ตัวบทไม่มีชื่อ — ประโยคแรก: རྩོད་པ་ཞི་བར་བྱེད་པའི་གཞིའི་སྡོམ་ལ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๓ · หน้า 250b

བུ་ཁོ་བོའི་འོ། །མཁན་པོ་དགེ་སློང་ཆེ་གེ་མོ་ཞིག་གི་ཆོས་གོས་ཕྱོགས་དེ་ཉིད་དུ་བཞག་པ་དེ་ཁ་མཆིས་ལགས་སོ། །བུ་གལ་ཏེ་དེ་ལྟ་ན་ཆོས་གོས་དེ་དག་ཁྱེར་ཏེ་ཤོག་ཤིག་བལྟའོ། །དེས་ཁྱེར་ཏེ་འོངས་ནས་མཁན་པོ་ཆོས་གོས་འདི་ངོ་མཁྱེན་པར་མཛོད་ཅིག །དེས་ངོ་ཤེས་

ནས་བུ་ངས་ནོར་བར་ཁྱེར་ཏེ་འོངས་ཀྱིས། དགེ་སློང་དེའི་འདི་དག་ཡིན་གྱིས་སྐྱོལ་ཅིག །དེས་ཁྱེར་ཏེ་དགེ་སློང་དེའི་དྲུང་དུ་སོང་ནས་སྨྲས་པ། ཚེ་དང་ལྡན་པ་ཆོས་གོས་འདི་དག་མཁན་པོས་ནོར་ཏེ་ཁྱེར་རོ། །དེས་སྨྲས་པ། དེས་རྐུ་སེམས་ཀྱིས་བླངས་པས་ཕས་ཕམ་པའི་ལྟུང་བ་

བྱུང་ངོ་། །དེ་ནས་གླགས་ཚོལ་བའི་དགེ་སློང་རྣམས་ཀྱིས་དེ་ལ་གླེང་བ་མ་བྱས་དྲན་པར་མ་བྱས་པར་མཐུས་གནས་ནས་དབྱུང་བའི་ལས་བྱས་སོ། །ཚེ་དང་ལྡན་པ་རི་དགས་འཛིན་གྱི་བུ་ནག་པོས་བསམས་པ། བྲམ་ཟེ་དང་ཁྱིམ་བདག་རྣམས་དད་པ་སྐྱེ་བར་ནི་དཀའ་ལ་མ་དད་པ་སྐྱེ་བར་

ནི་བླ་བས་གལ་ཏེ་འདུག་པར་གྱུར་ན་གདོན་མི་ཟ་བར་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་མ་དད་པ་སྐྱེ་བར་འགྱུར་གྱིས། མདོར་ན་མཉན་ཡོད་ཁོ་ནར་འགྲོའོ་སྙམ་ནས། དེས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ལ་མ་བལྟས་པར་དེས་ལྷུང་བཟེད་དང་ཆོས་གོས་བླངས་ནས་མཉན་ཡོད་གང་ན་བ་

དེར་རྒྱུ་ཞིང་སོང་སྟེ། རིམ་གྱིས་རྒྱུ་ཞིང་སོང་བ་ན་མཉམ་ཡོད་དུ་ཕྱིན་པ་དང་། དེ་དགེ་སློང་རྣམས་ཀྱིས་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་ནག་པོ་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཁྱོད་མཐོང་བ་ནི་ཁོ་བོ་ཅག་དགའ་ན་འོངས་པ་མ་ཡིན་ནོ། །ཅིའི་ཕྱིར་འདི་ལྟར་ཁྱོད་ལ་

བརྟེན་ནས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་སངས་རྒྱས་ལ་མངོན་པར་དད། ཆོས་དང་། དགེ་འདུན་ལ་མངོན་པར་དད་པས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ལྷག་པར་བྱ་བ་བྱེད་དོ། །དེས་སྨྲས་པ། དེ་ནི་མད་མོད་ཀྱི་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་བདག་ལ་

གླེང་བ་མ་བྱས་དྲན་པར་མ་བྱས་པར་མཐུས་གནས་ནས་དབྱུང་བའི་ལས་བྱས་སོ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདུག་ཤིག །ཁྱོད་ངས་ཆོས་ཀྱིས་བསླང་བར་བྱའོ། །དེ་ནས་བཅོམ་

เล่ม ๓ · หน้า 251a

ལྡན་འདས་ཀྱིས་ཆོས་ཀྱིས་བསླང་ངོ་། །ཡངས་པ་ཅན་གྱི་དགེ་སློང་རྣམས་བདག་ཅག་གིས་དགེ་སློང་ནག་པོ་སྐྱོན་མེད་པ་གནོད་པ་མ་བྱས་པ་ལ་མཐུས་གནས་ནས་དབྱུང་བའི་ལས་བྱས་པ་གང་ཡིན་པ་ནི་མ་ལེགས་པ་ཞིག་བྱས་སོ་ཞེས་འགྱོད་པ་སྐྱེས་ནས། དེ་རྣམས་ལྷུང་བཟེད་

དང་ཆོས་གོས་བླངས་ཏེ་མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་སོང་བ་ལས། དེ་རྣམས་ཀྱིས་ལམ་ཀར་དགེ་སློང་ཞིག་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་གང་ནས་འོངས། མཉན་ཡོད་ནས་སོ། །ཁྱོད་ཀྱིས་རི་དགས་འཛིན་གྱི་བུ་ནག་པོ་མཐོང་ངམ། མཐོང་ངོ་། །དེ་ཅི་བྱ། ཁོ་བོ་

ཅག་གིས་དེ་སྐྱོན་མེད་པ་གནོད་པ་མ་བྱས་པ་ལ་གླེང་བ་མ་བྱས། དྲན་པར་མ་བྱས་པར་མཐུས་གནས་ནས་དབྱུང་བའི་ལས་བྱས་སོ། །བསླང་ཟིན་ནོ། །སུས། བཅོམ་ལྡན་འདས་ཀྱིས་སོ། །དེ་ན་ཁ་ཅིག་གིས་ནི་འདི་སྐད་ཅེས་སྨྲས་སོ། །བསླང་བ་ནི་མ་ཡིན་གྱི་ཐག་བསྲིང་བར་

བསླང་བ་ཡིན་ཏེ། འདི་ལྟར་དེ་བདག་ཅག་གིས་གནས་ནས་དབྱུང་བའི་ལས་བྱས་ལ། བདག་ཅག་གིས་མངོན་སུམ་དུ་མ་གྱུར་པར་དེ་བསླང་བ་ནི་རིགས་པ་མ་ཡིན་ནོ། །ཁ་ཅིག་གིས་སྨྲས་པ། གལ་ཏེ་བཅོམ་ལྡན་འདས་ཆོས་ཀྱི་རྗེ། བདེ་བར་གཤེགས་པ་ཆོས་ཀྱི་རྗེས་བསླང་ན་ལེགས་

པར་བསླང་བ་ཡིན་ནོ། །དེ་རྣམས་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང་ལྷུང་བཟེད་དང་། ཆོས་གོས་མཁོས་སུ་ཕབ་ནས་རྐང་པ་གཉིས་བཀྲུས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་

ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་བྱིས་པ། བླུན་པ། མི་གསལ་བ། མི་མཁས་པ་རྣམས་ཀྱིས་རི་དགས་འཛིན་གྱི་བུ་ནག་པོ་སྐྱོན་མ་མཆིས་པ་གནོད་པ་

མ་བགྱིས་པ་ལ་གླེང་བ་མ་བགྱིས། དྲན་པར་མ་བགྱིས་པར་མཐུས་གནས་ནས་དབྱུང་བའི་ལས་བགྱིས་པ་བདག་ཅག་འགྱོད་པ་སྐྱེས་ནས་རི་དགས་འཛིན་གྱི་བུ་ནག་པོ་ལ་བཟོད་པ་གསོལ་དུ་འདིར་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྩོད་པ་དེ་

เล่ม ๓ · หน้า 251b

དེ་བཞིན་གཤེགས་པས་འདི་ལྟ་སྟེ་ཆོས་ཀྱིས་བསླང་ཟིན་ནོ། །བཙུན་པ་བདག་ཅག་གིས་ཤུལ་ཀར་དགེ་སློང་ཞིག་ལས་བཅོམ་ལྡན་འདས་ཀྱིས་རྩོད་པ་དེ་འདི་ལྟ་སྟེ། ཆོས་ཀྱིས་བསླང་ལགས་སོ་ཞེས་ཐོས་ཏེ། དེ་ལྟ་ལགས་མོད་ཀྱི་བདག་ཅག་གི་ནང་ན་ཁ་ཅིག་གི་མཆིད་ནས་འདི་སྐད་ཅེས།

བསླང་བ་མ་ལགས་ཀྱི་ཐག་བསྲིང་བར་བསླང་བ་ལགས་ཏེ། འདི་ལྟར་དེར་བདག་ཅག་མངོན་སུམ་དུ་མ་གྱུར་ཏོ་ཞེས་མཆིའོ། །གཞན་དག་ནི་གལ་ཏེ་བཅོམ་ལྡན་འདས་ཆོས་ཀྱི་རྗེ། བདེ་བར་གཤེགས་པ་ཆོས་ཀྱི་རྗེས་བསླང་བ་ནི་ལེགས་པར་བསླང་བ་ལགས་སོ་ཞེས་མཆིའོ། །

བཅོམ་ལྡན་འདས་ཀྱིས་དགོངས་པ། ཀྱེ་མའོ་ངའི་ཉན་ཐོས་རྣམས་ནི་འདི་ལྟ་སྟེ། སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་སྐྱེས་ཤིང་བྱུང་བ་ཞི་བར་བྱ་བར་འདོད་དོ་སྙམ་དུ་དགོངས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཇི་ལྟར་ན་མངོན་སུམ་དུ་འདུལ་བར་

འོས་པ་ནི་རྩོད་པ་ཞི་བར་བྱེད་པ་ཡིན། ཇི་ལྟར་ན་འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། མངོན་སུམ་དུ་འདུལ་བར་འོས་པའི་རྩོད་པ་ཞི་བར་བྱེད་པས་དུལ་བ་དང་། ཞི་བ་དང་། ཉེ་བར་ཞི་བ་ཡིན་ཞེ་ན། དགེ་སློང་དག་འདི་ལ་ཆོས་འདུལ་བས་གང་ཟག་གིས་གང་ཟག་ལ་

མིག་བཞི་མངོན་སུམ་དུ་གླེང་བ་དང་། ཆོས་འདུལ་བས་གཉིས་ཀྱིས་མང་པོ་དང་། དགེ་འདུན་ལ་མིག་བཞི་མངོན་སུམ་དུ་གླེང་བ་དང་། ཆོས་འདུལ་བས་གང་ཟག་གཉིས་ཀྱིས་གང་ཟག་ལ་མིག་བཞི་མངོན་སུམ་དུ་གླེང་བ་དང་། ཆོས་འདུལ་བས་གང་ཟག་གཉིས་ཀྱིས་

གཉིས་དང་མང་པོ་དང་། དགེ་འདུན་ལ་མིག་བཞི་མངོན་སུམ་དུ་གླེང་བ་དང་། ཆོས་འདུལ་བས་གང་ཟག་མང་པོས་གང་ཟག་ལ་མིག་བཞི་མངོན་སུམ་དུ་གླེང་བ་དང་། ཆོས་འདུལ་བས་གང་ཟག་མང་པོས་གཉིས་དང་། མང་པོ་དང་། དགེ་འདུན་ལ་མིག་བཞི་མངོན་

སུམ་དུ་གླེང་བ་དང་། ཆོས་འདུལ་བས་དགེ་འདུན་གྱིས་གང་ཟག་ལ་མིག་བཞི་མངོན་སུམ་དུ་གླེང་བ་དང་། ཆོས་འདུལ་བས་དགེ་འདུན་གྱིས་གཉིས་དང་མང་པོ་དང་། དགེ་འདུན་ལ་མིག་བཞི་མངོན་སུམ་དུ་གླེང་བའོ། །ཆོས་མ་ཡིན་པའི་མངོན་སུམ་དུ་འདུལ་བར་འོས་

เล่ม ๓ · หน้า 252a

པ་སྦྱིན་པ་བཅུ་དྲུག་དང་། ཆོས་ཀྱི་བཅུ་དྲུག་གོ། །ཆོས་མ་ཡིན་པའི་བཅུ་དྲུག་གང་ཞེ་ན། གང་ཟག་ཆོས་དང་མི་མཐུན་པས་གང་ཟག་ཆོས་དང་མཐུན་པ་དང་། གང་ཟག་ཆོས་དང་མི་མཐུན་པ་གཉིས་ཀྱིས་གང་ཟག་ཆོས་དང་མཐུན་པ་དང་། གང་ཟག་

ཆོས་དང་མི་མཐུན་པ་མང་པོས་གང་ཟག་ཆོས་དང་མཐུན་པ་དང་། དགེ་འདུན་ཆོས་དང་མི་མཐུན་པས་གང་ཟག་ཆོས་དང་མཐུན་པ་དང་། གང་ཟག་ཆོས་དང་མི་མཐུན་པ་གཉིས་ཀྱིས་གང་ཟག་ཆོས་དང་མཐུན་པ་དང་། གང་ཟག་ཆོས་དང་མི་མཐུན་པ་གཉིས་

ཀྱིས་གང་ཟག་ཆོས་དང་མཐུན་པ་གཉིས་དང་། གང་ཟག་ཆོས་དང་མི་མཐུན་པ་གཉིས་ཀྱིས་གང་ཟག་ཆོས་དང་མཐུན་པ་མང་པོ་དང་། གང་ཟག་ཆོས་དང་མི་མཐུན་པ་གཉིས་ཀྱིས་དགེ་འདུན་ཆོས་དང་མཐུན་པ་དང་། གང་ཟག་ཆོས་དང་མི་མཐུན་པ་མང་པོས་གང་ཟག་ཆོས་

དང་མཐུན་པ་དང་། གང་ཟག་ཆོས་དང་མི་མཐུན་པ་མང་པོས་གང་ཟག་ཆོས་དང་མཐུན་པ་གཉིས་དང་། གང་ཟག་ཆོས་དང་མི་མཐུན་པ་མང་པོས་གང་ཟག་ཆོས་དང་མཐུན་པ་མང་པོ་དང་། གང་ཟག་ཆོས་དང་མི་མཐུན་པ་མང་པོས་དགེ་འདུན་ཆོས་དང་མཐུན་པ་དང་།

དགེ་འདུན་ཆོས་དང་མི་མཐུན་པས་གང་ཟག་ཆོས་དང་མཐུན་པ་དང་། དགེ་འདུན་ཆོས་དང་མི་མཐུན་པས་གང་ཟག་ཆོས་དང་མཐུན་པ་གཉིས་དང་། དགེ་འདུན་ཆོས་དང་མི་མཐུན་པས་གང་ཟག་ཆོས་དང་མཐུན་པ་མང་པོ་དང་། དགེ་འདུན་ཆོས་དང་མི་མཐུན་པས་དགེ་

འདུན་ཆོས་དང་མཐུན་པ་སྟེ། འདི་དག་ནི་ཆོས་མ་ཡིན་པའི་མངོན་སུམ་དུ་འདུལ་བར་འོས་པ་སྦྱིན་པ་བཅུ་དྲུག་ཡིན་ནོ། །ཆོས་ཀྱིས་མངོན་སུམ་དུ་འདུལ་བར་འོས་པ་སྦྱིན་པ་བཅུ་དྲུག་གང་ཞེ་ན། གང་ཟག་ཆོས་དང་མཐུན་པས་གང་ཟག་ཆོས་དང་མི་མཐུན་པ་དང་།

གང་ཟག་ཆོས་དང་མཐུན་པས་གང་ཟག་ཆོས་དང་མི་མཐུན་པ་གཉིས་དང་། གང་ཟག་ཆོས་དང་མཐུན་པས་གང་ཟག་ཆོས་དང་མི་མཐུན་པ་མང་པོ་དང་། གང་ཟག་ཆོས་དང་མཐུན་པས་དགེ་འདུན་ཆོས་དང་མི་མཐུན་པ་དང་། གང་ཟག་ཆོས་དང་མཐུན་པ་གཉིས་

เล่ม ๓ · หน้า 252b

ཀྱིས་གང་ཟག་ཆོས་དང་མི་མཐུན་པ་དང་། གང་ཟག་ཆོས་དང་མཐུན་པ་གཉིས་ཀྱིས་གང་ཟག་ཆོས་དང་མི་མཐུན་པ་གཉིས་དང་། གང་ཟག་ཆོས་དང་མཐུན་པ་གཉིས་ཀྱིས་གང་ཟག་ཆོས་དང་མི་མཐུན་པ་མང་པོ་དང་། གང་ཟག་ཆོས་དང་མཐུན་པ་གཉིས་ཀྱིས་དགེ་

འདུན་ཆོས་དང་མི་མཐུན་པ་དང་། གང་ཟག་ཆོས་དང་མཐུན་པ་མང་པོས་གང་ཟག་ཆོས་དང་མི་མཐུན་པ་དང་། གང་ཟག་ཆོས་དང་མཐུན་པ་མང་པོས་གང་ཟག་ཆོས་དང་མི་མཐུན་པ་གཉིས་དང་། གང་ཟག་ཆོས་དང་མཐུན་པ་མང་པོས་གང་ཟག་ཆོས་དང་མི་མཐུན་པ་

མང་པོ་དང་། གང་ཟག་ཆོས་དང་མཐུན་པ་མང་པོས་དགེ་འདུན་ཆོས་དང་མི་མཐུན་པ་དང་། དགེ་འདུན་ཆོས་དང་མཐུན་པས་གང་ཟག་ཆོས་དང་མི་མཐུན་པ་དང་། དགེ་འདུན་ཆོས་དང་མཐུན་པས་གང་ཟག་ཆོས་དང་མི་མཐུན་པ་གཉིས་དང་། དགེ་འདུན་ཆོས་དང་

མཐུན་པས་གང་ཟག་ཆོས་དང་མི་མཐུན་པ་མང་པོ་དང་། དགེ་འདུན་ཆོས་དང་མཐུན་པས་དགེ་འདུན་ཆོས་དང་མི་མཐུན་པ་སྟེ། འདི་དག་ནི་ཆོས་ཀྱི་མངོན་སུམ་དུ་འདུལ་བར་འོས་པ་སྦྱིན་པ་བཅུ་དྲུག་ཡིན་ནོ། །དགེ་སློང་དག་དེ་ལྟར་ན་མངོན་སུམ་དུ་འདུལ་བར་འོས་པ་

ནི་རྩོད་པ་ཞི་བར་བྱེད་པ་ཡིན་ཞིང་། དེ་ལྟར་ན་འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། མངོན་སུམ་དུ་འདུལ་བར་འོས་པའི་རྩོད་པ་ཞི་བར་བྱེད་པས་དུལ་བ་དང་། ཞི་བ་དང་། ཉེ་བར་ཞི་བ་ཡིན་ནོ། །དགེ་སློང་དག་ཇི་ལྟར་ན་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་

ནི་རྩོད་པ་ཞི་བར་བྱེད་པ་ཡིན། ཇི་ལྟར་ན་འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པའི་རྩོད་པ་ཞི་བར་བྱེད་པས་དུལ་བ་དང་། ཞི་བ་དང་། ཉེ་བར་ཞི་བ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་མེ་བཞི་དགེ་འདུན་གྱི་ནང་དུ་ལྟུང་བ་

བརྗེད་པ་ལས། བརྗེད་པ་སླར་དྲན་ཏེ་ཤེས་པ་ལས་ཡང་བརྗེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་མེ་བཞི་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ་

เล่ม ๓ · หน้า 253a

ཡང་རུང་བ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་བྱིན་ཅིག །སྦྱིན་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་

དང་། དགེ་སློང་མེ་བཞིས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་རྒན་པའི་མཐར་ཙོག་ཙོག་པོར་འདུག་ལ་ཐལ་མོ་སྦྱར་ཏེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་གསོལ་བ་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མེ་བཞི་དགེ་འདུན་གྱི་ནང་དུ་

ལྟུང་བ་བསྐྱུད་པ་ལས། བསྐྱུད་པ་སླར་དྲན་ཏེ་འཚལ་བ་ལས་ཡང་བསྐྱུད་ནས་དགེ་འདུན་ལ་བདག་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་གསོལ་ན། དགེ་འདུན་བཙུན་པ་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་མེ་བཞི་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་

པར་འོས་པ་སྩལ་དུ་གསོལ། དེ་སྐད་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་པ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མེ་བཞི་འདི་དགེ་འདུན་གྱི་ནང་དུ་ལྟུང་བ་བསྐྱུད་པ་ལས་བསྐྱུད་པ་

སླར་དྲན་ཏེ་འཚལ་བ་དང་། ཡང་བསྐྱུད་ནས་དགེ་སློང་མེ་བཞི་འདི་དགེ་འདུན་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་དགེ་འདུན་གྱིས་དགེ་སློང་མེ་བཞི་ལ་དེའི་

ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྩོལ་བར་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མེ་བཞི་འདི་དགེ་འདུན་གྱི་ནང་དུ་ལྟུང་བ་བསྐྱུད་པ་ལས། བསྐྱུད་པ་སླར་དྲན་ཏེ་འཚལ་བ་དང་ཡང་

བསྐྱུད་ནས་འདི་ལྟར་དགེ་འདུན་གྱིས་དགེ་སློང་མེ་བཞི་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྩོལ་བར་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མེ་བཞི་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྩོལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་

เล่ม ๓ · หน้า 253b

བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལས་བརྗོད་པ་གཉིས་པ་དང་། གསུམ་གྱི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མེ་བཞི་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྩལ་ལགས་ཏེ།

འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ངས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་བྱིན་པའི་དགེ་སློང་གི་ཀུན་དུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་བྱིན་པའི་དགེ་སློང་གིས་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ།

གནས་མི་སྦྱིན། དགེ་ཚུལ་གཞག་པར་མི་བྱ། འདིས་ལས་མི་བྱ། ལས་བྱེད་པར་བསྐོ་བར་མི་བྱ། འདིས་དགེ་སློང་མ་ལ་གདམས་ངག་སྦྱིན་པར་མི་བྱ། དགེ་སློང་མའི་གདམས་ངག་སྟོན་པར་བསྐོ་བར་མི་བྱ། སྔོན་བསྐོས་ན་ཡང་དགེ་སློང་མ་ལ་གདམས་ངག་སྦྱིན་པར་མི་བྱ།

འདིས་དགེ་སློང་ལ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པས་གླེང་བར་མི་བྱ། དྲན་པར་མི་བྱ་སྟེ། འདིས་གདམས་ངག་དབོག་པར་མི་བྱ། གསོ་སྦྱོང་ལ་མ་ཡིན། དགག་དབྱེ་ལ་མ་ཡིན། གསོལ་བ་ལ་མ་ཡིན།

གསོལ་བ་དང་གཉིས་ལ་མ་ཡིན། གསོལ་བ་དང་བཞིའི་ལས་ལ་མ་ཡིན་ཞིང་། གང་དག་འདུལ་བ་འཛིན་པ་གཞན་ཡོད་ན་དགེ་འདུན་གྱི་ནང་དུ་འདུལ་བ་གདོན་པར་ཡང་མི་བྱའོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་བྱིན་པའི་དགེ་སློང་གིས་ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་

པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཆོས་མ་ཡིན་པའི་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྦྱིན་པ་ཆོས་མ་ཡིན་པ་གཅིག་དང་ཆོས་ཀྱི་གཅིག་གོ། །ཆོས་མ་ཡིན་པའི་གཅིག་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་གཞི་ཅན་དགེ་

འདུན་གྱི་ནང་དུ་ལྟུང་བ་དྲན་ཏེ་ཤེས་པ་ལས་བརྗེད་པ་དེ་བརྗེད་ན་ཡང་དྲན་པ་དེ་ལ་དགེ་འདུན་གྱིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྦྱིན་པ་ནི་ཆོས་མ་ཡིན་པའི་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྦྱིན་པ་སྟེ། འདི་ནི་ཆོས་མ་ཡིན་པའི་གཅིག་ཡིན་ནོ། །ཆོས་ཀྱི་གཅིག་

เล่ม ๓ · หน้า 254a

གང་ཞེ་ན། འདི་ལྟ་སྟེ། དགེ་སློང་གཞི་ཅན་དགེ་འདུན་གྱི་ནང་དུ་ལྟུང་བ་བརྗེད་པ་ལས་བརྗེད་པ་སླར་དྲན་ཏེ་ཤེས་པ་དང་ཡང་བརྗེད་པ་དེ་ལ་དགེ་འདུན་གྱིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྦྱིན་པ་ནི་ཆོས་ཀྱིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་སྦྱིན་པ་སྟེ། འདི་

ནི་ཆོས་ཀྱི་གཅིག་ཡིན་ནོ། །དགེ་སློང་དག་དེ་ལྟར་ན་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ནི་རྩོད་པ་ཞི་བར་བྱེད་པ་ཡིན་ཞིང་། དེ་ལྟར་ན་འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པའི་རྩོད་པ་ཞི་བར་བྱེད་པས་དུལ་བ་དང་། ཞི་བ་དང་། ཉེ་

བར་ཞི་བ་ཡིན་ནོ། །དགེ་སློང་དག་ཇི་ལྟར་ན་རྩྭ་བཀྲམ་པ་ལྟ་བུར་འོས་པ་ནི་རྩོད་པ་ཞི་བར་བྱེད་པ་ཡིན། ཇི་ལྟར་ན་འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། རྩྭ་བཀྲམ་པ་ལྟ་བུར་འོས་པའི་རྩོད་པ་ཞི་བར་བྱེད་པས་དུལ་བ་དང་། ཞི་བ་དང་། ཉེ་བར་ཞི་བ་ཡིན་ཞེ་ན། འདི་ལྟ་སྟེ་དགེ་

སློང་རྣམས་འཐབ་པར་གྱུར་ཅིང་མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པར་གྱུར་ནས་གནས་ཤིང་ཕྱོགས་དང་ཕྱོགས་གཞན་དུ་རྣམ་པར་གནས་ན། ཕྱོགས་གཅིག་ན་དགེ་སློང་གནས་བརྟན་གནས་བརྟན་གང་ཡང་རུང་བ། ཤེས་ཉེན་ཅན་ཤེས་ཉེན་ཅན་གང་ཡང་རུང་བ།

གཙོ་བོ་གཙོ་བོ་གང་ཡང་རུང་བ་ཡོད་པ་གང་ཡིན་པ་དེས་རང་གི་ཕྱོགས་ཀྱི་དྲུང་དུ་སོང་སྟེ་ཚིག་འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར་ཅིང་མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པར་གྱུར་པ་ནི།

བདག་ཅག་གིས་རྙེད་པ་རྙེད་པ་མ་ཡིན་ཏེ། ཉེས་པ་རྙེད་ཀྱི་ལེགས་པ་མ་རྙེད་པས་ཚེ་དང་ལྡན་པ་དག་གཞི་འདི་ལ་ཁོ་བོ་དང་ཁྱོད་ཀྱི་ལྟུང་བ་བྱུང་བ་གང་ཡིན་པ་ལས་ཁ་ན་མ་ཐོ་བ་སྦོམ་པོའམ། ཁྱིམ་ན་གནས་པ་ལས་བརྟེན་པ་མ་གཏོགས་པར་ཁོ་བོས་བདག་དང་ཁྱོད་ཀྱི་ཆེད་དུ་ཚེ་

དང་ལྡན་པ་དེ་དག་གི་དྲུང་དུ་མི་བཅབ་པར་མཐོལ་ཞིང་བཤགས་པར་སྤྲོའོ་ཞེས་སྨྲ་བར་བྱའོ། །གལ་ཏེ་དགེ་སློང་དེ་ལ་རང་གི་ཕྱོགས་ནས་དགེ་སློང་གཅིག་གིས་ཀྱང་སྨྲས་པ་མ་བཟློག་ཅིང་མི་གཤེ་ན། དེ་ནས་དགེ་སློང་དེས་ཕྱོགས་ཅིག་ཤོས་ཀྱི་དྲུང་དུ་སོང་ནས་བླ་གོས་ཕྲག་པ་

เล่ม ๓ · หน้า 254b

གཅིག་ཏུ་གཟར་ཏེ་རྒན་རིམས་ཇི་ལྟ་བ་བཞིན་དུ་འདུད་པ་བྱས་ལ་ཙོག་ཙོག་པོར་འདུག་སྟེ་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁོ་བོ་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར་ཅིང་མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པར་གྱུར་པ་ནི་

ཁོ་བོ་ཅག་གིས་རྙེད་པ་རྙེད་པ་མ་ཡིན་ཏེ། ཉེས་པ་རྙེད་ཀྱི་ལེགས་པ་མ་རྙེད་པས་གཞི་འདི་ལ་ཁོ་བོ་དང་ཚེ་དང་ལྡན་པ་དེ་དག་གི་ལྟུང་བ་བྱུང་བ་གང་ཡིན་པ་ལས་ཁ་ན་མ་ཐོ་བ་སྦོམ་པོའམ། ཁྱིམ་ན་གནས་པ་ལས་བརྟེན་པ་མ་གཏོགས་པར་ཁོ་བོས་བདག་དང་ཚེ་དང་ལྡན་པ་དེ་དག་གི་ཆེད་

དུ་ཁྱེད་ཀྱི་དྲུང་དུ་མི་བཅབ་པར་མཐོལ་ཞིང་བཤགས་པར་སྤྲོའོ་ཞེས་སྨྲ་བར་བྱའོ། །ཕྱོགས་ཅིག་ཤོས་ན་དགེ་སློང་གནས་བརྟན་གནས་བརྟན་གང་ཡང་རུང་བ། ཤེས་ཉེན་ཅན་ཤེས་ཉེན་ཅན་གང་ཡང་རུང་བ། གཙོ་བོ་གཙོ་བོ་གང་ཡང་རུང་བ་ཡོད་པ་གང་ཡིན་པ་དེས་ཀྱང་རང་གི་

ཕྱོགས་ཀྱི་དྲུང་དུ་སོང་སྟེ་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དག་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར་ཅིང་མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པར་གྱུར་པ་ནི་བདག་ཅག་གིས་རྙེད་པ་རྙེད་པ་མ་ཡིན་ཏེ། ཉེས་པ་རྙེད་ཀྱིས་

ལེགས་པ་མ་རྙེད་པས། ཚེ་དང་ལྡན་པ་དག་གཞི་འདི་ལ་ཁོ་བོ་དང་ཁྱེད་ཀྱི་ལྟུང་བ་བྱུང་བ་གང་ཡིན་པ་ལས་ཁ་ན་མ་ཐོ་བ་སྦོམ་པོའམ། ཁྱིམ་ན་གནས་པ་ལས་བརྟེན་པ་མ་གཏོགས་པར་ཁོ་བོས་བདག་དང་ཁྱེད་ཀྱི་ཆེད་དུ་ཚེ་དང་ལྡན་པ་དེ་དག་གི་དྲུང་དུ་མི་བཅབ་པར་མཐོལ་ཞིང་བཤགས་

པར་སྤྲོའོ་ཞེས་སྨྲ་བར་བྱའོ། །གལ་ཏེ་དགེ་སློང་དེ་ལ་རང་གི་ཕྱོགས་ནས་དགེ་སློང་གཅིག་གིས་ཀྱང་སྨྲས་པ་མ་བཟློག་ཅིང་མི་གཤེ་ན། དེ་ནས་དགེ་སློང་དེས་ཕྱོགས་ཅིག་ཤོས་ཀྱི་དྲུང་དུ་སོང་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་རྒན་རིམས་ཇི་ལྟ་བ་བཞིན་དུ་འདུད་པ་བྱས་ལ་ཙོག་

ཙོག་པོར་འདུག་སྟེ་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁོ་བོ་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར་ཅིང་མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པར་གྱུར་པ་ནི་ཁོ་བོ་ཅག་གིས་རྙེད་པ་རྙེད་པ་མ་ཡིན་ཏེ། ཉེས་པ་རྙེད་ཀྱིས་ལེགས་

เล่ม ๓ · หน้า 255a

པ་མ་རྙེད་པས་གཞི་འདི་ལ་ཁོ་བོ་དང་ཚེ་དང་ལྡན་པ་དེ་དག་གི་ལྟུང་བ་བྱུང་བ་གང་ཡིན་པ་ལས་ཁ་ན་མ་ཐོ་བ་སྦོམ་པོའམ། ཁྱིམ་ན་གནས་པ་ལ་བརྟེན་པ་མ་གཏོགས་པར་ཁོ་བོས་བདག་དང་ཚེ་དང་ལྡན་པ་དེ་དག་གི་ཆེད་དུ་ཁྱེད་ཀྱི་དྲུང་དུ་མི་འཆབ་པར་མཐོལ་ཞིང་

བཤགས་པར་སྤྲོའོ་ཞེས་སྨྲ་བར་བྱའོ། །གང་གི་ཚེ་ཕྱོགས་ཅིག་ཤོས་ཀྱིས་ཅིག་ཤོས་ལའམ། ཅིག་ཤོས་ཀྱིས་ཅིག་ཤོས་ལ་སྤུས་ལ་ལྟུང་བ་ལྟ་བུར་བྱེད། འབྱུང་བར་སྐྱོང་། མཚུངས་པར་ཉེ་བར་སྟོན་པར་བྱེད་ཀྱི་ཕན་ཚུན་དུ་ལྟུང་བ་སྒྲོགས་པར་གླེང་བར་མི་བྱེད་ན་དེ་ལྟར་

ན་རྩོད་པ་དེ་འདི་ལྟ་སྟེ། རྩྭ་བཀྲམ་པ་ལྟ་བུར་འོས་པས་ཞི་བ་ཡིན་ཏེ། དགེ་སློང་དག་དེ་ལྟར་ན་རྩྭ་བཀྲམ་པ་ལྟ་བུར་འོས་པ་ནི་རྩོད་པ་ཞི་བར་བྱེད་པ་ཡིན་ཞིང་། དེ་ལྟར་ན་འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། རྩྭ་བཀྲམ་པ་ལྟ་བུར་འོས་པའི་རྩོད་པ་ཞི་བར་བྱེད་པས་དུལ་བ་དང་

ཞི་བ་དང་ཉེ་བར་ཞི་བ་ཡིན་ནོ། །དགེ་སློང་དག་ལྟུང་བའི་རྩོད་པ་ནི་ཞི་བར་བྱེད་པའི་ཆོས་བཞི་པོ་འདིས་དུལ་བར་བྱ། ཞི་བར་བྱ། ཉེ་བར་ཞི་བར་བྱ་བ་ནི་འདི་ལྟ་སྟེ། ཁས་བླང་བར་འོས་པ་དང་། མངོན་སུམ་དུ་འདུལ་བར་འོས་པ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་དང་།

རྩྭ་བཀྲམ་པ་ལྟ་བུར་འོས་པས་སོ། །དགེ་སློང་དག་བྱ་བའི་རྩོད་པ་ནི་དགེ་འདུན་མཐུན་པས་ཞི་བར་བྱའོ། །དགེ་སློང་དག་གནས་གང་ན་དགེ་སློང་ཞིག་གནས་པ་དེ་ན་འཐབ་པ་མེད། མཚང་འདྲུ་བ་མེད། འཐབ་མོ་མེད། འགྱེད་པ་མེད་དོ། །གང་ན་གཉིས་ཡོད་པ་དེ་ན་ཡང་

འཐབ་པ་མེད། མཚང་འདྲུ་བ་མེད། འཐབ་མོ་མེད། འགྱེད་པ་མེད་དོ། །གང་ན་གསུམ་ཡོད་པ་དེ་ན་ཡང་འཐབ་པ་མེད། མཚང་འདྲུ་བ་མེད། འཐབ་མོ་མེད། འགྱེད་པ་མེད་དོ། །གང་ན་དགེ་སློང་བཞིའམ་ལྷག་པ་གནས་པ་དེ་ན་ནི་འཐབ་པ་དང་། མཚང་འདྲུ་བ་དང་།

འཐབ་མོ་དང་། འགྱེད་པ་ཡོད་དོ། །དགེ་སློང་དག །ཚངས་པ་ཇི་བཞིན་གཅིག་དེ་བཞིན། །བརྒྱ་བྱིན་ཇི་བཞིན་གཉིས་དེ་བཞིན། །རྒྱལ་པོ་ཇི་བཞིན་གསུམ་དེ་བཞིན། །དེ་ལས་ལྷག་པ་འཁྲུག་པར་འགྱུར། །དགེ་སློང་དག་དེ་ལྟ་བས་ན་རྗེས་སུ་གནང་སྟེ། ཚིག་

เล่ม ๓ · หน้า 255b

བཞི་པའི་ཚིགས་སུ་བཅད་པ་གཅིག་འཛིན་པ་གང་ཡིན་པ་དེ་ལ་ཡང་ཆོས་ཀྱི་རྙེད་པ་སྦྱིན་པར་བྱ་ཞིང་། དེས་ཀྱང་ལོངས་སྤྱད་པར་བྱ་སྟེ། འདི་ལ་ནི་འགྱོད་པར་ནི་མི་བྱའོ། །རྩོད་པའི་གཞི་རྫོགས་སོ།། །།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด