ཆེར་འབྱུང་ངོ་། །སྐྱེ་བ་ནི་འོང་བ་ལ་བརྗོད་དོ། །སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་ཞིང་བདག་གི་

དངོས་པོར་རེད་པའོ། །དེའི་ཕྱིར་དེ་དག་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བ་མཆེད་པར་བྱེད་པས་ན་སྐྱེ་མཆེད་དེ། མཆེད་པར་བྱེད། རྒྱས་པར་བྱེད། བདག་གི་དངོས་པོར་རེད་པ་རྒྱུན་དུ་གནས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་དུ་བྲམ་ཟེ་མིག་གི་སྒོ་ནས་ཇི་སྲིད་གཟུགས་

Vol. 209 · folio 71a

རྣམས་ལ་བལྟ་བའི་ཕྱིར་ཞེས་བྱ་བ་དེ་ལ། དྲུག་པོ་རྣམས་ཉིད་སྒོའི་དོན་དུ་འཐད་དེ། སེམས་དང་སེམས་ལས་བྱུང་བའི་སྒོའི་དོན་ནི་བཅུ་གཉིས་པོ་རྣམས་ཏེ། མིག་ལ་བརྟེན་ནས་གཟུགས་རྣམས་ལ་མིག་གི་རྣམ་པར་ཤེས་པ་སྐྱེ་ཞིང་གསུམ་འདུས་པ་ལས་རེག་

པ་དང་ལྷན་ཅིག་ཚོར་བ་དང་འདུ་ཤེས་སྐྱེའོ་ཞེས་གསུངས་པའི་ཕྱིར་རོ། །རིགས་ཀྱི་དོན་ནི་ཁམས་ཀྱི་དོན་ཏེ་ཞེས་བྱ་བ་ལ། གང་ལས་ཁོང་དུ་ཆུད་ཅེ་ན་རིགས་སུ་འདྲ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དཔེར་ན་རི་འགའ་ཞིག་ལ་ཞེས་རྒྱ་ཆེར་གསུངས་ཏེ། དཔེར་ན་གསེར་དང་ས་བོན་གྱི་རིགས་ལ་

ཁམས་ཞེས་བརྗོད་པ་ལྟ་བུའོ། །རྟེན་ཏམ་རྒྱུད་ཅེས་རྒྱས་པར་འབྱུང་བ་ལ། ལུས་སམ་སེམས་དང་སེམས་ལས་བྱུང་བའི་རྒྱུད་གཅིག་ལའོ། །གཞན་དག་ན་རེ་སྐད་ཅིག་མའི་རྒྱུན་གཅིག་ལའོ་ཞེས་ཟེར་རོ། །རིགས་བཅོ་བརྒྱད་རྣམས་ནི་ས་བོན་བཅོ་བརྒྱད་ལ་ཁམས་བཅོ་བརྒྱད་དུ་བརྗོད་

པའོ། །སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་མིག་གི་དབང་པོ་ནི་མིག་གི་དབང་པོ་ཕྱིས་སྐྱེས་པ་དང་མ་སྐྱེས་པའི་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །འདུས་མ་བྱས་ཁམས་མ་ཡིན་པར་འགྱུར་རོ་ཞེ་ན་ཞེས་བྱ་བ་ལ་སྔ་མ་དང་ཕྱི་མ་ཉིད་

མེད་པའི་ཕྱིར་ཏེ། དེ་ནི་འགའི་ཡང་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པའི་ཕྱིར་རོ། །དེ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དམིགས་པ་དང་བདག་པོའི་རྐྱེན་དུ་གྱུར་པའི་ཕྱིར་འདུས་མ་བྱས་ཀྱང་འབྱུང་གནས་ཉིད་དུ་གྲུབ་བོ། །དེ་ལྟ་ན་ཡང་དེར་སྐྱེ་མཆེད་དང་ཁམས་ཀྱི་དོན་དག་དབྱེར་མེད་པར་

འགྱུར་ཏེ། གཉི་ག་ཡང་སེམས་དང་སེམས་ལས་བྱུང་བའི་འབྱུང་གནས་སུ་གྱུར་པའི་ཕྱིར་རོ། །དེའི་ཕྱིར་གཞན་དག་ན་རེ་ཁམས་ཞེས་བྱ་བའི་སྒྲ་འདི་ནི་རིགས་ཀྱི་ཚིག་ཡིན་ནོ་ཞེས་ཟེར་རོ། །དཔེར་ན་གསེར་ལ་སོགས་པའི་རིགས་རྣམས་ཕན་ཚུན་རིགས་ཐ་དད་པ་དེ་བཞིན་དུ་མིག་ལ་སོགས་པ་

དག་ཀྱང་ཡིན་ནོ། །དེ་ལྟར་ན་རིགས་སུ་འོང་བས་ཁམས་ཀྱི་སྒྲ་འདི་ནི་རིགས་ཀྱི་ཚིག་ཡིན་ནོ། །རང་བཞིན་ཞེས་བྱ་བ་ལ་རང་བཞིན་ནི་རིགས་གཞན་རྣམ་པར་བཅད་པའི་སྒོ་ནས་རང་གི་ངོ་བོ་སྟེ། མཚན་ཉིད་མཚུངས་པ་ལ་བཤད་ཀྱི་རྫས་ཀྱི་རང་བཞིན་ཉིད་ནི་མ་ཡིན་ནོ། །ཁམས་སོ་སོར་མཚུངས་

Vol. 209 · folio 71b

པར་ཡང་མི་འགྱུར་རོ། །དྲུག་པ་རྣམས་རིགས་ཐ་དད་པའི་ཕྱིར་བརྟེན་དང་རྟེན་གྱི་རིགས་ཀྱི་དབྱེ་བ་ལས་མ་ཡིན་ཞིང་བཏགས་པའི་དུས་ཀྱི་དབྱེ་བ་ལས་སམ་སྔ་མ་དྲུག་ཉིད་ལས་ཡིད་ཀྱི་ཁམས་དྲུག་རྣམས་ཀྱང་ངོ་། །དེ་སྔོན་དུ་འགྲོ་བ་ལས་ཤིན་ཏུ་གསལ་བར་ཕྱེ་བས་དུས་གསུམ་པ་ཅན་ཉིད་ལ་ཡང་

དེ་དག་ཐམས་ཅད་གང་ལ་གནས་པ་དེ་ལ་བལྟོས་ནས་མིང་དུ་རྣམ་པར་གཞག་གོ། །ཡིད་སྔོན་དུ་འགྲོ་བས་རྣམ་པར་ཤེས་པའི་ཁམས་དྲུག་ཏུ་འགྱུར་རོ། །མ་འོངས་པའི་དུས་ལ་ཇི་ལྟར་དེ་དག་དེའི་སྔོན་དུ་འགྲོ་བ་འཐད་ཅེ་ན། ཡིད་ཇི་ལྟ་བར་ཁམས་ཀྱང་དེ་བཞིན་པས་རྣམ་པར་ཤེས་པའི་

ཁམས་དྲུག་ཅེས་བྱའོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་སྐྱེ་མཆེད་དང་ཁམས་ལྟར་ཕུང་པོ་ཡང་རྫས་སུ་འདོད་ལ། སྤུངས་པ་ཡང་རྫས་དུ་མ་འདུས་པའི་བདག་ཉིད་ཅན་ཡིན་པས་རྫས་སུ་ཡོད་པ་ལ་སྤུངས་པ་ཉིད་མི་སྲིད་དོ་སྙམ་སྟེ་འདྲི་བ་ནི། གལ་ཏེ་སྤུངས་པའི་དོན་ཕུང་པོ་ཞེས་བྱའོ། །སྤུངས་པ་

དང་གང་ཟག་བཞིན་ནོ་ཞེས་བྱ་བ་ལ། ཇི་ལྟར་འབྲུ་ལ་སོགས་པ་རྫས་དུ་མ་འདུས་པའི་ཕྱིར་བཏགས་པའི་ཕུང་པོ་ཡིན་གྱི་རྫས་ཀྱི་མ་ཡིན་ཏེ། འབྲུ་ལ་སོགས་པ་གསལ་ན་དེ་འཛིན་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་གང་ཟག་གི་གཟུགས་ཀྱི་ཕུང་པོ་སྟོང་ཕྲག་ཉིད་ཀྱང་རྫས་སུ་མེད་པ་ཡིན་ཏེ། ཇི་

ལྟར་ཡན་ལག་ཚོགས་ལས་ནི། །ཤིང་རྟ་ཞེས་ནི་མི་བཏགས་པ། །དེ་བཞིན་ཕུང་པོ་ལ་བརྟེན་ནས། །ཀུན་རྫོབ་ཏུ་ནི་སེམས་ཅན་བརྗོད། །ཅེས་བྱ་བའི་ལུང་ལས་སོ། །དེ་བཞིན་དུ་འདས་པ་དང་མ་འོངས་པ་ལ་སོགས་པའི་རྫས་ཚོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཕུང་པོ་རྣམས་ཀྱང་

བཏགས་པའི་ཡོད་པར་འགྱུར་ན། དེ་ཡང་འདོད་པ་མ་ཡིན་པས་ཕུང་པོའི་དོན་གཞན་ཞིག་བརྗོད་པར་བྱ་དགོས་སོ་ཞེ་ན་མ་ཡིན་ཏེ། རྡུལ་ཕྲ་རབ་གཅིག་ཀྱང་ཕུང་པོ་ཡིན་པའི་ཕྱིར་རྡུལ་ཕྲ་རབ་གཅིག་པུ་ཡང་ཕུང་པོར་བརྗོད་དེ། གཞན་དུ་ན་ཕུང་པོ་རྣམས་རང་བཞིན་མེད་པའི་ཕྱིར་ཕུང་པོ་རྣམས་སྐྱེ་

མཆེད་དང་ཁམས་ལྟར་ཆོས་རྣམས་ཀྱི་རང་བཞིན་བསྡུས་པར་མི་འགྱུར་རོ། །ཕུང་པོ་རྣམས་བཏགས་པའི་ཡོད་པ་རང་བཞིན་ཉིད་མ་ཡིན་ན། དེ་ལྟ་འོ་ན་འདི་གཞན་དང་འགལ་ལོ། །འོ་ན་སྤུངས་པའི་དོན་ནི་ཕུང་པོའི་དོན་ཏོ་ཞེས་བྱ་བ་མ་ཡིན་ཏེ། དང་པོར་སྤུངས་པ་ཉེ་བར་ལེན་པ་དག་འདིར་དོན་

Vol. 209 · folio 72a

གྱི་སྤུངས་པ་ཉིད་དོན་མ་ཡིན་ཏེ་རྫས་དང་རྣམ་གྲངས་ཡིན་པའི་ཕྱིར་རོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །རྡུལ་ཕྲ་རབ་གཅིག་པུ་ཡང་དུས་གསུམ་གྱིས་བསྡུས་པའི་ཕྱིར་བློས་མངོན་པར་བསྡུས་པའི་སྒོ་ནས་སྤུངས་པ་ཉིད་འཐད་པས་ཕུང་པོ་རྣམས་བཏགས་པའི་ཡོད་

པ་མ་ཡིན་ནོ་ཞེ་ན། དེ་ཉིད་ལ་སྨྲས་པ། དེ་ལྟ་ན་ཡང་མདོ་དང་འགལ་ཏེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་འཕགས་པའི་འབངས་ན་རེ། ཕན་ཚུན་བལྟོས་པས་རྫས་ནི་རྫས་མ་དྲ། ཕུང་པོ་གང་

ལ་གཅིག་ནི་མེད་དེ་ཕུང་པོ་དེ་ལ་བལྟོས་པ་མེད་པའི་ཕྱིར་རོ། །ཇི་ལྟར་གཞན་དུ་ན་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་ཞེས་བྱ་བ་ལས་སྤུངས་པར་བྱ་བ་དང་ཡོངས་སུ་ཤེས་པར་བྱ་བ་གང་ཟག་བཏགས་པ་ཉེ་བར་ལེན་པའི་ཕུང་པོར་གྱུར་པ་རྫས་སུ་ཡོད་པ་ཉིད་ཉམས་ཀྱི་ཆོས་ཀྱི་ཁམས་འདི་རྣམས་

ཡིན་ནོ་ཞེ་ན་མ་ཡིན་ཏེ། གང་ཟག་ནི་བཏགས་པར་ཡོད་པ་ཉིད་དེ་མིང་ཙམ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་འོ་ན་བུམ་པ་དང་སྣམ་བུ་ལ་སོགས་པ་ཡང་རྫས་སུ་ཡོད་པར་ཐལ་བར་འགྱུར་ཏེ། དེ་དག་ལ་ཡང་རྫས་དང་རྫས་ཕན་ཚུན་ལྟོས་པ་བུམ་པ་དང་སྣམ་བུའི་དོན་དེ་ལྟར་བརྗོད་ནུས་པས་གཟུགས་ཇི་སྙེད་

པའི་རྫས་དེ་སྙེད་ཕུང་པོར་འགྱུར་རོ། །དེ་ལྟར་ཡིན་ན་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བ་དེ་དང་འགལ་བར་འགྱུར་རོ། །དེ་ལ་སྨྲས་པ། མི་འགྱུར་ཏེ་ཕན་ཚུན་བལྟོས་པས་ཕུང་པོ་ཞེས་བྱ་བ་མང་པོ་རྣམས་ཀྱི་མིང་འདི་ལྟ་སྟེ་མང་པོ་རྣམས་

སོ་ཞེས་བྱ་བ་གཞན་མ་ཡིན་པ་དེ་རྣམས་ལ་ཞེས་བགྲང་བར་བྱ་སྟེ་ཡུལ་གཅིག་ལ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་དཔེའོ་ཞེས་ཟེར་རོ། །འདི་ནི་མི་མཐུན་པ་ཉེ་བར་བཀོད་པ་སྟེ། དེ་ལ་ཡང་མང་པོ་རྣམས་ཉིད་རེ་རེ་ལ་ནི་མ་ཡིན་ཏེ་འདས་པའི་རྫས་རྣམས་ལ་ཕུང་པོ་ཞེས་བྱ་བ་མེད་པར་མཚུངས་སོ། །ཅི་སྟེ་དེ་རྣམས་

མཐའ་དག་ཉིད་ལ་ཕུང་པོར་བཏགས་པ་ཉིད་ན་སྲན་མ་མཱ་ཥའི་ཕུང་པོ་བཞིན་དུ་སེམས་ཅན་གྱི་ཕུང་པོ་ཞེས་བྱ་བ་བཏགས་པར་གྲུབ་པོ། །ལུས་ཀྱང་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་ལས་གཞན་མ་ཡིན་ཏེ་སོ་སོར་འགྲོ་བར་བརྗོད་པས་དེ་བཏགས་པ་མ་ཡིན་པ་མེད་དོ། །དེ་ལྟར་སེམས་ཅན་རྣམས་ཀྱང་

Vol. 209 · folio 72b

མི་རྟག་པར་གསུངས་ཏེ། གང་གི་ནུབ་མོ་ཁོ་ན་ནས། །མངལ་དུ་དང་པོ་འཇུག་པའི་མི། །སྡོད་པ་མེད་པར་འགྲོ་འགྱུར་ཏེ། །སོང་བ་ལས་ཀྱང་ལྡོག་པ་མེད། །ཅེས་སོ། །སེམས་ཅན་ནི་རྫས་སུ་ཡོད་པ་ཡིན་པ་ལ་ཉེ་བར་གནས་པ་ལས་གདུལ་བྱའི་ཁྱད་པར་ལ་བལྟོས་ནས་སངས་རྒྱས་བཅོམ་ལྡན་

འདས་རྣམས་ཀྱིས་ཆོས་བསྟན་ཏེ། དེ་ལྟར་ཕུང་པོ་ཞེས་བྱ་བ་ཡང་མི་རྟག་པར་བསྟན་པ་དང་འགལ་བ་མེད་དོ། །བཏགས་པར་མཐོང་བ་དང་བཏགས་པ་ཉེ་བར་བཟུང་ནས་ནགས་ཚལ་གྱི་ལྗོན་ཤིང་དང་དམག་དཔུང་དང་དམག་དཔུང་གི་ཡན་ལག་རྣམས་ཇི་སྙེད་པ་དེ་རྣམས་ནི་སྐྲག་པ་འཕེལ་བ་ཉིད་ཀྱིས་མ་བྲིས་

ཤིང་དེ་ལྟར་རྣམ་པར་མི་སྤྱོད་དོ། །གཞན་དག་ན་རེ་ཁུར་ཁྱེར་བའི་དོན་ནམ་ཞེས་བྱ་བ་ལ་བྱ་བ་ཉིད་ཁུར་ཡིན་པ་ན་བྱ་བའི་ཁུར་རོ། །ཁྱེར་བ་ནི་དེ་ལ་རག་ལས་པ་ཉིད་དོ། །དེ་ལ་རག་ལུས་ཤིང་བདག་ཉིད་རྙེད་ཅེས་བྱ་བའི་དོན་ཏོ། །འདི་ལྟར་ལུས་ཀྱི་ཕྱོགས་གང་ཞིག་ཁུར་ཁྱེར་བར་ནུས་པ་ནི་ཕྲག་པ་ཡིན་

ལ། འདི་ཡང་བྱ་བའི་ཁུར་ཁྱེར་བའི་དོན་ཕུང་པོའི་དོན་ཡིན་ནོ། །གང་ཞིག་གང་གི་བྱ་བའི་ཁུར་ཡིན་ཞེ་ན། རེ་ཞིག་ཐུན་མོང་དུ་ནི་ཕུང་པོ་ལྔ་རྣམས་ཀྱི་སྐྱེ་མཆེད་དྲུག་ཡིན་ཏེ། ཇི་སྐད་དུ་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བཤད་པ་ལྟ་བུའོ། །གཟུགས་དང་རྣམ་པར་ཤེས་པ་གཉིས་

ཀྱི་བྱ་བའི་ཁུར་ནི་རེག་པ་སྟེ་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་འབྱུང་བའི་ཕྱིར་དང་། ཚོར་བའི་ནི་སྲེད་པ་སྟེ་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་དང་། འདུ་བྱེད་རྣམས་ཀྱི་རྣམ་པར་ཤེས་པ་དང་རྣམ་པར་ཤེས་པའི་མིང་དང་གཟུགས་ཏེ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་དང་། རྣམ་པར་

ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །དེ་ཉིད་རྫས་གཅིག་ཀྱང་ཕུང་པོ་ཉིད་དུ་གྲུབ་ལ་ཚོགས་པ་རྣམས་ཀྱི་རེ་རེས་ཀྱང་བྱ་བའི་ཁུར་ཁྱེར་བར་ནུས་པའི་ཕྱིར་རོ། །ཡོངས་སུ་ཆད་པའི་དོན་ཞེས་རྒྱ་ཆེར་འབྱུང་བ་ལ། ལྷན་ཅིག་སྐྱེ་

བའི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་དང་། སེམས་དང་སེམས་ལས་བྱུང་བ་རྣམས་གཅིག་ཀྱང་བློས་དཔྱད་པར་བྱ་བ་ནུས་པས་ཡོངས་སུ་ཆད་པའོ། །བྱ་བར་འདོད་པ་ནི་འདུས་བྱས་སོ། །དེ་ལ་ཡོངས་སུ་ཆད་པ་གང་ཡིན་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཏེ། དེ་ལྟར་ཕུང་

Vol. 209 · folio 73a

པོ་རྣམས་རྫས་སུ་ཡོད་པ་ཡིན་གྱི་བཏགས་པར་ནི་མ་ཡིན་ནོ། །དེ་ནི་མདོ་དང་འགལ་ལོ་ཞེས་རྒྱས་པར་འབྱུང་བ་ལ། སློབ་དཔོན་འདུས་བཟང་ན་རེ། སྐྱེ་མཆེད་དང་ཁམས་ཀྱི་དོན་གྱི་མདོ་གཟུང་བར་བྱའི། ཕུང་པོའི་དོན་གྱི་མདོ་ནི་མི་འདོད་དོ་ཞེས་ཟེར་རོ། །རིགས་

པ་འདི་ནི་ཅི་དེ་ལ་རིགས་ན་སྐྱེ་མཆེད་དང་ཕུང་པོའི་དོན་གྱི་མདོ་ལས་མ་གསུངས་པ་ལ་དེ་ལྟར་མདོ་དང་འགལ་བ་ཡོད་པ་མ་ཡིན་ལ། ཕུང་པོའི་དོན་གྱི་མདོ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པས་དེ་དང་མི་འགལ་བ་གཞན་མ་ཡིན་ནོ། །བསྒྲུབ་པར་ནུས་པའི་མདོར་ཡང་ཕུང་པོའི་དོན་ཉིད་

གསུངས་ཏེ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་ཞེས་གསུངས་པའི་ཕྱིར་རོ། །རེ་རེས་ནི་མི་ནུས་པ་ཉིད་དོ། །བྱ་བའི་ཁུར་ཁྱེར་བའི་དོན་ནམ་ཡོངས་སུ་ཆད་པའི་དོན་ནི་ཕུང་པོའི་ཞེས་ཤེས་པར་བྱའོ། །ཐལ་བར་འགྱུར་བའི་སྒོ་ནས་ཕུང་པོ་རྣམས་བཏགས་པའི་ཡོད་པ་ཉིད་བཟློག་པར་འདོད་པས་

ན། དེ་ལྟར་ན་སྐྱེ་མཆེད་གཟུགས་ཅན་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཐོགས་པ་མེད་པའི་སྐྱེ་མཆེད་བཀག་སྟེ་བཅུ་ཆར་ཡང་གཟུང་ངོ་། །མིག་ལ་སོགས་པའི་རྡུལ་ཕྲ་རབ་མང་པོ་རྣམས་སྐྱེ་བའི་སྒོར་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་བཏགས་པའི་ཡོད་པ་ཉིད་ལ་རྒྱུར་སྨྲས་པ་སྟེ། རྣམ་

པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་བརྟེན་པ་དང་དམིགས་པ་ཡིན་པའི་ཕྱིར་རོ། །མིག་གི་དབང་པོའི་རྡུལ་ཕྲ་རབ་དང་ཁ་དོག་གི་རྡུལ་ཕྲ་རབ་མང་པོ་བསགས་པ་ཁོ་ན་རྟེན་དང་དམིགས་པའི་ངོ་བོས་མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་སྐྱེ་བའི་སྒོར་འགྱུར་ཏེ།

ལུས་ཀྱི་སྐྱེ་མཆེད་དང་རེག་བྱའི་སྐྱེ་མཆེད་ཀྱི་བར་དུ་ཡང་དེ་དང་འདྲའོ། །དེའི་ཕྱིར་རྫས་དུ་མ་འདུས་པའི་ཕྱིར་མིག་གི་སྐྱེ་མཆེད་ལ་སོགས་པ་བཏགས་པར་ཡོད་པ་ཉིད་དོ། །མ་ཡིན་ཏེ་ཚོགས་པ་རྣམས་རེ་རེ་ནས་རྒྱུའི་ངོ་བོར་གྱུར་པའི་ཕྱིར་ཞེས་བྱ་བ་ལ། གང་མང་པོ་རྣམས་སྐྱེ་བའི་སྒོར་གྱུར་པའི་ཕྱིར།

ཞེས་བཤད་པ་དེ་ལྟར་ཁས་མི་ལེན་ཏེ། གང་གི་ཕྱིར་ཚོགས་ཐམས་ཅད་ཀྱང་རེ་རེ་ནས་རྒྱུར་འགྱུར་ཏེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་རྡུལ་ཕྲ་རབ་རེ་རེ་ལ་བརྟེན་པའི་ཕྱིར་རྡུལ་ཕྲ་རབ་རེ་རེ་ལ་དམིགས་པའི་ཕྱིར་རོ། །ཅི་སྟེ་ཅིའི་ཕྱིར་བསགས་པ་ཁོ་ན་རྟེན་ཡིན་ཞིང་བསགས་པ་ཁོ་ན་དམིགས་

Vol. 209 · folio 73b

པ་ཡིན་སྙམ་དུ་སེམས་ན། དེ་ཉིད་ཀྱི་ཕྱིར་རྫས་དུ་མ་འདུས་པ་ཉིད་མི་འདའ་སྟེ་བལྟོས་པ་དང་བཅས་པ་རྣམས་རྒྱུ་ཡིན་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་རེ་རེ་ཞིང་སྐྱེ་མཆེད་དུ་འགྱུར་ན་ནི་གཟུགས་ཅན་མ་ཡིན་པའི་སྐྱེ་མཆེད་ལྟར་གཉིས་པ་ལ་མི་བལྟོས་པར་འགྱུར་བ་ཞིག་གོ་སྙམ་ན། འདིའི་

ལེན་དུ་ཡུལ་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་གསུངས་ཏེ། གལ་ཏེ་ལྷན་ཅིག་བྱེད་པ་ལ་བལྟོས་པ་དང་བཅས་པ་རྣམས་རྒྱུར་གྱུར་པའི་ཕྱིར་དབང་པོའི་རྡུལ་ཕྲ་རབ་རྣམས་རེ་རེ་ནས་སྐྱེ་མཆེད་ཉིད་དུ་མི་འདོད་ན། དེ་ལྟར་མིག་ལ་སོགས་པ་དབང་པོའི་གཟུགས་ལ་སོགས་པ་དག་

ལས་ལོགས་ཤིག་ཏུ་སྐྱེ་མཆེད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན་ཡུལ་ལྷན་ཅིག་བྱེད་པའི་ཕྱིར་རོ། །ཡུལ་ལ་བལྟོས་པ་མེད་པར་དབང་པོ་རྣམས་འབའ་ཞིག་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་སྐྱེ་བའི་སྒོར་མི་འགྱུར་ལ། ཁྱོད་ཀྱི་ལྟར་ན་མིག་གི་དབང་པོ་གཟུགས་ལ་སོགས་པ་དག་ལས་

ལོགས་ཤིག་ཏུ་སྐྱེ་མཆེད་དུ་མི་འགྱུར་བ་ཡང་མ་ཡིན་ཏེ། མདོ་ལས་སྐྱེ་མཆེད་བཅུ་གཉིས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་མིག་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ཀྱང་སོ་སོར་སྐྱེ་མཆེད་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །ཡང་ཅིའི་ཕྱིར་མིག་ལ་སོགས་པ་རྡུལ་ཕྲ་རབ་རྣམས་ཡུལ་

གྱི་རྡུལ་ཕྲ་རབ་རྣམས་ཀྱི་ལྷན་ཅིག་བྱེད་པ་ཡིན་ཡང་ཐ་དད་དུ་བྱས་ཤེ་ན། དེ་དག་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར་གཅིག་ཏུ་བྱས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་རིགས་དང་སྤྱོད་ཡུལ་དང་རྣམ་པར་ཤེས་པ་འདྲ་བའི་ཕྱིར་རོ། །ཡུལ་གྱི་རྡུལ་ཕྲ་རབ་རྣམས་ནི་རིགས་ཐ་དད་པས་འདི་དག་གི་སྤྱོད་ཡུལ་དུ་ཡོད་པ་མ་ཡིན་

ཏེ། སྔོན་པོ་ལ་སོགས་པ་ཐམས་ཅད་ཀྱིས་རྣམ་པར་ཤེས་པ་སྐྱེད་པ་ལ་མིག་གི་དབང་པོའི་རྡུལ་ཕྲ་རབ་རྣམས་ཀྱང་ཐུན་མོང་བའི་ཕྱིར་སྔོན་པོ་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ཁོ་ན་ནི་མ་ཡིན་པས་གཅིག་ཏུ་མ་བྱས་ཏེ། དེ་བཞིན་དུ་གཞན་ལ་ཡང་རིག་པར་བྱའོ། །བྱེ་བྲག་ཏུ་བཤད་པ་ལས་ནི་ཞེས་བྱ་

བ་འདིས་ཕུང་པོ་རྣམས་བཏགས་པར་ཡོད་པ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཡང་ཅི་ཕུང་པོ་འདི་བཏགས་པའི་ཡོད་པར་ལྟ་བར་བྱེད་ན་འདས་པའི་མིང་ལ་སོགས་པ་གཅིག་ཏུ་བསྡོམས་པ་ལ་བལྟོས་ཏེ་མ་བལྟོས་པའི་མཐའ་འཇུག་པར་བྱེད་པ་དེ་ཡིས་དེ་ལ་བལྟོས་ནས་ཕུང་པོ་ཞེས་བརྗོད་དེ། མ་བལྟོས་

Vol. 209 · folio 74a

པར་སྤུངས་པ་བཞིན་དུ་གཅིག་གི་ངོ་བོར་མི་རིགས་སོ། །རང་གི་ཚོགས་པ་ཅན་ནི་ཚོགས་པར་བཤད་པས་རྡུལ་ཕྲ་རབ་གཅིག་ཀྱང་ཕུང་པོའི་ཕྱོགས་ཞེས་བྱའོ། །ཡང་ན་ཕུང་པོ་བཏགས་པ་ལ་བལྟོས་པ་ཞེས་པ་སྟེ་ཕུང་པོར་གྱུར་པས་བཏགས་པ་ལ་བལྟོས་པའོ། །གཞན་དག་

ན་རེ་བཏགས་པར་ཡོད་པའི་ཕུང་པོ་ནི་གཞན་ལ་བལྟོས་པའོ་ཞེས་ཟེར་རོ། །རྡུལ་ཕྲ་རབ་ཁམས་གཅིག་ཅེས་བྱ་བ་ནི་གཟུགས་ཅན་བཅུ་ལས་གང་ཡང་རུང་བའོ། །སྐྱེ་མཆེད་གཅིག་ཅེས་བྱ་བ་ནི་གཟུགས་ཅན་རྣམས་ལས་གང་ཡང་རུང་བའོ། །ཕུང་པོ་གཅིག་གི་ཞེས་བྱ་བ་ནི་ཕུང་པོ་ལྔ་ལས་གཟུགས་ཀྱི་

ཕུང་པོའོ། །ཕྱོགས་ཆ་ནི་ཆ་ཤས་ཏེ་རྫས་ཀྱི་རྡུལ་ཕྲ་རབ་ཀྱི་དབང་དུ་བྱས་པའོ། །བཏགས་པ་ལ་བལྟོས་པ་མེད་པར་ཕྱོགས་ལ་མི་འཇུག་པའི་སྒྲ་ཕྱོགས་སུ་བརྗོད་དེ། ཡང་ན་བལྟོས་པས་ཕུང་པོ་བཏགས་པར་བཤད་པ་ཞེས་རྒྱས་པར་ཏེ། ཇི་ལྟར་འདི་འདོད་པ་སྤྱོད་པར་དམིགས་ཞེས་བཤད་པར་འགྱུར་རོ། །

ཕྱོགས་ལ་ཡང་ཕྱོགས་ཅན་བཞིན་དུ་ཉེ་བར་འདོགས་པའི་ཐ་དད་ཡོད་དེ། དེ་ལ་ཕྱོགས་ནི་རྡུལ་ཕྲ་རབ་པོ། །ཕྱོགས་ཅན་ནི་གཟུགས་ཅན་གང་ཡང་རུང་བ་ཁམས་དང་སྐྱེ་མཆེད་དང་ཕུང་པོ་རྣམས་སོ། །དེ་ཉིད་ལ་འཇིག་རྟེན་ལ་གྲགས་པའི་དཔེ་སྨོས་པ་ནི་དཔེར་ན་རས་ཡུག་གི་ཕྱོགས་ཞེས་བྱ་བ་རྒྱས་པར་འབྱུང་

བའོ། །ལ་བ་ལ་སོགས་པ་ཚིག་པ་དགག་པ་བརྗོད་པར་འདོད་པ་དང་མ་ཚིག་པ་དགག་པ་བརྗོད་པར་འདོད་པའི་ཚེ་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་གོ་ཞེས་བརྗོད་ཀྱི། རིལ་དང་ཕྱོགས་གཅིག་ཚིག་པ་བརྗོད་པར་འདོད་པའི་ཚེ་ནི་མ་ཡིན་པ་དེ་བཞིན་དུ་འདིར་ཡང་ཕུང་པོ་གཞན་དགག་པ་བརྗོད་

པ་དང་། ཕུང་པོ་མ་ཡིན་པ་དགག་པ་བརྗོད་པར་འདོད་པའི་ཚེ་ཕུང་པོའི་ཕྱོགས་གཅིག་ལ་ཕུང་པོར་འདོགས་ཏེ། ཕྱོགས་དང་ཕྱོགས་ཅན་དག་གཙོ་བོ་མ་ཡིན་པའི་ཕྱིར་རོ། །ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ཀྱི་ཆོས་ཐ་དད་པ་ལ་ཐ་དད་པར་བསྟན་པའི་དགོས་པ་འདྲི་བ་ནི། ཡང་ཅིའི་ཕྱིར་བཅོམ་

ལྡན་འདས་ཀྱིས་ཞེས་རྒྱ་ཆེར་འབྱུང་བའོ། །བདེ་བར་གཤེགས་པའི་དགོངས་པ་ནི་ཤེས་པར་དཀའ་མོད་ཀྱི། རྟོག་གེ་པ་རྣམས་ལ་ནི་འདི་ལྟར་སྣང་སྟེ་གདུལ་བྱ་རྣམས་ཀྱི། རྨོངས་དབང་འདོད་རྣམ་གསུམ་གྱི་ཕྱིར། །ཞེས་བྱ་བ་རྒྱས་པར་འབྱུང་བའོ། །རྣམ་གསུམ་གྱི་སྒྲ་ནི་རེ་རེ་དང་སྦྱར་བར་བྱ་སྟེ།

Vol. 209 · folio 74b

རྨོངས་པ་རྣམ་པ་གསུམ་གྱི་ཕྱིར། །ཞེས་བྱ་བ་ནི་ས་འདོད་པ་རྣམ་པ་གསུམ་གྱི་ཕྱིར་གྱི་བར་རོ། །གྲག་གོ་ཞེས་བྱ་བ་གྲག་གོའི་སྒྲ་ནི་འདི་མདོའི་དོན་མ་ཡིན་པའོ། །གང་ལས་ཕུང་པོ་ལྔ་ལ་སོགས་པ་རྣམས་སུ་ཕུང་པོ་ལ་སོགས་པ་བསྟན་པ་ལ་དགོས་པ་གཞན་གསུངས་ཏེ། གོ་རིམས་ཇི་ལྟ་བ་

བཞིན་དུ་གཅིག་པ་ཉིད་དང་བྱེད་པ་པོ་ཉིད་དང་ཟ་བ་པོ་ཉིད་དུ་འཛིན་པ་བསལ་བའི་སྒོ་ནས་ཕུང་པོ་ལ་སོགས་པ་གསུམ་བསྟན་ཏེ། དེ་དག་ལ་བདག་ཏུ་འཛིན་པ་ནི་གཅིག་པ་ཉིད་དུ་འཛིན་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཡང་ན་སྤྱོད་པ་སྟོང་ཕྲག་བརྒྱད་ཅུའི་དབྱེ་བ་ལ་ཀུན་ཏུ་རྨོངས་

པའི་གཉེན་པོར་ཕུང་པོ་ལ་སོགས་པ་བསྟན་ཏོ་ཞེས་གྲག་གོ། །ཁ་ཅིག་ནི་སེམས་ལས་བྱུང་བ་རྣམས་ལ་ཀུན་ཏུ་རྨོངས་ཏེ་ཇི་ལྟར་ཞེ་ན། རིལ་པོའི་བདག་ཏུ་འཛིན་པས་ཞེས་བྱ་སྟེ་རྒྱུ་ལ་རྨོངས་པས་རིལ་པོའི་རིལ་པོ་ལ་བདག་སྙམ་དུ་འཛིན་པས་སོ། །ཡང་ན་སེམས་ལས་བྱུང་བ་རྣམས་ལ་རིལ་པོར་བཟུང་

སྟེ། ཕྱིས་བདག་ཏུ་འཛིན་པས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཕན་ཚུན་པ་དང་བདག་ཀྱང་མཚན་ཉིད་གཅིག་པ་ཉིད་དུ་བཟུང་ནས་བདག་ཏུ་མངོན་པར་ཞེན་ཏེ། དེའི་ཕྱིར་དེ་དག་ལ་བདག་ཏུ་འཛིན་པ་སྔོན་དུ་འགྲོ་བ་ཅན་རིལ་པོར་འཛིན་པ་སྟེ། རིལ་པོར་འཛིན་པའི་གཉེན་པོར་ཕུང་པོ་བསྟན་པ་བརྩམས་སོ། །

དེ་ལྟར་ན་ཚོར་བ་ལ་སོགས་པའི་དབྱེ་བ་བསྟན་པས་ཕུང་པོ་ལ་རིལ་པོར་འཛིན་པ་ལོག་པ་དང་བདག་ཏུ་འཛིན་པ་ཡང་ལྡོག་པར་འགྱུར་ཏེ། དེ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཁ་ཅིག་ནི་གཟུགས་ཁོ་ན་ལའོ་ཞེས་བྱ་བ་ལ་རིལ་པོའི་བདག་ཏུ་འཛིན་པས་ཀུན་ཏུ་རྨོངས་སོ་ཞེས་བྱ་བར་སྦྱར་རོ། །ཀུན་

ཏུ་རྨོངས་པ་དེའི་གཉེན་པོར་གཟུགས་ཉིད་རྣམ་པ་བཅུར་ཕྱེ་བ་དང་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་མཆེད་གཅིག་ཉིད་དེ། དེ་ལྟར་རིལ་པོར་ཕྱེ་བ་ལ་རིལ་པོར་འཛིན་པ་སྔོན་དུ་འགྲོ་བ་ཅན་གྱི་བདག་ཏུ་འཛིན་པ་ལྡོག་པར་འགྱུར་རོ། །ཁ་ཅིག་ནི་གཟུགས་དང་སེམས་ལ་སྟེ་རྨོངས་སོ་ཞེས་བྱ་བར་སྙེགས་སོ། །

དེ་དག་གི་རྨོངས་པ་བཟློག་པར་བྱ་བའི་ཕྱིར་ཁམས་བསྟན་པ་ལས་གཟུགས་རྣམ་པ་བཅུ་དང་སེམས་རྣམ་པ་བདུན་དུ་ཕྱེ་ནས་བསྟན་ཏོ། །དེ་ལ་སེམས་དང་སེམས་ལས་བྱུང་བ་དག་ལ་རྨོངས་པ་གང་ཡིན་པ་དེ་ནི་རྨོངས་པའི་རྣམ་པ་ཆུང་བ་ཡིན་ཏེ། དངོས་པོ་ཕྲ་བ་དང་རིགས་མཐུན་པ་ལ་རྨོངས་པའི་ཕྱིར་རོ། །

Vol. 209 · folio 75a

གང་ཞིག་གཟུགས་ལ་རྨོངས་པ་དེ་ནི་རྨོངས་པའི་རྣམ་པ་འབྲིང་པོ་ཡིན་ཏེ། དངོས་པོ་རགས་ཤིང་རིགས་མཐུན་པ་ལ་རྨོངས་པའི་ཕྱིར་རོ། །གང་ཞིག་གཟུགས་དང་སེམས་དག་ལ་རྨོངས་པ་དེ་ནི་རྨོངས་པའི་རྣམ་པ་ཆེན་པོ་ཡིན་ཏེ། དངོས་པོ་ཕྲ་བ་དང་རགས་པ་དང་རིགས་མཐུན་པ་དང་མི་མཐུན་པ་

རྣམས་ལ་རྨོངས་པའི་ཕྱིར་རོ། །དེ་ལྟར་ན་ཕུང་པོ་བསྟན་པ་འདིས་ཇི་སྐད་བཤད་པའི་ཀུན་ཏུ་རྨོངས་པ་དང་འཇིག་ཚོགས་ལ་ལྟ་བ་རིལ་པོར་འཛིན་པ་སྔོན་དུ་འགྲོ་བ་ཅན་བཟློག་སྟེ། དེ་སྔོན་དུ་འགྲོ་བ་ཅན་གྱི་ཉོན་མོངས་པ་རྣམས་ཀྱང་སྤོང་བ་ཡིན་ནོ། །དབང་པོ་དག་ཀྱང་རྣམ་པ་གསུམ་

སྟེ་ཞེས་བྱ་བ་ལ། འདིར་དབང་པོ་རྣམས་ནི་དད་པ་ལ་སོགས་པའོ། །དབང་པོ་རྟུལ་པོ་དང་འབྲིང་པོ་དག་གིས་ནི་ཁམས་དང་སྐྱེ་མཆེད་རབ་ཏུ་དབྱེ་བ་རྟོགས་ཀྱི་ཕུང་པོ་བསྟན་པ་ནི་མ་ཡིན་ནོ། །དབང་པོ་རྟུལ་པོ་ལ་ནི་ཁམས་ཀྱི་རབ་ཏུ་དབྱེ་བ་ལས་ཕན་བཏགས་པར་འགྱུར་གྱི་སྐྱེ་མཆེད་ཀྱིས་མ་ཡིན་ནོ། །

དབང་པོ་རྣོན་པོ་དང་འབྲིང་པོ་དག་ལ་ནི་ཕུང་པོ་བསྟན་པ་དང་སྐྱེ་མཆེད་བསྟན་པས་སྐྱེ་མཆེད་དང་ཁམས་ཀྱི་དབྱེ་བ་རྟོགས་པར་ནུས་ཏེ། དེའི་ཕྱིར་སྐྱེ་མཆེད་བསྟན་པ་དང་ཁམས་བསྟན་པ་དོན་མེད་པར་འགྱུར་བའམ་གཞན་དུ་ན་དེ་བཞིན་གཤེགས་པ་ལ་ཡིད་མི་ཆེས་པར་འགྱུར་རོ། །དེའི་ཕྱིར་གང་ཟག་དབང་

པོ་རྣོན་པོའི་དབང་དུ་བྱས་ནས་ཕུང་པོ་བསྟན་པ་དང་དབང་པོ་འབྲིང་པོ་ལ་སྐྱེ་མཆེད་བསྟན་པ་དང་དབང་པོ་རྟུལ་པོ་ལ་ཁམས་བསྟན་པ་སྟེ། དེ་ལྟར་ན་ཐམས་ཅད་ལ་ཕན་གདགས་པ་བྱས་པར་འགྱུར་རོ། །འདོད་པ་ཡང་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། འདོད་པ་ནི་མོས་པ་སྟེ། གཞན་དུ་ན་མོས་

པ་རྣམས་ལ་གཞན་དུ་ཆོས་བསྟན་པ་ནི་ཡིད་མི་ཆེས་པའི་རྒྱུར་འགྱུར་བ་ཁོ་ན་འབའ་ཞིག་ཏུ་ཟད་པས། གདུལ་བྱའི་མོས་པའི་ཁྱད་པར་ལས་ཕུང་པོ་ལ་སོགས་པའི་སྒོ་ནས་རྣམ་པ་གསུམ་སྟེ། འདི་དག་ཐམས་ཅད་ཀྱང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་དོན་ཏེ། ཆོས་རབ་ཏུ་རྣམ་པར་འབྱེད་པ་

མེད་པར་ཉོན་མོངས་པ་སྤོང་བ་མེད་པས་ན། ཕུང་པོ་བསྟན་པའི་དགོས་པ་ནི་སྔར་ཉིད་དུ་ཤེས་པར་བྱས་ཟིན་ཏོ། །དེ་ལས་གཞན་པའི་སེམས་ལས་བྱུང་བ་ཕུང་པོ་ཐ་དད་པར་བྱས་པ་མི་འགལ་བ་གང་ཡིན་པ་འདིར་བརྗོད་པར་བྱ་བ་ནི་ཡང་ཅིའི་ཕྱིར་ཞེས་རྒྱས་པར་འབྱུང་བའོ། །འདོད་པར་བྱ་བས་ན་འདོད་པ་

Vol. 209 · folio 75b

སྟེ་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །དེ་དག་ལ་ལྷག་པར་ཆགས་པ་ནི་འདུན་པའི་འདོད་ཆགས་སོ། །ལྟ་བ་དག་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་སོ། །དེ་དག་ལ་ལྷག་པར་ཆགས་པ་ནི་འདུན་པའི་འདོད་ཆགས་ཁོ་ནའོ། །སྔ་མ་ནི་ཕལ་ཆེར་ཁྱིམ་པའི་ཕྱོགས་དང་།

ཕྱི་མ་ནི་ཕལ་ཆེར་རབ་ཏུ་འབྱུང་བའི་ཕྱོགས་ཀྱིའོ། །དེ་ལྟར་ཡང་མདོ་ལས་འདོད་པའི་འདོད་ཆགས་ལ་ལྷག་པར་ཞེན་པ་དང་འཆུམས་པ་དང་ཡོངས་སུ་ཞེན་པ་དང་ལྷན་ཅིག་ཏུ་གྱུར་པས་ཁྱིམ་པ་རྣམས་ནི་ཁྱིམ་པ་རྣམས་དང་ལྷན་ཅིག་ཏུ་རྩོད་པར་བྱེད་འགྱེད་པར་བྱེད་དོ་ཞེས་གསུངས་ཏེ། དེ་གཉིས་ཀྱིས་

ཞེན་པ་ནི་ཚོར་བ་དང་འདུ་ཤེས་སོ། །གཙོ་བོ་སྨོས་པ་ནི་མ་རིག་པ་ལ་སོགས་པ་རྣམས་ཀྱང་དེ་གཉིས་ཀྱི་རྒྱུར་འགྱུར་བའི་ཕྱིར་རོ། །ཚོར་བ་རོ་མྱང་བའི་དབང་གིས་ནི་ཞེས་པ་ལ་རོ་མྱང་དམ་པ་ནི་ཚོར་བ་ཉིད་རོ་མྱང་བ་ཡིན་པས་ན་ཚོར་བ་མྱང་བའོ། །དེ་ནི་རོ་མངར་བ་དང་འདྲ་བས་ན་རོ་མྱང་བ་སྟེ་དེའི་དབང་

གིས་འདུན་པའི་འདོད་ཆགས་ཀྱི་སྒོ་ནས་འདོད་པ་ལ་མངོན་པར་ཞེན་པ་ཡིན་ནོ། །ཡང་ན་ཚོར་བ་ལ་རོ་མྱང་བའི་ཕྱིར་ཚོར་བ་རོ་མྱང་བ་སྟེ་དེ་ལ་སྲེད་པའི་དབང་གིས་ཚོར་བ་ལ་ཕན་འདོགས་ཤིང་འདོད་པ་ལ་མངོན་པར་ཞེན་པ་དང་ལྷག་པར་ཆགས་པ་ཡིན་ནོ། །འདུ་ཤེས་ཕྱིན་ཅི་ལོག་གི་དབང་གིས་ཞེས་བྱ་བ་

ནི་ཆོས་མ་ཡིན་པས་ཆོས་སུ་འདུ་ཤེས་པ་དང་བདག་མེད་པ་ལ་སོགས་པ་རྣམས་ལ་བདག་ལ་སོགས་པར་འདུ་ཤེས་པ་སྟེ། དེ་དག་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་ལ་སོགས་པ་སྟེ་ལྟ་བ་དེ་དག་ལ་མངོན་པར་ཞེན་ནོ། །གང་གི་ཚེ་བདེན་

པ་མཐོང་བ་རྣམས་ལ་འདུ་ཤེས་ཡོད་ཀྱང་ཕྱིན་ཅི་ལོག་མེད་པས་ལྟ་བ་ལ་མངོན་པར་ཞེན་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་གང་གིས་འདུ་ཤེས་ཕྱིན་ཅི་ལོག་ཏུ་བྱས་པ་དེ་ཉིད་ལྟ་བ་ལ་མངོན་པར་ཞེན་པའི་རྒྱུ་ཡིན་ཏེ། དེ་ཡོད་པ་དང་མེད་པ་དག་གིས་ཡོད་པ་དང་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་

ཏེ་མི་གསལ་བའི་བདག་ཉིད་ཀྱིས་མུན་པ་དང་འདྲ་བའི་ཕྱིར་ན་ཕྱིན་ཅི་ལོག་ཏུ་རྟོག་པའི་རྒྱུ་མ་རིག་པ་ནི་ལྟ་བ་ལ་མངོན་པར་ཞེན་པའི་རྒྱུར་ཤེས་པར་བྱ་བ་མ་ཡིན་གྱི། གང་ཞིག་དེ་དང་འདྲེས་ཤིང་མཚན་མར་འཛིན་པའི་རྣམ་པ་ཅན་གྱི་འདུ་ཤེས་དེ་ནི་རྒྱུ་ཡིན་ནོ། །སྨྲས་པ། འདམ་བྱིང་ཉ་ནི་ཡང་ཡང་འཕར་བ་

Vol. 209 · folio 76a

ཡིས། །ཆུ་དག་རྙོག་པར་བྱེད་པ་ཇི་བཞིན་དུ། །མ་རིག་པ་དང་རྗེས་འབྲེལ་འདུ་ཤེས་ཀྱིས། །རིག་པ་སུན་འབྱིན་བྱེད་པའང་དེ་དང་འདྲ། །དེའི་ཕྱིར་འདུ་ཤེས་ཕྱིན་ཅི་ལོག་གི་དབང་གིས་ནི་ལྟ་བ་དག་ལ་མངོན་པར་ཞེན་ཏོ་ཞེས་བྱ་བའི་རིགས་སོ། །ཚོར་བ་ལ་ཞེན་པ་ནི་ཚོར་བ་ལ་ཆགས་

པའོ། །འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་ཕྱིན་ཅི་ལོག་ཏུ་མཚན་མར་འཛིན་པའོ། །དེ་ལ་ཚོར་བ་ལ་ཞེན་ཅིང་སྲེད་པ་ལ་སྤྱོད་པ་ནི་འཁོར་བར་འཁོར་རོ། །འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པས་ནི་ལྟ་བར་སྤྱོད་དོ། །ཚོར་བ་ལ་ཞེན་པ་ནི་ཕྱིན་ཅི་ལོག་བཞིས་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་ཁོ་ནས་ཉིང་

མཚམས་སྦྱོར་བའི་ཚེ་འཁོར་ཏེ། ཇི་སྐད་དུ། བློ་ནི་ཕྱིན་ཅི་ལོག་གྱུར་ལས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། །ཞེས་བཤད་པ་ལྟ་བུའོ། །འདིར་འཁོར་བའི་རྒྱུའི་ངོ་བོ་དག་དེ་ལྟར་གསུངས་ཏེ་དངོས་སུ་ནི་ཕྱིན་ཅི་ལོག་ཏུ་ཞེན་པ་ཁོ་ན་རྒྱུ་ཉིད་དེ་སངས་རྒྱས་རྣམས་ལ་དགོངས་པ་སྔོན་དུ་མ་བཏང་

བའི་ཆོས་སྟོན་པ་མི་མངའ་ཞིང་། དགོངས་པ་ཡང་འདིར་གསལ་བར་བྱས་པའི་ཕྱིར་ཞེས་སོ། །འོ་ན་ཅིའི་ཕྱིར་སྐྱེ་མཆེད་དང་ཞེས་བྱ་བ་ལ་སོགས་པ་ནི་དྲི་བའོ། །ཕུང་པོ་དག་ཏུ་འདུས་མ་བྱས། །དོན་དུ་རུང་ཕྱིར་མ་བཤད་དོ། །ཕུང་པོ་དག་འཆད་པ་ན་འདུས་མ་བྱས་ནི་དེ་དག་ཁོ་ནའི་

ཁོངས་སུ་བསྡུས་པར་རམ་དེ་དག་ལས་ཐ་དད་པར་གཞན་ཞིག་ཏུ་རྣམ་པར་འཇོག །དེ་ཡང་ཉེ་བར་ལེན་པའི་ཕུང་པོ་དག་གམ་ཕུང་པོ་དག་གི་ཁོངས་སུ་སྡུད་གྲང་ན་རྣམ་པ་ཐམས་ཅད་དུ་ཡང་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན་དོན་དུ་མི་རུང་བའི་ཕྱིར་རོ། །རེ་ཞིག་ཕུང་པོ་དག་གི་ཁོངས་སུ་བསྡུ་བར་

ནི་མི་ནུས་ཏེ། དེ་དག་གི་ཉེ་བར་ལེན་པའི་དོན་མི་རིག་པའི་ཕྱིར་རོ། །དེ་དག་གི་ཉེ་བར་ལེན་པ་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དག་ཡོད་ན་འདུས་མ་བྱས་ནི་གཟུགས་ལ་སོགས་པའི་བདག་ཉིད་ཀྱང་མ་ཡིན་ཏེ། ཇི་ལྟར་དེའི་བདག་ཉིད་མ་ཡིན་པ་དེ་གཟུགས་ལ་

སོགས་པའི་ཕུང་པོ་དག་གིས་བསྡུས་པར་རིགས་སོ། །དེ་ཉིད་ཀྱི་ཕྱིར་དེ་ནི་གཟུགས་མ་ཡིན་ཞིང་རྣམ་པར་ཤེས་པའི་བར་དུ་ཡང་མ་ཡིན་པས་ཞེས་བཤད་དོ། །འདི་སྐད་བཤད་པར་འགྱུར་ཏེ་དེ་ནི་གཟུགས་སུ་རུང་བ་མ་ཡིན་པ་ནས་རྣམ་པར་རིག་པ་མ་ཡིན་པའི་བར་དུ་སྟེ། ཕུང་པོ་དྲུག་པར་བརྗོད་པར་ཡང་མི་རུང་སྟེ་

Vol. 209 · folio 76b

སྤུངས་པའི་དོན་མི་རུང་བའི་ཕྱིར་རོ། །གལ་ཏེ་ཕུང་པོའི་དོན་ནི་སྤུངས་པ་ཡིན་པས་འདུས་མ་བྱས་ཀྱང་ཚོར་བ་བཞིན་དུ་ཕུང་པོ་དྲུག་པ་ཞིག་ཏུ་ཅིས་མི་འདོད་དེ། ཇི་ལྟར་གཟུགས་ལ་སོགས་པ་འདས་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་རྣམས་ཕན་ཚུན་འདུས་ཏེ་རེག་པ་ལ་མ་ལྟོས་པར་བློས་

བསྡོམས་ནས་ཕུང་པོར་བརྗོད་པར་འགྱུར་བ་དེ་བཞིན་དུ་འདུས་མ་བྱས་ཀྱང་བློས་བསྡོམས་པ་ལ་བལྟོས་ནས་ཕུང་པོར་བྱས་པ་ལ་འགལ་བ་ཅི་ཞིག་ཡོད་ཅེ་ན། འདི་ལ་འགལ་བ་ཡོད་དེ་ཕུང་པོར་བྱེད་པ་ནི་ཕྱོགས་ནས་འགུགས་པར་རམ་དུས་ལས་འགུགས་པ་ཞིག་ཡིན་གྲང་ན། གཉི་ག་ཡང་འདུས་

མ་བྱས་ཕྱོགས་དང་དུས་སུ་མ་གཏོགས་པ་ལ་སྲིད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདུས་མ་བྱས་ནི་འདས་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་མ་ཡིན་ནོ་ཞེས་གསུངས་སོ། །འདས་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་ཕུང་པོར་རྣམ་པར་འཇོག་ན་དེ་ལྟ་བུའི་མཚན་ཉིད་འདུས་མ་བྱས་ཕུང་

པོར་བརྗོད་པ་ལ་མི་རུང་ངོ་། །གཉི་ག་ལྟར་ཡང་ཕུང་པོར་བསྟན་པ་ལ་དགོས་པ་མེད་པའི་ཕྱིར་གཉི་ག་ལྟར་ཡང་འདུས་མ་བྱས་ཕུང་པོར་མ་བཤད་དོ། །ཡང་ཀུན་ནས་ཉོན་མོངས་པའི་གཞི་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། གཞིའི་སྒྲ་ནི་འདིར་རྒྱུའི་རྣམ་གྲངས་ཏེ། ཟག་པ་དང་བཅས་

པ་རྣམས་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པའི་ཕྱིར་རོ། །བྱ་བའི་ཕྱིར་གྱི་སྒྲ་ནི་འདིར་དགོས་པའི་ཚིག་གོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གཞི་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་རྣམས་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པའི་ཕྱིར་ལ་ཟག་པ་མེད་པ་རྣམས་

རྣམ་པར་བྱང་བའི་རྒྱུའི་ཕྱིར་ཡིན་ན་འདུས་མ་བྱས་ནི་གཉི་ག་ཡང་མ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་རྒྱས་པར་མི་འགྱུར་བའི་ཕྱིར་ཀུན་ནས་ཉོན་མོངས་པ་མ་ཡིན་ནོ། །ལམ་མ་ཡིན་པའི་ཕྱིར་རྣམ་པར་བྱང་བའི་དངོས་པོ་མ་ཡིན་ནོ། །གཞན་དག་ན་རེ་འདུས་མ་བྱས་ཡིན་པའི་ཕྱིར་དངོས་པོ་

གཉི་ག་ཡང་མ་ཡིན་པ་ཉིད་དོ་ཞེས་ཟེར་རོ། །གཞན་དག་ན་རེ་རྣམ་པར་བྱང་བའི་རྒྱུ་ཉིད་ཀྱི་ཕྱིར་འདུས་བྱས་ཀྱི་དངོས་པོ་མ་ཡིན་ཞིང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོ་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་འདིས་རྣམ་པར་བྱང་བ་བྱས་པས་ན་རྣམ་པར་བྱང་བ་སྟེ་ལམ་ལ་མངོན་པར་འདོད་དོ། །

Vol. 209 · folio 77a

དེ་ལྟར་སོ་སོར་བརྟགས་པའི་འགོག་པ་ཉིད་ནི་གཉི་གའི་དངོས་པོར་བཤད་དེ། འདིས་འདུས་མ་བྱས་ཐམས་ཅད་ཀྱིའོ་ཞེས་བྱ་བ་འདི་བསམ་པར་བྱའོ། །ཇི་ལྟར་བུམ་པ་ཆག་པ་ཞེས་བྱ་བ་ནི་བུམ་པ་འགགས་པ་སྟེ། བུམ་པ་མ་ཡིན་པ་དེ་བཞིན་དུ་ཕུང་པོ་ཞིག་པ་སྟེ་ཕུང་

པོ་འགགས་པ་ཡང་འདུས་མ་བྱས་ཡིན་པས་ཕུང་པོ་མ་ཡིན་ཞིང་། ནམ་མཁའ་ནི་གཅིག་ཁོ་ན་ཡིན་པས་ཕུང་པོ་མ་ཡིན་ནོ་ཞེས་ཟེར་རོ། །དེ་དག་ཇི་ལྟར་ན་ཁམས་དང་སྐྱེ་མཆེད་ཞིག་པ་ཡང་ཁམས་དང་སྐྱེ་མཆེད་མ་ཡིན་པར་ཐལ་བར་འགྱུར་ཏེ། ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་ཁོ་ན་

ཁམས་དང་སྐྱེ་མཆེད་ཞིག་པར་རུང་བ་མ་ཡིན་པའོ། །དེ་ནི་དེ་ལྟར་མ་ཡིན་ཏེ་ཟག་པ་དང་བཅས་པའི་ཕུང་པོ་བཞིན་ནོ། །ཟག་པ་དང་བཅས་པའི་སྐྱེ་མཆེད་རྣམས་ལ་ཡང་འགོག་པར་འགྱུར་རོ་ཞེས་པའི་གནས་སྐབས་སུ་ཐལ་བར་འགྱུར་རོ། །གཞན་དག་ན་རེ་འདིར་ཕུང་པོ་སྤུངས་པ་ཞིག་པར་

འདོད་པ་མ་ཡིན་ནོ་ཞེས་ཟེར་རོ། །ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དག་མ་སྤངས་པའི་བདག་ཉིད་ཀྱི་ཕྱིར་རོ། །འོ་ན་ཅི་ཞེ་ན་གང་ལ་མཚན་ཉིད་མེད་པ་དེ་ཕུང་པོ་རྣམས་ལས་ཨུ་པ་ར་ཏ་མེ་བ་བཱ། འདུས་མ་བྱས་གསུམ་ཡང་ཕུང་པོ་ཞིག་པར་མི་རུང་ཞེས་པ་ནི་དགའ་

བ་ཚིགས་སུ་བཅད་པའི་དོན་ཏོ། །ཕུང་པོ་རྣམས་ཀྱི་རྣམ་པ་གཞན་བཤད་ཟིན་ཏོ་ཞེས་བྱ་བ་ལ། སྐྱེ་མཆེད་དང་ཁམས་དག་གི་རྣམ་པ་གཞན་མངོན་པར་བརྗོད་པའི་ཕྱིར་ཏེ། ཀུན་ནས་ཉོན་མོངས་པ་ལ་སོགས་པའི་དངོས་པོ་རིམ་པ་གཞན་གྱི་ངོ་བོ་སྐྱེ་མཆེད་དང་ཁམས་སུ་རྣམ་པར་གཞག་

པ་ལ་སོགས་པ་གོ་རིམས་ལྷག་མ་ལུས་པ་དེ་བརྗོད་པར་བྱའོ། །སངས་རྒྱས་རྣམས་ཀྱི་གསུང་ནི་དགོངས་པ་སྔོན་དུ་བཏང་ནས་འཇུག་པ་དེའི་ཕྱིར། འདིར་རིམ་ནི་རགས་དང་ཀུན་ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རགས་པ་ཇི་ལྟ་བ་དང་ཀུན་ནས་ཉོན་མོངས་པ་ཇི་ལྟ་བ་དང་

སྣོད་ལ་སོགས་པའི་དོན་གྱི་ཁམས་རྣམས་ཀྱང་ངོ་། །གཟུགས་ནི་ཐོགས་པ་དང་རྣམ་པའི་ཕྱིར་ཐམས་ཅད་ལ་རགས་ཞེས་བྱ་བ་ནི་གཏོགས་ཆེ་བའོ། །གཞན་དག་ན་རེ་རྣམ་པར་ཤེས་པའི་ཚོགས་ལྔའི་རྟེན་ཡིན་པའི་ཕྱིར་རགས་སོ་ཞེས་ཟེར་རོ། །རྒྱུ་བ་རགས་པ་ནི་གསུམ་མོ་ཞེས་ཚིག་རྣམ་

Vol. 209 · folio 77b

པར་སྦྱར་ཏེ་ལུས་ཀྱང་རྒྱུ་བའི་ས་བཅས་པས་རྟོགས་པར་ཆེས་སླ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་ལྟར་བསྟན་པ་རྒྱ་ཆེར་སྦྱར་ཏེ། འདུ་ཤེས་ནི་འདུ་བྱེད་དང་རྣམ་པར་ཤེས་པ་གཉིས་ལས་ཆེས་རགས་ཏེ་དེའི་བྱ་བ་རྟོགས་པར་ཆེས་སླ་བའི་ཕྱིར་རོ། །འདུ་ཤེས་ནི་སྐྱེས་པ་དང་བུད་མེད་ལ་སོགས་

པའི་མཚན་མར་འཛིན་པའོ། །རྣམ་པར་ཤེས་པ་བས་ནི་འདུ་བྱེད་རགས་ཏེ། འདོད་ཆགས་ལ་སོགས་པའི་ཀུན་ཏུ་སྤྱད་པ་ཤིན་ཏུ་གསལ་བར་རྟོགས་པའི་ཕྱིར་རོ། །གཞན་དག་ན་རེ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཀྱི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་འཇུག་པ་ཉེ་བར་མཚོན་

པའི་ཕྱིར་རོ་ཞེས་ཟེར་རོ། །ཐམས་ཅད་པས་ཕྲ་བའི་ཕྱིར་རྣམ་པར་ཤེས་པ་ནི་མཐར་ཏེ། གདུལ་བྱ་རྣམས་གཟུད་པ་དང་རྗེས་སུ་མཐུན་པའི་ཕྱིར་ན་འདི་ནི་རགས་པའི་རིམ་པ་སྟེ། ཀུན་ནས་ཉོན་མོངས་པ་ཇི་ལྟ་བའོ། །ཕན་ཚུན་གཟུགས་ལ་མངོན་པར་དགའ་སྟེ་ཞེས་བྱ་བ་ལ། ཕན་ཚུན་ཁ་

དོག་དང་དབྱིབས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་མངོན་པར་ཞེན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་གཟུགས་གཅིག་ནི་ཆགས་པར་བྱ་བ་མ་ཡིན་ཏེ། ཇི་ལྟར་མདོ་ལས་སྐྱེས་པ་དང་བུད་མེད་ཕན་ཚུན་གཟུགས་ལ་རེག་པར་བྱེད་དོ་ཞེས་རྒྱ་ཆེར་འབྱུང་ངོ་། །དེ་དག་ཀྱང་ཚོར་བའི་རོ་མྱང་

བ་ལ་ཆགས་པའི་ཕྱིར་ཕན་ཚུན་གཟུགས་ཀྱིས་མངོན་པར་དགའ་ཞིང་ཚོར་བའི་རོ་མྱང་བ་ནས་ཕྲད་པ་དང་བྲལ་བའི་སྲེད་པས་ཞེན་ཅིང་ཚོར་བའི་རོ་མྱང་བ་དང་ཚོར་བ་ལ་ཆགས་པའི་བར་དུའོ། །གཞན་དག་ན་རེ་གལ་ཏེ་ཚོར་བ་ཐོབ་པ་ཉིད་ཀྱི་ཕྱིར་ཆགས་པ་དང་མངོན་པར་ཆགས་པ་ལས་སོ་ཞེས་སོ། །

འདུ་ཤེས་ཕྱིན་ཅི་ལོག་པའི་ཕྱིར་རོ་ཞེས་བྱ་བ་ལ། སྡུག་བསྔལ་ལ་བདེའོ་སྙམ་པ་ནི་འདུ་ཤེས་ཕྱིན་ཅི་ལོག་པ་སྟེ། ཚོར་བ་བདེ་བ་ཉིད་ཀྱང་འདུ་བྱེད་འགྱུར་བའི་སྡུག་བསྔལ་དག་གིས་སྡུག་བསྔལ་བ་ཉིད་དོ། །ཕྱིན་ཅི་ལོག་དེ་ཡང་ཀུན་ནས་ཉོན་མོངས་པ་དག་གིས་སོ་ཞེས་བྱ་བ་ལ། མི་རྟག་པ་

དང་། སྡུག་བསྔལ་བ་དང་མི་གཙང་བ་དང་བདག་མེད་པ་རྣམས་ལ་ཉོན་མོངས་པས་རྣམ་པར་འཕྲུལ་ཏེ་འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །སེམས་ཀྱང་དེ་དག་གིས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱས་པ་ཞེས་བྱ་བ་ཀུན་ནས་ཉོན་མོངས་པས་ཡང་སྲིད་ཀྱི་རྣམ་པར་ཤེས་པ་མཚམས་སྦྱོར་བའི་ཉོན་མོངས་

Vol. 209 · folio 78a

པ་ལ་འཇུག་པས་རྣམ་པར་ཤེས་པ་མཐར་གསུངས་སོ་ཞེས་གཞན་དག་ཟེར་རོ། །གང་ནས་ཀུན་ནས་ཉོན་མོངས་པ་དང་། གང་གི་དོན་དང་ཇི་ལྟར་དང་གང་ཞིག་དང་གང་དག་གིས་ཀུན་ནས་ཉོན་མོངས་པ་དེ་བསྟན་པར་བྱ་བའི་ཕྱིར་ཉོན་མོངས་པ་ཇི་ལྟ་བ་བཞིན་གོ་རིམས་

བརྗོད་དོ། །ཡང་ན་སྣོད་ལ་སོགས་པའི་དོན་གྱིས་ཏེ་ཞེས་རྒྱ་ཆེར་འབྱུང་བ་ལ། གཟུགས་ནི་སྣོད་ལྟ་བུ་སྟེ་ཚོར་བ་ཟས་དང་འདྲ་བའི་རྟེན་ཡིན་པའི་ཕྱིར་རོ། །ཚོར་བ་ནི་ཟས་ལྟ་བུ་སྟེ་རོ་མྱང་བར་བྱ་བ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་སེམས་ཅན་རྣམས་ལ་ཟས་ནི་ཕན་པ་དང་གནོད་པར་འཇུག་

པའི་ཕྱིར་རོ་ཞེས་ཟེར་རོ། །འདིས་གསལ་བར་བྱེད་པས་ན་འདུ་ཤེས་ནི་ཚོད་མ་ལྟ་བུ་སྟེ། དེས་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་མཚན་མ་བཟུང་ནས་ཚོར་བ་གསལ་བར་བྱེད་དོ། །ཡང་ན་འདུ་ཤེས་ནི་ཕྱིན་ཅི་ལོག་གི་དབང་གིས་ཚོར་བའི་རོ་མངོན་པར་འདོད་པའི་ཕྱིར་ན་འདུ་ཤེས་ནི་ཚོད་

མ་ལྟ་བུའོ། །གཞན་དག་ན་རེ་ཀུན་ནས་ཉོན་མོངས་པས་དགྲ་དང་མཛའ་བོ་དང་བྲན་དང་བདེ་བ་ལ་སོགས་པར་མཚན་མར་འཛིན་པས་སོ་ཞེས་ཟེར་རོ། །འདུ་བྱེད་རྣམས་ནི་བྱན་པོ་ལྟ་བུ་སྟེ་དེའི་དབང་གིས་རྣམ་པར་སྨིན་པ་ཡིད་དུ་འོང་བ་དང་མི་འོང་བ་མངོན་པར་འགྲུབ་པའི་ཕྱིར་རོ། །དམིགས་

པའི་ཕྱིར་ན་རྣམ་པར་ཤེས་པ་ནི་ཟ་བ་པོ་ལྟ་བུ་སྟེ། གཞན་དག་ན་རེ་དེ་ལ་བདག་ཏུ་འཛིན་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་སེམས་ཅན་གྱི་རྫས་གཙོ་བོ་ཡིན་པའི་ཕྱིར་ཏེ་ཏྦུ་དོ་ཛ་བ་ཏྭཱཏ་ཚོར་བ་ལ་སོགས་པ་རྣམས་སོ་ཞེས་ཟེར་རོ། །སེམས་ཅན་གྱི་དབང་པོའི་གཟུགས་གང་ཡུལ་གཟུགས་

སུ་ཡོད་པའི་ཕྱིར་འདོད་པའི་ཡོན་ཏན་གཟུགས་ཀྱིས་རབ་ཏུ་ཕྱེ་བ་ནི་འདོད་པའི་ཁམས་སོ། །ཚོར་བས་རབ་ཏུ་ཕྱེ་བ་ནི་བསམ་གཏན་རྣམས་ཏེ་ཚོར་བ་ཐ་དད་པས་དེ་ཐ་དད་པའི་ཕྱིར་ཏེ། འདི་ལྟར་སྙོམས་པར་འཇུག་པའི་བསམ་གཏན་དང་པོ་གཉིས་ན་ནི་ཡིད་བདེ་བའོ། །གོང་མ་གཉིས་ན་ནི་བཏང་

སྙོམས་དག་གོ། །སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་བདེ་བདེ་དེ་བཏང་སྙོམས་དང་། །བཏང་སྙོམས་ཡིད་བདེ་བདེ་བ་དང་། །བཏང་སྙོམས་བཏང་སྙོམས་ཚོར་བ་ཡོད། །ཅེས་པའོ། །གཞན་དག་ན་རེ་སྐྱེ་བའི་བསམ་གཏན་རྣམས་སུ་འདུ་བྱེད་ཐམས་ཅད་ཀྱི་ཁྱད་པར་སོ་སོར་རིག་ཅིང་དམིགས་པས་

Vol. 209 · folio 78b

གཟུགས་ཀྱི་ཁམས་ཚོར་བས་རབ་ཏུ་ཕྱེ་བའོ་ཞེས་ཟེར་རོ། །འདུ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ནི་གཟུགས་མེད་པ་གསུམ་མོ་ཞེས་བྱ་བ་ལ། དེ་དག་ནི་དེའི་མཚན་མ་གསལ་བའི་ཕྱིར་འདུ་ཤེས་གཙོ་བོ་ཡིན་ནོ། །བཏང་སྙོམས་ཐུན་མོང་བ་རྣམ་པར་བཅད་པ་མེད་པའི་ཕྱིར་དེ་ནི་གཙོ་བོ་མ་ཡིན་ནོ། །

གཞན་དག་ན་རེ་ལུས་མེད་པས་ནམ་མཁའ་ལ་སོགས་པའི་འདུ་ཤེས་ཀྱིས་རྣམ་པར་འབྱེད་པའི་ཕྱིར་འདུ་ཤེས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་ཟེར་རོ། །འདུ་བྱེད་ཙམ་གྱིས་རབ་ཏུ་ཕྱེ་བ་ནི་སྲིད་པའི་རྩེ་མོ་སྟེ་ཞེས་བྱ་བ་ནི་འདི་ཐམས་ཅད་པས་དེའི་སེམས་ལ་འབྲས་བུ་ཆེ་བའི་ཕྱིར་རོ། །ཕྱེ་བ་ནི་

གསལ་བར་བྱས་པ་ཞེས་བྱ་བའི་ཐ་ཚིག་སྟེ་གང་ན་གང་ཞིག་གཙོ་བོ་དེ་ཉིད་ཀྱིས་དེ་ཉེ་བར་མཚོན་པར་བྱས་པ་ཡིན་ནོ། །འདི་དག་ནི་རྣམ་པར་ཤེས་པ་གནས་པ་ཡིན་ལ་ཞེས་བྱ་བ་ནི་གཟུགས་སུ་ཉེ་བར་འགྲོ་བ་འདོད་པའི་ཁམས་དང་ཚོར་བར་ཉེ་བར་འགྲོ་བ་གཟུགས་ཀྱི་ཁམས་དང་འདུ་

ཤེས་སུ་ཉེ་བར་འགྲོ་བ་གཟུགས་མེད་པ་གསུམ་དང་། འདུ་བྱེད་དུ་ཉེ་བར་འགྲོ་བ་སྲིད་པའི་རྩེ་མོའོ། །དེ་དག་ལ་རྣམ་པར་ཤེས་པ་གནས་སོ་ཞེས་བྱ་བ་ནི་དེ་དག་གི་སྲེད་པའི་རླན་གྱི་མཐུས་སོ། །ཞིང་དང་ས་བོན་གྱི་གོ་རིམས་ལྟ་བུར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ། ཞིང་ནི་སྔར་ཡིན་ལ།

ས་བོན་ནི་ཕྱི་ནས་ཏེ། སྔར་ཇི་ལྟར་བཤད་པའི་ཕུང་པོ་རྣམས་ཞིང་གོ་རིམས་པས་བསྟན་པའི་དོན་དེ་ཉིད་ཀྱི་ཕྱིར་རགས་པ་ལ་སོགས་པའི་རྒྱུ་རྣམས་ཇི་ལྟ་བར་ཕུང་པོ་རྣམས་ལྔ་ལས་མི་ཉུང་མི་མང་ངོ་། །རིམ་རྒྱུའི་ཕྱིར་ཞེས་གང་སྨྲས་པ་དེ་སྦྱར་བར་བྱ་བའི་ཕྱིར་གོ་རིམས་ཀྱི་རྒྱུ་དེ་ཉིད་ཀྱི་ཕྱིར་ཞེས་

རྒྱ་ཆེར་འབྱུང་ངོ་། །དེའི་དབང་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཞེ་ན་ཡུལ་ཅན་གྱི་རྟེན་གྱི་གཙོ་བོ་ཡིན་པའི་ཕྱིར་ཏེ། ཡུལ་རྣམ་པར་གཞག་པ་ནི་ཡུལ་ཅན་གྱི་དབང་ཡིན་པའི་ཕྱིར་རོ། །དབང་ནི་རག་ལས་པའོ། །བརྟེན་པར་རྣམ་པར་གཞག་པ་ཡང་རྟེན་གྱི་དབང་ངོ་། །དབང་

པོ་དྲུག་ལས་དང་པོར་ལྔ་སྟེ་མིག་ལ་སོགས་པ་དག་གོ། །ཅིའི་ཕྱིར་ཞེ་ན་ད་ལྟའི་དོན་ཕྱིར་ཞེས་བྱ་བ་སྟེ། འདི་དག་གི་ཡུལ་ད་ལྟར་བ་ཡིན་པས་ད་ལྟར་བའི་དོན་གྱི་དངོས་པོ་ནི་ད་ལྟར་བའི་དོན་ཉིད་དུ་ལྷག་པར་བཟུང་ནས་ད་ལྟར་བྱུང་བར་སྐྱེས་པས་ན་དེའི་ཡུལ་རྣམས་སྔར་སྨོས་སོ། །ཡིད་ནི་ཁ་

Vol. 209 · folio 79a

ཅིག་ཡུལ་ད་ལྟར་བྱུང་བ་སྟེ་དཔེར་ན་གཞན་གྱི་སེམས་ཤེས་པ་ལྟ་བུའོ། །ཁ་ཅིག་གིས་དུས་གསུམ་དང་དུས་མེད་པའི་ཡུལ་ཅན་ཏེ། ཤེས་རྒྱུད་འདས་པའི་ཡུལ་ཅན་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ལྟ་བུའོ། །མ་འོངས་པའི་ཡུལ་ཅན་ནི་མངོན་པར་འདོད་པའི་

ཤེས་པ་ལྟ་བུའོ། །ཁ་ཅིག་ནི་དུས་གསུམ་པའི་ཡུལ་ཅན་ཏེ། དཔེར་ན་འདུ་བྱེད་མི་རྟག་པ་ལྟ་བུའོ། །ཁ་ཅིག་ནི་དུས་མེད་པའི་ཡུལ་ཅན་ཏེ། དཔེར་ན་འགོག་པ་ལ་དམིགས་པ་བཞིན་ནོ། །ཁ་ཅིག་ནི་དུས་གསུམ་དང་དུས་མེད་པའི་ཡུལ་ཅན་ཏེ། དཔེར་ན་ཆོས་ཐམས་ཅད་བདག་

མེད་དོ་སྙམ་པ་ལྟ་བུ་སྟེ། དེའི་ཕྱིར་ཡིད་ནི་མ་ངེས་པས་ཕྱིས་བཤད་དོ། །འབྱུང་བ་ལས་གྱུར་དོན་ཕྱིར་གཞི། །ཞེས་བྱ་བ་ལ་སྔར་བཤད་པའི་རེག་བྱ་མ་གཏོགས་པའི་འབྱུང་བ་ལས་གྱུར་པ་རྣམས་འདི་ཉིད་ཀྱི་ཡུལ་ལོ། །འབྱུང་བ་གཞན་རྣམས་ཀྱང་དེའི་ཡུལ་དུ་མ་ངེས་པས་ན་བཞི་པ་

རྣམས་སོ། །རྗེས་སུ་བཤད་པ་ཟས་ལྕེ་དང་མ་ཕྲད་པ་ཉིད་ཀྱིས་དྲི་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ལ། གལ་ཏེ་མ་ཕྲད་པའི་ཟས་ཀྱི་གོང་བུ་ལ་བརྟེན་པའི་དྲི་ཁོ་ན་སྣས་འཛིན་ན་སྣ་ཕྲད་ནས་འཛིན་པ་ཉིད་ལ་གནོད་པར་འགྱུར་རོ་ཞེས་འགའ་ཞིག་ཟེར་རོ། །ཟས་དང་འདྲེས་པའི་རྫིས་མྱུར་དུ་སྣའི་

ཡུལ་དུ་ཕྱིན་པར་བྱེད་པ་ཡིན་ཏེ། དེ་དང་རིགས་མཐུན་པའི་ཕྱིར་རྫི་ལ་བརྟེན་པའི་དྲི་ལ་ཟས་ཀྱི་དྲི་ཞེས་བྱའོ། །རང་གི་འབྱུང་བ་བཞི་ཚན་ལ་བརྟེན་པ་ཉིད་ཟས་ཀྱི་དྲི་སྟེ་འབྱུང་བ་ཆེན་པོ་ལ་བརྟེན་པའོ། །གྲིབ་མ་ཉིད་ཤིང་ལྗོན་པའི་གྲལ་རིམ་གྱིས་འཇུག་པ་དེ་བཟུང་ཞེས་གཞན་དག་ཟེར་རོ། །

ཡང་ཅིའི་ཕྱིར་རྫས་བརྒྱད་པའི་རྡུལ་ཕྲ་རབ་གང་ལ་དྲི་ཡིན་པ་དེ་ལ་ཁ་དོག་སྨོས་པ་རྗེས་སུ་འཇུག་སྟེ་གྲིབ་མ་དང་སྣང་བ་དག་བཞིན་རེག་བྱའི་ཞེས་པ་ཕྲེང་བ་བཞིན་དེར་གནས་སོ། །གསུམ་པོ་རྣམས་གནས་ཀྱི་དབང་གིས་ཏེ། རྣ་བ་གནས་དག་ཇི་ལྟར་གནས་པའི་རིམ་པས་འགྱུར་རོ། །ཡིད་

ཀྱང་དེ་དག་ལ་བརྟེན་པ་དང་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔའི་མཚན་ཉིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་ལྔའི་མཚན་ཉིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་ཀྱི་མཚན་ཉིད་དེ། འདི་དག་རྣམ་པ་དྲུག་ཅར་ཡང་གཟུགས་ཅན་མ་ཡིན་པའི་ཕྱིར་ཡུལ་ན་མི་གནས་

Vol. 209 · folio 79b

སོ། །གཞན་དག་ན་རེ་དང་པོ་ལྔ་ནི་དེའི་འཇུག་པ་ལྔ་རྣམས་ཏེ། གསུམ་པོ་གང་དག་ལས་ཆེས་གསལ་བར་རིང་དུ་འཇུག་པ་གང་ཡིན་པའོ། །དཔེར་ན་གནས་ཀྱི་རིམ་པས་མིག་ལ་སོགས་པ་རྣམས་ཡུལ་ལ་སྔོན་དུ་འཇུག་ལ། ཡིད་ནི་དེ་དག་ལ་ཕྱིར་འཇུག་པ་ལྟ་བུའོ་ཞེས་ཟེར་རོ། །

དེ་རྣམས་ལ་ཡང་འཇུག་པའི་རྣམ་པར་ཤེས་པའི་རྟེན་གྱི་དངོས་པོར་ཉེ་བར་འགྲོ་བའི་ཡུལ་སྨོས་པ་ནི། མིག་དང་རྣ་བ་དག་ཡུལ་རྒྱང་རིང་བའི་ཕྱིར་གཉིས་པ་དེ་དག་སྔར་སྨོས་སོ། །དེ་ལས་ཀྱང་མིག་ནི་ཆེས་རྒྱང་རིང་བ་ལ་འཇུག་གོ། །སྣ་དང་ལྕེ་དང་ལུས་གསུམ་པོ་རྣམས་ལས་

ཀྱང་གང་ཞིག་ཆེས་གསལ་བ་སྟེ། ཇི་ལྟར་སྣ་ཡིས་དྲི་ཕྲ་མོ་དམིགས་པ་དེ་ལྟར་ལྕེས་རོ་མ་ཡིན་ལ། ཇི་ལྟར་ལྕེས་རོ་ལྟར་ལུས་ཀྱིས་གྲང་བ་དང་དྲོ་བ་དག་མ་ཡིན་ནོ། །གལ་ཏེ་མིག་ལ་སོགས་པས་ཉམས་སུ་མྱོང་བའི་གཟུགས་ལ་སོགས་པ་ཁོ་ན་ལ་ཡིད་ཀྱི་རྣམ་པར་ཤེས་པ་འཇུག་ན།

ཇི་ལྟར་གཉིད་ལོག་པ་རྣམས་གཟུགས་ལ་སོགས་པའི་ཡུལ་འཛིན་ཅེ་ན། ཁ་ཅིག་ན་རེ་སྔོན་ཉམས་སུ་མྱོང་བ་དྲན་པ་ལས་དེ་ཡིན་ནོ། །དེ་ལྟ་མ་ཡིན་ན་དམུས་ལོང་གིས་ཀྱང་གཟུགས་དམིགས་ཏེ། དེ་རྨི་ལམ་རྗེས་སུ་དྲན་པ་ཁོ་ནར་གཉིད་སད་པ་བཞིན་འདི་ང་ཡིས་གཟུགས་ལ་སོགས་

པ་འཛིན་པ་མ་ཡིན་པའི་ཕྱིར་རྨི་ལམ་མོ་ཞེས་ཉམས་སུ་མྱོང་བ་སྔོན་གཉིད་མ་ལོག་པས་དྲན་པར་བྱེད་དེ། འདི་ནི་དེས་ཡུལ་ཡོངས་སུ་གཅོད་པ་མ་ཡིན་པས་ཉམས་སུ་མྱོང་བ་ཉིད་རྨི་ལམ་དུ་དམིགས་པ་མ་ཡིན་ནོ། །གལ་ཏེ་དེ་ཡང་སྐྱེ་བ་གཞན་དུ་ཉམས་སུ་མྱོང་བས་སོ་ཞེ་ན། འོ་ན་དེ་ལྟ་

ན་དམུས་ལོང་གིས་ཀྱང་རྨི་ལམ་དུ་གཟུགས་དམིགས་པར་ཐལ་བར་འགྱུར་ཏེ་སྐྱེ་བ་གཞན་དུ་ཉམས་སུ་མྱོང་བའི་ཕྱིར་རོ། །ལོང་བས་ཀྱང་རྨི་ལམ་དུ་གཟུགས་མི་མཐོང་བ་འདི་མ་གྲུབ་པ་དེའི་ཕྱིར་རྨི་ལམ་ཡང་སྔོན་གྱི་དམིགས་པ་གཞན་ནི་སྲིད་པས་བསྟན་བཅོས་སོ་སོར་བཤད་ལ། མིག་གི་

རྣམ་པར་ཤེས་པས་ཉམས་སུ་མྱོང་བ་ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བ་རྣམས་ཇི་སྙེད་པ་དང་དེ་སྙེད་པ་བཤད་དོ། །ངེས་པ་ཁོ་ནར་ལྔ་རྣམས་ཕན་ཚུན་གཞན་ལ་ཡང་མ་ཡིན་ནོ། །མངོན་དུ་གྱུར་པའི་ཕྱིར་ཞེས་བྱ་བ་གཟུགས་ལ་སོགས་པའི་ཡུལ་གང་ཡིན་པ་རྣམས་རྨི་ལམ་དུ་ཉེ་བར་

Vol. 209 · folio 80a

དམིགས་པ་དེ་དང་མངོན་པར་འབྲེལ་པ་ཉིད་དོ། །དེ་བསྟན་བཅོས་སུ་བརྗོད་ཅེས་བྱ་བ་དེ་ཡང་གཟུགས་བསྟན་དུ་ཡོད་པ་དང་ཞིང་སྒྲིབ་པ་མེད་པར་བྱེད་པ་ནམ་མཁའི་ཁམས་ལྟ་བུའོ། །གལ་ཏེ་དེའི་གཟུགས་གླང་པོ་ཆེ་དང་རྟ་དང་རི་བོ་དང་ལྗོན་ཤིང་ལ་སོགས་པ་

པའི་རྣམ་པ་དང་ཞིང་སྒྲིབ་པ་མེད་པར་བྱས་ནས་དེའི་རྣམ་པ་དེ་བཞིན་དུ་མཐོང་བ་དང་ཅི་སྟེ་དེའི་རྣམ་པ་མ་ཡིན་པ་ཡང་རྨི་ལམ་གྱི་ནང་དུ་གཟུགས་དམིགས་པའི་ཕྱིར་ཡོད་པ་མ་ཡིན་པ་དམིགས་པ་དེ་ཤེས་པར་འགྱུར་རོ། །དེ་ལ་ནི་རྣམ་པར་དཔྱད་པ་གཞན་ཏེ་དེ་ཉིད་ཀྱི་ཕྱིར་གཏམ་འཕྲོས་པ་ཞར་

ལ་བྱུང་བས་ཆོག་གོ། །དཀྱུས་མ་ཉིད་བརྩམ་པར་བྱ་སྟེ། དབང་དོན་དེ་དག་ཁོ་ན་ལ། །སྐྱེ་མཆེད་དང་ནི་ཁམས་བཅུར་འདོད། །ཅེས་བྱ་བ་དེར་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་གཟུགས་ཀྱི་ཕུང་པོའི་རང་བཞིན་དུ་བཤད་ལ། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཞེས་བྱ་བ་དེར་སྐྱེ་

མཆེད་ཐམས་ཅད་ཆོས་ཀྱི་རང་བཞིན་དུ་བཤད་པ་དེའི་ཕྱིར་འདྲི་བ་ནི། ཡང་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ་གཟུགས་ཀྱི་བདག་ཉིད་དུ་ཁྱད་པར་མེད་ཀྱང་གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བར་བརྗོད་ཀྱི་གཞན་དག་ནི་མ་ཡིན། ཡང་ན་སྒྲ་ལ་སོགས་པའི་སྐྱེ་མཆེད་ལྟར་ཡིན་པ་

ཡང་མིང་གཞན་ཇི་ལྟར་མི་བརྗོད། གཞན་གཟུགས་ཀྱི་སྐྱེ་མཆེད་ཉིད་ཀྱིས་བརྗོད་ཅེས་བྱ་བ་འདི་ལ་དགོས་པ་ཅི་ཞིག་ཡོད། དེ་བཞིན་དུ་ཆོས་ཀྱི་སྐྱེ་མཆེད་ལ་ཡང་བརྗོད་པར་བྱའོ་ཞེ་ན། སྨྲས་པ། བྱེ་བྲག་དོན་དང་ཞེས་བྱ་བ་ལ་སོགས་པ་སྟེ་གཟུགས་ཀྱི་ཆོས་ཉིད་དུ་ཁྱད་པར་མེད་པ་

རྣམས་སོ་སོར་སྐྱེ་མཆེད་ཡིན་པར་ཤེས་པར་བྱེད་དོ་ལའོ། །བྱེ་བྲག་ཀྱང་ཅི་ཞེ་ན་དེ་ནི་ཁྱད་པར་གྱི་མིང་ངོ་། །གལ་ཏེ་གཟུགས་ཀྱི་རང་བཞིན་ཡིན་པའི་ཕྱིར་བཅུ་ཆར་ཡང་གཟུགས་ཀྱི་སྐྱེ་མཆེད་ཅེས་བརྗོད་ན་ནི། མིག་ལ་སོགས་པ་དང་གཟུགས་ལ་སོགས་པ་རྣམས་སོ་སོར་ཡུལ་དང་ཡུལ་

ཅན་གྱི་དངོས་པོར་རྟོགས་པར་མི་འགྱུར་ལ། དེ་མ་རྟོགས་པས་ཀྱང་དེ་དག་སོ་སོར་སྐྱེ་མཆེད་ཉིད་དུ་ཤེས་པར་མི་འགྱུར་རོ། །དེའི་དོན་དུ་གཟུགས་ཀྱི་བདག་ཉིད་ཅན་དུ་ཁྱད་པར་མེད་ཀྱང་གཅིག་གཟུགས་ཀྱི་སྐྱེ་མཆེད་དུ་བརྗོད་ནས་སྒྲ་ལ་སོགས་པ་རྣམས་མིང་གཞན་དག་གི་སྐྱེ་མཆེད་དུ་རྣམ་

Vol. 209 · folio 80b

པར་གཞག་པ་མཛད་དོ། །གཟུགས་ལ་ཡང་སྐྱེ་མཆེད་གཞན་རྣམ་པར་གཅད་པར་བྱ་བའི་ཕྱིར་མིང་གཞན་མི་འདོགས་ཏེ། དེ་ནི་བྱེད་རྒྱུ་ལྟར་གཟུགས་ཀྱི་མིང་ཐུན་མོང་བ་ཁོ་ནས་གཞན་དག་ལས་རྣམ་པར་གཅོད་པས་ཁྱད་པར་གྱི་མིང་གདགས་པ་དོན་མེད་དོ། །དེ་ཉིད་ཀྱི་ཕྱིར་མིག་ལ་

སོགས་པ་བྱེ་བྲག་ཏུ་བྱས་པ་དག་གིས་ཞེས་རྒྱ་ཆེར་གསུངས་སོ། །ཡང་ན་གཟུགས་ཀྱི་སྐྱེ་མཆེད་གཙོ་བོ་ཡིན་པའི་ཕྱིར་གཟུགས་ཀྱི་མིང་ཐུན་མོང་བས་སྟོན་པར་མཛད་ཀྱི། གཟུགས་ཀྱི་བདག་ཉིད་ཡིན་ཡང་གཞན་དག་གིས་ནི་མ་ཡིན་ཏེ། གཙོ་བོ་མ་ཡིན་པའི་ཕྱིར་རོ། །ལྷག་མ་རྣམས་

ལ་གཙོ་བོར་བསྟན་པའི་ཕྱིར། དེ་ནི་ཐོགས་པ་དང་བཅས་པ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་རྒྱ་ཆེར་གསུངས་སོ། །རེག་པ་མ་ཡིན་པའི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་ལ་ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་ཅི་ལྟར་རེག་ཅེ་ན། དེ་ཉིད་ལ་ནི་རེག་པར་མི་བརྗོད་དེ། འོན་ཀྱང་དེའི་

རྟེན་འབྱུང་བ་རྣམས་ལ་ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་རེག་པ་ན་སྟེ། ཕྲད་ན་གཟུགས་སུ་རུང་ཞིང་གཞོམ་དུ་རུང་ངོ་། །འདི་ཞེས་བྱ་བ་ནི་གཟུགས་ཀྱི་དངོས་པོ་ཙམ་བརྟག་ཏུ་རུང་བས་རྟེན་ལ་གནས་པ་བརྟག་ཏུ་རུང་བའོ། །ཆེ་གེ་མོ་ཞེས་བྱ་བ་ནི་རྟེན་བསྐལ་པ་ན་གནས་པ་བརྟག་

ཏུ་རུང་བའོ། །ཡང་ན་རྣམ་པ་གཉི་ག་བརྟག་ཏུ་རུང་བ་ཉིད་དེ་ཐོགས་པ་བརྟག་ཏུ་རུང་བ་དང་ཡུལ་བརྟག་ཏུ་རུང་བའོ། །འདི་ནི་འདི་ནའོ་ཞེས་བྱ་བ་ནི་ཡུལ་ཉེ་བ་བརྟག་ཏུ་རུང་བའོ། །ཆེ་གེ་མོ་ཞིག་ནའོ་ཞེས་བྱ་བ་ནི་ཡུལ་ཐག་རིང་བ་བརྟག་ཏུ་རུང་བའོ། །དེའི་ཕྱིར་དེ་ལྟར་ན་གཟུགས་སུ་རུང་བའི་

ཕྱིར་དང་བརྟག་ཏུ་རུང་བའི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་ཁོ་ན་གཙོ་བོ་ཡིན་ནོ། །གཞན་དག་ལ་ནི་བརྟག་ཏུ་རུང་བ་མེད་པའི་ཕྱིར་གཙོ་བོ་མ་ཡིན་ཏེ། གང་གི་ཕྱིར་མིག་ལ་སོགས་པ་རྣམས་ནི་རྗེས་སུ་དཔག་པས་གཟུང་བར་བྱ་བ་ཡིན་པའི་ཕྱིར་འདི་ནའོ་ཆེ་གེ་ནོ་ཞིག་ནའོ་ཞེས་དངོས་སུ་བརྟག་ཏུ་མི་རུང་ལ།

དྲི་དང་རོ་དང་རེག་བྱའི་སྐྱེ་མཆེད་དག་ནི་ཕྲད་ནས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཆེ་གེ་མོ་ཞིག་ནའོ་ཞེས་ཡོངས་སུ་བརྟག་པར་མི་ནུས་སོ། །སྒྲའི་སྐྱེ་མཆེད་ལ་ཡང་ཕྱོགས་བསྟན་པ་བརྟག་ཏུ་ཡོད་པར་ཟད་ཀྱི་ཡུལ་བརྟག་ཏུ་རུང་བ་ནི་མེད་དོ། །འཇིག་རྟེན་ན་ཡང་གཟུགས་སོ་ཞེས་གྲགས་ཀྱི་སྒྲ་ནི་མ་ཡིན་

Vol. 209 · folio 81a

ལ་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡང་འཇིག་རྟེན་ལ་བསྟན་པའི་ཕྱིར་ཡིན་ཏེ། བསྟན་བཅོས་རིག་པ་རྣམས་ཀྱིས་ཀྱང་སྒྲ་ལ་སོགས་པ་རྣམས་གཟུགས་ཉིད་དུ་མ་རྟོགས་སོ། །ཆོས་མང་བ་དང་མཆོག་བསྡུས་ཕྱིར། །ཞེས་བྱ་བ་ལ། འདིར་ཆོས་ཀྱི་མིང་ཅན་གྱི་ཆོས་

མང་པོ་རྣམས་ཁོ་ན་བསྡུས་ཏེ། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤེས་པ་དང་། རྗེས་སུ་དྲན་པ་དང་། དད་པ་དང་། དྲན་པ་ཉེ་བར་གཞག་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སྐྱབས་དང་དཀོན་མཆོག་ལ་སོགས་པ་རྣམས་སོ། །འདིར་ཚོར་

བ་ལ་སོགས་པ་ཆོས་མང་པོ་ཞེས་བྱ་བ་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། འདུས་མ་བྱས་རྣམས་དང་། རྣམ་པར་རིག་བྱེད་མ་ཡིན་པ་བསྡུས་ཏེ། ཆོས་ཀྱི་སྒྲ་སྤྱི་མིང་མེད་པར་དེ་དག་ཇི་ལྟར་འཛིན་པར་འགྱུར། དགེ་བ་དང་རྟག་པའི་ཕྱིར་རམ་སྡུག་བསྔལ་རྒྱུ་དང་བཅས་

པ་ཉེ་བར་ཞི་བའི་བདག་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་མཆོག་ནི་མྱ་ངན་ལས་འདས་པ་སྟེ། ཆོས་ཀྱི་མཆོག་བསྡུས་པའི་ཕྱིར་ན་ཆོས་ཀྱི་སྐྱེ་མཆེད་གཙོ་བོ་ཉིད་དུ་སྟོན་པར་བྱེད་དོ། །ཤའི་དང་ལྷའི་དང་འཕགས་པའི་ཤེས་རབ་དང་མིག་གསུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། དེ་ལ་

ཤའི་མིག་ནི་བདག་ཅག་རྣམས་ཀྱི་ལྟ་བུའོ། །ལྷའི་ནི་ལྷ་རྣམས་ཀྱིའོ། །འཕགས་པའི་ཤེས་རབ་ཀྱི་མིག་ནི་འཕགས་པ་རྣམས་ཀྱི་སྟེ། ཟག་པ་མེད་པའི་ཤེས་པ་སྟེ་ཆོས་ཐམས་ཅད་ལ་དམིགས་པའོ། །ཤའི་མིག་དང་ལྷའི་ནི་གཟུགས་ཀྱི་ཡུལ་ཅན་ཁོ་ན་སྟེ། རྣམ་པ་ཉི་ཤུས་

རགས་པ་ཉིད་ཀྱིས་དོན་རྣམ་པ་དུ་མར་བརྟག་ཏུ་རུང་བའི་ཕྱིར་དང་། གོ་རིམས་བཞིན་དུ་ཤའི་དང་ལྷའི་མིག་གིས་མདུན་དུ་རགས་པ་དང་། ཐམས་ཅད་ཕྲ་བར་བརྟག་ཏུ་རུང་བའི་ཕྱིར་དང་། འཕགས་པའི་ཤེས་རབ་ཀྱི་མིག་གིས་མི་རྟག་པ་ལ་སོགས་པར་བརྟག་ཏུ་རུང་བའི་ཕྱིར་གཅིག་གཟུགས་

ཀྱི་སྐྱེ་མཆེད་དུ་བསྟན་ཏོ། །ཕན་ཚུན་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། མདོ་གཞན་ལས་བསྟན་པའི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་འདི་དག་ཁོ་ནར་འདུ་ན་ནི་དེ་ལྟར་ཡིན་དང་གང་ཞིག་གང་དུ་འདུ་བ་བརྗོད་པར་བྱའོ། །འོན་ཏེ་ཐ་དད་པ་ཡིན་ན་ནི་དེ་ལྟར་ན་ཡང་འདུས་བྱས་ཐམས་ཅད་དང་ཟག་

Vol. 209 · folio 81b

པ་དང་བཅས་པ་རྣམས་དང་། ཆོས་ཐམས་ཅད་ནི་གོ་རིམས་བཞིན་དུ་ཕུང་པོ་དག་དང་ཉེ་བར་ལན་པའི་ཕུང་པོ་དག་དང་སྐྱེ་མཆེད་དང་ཁམས་དག་གིས་བསྡུས་སོ་ཞེས་བྱ་བ་དེ་དང་འགལ་བར་འགྱུར་རོ། །མདོ་གཞན་ལས་གསུངས་པ་དེ་འདི་དག་གི་ནང་དུ་མི་འདུ་ན་ཅིར་འགྱུར་ཞེ་ན།

གསུང་རབ་ཀྱི་ཐ་སྙད་ལ་ཀུན་ཏུ་རྨོངས་པར་འགྱུར་རོ། །དེ་བཟློག་པར་བྱ་བའི་ཕྱིར་འདི་དག་ཏུ་འདུ་བར་བརྗོད་པར་བྱ་སྟེ། སྒྲའི་རང་བཞིན་ཡིན་པའི་ཕྱིར་གཟུགས་ཀྱི་ཕུང་པོས་བསྡུས་སོ། །མིང་ནི་མི་ལྡན་པའི་འདུ་བྱེད་ཀྱི་རང་བཞིན་ཡིན་པའི་ཕྱིར་འདུ་བྱེད་ཀྱི་ཕུང་པོས་བསྡུས་

སོ། །གལ་ཏེ་གསུང་ནི་ཚིག་ཡིན་པར་གྲགས་པ་མ་ཡིན་ནམ། ཇི་ལྟར་མིང་སངས་རྒྱས་ཀྱི་གསུང་ཉིད་དུ་བརྗོད་ཅེ་ན། །འདི་ཚིག་ཡོད་པས་དེའི་ཕྱིར་འགལ་བ་མེད་དོ། །སངས་རྒྱས་ཀྱི་གསུང་ནི་དོན་གྱིས་རབ་ཏུ་དབྱེ་བའི་ཕྱིར་ལ། མིང་ཡང་དོན་བརྗོད་པར་བྱེད་པའི་ཕྱིར་སངས་རྒྱས་

ཀྱི་གསུང་མིང་གི་བདག་ཉིད་ཡིན་ནོ་ཞེས་རྗོད་པར་བྱེད་དོ། །ངེས་པ་དེ་ལ་མིང་ནི་དཔེ་ཙམ་དུ་ཟད་དོ། །སངས་རྒྱས་ཀྱི་གསུང་མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དོན་དམ་པ་དང་ཀུན་རྫོབ་ཏུ་ཡོད་པའི་རང་གི་ངོ་བོ་གསལ་བར་བྱེད་པ་ནི་མིང་སྟེ། དཔེར་ན་

གཟུགས་སོ། །བུམ་པའོ། །རྟག་པའོ། །མིའོ་ཞེས་པ་ལྟ་བུའོ། །གང་གིས་ཐེ་ཚོམ་མེད་པར་བྱ་བ་དང་དུས་དང་ཡོན་ཏན་གྱི་ཁྱད་པར་དང་འབྲེལ་བ་རྟོགས་པར་བྱེད་པ་ནི་ཚིག་སྟེ། དཔེར་ན་ལྷས་བྱིན་གཱ་མ་བྷཱ་ཛ་ཀྲྀཥྞཾ་ཞེས་པ་ལྟ་བུའོ། །ཡི་གེ་ནི་ཡིག་འབྲུ་ཨ་ཡིག་ལ་སོགས་པའོ། །ཕུང་པོ་

ལ་སོགས་གཏམ་རེ་ཡིན། །ཞེས་བྱ་བ་ལ་ཕུང་པོ་ལས་བརྩམས་ཏེ་བསྟན་པ་ནི་ཆོས་ཀྱི་ཕུང་པོ་གཅིག་གོ། །དེ་བཞིན་དུ་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་རྣམས་ལ་ཡང་བརྗོད་པར་བྱའོ། །ལ་སོགས་ཀྱི་སྒྲས་དགེ་བ་དང་མི་དགེ་བའི་ལས་ཀྱི་ལམ་དང་བསྡུ་བའི་དངོས་

པོ་ལ་སོགས་པ་རྣམས་སྡུད་པར་བྱེད་དོ། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། འདི་ནི་གནས་པ་ཡིན་ཏེ་སེམས་ཅན་རྣམས་ཀྱི་སྤྱོད་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་། ངའོ་སྙམ་པའི་ང་རྒྱལ་དང་། ལྟ་བ་དང་རྟོག་པ་ལ་སོགས་པའི་བྱེ་བྲག་གིས་བརྒྱད་

Vol. 209 · folio 82a

ཁྲི་སྟེ། དེ་རྣམས་ཀྱི་གཉེན་པོར་བཅོམ་ལྡན་འདས་ཀྱིས་མི་སྡུག་པ་དང་བྱམས་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། མི་རྟག་པའི་འདུ་ཤེས་དང་། སྟོང་པ་ཉིད་དང་། དབུགས་རྔུབ་པ་དང་འབྱུང་བ་དྲན་པ་ལ་སོགས་པ་བསྟན་པའི་སྒོ་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་གསུངས་

པར་གྲག་གོ། །གཞན་དག་ན་རེ། ཕུང་པོ་ལ་སོགས་གཏམ་རེ་ཡིན། །ཞེས་བྱ་བ་འདི་ཉིད། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། ཞེས་རྣམ་གྲངས་གཞན་གྱིས་བསྟན་ཏེ། གང་ཞིག་ཉོན་མོངས་པའི་གཉེན་པོར་མི་འགྱུར་བའི་ཕུང་པོ་བསྟན་པ་དེ་ནི་འགའ་ཡང་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །

ཚུལ་ཁྲིམས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོས་ཞེས་བྱ་བ་ལ། ཚུལ་ཁྲིམས་ནི་ལུས་དང་ངག་གི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་གཟུགས་ཀྱི་ཕུང་པོས་བསྡུས་སོ། །ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་ནི་ཚོར་བ་དང་འདུ་ཤེས་ལས་ཐ་དད་ཅིང་

སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད་ཅན་ཡིན་པའི་ཕྱིར་འདུ་བྱེད་ཀྱི་ཕུང་པོས་བསྡུས་སོ། །འདིར་ནི་རྣམ་པར་གྲོལ་བའི་ཕུང་པོ་མི་སློབ་པའི་མོས་པ་ཡིན་གྱི། འདུས་མ་བྱས་ནི་མ་ཡིན་ནོ། །བརྒྱད་ནི་མ་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བ་

ལ། ཟད་པར་ནམ་མཁའ་དང་རྣམ་པར་ཤེས་པ་མ་གཏོགས་པ་ལ་སོགས་པའི་ཟད་པར་རྣམས་ཏེ། ཟད་པར་བཅུའོ་བརྒྱད་མ་ཆགས། །ཞེས་གསུངས་པའི་ཕྱིར་རོ། །མ་ཆགས་པ་ཡང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་བརྒྱད་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་

བསྡུས་སོ། །འཁོར་རྣམས་དང་བཅས་ན་ནི་ཞེས་རྒྱ་ཆེར་འབྱུང་བ་ལ། དེ་ལ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་གཟུགས་ཀྱི་ཕུང་པོས་སོ། །རྣམ་པར་ཤེས་པའི་ཕུང་པོ་ནི་ཡིད་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ལྷག་མ་རྣམས་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་སོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་

རྣམས་ཀྱང་དེ་དང་འདྲའོ་ཞེས་བྱ་བའི་སྒྲས་ནི་དེ་ལ་མ་ཆགས་པའི་བདག་ཉིད་འཁོར་དང་བཅས་པ་རྣམས་ནི་ཕུང་པོ་ལྔའི་རང་བཞིན་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གི་ནང་དུ་འདུས་པར་ཡོངས་སུ་གཟུང་བར་བྱའོ། །ཟད་པར་ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཅེས་བྱ་བ་ནི། ཟད་པར་སྐྱེ་

Vol. 209 · folio 82b

མཆེད་བཅུ་ལས། ཁྱད་པར་དུ་ནམ་མཁའ་མཐའ་ཡས་ལ་སོགས་པ་བཞི་སྟེ། ནམ་མཁའ་དང་རྣམ་པར་ཤེས་པ་དང་ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དག་ནི་རྗེས་སུ་འབྲང་བའི་གཟུགས་མེད་པའི་ཕྱིར་ཕུང་པོ་བཞིའི་རང་བཞིན་ནོ། །རྣམ་པར་གྲོལ་བའི་སྐྱེ་

མཆེད་ལྔ་ནི་ཞེས་རྒྱ་ཆེར་འབྱུང་བ་ལ། རྣམ་པར་གྲོལ་བའི་སྐྱེ་མཆེད་དང་པོ་གསུམ་ལ་ནི་གཞུང་འཛིན་པས་སྒྲའི་སྐྱེ་མཆེད་དོ། །བཞི་པ་ཡང་གལ་ཏེ་བརྗོད་ཅིང་སེམས་པར་བྱེད་ན་ནི་སྐྱེ་མཆེད་གསུམ་ཡོད་ལ། དེ་ལྟ་མ་ཡིན་ན་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ལྔ་པ་

ཡང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་ཡོད་དེ། དེའི་ཕྱིར་འཁོར་དང་བཅས་པ་རྣམས་ནི་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་རྣམས་ཀྱིས་བསྡུས་སོ། །རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་གང་ཞེ་ན། མདོ་ལས་འདི་ན་དགེ་སློང་ལ་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པ་བླ་མའི་གནས་ལྟ་བུ་གང་

ཡང་རུང་བ་ཞིག་གིས་ཆོས་སྟོན་པར་བྱེད་པ་ན། འདི་ལ་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བ་ཞིག་ཇི་ལྟ་ཇི་ལྟར་ཆོས་སྟོན་པ་དེ་ལྟ་དེ་ལྟར་ཆོས་དེ་དག་ལ་དོན་སོ་སོ་ཡང་དག་པར་རིག་པ་དང་ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་རོ། །དོན་སོ་

སོ་ཡང་དག་པར་རིག་པ་དང་ཆོས་སོ་སོ་ཡང་དག་པར་རིག་པ་དེ་དག་ལས་རབ་ཏུ་དགའ་བ་སྐྱེའོ། །རབ་ཏུ་དགའ་བར་གྱུར་པ་ལས་ཡིད་དགའ་བ་སྐྱེའོ། །ཡིད་དགའ་བར་གྱུར་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་ཤིན་ཏུ་སྦྱངས་པས་བདེ་བ་མྱོང་བར་འགྱུར་རོ། །བདེ་བར་གྱུར་ན་

སེམས་མཉམ་པར་འཇོག་གོ། །སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་དང་པོའོ། །དེ་ལྟར་གནས་པའི་དགེ་སློང་ངམ་དགེ་སློང་མ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ནི་ཟག་པ་ཡོངས་སུ་མ་ཟད་པ་ཡོངས་སུ་ཟད་

པར་བྱེད། མ་ཐོབ་པ་བླ་ན་མེད་པའི་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་དོ། །གཞན་ཡང་ལྷན་ཅིག་ཉིད་དུ་སྟོན་པའམ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བ་ཞིག་གིས་ཆོས་སྟོན་པ་ན་ཇི་ལྟར་ཐོས་པ་དང་བཤད་པའི་ཆོས་རྣམས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words