འདུལ་བ་གཞི

ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་བསྟུ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑ · หน้า 31a

བལ་ཅན་གྱི་ཚལ་གསེབ་ཏུ་གཤེགས་ནས་བཟང་སྡེའི་ཚོགས་དྲུག་བཅུ་བདེན་པ་དག་ལ་བཀོད་དོ། །གྲོང་སྡེ་འདོང་དུ་གཤེགས་ནས་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་གཉིས་བདེན་པ་དག་ལ་བཀོད་དོ། །ལྟེང་རྒྱས་སུ་གཤེགས་ནས་

རལ་པ་ཅན་སྟོང་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་མཛད་དོ། །ག་ཡཱ་མགོའི་མཆོད་རྟེན་དུ་གཤེགས་ནས་དགེ་སློང་སྟོང་པོ་དེ་དག་ཆོ་འཕྲུལ་གསུམ་གྱི་གདམས་པ་མཛད་ནས་འཁོར་བའི་དགོན་པ་ལས་བསྒྲལ་ཏེ་ཤིན་ཏུ་མཐར་ཐུག་པ་གྲུབ་པ་དང་བདེ་བ་བླ་ན་མེད་

པའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །ལྟང་བྲང་གི་ཚལ་གསེབ་ཏུ་གཤེགས་ནས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལྷ་བརྒྱད་ཁྲི་དང་མ་ག་དྷཱ་པའི་བྲམ་ཟེ་དང་། ཁྱིམ་བདག་འབུམ་ཕྲག་དུ་མ་དང་ལྷན་ཅིག་བདེན་པ་དག་ལ་བཞག་གོ། །རྒྱལ་

པོའི་ཁབ་ཏུ་གཤེགས་ནས་འོད་མའི་ཚལ་བཞེས་ཏེ། དེ་ན་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་ཀྱང་ལྗོངས་རྒྱུ་ཞིང་དོང་བ་ན་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་དེ་ན་གྲོང་ཁྱེར་

རྒྱལ་པོའི་ཁབ་ཆེམ་མེ་ཆེམས་སེ་འདུག་པ་མཐོང་ནས། དེ་གཉིས་ཀྱིས་བསམས་པ། རྒྱུ་གཉིས་ཀྱིས་གྲོང་ཁྱེར་ཆེན་པོ་འདི་ལྟ་བུ་ཆེམ་མེ་ཆེམས་སེར་གྱུར་ཏེ། ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་དང་། དགེ་སྦྱོང་ངམ་བྲམ་ཟེ་བསོད་ནམས་དང་དབང་ཆེ་བར་

གྲགས་པ་འགའ་ཞིག་གནས་པ་ལས་འགྱུར་རོ་སྙམ་ནས། དེ་གཉིས་ཀྱི་རྒྱུ་སྐར་དག་ལ་བལྟ་བར་བརྩམས་ནས་དེ་གཉིས་ཀྱིས་བསམས་པ། རེ་ཞིག་ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་ནི་མེད་པས་སང་ཤེས་པར་བྱའོ་སྙམ་མོ། །དེ་གཉིས་ཀྱི་ཀུན་དུ་སྤྱོད་པ་ནི་གང་གི་ཚེ་དེ་

གཉིས་འཕྲལ་རིས་གསུམ་བྱས་ཏེ་སྤྱོད་ཡུལ་དུ་འདོང་བ་དེའི་ཚེ་ན་སྲོག་ཆགས་འབུམ་ཕྲག་དུ་མ་དག་ཕྱི་བཞིན་ཕྱི་བཞིན་རྗེས་སུ་འབྲང་བར་འགྱུར་བ་ཡིན་ནོ། །དེ་གཉིས་ཕྱི་དེ་ཉིན་པར་འཕྲལ་རིས་གསུམ་བྱས་ཏེ། སྤྱོད་ཡུལ་དུ་དོང་བ་དང་དེའི་ཉིན་པར་སེམས་ཅན་གཅིག་ཀྱང་ཕྱི་

เล่ม ๑ · หน้า 31b

བཞིན་ཕྱི་བཞིན་རྗེས་སུ་མི་འབྲང་ངོ་། །དེ་གཉིས་ཕྱིར་བྱུང་སྟེ་བལྟས་ན། ཇི་ཙམ་ན་སེམས་ཅན་གཅིག་ཀྱང་ཕྱི་བཞིན་ཕྱི་བཞིན་རྗེས་སུ་མི་འབྲང་བར་མཐོང་ནས་དེ་གཉིས་ཀྱིས་བསམས་པ། བདག་ཅག་གཉིས་སྔོན་ཆད་སྤྱོད་ཡུལ་དུ་འདོང་བ་དེའི་ཚེ་ན་སྲོག་ཆགས་འབུམ་ཕྲག་དུ་

མ་དག་ཕྱི་བཞིན་ཕྱི་བཞིན་རྗེས་སུ་འབྲང་བར་གྱུར་ན། ད་ལྟར་སེམས་ཅན་གཅིག་ཀྱང་ཕྱི་བཞིན་ཕྱི་བཞིན་རྗེས་སུ་མི་འབྲང་བ་འདི་ལ་རྒྱུ་གང་ཡིན་སྙམ་མོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ནི་མི་མཁྱེན་པ་དང་། མ་གཟིགས་པ་དང་། མ་རིག་པ་དང་།

རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་བས། སངས་རྒྱས་བཅོམ་ལྡན་འདས་འཚོ་ཞིང་བཞུགས་ལ་གསོན་ཞིང་གཞེས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་པར་ཞུགས་པ། སྲུང་བ་གཅིག་པུ་པ། ཉག་གཅིག་དཔའ་བ། གཉིས་པ་མེད་པ།

གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་གིས་བཞུགས་པ། རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། དུལ་བའི་གནས་གསུམ་གྱི་གཞི་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ་རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་

པའི་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱངས་པ་མཛད་པ། འཕགས་པའི་བདེན་པ་བཞི་སྟོན་པ། མི་འཇིགས་པ་བཞིས་བསྙེངས་པ་མི་མངའ་བ་ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་

འདས་པ། ཕུང་པོ་ལྔ་བདག་མེད་པར་སྟོན་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པ་དྲུག་གིས་གནས་པ། དབང་པོ་དྲུག་གི་སྒོ་བསྡམས་པ། ཡང་དག་པར་དགའ་བར་བྱ་བའི་ཆོས་དྲུག་ལ་གོམས་པར་མཛད་

པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། འཕགས་པའི་ནོར་བདུན་སྟོན་པ། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པ། ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ལ་མཁས་པ། ལམ་གྱི་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་

เล่ม ๑ · หน้า 32a

པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་སྒྱུར་བ་ལས་ཁྱད་པར་དུ་འཕགས་པ་རྣམས་ཀྱི་ཆོས་ཉིད་ནི་ཉིན་ལན་གསུམ་མཚན་ལན་གསུམ་དུ་སངས་རྒྱས་

ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས། གང་ན་ཉམས་པར་གྱུར། གང་ནི་འཕེལ་བར་གྱུར། གང་ནི་གནོད་པར་གྱུར། གང་ན་ཉམ་ང་བར་གྱུར། གང་ནི་མི་བདེ་བར་གྱུར། གང་ནི་གནོད་པ་དང་། ཉམ་ང་བ་དང་། མི་བདེ་བར་གྱུར། གང་ནི་ངན་སོང་ལ་

གཞོལ། གང་ནི་ངན་སོང་ལ་འབབ། གང་ནི་ངན་སོང་ལ་བབ། ངས་གང་ནི་ངན་སོང་གི་ལམ་ལས་བསློང་སྟེ་མཐོ་རིས་དང་། ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། འདོད་པའི་འདམ་དུ་བྱིང་བ་གང་གི་ལག་ནས་ནི་དྲང་བར་བྱ། འཕགས་པའི་ནོར་གྱི་དབྱིག་དང་བྲལ་བ་

གང་ནི་འཕགས་པའི་ནོར་གྱི་དབང་ཕྱུག་ལ་གཞག་པར་བྱ། གང་གི་སངས་རྒྱས་འབྱུང་བས་བརྒྱན་པའི་འཇིག་རྟེན་ནི་འབྲས་བུ་དང་བཅས་པར་བྱ། གང་གི་དགེ་བའི་རྩ་བ་དག་མ་བསྐྱེད་པ་ནི་བསྐྱེད་པར་བྱ། གང་གི་དགེ་བའི་རྩ་བ་དག་བསྐྱེད་པ་ནི་ཡོངས་སུ་སྨིན་པར་བྱ། ཡོངས་

སུ་སྨིན་པ་གང་ནི་རྣམ་པར་གྲོལ་བར་བྱ་ཞེས་མཁྱེན་པ་དང་གཟིགས་པ་ལ་འཇུག་གོ། །སྨྲས་པ། ཆུ་སྲིན་གནས་ཀྱི་དུག་ཅན་པ། །དུས་ལས་འདའ་བར་འགྱུར་སྲིད་ཀྱི། །སངས་རྒྱས་གདུལ་ལ་བྱམས་པ་ནི། །དུས་ལས་འདའ་བར་མི་འགྱུར་རོ། །ཇི་ལྟར་མ་ནི་བུ་སྡུག་

གཅིག་པུ་ལ། །རྟོག་ཅིང་དེ་སྲོག་སྲུང་བར་བྱེད་པ་ལྟར། །དེ་བཞིན་གཤེགས་པའང་གདུལ་བའི་སྐྱེ་བོ་ལ། །རྟོག་པར་མཛད་ཅིང་དེ་སྲོག་སྲུང་བར་མཛད། །ཀུན་མཁྱེན་རྒྱུད་ལ་མངའ་བའི་ཐུགས་རྗེ་ཡིས། །བཞོན་མ་གདུལ་བའི་བེའུ་ཚོལ་མི་སྐྱོ་སྟེ། །སྲིད་

དང་ངན་འགྲོས་ཉམས་ལ་བྱམས་པ་ནི། །རབ་ཉམས་བེའུ་ལ་བྱམས་པའི་བ་བཞིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན་ཀུན་དུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་རྒྱུད་ཡོངས་སུ་སྨིན་པ། སྔོན་གྱི་སངས་རྒྱས་

เล่ม ๑ · หน้า 32b

རྣམས་ལ་བྱ་བ་ལྷག་པར་བྱས་པ། དགེ་བའི་རྩ་བའི་ཚོགས་བསགས་པ་ཡིན་ཏེ། དེ་གཉིས་གདུལ་བའི་དུས་ནི་འབྲས་ཡོངས་སུ་སྨིན་པ་མཚོན་གྱིས་བརྟོལ་པ་ལ་སྡོད་པ་ལྟ་བུ་ཡིན་པར་གཟིགས་ནས། བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཅི་འདི་གཉིས་རེ་ཞིག་

སྟོན་པས་གདུལ་བ་ཡིན་ནམ། འོན་ཏེ་ཉན་ཐོས་ཀྱིས་གདུལ་བ་ཡིན་སྙམ་དུ་དགོངས་ན། ཉན་ཐོས་ཀྱིས་གདུལ་བ་ཡིན་པར་གཟིགས་སོ། །སྒོ་གང་ནས་འཇུག་པར་འགྱུར། ཅི་རྫུ་འཕྲུལ་གྱིས་གདུལ་བ་ཡིན་ནམ། འོན་ཏེ་སྤྱོད་ལམ་གྱིས་གདུལ་བ་ཡིན་སྙམ་དུ་

དགོངས་ན། སྤྱོད་ལམ་གྱིས་གདུལ་བ་ཡིན་པར་གཟིགས་སོ། །བཅོམ་ལྡན་འདས་ནི་གང་ལ་སྤྱོད་ལམ་གྱིས་གདུལ་བ་དེ་ལ་ཚེ་དང་ལྡན་པ་རྟ་ཐུལ་གཏོང་བར་མཛད་དེ། འདི་ལྟར་དེའི་སྤྱོད་ལམ་གྱིས་ནི་ལྷ་དང་མིའི་ཡིད་སྡུད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་

ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་བཀའ་སྩལ་པ། རྟ་ཐུལ་ཁྱོད་ཀྱིས་ཀུན་དུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་ལ་སོམས་ཤིག །ཚེ་དང་ལྡན་པ་རྟ་ཐུལ་གྱིས་ཅང་མི་སྨྲ་བས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་དུ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་རྟ་

ཐུལ་བཅོམ་ལྡན་འདས་ཀྱིས་བཀའ་ལ་ལྷག་པར་བྱ་བ་བྱེད་པ་ཡིན་པས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་པ་དང་རྗེས་སུ་ཡི་རང་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་

ནས་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། འགྲོ་བ་དང་། ལྡོག་པ་དང་། ཆུང་ཟད་བལྟ་བ་དང་། རྣམ་པར་བལྟ་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་

སྦྱར་དང་། ཆོས་གོས་དང་ལྷུང་བཟེད་ཐོགས་པ་མཛེས་པས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། །དེའི་ཚེ་ན་ཀུན་དུ་རྒྱུ་ཉེ་རྒྱལ་རྒྱལ་པོའི་ཁབ་ཏུ་བྱ་བ་ཞིག་གི་ཕྱིར་སྤྱོད་ཡུལ་དུ་ཞུགས་པས་ཚེ་དང་ལྡན་པ་རྟ་ཐུལ་འགྲོ་བ་དང་། ལྡོག་པ་དང་། ཆུང་ཟད་བལྟ་

เล่ม ๑ · หน้า 33a

བ་དང་། རྣམ་པར་བལྟ་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ཆོས་གོས་དང་ལྷུང་བཟེད་ཐོགས་པ་མཛེས་པས་རྒྱལ་པོའི་ཁབ་ན་བསོད་སྙོམས་ལ་རྒྱུ་བ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་

ཏེ། རྒྱལ་པོའི་ཁབ་འདིར་རབ་ཏུ་བྱུང་བ་ཇི་སྙེད་ཅིག་ལྷགས་ཤིང་གནས་པ་དག་ལས་འདི་ལྟ་སྟེ། རབ་ཏུ་བྱུང་བ་འདིའི་སྤྱོད་ལམ་ལྟ་བུ་ནི་བདག་གིས་སྔན་ཆད་འགའ་ཡང་མ་མཐོང་བས་བདག་དེའི་གན་དུ་སོང་སྟེ། དགེ་སློང་ཁྱོད་ཀྱི་སྟོན་པ་ནི་གང་ཡིན། གང་གི་

ཕྱིར་ནི་རབ་ཏུ་བྱུང་། སུའི་ཆོས་ལ་ནི་དགའ་ཞེས་དྲིའོ་སྙམ་དུ་རིག་ནས་ལམ་པོ་ཆེ་རུབ་པ་ཞིག་ན་འགྲོ་བ་དང་ལྡོག་པས་ཤས་ཆེར་སྡོད་ཅིང་འདུག་གོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་ཀུན་དུ་རྒྱུ་ཉེ་རྒྱལ་ག་ལ་བ་དེར་སོང་ངོ་། །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་གྱིས་ཚེ་དང་ལྡན་པ་

རྟ་ཐུལ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ཀྱི་སྟོན་པ་ནི་གང་ཡིན། གང་གི་ཕྱིར་ནི་རབ་ཏུ་བྱུང་། སུའི་ཆོས་ལ་ནི་དགའ། ཚེ་དང་ལྡན་པ་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་གཽ་ཏ་མ་ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་དག་བགོས་ཏེ་ཡང་དག་པ་

ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞིག་ཡོད་དེ། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པས་ཁོ་བོའི་སྟོན་པ་ནི་བཅོམ་ལྡན་འདས་དེ་ཡིན་ནོ། །ཁོ་བོ་དེའི་ཕྱིར་རབ་ཏུ་བྱུང་ངོ་། །ཁོ་བོ་དེའི་ཆོས་ལ་དགའོ། །

དགེ་སློང་དེའི་ཕྱིར་ཆོས་སྟོན་ཅིག །ཚེ་དང་ལྡན་པ་ཁོ་བོ་ནི་ན་གཞོན་པ་དང་རབ་ཏུ་བྱུང་བ་གསར་པས་དེའི་ཕྱིར་ཁོ་བོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་བསྟན་པ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་

སླ་བ་མ་ཡིན་ཏེ། འདི་ལྟར་དེའི་དོན་བསྟན་པར་བྱའོ། །དགེ་སློང་ཁོ་བོ་ལ་ནི་དོན་དགོས་ཀྱི་ཚིག་ནི་ཤིན་དུ་མང་པོས་ཀྱང་ཅི་བྱ་སྟེ། ཁྱོད་ཀྱིས་དོན་མང་ཡང་རུང་ཉུང་ཡང་རུང་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། ཆོས་

เล่ม ๑ · หน้า 33b

རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང་། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུང་བའི་ཚུལ་ཅན་དགེ་སྦྱོང་ཆེ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཀུན་དུ་རྒྱུ་ཉེ་རྒྱལ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་

ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་ཆོས་མཐོང་བ་དང་། ཆོས་ཐོས་པ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་སླེབ་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཚོམ་ལས་རྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་

བ་དང་། སྟོན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཚེ་དང་ལྡན་པ་རྟ་ཐུལ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། སྐྱོབ་པ་རྣམས་ཀྱི་ཆོས་འདི་

ཡིན། །བསྐལ་མང་བྱེ་བ་ཁྲག་ཁྲིག་ཏུ། །སྔན་ཆད་མ་མཐོང་མ་ཐོས་པ། །འཆི་མེད་མྱ་ངན་མེད་པ་ཡི། །གོ་འཕང་འདི་ལ་རྗེས་སུ་རྟོགས། །ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་ད་ལྟར་ག་ལ་བཞུགས། ཚེ་དང་ལྡན་པ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་

ལན་ད་ཀའི་གནས་འདི་ཉིད་ནའོ། །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་ཚེ་དང་ལྡན་པ་རྟ་ཐུལ་གྱིས་སྨྲས་པ་ལ་མངོན་པར་བསྟོད་པ་དང་རྗེས་སུ་ཡི་རང་བ་བྱས་ཏེ། ཚེ་དང་ལྡན་པ་རྟ་ཐུལ་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ནས། ཚེ་དང་ལྡན་པ་རྟ་ཐུལ་ལ་ལན་གསུམ་བསྐོར་བ་

བྱས་ཏེ་སོང་ནས་ཀུན་དུ་རྒྱུ་པང་ནས་སྐྱེས་ག་ལ་བ་དེར་སོང་ངོ་། །ཀུན་དུ་རྒྱུ་པང་ནས་སྐྱེས་ཀྱིས་ཀུན་དུ་རྒྱུ་ཉེ་རྒྱལ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ཀུན་དུ་རྒྱུ་ཉེ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཁྱོད་ཀྱི་དབང་པོ་རྣམས་ནི་རྣམ་པར་རང་བཞིན་གྱི་

མདོག་ནི་ཡོངས་སུ་དག །པགས་པའི་མདོག་ནི་ཤིན་དུ་དཀར་ན་ཁྱོད་ཀྱིས་བདུད་རྩི་རྙེད་དམ། ཚེ་དང་ལྡན་པ་རྙེད་དོ། །ཚེ་དང་ལྡན་པ་དེའི་ཕྱིར་ཆོས་སྟོན་ཅིག །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་གྱིས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །

เล่ม ๑ · หน้า 34a

དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང་། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུང་བའི་ཚུལ་ཅན་དགེ་སྦྱོང་ཆེ། །ཚེ་དང་ལྡན་པ་ད་དུང་ཡང་ལན་གཅིག་བརྗོད་ཅིག །ཚེ་དང་ལྡན་པ་བརྗོད་པར་བྱའོ། །ཆོས་རྣམས་གང་

དག་རྒྱུ་ལས་བྱུང་བ་དང་། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང་། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུང་བའི་ཚུལ་ཅན་དགེ་སྦྱོང་ཆེ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཀུན་དུ་རྒྱུ་པང་ནས་སྐྱེས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་

མ་དང་བྲལ་བ་སྐྱེས་སོ། །དེ་ནས་ཀུན་དུ་རྒྱུ་པང་ནས་སྐྱེས་ཆོས་མཐོང་བ་དང་། ཆོས་ཐོས་པ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་སླེབ་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཚོམ་ལས་རྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་

བ་དང་། སྟོན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཀུན་དུ་རྒྱུ་ཉེ་རྒྱལ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། སྐྱོབ་པ་རྣམས་ཀྱི་ཆོས་འདི་ཡིན། །བསྐལ་

མང་བྱེ་བ་ཁྲག་ཁྲིག་ཏུ། །སྔན་ཆད་མ་མཐོང་མ་ཐོས་པ། །འཆི་མེད་མྱ་ངན་མེད་པ་ཡི། །གོ་འཕང་འདི་ལ་རྗེས་སུ་རྟོགས། །ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་ད་ལྟར་ག་ལ་བཞུགས། ཚེ་དང་ལྡན་པ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་འདི་ཉིད་ནའོ། །

ཚེ་དང་ལྡན་པ་ཚུར་ཤོག་བཅོམ་ལྡན་འདས་དེའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བྱའོ། །ཚེ་དང་ལྡན་པ་དེའི་ཕྱིར་ཇེ་འཁོར་ལ་བལྟ་བར་བྱ་སྟེ། བདག་ཅག་ལྟ་བུའི་མི་གྲགས་པ་དང་ལྡན་པ་ཤེས་པར་གྱུར་པ་དག་གིས་འཁོར་ལ་བལྟ་བ་ནི་ལེགས་པ་ཡིན་ནོ། །དེ་ནས་ཀུན་

དུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་ཀྱིས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་རྣམས་ཤེས་པར་གྱིས་ཤིག །ཁོ་བོ་ཅག་གཉིས་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་པར་བྱེད་ན་ཁྱེད་ཅག་ཇི་ལྟར་བྱེད། མཁན་པོ་གཉིས་བདག་ཅག་

เล่ม ๑ · หน้า 34b

ཅུང་ཟད་ཅི་འཚལ་བ་གང་ལགས་པ་དེ་དག་ཐམས་ཅད་མཁན་པོ་གཉིས་ལས་བརྟེན་ནས་འཚལ་བ་ལགས་ན། གལ་ཏེ་མཁན་པོ་གཉིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་ན་བདག་ཅག་ཀྱང་མཁན་པོ་གཉིས་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་བགྱིའོ། །

བྲམ་ཟེའི་ཁྱེའུ་རྣམས་ད་དེའི་དུས་ལ་བབ་པར་ཤེས་པར་གྱིས་ཤིག །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་འཁོར་ཉིས་བརྒྱ་ལྔ་བཅུ་ལྔ་བཅུ་དང་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ག་ལ་བ་དེར་དོང་ངོ་། །དེའི་ཚེ་ན་ཚེ་དང་ལྡན་པ་རྟ་ཐུལ་ཉིན་མོ་སྤྱོད་པའི་ཕྱིར་ཤིང་

ལྗོན་པ་ཞིག་གི་དྲུང་ན་རྟེན་ཅིང་འདུག་གོ། །ཀུན་དུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ཉེ་རྒྱལ་གྱིས་པང་ནས་སྐྱེས་ལ་སྨྲས་པ། པང་ནས་སྐྱེས་ཅི་ཇེ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱའམ། འོན་

ཏེ་གང་ལས་ཆོས་ཐོས་པ་དེ་ལ་བྱ། དེས་སྨྲས་པ། ཇེ་གང་ལས་ཆོས་ཐོས་པ་དེ་ལ་བསྙེན་བཀུར་བྱའོ། །དེ་གཉིས་ཚེ་དང་ལྡན་པ་རྟ་ཐུལ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །དེའི་ཚེ་ན་བྲམ་ཟེ་

ཟླ་བ་ལ་དགའ་བ་ཞིག་ཟླ་བ་ལ་བསྙེན་བཀུར་བྱེད་ཅིང་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ལ་ཚིགས་སུ་བཅད་པ་བཀའ་སྩལ་པ། རྒན་པ་དང་ནི་གཞོན་པའང་རུང་། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་གུས་པར་ཕྱག་བྱ་སྟེ། །ཟླ་བ་ཚེས་

ལ་ཇི་བཞིན་ནོ། །བྲམ་ཟེ་མེ་ལ་དགའ་བ་ཞིག་ཀྱང་མེ་ལ་བསྙེན་བཀུར་བྱེད་ཅིང་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ལ་ཚིགས་སུ་བཅད་པ་སྨྲས་པ། རྒན་པ་དང་ནི་གཞོན་པའང་རུང་། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་གུས་པར་

ཕྱག་བྱ་སྟེ། །མེ་ལ་བྲམ་ཟེ་གཙང་མ་བཞིན།། །།འདུལ་བ་གཞི། བམ་པོ་བཞི་པ། དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་ཚེ་དང་ལྡན་པ་རྟ་ཐུལ་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་དོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་

เล่ม ๑ · หน้า 35a

ངོ་། །དེའི་ཚེ་ན་བཅོམ་ལྡན་འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་ཆོས་སྟོན་ཅིང་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཀུན་དུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་ཐག་རིང་པོ་ཁོ་ན་ནས་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་

བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་གྲོགས་ཡོངས་སུ་སྡུད་པ། ཚོགས་ཡོངས་སུ་འདྲེན་པ། ཚོགས་ཀྱི་མདུན་ནས་འོང་བ་འདི་ལྟ་སྟེ། ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་མཐོང་ངམ། བཙུན་པ་མཐོང་ངོ་། །འདི་གཉིས་ནི་ངའི་ཉན་ཐོས་ཟུང་དང་། ཟུང་གི་མཆོག་དང་།

ཟུང་བཟང་བོར་འགྱུར་ཏེ། གཅིག་ནི་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་འགྱུར་ལ། ཅིག་ཤོས་ནི་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་འགྱུར་རོ། །དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། སྟོན་པ་དགོངས་ཡུལ་མཐའ་ཡས་པ། །སྐྱེས་བུའི་

དབང་པོ་མཁྱེན་མཐར་བྱོན། །བཅོམ་ལྡན་སྲིད་པའི་མཐར་མཛད་པས། །གྲོགས་པོ་ཉེ་རྒྱལ་པང་ནས་སྐྱེས། །འོད་མའི་ཚལ་དུ་མ་ཕྱིན་པར། །དེ་ལྟར་མཆི་བ་གཟིགས་གྱུར་ནས། །ཚོགས་མཆོག་དབུས་སུ་དེ་གཉིས་ནི། །འདི་གཉིས་ང་ཡི་ཉན་ཐོས་ཀྱི། །ཟུང་མཆོག་འགྱུར་

ཞེས་ངེས་བསྟན་ཏེ། །གཅིག་ནི་རྫུ་འཕྲུལ་ལྡན་པའི་མཆོག །ཅིག་ཤོས་ཤེས་རབ་ལྡན་པ་ཡི། །མཆོག་ཏུ་འགྱུར་བར་ལུང་བསྟན་མཛད། །དེ་ནས་ཀུན་དུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་

ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གནང་ན། བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་

པར་སྤྱོད་པ་སྤྱད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་ཕྱུང་ཞིང་དགེ་སློང་དག་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པ་དང་། དེ་དག་བཅོམ་ལྡན་འདས་ཀྱི་བཀའི་མཇུག་ཁོ་ནར་སྐྲ་བྱི་བ་དང་སྣམ་སྦྱར་གྱོན་པར་གྱུར་

เล่ม ๑ · หน้า 35b

ཏེ། སྐྲ་དང་ཁ་སྤུ་ཞག་བདུན་སྐྱེས་པ་ཙམ་དང་། ལག་པ་ན་ལྷུང་བཟེད་དང་། བྱ་མ་བུམ་ཐོགས་པ་དང་། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །ཡང་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་

བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་

སྙོམས་ལ་ཞུགས་པ་དང་། དེ་ན་རྒྱལ་པོའི་ཁབ་ཀྱི་མི་གང་དག་ཡང་དག་རྒྱལ་བ་ཅན་གྱི་མུ་སྟེགས་ཅན་གྱི་གནས་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་ནས་རིང་པོ་མ་ལོན་པས་ཡི་མ་རངས་ཤིང་མངོན་པར་མི་དགའ་བ་དེ་དག་གིས་དགེ་སློང་དེ་དང་དེ་དག་མཐོང་ནས་ཅོ་འདྲི་ཞིང་ཚིགས་སུ་བཅད་པ་

སྨྲས་པ། སངས་རྒྱས་མ་ག་དྷཱ་དག་གི། །གྲོང་མཆོག་རྒྱལ་པོའི་ཁབ་གཤེགས་པས། །ཡང་དག་རྒྱལ་བའི་ཀུན་ཁྲིད་ན། །ཕྱིན་ཆད་ཅི་ཞིག་བཀྲི་བར་བྱ། །དེས་དགེ་སློང་རྣམས་སྤ་གོང་ཞིང་མི་དགའ་བ་དང་མི་འཇིགས་པ་མེད་པར་གྱུར་ཏོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་རྒྱལ་

པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་བརྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ་ཕྱི་དྲོ་བསོད་སྙོམས་མི་ལེན་པས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་ནས་རྐང་པ་གཉིས་བཀྲུས་ཏེ་སྡུག་བསྔལ་ཞིང་མི་བདེ་བས་བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་

མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་དགེ་སློང་རབ་ཏུ་མང་པོ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་ཅག་དགེ་སློང་རབ་ཏུ་མང་པོ་དག་སྔ་དྲོ་ཤམ་ཐབས་འཚལ། ལྷུང་བཟེད་དང་ཆོས་གོས་ཐོགས་

ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་དང་། དེ་ན་རྒྱལ་པོའི་ཁབ་ཀྱི་མི་གང་དག་ཡང་དག་རྒྱལ་བ་ཅན་གྱི་མུ་སྟེགས་ཅན་གྱི་གནས་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་ནས་རིང་པོ་མ་ལགས་པས་ཡི་མ་རངས་ཤིང་མངོན་པར་མི་དགའ་བ་དེ་དག་གིས་དགེ་སློང་དེ་དང་དེ་དག་མཐོང་ནས་

เล่ม ๑ · หน้า 36a

ཅོ་འདྲི་ཞིང་ཚིགས་སུ་བཅད་པ། སངས་རྒྱས་མ་ག་དྷཱ་དག་གི། །གྲོང་མཆོག་རྒྱལ་པོའི་ཁབ་གཤེགས་པས། །ཡང་དག་རྒྱལ་བའི་ཀུན་ཁྲིད་ན། །ཕྱིན་ཆད་ཅི་ཞིག་བཀྲི་བར་བྱ། །ཞེས་མཆི་ནས་དེས་བདག་ཅག་རྣམས་སྤ་གོང་ཞིང་མི་དགའ་བ་དང་། མི་

འཇིགས་པ་མ་མཆིས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྒྱལ་པོའི་ཁབ་ཀྱི་མི་དེ་སྐད་ཟེར་བ་རྣམས་ལ་འདི་སྐད་ཅེས། འདི་ལ་དཔའ་ཆེན་བདེ་གཤེགས་དག །དམ་པའི་ཆོས་ཀྱིས་ཁྲིད་མཛད་དེ། །དེ་དག་ཆོས་ཀྱིས་ཁྲིད་མཛད་ལ། །

མཁས་པ་སུ་ཞིག་མི་བཟོད་བྱེད། །ཅེས་བརྗོད་ན་རྒྱལ་པོའི་ཁབ་ཀྱི་མི་དེ་སྐད་ཟེར་བ་རྣམས་ཀྱི་རློམ་པ་ཙམ་མམ་སྤོབས་པ་ཙམ་གང་ཡིན་པ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་རོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་

རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་དང་། དེ་ན་རྒྱལ་པོའི་ཁབ་ཀྱི་མི་གང་དག་ཡང་དག་རྒྱལ་བ་ཅན་གྱི་མུ་སྟེགས་ཅན་གྱི་གནས་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་ནས་རིང་པོ་མ་ལོན་པས་ཡི་མ་རངས་ཤིང་མངོན་པར་མི་དགའ་བ་དེ་དག་གིས་དགེ་སློང་དེ་དང་དེ་དག་མཐོང་ནས་ཅོ་འདྲི་

ཞིང་ཚིགས་སུ་བཅད་པ་སྨྲས་པ། སངས་རྒྱས་མ་ག་དྷཱ་དག་གི། །གྲོང་མཆོག་རྒྱལ་པོའི་ཁབ་གཤེགས་པས། །ཡང་དག་རྒྱལ་བའི་ཀུན་ཁྲིད་ན། །ཕྱིན་ཆད་ཅི་ཞིག་བཀྲི་བར་བྱ། །དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། འདི་ན་དཔའ་ཆེན་བདེ་གཤེགས་

དག །དམ་པའི་ཆོས་ཀྱིས་ཁྲིད་མཛད་དེ། །དེ་དག་ཆོས་ཀྱིས་ཁྲིད་མཛད་ལ། །མཁས་པ་སུ་ཞིག་བཟོད་མི་བྱེད། །དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོའི་ཁབ་ཀྱི་མི་དེ་སྐད་ཟེར་བ་རྣམས་ཀྱི་རློམ་པ་ཙམ་མམ་སྤོབས་པ་ཙམ་གང་ཡིན་པ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་གྱུར་

ཏོ། །ཇི་ཙམ་དུས་གཞན་ཞིག་ན་བྲམ་ཟེ་གནས་ལེན་གྱི་བུ་དུས་ལ་བབ་ཅིང་དེའི་ཆུང་མ་ཡང་དུས་ལ་བབ། བྲམ་ཟེ་སྐར་རྒྱལ་ཡང་དུས་ལ་བབ། ཤཱ་རི་ཀཱ་ཡང་དུས་ལ་བབ་བོ། །བྲམ་ཟེའི་བུ་ཁྱེའུ་སྟོད་རིངས་ཀྱང་ལྷོ་ཕྱོགས་ནས་འཇིག་རྟེན་རྒྱང་འཕེན་བཟུང་ནས་གྲོང་ན་ལ་དར་ཕྱིན་པ་དང་།

เล่ม ๑ · หน้า 36b

དེ་སྒོ་བས་བཞིན་གྱི་གཟུགས་ལས་ངོ་ཤེས་ནས་སྨྲས་པ། ཤེས་ལྡན་ཁྱོད་སྟོད་རིངས་ཡིན་ནམ། ཁོ་བོ་སྐྱེ་བོ་དག་གིས་དེ་ལྟར་ཤེས་སོ། །བྲམ་ཟེ་གནས་ལེན་གྱི་བུ་དེ་ག་རེ། དུས་ལ་བབ་བོ། །དེའི་ཆུང་མ་དེ་ག་རེ། དེ་ཡང་དུས་ལ་བབ་བོ། །བྲམ་ཟེ་སྐར་རྒྱལ་ག་རེ། དེ་ཡང་དུས་

ལ་བབ་བོ། །ཤཱ་རི་ཀཱ་ག་རེ། དེ་ཡང་དུས་ལ་བབ་བོ། །ཤཱ་རིའི་བུ་དེ་ག་རེ། རྒྱལ་པོའི་ཁབ་ཏུ་སྟོན་པ་ཡང་དག་རྒྱལ་བ་ཅན་ཞེས་བྱ་བ་བྱུང་ནས་རིང་པོ་མ་ལོན་པ་དེའི་གན་དུ་རབ་ཏུ་བྱུང་ངོ་། །འདི་ལྟ་སྟེ་རེ་ཞིག་རབ་ཏུ་འབྱུང་བར་བྱ་བ་དེ་ནི་བྲམ་ཟེས་བྱ་བ་ཡིན་ནོ། །དེ་མཐར་གྱིས་རྒྱལ་པོའི་

ཁབ་ཏུ་ཕྱིན་ནས་དེ་དེར་སོང་སྟེ་དྲིས་པ། སྟོན་པ་ཡང་དག་རྒྱལ་བ་ཅན་ག་རེ། དུས་ལ་བབ་བོ། །དེའི་མུ་སྟེགས་ཀྱི་གནས་ག་རེ། ཐམས་ཅད་དགེ་སྦྱོང་གཽ་ཏ་མའི་དྲུང་དུ་རབ་ཏུ་བྱུང་ངོ་། །དགེ་སྦྱོང་གཽ་ཏ་མ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་བསྟན་པས་དེ་ཡང་དེའི་མདུན་ན་འདོན་དུ་འགྱུར་བས་ལེགས་སོ། །དེ་ནས་ཀུན་

དུ་རྒྱུ་སེན་རིངས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དང་ཐབས་ཅིག་ཕན་ཚུན་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་

བཅོམ་ལྡན་འདས་ལ་ཀུན་དུ་རྒྱུ་སེན་རིངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་བདག་ནི་ཐམས་ཅད་མི་བཟོད་དོ། །མེར་འཇུག་གི་བུ་ཁྱོད་ཀྱིས་བདག་ཐམས་ཅད་མི་བཟོད་པར་ལྟ་བ་གང་ཡིན་པའི་ལྟ་བ་དེ་ཡང་མི་བཟོད་དོ། །ཀྱེ་གཽ་ཏ་མ་བདག་ནི་ཐམས་ཅད་མི་བཟོད་པར་ལྟ་བ་གང་

ཡིན་པའི་ལྟ་བ་དེ་ཡང་མི་བཟོད་དོ། །མེར་འཇུག་གི་བུ་འོ་ན་ཁྱོད་ཀྱིས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ན་ལྟ་བ་དེ་ཡང་སྤོང་བ་དང་། འདོར་བ་དང་། མེད་པར་འགྱུར་ལ། ལྟ་བ་གཞན་ཡང་མཚམས་མི་སྦྱོར་བ་དང་། ཉེ་བར་མི་ལེན་པ་དང་། མི་འབྱུང་བར་འགྱུར་རོ། །ཀྱེ་གཽ་ཏ་མ་བདག་

གིས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ན་ལྟ་བ་དེ་ཡང་སྤོང་བ་དང་། འདོར་བ་དང་། མེད་པར་འགྱུར་ལ། ལྟ་བ་གཞན་ཡང་མཚམས་མི་སྦྱོར་བ་དང་། ཉེ་བར་མི་ལེན་པ་དང་། མི་འབྱུང་བར་འགྱུར་རོ། །མེར་འཇུག་གི་བུ་ཁྱོད་ནི་སྐྱེ་བོ་ཕལ་པོ་ཆེ་དང་ལྷན་ཅིག་མཚུངས་ཤིང་འདྲ་བར་འགྱུར་ཏེ། སྐྱེ་

เล่ม ๑ · หน้า 37a

བོ་ཕལ་པོ་ཆེ་ཡང་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བས་ཁྱོད་ཀྱང་དེ་དང་འདྲ་བ་ཁོ་ནར་འགྱུར་རོ། །མེར་འཇུག་གི་བུ་འཇིག་རྟེན་ན་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་དག་ལྟ་བ་འདི་ཡང་འདོར་ཞིང་ལྟ་བ་གཞན་ཡང་ཉེ་བར་མི་ལེན་པའི་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་ནི་ཉུང་བ་བས་ཀྱང་

ཆེས་ཉུང་བ་ཞེས་བྱའོ། །མེར་འཇུག་གི་བུ་གསུམ་པོ་འདི་དག་ནི་ལྟ་བའི་གནས་ཡིན་ཏེ། གསུམ་གང་ཞེ་ན། མེར་འཇུག་གི་བུ་འདི་ལ་ལ་ལ་བདག་ནི་ཐམས་ཅད་བཟོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་དང་། གཞན་ཡང་འདི་ལ་ལ་ལ་བདག་ནི་ཐམས་ཅད་མི་བཟོད་དོ་ཞེས་དེ་

ལྟར་ལྟ་ཞིང་དེ་སྐད་སྨྲ་བ་དང་། གཞན་ཡང་འདི་ལ་ལ་ལ་བདག་ནི་ཁ་ཅིག་བཟོད་ལ་ཁ་ཅིག་མི་བཟོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བའོ། །མེར་འཇུག་གི་བུ་དེ་ལ་བདག་ནི་ཐམས་ཅད་བཟོད་དོ་ཞེས་ལྟ་བའི་ལྟ་བ་གང་ཡིན་པ་འདི་ནི་ཀུན་དུ་འདོད་ཆགས་པར་འགྱུར་གྱི། ཀུན་དུ་འདོད་ཆགས་

པ་མེད་པར་མི་འགྱུར་བ་དང་། ཀུན་དུ་ཞེ་སྡང་བར་འགྱུར་གྱི། ཀུན་དུ་ཞེ་སྡང་བ་མེད་པར་མི་འགྱུར་བ་དང་། ཀུན་དུ་གཏི་མུག་པར་འགྱུར་གྱི། ཀུན་དུ་གཏི་མུག་པ་མེད་པར་མི་འགྱུར་བ་དང་། ཀུན་དུ་སྩོགས་པར་འགྱུར་གྱི། ཀུན་དུ་སྩོགས་པ་མེད་པར་མི་འགྱུར་བ་དང་། ཀུན་དུ་སྦྱོར་བར་

འགྱུར་གྱི། ཀུན་དུ་སྦྱོར་བ་དང་བྲལ་བར་མི་འགྱུར་བ་དང་། ཀུན་ནས་ཉོན་མོངས་པར་འགྱུར་གྱི། རྣམ་པར་བྱང་བར་མི་འགྱུར་བ་དང་། བདག་ནི་ཐམས་ཅད་བཟོད་དོ་ཞེས་ལྟ་བའི་ལྟ་བ་གང་ཡིན་པ་འདི་ནི་མངོན་པར་དགའ་བ་དང་། ཉེ་བར་ལེན་པ་དང་ལྷག་པར་ཆགས་པར་འགྱུར་བ་ཡིན་

ནོ། །མེར་འཇུག་གི་བུ་དེ་ལ་བདག་ནི་ཐམས་ཅད་མི་བཟོད་དོ་ཞེས་ལྟ་བའི་ལྟ་བ་གང་ཡིན་པ་འདི་ནི་ཀུན་དུ་འདོད་ཆགས་པ་མེད་པར་འགྱུར་གྱི། ཀུན་དུ་འདོད་ཆགས་པར་མི་འགྱུར་བ་དང་། ཀུན་དུ་ཞེ་སྡང་བ་མེད་པར་འགྱུར་གྱི། ཀུན་དུ་ཞེ་སྡང་བར་མི་འགྱུར་བ་དང་། ཀུན་དུ་གཏི་མུག་པ་

མེད་པར་འགྱུར་གྱི། ཀུན་དུ་གཏི་མུག་པར་མི་འགྱུར་བ་དང་། ཀུན་དུ་སྩོགས་པ་མེད་པར་འགྱུར་གྱི། ཀུན་དུ་སྩོགས་པར་མི་འགྱུར་བ་དང་། ཀུན་དུ་སྦྱོར་བ་དང་བྲལ་བར་འགྱུར་གྱི། ཀུན་དུ་སྦྱོར་བར་མི་འགྱུར་བ་དང་། རྣམ་པར་བྱང་བར་འགྱུར་གྱི། ཀུན་ནས་ཉོན་མོངས་པར་མི་

เล่ม ๑ · หน้า 37b

འགྱུར་བ་དང་། བདག་ནི་ཐམས་ཅད་མི་བཟོད་དོ་ཞེས་ལྟ་བའི་ལྟ་བ་གང་ཡིན་པ་འདི་ནི་མངོན་པར་མི་དགའ་བ་དང་། ཉེ་བར་ལེན་པ་མེད་པ་དང་། ལྷག་པར་ཆགས་པ་མེད་པར་འགྱུར་བ་ཡིན་ནོ། །མེར་འཇུག་གི་བུ་དེ་ལ་བདག་ནི་ཁ་ཅིག་བཟོད་ལ་ཁ་ཅིག་མི་བཟོད་དོ་ཞེས་ལྟ་བའི་

ལྟ་བ་གང་ཡིན་པ་འདི་ལ་ནི་རེ་ཞིག་བདག་ནི་ཁ་ཅིག་བཟོད་དོ་ཞེས་ལྟ་བའི་ལྟ་བ་གང་ཡིན་པ་འདི་ནི་ཀུན་དུ་འདོད་ཆགས་པར་འགྱུར་གྱི། ཀུན་དུ་འདོད་ཆགས་པ་མེད་པར་མི་འགྱུར་བ་དང་། ཀུན་དུ་ཞེ་སྡང་བར་འགྱུར་གྱི། ཀུན་དུ་ཞེ་སྡང་བ་མེད་པར་མི་འགྱུར་བ་དང་། ཀུན་དུ་གཏི་

མུག་པར་འགྱུར་གྱི། ཀུན་དུ་གཏི་མུག་པ་མེད་པར་མི་འགྱུར་བ་དང་། ཀུན་དུ་སྩོགས་པར་འགྱུར་གྱི། ཀུན་དུ་སྩོགས་པ་མེད་པར་མི་འགྱུར་བ་དང་། ཀུན་དུ་སྦྱོར་བར་འགྱུར་གྱི། ཀུན་དུ་སྦྱོར་བ་དང་བྲལ་བར་མི་འགྱུར་བ་དང་། ཀུན་ནས་ཉོན་མོངས་པར་འགྱུར་གྱི། རྣམ་པར་བྱང་

བར་མི་འགྱུར་བ་དང་། བདག་ནི་ཁ་ཅིག་བཟོད་དོ་ཞེས་ལྟ་བའི་ལྟ་བ་གང་ཡིན་པ་འདི་ནི་མངོན་པར་དགའ་བ་དང་། ཉེ་བར་ལེན་པ་དང་། ལྷག་པར་ཆགས་པར་འགྱུར་བ་ཡིན་ནོ། །བདག་ནི་ཁ་ཅིག་མི་བཟོད་དོ་ཞེས་ལྟ་བའི་ལྟ་བ་གང་ཡིན་པ་འདི་ནི་ཀུན་དུ་འདོད་ཆགས་པ་མེད་

པར་འགྱུར་གྱི། ཀུན་དུ་འདོད་ཆགས་པར་མི་འགྱུར་བ་དང་། ཀུན་དུ་ཞེ་སྡང་བ་མེད་པར་འགྱུར་གྱི། ཀུན་དུ་ཞེ་སྡང་བར་མི་འགྱུར་བ་དང་། ཀུན་དུ་གཏི་མུག་པ་མེད་པར་འགྱུར་གྱི། ཀུན་དུ་གཏི་མུག་པར་མི་འགྱུར་བ་དང་། ཀུན་དུ་སྩོགས་པ་མེད་པར་འགྱུར་གྱི། ཀུན་དུ་སྩོགས་

པར་མི་འགྱུར་བ་དང་། ཀུན་དུ་སྦྱོར་བ་དང་བྲལ་བར་འགྱུར་གྱི། ཀུན་དུ་སྦྱོར་བར་མི་འགྱུར་བ་དང་། རྣམ་པར་བྱང་བར་འགྱུར་གྱི། ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང་། བདག་ནི་ཁ་ཅིག་མི་བཟོད་དོ་ཞེས་ལྟ་བའི་ལྟ་བ་གང་ཡིན་པ་འདི་ནི་མངོན་པར་མི་དགའ་བ་དང་། ཉེ་བར་

ལེན་པ་མེད་པ་དང་། ལྷག་པར་ཆགས་པ་མེད་པར་འགྱུར་བ་ཡིན་ནོ། །དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་འདི་ལྟར་སོ་སོར་རྟོག་པར་བྱེད་དེ། གལ་ཏེ་བདག་ཐམས་ཅད་བཟོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་བདག་ནི་ཐམས་ཅད་མི་བཟོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་

เล่ม ๑ · หน้า 38a

གང་ཡིན་པ་དང་། བདག་ནི་ཁ་ཅིག་བཟོད་ལ་ཁ་ཅིག་མི་བཟོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་གང་ཡིན་པ་གཉིས་དང་བདག་ལྷན་ཅིག་རྩོད་པར་འགྱུར། འགྱེད་པར་འགྱུར་ཏེ། རྩོད་ན་འགྱེད་པར་འགྱུར། འགྱེད་ན་རྣམ་པར་འཚེ་བར་འགྱུར་རོ། །དེ་ལྟར་རྩོད་པ་དང་།

འགྱེད་པ་དང་། རྣམ་པར་འཚེ་བ་ཡང་དག་པར་མཐོང་ནས་ལྟ་བ་འདིའང་དོར་ཞིང་ལྟ་བ་གཞན་ཉེ་བར་མི་བླང་སྟེ། དེ་ལྟར་ན་བདག་ལ་ལྟ་བ་དེ་ཡང་སྤོང་བ་དང་། འདོར་བ་དང་། མེད་པར་འགྱུར་ལ། ལྟ་བ་གཞན་ཡང་མཚམས་མི་སྦྱོར་བ་དང་། ཉེ་བར་མི་ལེན་པ་དང་། མི་འབྱུང་

བར་འགྱུར་རོ་སྙམ་མོ། །དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་འདི་ལྟར་སོ་སོར་རྟོག་པར་བྱེད་དེ། གལ་ཏེ་བདག་ཐམས་ཅད་མི་བཟོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་དེ་བདག་ནི་ཐམས་ཅད་བཟོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་གང་ཡིན་པ་དང་། བདག་ནི་ཁ་ཅིག་བཟོད་ལ་

ཁ་ཅིག་མི་བཟོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་གང་ཡིན་པ་གཉིས་དང་བདག་ལྷན་ཅིག་རྩོད་པར་འགྱུར། འགྱེད་པར་འགྱུར་ཏེ། རྩོད་ན་འགྱེད་པར་འགྱུར། འགྱེད་ན་རྣམ་པར་འཚེ་བར་འགྱུར་རོ། །དེ་ལྟར་རྩོད་པ་དང་། འགྱེད་པ་དང་། རྣམ་པར་འཚེ་བ་ཡང་དག་པར་མཐོང་ནས་

ལྟ་བ་འདི་ཡང་དོར་ཞིང་ལྟ་བ་གཞན་ཉེ་བར་མི་བླང་སྟེ། དེ་ལྟར་ན་བདག་ལ་ལྟ་བ་དེ་ཡང་སྤོང་བ་དང་། འདོར་བ་དང་། མེད་པར་འགྱུར་ལ། ལྟ་བ་གཞན་ཡང་མཚམས་མི་སྦྱོར་བ་དང་། ཉེ་བར་མི་ལེན་པ་དང་། མི་འབྱུང་བར་འགྱུར་རོ་སྙམ་མོ། །དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་

ལྡན་པ་ནི་འདི་ལྟར་སོ་སོར་རྟོག་པར་བྱེད་དེ་གལ་ཏེ་བདག་ཁ་ཅིག་བཟོད་ལ་ཁ་ཅིག་མི་བཟོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་ན་བདག་ནི་ཐམས་ཅད་བཟོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་གང་ཡིན་པ་དང་། བདག་ནི་ཁ་ཅིག་བཟོད་ལ་ཁ་ཅིག་མི་བཟོད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་

གང་ཡིན་པ་གཉིས་དང་བདག་ལྷན་ཅིག་རྩོད་པར་འགྱུར། འགྱེད་པར་འགྱུར་ཏེ། རྩོད་ན་འགྱེད་པར་འགྱུར། འགྱེད་ན་རྣམ་པར་འཚེ་བར་འགྱུར་རོ། །དེ་ལྟར་རྩོད་པ་དང་། འགྱེད་པ་དང་། རྣམ་པར་འཚེ་བ་ཡང་དག་པར་མཐོང་ནས་ལྟ་བ་འདི་ཡང་དོར་ཞིང་ལྟ་བ་གཞན་

เล่ม ๑ · หน้า 38b

ཡང་ཉེ་བར་མི་བླང་སྟེ། དེ་ལྟར་ན་བདག་ལ་ལྟ་བ་དེ་ཡང་སྤོང་བ་དང་། འདོར་བ་དང་། མེད་པར་འགྱུར་ལ། ལྟ་བ་གཞན་ཡང་མཚམས་མི་སྦྱོར་བ་དང་། ཉེ་བར་མི་ལེན་པ་དང་། མི་འབྱུང་བར་འགྱུར་རོ་སྙམ་མོ། །མེར་འཇུག་གི་བུ་ལུས་འདི་ནི་གཟུགས་ཅན་རགས་པ་འབྱུང་

བ་ཆེན་པོ་བཞི་ལས་གྱུར་པ་ཡིན་ཏེ། དེ་ལ་འཕགས་པའི་ཉན་ཐོས་ཀྱིས་ཡང་དང་ཡང་དུ་འབྱུང་བ་དང་འཇིག་པ་རྗེས་སུ་བལྟ་ཞིང་གནས་པར་བྱའོ། །དེ་ལ་འཕགས་པའི་ཉན་ཐོས་ཡང་དང་ཡང་དུ་འབྱུང་བ་དང་འཇིག་པར་རྗེས་སུ་ལྟ་ཞིང་གནས་ན། དེ་ལ་ལུས་ལ་འདུན་པ་དང་།

ལུས་ལ་ཆགས་པ་དང་། ལུས་ལ་དགའ་བ་དང་། ལུས་ལ་ཞེན་པ་དང་། ལུས་ལ་ཆུམས་པ་དང་། ལུས་ལ་ལྷག་པར་ཆགས་པ་འབྱུང་བ་གང་ཡིན་པ་དེས་དེའི་སེམས་ཡོངས་སུ་གཏུགས་ཏེ་མི་གནས་སོ། །མེར་འཇུག་གི་བུ་གསུམ་པོ་འདི་དག་ནི་ཚོར་བ་ཡིན་ཏེ། གསུམ་གང་

ཞེ་ན། བདེ་བ་དང་། སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། །མེར་འཇུག་གི་བུ་གང་གི་ཚེ་འཕགས་པའི་ཉན་ཐོས་བདེ་བའི་ཚོར་བ་མྱོང་བར་བྱེད་པ་དེའི་ཚེ་ན་དེ་ལ་སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་གཉིས་

འགག་པར་འགྱུར་ཏེ། དེའི་ཚེ་ན་འཕགས་པའི་ཉན་ཐོས་བདེ་བའི་ཚོར་བ་འབའ་ཞིག་མྱོང་བར་བྱེད་དེ། བདེ་བའི་ཚོར་བ་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང་། འགོག་པའི་ཆོས་ཅན་ཡིན་ནོ། །གང་གི་ཚེ་འཕགས་པའི་ཉན་ཐོས་སྡུག་བསྔལ་གྱི་ཚོར་བ་མྱོང་བར་བྱེད་པ་

དེའི་ཚེ་ན་དེ་ལ་བདེ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་གཉིས་འགག་པར་འགྱུར་ཏེ། དེའི་ཚེ་ན་འཕགས་པའི་ཉན་ཐོས་སྡུག་བསྔལ་གྱི་ཚོར་བ་འབའ་ཞིག་མྱོང་བར་བྱེད་དེ། སྡུག་བསྔལ་གྱི་ཚོར་བ་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང་། འགོག་

པའི་ཆོས་ཅན་ཡིན་ནོ། །གང་གི་ཚེ་འཕགས་པའི་ཉན་ཐོས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་བར་བྱེད་པ་དེའི་ཚེ་ན་དེ་ལ་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་གཉིས་འགག་པར་འགྱུར་ཏེ། དེའི་ཚེ་ན་འཕགས་པའི་ཉན་ཐོས་སྡུག་བསྔལ་ཡང་མ་ཡིན་བདེ་བ་

เล่ม ๑ · หน้า 39a

ཡང་མ་ཡིན་པའི་ཚོར་བ་འབའ་ཞིག་མྱོང་བར་བྱེད་དེ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང་། འགོག་པའི་ཆོས་ཅན་ནོ། །དེ་འདི་སྙམ་དུ་སེམས་ཏེ་ཚོར་བ་འདི་དག་གི་གཞི་ནི་གང་ཡིན། ཀུན་འབྱུང་

བ་ནི་གང་ཡིན། རིགས་མཐུན་པ་ནི་གང་ཡིན། རབ་ཏུ་སྐྱེད་པ་ནི་གང་ཡིན་སྙམ་ན། དེ་འདི་སྙམ་དུ་སེམས་ཏེ། ཚོར་བ་འདི་དག་གི་གཞི་ནི་རེག་པ་ཡིན། ཀུན་འབྱུང་བ་ནི་རེག་པ་ཡིན། རིགས་མཐུན་པ་ནི་རེག་པ་ཡིན། རབ་ཏུ་སྐྱེད་པ་ནི་རེག་པ་ཡིན་ཏེ། རེག་པ་

དེ་དང་དེ་ཀུན་འབྱུང་བ་ལས་ཚོར་བ་དེ་དང་དེ་དག་ཀུན་འབྱུང་ངོ་། །རེག་པ་དེ་དང་དེ་འགགས་པ་ལས་ཚོར་བ་དེ་དང་དེ་དག་འགག་པར་འགྱུར། ཉེ་བར་ཞི་བར་འགྱུར། བསིལ་བར་འགྱུར། ནུབ་པར་འགྱུར་རོ་སྙམ་མོ། །དེ་བདེ་བའམ། སྡུག་བསྔལ་བའམ། སྡུག་བསྔལ་ཡང་

མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་གང་ཡང་རུང་བ་མྱོང་བར་བྱེད་པ་ན་དེས་དེ་དག་གི་ཀུན་འབྱུང་བ་དང་། ནུབ་པ་དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་ཚོར་བ་དེ་དག་གི་ཀུན་འབྱུང་བ་དང་། ནུབ་པ་

དང་། རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ན་ཚོར་བ་བྱུང་ངོ་ཅོག་ལ་མི་རྟག་པར་རྗེས་སུ་ལྟ་ཞིང་གནས། ཟད་པར་རྗེས་སུ་ལྟ་བ་དང་། འཇིག་པར་རྗེས་སུ་ལྟ་བ་དང་། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང་། འགོག་

པར་རྗེས་སུ་ལྟ་བ་དང་། རབ་ཏུ་སྤོང་བར་རྗེས་སུ་ལྟ་ཞིང་གནས་སོ། །དེ་ཚོར་བ་བྱུང་ངོ་ཅོག་ལ་མི་རྟག་པར་རྗེས་སུ་ལྟ་ཞིང་གནས་པ་དང་། ཟད་པར་རྗེས་སུ་ལྟ་བ་དང་། འཇིག་པར་རྗེས་སུ་ལྟ་བ་དང་། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང་། འགོག་པར་རྗེས་སུ་ལྟ་བ་དང་།

རབ་ཏུ་སྤོང་བར་རྗེས་སུ་ལྟ་ཞིང་གནས་པ་ན་འཇིག་རྟེན་ལ་ཅུང་ཟད་ཀྱང་ཉེ་བར་ལེན་པར་མི་བྱེད་དོ། །ཉེ་བར་ལེན་པར་མི་བྱེད་ན་ཡོངས་སུ་གདུང་བར་མི་འགྱུར་རོ། །ཡོངས་སུ་མི་གདུང་ན་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་

เล่ม ๑ · หน้า 39b

མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་བདག་ཉིད་ཁོ་ནས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །དེ་ལུས་ཀྱི་མཐའ་པའི་ཚོར་བ་མྱོང་བར་བྱེད་པ་ན་ལུས་ཀྱི་མཐའ་པའི་ཚོར་བ་མྱོང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །སྲོག་གི་མཐའ་པའི་ཚོར་བ་མྱོང་བར་བྱེད་པ་ན་སྲོག་གི་

མཐའ་པའི་ཚོར་བ་མྱོང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ལུས་ཞིག་པའི་འོག་ཏུ་སྲོག་ཡོངས་སུ་གཏུགས་པས་འདི་ཉིད་དུ་དེའི་ཚོར་བ་ཐམས་ཅད་མ་ལུས་པར་འགག་པར་འགྱུར། མ་ལུས་པར་ནུབ་པར་འགྱུར། མ་ལུས་པར་ཟད་པར་འགྱུར། མ་ལུས་པར་ཡོངས་

སུ་གཏུགས་པར་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ། བདག་བདེ་བའི་ཚོར་བ་མྱོང་བར་བྱེད་པ་ན་ལུས་ཞིག་པར་གྱུར་ན་དེ་ཉིད་སྡུག་བསྔལ་གྱི་མཐའ་ཡིན་ནོ། །བདག་སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་བར་བྱེད་པ་ན་ལུས་ཞིག་པར་གྱུར་

ན་དེ་ཉིད་སྡུག་བསྔལ་གྱི་མཐའ་ཡིན་ནོ་སྙམ་མོ། །དེ་བདེ་བའི་ཚོར་བ་མྱོང་བར་བྱེད་པ་ན་མི་ལྡན་པ་མྱོང་བར་བྱེད་ཀྱི་ལྡན་པ་ནི་མ་ཡིན་ནོ། །དེ་སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་བར་བྱེད་པ་ན་མི་ལྡན་པ་མྱོང་བར་བྱེད་ཀྱི་ལྡན་པ་ནི་མ་ཡིན་ནོ། །

ཇི་ཞིག་དང་མི་ལྡན་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་མི་ལྡན་པ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་དང་མི་ལྡན་པ་དང་། སྡུག་བསྔལ་

དང་མི་ལྡན་པ་རང་སྨྲའོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་བསྙེན་པར་རྫོགས་ནས་ཟླ་བ་ཕྱེད་ལོན་པ། བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་བསིལ་ཡབ་ཐོགས་ཏེ་བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཆོས་དེ་དང་

དེ་དག་གི་སྤོང་བ་ཉིད་ཀྱི་བསྔགས་པ་བརྗོད་པ་མཛད་ཅིང་འདོད་ཆགས་དང་བྲལ་བ་ཉིད་དང་། འགོག་པ་ཉིད་དང་། རབ་ཏུ་སྤོང་བ་ཉིད་ཀྱི་བསྔགས་པ་བརྗོད་པར་མཛད་ཀྱིས། བདག་གིས་ཀྱང་ཆོས་དེ་དང་དེ་དག་ལ་སྤོང་བ་རྗེས་སུ་ལྟ་ཞིང་གནས་པར་བྱ། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང་། འགོག་

เล่ม ๑ · หน้า 40a

པར་རྗེས་སུ་ལྟ་བ་དང་། རབ་ཏུ་སྤོང་བར་རྗེས་སུ་ལྟ་ཞིང་གནས་པར་བྱའོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་དེ་དང་དེ་དག་ལ་སྤོང་བར་རྗེས་སུ་ལྟ་ཞིང་གནས། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང་། འགོག་པར་རྗེས་སུ་ལྟ་བ་དང་། རབ་ཏུ་སྤོང་བར་

རྗེས་སུ་ལྟ་ཞིང་གནས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་དེ་དང་དེ་དག་ལ་སྤོང་བར་རྗེས་སུ་ལྟ་ཞིང་གནས་པ་དང་། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང་། འགོག་པར་རྗེས་སུ་ལྟ་བ་དང་། རབ་ཏུ་སྤོང་བར་རྗེས་སུ་ལྟ་ཞིང་གནས་པ་ན་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་

རྣམ་པར་གྲོལ་ལོ། །ཀུན་དུ་རྒྱུ་སེན་རིངས་ཀྱང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་ཀུན་དུ་རྒྱུ་སེན་རིངས་ཆོས་མཐོང་བ་དང་། ཆོས་ཐོས་པ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་སླེབ་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཚོམ་ལས་

རྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བ་དང་། སྟོན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་

སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གནང་ན། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་དེ་ལ་དགེ་སློང་ཚུར་

ཤོག་ཅེས་བྱ་བས་རབ་ཏུ་ཕྱུང་ཞིང་དགེ་སློང་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པ་དང་། དེ་བཅོམ་ལྡན་འདས་ཀྱི་བཀའི་མཇུག་ཁོ་ནར་སྐྲ་བྱི་བ་དང་སྣམ་སྦྱར་གྱོན་པར་གྱུར་ཏེ་སྐྲ་དང་ཁ་སྤུ་ཞག་བདུན་སྐྱེས་པ་ཙམ་དང་། ལག་པ་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་ཤིང་དགེ་

སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །ཡང་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་

เล่ม ๑ · หน้า 40b

བཀབ་པར་གྱུར། །དེ་དེ་ལྟར་རབ་ཏུ་བྱུང་ནས་གཅིག་པུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ་བདག་ཉིད་བཏང་བར་གནས་སོ། །གཅིག་པུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ་བདག་ཉིད་བཏང་བར་གནས་པ་ན་རིགས་ཀྱི་བུ་གང་དག་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་

ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་

འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་ཚེ་དང་ལྡན་པ་དེ་ཀུན་ཤེས་པ་དང་ལྡན་པའི་དགྲ་བཅོམ་པ་སེམས་ཤིན་ཏུ་རྣམ་པར་གྲོལ་བར་གྱུར་ཏོ།། །།བར་སྡོམ་ལ། བདག་ནི་ཐམས་ཅད་མི་བཟོད་དང་། །འོ་ན་ཁྱོད་ཀྱིས་དེ་ལྟར་ཤེས། །ཁྱོད་ནི་སྐྱེ་བོ་ཕལ་ཆེན་མཚུངས། །

འཇིག་རྟེན་དགེ་སྦྱོང་བྲམ་ཟེ་དང་། །ལྟ་བའི་གནས་ནི་གསུམ་པོ་དང་། །འཕགས་པའི་ཉན་ཐོས་ཐོས་ལྡན་དང་། །ལུས་དང་ཚོར་དང་ཚོར་གཞི་འགག །ཀུན་འབྱུང་ལ་སོགས་ཤེས་པ་དང་། །མྱ་ངན་འདས་དང་ལུས་སྲོག་མཐའ། །ལུས་ཞིག་སྲོག་ནི་ཡོངས་གཏུགས་དང་། །

སྡུག་བསྔལ་མཐའ་དང་མི་ལྡན་དང་། །ཤཱ་རིའི་བུ་ནི་ཐ་མ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་རྣམས་ཀྱི་ནང་ན་འདི་ལྟ་སྟེ། དགེ་སློང་སྟོད་རིངས་མཆོག་ཡིན་ནོ། །དགེ་

སློང་རྣམས་ཐེ་ཙོམ་སྐྱེས་ནས་ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཤཱ་རིའི་བུས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཤེས་རབ་རྣོ་བ་དང་། ཤེས་རབ་ཟབ་པ་དང་། ངེས་པར་འབྱེད་པའི་ཤེས་རབ་ཅན་དུ་གྱུར། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཤཱ་རིའི་བུ་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། ཤཱ་རིའི་བུ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་

เล่ม ๑ · หน้า 41a

སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་

བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་

རི་བྲགས་ཤིག་ན་བྲམ་ཟེ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པ་དེའི་བུ་བྱུང་ནས་དེས་དེའི་མིང་ཞིབ་མ་ཞེས་བྱ་བར་

བཏགས་སོ། །ཡང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་བུ་མོ་ཞིག་བྱུང་ནས་དེས་དེའི་མིང་ཞིབ་མ་མོ་ཞེས་བྱ་བར་བཏགས་སོ། །ཇི་ཙམ་དུས་གཞན་ཞིག་ན་དེ་གཉིས་ཀྱི་ཕ་བྲམ་ཟེ་དེ་ཆུང་མ་དང་བཅས་ཏེ་དུས་ལ་བབ་བོ། །བྲམ་ཟེའི་ཁྱེའུ་ཞིབ་མ་

དེ་ཡང་དབེན་པ་ལ་དགའ་བའི་ཕྱིར་སྲིང་མོ་ཁྲིད་ནས་དགོན་པའི་ནགས་སུ་སོང་སྟེ་འདུག་གོ། །གང་གི་ཚེ་བུ་མོ་ཞིབ་མ་མོ་ཆེན་མོར་གྱུར་པ་དེའི་ཚེ་ན་ཉོན་མོངས་པ་དག་གིས་གནོད་པར་གྱུར་ནས་དེས་སྨྲས་པ། མིང་པོ་བདག་ནི་དགོན་པའི་སྨན་དག་གིས་འཚོ་བར་མི་ནུས་ཀྱིས་བདག་ཅག་གྲོང་

མཐར་འདོང་ངོ་། །དེས་སྲིང་མོ་ཁྲིད་དེ་གྲོང་མཐར་སོང་ནས་དེ་གཉིས་ཅིག་ཅར་ཁྱིམ་གཅིག་ཏུ་སློང་མོ་ལ་ཞུགས་པ་དང་བྲམ་ཟེ་ནང་ན་འདུག་པས་བུད་མེད་དང་སྐྱེས་པའི་ཚིག་བརྗོད་པ་ཐོས་སོ། །ཐོས་ནས་དེ་ཕྱིར་བྱུང་སྟེ་སྨྲས་པ། ཅི་དྲང་སྲོང་ཡང་ཆུང་མ་དང་ལྷན་ཅིག་ཡོངས་སུ་རྒྱུའམ།

དེས་སྨྲས་པ། འདི་ནི་ཁོ་བོའི་ཆུང་མ་མ་ཡིན་གྱི། འདི་ནི་ཁོ་བོའི་སྲིང་མོ་ཡིན་ནོ། །ཅི་འགའ་ཞིག་ལ་བྱིན་ནམ། དེས་སྨྲས་པ། མ་བྱིན་ནོ། །གལ་ཏེ་མ་བྱིན་ན་འདི་ཁོ་བོའི་ཆུང་མར་བྱིན་ཅིག །དེས་སྨྲས་པ། འདིས་ནི་སྡིག་པ་ཅན་དམ་པ་མ་ཡིན་པའི་ཆོས་དེ་སྤངས་སོ། །ཞིབ་

เล่ม ๑ · หน้า 41b

མ་མོས་སྨྲས་པ། མིང་པོ་བདག་ནི་དགོན་པའི་སྨན་དག་གིས་འཚོ་བར་མི་ནུས་ཀྱིས་བདག་ཅག་གྲོང་མཐར་འདོང་ངོ་ཞེས་སྨྲས་པ། དེ་ཇི་སྙམ་དུ་སེམས། འདི་ལྟར་བདག་ནི་ཉོན་མོངས་པ་དག་གིས་གནོད་པར་གྱུར་ཏོ། །གལ་ཏེ་དེ་ལྟ་ན་ཁྱོད་ཉིད་ཤེས་སོ། །བྲམ་ཟེ་དེས་དེ་དཔལ་གྱི་འབྱོར་

པ་ཆེན་པོས་བག་མར་བླངས་སོ། །ཞིབ་མ་མོས་སྨྲས་པ་མིང་པོ་ཚུར་ཤོག་དང་ལྷན་ཅིག་འཁོད་དོ། །དེས་སྨྲས་པ། ཁོ་བོ་ནི་འདོད་པ་དག་དོན་དུ་མི་གཉེར་བས་ཁོ་བོ་དགོན་པར་འགྲོའོ། །མིང་པོ་གལ་ཏེ་དེ་ལྟ་ན་ཇི་སྟེ་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་ཆུང་ཟད་ཐོབ་ན་བདག་ལ་རྗོད་ཅིག །ཞིབ་

མ་མཐའ་གཅིག་ཏུ་སོང་སྟེ་མཁན་པོ་མེད་པ་དང་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་བཅུ་རྩ་བདུན་བསྐྱེད་ནས་རང་བྱང་ཆུབ་མངོན་སུམ་དུ་བྱས་སོ། །དེས་བསམས་པ། བདག་གིས་སྲིང་མོ་དེ་ལ་ཁས་བླངས་པས་སོང་སྟེ་ཉེ་བར་བསྟན་པར་བྱའོ་སྙམ་མོ། །བདག་

ཉིད་ཆེན་པོ་དེ་དག་ནི་ལུས་ཀྱིས་ཆོས་སྟོན་གྱི་ཚིག་གིས་མི་སྟོན་པས་དེ་དེ་ལ་སྙིང་བརྩེ་བའི་ཕྱིར་དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་

བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས་ཞིབ་མ་མོས་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་རང་སངས་རྒྱས་དེའི་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། འཕགས་པ་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་བརྙེས་སམ། ཐོབ་བོ། །

འཕགས་པ་ཁྱོད་ནི་བསོད་སྙོམས་བཞེས་པ་ལགས་ལ། བདག་ནི་བསོད་ནམས་འཚལ་བ་ལགས་པས་འདི་ཉིད་དུ་བཞུགས་ཤིག་དང་། བདག་གིས་ཁྱོད་ལ་བསོད་སྙོམས་ཀྱི་མཁོ་བ་བསྟབ་པར་བགྱིའོ། །སྲིང་མོ་ཇེ་ཁྱིམ་ཐབ་ལ་དྲིས་ཤིག །དེ་ཁྱིམ་ཐབ་ཀྱི་གན་དུ་སོང་སྟེ་སྨྲས་པ།

རྗེའི་སྲས་བདག་གི་མིང་པོ་རབ་ཏུ་བྱུང་བ་བརྟུལ་ཞུགས་གྲུབ་པ་བདག་ཉིད་ཆེན་པོར་གྱུར་གྱིས་གནང་བར་མཛོད་ཅིག་དང་། བདག་གིས་དེ་ལ་བསོད་སྙོམས་ཀྱི་མཁོ་བ་བསྟབ་པར་བགྱིའོ། །དེས་སྨྲས་པ། གལ་ཏེ་རབ་ཏུ་མ་བྱུང་ན་ཡང་མི་འདོད་བཞིན་དུ་སྦྱིན་པར་བྱ་བ་ཡིན་ན། རབ་ཏུ་བྱུང་བ་

เล่ม ๑ · หน้า 42a

བརྟུལ་ཞུགས་གྲུབ་པ་བདག་ཉིད་ཆེན་པོར་གྱུར་ན་ལྟ་སྨོས་ཀྱང་ཅི་དགོས་ཀྱིས་སོང་ལ་ཅི་བདེར་བསོད་སྙོམས་ཀྱི་མཁོ་བ་སྟོབས་ཤིག །དེས་རང་སངས་རྒྱས་དེ་ལ་ཟླ་བ་གསུམ་དུ་བསོད་སྙོམས་ཀྱི་མཁོ་བ་བསྟབས་ནས་རས་ཡུག་ཆེན་ཆེན་པོ་ལ་འོས་པ་བསྐོན་ཏེ་ཁབ་དང་།

གྲི་དང་། སྐུད་པ་ཡང་ཕུལ་ལོ། །དེས་རས་ཡུག་ཆེན་དང་། གྲི་དང་། ཁབ་དང་། སྐུད་པ་དེ་བླངས་ཏེ། དེ་ཉིད་ཀྱི་མདུན་དུ་དྲ་བར་བརྩམས་པ་དང་གྲི་དེ་རྣོ་བ་རྣོ་བར་གཅོད་ནས་ཞིབ་མ་མོས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། ཇི་ལྟར་གྲི་འདི་རྣོ་བ་རྣོ་བར་གཅོད་

པ་དེ་ལྟར་བདག་ཀྱང་དགེ་བའི་རྩ་བ་འདིས་ཤེས་རབ་རྣོ་བར་གྱུར་ཅིག་ཅེས་བཏབ་བོ། །རང་སངས་རྒྱས་དེས་ཁབ་ཀྱིས་དབུག་པར་བརྩམས་པ་དང་ཁབ་དེ་ཟབ་མོ་ཟབ་མོར་འབིགས་ནས་ཞིབ་མ་མོ་དེས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། ཇི་ལྟར་ཁབ་འདི་ཟབ་

མོ་ཟབ་མོར་འབིགས་པ་དེ་ལྟར་བདག་ཀྱང་དགེ་བའི་རྩ་བ་འདིས་ཤེས་རབ་ཟབ་མོར་གྱུར་ཅིག་ཅེས་བཏབ་བོ། །རང་སངས་རྒྱས་དེས་སྐུད་པས་དྲུབ་པར་བརྩམས་པ་དང་སྐུད་པ་དེ་ཐལ་བྱུང་ཐལ་བྱུང་དུ་འགྲོ་ནས་ཞིབ་མ་མོ་དེས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། ཇི་ལྟར་

སྐུད་པ་འདི་ཐལ་བྱུང་ཐལ་བྱུང་དུ་འགྲོ་བ་དེ་ལྟར་བདག་ཀྱང་དགེ་བའི་རྩ་བ་འདིས་ངེས་པར་འབྱེད་པའི་ཤེས་རབ་ཅན་དུ་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་དེ་ལ་དེའི་ཚེ་དེའི་དུས་ན་བྲམ་ཟེའི་བུ་མོ་ཞིབ་མ་མོ་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་འདི་ཉིད་ཡིན་ཏེ། དེས་རང་སངས་རྒྱས་ལ་

མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ད་ལྟར་ཤེས་རབ་རྣོ་བ་དང་། ཤེས་རབ་ཟབ་པ་དང་། ངེས་པར་འབྱེད་པའི་ཤེས་རབ་ཅན་དུ་གྱུར་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་

ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་

เล่ม ๑ · หน้า 42b

བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ཡང་དགེ་སློང་རྣམས་ཐེ་ཙོམ་སྐྱེས་ནས་ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཤཱ་རིའི་བུས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཁྱིམ་ཧ་ཅང་ཕྱུག་

པར་ཡང་མ་སྐྱེས། ཁྱིམ་ཧ་ཅང་དབུལ་བར་ཡང་མ་སྐྱེས། ཁྱིམ་འབྲིང་པོར་སྐྱེས་ཤིང་རབ་ཏུ་འབྱུང་བ་མང་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཤཱ་རིའི་བུ་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་

པ་གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། ཤཱ་རིའི་བུ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་

ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་

ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་རི་བྲགས་ཤིག་ན་རྒྱལ་པོ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་

པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་བུ་བྱུང་ནས་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་ཏོ། །དེས་ཕ་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་འཇུག་པ་མཐོང་ནས་དེས་བསམས་པ། བདག་ཀྱང་ཡབ་འདས་ནས་རྒྱལ་པོར་འགྱུར་ལ།

བདག་གིས་ཀྱང་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་བཅུག་ན་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ་སྙམ་ནས། དེ་རྒྱལ་པོའི་གན་དུ་སོང་སྟེ་ཕྱིན་ནས་སྨྲས་པ། ཡབ་གནང་བར་མཛོད་ཅིག་དང་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ངོ་། །རྒྱལ་པོས་

เล่ม ๑ · หน้า 43a

སྨྲས་པ། བུ་གང་གི་དོན་དུ་མཆོད་སྦྱིན་སྦྱིན་པར་བྱེད། སྦྱིན་སྲེག་སྲེག་པར་བྱེད། དཀའ་ཐུབ་ཀྱིས་གདུང་བར་བྱེད་པའི་རྒྱལ་སྲིད་དེ་ཁྱོད་ཀྱི་ལག་མཐིལ་དུ་འོངས་ཤིང་གླང་པོ་ཆེས་འགྲོ་བའི་རིགས་སུ་སྐྱེས་ན་ཅིའི་ཕྱིར་རབ་ཏུ་འབྱུང་ཞེས་སྤྱོས་ཏེ་དེ་ཕས་རབ་ཏུ་འབྱུང་

བར་མ་སྟེར་ཏོ། །དེ་དུས་གཞན་ཞིག་ན་གླང་པོ་ཆེའི་གཤུལ་དུ་ཞོན་ཏེ་ཕྱིར་བྱུང་བ་དང་། དེས་མི་དབུལ་པོ་ཞིག་ཁར་བ་དང་སློང་ཕོར་ཆག་པ་ཐོགས་ཏེ་སློང་མོ་ལ་རྒྱུ་བ་མཐོང་ངོ་། །མཐོང་ནས་ཀྱང་རྒྱལ་བུ་དེ་དེའི་གན་དུ་སོང་སྟེ་སྨྲས་པ། ཀྭའེ་ནང་རྗེ་ཁོ་བོ་ནི་འདི་ལྟ་བུའི་ཁྱིམ་དུ་

སྐྱེས་པ་དེས་རབ་ཏུ་འབྱུང་བ་མ་ཐོབ་ན་ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང་། དེས་སྨྲས་པ། རྒྱལ་པོའི་སྲས་བདག་ལ་ལྷུང་བཟེད་མ་མཆིས་ཤིང་ཆོས་གོས་མ་མཆིས་ན་ཇི་ལྟར་རབ་ཏུ་འབྱུང་བར་བགྱི། རྒྱལ་བུས་སྨྲས་པ། བཞིན་བཟངས་ཚུར་ཤོག་ངས་ཁྱོད་ལ་ལྷུང་བཟེད་དང་

ཆོས་གོས་སྦྱིན་པར་བྱའོ་ཞེས་རྒྱལ་བུ་དེས་དེ་ཁྲིད་དེ་སོང་ནས་བསྟི་གནས་ཤིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་འདུག་པ་དེའི་གན་དུ་སོང་སྟེ་ཕྱིན་ནས་གླང་པོ་ཆེའི་གཤུལ་ནས་བབས་ཏེ་དུལ་བ་དང་བཅས་པས་སྨྲས་པ། ཤེས་ལྡན་རིགས་ཀྱི་བུ་འདི་ཁྱོད་ལས་

རབ་ཏུ་འབྱུང་བར་འདོད་ཀྱིས། འདི་རབ་ཏུ་ཕྱུང་ཤིག་དང་བདག་གིས་འདི་ལ་ལྷུང་བཟེད་དང་ཆོས་གོས་སྦྱིན་པར་བྱའོ། །དྲང་སྲོང་དེས་དེ་རབ་ཏུ་ཕྱུང་ངོ་། །རྒྱལ་བུ་དེས་དེའི་ལྷུང་བཟེད་དང་ཆོས་གོས་དག་བཀྲུས་ཤིང་དྲུབས་ཏེ་ཁ་བསྒྱུར་ནས་བྱིན་ཏེ་སྨྲས་པ། འཕགས་པ་གལ་ཏེ་

ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་ཅུང་ཟད་ཐོབ་ན་བདག་ལ་རྗོད་ཅིག །དེས་རྒྱལ་བུ་དེ་ལ་དེ་ལྟར་བྱའོ་ཞེས་ཁས་བླངས་སོ། །དེ་ཕྱོགས་གཅིག་ཏུ་སོང་སྟེ་མཁན་པོ་མེད་པ་དང་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་བཅུ་རྩ་བདུན་བསྐྱེད་ནས་རང་བྱང་ཆུབ་མངོན་

སུམ་དུ་བྱས་སོ། །དེས་བསམས་པ། བདག་གིས་ཡོན་ཏན་གྱི་ཚོགས་གང་ཅུང་ཟད་ཐོབ་པ་གང་ཡིན་པ་དེ་ཐམས་ཅད་རྒྱལ་པོའི་བུ་དེ་ལ་བརྟེན་ནས་ཐོབ་པ་ཡིན་ལ། བདག་གིས་དེ་ལ་ཁས་བླངས་པས་སོང་ལ་དེ་ལ་ཉེ་བར་བསྟན་པར་བྱའོ་སྙམ་མོ། །བདག་ཉིད་ཆེན་པོ་དེ་དག་ནི་

เล่ม ๑ · หน้า 43b

ལུས་ཀྱིས་ཆོས་སྟོན་གྱི། ཚིག་གིས་མི་སྟོན་པས་དེ་ལ་སྙིང་བརྩེ་བའི་ཕྱིར་དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་

སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས། རྒྱལ་བུ་དེ་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་རང་སངས་རྒྱས་དེའི་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། འཕགས་པ་ཁྱོད་ཀྱི་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་བརྙེས་སམ། ཐོབ་བོ། །དེས་

བསམས་པ། འཕགས་པ་འདིས་ཡོན་ཏན་གྱི་ཚོགས་གང་ཅུང་ཟད་ཐོབ་པ་གང་ཡིན་པ་དེ་ཐམས་ཅད་བདག་ལ་བརྟེན་ནས་ཐོབ་པ་ཡིན་ན། འཕགས་པ་འདིས་སྔོན་རབ་ཏུ་འབྱུང་བ་མ་ཐོབ་པ་གང་ཡིན་པ་དེ་ནི་ཁྱིམ་དེ་ལྟ་བུར་སྐྱེས་པ་ཡིན་ལ། བདག་གིས་རབ་ཏུ་འབྱུང་བ་མ་

ཐོབ་པ་གང་ཡིན་པ་དེ་ནི་ཁྱིམ་འདི་ལྟ་བུར་སྐྱེས་པ་ཡིན་ནོ་སྙམ་ནས། དེས་རང་སངས་རྒྱས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། དགེ་བའི་རྩ་བ་འདི་ཡིས་བདག །ཧ་ཅང་ཕྱུག་པའི་ཁྱིམ་དང་ནི། །དབུལ་བོའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་

དུ་སྐྱེ་འགྱུར་ཞིང་། །རྟག་པར་རབ་འབྱུང་མང་བར་ཤོག །ཅེས་བཏབ་བོ། །དགེ་སློང་དག་དེ་ལ་དེའི་ཚེ་དེའི་དུས་ན་རྒྱལ་བུ་དེ་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་འདི་ཉིད་ཡིན་ཏེ། དེས་རང་སངས་རྒྱས་ལ་མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་

པས་ད་ལྟར་ཁྱིམ་ཧ་ཅང་ཕྱུག་པར་ཡང་མ་སྐྱེས། ཁྱིམ་ཧ་ཅང་དབུལ་བར་ཡང་མ་སྐྱེས་བར་ཁྱིམ་འབྲིང་པོར་སྐྱེས་ཤིང་རབ་ཏུ་འབྱུང་བ་མང་བར་གྱུར་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་

དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ།

เล่ม ๑ · หน้า 44a

དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ཡང་དགེ་སློང་རྣམས་ཐེ་ཙོམ་སྐྱེས་ནས་ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཤཱ་རིའི་བུས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་

བཅོམ་ལྡན་འདས་ཀྱིས་ཤེས་རབ་ཆེན་པོ་དང་ལྡན་པ་རྣམས་དང་། སྤོབས་པ་ཆེན་པོ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་སྨོན་ལམ་གྱི་དབང་གིས་ཏེ། གང་དུ་སྨོན་ལམ་བཏབ་ཅེ་ན། དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་

པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་

སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་སོ། །དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས་དགེ་སློང་གང་གིས་དེ་རབ་ཏུ་ཕྱུང་བའི་དགེ་སློང་དེ་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཤེས་རབ་ཆེན་པོ་དང་ལྡན་པ་རྣམས་དང་སྤོབས་པ་ཆེན་པོ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ན་འདིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་ནས། དེའི་འོག་ཏུ་འཆི་བའི་ཚེ་

སྨོན་ལམ་འདི་སྐད་ཅེས། བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་ལ་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་སྟེ། བདག་གིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་

སྤྱད་པའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ། བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

เล่ม ๑ · หน้า 44b

སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་

བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་ཅིང་། ཇི་ལྟར་མཁན་པོ་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཤེས་རབ་ཆེན་པོ་དང་ལྡན་པ་རྣམས་དང་། སྤོབས་པ་

ཆེན་པོ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ། བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཤཱཀྱའི་སེང་གེ། ཤཱཀྱའི་རྒྱལ་པོ་གཙོ་བོ་དེས་ཤེས་རབ་ཆེན་པོ་དང་ལྡན་པ་རྣམས་དང་། སྤོབས་པ་ཆེན་པོ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་གདབ་

པར་བརྩམས་པས་སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཆེན་པོ་དང་ལྡན་པ་རྣམས་དང་། སྤོབས་པ་ཆེན་པོ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་

ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ལས་ཇི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མཽད་གལ་གྱི་བུ་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ།

འོད་པ་བཞིན་དུ་ཉེ་བར་གནས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་མཽད་གལ་གྱི་བུ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་

པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་

เล่ม ๑ · หน้า 45a

ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ནས་ཧ་ཅང་ཐག་མི་རིང་བའི་བསྟི་གནས་ཤིག་ན་དྲང་སྲོང་བྱམས་པའི་བདག་ཉིད་ཅན། སྙིང་རྗེ་དང་

ལྡན་པ། སེམས་ཅན་ཐམས་ཅད་ལ་བྱམས་པ་ཞིག་འདུག་གོ། །ཇི་ཙམ་ན་མི་དབུལ་པོ་ཞིག་ཤིང་ཁུར་ཐོགས་ཏེ་བསྟི་གནས་དེར་སོང་ནས་ཤིང་ཁུར་ཕོག་སྟེ་ངལ་སོ་ཞིང་འདུག་པ་དྲང་སྲོང་དེས་མཐོང་ནས། དེ་དེ་ལ་སྙིང་རྗེ་སྐྱེས་ཏེ་ཉོན་མོངས་པ་འདི་སྔོན་གྱི་ལས་ཀྱི་ཉེས་པས་མིར་སྐྱེས་

ཀྱང་ཚེགས་ཆེན་པོས་འཚོ་བ་སྦྱོར་བར་བྱེད་ཀྱིས། བདག་གིས་འདི་རབ་ཏུ་འབྱུང་ངོ་སྙམ་ནས་སྨྲས་པ། བུ་ཁྱོད་སུ་ཞིག་ཡིན། དེས་སྨྲས་པ། འཕགས་པ་བདག་ནི་མི་དབུལ་པོ་ཤིང་གིས་འཚོ་བ་སྦྱོར་བ་ཞིག་ལགས་སོ། །དྲང་སྲོང་གིས་སྨྲས་པ། བུ་འོ་ན་ཁྱོད་ཅིའི་ཕྱིར་རབ་ཏུ་མི་

འབྱུང་། དེས་སྨྲས་པ། འཕགས་པ་བདག་ནི་མི་དབུལ་པོ་ཞིག་སྟེ་ཤིང་བཙོངས་ཤིང་བཙོངས་ནས་ཚེགས་ཆེན་པོས་འཚོ་བ་སྐྱོང་བར་བགྱིད་པ་ལགས་ན། སུ་ཞིག་གིས་བདག་རབ་ཏུ་འབྱིན་པར་འགྱུར། དེ་ནས་དྲང་སྲོང་དེ་བྱམས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཤིན་ཏུ་སྙིང་

རྗེ་སྐྱེས་ནས་དེས་དེ་ལ་སྨྲས་པ། བུ་ཁྱོད་རབ་ཏུ་འབྱུང་བར་འདོད་དམ། དེས་སྨྲས་པ། འཕགས་པ་བདག་རབ་ཏུ་འབྱུང་བར་འཚལ་གྱིས་ཐུགས་བརྩེ་བའི་སླད་དུ་བདག་རབ་ཏུ་དབྱུང་དུ་གསོལ། དྲང་སྲོང་དེས་དེ་རབ་ཏུ་ཕྱུང་ནས་ལྷུང་བཟེད་དང་ཆོས་གོས་དག་ཀྱང་བཀྲུས་ཤིང་ཁ་

བསྒྱུར་ཏེ་བྱིན་ནས་སྨྲས་པ། བཞིན་བཟངས་གལ་ཏེ་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་ཅུང་ཟད་ཐོབ་ན་ཁོ་བོ་ལ་རྗོད་ཅིག །དེས་དེ་ལ་དེ་བཞིན་དུ་བགྱིའོ་ཞེས་ཁས་བླངས་སོ། །དེ་ཕྱོགས་གཅིག་ཏུ་སོང་ནས་མཁན་པོ་མེད་པ་དང་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་

པའི་ཆོས་སུམ་བཅུ་རྩ་བདུན་བསྐྱེད་ནས་རང་བྱང་ཆུབ་མངོན་སུམ་དུ་བྱས་སོ། །དེས་བསམས་པ། བདག་གིས་དྲང་སྲོང་དེ་ལ་ཁས་བླངས་པས་སོང་ལ་དེ་ལ་ཉེ་བར་བསྟན་པར་བྱའོ་སྙམ་མོ། །བདག་ཉིད་ཆེན་པོ་དེ་དག་ནི་ལུས་ཀྱིས་ཆོས་སྟོན་གྱི་ཚིག་གིས་མི་སྟོན་པས་དེ་དེ་ལ་རྗེས་སུ་སྙིང་བརྩེ་

เล่ม ๑ · หน้า 45b

བའི་ཕྱིར་དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་

པ་ཡིན་པས་དྲང་སྲོང་དེ་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་རང་སངས་རྒྱས་དེའི་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། འཕགས་པ་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་བརྙེས་སམ། ཐོབ་བོ། །དེས་བསམས་པ། འཕགས་པ་འདིས་ཡོན་ཏན་གྱི་ཚོགས་ཅུང་ཟད་ཐོབ་

པ་གང་ཡིན་པ་དེ་ཐམས་ཅད་བདག་ལ་བརྟེན་ནས་ཐོབ་པ་ཡིན་ནོ་སྙམ་ནས། དེས་རང་སངས་རྒྱས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། འདི་ལྟར་འཕགས་པ་འདི་རྫུ་འཕྲུལ་ཆེ་བ་དང་མཐུ་ཆེ་བ་དེ་བཞིན་དུ། བདག་ཀྱང་དགེ་བའི་རྩ་བ་འདིས་རྫུ་འཕྲུལ་ཆེ་བ་

དང་མཐུ་ཆེ་བར་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་དེ་ལ་དེའི་ཚེ་དེའི་དུས་ན་དྲང་སྲོང་གང་ཡིན་པ་དེ་ནི་དགེ་སློང་མཽད་གལ་གྱི་བུ་འདི་ཉིད་ཡིན་ཏེ། དེས་རང་སངས་རྒྱས་ལ་མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ད་ལྟར་རྫུ་འཕྲུལ་ཆེ་བ་

དང་མཐུ་ཆེ་བར་གྱུར་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་

ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ།། །།འདུལ་བ་གཞི། བམ་པོ་ལྔ་པ། དགེ་སློང་རྣམས་

ཐེ་ཙོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་དང་། མཐུ་ཆེན་པོ་

เล่ม ๑ · หน้า 46a

དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན། དེ་ནི་སྨོན་ལམ་གྱི་དབང་གིས་ཏེ། གང་དུ་སྨོན་ལམ་བཏབ་ཅེ་ན། དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཱ་རཱ་

ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་སོ། །དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས་དགེ་སློང་གང་གིས་དེ་རབ་ཏུ་ཕྱུང་བའི་དགེ་སློང་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྫུ་འཕྲུལ་ཆེན་པོ་ལྡན་པ་རྣམས་

དང་། མཐུ་ཆེན་པོ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ན་འདིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་ནས་དེའི་འོག་ཏུ་འཆི་བའི་ཚེ་སྨོན་ལམ་འདི་སྐད་ཅེས། བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་ལ་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་སྟེ། བདག་གིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ། བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་སྐྱེས་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་

རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་

เล่ม ๑ · หน้า 46b

མངོན་དུ་བྱེད་ཅིང་། ཇི་ལྟར་མཁན་པོ་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་དང་། མཐུ་ཆེན་པོ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ། བདག་ཀྱང་བཅོམ་ལྡན་འདས་

ཤཱཀྱ་ཐུབ་པ། ཤཱཀྱའི་སེང་གེ། ཤཱཀྱའི་རྒྱལ་པོ་གཙོ་བོ་དེས་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་དང་། མཐུ་ཆེན་པོ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་གདབ་པར་བརྩམས་པས་སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་རྫུ་འཕྲུལ་ཆེན་

པོ་དང་ལྡན་པ་རྣམས་དང་། མཐུ་ཆེན་པོ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་སྟོད་རིངས་ཀྱིས་ལས་ཇི་ཞིག་བགྱིས་ན། ལས་དེའི་

རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱིས་སོ་སོ་ཡང་དག་པར་རིག་པ་ཐོབ་པ་རྣམས་ཀྱི་མཆོག་ཏུ་བསྟན། དེ་ནི་སྨོན་ལམ་གྱི་དབང་གིས་ཏེ། གང་དུ་སྨོན་ལམ་བཏབ་ཅེ་ན། དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་

ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་སོ། །དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས་དགེ་སློང་གང་གིས་དེ་རབ་ཏུ་ཕྱུང་བའི་དགེ་སློང་དེ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་

སོ་སོ་ཡང་དག་པར་རིག་པ་ཐོབ་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ན་འདིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་ནས། དེའི་འོག་ཏུ་འཆི་བའི་ཚེ་སྨོན་ལམ་འདི་སྐད་ཅེས་བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་

เล่ม ๑ · หน้า 47a

དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་ལ་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་སྟེ། བདག་གིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་དེ་བཞིན་

གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ། བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་

གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་

པས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་ཅིང་། ཇི་ལྟར་མཁན་པོ་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་སོ་སོ་ཡང་དག་པར་རིག་པ་ཐོབ་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ། བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་

ཐུབ་པ། ཤཱཀྱའི་སེང་གེ །ཤཱཀྱའི་རྒྱལ་པོ་གཙོ་བོ་དེས་སོ་སོ་ཡང་དག་པར་རིག་པ་ཐོབ་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་གདབ་པར་བརྩམས་པས་སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་སོ་སོ་ཡང་དག་པར་རིག་པ་ཐོབ་པ་རྣམས་ཀྱི་མཆོག་ཏུ་

བསྟན་ཏོ། །དེའི་ཚེ་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་འདི་ལྟར་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་འབྱིན་པར་མཛད་ཅིང་བསྙེན་པར་རྫོགས་པར་མཛད་པས་འགའ་

ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་པ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་འབྱིན་པར་མཛད་ཅིང་། དགེ་སློང་ཚུར་ཤོག་ཅེས་བྱ་བས་བསྙེན་པར་རྫོགས་པར་མཛད་པར་འགྱུར་རོ་སྙམ་ནས། དེས་དེ་ཁྲིད་དེ་བཅོམ་ལྡན་འདས་ག་ལ་བ་དེར་

เล่ม ๑ · หน้า 47b

འགྲོའོ། །དགེ་སློང་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་ཞིག་འོངས་པ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་འབྱིན་པར་མཛད་ཅིང་། དགེ་སློང་ཚུར་ཤོག་ཅེས་བྱ་བས་བསྙེན་པར་རྫོགས་པར་མཛད་པར་འགྱུར་རོ་སྙམ་ནས། དེས་ད་ཁྲིད་དེ་

བཅོམ་ལྡན་འདས་ག་ལ་བ་དེར་སོང་བ་དང་། དེས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མ་ཕྱིན་པ་ཁོ་ནར་བར་མ་དོར་རྒྱུན་ཆད་ཅིང་ཤི་བར་གྱུར་ཏེ། དེ་ཉིད་དེའི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་བའི་བར་

ཆད་དུ་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཀྱེ་མ་ངའི་ཉན་ཐོས་རྣམས་ཐག་རིང་པོ་དང་ཆེས་རིང་པོ་ནས་འོང་བ་རྣམས་ངལ་བར་འགྱུར་རོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་དེང་ནས་དགེ་འདུན་

གྱིས་རབ་ཏུ་དབྱུང་བ་དང་། དགེ་འདུན་གྱིས་བསྙེན་པར་རྫོགས་པར་བྱ་བར་གནང་ངོ་། །བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱིས་རབ་ཏུ་དབྱུང་བར་བྱ་བ་དང་། དགེ་འདུན་གྱིས་བསྙེན་པར་རྫོགས་པར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གིས་ཇི་ལྟར་རབ་ཏུ་དབྱུང་བར་བྱ་བ་

དང་། ཇི་ལྟར་བསྙེན་པར་རྫོགས་པར་བྱ་བ་མི་ཤེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན། དེས་དེ་གཟུང་བར་བྱ་ཞིང་བཟུང་ནས་དགེ་

འདུན་ཐམས་ཅད་འདུས་པ་ན་ཆ་ལུགས་འདི་བཞིན་བྱས་ཤིང་རྒན་རིམས་ལ་ཕྱག་འཚལ་དུ་བཅུག་སྟེ། ཐལ་མོ་སྦྱར་ནས་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ལན་གསུམ་གསོལ་བ་འདེབས་སུ་བཅུག་ནས་དགེ་སློང་གཅིག་གིས་གསོལ་བ་དང་བཞིའི་ལས་ཀྱིས་ཅིག་ཅར་རབ་

ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབ་པར་བྱའོ། །དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་གསོལ་ན།

เล่ม ๑ · หน้า 48a

ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་རབ་ཏུ་དབྱུང་དུ་གསོལ། བསྙེན་པར་རྫོགས་པར་མཛད་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་

ལས་བྱའོ། །འདི་ལྟར་བྱས་ཏེ་འདུག་ལ་འདི་སྐད་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་

དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་རབ་ཏུ་འབྱིན་ཏོ། །བསྙེན་པར་རྫོགས་པར་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་

རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་རབ་ཏུ་དབྱུང་བ་དང་། བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་རབ་ཏུ་དབྱུང་བ་དང་། བསྙེན་པར་རྫོགས་པར་

མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་རབ་ཏུ་ཕྱུང་བ་དང་བསྙེན་

པར་རྫོགས་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་སྔོན་གྱི་ཆོ་གའོ། །དེ་ལྟར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དག་མཁན་པོ་མེད་པ་དང་། སློབ་དཔོན་མེད་པས་ལེགས་པར་མ་སྦྱངས་པ་དང་། ལེགས་པར་མ་བགོས་པ་དང་། སྒྲ་

མཐོན་པོ་དང་། སྒྲ་ཆེན་པོ་དང་། རྒོད་བག་གི་སྤྱོད་ལམ་གྱིས་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུ་འདོང་ཞིང་དེ་དག་དེར་ཟས་སློང་བར་བྱེད། ཟས་སློང་དུ་འཇུག་པར་བྱེད། སྲན་ཚོད་སློང་བར་བྱེད། སྲན་ཚོད་སློང་དུ་འཇུག་པར་བྱེད་ཅིང་བསྟན་པ་དང་འགལ་བ་གཞན་དག་

เล่ม ๑ · หน้า 48b

ཀྱང་བྱེད་ནས། གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་མཁན་པོ་མེད་པ་དང་། སློབ་དཔོན་མེད་པས་ལེགས་པར་མ་སྦྱངས་པ་དང་། ལེགས་པར་མ་བགོས་པ་དང་། སྒྲ་མཐོན་པོ་དང་། སྒྲ་ཆེན་པོ་དང་། རྒོད་བག་གི་སྤྱོད་ལམ་གྱིས་

བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུ་འདོང་ཞིང་དེ་དག་དེར་ཟས་སློང་བར་བྱེད། ཟས་སློང་དུ་འཇུག་པར་བྱེད། སྲན་ཚོད་སློང་བར་བྱེད། སྲན་ཚོད་སློང་དུ་འཇུག་པར་བྱེད་དེ། དགེ་སྦྱོང་མགོ་རེག་འདི་དག་ལ་སུ་ཞིག་བསོད་སྙོམས་སྦྱིན་པ་དང་། བྱ་བར་སེམས་ཞེས་

སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །དགེ་སློང་ནད་པ་ཞིག་ཀྱང་ནད་གཡོག་དང་བྲལ་བས་ཤི་བར་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ངས་ཉན་ཐོས་རྣམས་གཅིག་

གིས་གཅིག་བསྡུ་བའི་ཕྱིར་དང་། ནད་པ་རྣམས་ལ་རིམ་གྲོ་བྱ་བའི་ཕྱིར་མཁན་པོ་དང་སློབ་དཔོན་དག་གནང་བར་བྱའོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་མཁན་པོ་དང་སློབ་དཔོན་དག་གིས་རབ་ཏུ་དབྱུང་བར་བྱ་བ་དང་། བསྙེན་པར་རྫོགས་པར་བྱ་བར་གནང་ངོ་། །བཅོམ་ལྡན་

འདས་ཀྱིས་མཁན་པོ་དང་སློབ་དཔོན་དག་གིས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གིས་མཁན་པོ་དང་སློབ་དཔོན་དུ་ཡོད་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སློབ་དཔོན་ནི་ལྔ། མཁན་པོ་ནི་གཉིས་སོ། །སློབ་

དཔོན་ལྔ་གང་ཞེ་ན། དགེ་ཚུལ་གྱི་སློབ་དཔོན་དང་། གསང་སྟེ་སྟོན་པ་དང་། ལས་བྱེད་པ་དང་། གནས་སྦྱིན་པའི་སློབ་དཔོན་དང་། ཀློག་པའི་སློབ་དཔོན་ནོ། །དགེ་ཚུལ་གྱི་སློབ་དཔོན་གང་ཞེ་ན། གང་གིས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་བྱིན་པ་ཡིན་ནོ། །

གསང་སྟེ་སྟོན་པ་གང་ཞེ་ན། གང་གིས་གསང་སྟེ་བསྟན་པ་ཡིན་ནོ། །ལས་བྱེད་པ་གང་ཞེ་ན། གང་གིས་གསོལ་བ་དང་བཞིའི་ལས་ཀྱིས་ལས་བྱས་པ་ཡིན་ནོ། །གནས་སྦྱིན་པའི་སློབ་དཔོན་གང་ཞེ་ན། གང་གི་དྲུང་དུ་ཞག་གཅིག་ཙམ་ཡང་གནས་པས་འདུག་པ་ཡིན་ནོ། །

เล่ม ๑ · หน้า 49a

ཀློག་པའི་སློབ་དཔོན་གང་ཞེ་ན། གང་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་ལན་གསུམ་དུ་བཟླས་ཏེ་བཟུང་བ་ཡིན་ནོ། །མཁན་པོ་གཉིས་གང་ཞེ་ན། རབ་ཏུ་འབྱིན་པར་བྱེད་པ་གང་ཡིན་པ་དང་། བསྙེན་པར་རྫོགས་པར་བྱེད་པ་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་མཁན་པོ་དང་སློབ་དཔོན་

དག་གིས་རབ་ཏུ་དབྱུང་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་ཇི་ལྟར་རབ་ཏུ་དབྱུང་བར་བྱ་བ་དང་། ཇི་ལྟར་བསྙེན་པར་རྫོགས་པར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་

བར་འདོད་པ་འོངས་ན་དེས་དེ་ལ་བར་ཆད་ཀྱི་ཆོས་རྣམས་དྲིས་ནས་གཟུང་བར་བྱའོ། །བཟུང་ནས་གསུམ་ལ་སྐྱབས་སུ་འགྲོ་བ་དང་། དགེ་བསྙེན་ཉིད་དུ་ཁས་བླངས་པས་དགེ་བསྙེན་གྱི་སྡོམ་པ་སྦྱིན་པར་བྱའོ། །འདི་ལྟར་སྦྱིན་པར་བྱ་སྟེ། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་

གཞུག་གོ། །དེའི་འོག་ཏུ་སློབ་དཔོན་ལ་ཕྱག་འཚལ་དུ་བཅུག་ནས་མདུན་དུ་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་

འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་འཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་འཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པས་

གཟུང་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་སློབ་དཔོན་གྱིས་ཞེས་བརྗོད་པར་བྱའོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་བསྙེན་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་དགེ་བསྙེན་གྱི་སྡོམ་པ་སྦྱིན་

པའོ། །དེའི་འོག་ཏུ་བསླབ་པ་བརྗོད་པ་ཁས་བླང་བའི་ཚུལ་གྱིས་བྱའོ། །འདི་ལྟར་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་

เล่ม ๑ · หน้า 49b

འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་

སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ།

འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་།

འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་

བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་བསྙེན་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དགེ་བསྙེན་ཉིད་དུ་ཉེ་བར་སྒྲུབ་པའི་ཆོ་ག་རྫོགས་སྷོ།། །།དེའི་འོག་ཏུ་གང་གིས་དེ་ཞུ་བར་བྱེད་པའི་དགེ་སློང་

ལ་གཏད་པར་བྱའོ། །ཞུ་བའི་དགེ་སློང་གིས་མཁན་པོ་ལ་ཁྱོད་ཀྱིས་བར་ཆད་ཀྱི་ཆོས་རྣམས་དྲིས་སམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཞུ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེའི་འོག་ཏུ་ཞུ་བའི་དགེ་སློང་གིས་ཞུ་བར་བྱའོ། །འདི་ལྟར་ཞུ་བར་བྱ་སྟེ། གནས་མལ་

བཤམ་པ་བྱས་ནས་གཎ་ཌཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལའང་རུང་། གནས་ཁང་སོ་སོ་ན་འཁོད་པ་ལའང་རུང་སྟེ། རྒན་རིམས་ལ་ཕྱག་འཚལ་དུ་བཅུག་ནས་ཙོག་ཙོག་

เล่ม ๑ · หน้า 50a

པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་ཞུ་བར་བྱེད་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་བར་འཚལ་ཏེ། ཁྱིམ་པ་

གོས་དཀར་པོ་ཅན་སྐྲ་དང་ཁ་སྤུ་མ་བྲེགས་པ་ལས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་རབ་ཏུ་འབྱུང་བར་འཚལ་ཞིང་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་

པར་མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་སྟེ། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན། ཅི་དེ་རབ་ཏུ་དབྱུང་ངམ་དེ་དག་ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་

ཏེ་མི་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནི་རབ་ཏུ་འབྱུང་བར་འདོད་པ་ཞུ་བའོ།། །།དེའི་འོག་ཏུ་མཁན་པོར་གསོལ་བའོ། །འདི་ལྟར་གསོལ་བར་བྱ་སྟེ། མཁན་པོ་ལ་ཕྱག་འཚལ་དུ་བཅུག་ནས་མདུན་དུ་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་

སྦྱོར་དུ་བཅུག་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་ལ་མཁན་པོར་གསོལ་གྱིས། སློབ་དཔོན་བདག་གི་མཁན་པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་རབ་ཏུ་དབྱུང་བར་བགྱིའོ། །དེ་བཞིན་

དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་མཁན་པོ་ཞེས་བརྗོད་པར་བྱའོ། །མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །རབ་ཏུ་འབྱུང་བར་འདོད་པས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་མཁན་པོར་གསོལ་བའོ། །དེའི་འོག་ཏུ་གང་གིས་དེའི་

སྐྲ་དང་ཁ་སྤུ་དག་འབྲེག་པར་བྱེད་པའི་དགེ་སློང་ལ་བཅོལ་བར་བྱའོ། །དེས་ཐམས་ཅད་འབྲེག་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་བྲེག་པར་མི་བྱ་བར་འདི་ལྟར་གཙུག་ཕུད་གཞག་པར་བྱ་ཞིང་དེའི་འོག་ཏུ་ཅི་གཙུག་ཕུད་བྲེག་གམ་ཞེས་དྲི་བར་

เล่ม ๑ · หน้า 50b

བྱའོ། །གལ་ཏེ་མི་བྲེག་གོ་ཞེས་ཟེར་ན་འོ་ན་སོང་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་བྲེགས་ཤིག་ཅེས་ཟེར་ན་བྲེག་པར་བྱའོ། །དེའི་འོག་ཏུ་ཁྲུས་བྱེད་དུ་གཞུག་སྟེ། གལ་ཏེ་རེ་ཞིག་གྲང་བའི་དུས་ཡིན་ན་ནི་ཆུ་དྲོན་པོས་ཁྲུས་བྱེད་དུ་གཞུག་གོ། །གལ་ཏེ་ཚ་བའི་དུས་ཡིན་

ན་ནི་ཆུ་གྲང་མོས་ཁྲུས་བྱེད་དུ་གཞུག་གོ། །དེའི་འོག་ཏུ་མཁན་པོས་ལྷུང་བཟེད་དང་གོས་ངུར་སྨྲིག་དག་སྦྱིན་པར་བྱ་ཞིང་དེས་ཀྱང་རྐང་པ་གཉིས་ལ་གཏུགས་ནས་བླང་བར་བྱའོ། །དེའི་འོག་ཏུ་མཁན་པོས་བསྐོན་པར་བྱ་ཞིང་མཚན་མེད་པའམ། མཚན་གཉིས་པའམ།

གླེ་འདམས་པ་མ་ཡིན་ནམ་ཞེས་བརྟག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བརྟག་པར་བྱའོ་ཞེས་བཀའ་སྩལ་ནས་དགེ་སློང་དག་དེ་སྒྲེན་མོར་ཕྱུང་སྟེ་རྟོག་པར་བྱེད་པ་ན་དེ་ངོ་ཚ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲེན་མོར་ཕྱུང་སྟེ་བརྟག་པར་མི་བྱ་བར་ཤམ་ཐབས་

བསྐོན་པ་ཉིད་ཀྱི་ཚེ་མ་ཚོར་བར་བརྟག་པར་བྱའོ། །དེ་ནི་དུས་དང་པོར་བྱ་བའོ།། །།དེའི་འོག་ཏུ་སྐྱབས་སུ་འགྲོ་བ་རྩོམ་པས་རབ་ཏུ་འབྱུང་བ་ཉེ་བར་བསྒྲུབ་པར་བྱའོ། །འདི་ལྟར་ཉེ་བར་བསྒྲུབ་པར་བྱ་སྟེ། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ། །

དེའི་འོག་ཏུ་མཁན་པོ་ལ་ཕྱག་འཚལ་དུ་བཅུག་ནས་མདུན་དུ་ཙོག་ཙོག་པུར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་

གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱའི་སེང་གེ །ཤཱཀྱའི་རྒྱལ་པོ་གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་སྟེ་ཁྱིམ་པའི་རྟགས་སྤོང་ངོ་། །རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་

เล่ม ๑ · หน้า 51a

ཞེས་བརྗོད་པར་བྱའོ། །རབ་ཏུ་བྱུང་བས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་རབ་ཏུ་བྱུང་བ་ཉེ་བར་སྒྲུབ་པའོ།། །།དེའི་འོག་ཏུ་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་དགེ་སློང་ལ་གཏད་པར་བྱའོ། །དེས་ཀྱང་མཁན་པོ་ལ་ཅི་ཡོངས་སུ་དག་གམ་ཞེས་

དྲིས་ནས་ཡོངས་སུ་དག་ན་སྐྱབས་སུ་འགྲོ་བ་དང་། དགེ་ཚུལ་ཉིད་དུ་ཁས་བླང་བས་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པར་བྱའོ། །འདི་ལྟར་ཉེ་བར་བསྒྲུབ་པར་བྱ་སྟེ། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ། །དེའི་འོག་ཏུ་སློབ་དཔོན་ལ་ཕྱག་འཚལ་དུ་བཅུག་ནས་མདུན་དུ་ཙོག་

ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་

ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་དུ་བཙུན་པས་གཟུང་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་སློབ་

དཔོན་གྱིས་ཞེས་བརྗོད་པར་བྱའོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་ཚུལ་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་དགེ་ཚུལ་གྱི་སྡོམ་པ་སྦྱིན་པའོ།། །།དེའི་འོག་ཏུ་སློབ་དཔོན་མ་ཡིན་པ་དགེ་སློང་གཞན་གང་ཡང་རུང་བ་གཅིག་

གིས་གྲིབ་ཚོད་གཞལ་བར་བྱ་ཞིང་སྐྱེས་བུ་དང་། རྩ་བ་དང་། ཉིན་མཚན་གྱི་ཆ་དང་། དུས་ཚོད་ཀྱང་བརྗོད་པར་བྱའོ། །དེའི་འོག་ཏུ་བསླབ་པ་བརྗོད་པ་ཁས་བླང་བའི་ཚུལ་གྱིས་བྱའོ། །འདི་ལྟར་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་

པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་

เล่ม ๑ · หน้า 51b

དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་

བ་དང་། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་དང་། གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་

ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་

བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་། རོལ་མོའི་སྒྲ་དང་། ཕྲེང་བ་དང་། སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཟས་དང་། གསེར་དངུལ་ལན་པ་སྤངས་

ཏེ། གསེར་དངུལ་ལེན་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་བཅུ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་ཚུལ་གྱིས་

ལེགས་སོ་ཞེས་བརྗོད་པར་བྱའོ། །དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་པའི་ཆོ་ག་རྫོགས་སྷོ།། །།དེའི་འོག་ཏུ་གལ་ཏེ་དེ་ལོ་ཉི་ཤུ་ཚང་ན་མཁན་པོས་དེའི་ལྷུང་བཟེད་དང་ཆོས་གོས་དག་བཙལ་བར་བྱ་ཞིང་ལས་བྱེད་པའི་དགེ་སློང་ལ་གསོལ་བ་གདབ་པར་བྱ། གསང་སྟེ་སྟོན་པའི་དགེ་

སློང་ལ་ཡང་གསོལ་བ་གདབ་པར་བྱ། གང་དག་དེའི་ལས་ཀྱི་གནས་སུ་འཇུག་པར་འགྱུར་བའི་དགེ་སློང་དག་ལ་ཡང་གསོལ་བ་གདབ་པར་བྱའོ། །དགེ་སློང་གང་དག་དེའི་ལས་ཀྱི་གནས་སུ་འཇུག་པར་འགྱུར་བ་དེ་དག་གིས་ཀྱང་དེར་འདུ་བར་འགྱུར་བའི་ཚེ་ཟླ་བ་ཕྱེད་འདས་པའི་ཉེས་པ་བསྡམ་པར་

เล่ม ๑ · หน้า 52a

བྱ་བ་དང་། བཤགས་པར་བྱ་བ་དང་། བྱིན་གྱིས་བརླབ་པར་བྱ་བ་དག་ལ་སོ་སོར་བརྟག་པར་བྱ་ཞིང་ཉེས་པ་ཤེས་པ་བསྡམ་པའམ། བཤགས་པའམ། བྱིན་གྱིས་བརླབས་པས་ཕྱིར་བཅོས་ཏེ་འདུག་པར་བྱའོ། །དེའི་འོག་ཏུ་དགེ་འདུན་ཐམས་ཅད་འདུག་ཅིང་

མཐུན་པར་གྱུར་པའམ། དཀྱིལ་འཁོར་བ་ཡང་རུང་སྟེ། ཡུལ་དབུས་སུ་དགེ་སློང་བཅུ་ལ་སོགས་པའི་ཚོགས་སམ། མཐའ་འཁོབ་དག་ཏུ་གཞན་མེད་ན་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའི་ཚོགས་ལ་ཡང་རུང་སྟེ། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ། །

དེའི་འོག་ཏུ་དགེ་སློང་རེ་རེ་ལ་ཕྱག་གསུམ་གསུམ་འཚལ་དུ་གཞུག་གོ། །ཕྱག་ནི་གཉིས་ཏེ། ཡན་ལག་ལྔས་ཕྱག་འཚལ་བ་དང་། སྒྱིད་པ་ནས་འཁྱུད་པ་སྟེ་འདིར་གང་ཡང་རུང་ངོ་། །འདི་ནི་དུས་དང་པོར་བྱ་བའོ།། །།དེའི་འོག་ཏུ་མཁན་པོར་གསོལ་བ་བྱའོ། །འདི་ལྟར་གསོལ་བར་བྱ་སྟེ།

མཁན་པོ་ལ་ཕྱག་འཚལ་དུ་བཅུག་ནས་མདུན་དུ་ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་གལ་ཏེ་མཁན་པོ་ཡིན་ན་མཁན་པོ་ཞེས་བརྗོད་པར་བྱ། སློབ་དཔོན་ཡིན་ན་སློབ་དཔོན་ཞེས་བརྗོད་པར་བྱ།

བཙུན་པ་ཡིན་ན་བཙུན་པ་ཞེས་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བསྟན་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་བཙུན་པ་ལ་མཁན་པོར་གསོལ་གྱིས། བཙུན་པ་བདག་གི་མཁན་པོ་མཛད་དུ་གསོལ། བཙུན་པ་

མཁན་པོས་བསྙེན་པར་རྫོགས་པར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་མཁན་པོ་ཞེས་བརྗོད་པར་བྱའོ། །མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་མཁན་པོར་གསོལ་བའོ།། །།

དེའི་འོག་ཏུ་མཁན་པོ་རང་གིས་དེ་ལ་ཆོས་གོས་གསུམ་བྱིན་གྱིས་བརླབ་པར་བྱའོ། །གལ་ཏེ་རེ་ཞིག་ཆོས་གོས་དྲས་ཤིང་དྲུབས་པ་དག་ཡོད་ན་དེ་ལྟ་ན་ལེགས་ཏེ། འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ། ཆོས་གོས་གསུམ་པོ་སོ་སོར་བལྟབ་སྟེ་སློབ་མའི་ཕྲག་པ་གཡོན་པར་བཀལ་ནས་གཉིས་ཀ་

เล่ม ๑ · หน้า 52b

འགྲེང་སྟེ། ལག་པས་ཆོས་གོས་སྣམ་སྦྱར་བཟུང་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་

ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་བླ་གོས་བཟུང་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་

བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་བླ་གོས་སུ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་མཐང་གོས་བཟུང་ནས་

དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་མཐང་གོས་སུ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་

ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་དག་བསྐོན་པར་བྱ་ཞིང་དེས་ཀྱང་སྣམ་སྦྱར་དང་བཅས་པ་ཉིད་ཡིན་ན་བསྙེན་པར་རྫོགས་པའི་ཕྱིར་འདུས་པའི་དགེ་འདུན་ལ་ཕྱག་བྱའོ། །དེ་ནི་ཆོས་གོས་དྲས་ཤིང་དྲུབས་པ་གསུམ་

བྱིན་གྱིས་བརླབ་པའོ།། །།གལ་ཏེ་རེ་ཞིག་ཆོས་གོས་དྲས་ཤིང་དྲུབས་པ་དག་མེད་ན་རྒྱུ་ལ་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ། ཆོས་གོས་གསུམ་གྱི་རྒྱུ་སོ་སོར་བལྟབ་སྟེ་སློབ་མའི་ཕྲག་པ་གཡོན་པར་བཀལ་ནས་གཉི་ག་འགྲེང་སྟེ་ལག་པས་

ཆོས་གོས་སྣམ་སྦྱར་རྒྱུ་བཟུང་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །འཚལ་ན་སྣམ་ཕྲན་དགུ་པ་ལ་སོགས་པར་བགྱིས་ཏེ། གླེགས་བུ་ཕྱེད་དང་གསུམ་པ་ལ་སོགས་

เล่ม ๑ · หน้า 53a

པར་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ། །བརྐྱང་ངོ་། །དྲའ། །བསྡེབ་བོ། །གཟུངས་གདབ་བོ། །དྲུབ་བོ། །ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ། ཆོས་གོས་འདི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་

ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་བླ་གོས་རྒྱུ་བཟུང་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་

ཆོས་གོས་འདི་བླ་གོས་སུ་བྱིན་གྱིས་བརླབ་བོ། །འཚལ་ན་སྣམ་ཕྲན་བདུན་པར་བགྱིས་ཏེ། གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ། །བརྐྱང་ངོ་། །དྲའོ། །བསྡེབ་བོ། །གཟུངས་གདབ་བོ། །དྲུབ་བོ། །ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་

སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ། ཆོས་གོས་འདི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་མཐང་གོས་

རྒྱུ་བཟུང་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་མཐང་གོས་སུ་བྱིན་གྱིས་བརླབ་བོ། །འཚལ་ན་སྣམ་ཕྲན་ལྔ་པར་བགྱིས་ཏེ། གླེགས་བུ་ཕྱེད་དང་གཉིས་པར་བགྱིའོ། །བར་ཆད་མ་བྱུང་ན་

བཀྲུའོ། །བརྐྱང་ངོ་། །དྲའོ། །བསྡེབ་བོ། །གཟུངས་གདབ་བོ། །དྲུབ་བོ། །ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིས་ཏེ། ཆོས་གོས་འདི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་

པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་ཆོས་གོས་མ་དྲས་ཤིང་མ་དྲུབས་པ་གསུམ་བྱིན་གྱིས་བརླབ་པའོ།། །།དེའི་འོག་ཏུ་དེའི་ལྷུང་བཟེད་བསྟན་པར་བྱའོ། །འདི་ལྟར་བསྟན་པར་བྱ་སྟེ། དགེ་སློང་གཅིག་གིས་

เล่ม ๑ · หน้า 53b

ལྷུང་བཟེད་ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པས་བཀབ་ནས་རྒན་པའི་མཐའ་ལོགས་ནས་དགེ་སློང་རེ་རེའི་མདུན་དུ་འགྲེང་སྟེ་འདུད་པ་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཙུན་པའམ་ཚེ་དང་ལྡན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་

བགྱི་བའི་ལྷུང་བཟེད་འདི་མི་ཆུང་ངམ། མི་ཆེ་འམ། མི་སྐྱ་འམ། དགེ་སློང་ཐམས་ཅད་ཀྱིས་ཀྱང་ལྷུང་བཟེད་དེ་ལྟ་བུ་ཉིད་མ་ཡིན་ན་རེ་རེ་ནས་ལྷུང་བཟེད་བཟང་ངོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །

དེ་ནི་ལྷུང་བཟེད་བསྟན་པའོ།། །།དེའི་འོག་ཏུ་མཁན་པོ་རང་གིས་དེ་ལ་ལྷུང་བཟེད་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ། གཉི་ག་འགྲེང་སྟེ་ལག་པ་གཡོན་པར་ལྷུང་བཟེད་བཞག་ལ་ལག་པ་གཡས་པས་བཀབ་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་

སྟེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་སྣོད་འདི་བསླང་བའི་སྣོད་དུ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་པོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་

སོ་ཞེས་བརྗོད་པར་བྱའོ། །དེ་ནི་ལྷུང་བཟེད་བྱིན་གྱིས་བརླབ་པའོ། །དེའི་འོག་ཏུ་བསྙེན་པར་རྫོགས་པར་བྱ་བ་དེ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ་མཐོང་བའི་ཉེན་ཀོར་དུ་ཐལ་མོ་སྦྱོར་དུ་བཅུག་ནས་ཚོགས་ལ་མངོན་དུ་ཕྱོགས་པར་གཞག་པར་བྱའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་

གསང་སྟེ་སྟོན་པའི་དགེ་སློང་ལ། མཁན་པོ་མིང་འདི་ཞེས་བྱ་བས་མིང་འདི་ཞེས་བྱ་བའི་གསང་སྟེ་སྟོན་པར་གསོལ་བ་བཏབ་པ་གང་ཡིན་ཞེས་དྲི་བར་བྱའོ། །གསང་སྟེ་སྟོན་པ་གང་ཡིན་པ་དེས་བདག་མིང་འདི་ཞེས་བྱ་བའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་

གསང་སྟེ་སྟོན་པའི་དགེ་སློང་ལ་མིང་འདི་ཞེས་བྱ་བ་ཁྱོད་མཁན་པོ་མིང་འདི་ཞེས་བྱ་བས་མིང་འདི་ཞེས་བྱ་བ་ལ་གསང་སྟེ་སྟོན་པར་སྤྲོའམ་ཞེས་བརྗོད་པར་བྱའོ། །དེས་ཀྱང་སྤྲོ་འོ་ཞེས་བརྗོད་པར་བྱའོ། །དེ་ནི་གསང་སྟེ་སྟོན་པ་སྤྲོ་བར་བྱ་བའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གསང་

เล่ม ๑ · หน้า 54a

སྟེ་སྟོན་པས་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་

བགྱི་བ་ལ་གསང་སྟེ་སྟོན་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་ཏོ། །འདི་ནི་གསོལ་བའོ། །དེ་ནི་གསང་སྟེ་

སྟོན་པའི་གསོལ་བའི་ལས་སོ།། །།དེའི་འོག་ཏུ་གསང་སྟེ་སྟོན་པའི་དགེ་སློང་གིས་དཀྱིལ་འཁོར་བའི་ཕྱི་རོལ་དུ་སོང་སྟེ་བསྙེན་པར་རྫོགས་པར་བྱ་བ་དེ་བདག་ལ་ཕྱག་འཚལ་དུ་བཅུག་ནས་མདུན་དུ་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་འདི་སྐད་ཅེས་

བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག་འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་འབྱུང་བའི་དུས་ཏེ། ཁོ་བོས་ཁྱོད་ལ་ཆུང་ཟད་ཅིག་དྲིས། ཁྱོད་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ཡིན་ཞེས་སྨྲོས་ཤིག །མ་ཡིན་པ་ལ་ཡང་མ་ཡིན་ཞེས་ལན་ཐོབ་ཤིག །ཁྱོད་སྐྱེས་པ་

ཡིན་ནམ། དེས་སྐྱེས་པ་ལགས་ཞེས་བརྗོད་པར་བྱའོ། །སྐྱེས་པའི་དབང་པོ་དང་ལྡན་ནམ། དེས་ལྡན་ཞེས་བརྗོད་པར་བྱའོ། །ལོ་ཉི་ཤུ་ལོན་ནམ། དེས་ལོན་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། དེས་ཚང་ཞེས་བརྗོད་པར་བྱའོ། །

ཁྱོད་ཀྱི་ཕ་མ་གསོན་ནམ། གལ་ཏེ་གསོན་ཞེས་ཟེར་ན། ཁྱོད་ཕ་མས་གནང་ངམ་ཞེས་དྲི་བར་བྱའོ། །དེས་གནང་ཞེས་བརྗོད་པར་བྱའོ། །གལ་ཏེ་ཤི་ཟེར་ན། ཁྱོད་བྲན་མ་ཡིན་ནམ། བརྐུས་པ་མ་ཡིན་ནམ། རྙེད་བཙོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་

པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་སྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ། བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་

เล่ม ๑ · หน้า 54b

ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ།

མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །དེས་མ་ལགས་ཞེས་བརྗོད་པར་

བྱའོ། །ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ། གལ་ཏེ་བུ་ལོན་ཆགས་སོ་ཞེས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ་ཞེས་དྲི་བར་བྱའོ། །གལ་ཏེ་མི་ནུས་ཞེས་ཟེར་ན། འོ་ན་སོང་ཤིག་ཅེས་བརྗོད་པར་བྱའོ། །གལ་

ཏེ་བསྙེན་པར་རྫོགས་ནས་འཇལ་ནུས་ཞེས་ཟེར་ན། ཁྱོད་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ་ཞེས་བརྗོད་པར་བྱའོ། །གལ་ཏེ་རབ་ཏུ་བྱུང་ངོ་ཞེས་ཟེར་ན་ཁྱོད་ལ་ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ། ཁྱོད་འབབས་པ་ན་བསླབ་པ་ལེགས་པར་

ཕུལ་ལམ་ཞེས་དྲི་བར་བྱའོ། །གལ་ཏེ་ལྟུང་བ་བྱུང་ངོ་ཞེས་ཟེར་ན། འོ་ན་སོང་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་མ་བྱུང་ངོ་ཞེས་ཟེར་ན། ཇི་ལྟར་ཁྱོད་ད་ལྟར་རབ་ཏུ་བྱུང་བ་ཡིན་ནམ་ཞེས་དྲི་བར་བྱའོ། །གལ་ཏེ་བདག་རབ་ཏུ་བྱུང་བ་ཡིན་ཞེས་ཟེར་ན། ཁྱོད་ཀྱིས་ཚངས་པར་

སྤྱོད་པ་ལེགས་པར་སྤྱད་དམ་ཞེས་དྲི་བར་བྱའོ། །དེས་ལེགས་པར་སྤྱད་ཅེས་བརྗོད་པར་བྱའོ། །ཁྱོད་ཀྱི་མིང་ཅི། ཁྱོད་ཀྱི་མཁན་པོའི་མིང་ཅི། དེས་བདག་མིང་འདི་ཞེས་བགྱི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་པོ་མིང་འདི་ཞེས་བགྱི་ཞེས་བརྗོད་པར་བྱའོ། །ཚེ་དང་

ལྡན་པ་ཁྱོད་ཉོན་ཅིག །མི་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་ཀྱི་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་འདི་ལྟ་སྟེ། མཛེ་དང་། འབྲས་དང་། ཕོལ་མིག་དང་། འབྲུམ་ཕྲན་དང་། ཤ་བཀྲ་དང་། ཁྱི་རྔོ་དང་། གཡའ་བ་དང་། གློག་པ་དང་། རྐང་ཤུ་དང་། སྐེམ་ནད་དང་། སྐེམ་པ་དང་། བརྗེད་

เล่ม ๑ · หน้า 55a

བྱེད་དང་། བཀྲེས་ངབ་དང་། སྐྱ་རྦབ་དང་། རྐང་བམ་དང་། མཚན་བར་རྡོལ་བ་དང་། རིམས་དང་། རིམས་དྲག་པོ་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། འདུས་པ་དང་། རིམས་ཉིན་རེ་བ་དང་།

རྟག་པའི་རིམས་དང་། རིམས་ལྡང་དུབ་པ་དང་། ཤུ་བ་དང་། གསུད་པ་དང་། སྐྱིགས་བུ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། ལྷོག་པ་དང་། ཡན་ལག་ཏུ་ཟུག་པ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ནད་དང་། གཞང་འབྲུམ་དང་། སྐྱུག་བྲོ་བ་དང་།

ཆུས་བགགས་པ་དང་། ངལ་བ་དང་། ལུས་ཚ་བ་དང་། རྩིབ་ལོགས་ཚ་བ་དང་། རུས་པ་ལ་ཟུག་པ་སྟེ། ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང་། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཞེས་བརྗོད་པར་བྱའོ། །ཚེ་དང་ལྡན་

པ་ཁྱོད་ཉོན་ཅིག །ཁྱོད་ལ་ད་ལྟར་ངས་གང་དྲིས་པ་དེ་ཉིད་དགེ་འདུན་གྱི་དབུས་སུ་ཡང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཁྱོད་ལ་འདྲི་བས་དེར་ཡང་ཁྱོད་ཀྱིས་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ཡང་ཡིན་ཞེས་སྨྲོས་ཤིག །མ་ཡིན་པ་ལ་ཡང་མ་ཡིན་ཞེས་ལན་

ཐོབ་ཅིག །ཁྱོད་མ་བོས་ཀྱི་བར་དུ་མ་འོང་བར་སྡོད་ཅིག །དེ་ནི་གསང་སྟེ་བསྟན་པའོ།། །།དེའི་འོག་ཏུ་གསང་སྟེ་སྟོན་པའི་དགེ་སློང་གིས་རྒན་པའི་མཐའ་ལོགས་སུ་འགྲེང་སྟེ། འདུད་པ་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་

གསན་དུ་གསོལ། །བདག་གིས་མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་རྗེས་སུ་བསྟན་ན། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན། ཅི་མཆི་ཞིག་གམ། ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་

ནའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནི་འོང་བ་ཞུ་བའོ། །དེའི་འོག་ཏུ་བསྙེན་པར་རྫོགས་པར་བྱ་བ་དེ་དཀྱིལ་འཁོར་བར་བཀུག་ནས་རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་དུ་བཅུག་སྟེ། དགེ་

เล่ม ๑ · หน้า 55b

སློང་ལས་བྱེད་པས་བསྙེན་པར་རྫོགས་པ་གསོལ་དུ་གཞུག་པར་བྱའོ། །འདི་ལྟར་གསོལ་དུ་གཞུག་པར་བྱ་སྟེ། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ། །དེའི་འོག་ཏུ་རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་དུ་བཅུག་སྟེ། ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་

མནན་ནས་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་

པར་རྫོགས་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བས་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། དགེ་འདུན་

བཙུན་པ་རྣམས་ཀྱིས་བདག་དྲང་བར་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རྗེས་སུ་གཟུང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་

བརྩེ་བར་མཛད་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་བསྙེན་པར་རྫོགས་པར་གསོལ་བའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱའོ། །འདི་ལྟར་བྱ་སྟེ་འདུག་ལ་འདི་སྐད་ཅེས་

བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་

གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། བདག་གིས་དགེ་འདུན་གྱི་ནང་དུ་མཁན་པོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་དྲི་བར་བགྱིའོ། །འདི་ནི་གསོལ་བའོ། །དེ་ནི་ནང་དུ་བར་

เล่ม ๑ · หน้า 56a

ཆད་དྲི་བ་གསོལ་བའི་ལས་སོ།། །།དེའི་འོག་ཏུ་དགེ་སློང་ལས་བྱེད་པས་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བར་བྱའོ། །འདི་ལྟར་དྲི་བར་བྱ་སྟེ། ལས་བྱེད་པ་ལ་ཕྱག་འཚལ་དུ་བཅུག་ནས་མདུན་དུ་ཕ་གུའི་སྟེང་དུ་རྩྭ་བཏིང་བ་ལ་རྟིང་པ་གཉིས་ཀྱིས་མནན་ནས་

ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་འབྱུང་བའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་ཅིག་དྲིས། ཁྱོད་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ཡང་

ཡིན་ཞེས་སྨྲོས་ཤིག །མ་ཡིན་པ་ལ་ཡང་མ་ཡིན་ཞེས་ལན་ཐོབ་ཅིག །ཁྱོད་སྐྱེས་པ་ཡིན་ནམ། དེས་སྐྱེས་པ་ལགས་ཞེས་བརྗོད་པར་བྱའོ། །སྐྱེས་པའི་དབང་པོ་དང་ལྡན་ནམ། དེས་ལྡན་ཞེས་བརྗོད་པར་བྱའོ། །ལོ་ཉི་ཤུ་ལོན་ནམ། དེས་ལོན་ཞེས་བརྗོད་པར་བྱའོ། །

ཁྱོད་ཀྱི་ཆོས་གོས་གསུམ་དང་ལྷུང་བཟེད་ཚང་ངམ། དེས་ཚང་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཕ་མ་གསོན་ནམ། གལ་ཏེ་གསོན་ཞེས་ཟེར་ན། ཁྱོད་ཕ་མས་གནང་ངམ་ཞེས་དྲི་བར་བྱའོ། །དེས་གནང་ཞེས་བརྗོད་པར་བྱའོ། །གལ་ཏེ་ཤི་ཞེས་ཟེར་ན། ཁྱོད་བྲན་མ་ཡིན་

ནམ། བརྐུས་པ་མ་ཡིན་ནམ། རྙེད་བཙོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་སྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་རྒྱལ་པོ་ལ་གནོད་པའི་ལས་

བྱས་སམ་བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་

ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ།

เล่ม ๑ · หน้า 56b

སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །དེས་མ་ལགས་ཞེས་བརྗོད་པར་བྱའོ། །ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ། གལ་ཏེ་བུ་ལོན་ཆགས་སོ་ཞེས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ་

ཞེས་དྲི་བར་བྱའོ། །གལ་ཏེ་མི་ནུས་ཞེས་ཟེར་ན། འོ་ན་སོང་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་བསྙེན་པར་རྫོགས་ནས་འཇལ་ནུས་ཞེས་ཟེར་ན། ཁྱོད་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །གལ་ཏེ་རབ་ཏུ་བྱུང་ངོ་ཞེས་ཟེར་ན་ཁྱོད་ལ་ཕམ་པར་འགྱུར་བ་བཞི་ལས་ལྟུང་

བ་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ། ཁྱོད་འབབས་པ་ན་བསླབ་པ་ལེགས་པར་ཕུལ་ལམ་ཞེས་དྲི་བར་བྱའོ། །གལ་ཏེ་ལྟུང་བ་བྱུང་ངོ་ཞེས་ཟེར་ན། འོ་ན་སོང་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་མ་བྱུང་ངོ་ཞེས་ཟེར་ན། ཇི་ལྟར་ཁྱོད་ད་ལྟར་རབ་ཏུ་བྱུང་བ་ཡིན་ནམ་

ཞེས་དྲི་བར་བྱའོ། །གལ་ཏེ་བདག་རབ་ཏུ་བྱུང་བ་ཡིན་ཞེས་ཟེར་ན། ཁྱོད་ཀྱིས་ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ་ཞེས་དྲི་བར་བྱའོ། །དེས་ལེགས་པར་སྤྱད་ཅེས་བརྗོད་པར་བྱའོ། །ཁྱོད་ཀྱི་མིང་ཅི། ཁྱོད་ཀྱི་མཁན་པོའི་མིང་ཅི། དེས་བདག་མིང་འདི་ཞེས་

བགྱི་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་པོ་མིང་འདི་ཞེས་བགྱི་ཞེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །མི་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་ཀྱི་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་འདི་ལྟ་སྟེ། མཛེ་དང་། འབྲས་དང་། ཕོལ་མིག་དང་། འབྲུམ་

ཕྲན་དང་། ཤ་བཀྲ་དང་། ཁྱི་རྔོ་དང་། གཡའ་བ་དང་། གློག་པ་དང་། རྐང་ཤུ་དང་། སྐེམ་ནད་དང་། སྐེམ་པ་དང་། བརྗེད་བྱེད་དང་། བཀྲེས་ངབ་དང་། སྐྱ་རྦབ་དང་། རྐང་བམ་དང་། མཚན་པར་རྡོལ་བ་དང་། རིམས་དང་། རིམས་དྲག་པོ་དང་། ཉིན་གཅིག་

པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། འདུས་པ་དང་། རིམས་ཉིན་རེ་བ་དང་། རྟག་པའི་རིམས་དང་། རིམས་ལྡང་དུབ་པ་དང་། ཤུ་བ་དང་། གསུད་པ་དང་། སྐྱིགས་བུ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། ལྷོག་པ་

เล่ม ๑ · หน้า 57a

དང་། ཡན་ལག་ཏུ་ཟུག་པ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ནད་དང་། གཞང་འབྲུམ་དང་། སྐྱུག་བྲོ་བ་དང་། ཆུས་བགགས་པ་དང་། ངལ་བ་དང་། ལུས་ཚ་བ་དང་། རྩིབ་ལོགས་ཚ་བ་དང་། རུས་པ་ལ་ཟུག་པ་སྟེ། ལུས་ཀྱི་ནད་

འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང་། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཞེས་བརྗོད་པར་བྱའོ། །དེ་ནི་ནང་དུ་བར་ཆད་དྲི་བའོ།། །།དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ།

འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་

ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་

བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་

པར་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་

བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་སྟེ།

เล่ม ๑ · หน้า 57b

མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་

འདི་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་

གནང་ནས་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་བསྙེན་པར་རྫོགས་པ་ཉེ་བར་སྒྲུབ་པའོ།། །།དེའི་འོག་ཏུ་གྲིབ་ཚོད་གཞལ་བར་བྱའོ། །

བཅོམ་ལྡན་འདས་ཀྱིས་གྲིབ་ཚོད་གཞལ་བར་བྱའོ་ཞེས་བཀའ་སྩལ་ནས་དགེ་སློང་དག་ཤིང་བུ་རིང་པོ་དག་གིས་གྲིབ་ཚོད་འཇལ་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་བུ་རིང་པོ་དག་གིས་གྲིབ་ཚོད་གཞལ་བར་མི་བྱའོ། །དགེ་སློང་དག་གོམ་པ་དག་གིས་

འཇལ་བར་བྱེད་པ་ན་ཧ་ཅང་ཐོགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གོམ་པ་དག་གིས་གཞལ་བར་མི་བྱ་བར་འདི་ལྟར་ཐུར་མ་དག་གིས་གཞལ་བར་བྱའོ། །དགེ་སློང་དག་ཐུར་མ་རིང་པོ་དག་གིས་འཇལ་བར་བྱེད་པ་ན། དེ་ལྟ་ན་ཡང་ཧ་ཅང་ཐོགས་ནས་

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐུར་མ་སོར་བཞི་ཙམ་གྱིས་གཞལ་བར་བྱ་ཞིང་ཐུར་མ་ཇི་ཙམ་ཡོད་པ་དེ་ཙམ་ལ་སྐྱེས་བུ་ཞེས་བརྗོད་པར་བྱའོ། །དེ་ནི་གྲིབ་ཚོད་གཞལ་བའོ།། །།དེའི་འོག་ཏུ་ཉིན་མཚན་གྱི་ཆ་བརྗོད་པར་བྱ་སྟེ། སྔ་དྲོ་དང་། གུང་དང་། ཕྱི་

དྲོ་དང་། མཚན་མོའི་ཐུན་དང་པོ་དང་། ཐུན་དང་པོའི་ཕྱེད་དང་། གུང་ཐུན་དང་། གུང་ཐུན་གྱི་ཕྱེད་དང་། ཐུན་ཐ་མ་དང་། ཐུན་ཐ་མའི་ཕྱེད་དང་། སྐྱ་རེངས་མ་ཤར་བ་དང་། སྐྱ་རེངས་ཤར་བ་དང་། ཉི་མ་མ་ཤར་བ་དང་། ཉི་མ་ཤར་བ་དང་། ཉི་མ་བརྒྱད་ཆ་ཤར་བ་དང་།

เล่ม ๑ · หน้า 58a

ཉི་མ་བཞི་ཆ་ཤར་བ་དང་། གུང་ཚིགས་མ་ཡོལ་བ་དང་། ཉི་མ་བཞི་ཆ་ལུས་པ་དང་། ཉི་མ་བརྒྱད་ཆ་ལུས་པ་དང་། ཉི་མ་མ་ནུབ་པ་དང་། ཉི་མ་ནུབ་པ་དང་། རྒྱུ་སྐར་རྣམས་མ་ཤར་བ་དང་། རྒྱུ་སྐར་རྣམས་ཤར་བ་སྟེ། དེ་ནི་ཉིན་མཚན་གྱི་ཆ་བརྗོད་

པའོ།། །།དེའི་འོག་ཏུ་དུས་ཚོད་བརྗོད་པར་བྱ་སྟེ། དུས་ཚོད་ནི་ལྔ་སྟེ། དགུན་གྱི་དུས་དང་། དཔྱིད་ཀྱི་དུས་དང་། དབྱར་གྱི་དུས་དང་། དབྱར་ཐུང་ངུའི་དུས་དང་། དབྱར་རིང་པོའི་དུས་སོ། །དེ་ལ་དགུན་གྱི་དུས་ནི་ཟླ་བ་བཞིའོ། །དཔྱིད་ཀྱི་དུས་ནི་ཟླ་བ་བཞིའོ། །

དབྱར་གྱི་དུས་ནི་ཟླ་བ་གཅིག་གོ། །དབྱར་ཐུང་ངུའི་དུས་ནི་ཉིན་ཞག་གཅིག་གོ། །དབྱར་རིང་པོའི་དུས་ནི་ཉིན་ཞག་གཅིག་གིས་ཟླ་བ་གསུམ་དུ་མ་ཆོག་པ་སྟེ། དེ་ནི་དུས་ཚོད་བརྗོད་པའོ།། །།དེའི་འོག་ཏུ་གནས་རྣམས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་

བ་ཁྱོད་ཉོན་ཅིག །བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་དེ་ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་དགེ་སློང་གི་གནས་སུ་གསུངས་ཏེ། དེ་ལ་གནས་ན་དགེ་སློང་

ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །བཞི་གང་ཞེ་ན། གོས་ཀྱི་ནང་ན་ཕྱག་དར་ཁྲོད་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་

བ་དང་བསྙེན་པར་རྫོགས་པར་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་ཕྱག་དར་ཁྲོད་ཀྱི་གོས་ཀྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། །ལྷག་པར་རྙེད་ན་དར་རམ། རས་ཡུག་ཆེན་ནམ། བེའུ་རས་སམ། དར་ལའམ།

མོན་དར་རམ། བེའུ་རས་ཡུག་ཆེན་ནམ། བེའུ་རས་དམར་པོའམ། བེའུ་ཕྲུག་གམ། ལ་མར་རམ། ཡུལ་ཀ་ཤིའི་རས་ཕྲན་ནམ། ཁ་དོག་རན་པའམ། ཁ་དོག་ངན་པའམ། བལ་གོས་སམ། ཤ་ནའི་རས་སམ། ཟར་མའི་རས་སམ། རས་གོས་སམ།

เล่ม ๑ · หน้า 58b

དུ་གུ་ལའི་རས་སམ། ཀོ་ཏམ་པའི་རས་སམ། ཉི་འོག་གི་གོས་སམ། གཞན་ཡང་གོས་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན། དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུས་དམ་འཆའ་འམ། དེས་དམ་

འཆའོ་ཞེས་བརྗོད་པར་བྱའོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །ཟས་ཀྱི་ནང་ན་བསོད་སྙོམས་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །

མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་བསོད་སྙོམས་ཀྱི་ཟས་ཀྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། །ལྷག་པར་རྙེད་ན་འབྲས་ཅན་ནམ། སྐྱོ་མའམ། ཐུག་པའམ། ལྔ་སྟོན་ནམ། བརྒྱད་སྟོན་ནམ། བཅུ་བཞི་སྟོན་ནམ། ཉ་སྟོན་ནམ། རྟག་རེས་

འཁོར་རམ། མགྲོན་དུ་བོས་པའམ། འཕྲལ་ལ་བོས་པའམ། སྤགས་པའམ། གཞན་ཡང་ཟས་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན། དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་དམ་

འཆའོ་ཞེས་བརྗོད་པར་བྱའོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །གནས་མལ་གྱི་ནང་ན་ཤིང་དྲུང་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དང་དགེ་སློང་གི་དངོས་པོར་འགྱུར་

རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་ཤིང་དྲུང་གི་གནས་མལ་གྱིས་འཚོ་བར་སྤྲོའམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། །ལྷག་པར་རྙེད་ན་ཁང་པའམ། སྔ་ཁང་ངམ། ཁང་པ་བརྩེགས་པའམ། བསིལ་ཁང་ངམ། སབ་མོས་བསྐོར་བའམ། བ་གམ་

མམ། ཁང་བཟངས་སམ། སྒོ་ཁང་གི་སྟེང་གི་བསིལ་ཁང་ངམ། ཁང་སྟེང་གི་ཡོལ་ཁང་ངམ། ཡོལ་ཁང་ངམ། སྤང་ལེབ་ཁང་ངམ། ས་ཕུག་གམ། བྲག་ཕུག་གམ། རི་ཕུག་གམ། རྩྭའི་སྤྱིལ་བུའམ། ལོ་མའི་སྤྱིལ་བུའམ། འཆག་སར་བྱས་པའམ།

เล่ม ๑ · หน้า 59a

འཆག་སར་མ་བྱས་པའམ། བྱ་སྐྱིབས་སུ་བྱས་པའམ། བྱ་སྐྱིབས་སུ་མ་བྱས་པའམ། གཞན་ཡང་གནས་མལ་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན། དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག །ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་

འཆའ་འམ། དེས་དམ་འཆའོ་ཞེས་བརྗོད་པར་བྱའོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །སྨན་གྱི་ནང་ན་བཀུས་ཏེ་བོར་བ་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་

པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲིད་འཚོའི་བར་དུ་བཀུས་ཏེ་བོར་བའི་སྨན་གྱིས་འཚོ་བར་སྤྲོ་འམ། དེས་སྤྲོ་ཞེས་བརྗོད་པར་བྱའོ། །ལྷག་པར་རྙེད་ན་ཞུན་མར་རམ། འབྲུ་མར་རམ། སྦྲང་རྩིའམ། བུ་རམ་གྱི་དབུ་བའམ། དུས་སུ་རུང་བའམ། ཐུན་ཚོད་

དུ་རུང་བའམ། ཞག་བདུན་པའམ། འཚོ་བའི་བར་དུ་བཅང་བའམ། རྩ་བའི་སྨན་ནམ། སྡོང་བུའི་སྨན་ནམ། ལོ་མའི་སྨན་ནམ། འབྲས་བུའི་སྨན་ནམ། གཞན་ཡང་སྨན་རུང་བ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན། དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་

གྱིས་ཤིག །ཇི་ལྟ་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་དམ་འཆའོ་ཞེས་བརྗོད་པར་བྱའོ། །དེ་ནི་གནས་རྣམས་བརྗོད་པའོ།། །།དེའི་འོག་ཏུ་ལྟུང་བར་འགྱུར་བའི་ཆོས་རྣམས་བརྗོད་པར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བཞི་པོ་འདི་

དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་དེ་ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་དགེ་སློང་གི་ལྟུང་བར་འགྱུར་བའི་ཆོས་སུ་གསུངས་ཏེ། དགེ་སློང་གིས་དེ་བྱས་ན་བྱས་མ་ཐག་ཏུ་

དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བསླང་དུ་མེད་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด