ตัวบทไม่มีชื่อ — ประโยคแรก: འདུལ་བ་གཞི
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๔ · หน้า 227a
པོ་དང་། དཀར་པོ་དང་། བཙོད་ཀ་དག་བྱུང་ནས་ཁ་ཅིག་ནི་འོག་དུ་འགྲོ། །ཁ་ཅིག་ནི་སྟེང་དུ་འགྲོ་ལ། གང་དག་འོག་ཏུ་འགྲོ་བ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་།
ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་པ་ཅན་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་བ་དང་། ཨ་ཅུ་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་སོང་སྟེ། སེམས་
ཅན་དམྱལ་བ་ཚ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་པར་བྱེད་ལ། སེམས་ཅན་དམྱལ་བ་གྲང་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་པར་བྱེད་དོ། །དེས་སེམས་ཅན་དམྱལ་བ་དེ་དག་གི་གནོད་པའི་བྱེ་བྲག་དག་རྒྱུན་གཅོད་པར་བྱེད་ཅིང་། དེ་དག་འདི་སྙམ་དུ་
ཤེས་ལྡན་དག་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སྙམ་དུ་སེམས་སོ། །དེ་དག་དད་པ་བསྐྱེད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་གཏོང་བར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་བདག་ཅག་འདི་
ནས་ཤི་འཕོས་པ་ཡང་མ་ཡིན་ལ་གཞན་དུ་སྐྱེས་པ་ཡང་མ་ཡིན་ཏེ། འདི་ལྟར་སེམས་ཅན་སྔོན་མ་མཐོང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་བྱེ་བྲག་དག་རྒྱུན་ཆད་པར་གྱུར་ཏོ་སྙམ་མོ། །དེ་ནས་སྤྲུལ་པ་ལ་སེམས་མངོན་པར་དད་པར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་
ལས་དེ་ཟད་པར་བྱས་ནས་གང་དུ་བདེན་པ་དག་གི་སྣོད་དུ་གྱུར་པར་འགྱུར་བའི་ལྷ་དང་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་ལེན་པར་བྱེད་དོ། །གང་དག་སྟེང་དུ་འགྲོ་བ་དེ་དག་རྒྱལ་ཆེན་བཞིའི་རིས་དང་། སུམ་བཅུ་རྩ་གསུམ་དང་། འཐབ་བྲལ་བ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་།
གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་འཕེལ་དང་། འབྲས་
เล่ม ๔ · หน้า 227b
བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་དང་། ཤིན་ཏུ་མཐོང་དང་། འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཞེས་བྱ་བའི་སྒྲ་སྒྲོགས་པར་བྱེད་ཅིང་ཚིགས་སུ་བཅད་པ་གཉིས་པོ། །
བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་
བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་ཡང་སྒྲོགས་སོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱུལ་ནས་བཅོམ་ལྡན་འདས་ཉིད་ཀྱི་རྗེས་བཞིན་རྗེས་བཞིན་དུ་འགྲོ་སྟེ། དེ་ལ་གལ་ཏེ་བཅོམ་ལྡན་འདས་འདས་པའི་ལས་ལུང་
སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་ནུབ་པར་འགྱུར་རོ། །མ་འོངས་པ་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་ནུབ་པར་འགྱུར། སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་ནུབ་པར་འགྱུར། དུད་འགྲོར་སྐྱེ་བར་ལུང་སྟོན་
པར་བཞེད་ན་ནི་རྟིང་པར་ནུབ་པར་འགྱུར། ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་ནུབ་པར་འགྱུར། མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོར་ནུབ་པར་འགྱུར། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་
མཐིལ་དུ་ནུབ་པར་འགྱུར། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་ནུབ་པར་འགྱུར། ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་ནུབ་པར་འགྱུར། ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་ནུབ་པར་འགྱུར། རང་སངས་
རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་མཛོད་སྤུར་ནུབ་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལུང་སྟོན་པར་བཞེད་ན་ནི་གཙུག་ཏོར་དུ་ནུབ་པར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་མཛོད་སྤུར་ནུབ་
เล่ม ๔ · หน้า 228a
པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། ཁ་དོག་སྣ་ཚོགས་སྟོང་གིས་བཀྲ་བ་ཡི། །ཚོགས་རྣམས་ཞལ་གྱི་སྒོ་ནས་བྱུང་གྱུར་པ། །ཇི་ལྟར་གདུགས་ནི་ཤར་བར་གྱུར་པ་བཞིན། །དེ་ཡིས་ཕྱོགས་
རྣམས་ཀུན་དུ་སྣང་བར་བགྱིས། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་བྲལ་ཞུམ་དང་རྒྱགས་པ་སྤངས་པ་ཡི། །སངས་རྒྱས་འགྲོ་ནང་མཆོག་གི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུལ་བྱེད་རྒྱུ་མ་མཆིས་པར། །རྩ་ལག་དུང་ལྟར་དཀར་འཛུམ་སྟོན་མི་མཛད། །དེ་སླད་བརྟན་པ་ཉིད་
བློས་དུས་མཁྱེན་ནས། །རྒྱལ་བའི་དབང་པོ་ཐུབ་པ་སྐྱེས་ཀྱི་མཆོག །ཉན་པར་འཚལ་བ་ཉན་པ་པོ་རྣམས་ཀྱི། །ཐེ་ཚོམ་སྐྱེས་པ་གསུང་ཚིག་བརྟན་པ་དང་། །དམ་པ་བཟང་པོ་དག་གིས་བསལ་དུ་གསོལ། །ཚྭ་ཆུ་རི་རྒྱལ་ལྟ་བུར་བརྟན་པའི་མཆོག །རྫོགས་སངས་རྒྱས་རྣམས་བློ་བུར་
འཛུམ་མི་སྟོན། །བརྟན་པ་ཇི་སླད་འཛུམ་པ་སྟོན་མཛད་པ། །སྐྱེ་བོ་ཕལ་ཆེན་འདི་དག་དེ་ཉན་འཚལ། །ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དེ།
ཀུན་དགའ་བོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་ཚོང་པས་སེམས་མངོན་པར་དད་པར་བྱས་ནས་ཙན་དན་ས་མཆོག་ཕུལ་བ་གང་ཡིན་པ་དེ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་ཚོང་བ་དེ་དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་དང་། སྦྱིན་པའི་ཆོས་ཡོངས་སུ་
བཏང་བ་དེས་རང་སངས་རྒྱས་ཙན་དན་ཅན་ཞེས་བྱ་བར་འགྱུར་རོ། །དེའི་སྦྱིན་པའི་ཆོས་ནི་འདི་ཡིན་ཏེ། ང་ལ་སེམས་དད་པར་བྱས་པ་གང་ཡིན་པའོ། །འོན་ཀྱང་ཁྲག་དེ་འཆད་དུ་མ་བཏུབ་ནས་དེ་བཞིན་དུ་འཛག་གོ། །འཚོ་བྱེད་ཀྱིས་སྨྲས་པ། ད་ནི་བུད་མེད་གཞོན་ནུའི་འོ་མས་གདབ་
འཚལ་ལོ། །དགེ་སློང་རྣམས་ཀྱིས་བུད་མེད་གཞོན་ནུ་ཅི་འདྲ་བ་མ་ཤེས་ནས། དེས་སྨྲས་པ། བུ་ཐོན་བུ་བཙས་པ་གང་ཡིན་པ་དེ་ནི་བུད་མེད་གཞོན་ནུ་འདོད་དེ། དེའི་འོ་མ་གང་ཡིན་པ་དེ་ནི་བུད་མེད་གཞོན་ནུའི་འོ་མ་ཞེས་བགྱིའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་ལྷ་སྦྱིན་དང་། ལྷ་
เล่ม ๔ · หน้า 228b
སྦྱིན་གྱི་ཕྱོགས་མ་གཏོགས་པར་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོའི་ཚོགས་ཕལ་ཆེར་ལ་ཡང་བསྒོ་ནས་ཐམས་ཅད་ཀྱིས་བུད་མེད་གཞོན་ནུའི་འོ་མ་བཙལ་བར་བརྩམས་སོ། །འཁོར་
བཞི་པོ་དང་སྐྱེ་བོའི་ཚོགས་རྣམས་ཚོལ་བ་ན་དེ་རྣམས་ཀྱིས་ཐབས་ཡོད་ཡོད་ཀྱིས་བགེགས་བྱེད་དོ། །ཇི་ཙམ་ན་རྒྱལ་པོའི་ཁབ་ན་བུ་ཐོན་བུ་བཙས་པའི་བུད་མེད་གཞོན་ནུ་འོ་མ་ཉུང་སྟེ་རང་གི་བུ་ཡང་འོ་མས་མི་ངོམས་ན་གཞན་ལ་སྦྱིན་དུ་ལྟ་ག་ལ་ཡོད་པ་ཞིག་འདུག་པ་དེས་ཇི་ལྟར་བཅོམ་
ལྡན་འདས་ལ་བུད་མེད་གཞོན་ནུའི་འོ་མའི་དགོས་པ་བྱུང་བ་ཐོས་ནས་དེས་བསམས་པ། གལ་ཏེ་ཕུལ་ན་ནི་བདག་གི་བུ་ཉམ་ཆུང་བས་འོ་མ་མེད་ན་འཆི་བར་འགྱུར་ལ་ཉེས་དམིགས་དེ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་འདི་ཡང་ཡོད་དེ། ལྷ་སྦྱིན་བཅོམ་ལྡན་འདས་ལ་ཡུན་རིང་པོ་ནས་ཕྱིར་
རྒོལ་བ་དགྲར་གྱུར་བ་ཡིན་ཏེ། དེས་རྦད་པ་ནི་རྒྱལ་པོ་མ་སྐྱེས་དགྲ་ཡིན། ལྷ་སྦྱིན་གྱི་ཕྱོགས་ནི་ཀོ་ཀ་ལི་ཀ་དང་། ཁན་ད་དྲ་བ་བྱ་དང་། ཀ་ཏི་མ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་ཡིན་པས་འདི་དག་གིས་ཀྱང་བདག་གདོན་མི་ཟ་བར་བསད་པར་འགྱུར་རོ་སྙམ་མོ། །ཡང་བསམས་
པ། བདག་བསད་པ་དང་བུ་དང་བྲལ་བ་ནི་བླའི་ལྷ་དང་མིས་མཆོད་པའི་སངས་རྒྱས་བཅོམ་ལྡན་འདས་སྙུན་གྱིས་འོ་བརྒྱལ་བའི་ཚོར་བ་སྐུ་ཉམས་སུ་བརྟར་ནས་དེས་ན་རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་འཁྲུགས་པར་གྱུར་པ་ནི་དེ་ལྟ་མ་ཡིན་གྱི། མ་ལ་བདག་གིས་འོ་མ་ཁྱེར་
ལ་འགྲོའོ་སྙམ་སྟེ། དེ་བཅོམ་ལྡན་འདས་ལ་སེམས་ཤིན་ཏུ་དད་པ་བྱས་ནས་སྣོད་གསར་པར་འོ་མ་བཞོས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་
འདས་ལ་འཚོ་བྱེད་ཀྱིས་བུད་མེད་གཞོན་ནུའི་འོ་མ་བསྟན་པར་བདག་གིས་འཚལ་ན། བདག་རྗེས་སུ་གཟུང་བའི་སླད་དུ་བུད་མེད་གཞོན་ནུའི་འོ་མ་འདི་བཞེས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བསམ་པ་བཟང་པོ་ཅན་
เล่ม ๔ · หน้า 229a
གྱི་བུ་མོ་འདི་ལས་འོ་མ་ལོང་ཤིག །དེས་བླངས་པ་དང་དེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་
ལྡན་འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་བྱུང་ནས། ཁ་ཅིག་ནི་འོག་ཏུ་འགྲོ། །ཁ་ཅིག་ནི་སྟེང་དུ་འགྲོ་ལ། གང་དག་འོག་ཏུ་འགྲོ་བ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་།
བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཆུ་ཟེར་དང་། ཨུཏྤལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་།
པད་མ་ལྟར་གས་པ་ཆེན་པོར་སོང་སྟེ། སེམས་ཅན་དམྱལ་བ་ཚ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་པར་བྱེད་ལ། སེམས་ཅན་དམྱལ་བ་གྲང་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་པར་བྱེད་དོ། །དེས་སེམས་ཅན་དམྱལ་བ་དེ་དག་གི་གནོད་པའི་བྱེ་བྲག་དག་རྒྱུན་
གཅོད་པར་བྱེད་ཅིང་། དེ་དག་འདི་སྙམ་དུ་ཤེས་ལྡན་དག་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སྙམ་དུ་སེམས་སོ། །དེ་དག་དད་པ་བསྐྱེད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྲུལ་པ་གཏོང་བར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ་ཤེས་
ལྡན་དག་བདག་ཅག་འདི་ནས་ཤི་འཕོས་པ་ཡང་མ་ཡིན་ལ། གཞན་དུ་སྐྱེས་པ་ཡང་མ་ཡིན་ཏེ། འདི་ལྟར་སེམས་ཅན་སྔོན་མ་མཐོང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་བྱེ་བྲག་དག་རྒྱུན་ཆད་པར་གྱུར་ཏོ་སྙམ་མོ། །དེ་དག་སྤྲུལ་པ་ལ་སེམས་མངོན་པར་དད་པར་གྱུར་ནས། སེམས་ཅན་
དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་པར་བྱས་ནས་གང་དུ་བདེན་པ་དག་གི་སྣོད་དུ་གྱུར་པར་འགྱུར་བའི་ལྷ་དང་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་ལེན་པར་བྱེད་དོ།། །།འདུལ་བ་གཞི། བམ་པོ་བརྒྱ་རྩ་གསུམ་པ། གང་དག་སྟེང་དུ་འགྲོ་བ་དེ་དག་ནི་རྒྱལ་ཆེན་བཞིའི་
เล่ม ๔ · หน้า 229b
རིས་དང་། སུམ་བཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་
དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་འཕེལ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་དང་། ཤིན་ཏུ་མཐོང་དང་། འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་
དང་། བདག་མེད་པ་ཞེས་བྱ་བའི་སྒྲ་སྒྲོགས་པར་བྱེད་ཅིང་། ཚིགས་སུ་བཅད་པ་གཉིས་པོ། བརྩམ་པར་བྱ་ཞིང་འབྱུང་བར་བྱ། སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་
པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་ཡང་སྒྲོགས་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱུལ་ནས་བཅོམ་ལྡན་འདས་ཉིད་ཀྱི་རྗེས་བཞིན་
རྗེས་བཞིན་དུ་སོང་སྟེ། དེ་ལ་གལ་ཏེ་བཅོམ་ལྡན་འདས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་ནུབ་པར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་ནུབ་པར་འགྱུར། སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་
བཞེད་ན་ནི་ཞབས་ཀྱི་མཐིལ་དུ་ནུབ་པར་འགྱུར། དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་རྟིང་པར་ནུབ་པར་འགྱུར། །ཡི་དགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་ནུབ་པར་འགྱུར། མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོར་ནུབ་པར་འགྱུར། སྟོབས་
ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལུང་སྟོན་པར་བཞེད་ན་ནི་ཕྱག་མཐིལ་གཡོན་པར་ནུབ་པར་འགྱུར། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དུ་ལུང་སྟོན་པར་བཞེད་ན་ནི་ཕྱག་མཐིལ་གཡས་པར་ནུབ་པར་འགྱུར། ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་ནུབ་པར་འགྱུར། ཉན་ཐོས་ཀྱི་བྱང་
เล่ม ๔ · หน้า 230a
ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་ནུབ་པར་འགྱུར། རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་མཛོད་སྤུར་ནུབ་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་གཙུག་ཏོར་དུ་ནུབ་པར་འགྱུར་རོ། །དེ་ནས་འོད་ཟེར་
དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་མཛོད་སྤུར་ནུབ་བོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་ཞུས་པ། ཁ་དོག་སྣ་ཚོགས་སྟོང་གིས་བཀྲ་བ་ཡིས། །ཚོགས་རྣམས་ཞལ་གྱི་སྒོ་ནས་བྱུང་གྱུར་
པ། །ཇི་ལྟར་གདུགས་ནི་ཤར་བར་གྱུར་པ་བཞིན། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་བྲལ་ཞུམ་དང་རྒྱགས་པ་སྤངས་པ་ཡི། །སངས་རྒྱས་འགྲོ་ནང་མཆོག་གི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུལ་བྱེད་རྒྱུ་མཆིས་པར། །རྩ་
ལག་དུང་ལྟར་དཀར་འཛུམ་སྟོན་མི་མཛད། །དེ་སླད་བརྟན་པ་ཉིད་བློས་དུས་མཁྱེན་ནས། །རྒྱལ་བའི་དབང་པོ་ཐུབ་པ་སྐྱེས་ཀྱི་མཆོག །ཉན་པར་འཚལ་བ་ཉན་པ་པོ་རྣམས་ཀྱི། །ཐེ་ཚོམ་སྐྱེས་པ་གསུང་ཚིག་བརྟན་པ་དང་། །དམ་པ་བཟང་པོ་དག་གིས་བསལ་དུ་གསོལ། །ཚྭ་ཆུ་རི་
རྒྱལ་ལྟ་བུར་བརྟན་པའི་མཆོག །རྫོགས་སངས་རྒྱས་རྣམས་བློ་བུར་འཛུམ་མི་སྟོན། །བརྟན་པ་ཇི་སླད་འཛུམ་པ་སྟོན་མཛད་པ། །སྐྱེ་བོ་ཕལ་ཆེན་འདི་དག་དེ་ཉན་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ང་ལ་བུད་མེད་ཀྱིས་སེམས་མངོན་པར་དད་
པར་བྱས་ཏེ་བུད་མེད་གཞོན་ནུའི་འོ་མ་ཕུལ་བ་གང་ཡིན་པ་དེ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་བུ་མོ་དེ་ནི་དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་དང་། སྦྱིན་པའི་ཆོས་ཡོངས་སུ་བཏང་བ་དེས་རང་སངས་རྒྱས་འོ་མ་སྦྱིན་པ་ཞེས་བྱ་བར་འགྱུར་ཏེ། དེའི་སྦྱིན་
པའི་ཆོས་ནི་འདི་ཡིན་ཏེ། ང་ལ་སེམས་མངོན་པར་དད་པ་གང་ཡིན་པའོ། །འོན་ཀྱང་ཁྲག་དེ་འཆད་དུ་མ་བཏུབ་ནས་དེ་བཞིན་དུ་འཛག་གོ། །ཡུལ་སྣ་ཚོགས་ན་གནས་པའི་དགེ་སློང་རྣམས་དང་། གཞན་ཡང་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་མང་པོས་བཅོམ་ལྡན་འདས་དེ་ལྟར་ཐུགས་
เล่ม ๔ · หน้า 230b
མི་བདེའོ་ཞེས་ཐོས་ཏེ་ལྷགས་ནས། དེ་ན་ཁ་ཅིག་ནི་སྨན་དག་འདེབས་པར་བྱེད་དོ། །ཁ་ཅིག་ནི་སྔགས་ཀྱི་དཔྱད་བྱེད་དོ། །ཚེ་དང་ལྡན་པ་འོད་སྲུང་སྟོབས་བཅུ་ལྡན་གྱིས་བདེན་པ་གསོལ་བར་བརྩམས་པ། བཅོམ་ལྡན་ཁྱོད་ཀྱི་ཐུགས་ལ་ནི། །སྲས་དང་དགྲ་བོར་མཚུངས་ཤེ་ན། །
བདེན་པའི་ཚིག་ནི་འདི་ཡིས་སུ། །རྨ་ཡི་འཛག་པ་ཆད་པར་ཤོག །བདེན་པ་གསོལ་ཟིན་པའི་མོད་ཁོ་ནར་ཁྲག་དེ་མི་འཛག་པར་གྱུར་པ་དང་། ལྷ་སྦྱིན་དང་། མ་སྐྱེས་དགྲ་དང་། ཀོ་ཀ་ལི་ཀ་དང་། ཁན་ད་དྲབ་བྱ་དང་། ཀ་ཏི་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་རྣམས་མ་གཏོགས་
པར་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་དང་། རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོའི་ཚོགས་ཕལ་ཆེར་ཐམས་ཅད་རབ་ཏུ་དགའ་བར་གྱུར་ཏོ། །བཅོམ་ལྡན་འདས་ནི་མཁྱེན་བཞིན་དུ་གང་ཞིག་ཇི་ལྟར་དཔྱད་བྱེད་པ་དེ་ལ་དེ་བཞིན་དུ་རྗེས་སུ་དགྱེས་
པར་མཛད་དེ། དེ་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་རོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་འོད་སྲུང་སྟོབས་བཅུ་ལྡན་གྱིས་བདེན་པ་གསོལ་བས་བཅོམ་ལྡན་འདས་ཀྱི་ཁྲག་འཛག་
པ་ཆད་པར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་ང་དུག་འབགས་ནས་ཀུན་ཏུ་འཁྲུགས་པར་གྱུར་པ་ན་འདིས་དུག་ཞི་བར་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རི་
འོར་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་སྐྱེད་མོས་ཚལ་རྩ་བ་དང་། སྡོང་བུ་དང་། མེ་ཏོག་དང་། ཆུ་ཕུན་སུམ་ཚོགས་པ། བྱ་སྣ་ཚོགས་སྐད་འབྱིན་པ་ཞིག་ཡོད་དེ། དེ་ན་དྲང་སྲོང་ཆུ་དང་། རྩ་བ་དང་། འབྲས་བུ་ལོངས་སྤྱོད་པ། པགས་པ་དང་། ཤིང་ཤུན་གྱོན་པ། རིག་སྔགས་དང་།
གསང་སྔགས་འཆང་བ་ཞིག་གནས་སོ། །རི་འོར་དེ་ན་ཁྱིམ་བདག་ཅིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་
เล่ม ๔ · หน้า 231a
དུས་གཞན་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་ཁྱེའུ་ཞིག་བཙས་ཏེ། ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་དེའི་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ཏེ་མིང་བཏགས་ནས་དེ་བསྐྱེད་བསྲིངས་ཏེ་ཆེན་པོར་གྱུར་ཏོ། །དེ་
འཆག་པའམ། འགྲེང་བ་འམ། འདུག་པའམ་ཉལ་བ་ན་ཡང་དགེ་བ་སེམས་ཤིང་དགེ་བའི་ལས་བྱེད་པས་དེ་སྐྱེ་བོའི་ཚོགས་ཀྱིས་ཆོས་འདོད་ཅེས་བྱ་བར་མིང་བཏགས་སོ། །དེ་དགེ་བ་ཅི་ཡིན་ཞེས་ཚོལ་བའི་ཕྱིར་རི་འོར་ནས་བྱུང་ནས་དུས་དུས་སུ་དྲང་སྲོང་དེའི་དྲུང་དུ་འགྲོ་ཞིང་དེ་ལ་བསྙེན་བཀུར་བྱེད་
དེ་དཀའ་ཐུབ་ཀྱི་དྲུང་དུ་འགྲོ་བས་དཀའ་ཐུབ་ལྡན་དཀའ་ཐུབ་ལྡན་ཞེས་བྱ་བར་ཡང་གྲགས་སོ། །དེ་དུས་གཞན་ཞིག་ན་དུག་ཅིག་གིས་འབགས་པ་ལངས་ནས་དེ་ལ་དུག་སྨན་དུ་མ་དང་སྔགས་ཀྱི་སྦྱོར་བས་དཔྱད་བྱས་ན་ཡང་དེའི་ནད་དེ་ཞི་བར་མ་གྱུར་ནས་དེའི་ཕ་དང་མ་གཉིས་དྲང་སྲོང་དེའི་
དྲུང་དུ་སོང་སྟེ། དྲང་སྲོང་ཆེན་པོ་ཁྱོད་ཀྱི་རིམ་གྲོ་བགྱིད་པ་ནི་དུག་གིས་འབགས་ནས་སྲོག་དང་བྲལ་ལ་ཐུག་གིས་དཔྱད་མཛོད་ཅིག །དེས་བདེན་པ་གསོལ་བར་བརྩམས་ཏེ། བུ་གཅིག་ཁྱོད་ཀྱིས་སེམས་ལ་ནི། །དགྲ་དང་མཛའ་བོ་མཚུངས་ཤེ་ན། །བདེན་པའི་ཚིག་ནི་འདི་ཡིས་སུ། །
ཁྱེའུ་ཁྱོད་དུག་ནི་མེད་པར་ཤོག །དེས་བདེན་པ་གསོལ་མ་ཐག །ཁོ་ནར་དུག་ཞི་བར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཁྱེའུ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དྲང་སྲོང་གང་ཡིན་པ་དེ་ནི་འོད་སྲུང་སྟོབས་བཅུ་ལྡན་འདི་ཉིད་ཡིན་ཏེ། དེ་ན་ཡང་
འདིས་བདེན་པ་གསོལ་བས་ང་སོས་བར་བྱས་སོ། །ད་ལྟར་ཡང་འདིའི་བདེན་པ་གསོལ་བས་ང་སོས་པར་བྱས་སོ། །ལྷ་སྦྱིན་སྡུག་བསྔལ་ཞིང་ཡིད་མི་བདེ་བ་དང་འགྱོད་པས་སེམས་པ། བདག་གིས་དགེ་སྦྱོང་གཽ་ཏ་མ་ལ་རྡོ་འཕངས་པ་ནི་དོན་མེད་པ་ཞིག་བྱས་ཏེ། དགེ་སྦྱོང་གཽ་ཏ་མ་
ཡང་མ་སོད་ལ། སྐྱེ་བོ་མང་པོས་ཀྱང་རབ་ཏུ་ཤེས་པར་གྱུར་ཏོ་སྙམ་ནས། དེ་ཤིང་དྲུང་ཞིག་ཏུ་སོང་སྟེ་སེམས་ཁོང་དུ་ཆུད་ཅིང་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ། །དགེ་སློང་རྣམས་གནས་དང་གནས་རྣམས་སུ་བཙུན་པ་དག་གཟིགས་ཤིག །ལྷ་སྦྱིན་འདི་འདྲ་བར་ཞེ་གདུག་སྟེ།
เล่ม ๔ · หน้า 231b
གང་གི་ཕྱིར་བཅོམ་ལྡན་འདས་རབ་ཏུ་བྱུང་བ་དེ་ལ་ཡང་ཕ་རོལ་གནོན་པས་སྟེང་དུ་རྡོ་བ་འཕེན་ནོ་ཞེས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་པ་དང་། ཀོ་ཀ་ལི་ཀ་དང་། ཁན་ད་དྲབ་བྱ་དང་། ཀ་ཏི་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་རྣམས་ཀྱིས་སྨྲས་པ།
ཤེས་ལྡན་དག་མ་བརྟགས་པར་བྱུང་རྒྱལ་དུ་ཅི་བརྡོལ། ལྷ་སྦྱིན་ཤིང་ཆེ་གེ་མོ་ཞེས་བྱ་བའི་དྲུང་ན་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་མ་མཐོང་ངམ། བདག་ཉིད་ཆེན་པོ་དེ་དེ་ལྟ་བུ་བྱེད་པར་ག་ལ་འགྱུར། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་
པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཀོ་ཀ་ལི་ཀ་དང་། ཁན་ད་དྲབ་བྱ་དང་། ཀ་ཏི་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་རྣམས་བདག་ཉིད་ངོ་ཚ་མ་མཆིས་པས་ལྷ་སྦྱིན་ངོ་ཚ་མ་མཆིས་པའི་བསྔགས་པ་སྒྲོགས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པ་ན་ཡང་ངོ་ཚ་མེད་པ་འདིས་ངོ་ཚ་མེད་པའི་བསྔགས་པ་སྨྲས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རྒྱལ་པོའི་ཁབ་ཀྱི་མི་རྣམས་དང་རྒྱལ་པོས་དགོས་པ་འགའ་ཞིག་གི་ཕྱིར་ཁྲིམས་སུ་
བཅས་པ། དུར་ཁྲོད་གཉིས་བཤམས་ལ་གཅིག་ཏུ་ནི་སྐྱེས་པ་རྣམས་དོར་བར་བྱའོ། །གཅིག་ཏུ་ནི་བུད་མེད་རྣམས་སོ་ཞེས་བཅས་སོ། །ཇི་ཙམ་དུས་གཞན་ཞིག་ན་མ་ནིང་ཞིག་ཤི་ནས་དེ་དུར་ཁྲོད་གཅིག་ཏུ་ཡང་གནས་སྐབས་མ་རྙེད་ཅིང་གཉིས་པར་ཡང་མ་རྙེད་དོ། །རྒྱལ་པོའི་ཁབ་
ཀྱི་ཕྱོགས་ཞིག་ན་སྐྱེད་མོས་ཚལ་རྩ་བ་དང་འབྲས་བུ་དང་མེ་ཏོག་ཕུན་སུམ་ཚོགས་པ། བྱ་སྣ་ཚོགས་སྐད་འབྱིན་པ་ཞིག་ཡོད་དེ། དེ་ན་དྲང་སྲོང་སྤྱི་ཅེར་ཆུ་དང་རྩ་བ་དང་འབྲས་བུ་ལ་ལོངས་སྤྱོད་པ། པགས་པ་དང་། ཤིང་ཤུན་གྱོན་པ་ཞིག་གནས་སོ། །ཕྱོགས་དེ་ན་ཡང་ཞིང་གྲུ་
གསུམ་ཞིག་ལ་ཤིང་ཨེ་རན་ད་ཞིག་སྐྱེས་ནས་མ་ནིང་གི་རོ་དེ་དེར་བོར་རོ། །རོའི་དྲི་ཚོར་ནས་ཝ་ཞིག་འོངས་ཏེ་དེས་མ་ནིང་གི་རོ་དེ་ལ་བཟའ་བར་བརྩམས་སོ། །བྱ་རོག་གཅིག་ཀྱང་ཤིང་ཨེ་རན་དའི་ཁ་ན་ཚང་བཅས་ཏེ་འདུག་གོ། །དེའི་བློ་སྐྱེས་ནས་ཝ་ལ་བསྔགས་པ་སྨྲས་པ་དང་། གལ་
เล่ม ๔ · หน้า 232a
ཏེ་ན་ཟོས་པའི་ལྷག་མ་སྟེར་རོ་སྙམ་ནས་དེས་དེ་ལ་ཚིགས་སུ་བཅད་དེ་བསྔགས་པ་སྨྲ་ངར་བརྩམས་པ། ཇི་ལྟར་ཁྱོད་ནི་སེང་གེའི་མགྲིན་པ་དང་། །ཇི་ལྟར་ཁྱུ་མཆོག་བཤུལ་དང་ལྡན་པ་ཡི། །རི་དགས་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ནས། །གསོལ་བའི་ཕམ་འབབས་ལས་
ནི་ཐུགས་དཔག་མཛོད། །ཝས་བལྟས་ཏེ་སླར་ཚིགས་སུ་བཅད་པས་སྨྲས་པ། བྱ་ཡི་རབ་མཆོག་མཁའ་འགྲོ་བ། །ཕྱོགས་ཀུན་གསལ་བར་མཛད་ནས་ནི། །རིན་ཆེན་སྦྲམ་ལྟར་མཛེས་གྱུར་པ། །ཤིང་མཆོག་རྩེ་ལ་བཞུགས་འདི་གང་། །བྱ་རོག་གིས་སྨྲས་པ། སྐལ་ལྡན་
ཆེན་པོ་བལྟ་བའི་ཕྱིར། །ཁྱོད་ཀྱི་དྲུང་དུ་བདག་མཆིས་ཏེ། །རི་དགས་རྒྱལ་ཁྱོད་ཕྱག་འཚལ་ན། །གསོལ་བའི་ཕམ་འབབས་ཐུགས་དཔག་མཛོད། །ཝས་སྨྲས་པ། རྨ་བྱའི་མགྲིན་པ་ལྟ་བུ་ཡི། །ཕོ་རོག་བལྟ་ན་སྡུག་པ་ཁྱོད། །ཀུན་དགའ་བྱེད་པ་རྣམས་ཀྱི་གཙོ། །ཅི་
བདེར་གསོལ་གྱིས་མར་སྤྱོན་ཅིག །དེ་བབས་ནས་ཝ་དང་ལྷན་ཅིག་མ་ནིང་གི་རོ་ལ་ཟ་བར་བྱེད་པ་དྲང་སྲོང་གིས་མཐོང་ནས་དེས་ཚིགས་སུ་བཅད་དེ་སྨྲས་པ། ལྗོན་ཤིང་ཐ་ཆད་གྲིབ་མ་ལ། །ངོ་ཚ་མེད་པ་འདུག་ནས་སུ། །ཐ་ཆད་རོ་ལ་ལོངས་སྤྱོད་པ། །ཨེ་མའོ་རིང་ཞིག་ལོན་ནས་
མཐོང་། །བྱ་རོག་གིས་ཐོས་ནས་དེ་མ་བཟོད་ནས་ཚིགས་སུ་བཅད་དེ་སྨྲས་པ། འདི་ལྟར་སེང་གེ་རྨ་བྱ་དག །དམ་པའི་ཤ་ལ་ལོངས་སྤྱོད་ན། །གཞན་གྱིས་བྱིན་པས་འཚོ་བ་ཡི། །སྤྱི་ཅེར་འདིར་ནི་ཅི་ཞིག་གཏོགས། །དྲང་སྲོང་དེ་ཡང་མི་བཟོད་པ་སྐྱེས་ནས་ཚིགས་སུ་བཅད་དེ་སྨྲས་
པ། འདབ་ཆགས་ཐ་ཆད་བྱ་རོག་དང་། །རྐང་བཞི་ཐ་ཆད་ཝ་དང་ནི། །ལྗོན་ཤིང་ཐ་ཆད་ཨེ་རན་ད། །མི་ཡི་ཐ་ཆད་མ་ནིང་རོ། །ཞིང་གི་ཐ་ཆད་གྲུ་གསུམ་སྟེ། །ངོ་ཚ་མེད་རྣམས་འདུས་ལ་ལྟོས། །དེ་ནས་བྱ་རོག་ལྷག་པར་ཡང་མི་བཟོད་པ་སྐྱེས་ནས་དྲང་སྲོང་གི་མེ་ཁང་དུ་
ཞུགས་ཏེ་བལྟ་བར་བརྩམས་པ་ལས། ཅི་ཡང་མི་སྣང་ནས་རིལ་བ་སྤྱི་བླུགས་བཅག་སྟེ་བྲོས་སོ། །ཇི་ཙམ་ན་དྲང་སྲོང་དེ་མེ་ཁང་དུ་ཞུགས་ན་རིལ་བ་སྤྱི་བླུགས་ཆག་པ་མཐོང་ནས། དེས་བསམས་པ། འདི་ནི་བྱ་རོག་གདུག་པ་དེའི་ལས་ཀྱིས་བྱས་ཀྱི་གཞན་ནི་སུ་ཡང་མ་ཡིན་ནོ་
เล่ม ๔ · หน้า 232b
སྙམ་དུ་རིག་ནས་ཚིགས་སུ་བཅད་དེ་སྨྲས་པ། སུ་ལ་འདི་འདྲའང་མི་སྨྲ་སྟེ། །ངོ་ཚ་མེད་པའི་གདུག་སེམས་ཀྱིས། །མེ་ཁང་མ་རུང་བྱས་ནས་ནི། །རིལ་བ་ཡང་ནི་བཅག་པར་གྱུར། །བསྔགས་འོས་སྨད་པར་འོས་ཀྱང་རུང་། །ཡོང་ཡེ་ཅུང་ཟད་སྨྲ་མི་བྱ། །བློ་གྲོས་ལྡན་པས་རྟག་
ཏུ་ནི། །ཁ་རོག་པས་ནི་བདེ་བ་འཐོབ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དྲང་སྲོང་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་ཝ་གང་ཡིན་པ་དེ་ནི་ལྷ་སྦྱིན་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་བྱ་རོག་གང་ཡིན་པ་དེ་ནི་ཀོ་ཀ་ལི་ཀ་ཡིན་ཏེ། དེ་ན་ཡང་ངོ་ཚ་མེད་པ་དེ་དག་གིས་ངོ་
ཚ་མེད་པའི་བསྔགས་པ་བརྗོད་དོ། །ད་ལྟར་ཡང་ངོ་ཚ་མེད་པ་འདི་དག་ངོ་ཚ་མེད་པའི་བསྔགས་པ་བརྗོད་དོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་དང་ལྷ་སྦྱིན་ཐོག་མར་གང་དུ་མི་མཐུན་པར་
གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་ཤང་ཤང་ཏིའུ་གཉིས་ལུས་གཅིག་ཏུ་གྱུར་ནས་རྒྱ་མཚོའི་འགྲམ་ན་གནས་ཏེ། ཆོས་ཅན་དང་ཆོས་མ་ཡིན་པ་ཞེས་བྱའོ། །ཇི་ཙམ་ན་ཆོས་མ་ཡིན་པ་ནི་གཉིད་ལོག་ཆོས་ཅན་ནི་མེལ་ཙེ་བྱེད་པ་དང་། དེས་བདུད་
རྩིའི་འབྲས་བུ་ཞིག་ཆུས་ཁྱེར་བ་མཐོང་ནས། དེས་དེ་བླངས་ཏེ་བསམས་པ། ཅི་རེ་ཞིག་འདི་ཡང་བསླང་ངམ། འོན་ཏེ་བཟའ་སྙམ་མོ། །ཡང་བསམས་པ། ཐོས་ཀྱང་ལུས་འདི་གཅིག་ཁོ་ན་གསོ་བར་ཟད་དོ་སྙམ་ནས་དེས་དེ་མ་བསླང་བ་དང་། རང་ཉིད་སད་དེ། དེ་སད་པ་ན་ཆོས་ཅན་ལ་
བདུད་རྩིའི་འབྲས་བུའི་སྒྲེགས་པ་བྱུང་བ་ཆོས་མ་ཡིན་པས་ཚོར་ནས་དེས་སྨྲས་པ། དེ་ཅིའི་སྒྲེགས་པ་ཡིན། དེས་སྨྲས་པ། བདུད་རྩིའི་འབྲས་བུའིའོ། །དེ་གང་ནས་རྙེད། དེས་སྨྲས་པ། ཁྱོད་གཉིད་ལོག་པ་ན་ཁོ་བོས་བདུད་རྩིའི་འབྲས་བུ་རྙེད་ནས་ལུས་གཅིག་ཁོ་ན་གསོ་བར་ཟད་དོ་སྙམ་ནས་
ཁྱོད་མ་བསླང་བར་ཁོ་བོས་ཟོས་སོ། །དེས་སྨྲས་པ། ཁྱོད་ཀྱིས་མ་ལེགས་པ་ཞིག་བྱས་ཏེ་ངས་ཀྱང་དུས་ཤེས་པར་བྱའོ། །ཇི་ཙམ་དུས་གཞན་ཞིག་ན་ཆོས་ཅན་གཉིད་ལོག་ནས་ཆོས་མ་ཡིན་པ་མེལ་ཙེ་བྱེད་པ་ན་དེས་དུག་གི་འབྲས་བུ་ཆུས་ཁྱེར་བ་ཞིག་མཐོང་ནས་དེས་དེ་ཟོས་པ་དང་། དེ་གཉི་ག་
เล่ม ๔ · หน้า 233a
བརྒྱལ་བར་གྱུར་ཏོ། །ཆོས་མ་ཡིན་པ་དུག་གི་འབྲས་བུས་ཀུན་ནས་འཁྲུགས་པས་སྨྲས་པ། གང་དང་གང་དུ་སྐྱེས་པའི་ཚེ་རབས་དེ་དང་དེ་དག་ཏུ་ཁྱོད་ལ་གསོད་པ་དང་ཕྱིར་རྒོལ་བ་དང་དགྲ་བོར་གྱུར་ཅིག །ཆོས་ཅན་གྱིས་སྨྲས་པ། བདག་ཀྱང་གང་དང་གང་དུ་སྐྱེས་པའི་ཚེ་རབས་
དེ་དང་དེ་དག་ཏུ་ཁྱོད་ལ་བྱམས་པ་སྒྲུབ་པར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཆོས་ཅན་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་ཆོས་མ་ཡིན་པ་གང་ཡིན་པ་དེ་ནི་ལྷ་སྦྱིན་ཡིན་ནོ། །དེར་ཐོག་
མར་ང་དང་འདི་མི་མཐུན་པར་གྱུར་ཏོ། །ངས་ཀྱང་དེ་ལ་བྱམས་པའི་ཐུགས་བཞག་གོ། །གཞན་ཡང་ཇི་ལྟར་འདིས་ང་ལ་མི་མཐུན་པར་བྱས་པ་དང་། ངས་ཀྱང་འདི་ལ་བྱམས་པར་བསམས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་སྲ་རྩི་ལྡན་ཞེས་བྱ་བ་འབྱོར་བ་
དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ། །དེས་ཡུལ་གཞན་གྱི་རྒྱལ་པོའི་བུ་མོ་ཞིག་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་
བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་བུ་མོ་དེ་དུས་གཞན་ཞིག་ན་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཟླ་བ་བརྒྱད་དམ་དགུ་ལོན་པའི་ཉི་མའི་རྩེ་ན་ཁྱེའུ་གཟུགས་བཟང་པོ་མཛེས་པ་བལྟ་ན་སྡུག་པ་ཞིག་བཙས་ཏེ། དེའི་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་
ཞེས་མིང་འདོགས་པར་བྱེད་དོ། །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཁྱེའུ་འདི་གདུགས་ཀྱི་རྩེ་ན་བཙས་པས། དེའི་སླད་དུ་ཁྱེའུའི་མིང་ཉི་མའི་མུ་ཁྱུད་ཅེས་བགྱི་བར་གདགས་སོ། །ཞེས་དེའི་མིང་ཉི་མའི་མུ་ཁྱུད་ཅེས་བྱ་བར་བཏགས་ནས་ཁྱེའུ་ཉི་མའི་མུ་ཁྱུད་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་
གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དེ། དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་
เล่ม ๔ · หน้า 233b
བོ་གཙོ་བོ་དག་གིས་སྲིད་པར་བྱེད་སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ། ཡི་གེ་དང་། གྲངས་དང་། རྩིས་དང་། ལག་རྩིས་ལ་ཉེ་བར་ཞུགས་ཤིང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཡུལ་དང་
དབང་ཕྱུག་དང་མཐུ་ཐོབ་པ་སའི་དཀྱིལ་འཁོར་ཆེན་པོ་མངོན་པར་ཟིལ་གྱིས་མནན་ནས་གནས་པ་རྣམས་ཀྱི་བཟོའི་གནས་དང་ལས་ཀྱི་གནས་ཐ་དད་པར་གྱུར་པ་གང་དག་ཡིན་པ་འདི་ལྟ་སྟེ། གླང་པོ་ཆེའི་གཉར་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟའི་ཐབས་དང་། རལ་གྲིའི་
ཐབས་དང་། འཕོང་དང་། ཕྱིར་བསྣུར་བ་དང་། མདུན་དུ་བསྣུར་བ་དང་། ལྕགས་ཀྱུས་སྒྱུར་ཐབས་དང་། མདའ་བོ་ཆེ་འཕེན་པ་དང་། ཞགས་པ་གདབ་པ་དང་། བཅད་པ་དང་། དྲལ་བ་དང་། དབུག་པ་དང་། འཛིན་སྟངས་དང་། གོམ་སྟངས་དང་། ཐོར་ཚུགས་
དང་། རྒྱང་ནས་ཕོག་པ་དང་། སྒྲ་གྲག་པར་ཕོག་པ་དང་། གནད་དུ་ཕོག་པ་དང་། མི་འཆོར་བར་ཕོག་པ་དང་། ཚབས་ཆེར་ཕོག་པ་སྟེ་བཟོའི་གནས་དང་། ལས་ཀྱི་གནས་ལྔ་པོ་དེ་དག་ལ་ཡང་བྱང་བར་གྱུར་ནས་ཕས་དེ་རྒྱལ་ཚབ་ཏུ་བཅུག་གོ། །རྒྱལ་པོ་སྲ་རྩི་ལྡན་གྱི་བཙུན་
མོ་དམ་པ་ནི་ཆོས་ལྡན་ཞེས་བྱའོ། །བློན་པོའི་མཆོག་ནི་ཕྱུགས་འདུག་ཅེས་བྱ་སྟེ། དེ་ལ་རྒྱལ་པོ་ལྷག་པར་སྙིང་འཇོག་གོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་སྲ་རྩི་ལྡན་ཆོས་ལྡན་མ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་
བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཆོས་ལྡན་མ་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་མཚན་མཁན་རྣམས་ཀྱིས་ཁྱེའུ་ཞིག་བཙའ་བར་འགྱུར་ཏེ། དེས་རྒྱལ་པོ་སྲོག་དང་ཕྲལ་ནས་རང་ཉིད་ཅོད་པན་བཅིངས་ཏེ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་འགྱུར་རོ། །
ཞེས་ལུང་བསྟན་ཏོ། །ཇི་ཙམ་ན་རྒྱལ་པོ་སྲ་རྩི་ལྡན་ནད་ཀྱིས་ཐེབས་པར་གྱུར་ནས་དེ་ལ་རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་རྣམས་ཀྱིས་བསྙེན་བཀུར་བྱས་ཀྱང་དེའི་ནད་ཞི་བར་མ་གྱུར་ཏེ། དེས་ལུས་ཀྱི་གནས་སྐབས་རིག་པར་བྱས་ནས་དེས་
เล่ม ๔ · หน้า 234a
བསམས་པ། བདག་འདས་ནས་ཉི་མའི་མུ་ཁྱུད་རྒྱལ་པོར་འགྱུར་ཏེ། དེས་གདོན་མི་ཟ་བར་ཆོས་ལྡན་མ་བསད་པར་མི་འགྱུར་བར་འདིར་ཡེ་ཇི་ལྟར་བྱ་བའི་དུས་ལ་བབ། ཡང་བསམས་པ། བློན་པོ་ཕྱུགས་འདུག་འདི་ལ་བདག་གིས་ལོངས་སྤྱོད་བཟང་པོ་དག་གིས་
བགོ་བཤའ་བྱས་ཤིང་སྤྱན་རས་ཀྱིས་བཙས་པ་ཡིན་གྱིས་འདི་ལ་ཆོས་ལྡན་མ་གཏད་དོ་སྙམ་ནས་དེས་ཕྱུགས་འདུག་བཀུག་སྟེ་བསྒོ་བ། ངའི་བཙུན་མོ་དམ་པ་ནི་ཆོས་ལྡན་མ་ཡིན་ལ། བློན་པོའི་མཆོག་ནི་ཁྱོད་ཡིན་ཏེ། ངས་ལུས་ཀྱི་གནས་སྐབས་ཤེས་ན་གདོན་མི་ཟ་བར་ང་སྲོག་དང་
འབྲལ་བར་འགྱུར་གྱིས། ཁྱོད་ཀྱིས་ང་ལ་སྡུག་པར་སེམས་ན་ཉི་མའི་མུ་ཁྱུད་ཀྱིས་ཆོས་ལྡན་མ་ཇི་ལྟར་ཡང་སྲོག་དང་ཕྲལ་བར་མི་འགྱུར་བ་དེ་ལྟར་གྱིས་ཤིག་དེས་སྨྲས་པ། ལྷ་དེ་ཙམ་ཡང་རྔོ་མི་ཐོག་གམ། ལྷ་ཐུགས་ལས་ཆུང་ངུར་མཛོད་ཅིག་དང་ཇི་ལྟར་མི་བཀུམ་པ་དེ་ལྟར་བགྱིའོ། །
བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །རྒྱལ་པོ་སྲ་རྩི་ལྡན་ཤི་ནས་དེ་གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་བཟང་པོ་རྣམས་ཀྱིས་བཀུར་སྟི་ཆེར་བྱས་
ཏེ་བསྲེགས་སོ། །ཉི་མའི་མུ་ཁྱུད་རྒྱལ་པོའི་རྒྱལ་སྲིད་ཆེན་པོའི་དབང་བསྐུར་བས་དབང་བསྐུར་ཏོ། །དེས་བློན་པོ་རྣམས་ལ་བསྒོ་བ། ཆོས་ལྡན་མ་སོད་ཅིག །ཕྱུགས་འདུག་གིས་སྨྲས་པ། ལྷ་མ་བརྟགས་པར་བཀུམ་སྟེ་ཅི་རུང་། ཅི་ཁྱེའུར་བཙའ་བར་འགྱུར་རམ། འོན་ཏེ་བུ་
མོར་འགྱུར་སུས་འཚལ། གལ་ཏེ་ཁྱེའུ་བཙས་པར་གྱུར་ན། དེ་ཉིད་དགུམ་མོད། རྒྱལ་པོ་ཉི་མའི་མུ་ཁྱུད་ཀྱིས་སྨྲས་པ། དེ་བཞིན་དུ་གྱིས་ལ་ཁྱོད་ཁོ་ནས་སྲུངས་ཤིག །དེས་ཁྱིམ་དུ་བཞག་པ་ན་ཟླ་བ་བརྒྱད་དམ་དགུ་ལོན་ནས་ཁྱེའུ་ཞིག་བཙས་སོ། །དེ་ཉིད་ཀྱི་ཉི་མ་ལ་ཉ་པའི་ཆུང་
མ་ཞིག་ལ་བུ་མོ་ཞིག་བཙས་སོ། །དེས་བཙས་མ་ཐག་ཁོ་ནར་ཉ་པའི་ཆུང་མ་ལ་ནོར་གྱིས་བྲིད་དེ་བརྗེས་ནས་ཕྱུགས་འདུག་གིས་རྒྱལ་པོ་ལ་སྨྲས་པ། ལྷ་ཆོས་ལྡན་མ་ལ་བུ་མོ་ཞིག་བཙས་ལགས་སོ། །ལེགས་པ་ཞིག་སྨྲས་སོ། །ཁྱེའུ་དེ་ཉ་པའི་ཆུང་མས་བསྣུན་བསྙོད་གསོས་ཏེ་
เล่ม ๔ · หน้า 234b
ཆེན་པོར་གྱུར་ནས་ཡིག་འབྲུ་དང་བཀླག་པ་བསླབས་ཏེ། སྙན་དངགས་བྱ་བར་བརྩམས་ནས་དེའི་མིང་ཉ་པའི་ཁྱེའུ་སྙན་དངགས་མཁན་ཉ་པའི་ཁྱེའུ་སྙན་དངགས་མཁན་ཞེས་བྱ་བར་གྱུར་ཏོ། །ཕྱུགས་འདུག་གིས་ཆོས་ལྡན་མ་ལ་སྨྲས་པ། ཁྱོད་ལ་ནི་ཁྱེའུ་སྙན་དངགས་མཁན་ཞིག་
བཙས་པར་གྱུར་ཏོ། །དེ་ཅི་འདྲ་བ་ཞིག་ཡིན་རེ་ཞིག་བལྟའོ། །དེས་སྨྲས་པ། དེ་བལྟ་ཅི་དགོས་ཞོག་ཤིག །དེ་བུ་ལ་མངོན་པར་དགའ་ཞིང་བལྟ་འདོད་པས་འདུག་ཏུ་མི་བཏུབ་བོ། །ཕྱུགས་འདུག་གིས་ངེས་པར་གལ་གྱིས་འཆུ་བར་ཤེས་ནས་ཐབས་ཤིག་བཤམས་ཏེ། ཉ་ཞིག་
བསྐུར་ནས་བཏང་ངོ་། །དེ་ནང་དུ་ཞུགས་པ་དེ་ཁོ་ན་ན་མཚན་མཁན་རྣམས་ཀྱིས་ཉ་པའི་ཁྱེའུ་སྙན་དངགས་མཁན་འདི་ནི་རྒྱལ་པོ་སྲོག་དང་ཕྲལ་ཏེ་རང་ཉིད་ཅོད་པན་བཅིངས་ནས་རྒྱལ་སྲིད་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་པ་རྒྱལ་པོས་ཐོས་ནས་དེ་བློན་པོ་རྣམས་ལ་བསྒོ་བ། ཅི་ནས་
ཀྱང་དེ་མ་ཤོར་བར་ཟུང་ཤིག །དེས་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་ཐོས་ནས་དེ་ཕན་ཚུན་བྲོས་པ་ལས་རྒན་མོ་ཞིག་གི་ཁྱིམ་དུ་ཞུགས་པ་དང་དེས་དེ་སྦས་ཏེ། དེ་ནས་ཡུང་དང་འབྲུ་མར་གྱིས་ལུས་བསྐུས་ནས་ཁྱོགས་ཀྱི་སྟེང་དུ་བཞག་སྟེ་རོ་ལྟ་བུར་བཅོས་ནས་ཕྱུང་སྟེ་དུར་ཁྲོད་དུ་བོར་
བ་དང་ལངས་ཏེ་བྲོས་པ་ཕྱོགས་དེ་ན་མི་ཞིག་མེ་ཏོག་དང་འབྲས་བུ་ཚོལ་བ་དེས་དེ་བྲོས་པ་མཐོང་ངོ་། །དེའི་ཕྱི་བཞིན་སྙེགས་ཤིང་རྒྱུགས་པའི་མི་རྣམས་ཀྱིས་མི་དེ་ལ་དྲིས་པ་ཀྱེ་ནང་རྗེ་བོང་ཚོད་དང་ཁ་དོག་འདི་འདྲ་བའི་མི་འགའ་ཞིག་ལམ་འདི་ནས་འགྲོ་བ་ཁྱོད་ཀྱིས་མ་མཐོང་ངམ། དེས་སྨྲས་པ།
མཐོང་སྟེ་ལམ་འདི་ནས་སོང་ངོ་། །དེ་རྣམས་དེའི་རྗེས་བཞིན་དུ་དོང་ངོ་། །དེ་ཡང་རི་འོར་དེར་བཙོ་བླག་མཁན་ཞིག་གི་ཁྱིམ་དུ་ཞུགས་ནས་དེ་ལ་ཇི་ལྟར་གྱུར་པ་སྨྲས་པ་དང་། སྙེགས་མའི་མི་རྣམས་ཀྱིས་རི་འོར་བཙལ་བར་བརྩམས་པ་ན་བཙོ་བླག་མཁན་གྱིས་གོས་ཀྱི་ཐུམ་པོའི་ནང་དུ་བཅུག་ནས་
བོང་བུ་ལ་བཀལ་ཏེ་རི་འོར་ནས་ཕྱིར་བྱུང་སྟེ་ཁྲུས་བྱེད་པའི་སར་ཁྱེར་ནས་བཏང་བ་དང་ལངས་ཏེ་ཕྱོགས་བཞིར་བལྟས་ཏེ་བྲོས་སོ། །དེར་ཡང་མི་གཞན་ཞིག་གིས་མཐོང་ནས། དེས་སྙེགས་མའི་མི་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་གང་གི་དོན་དུ་རི་འོར་ན་ཚོལ་བའི་མི་དེ་ནི་ལམ་འདི་
เล่ม ๔ · หน้า 235a
ནས་སོང་གིས་མྱུར་དུ་དེང་ཤིག །དེ་རྣམས་དོང་བ་ལས་དེ་ཡང་གྲོང་གཞན་ཞིག་ཏུ་ལྷམ་མཁན་གྱི་ཁྱིམ་ཞིག་ཏུ་ཞུགས་ནས་དེས་དེ་ལ་ཇི་ལྟར་གྱུར་པ་བསྙད་ནས་སྨྲས་པ། མཆིལ་ལྷམ་བོལ་རྟིང་བར་བལྟས་པ་ཞིག་གྱིས་ཤིག །དེས་སྨྲས་པ། བདག་གིས་སྔོན་ལན་འགའ་
ཡང་མཆིལ་ལྷམ་དེ་ལྟ་བུ་བྱེད་མ་མྱོང་ངོ་། །དེས་ཚིགས་སུ་བཅད་དེ་སྨྲས་པ། བློ་གྲོས་སྣ་ཚོགས་རང་བཞིན་དུ་མ་སྟེ། །དེ་དག་སྲང་གཅིག་ཏུ་ནི་གཞལ་བ་མེད། །ལྷམ་མཁན་ཁྱོད་ཀྱིས་ང་ཡི་ཚིག་བཞིན་འདིར། །རྟིང་པ་གང་དེ་མདུན་དུ་ལྟ་བར་གྱིས། །དེས་ལྷམ་མཁན་དེ་ལ་བསླབས་
ནས་ལྷམ་མཁན་གྱིས་དེ་འདྲ་བའི་མཆིལ་ལྷམ་ཞིག་བྱས་སོ། །རི་འོར་དེར་བས་བསྐོར་བ་ཡིན་པས་དེ་མཆིལ་ལྷམ་དེ་གྱོན་ནས། སྟོར་ཁུང་ནས་འཛུལ་ཏེ་བྲོས་སོ། །སྙེགས་མའི་མི་རྣམས་ཀྱིས་མཆིལ་ལྷམ་གྱི་རྗེས་བཞིན་རི་འོར་དེ་ཉིད་བསྐོར་ཏེ་དེ་ཡང་བྲོས་ནས་སོ། །ཆུར་ཞུགས་པ་
དང་ཀླུ་རྣམས་ཀྱིས་གནས་སུ་ཁྲིད་དོ། །རྒྱལ་པོས་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་དེ་ཇི་ལྟར་ཀླུ་རྣམས་ཀྱིས་ཀླུའི་གནས་སུ་ཁྲིད་དོ་ཞེས་ཐོས་སོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ངའི་ཡུལ་ན་སྦྲུལ་ཁས་སྡིགས་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ངའི་སྤྱན་
སྔར་ཁུག་ཤིག །དེ་རྣམས་ཀྱིས་ཡུལ་ཐམས་ཅད་ན་གནས་པའི་སྦྲུལ་ཁས་སྡིགས་རྣམས་རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོས་དེ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ལ་ཀླུའི་གནས་ཆེ་གེ་མོ་ཞེས་བྱ་བར་ཀླུ་ཟུང་ཤིག །ལྷ་བཀའ་བཞིན་འཚལ་ཞེས་སྦྲུལ་ཁས་སྡིགས་ཐམས་ཅད་
ཀྱིས་རྒྱལ་པོ་ལས་མཉན་ནས་ཀླུའི་གནས་སུ་དོང་ངོ་། །འབྲོག་གཅིག་ན་གནོད་སྦྱིན་སེར་སྐྱ་ཞེས་བྱ་བ་ཁྲག་དང་ཤ་ཟ་བ་གཅིག་ཡོད་དོ། །དེས་སྐྲག་པས་གཅན་གཟན་རྣམས་ཀྱིས་ཀྱང་འབྲོག་དེ་ཡོངས་སུ་སྤངས་ན་མི་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ་དེ་སེར་སྐྱའི་འབྲོག་ཅེས་བྱ་བར་གྲགས་
སོ། །སྦྲུལ་ཁས་སྡིགས་རྣམས་ཀྱི་སྔགས་ཀྱི་མཐུས་ཇི་ལྟར་ཀླུ་དེ་ལ་གནོད་པར་འགྱུར་བ་དེ་ལྟར་བྱས་པས་དེ་སྐྲག་ནས་དེ་སེར་སྐྱའི་འབྲོག་དེ་རྒལ་བར་མི་ནུས་པར་བོར་རོ། །ཀླུ་རྣམས་ཀྱིས་གྲོས་བྱས་པ་བདག་ཅག་གིས་འདི་ལྟར་དེ་སེར་སྐྱའི་འབྲོག་ལས་མ་བསྒྲལ་བ་ནི་མ་ལེགས་པ་ཞིག་བྱས་ཏེ།
เล่ม ๔ · หน้า 235b
དེ་ཡང་གནོད་སྦྱིན་སེར་སྐྱས་བསད་ལ་བདག་ཅག་ཀྱང་དེའི་ཕྱིར་གཙེས་པར་འོང་ན་དེ་ལ་ཇི་ལྟར་བསྒྲུབ་པར་བྱ། ཀླུའི་རྒྱལ་པོ་དེས་སྨྲས་པ། དོན་དེ་སྦྲུལ་ཁས་སྡིགས་རྣམས་ལ་རིག་པར་བྱའོ་ཞེས་དེ་རྣམས་ཀྱིས་སྦྲུལ་ཁས་སྡིགས་རྣམས་ལ་སྨྲས་པ། ཤེས་ལྡན་དག་གང་གི་ཕྱིར་བདག་ཅག་
འཁྲུགས་པར་བྱས་པ་དེ་ནི་བདག་ཅག་གིས་ཐབས་ཀྱིས་བསད་པ་ཉིད་དེ་འདི་ལྟར་སེར་སྐྱའི་འབྲོག་ཏུ་བོར་རོ། །སྦྲུལ་ཁས་སྡིགས་རྣམས་ཀྱིས་དོན་དེ་རྒྱལ་པོ་ལ་སྨྲས་པ་དང་། རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་ཡང་འོན་ཀྱང་ཚོལ་ཅིག །དེ་སེར་སྐྱའི་འབྲོག་ན་ཕན་ཚུན་འཁྱམ་པར་
བརྩམས་པ་ན་གནོད་སྦྱིན་སེར་སྐྱ་ཡང་ཕྱོགས་ཤིག་ན་ཁྱི་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ་འདུག་གོ། །དེ་དང་ཁྱི་རྣམས་ཀྱིས་དེ་རྒྱང་རིང་པོ་ཁོ་ན་ནས་མཐོང་ནས་དེས་བསམས་པ། ཅི་འདིས་བདག་ཤི་བར་གྱུར་ཏོ་ཞེས་ཐོས་ནས་དེས་ན་དེ་འདིར་འོངས་སམ་སྙམ་མོ། །དེས་དེ་ལ་ཁྱི་
རྣམས་སྦད་པ་ལས་དེ་བྲོས་ཏེ་ཤིང་ལྗོན་པ་ཞིག་ལ་འཛེགས་པ་དང་། ཁྱི་རྣམས་དང་། སེར་སྐྱས་ལྗོན་ཤིང་གི་དྲུང་དུ་བསྡད་དེ། སེར་སྐྱས་སྨྲས་པ། ཀྭའི་ནང་རྗེ་ཁྱོད་ཀྱི་སེར་སྐྱའི་འབྲོག་ན་མི་མ་ཡིན་པ་སེར་སྐྱ་ཞེས་བྱ་བ་གནས་ཏེ། དེར་སོང་བ་གང་ཡིན་པ་དེ་དེས་གསོད་
པར་འགྱུར་རོ་ཞེས་མ་ཐོས་སམ། ཁྱོད་ཀྱི་དུས་ལ་བབ་ཀྱིས་བོབས་ཤིག །དེས་སྨྲས་པ། ཇི་སྲིད་འཚོ་བ་དེ་སྲིད་དུ་འདུག་གོ། །གནོད་སྦྱིན་སེར་སྐྱ་པུས་སྐྱུད་ཀྱིས་བཅིངས་ཏེ་སྒྲིམ་པས་འདུག་ནས་དེ་ཡུར་བ་ན་དེས་དེའི་སྟེང་དུ་གོས་ཤིག་བོར་རོ། །ཁྱི་རྣམས་ཀྱིས་བསམས་པ།
འདི་ནི་མི་དེ་ཁོ་ན་ལྷུང་བ་ཡིན་ནོ་སྙམ་ནས་དེ་རྣམས་ཀྱིས་གནོད་སྦྱིན་སེར་སྐྱ་ཟོས་ནས་དོང་ངོ་། །དེ་ལྗོན་ཤིང་ལས་དལ་གྱིས་དལ་གྱིས་བབས་ཏེ་སོང་ནས་དེ་དེ་དང་དེ་ན་འཁོར་ཞིང་བསམས་པ། བདག་གི་ཞང་པོ་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་བ་ཞིག་ཡོད་ཀྱིས་དེའི་དྲུང་དུ་འགྲོའོ་
སྙམ་ནས་དྲང་སྲོང་དེ་ལ་ཡང་རི་འོར་ཞིག་ན་སྐྱེད་མོས་ཚལ་རྩ་བ་དང་། མེ་ཏོག་དང་། འབྲས་བུ་དང་། ཆུ་ཕུན་སུམ་ཚོགས་པ་ཤིང་རྣམ་པ་སྣ་ཚོགས་ཚང་ཚིང་གིས་མཛེས་པར་བྱས་པ། བྱ་སྣ་ཚོགས་སྐད་འབྱིན་པ་ཞིག་ཡོད་དེ་དེ་རིམ་གྱིས་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་དེའི་
เล่ม ๔ · หน้า 236a
དྲུང་དུ་འོངས་ནས་གཉེན་དུ་འབྲེལ་བས་སྨྲས་ཏེ་འདུག་གོ། །དེར་ཡང་རྒྱལ་པོའི་མི་རྣམས་ཀྱིས་བཙལ་ཏེ་དེ་རྣམས་ཀྱིས་དེ་གཟུང་བར་བརྩམས་པ་ལས་དེས་རིའི་གཡང་ས་ནས་བདག་ཉིད་མཆོངས་སོ། །དེ་མཆོངས་པ་དང་མི་ཞིག་གིས་གཙུག་པུད་ནས་བཟུང་བ་ལས་གཙུག་
པུད་བྱུང་ནས་དེ་ལྷུང་ངོ་། །དེ་རྣམས་ཀྱིས་བསམས་པ་འདི་ནི་ཤི་བས་འདོང་ངོ་ཞེས་གཙུག་པུད་ཁྱེར་ཏེ་རྒྱལ་པོའི་དྲུང་དུ་སོང་ནས། དེ་རྣམས་ཀྱིས་སྨྲས་པ། ལྷ་ཉ་པའི་ཁྱེའུ་སྙན་དངགས་མཁན་དེ་བཀུམ་ནས་གཙུག་པུད་ཀྱང་འདི་ལགས་སོ། །རྒྱལ་པོ་མགུ་ནས་དེས་དེ་རྣམས་ལ་ལོངས་སྤྱོད་
ཀྱིས་བགོ་བཤའ་བྱས་སོ། །དེ་ནས་དྲང་སྲོང་གི་སྐྱེད་མོས་ཚལ་ན་གནས་པའི་ལྷ་གང་ཡིན་པ་དེས་དྲང་སྲོང་དེ་ལ་སྨྲས་པ། ཁྱོད་ཀྱི་ཚ་བོ་ནི་སྡུག་བསྔལ་མི་བཟད་པ་དོག་པ་ཉམ་ང་བ་ཐོབ་ན་མ་དགོངས་སམ། དེས་སྨྲས་པ། གལ་ཏེ་བདག་གིས་མ་བསམས་པར་གྱུར་ན་དེ་རིང་ཉིད་དུ་སྲོག་དང་
བྲལ་བར་འགྱུར་རོ། །དྲང་སྲོང་དེ་ནི་རིག་སྔགས་དང་གསང་སྔགས་འཆང་བ་ཡིན་ཏེ། གང་གིས་ནི་སྐྱེས་པ་བུད་མེད་དུ་འགྱུར་ཞིང་ཕྱིར་ཡང་སྐྱེས་པར་འགྱུར་བ་དེ་ལྟ་བུའི་རིག་སྔགས་ཤེས་པས་དེས་དེ་ལ་རིག་སྔགས་དེ་བསླབས་ཏེ་སྨྲས་པ། ད་ནི་སོང་ལ་འཇིགས་པ་དང་བག་ཚ་བ་མེད་པས་འདུག་
ཤིག །དེས་རིག་སྔགས་ཀྱིས་དཔེས་བསྐྲུན་པར་མི་ནུས་པའི་བུད་མེད་ཀྱི་ཆ་བྱད་དུ་མངོན་པར་སྤྲུལ་ནས་བཱ་རཱ་ཎ་སཱིར་སོང་སྟེ། རྒྱལ་པོའི་སྐྱེད་མོས་ཚལ་ན་འདུག་པ་སྐྱེད་མོས་ཚལ་གྱི་སྲུང་མས་མཐོང་ནས་མཆོག་ཏུ་ངོ་མཚར་སྐྱེས་ཏེ་དེས་མྱུར་བ་མྱུར་བར་སོང་ནས་རྒྱལ་པོ་ཉི་མའི་མུ་ཁྱུད་ལ་སྨྲས་པ།
ལྷ་སྐྱེད་མོས་ཚལ་ན་བུད་མེད་གཟུགས་ཕུན་སུམ་ཚོགས་པ་དར་ལ་བབ་བ་ཞིག་མཆིས་སོ། །དེས་བསྒོ་བ་ཁྲིད་དེ་ཤོག་ཤིག །དེས་དཔལ་གྱི་འབྱོར་བ་ཆེན་པོས་བླངས་ཏེ་རྒྱལ་པོའི་ཕོ་བྲང་དུ་ཁྲིད་ནས་དེ་ལ་རྒྱལ་པོ་ཉི་མའི་མུ་ཁྱུད་ལྷག་པར་ཆགས་པར་གྱུར་པ་དང་དེས་སྐབས་རྙེད་ནས་དབེན་པ་ན་
འདུག་པ་ལ་བསད་དེ་སླར་ཡང་རིག་སྔགས་བཟླས་ཏེ་སྐྱེས་པར་གྱུར་པ་དང་། དེ་ནས་རང་ཉིད་ཀྱིས་ཅོད་པན་བཅིངས་ཏེ་བློན་པོ་ཕྱུགས་འདུག་ལ་གོ་བར་བྱས་ནས་རྒྱལ་སྲིད་ལ་འདུག་གོ། །ལྷས་ཚིགས་སུ་བཅད་དེ་སྨྲས་པ། གང་གིས་མགོ་མ་བཅད་པ་དེ་བསད་མིན། ཕྱིར་ཡང་ལངས་ནས་
เล่ม ๔ · หน้า 236b
ལས་ནི་བྱེད་པར་འགྱུར། །ཇི་ལྟར་སྙན་དངགས་མཁན་དེ་གླགས་རྙེད་ནས། །སྲ་རྩི་ཅན་བུ་ལྟ་བུ་དེ་བསད་ཡིན། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་སྲ་རྩི་ལྡན་གྱི་བུ་ཉི་མའི་མུ་ཁྱུད་ཅེས་བྱ་བ་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་སྙན་
དངགས་མཁན་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། དེ་ན་ཡང་འདིས་ང་ལ་ཤར་གཉེར་ལ་ད་ལྟར་ཡང་འདིས་ཤར་གཉེར་རོ། །གཞན་ཡང་ཇི་ལྟར་འདིས་ང་ལ་ཤར་གཉེར་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རི་འོར་ཞིག་ན་ནོར་བུ་མཁན་གཉིས་ཤིག་གནས་ཏེ་དེ་གཉིས་ཀྱིས་ལམ་པོ་ཆེ་
དང་གྲོང་བགོས་སོ། །དེའི་ཚེ་ཚོང་པ་འབྱོར་པ་ཡོངས་སུ་ཟད་པ་ཞིག་ཡོད་པ་དེ་ནོར་བུའི་སྣོད་ཁྱེར་ནས་རི་འོར་དེར་ཕྱིན་ཏོ། །ད་ནས་ལམ་གྱིས་དུབ་པ་ངལ་སོས་ནས་ནོར་བུ་མཁན་གཅིག་གི་དྲུང་དུ་སོང་སྟེ་སྨྲས་པ། ནོར་བུའི་སྣོད་འདི་རིན་ཐང་ཆོད་ཅིག །དེས་དེའི་རིན་ཐང་ཆུང་ངུ་ཞིག་ཏུ་
བཅད་པ་དང་། དེས་སྨྲས་པ། འདི་ལྟར་ཁོ་བོ་ལོངས་སྤྱོད་ལས་ཉམས་ཀྱང་ཤེས་རབ་ལས་མ་ཡིན་པས་ཁོ་བོས་འདི་ཅི་རི་བ་ལྟ་ཤེས་ན། དེ་སྐད་དུ་སྨྲ་བ་ཅིའི་ཐ་ཚིག །དེ་དེའི་དྲུང་ནས་ལོག་པ་སྟེ། ཅིག་ཤོས་ཀྱི་དྲུང་དུ་སོང་ནས་སྨྲས་པ། ནོར་བུའི་སྣོད་འདི་རིན་ཐང་ཆོད་ཅིག །
དེས་དེའི་རིན་ཐང་ཐོག་ཏུ་བབ་པར་བཅད་ནས་དེས་སྨྲས་པ། འདི་སྙེད་ཀྱི་རིན་ཐང་རེ་ཞིག་བདག་ལ་མི་བདོག་གོ། །དེས་སྨྲས་པ། ཅི་བདོག་པ་དེ་བྱིན་ལ་ཁྱེར་ཅིག །དེས་བླངས་སོ། །ནོར་བུ་མཁན་ཅིག་ཤོས་པོ་དེས་ཐོས་ནས། དེ་མི་བཟོད་པ་སྐྱེས་ཏེ། དེའི་དྲུང་དུ་སོང་ནས་བདག་
གིས་འདི་ཐོག་མར་ཁྱིམ་དུ་ཁྲིད་ཅིང་བདག་གིས་འདིའི་རིན་ཐང་ཡང་བཅད་ན་ཁྱོད་ཀྱིས་ཅིའི་ཕྱིར་བཀུར། དེ་གཉིས་ཕན་ཚུན་འཁོན་བྱུང་བར་གྱུར་ཏོ། །དགེ་སློང་དག་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ནོར་བུ་མཁན་ནོར་བུའི་སྣོད་རིན་ཐང་ཆུང་ངུར་གཅོད་པ་གང་ཡིན་པ་དེ་ནི་ལྷ་སྦྱིན་
འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་ནོར་བུ་མཁན་ཅིག་ཤོས་རིན་ཐང་ཐོག་ཏུ་བབ་པར་གཅོད་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། དེ་ན་ཡང་ངེད་ཕན་ཚུན་མི་མཐུན་པར་གྱུར་ཏེ། ད་ལྟར་ཡང་ངེད་ཕན་ཚུན་མི་མཐུན་པར་གྱུར་ཏོ། །གཞན་ཡང་ཇི་ལྟར་ངེད་མི་མཐུན་པར་གྱུར་པ་
เล่ม ๔ · หน้า 237a
དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རི་འོར་ཞིག་ན་ཁྱིམ་བདག་ཅིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་
མགུར་སྤྱོད་པར་བྱེད་པ་ལས་དུས་གཞན་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས་དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་ན་ཁྱེའུ་ཞིག་བཙས་སོ། །བཙས་ནས་དེའི་ཆུང་མ་ཤིའོ། །དེས་བསམས་པ། ཁྱེའུ་གསོར་གཞུག་པའི་ཕྱིར་གཞན་ཞིག་བླང་ངོ་སྙམ་ནས་དེས་གཞན་ཞིག་བླངས་ཏེ། དེ་
དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་དེ་ལས་ཀྱང་ཁྱེའུ་ཞིག་བཙས་ནས་དེ་ཡང་ཤིའོ། །ཁྱིམ་བདག་དེས་བསམས་པ། གལ་ཏེ་གཞན་བླངས་ན་དེ་ཡང་ཤི་བར་འགྱུར་གྱིས་ཁྱེའུ་ཕུ་བོ་ཤོས་ཀྱི་ཁྱིམ་དབུབ་པར་བྱའོ་སྙམ་ནས་དེའི་ཁྱེའུ་ཕུ་བོ་ཤོས་ཀྱི་
ཁྱིམ་ཕུབ་པ་ལས་དེ་ལས་ཁྱེའུ་དང་བུ་མོ་མང་དུ་བཙས་སོ། །དེའི་ཆུང་མ་དེས་སྨྲས་པ། རྗེའི་སྲས་ཁྱེའུ་འདི་ཁྱོད་ཀྱི་ཅིར་མཆི། དེས་སྨྲས་པ། སྤུན་དུ་འོང་སྟེ་ནུ་བོ་ཡིན་ནོ། །དེས་སྨྲས་པ། རྗེའི་སྲས་ཁྱོད་ལ་ནི་སྲས་མང་ལ། འདི་ནི་གཅིག་པུ་ལགས་ན། འདི་དག་དང་འདིའི་
ཁྱིམ་དང་ལོངས་སྤྱོད་མཉམ་པར་སྩལ་ལམ། དེས་སྨྲས་པ། བཟང་མོ་འདི་ནི་འཇིག་རྟེན་གྱི་ཆོས་ཡིན་ནོ། །དེས་སྨྲས་པ། རྗེའི་སྲས་གལ་ཏེ་དེ་ལྟ་ན་འདི་ཁུམ་ཤིག །འདོད་པ་ལ་སོ་སོར་སེན་པ་ནི་སྡིག་པའི་ལས་མི་བྱེད་པ་ཅི་ཡང་མེད་པས་དེས་དེ་མེ་ཏོག་དང་འབྲས་བུ་ལ་བྲིད་ནས་
དགོན་པར་ཁྲིད་དེ་རྡོས་བསྣུན་ཏེ་བསད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་གི་བུ་ཕུ་བོ་ཤོས་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་ནུ་བོ་ཤོས་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། དེ་ན་ཡང་འདིས་ང་ལ་མི་མཐུན་པར་བྱས་སོ། །ད་
ལྟར་ཡང་འདིས་ང་ལ་མི་མཐུན་པར་བྱས་སོ། །གཞན་ཡང་ངེད་ཇི་ལྟར་མི་མཐུན་པར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རི་འོར་ཞིག་ན་བྲམ་ཟེ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་
เล่ม ๔ · หน้า 237b
མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་ན་བུ་མོ་གཟུགས་བཟང་བ་བལྟ་ན་སྡུག་པ་མཛེས་པ་ཞིག་བཙས་སོ། །བྲམ་ཟེ་དེས་བསམས་པ། དེ་རིང་
བདག་གི་ཁྱིམ་དུ་བྲམ་ཟེ་སུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དེ་ལ་བུ་མོ་འདི་བསོད་སྙོམས་ཀྱི་གོར་སྦྱིན་ནོ་སྙམ་མོ། །ཇི་ཙམ་ན་བྲམ་ཟེའི་ཁྱེའུ་ཞིག་བསོད་སྙོམས་ཀྱི་ཕྱིར་དེའི་ཁྱིམ་དུ་ཞུགས་ནས་བཀྲ་ཤིས་པར་གྱུར་ཅིག །བསོད་སྙོམས་བྱིན་ཅིག །བྲམ་ཟེ་དེས་དེ་ལ་བོས་ཏེ་སྨྲས་པ།
བྲམ་ཟེའི་ཁྱེའུ་བུ་མོ་གཞོན་ནུ་འདི་བདག་གིས་ཁྱོད་ལ་བསོད་སྙོམས་ཀྱི་གོར་སྦྱིན་ནོ། །དེས་སྨྲས་པ། དེ་རིང་མི་བླང་གི་ཉི་མ་དང་ཡུད་ཙམ་དག་བསྟུན་ནས་བླང་ངོ་ཞེས་སོང་ངོ་། །ཇི་ཙམ་ན་བྲམ་ཟེའི་ཁྱེའུ་གཞན་ཞིག་བསོད་སྙོམས་ཀྱི་ཕྱིར་དེའི་ཁྱིམ་དུ་ཞུགས་ནས་བཀྲ་ཤིས་པར་
གྱུར་ཅིག །བསོད་སྙོམས་བྱིན་ཅིག །བྲམ་ཟེ་དེས་དེ་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་བུ་མོ་གཞོན་ནུ་འདི་བདག་གིས་ཁྱོད་ལ་བསོད་སྙོམས་ཀྱི་གོར་སྦྱིན་ནོ། །དེས་སྨྲས་པ། འདིར་བྲམ་ཟེའི་ཁྱེའུ་གཞན་ཞིག་བསོད་སྙོམས་ལ་ཞུགས་ན་དེ་ལ་ཅིའི་ཕྱིར་མ་བྱིན། དེས་སྨྲས་པ།
དེ་ན་རེ་རྒྱུ་སྐར་མི་བཟང་ཞེས་ཟེར་རོ། །དེས་སྨྲས་པ། གལ་ཏེ་དེ་ལྟར་ན་བླང་བར་བགྱིའོ། །བྲམ་ཟེས་སྨྲས་པ། ཁྱོད་རྒྱུ་སྐར་ལ་ཅིའི་ཕྱིར་མི་སྡོད། དེས་ཚིགས་སུ་བཅད་དེ་སྨྲས་པ། དོན་རྣམས་གྲུབ་པར་གྱུར་ན་ནི། །དེ་དག་ཐམས་ཅད་མཐུན་པ་སྟེ། །རྒྱུ་སྐར་ཐམས་ཅད་བཟང་པོ་
ཡིན། །ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་རྩི་བ་ལྷུར་ལེན་པའི། །མི་རྣམས་དོན་ནི་ཉམས་འགྱུར་ཏེ། །འདི་ཡི་དོན་ནི་རྒྱུ་སྐར་ཡིན། །སྐར་མ་རྣམས་ཀྱིས་ཅི་ཞིག་བྱ། །ཞེས་སྨྲས་ནས་དེས་ཁྱེར་ཏེ་སོང་ངོ་། །བྲམ་ཟེ་གཞན་པོ་དེས་བྲམ་ཟེ་དེ་ལས་བྲམ་ཟེ་ཆེ་གེ་མོ་
ཞེས་བྱ་བས་བུ་མོ་ཁྱེར་རོ་ཞེས་ཐོས་ནས་དེ་དེའི་དྲུང་དུ་སོང་སྟེ་སྨྲས་པ། བྲམ་ཟེའི་ཁྱེའུ་བདག་གི་བུ་མོ་དེ་སྔར་ཐོབ་ཟིན་ན་ཁྱོད་ཀྱིས་ཅིའི་ཕྱིར་བཀུར། དེས་སྨྲས་པ། རྒྱུ་སྐར་རྩི་བ་ལྷུར་ལེན་པ་ཁྱོད་རེ་ཞིག་རྒྱུ་སྐར་ལ་རྟོགས་ཤིག །ཁོ་བོ་ལ་ནི་རྒྱུ་སྐར་བཟང་ངོ་ཞེས་བྱས་པ་དང་དེ་
เล่ม ๔ · หน้า 238a
ཁྲོས་པར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་བྲམ་ཟེའི་ཁྱེའུ་སྔ་མ་ཤོས་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་བྲམ་ཟེའི་ཁྱེའུ་ཕྱི་མ་ཤོས་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེ་ན་ཡང་འདི་ང་ལ་མི་
མཐུན་པར་གྱུར་ཏོ། །ད་ལྟར་ཡང་འདི་ང་དང་མི་མཐུན་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲའི་གླང་པོ་ཆེ་གདུག་པ་ནོར་སྐྱོང་ཞེས་བྱ་བ་ཞིག་ཡོད་པ་དེ་ཉིན་རེ་ཞིང་ཁྱིམ་ནས་བྱུང་
བ་ན་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དོ། །རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་རྒྱལ་པོ་མ་སྐྱེས་དགྲ་ལ་གསོལ་བ་བཏབ་པ། ལྷ་གླང་པོ་ཆེ་གདུག་པ་ནོར་སྐྱོང་གདུགས་རེ་ཞིང་གནས་ནས་བྱུང་བ་ན་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་སྐྱེ་བོ་མང་པོ་
ཁ་འདོག་པར་བགྱིད་ཀྱིས། ལྷས་གླང་པོ་ཆེའི་འདུལ་མཁན་རྣམས་ལ་བཀའ་སྩལ་ཏེ་ཅི་ནས་གདུགས་རེ་ཞིང་མི་འབྱུང་བར་སང་ལྟ་བུ་འབྱིན་པ་ན་ཡང་དྲིལ་སྒྲོགས་སུ་སྩལ་བའི་རིགས་སོ། །རྒྱལ་པོས་སྨྲས་པ། དེ་བཞིན་དུ་བྱས་ཁྱེད་དེང་ཤིག །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་
བ། ཤེས་ལྡན་དག་གླང་པོ་ཆེའི་འདུལ་མཁན་རྣམས་ཁུག་ཤིག །དེ་རྣམས་ཀྱིས་གླང་པོ་ཆེའི་འདུལ་མཁན་རྣམས་བཀུག་པ་དང་། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་ང་ལ་གསོལ་བ། གླང་པོ་ཆེ་གདུག་པ་ནོར་སྐྱོང་
གདུགས་རེ་ཞིང་གནས་ནས་བྱུང་བ་ན་ལམ་པོ་ཆེ་དང་སྲང་དང་བཞི་མདོ་དང་སུམ་མདོ་རྣམས་སུ་སྐྱེ་བོ་མང་པོ་ཁ་འདོག་པར་བགྱིད་ཀྱིས། ལྷས་གླང་པོ་ཆེ་འདུལ་མཁན་རྣམས་ལ་བཀའ་སྩལ་ཏེ། ཅི་ནས་གདུགས་རེ་ཞིང་མི་དབྱུང་བར་སང་ལྟ་བུ་འབྱིན་པ་ན་ཡང་དྲིལ་སྒྲོགས་སུ་སྩལ་བའི་རིགས་
སོ་ཞེས་གསོལ་གྱིས། ཁྱེད་ཀྱིས་དེ་ཉིན་རེ་ཞིང་མ་དབྱུང་བར་སང་ལྟ་བུ་འབྱིན་པ་ན་ཡང་དྲིལ་སྒྲོགས་ཤིག །ལྷ་བཀའ་བཞིན་འཚལ་ཞེས་གླང་པོ་ཆེའི་འདུལ་མཁན་རྣམས་ཀྱིས་རྒྱལ་པོ་མ་སྐྱེས་དགྲ་ལས་མཉན་ནས་རྐང་པ་ལ་གཏུགས་ཏེ་དོང་ངོ་། །རྒྱལ་པོའི་ཁབ་ན་ཁྱིམ་བདག་ཕྱུག་
เล่ม ๔ · หน้า 238b
པ་ནོར་མང་བ་ལོངས་སྤྱོད་ཆེ་བ་ཞིག་གནས་པ་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སང་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་སོ། །ལྷ་སྦྱིན་གྱིས་ཇི་ལྟར་ཁྱིམ་བདག་ཆེ་གེ་མོ་ཞིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སང་ཁྱིམ་དུ་གདུགས་ཚོད་ལ་སྤྱན་
དྲངས་པ་ཐོས་ནས་དེས་གླང་པོ་ཆེའི་འདུལ་མཁན་ལ་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རི་བ་བྱིན་ནས་སྨྲས་པ། ཁྱིམ་བདག་ཆེ་གེ་མོས་དགེ་སྦྱོང་གཽ་ཏ་མ་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་སང་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་ཀྱིས་དེ་ལ་ཁྱོད་ཀྱིས་གླང་པོ་ཆེ་ནོར་སྐྱོང་རྦོད་ཅིག །དེས་
སྨྲས་པ། འཕགས་པ་དེ་བཞིན་དུ་བགྱི་ལགས་ཀྱིས། འོན་ཀྱང་འོལ་བྱི་ལྷ་ལ་ཡང་མཁྱེན་པར་མཛོད་ཅིག །དེ་ནས་ལྷ་སྦྱིན་རྒྱལ་པོ་མ་སྐྱེས་དགྲ་གང་ན་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་ནི་བདག་སངས་རྒྱས་ཉིད་དུ་གཞུག་
མ་ནུས་ན་ཁྱོད་ཀྱིས་ཡབ་སྲོག་དང་བྲལ་ནས་རྒྱལ་སྲིད་ལ་འདུག་ན་བདག་གིས་ཀྱང་དགེ་སྦྱོང་གཽ་ཏ་མ་བསད་ལ་ཐམས་ཅད་མཁྱེན་པ་ཉིད་བྱས། གླང་པོ་ཆེ་དམ་པ་ནོར་སྐྱོང་རྦོད་ཅིག །མ་སྐྱེས་དགྲས་སྨྲས་པ། ཁྱོད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མ་ཐུལ་བ་འདུལ་བར་མཛད་
པ་ཡིན་ནོ་ཞེས་མ་ཐོས་སམ། དེས་སྨྲས་པ། གལ་ཏེ་མ་དུལ་བ་འདུལ་བ་ཡིན་པར་གྱུར་ན་འདིས་རེ་ཞིག་བདག་ཁོ་ན་འདུལ་བར་འགྱུར་གྲང་ཞེས་དེས་དེ་ལ་འོལ་བྱི་སྨྲས་ནས། གླང་པོ་ཆེའི་འདུལ་མཁན་རྣམས་ཀྱི་དྲུང་དུ་སོང་སྟེ་སྨྲས་པ། ལྷ་ལ་ཡང་བདག་གིས་རིག་པར་བྱས་ཀྱིས་ཁྱོད་
ཀྱིས་སང་གླང་པོ་ཆེ་དམ་པ་ནོར་སྐྱོང་རྦོད་ཅིག །དེ་ནས་གླང་པོ་ཆེའི་འདུལ་མཁན་རྣམས་ཀྱིས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་དྲིལ་བསྒྲགས་ནས་རྒྱལ་པོའི་ཁབ་ན་གནས་པའི་གྲོང་མི་ཤེས་ལྡན་དག་ཉོན་ཅིག །སང་གླང་པོ་ཆེ་དམ་པ་ནོར་སྐྱོང་གཏོང་གིས་དེ་བས་ན་ཁྱེད་ཅག་ཐམས་ཅད་སང་རང་
རང་སྲུང་བ་ལ་སྒྲིམས་ཤིག་ཅེས་བསྒྲགས་པ། ཁྱིམ་བདག་དེས་ཐོས་ནས་བདག་འདྲ་བ་བྱུར་ངན་པ་བདག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སང་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་ན་གླང་པོ་ཆེ་གདུག་པ་ནོར་སྐྱོང་ཡང་སང་གཏོང་ན་བདག་གིས་སངས་རྒྱས་ལ་སོགས་པ་དགེ་
เล่ม ๔ · หน้า 239a
སློང་གི་དགེ་འདུན་ཇི་ལྟར་གདུགས་ཚོད་གསོལ་བར་བྱ་སྙམ་སྟེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །ཡང་བསམས་པ། གཡོས་བྱས་ལ་དེ་ཉིད་དུ་ཁྱེར་ཏེ་བཅོམ་ལྡན་འདས་གདུགས་ཚོད་གསོལ་ལོ་སྙམ་ནས་དེས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་
བ་དང་བཅའ་བ་དག་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་དྲིལ་བསྒྲགས་པ། སང་གླང་པོ་ཆེ་དམ་པ་ནོར་སྐྱོང་གཏོང་གིས་ཁྱེད་ཅག་རང་རང་སྲུང་བ་ལ་སྒྲིམས་ཤིག་ཅེས་མཆི་བས། དེ་བས་ན་བཅོམ་
ལྡན་འདས་རྒྱལ་པོའི་ཁབ་ཏུ་མ་གཤེགས་ཤིག །ཞལ་ཟས་དང་བཏུང་བ་འཚལ་ཏེ་བདག་འདི་ཉིད་དུ་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཁྱོད་སེམས་ལས་ཆུང་ངུར་གྱིས་ལ་ཞལ་ཟས་དང་བཏུང་བ་སྟ་གོན་བྱོས་ཤིག་དང་། དེ་བཞིན་གཤེགས་པ་
ནི་གླང་པོ་ཆེའི་བསྙེངས་པ་དང་བྲལ་བ་ཡིན་པས་ང་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་རྒྱལ་པོའི་ཁབ་ཏུ་གཤེགས་སོ། །དེ་ནས་ཁྱིམ་བདག་ཡིད་དགའ་ནས་རང་གི་ཁྱིམ་དུ་སོང་སྟེ་ཞལ་ཟས་དང་བཏུང་བ་སྟ་གོན་བྱས་གདན་བཤམས་ནས་བཅོམ་ལྡན་འདས་ལ་སྡོད་ཅིང་འདུག་གོ། །
དེ་ནས་བཅོམ་ལྡན་འདས་སྔ་དྲོ་ན་བཟའ་ཆོས་གོས་མནབས་ལྷུང་བཟེད་བསྣམས་ཏེ་དགེ་སློང་ལྔ་བརྒྱ་དང་ཐབས་ཅིག་རྒྱལ་པོའི་ཁབ་ཏུ་ཞུགས་པ་ན་གླང་པོ་ཆེ་དམ་པ་ནོར་སྐྱོང་ཡང་རྦད་དོ། །གླང་པོ་ཆེའི་དམ་པ་ནོར་སྐྱོང་གིས་བཅོམ་ལྡན་འདས་རྒྱང་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་
འགྱིང་ཞིང་སྐད་ཕྱུང་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་མོད་ལ་ཤུགས་ཅི་ཡོད་པས་བང་ཐག་པས་བརྒྱུགས་སོ། །དེ་ནས་ལྷ་སྦྱིན་མ་སྐྱེས་དགྲའི་གྲོགས་ཅན་སྟེང་གི་ཁང་བཟངས་ཀྱི་གཞིར་འཛེགས་ནས་དགེ་སྦྱོང་གཽ་ཏ་མ་གསོད་པ་ལ་ལྟ་ཞིང་འདུག་གོ། །དེ་ནས་ལྷ་སྦྱིན་གྱིས་བཅོམ་ལྡན་འདས་
དེ་མཐོང་ནས་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བས་གསང་བསྟོད་དེ་ཚིགས་སུ་བཅད་པས་སྨྲས་པ། གླང་པོ་ཆེ་ཡི་ལས་བལྟས་ན། །ཁྱོད་ནི་གླང་ཆེན་མཐུས་བརྫིས་ནས། །ཤཱཀྱའི་བུ་ཁྱོད་དེ་རིང་དུ། །ཉན་ཐོས་བཅས་ཏེ་རེ་སྙམ་མེད། །བཅོམ་ལྡན་འདས་ཀྱིས་བཀའ་
เล่ม ๔ · หน้า 239b
སྩལ་པ། ལྷ་སྦྱིན་ངན་ཁྱོད་ང་ལ་ནི། །ཁྱད་གསོད་ཅོ་འདྲི་སྨྲ་བར་བྱེད། །སྟོབས་བཅུའི་སྟོབས་ལྡན་རྨད་བྱུང་བའི། །སྟོབས་ཀྱི་མཐུ་ལ་ད་ལྟོས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པའི་མཐིལ་ནས་སེང་གེ་རལ་པ་ཅན་ལྔ་སྤྲུལ་ཏོ། །དེས་དེ་རྣམས་ཀྱི་དྲི་ཚོར་ནས་
གཅིན་དང་རྟུག་པ་ཤོར་ཏེ་འབྲོས་པར་བརྩམས་པ་ན། བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་ཞབས་ཀྱི་དྲུང་གྲང་ཞིང་བསིལ་བར་གྱུར་པ་མ་གཏོགས་པར་ཕྱོགས་ཐམས་ཅད་འབར་རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པར་བྱིན་གྱིས་བརླབས་སོ། །དེ་ནས་གླང་
པོ་ཆེ་དམ་པ་ནོར་སྐྱོང་ཕན་ཚུན་དུ་བརྒྱུག་པར་བརྩམས་པ་ན་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་དུ་གྲང་ཞིང་བསིལ་བར་གྱུར་པ་མ་གཏོགས་པར་ཕྱོགས་ཐམས་ཅད་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར་ཏེ། །མེ་ལྕེ་གཅིག་ཏུ་གྱུར་པར་མཐོང་ངོ་། །ནོར་སྐྱོང་འཁྲུགས་པ་མཐོང་
ནས་ཚེ་དང་ལྡན་པ་ཀུན་དགའ་བོ་མ་གཏོགས་པར་དགེ་སློང་ཐམས་ཅད་བྲོས་སོ། །དེ་ནས་ནོར་སྐྱོང་དྲེགས་པའི་ཤུགས་དང་བྲལ་ནས་དལ་གྱིས་འགྲོ་བའི་འགྲོས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་དང་། བཅོམ་ལྡན་འདས་ཀྱི་ཕྱག་འཁོར་ལོ་དང་། བཀྲ་ཤིས་དང་། །གཡུང་
དྲུང་འཁྱིལ་བས་བརྒྱན་པ། བསོད་ནམས་བརྒྱ་ཕྲག་དུ་མས་བསྐྱེད་པ། སྐྲག་པ་རྣམས་དབུགས་འབྱིན་པར་མཛད་པས་དེའི་མགོ་ལ་བྱུགས་ནས་ཚིགས་སུ་བཅད་དེ་བཀའ་སྩལ་པ། གླང་ཆེན་གཙོ་བོ་ལ་ནི་ཐོ་མ་འཚམ། །གླང་ཆེན་དེ་ལ་ཐོ་འཚམ་སྡུག་བསྔལ་འགྱུར། །གཙོ་ལ་གནོད་
པ་བྱས་པ་ཕ་རོལ་ཏུ། །འགྲོ་བ་བཟང་པོར་འགྱུར་བ་མ་ཡིན་ནོ། །བཞིན་བཟངས་ཁྱོད་རེ་ཞིག་སྔོན་གྱི་ཉེས་པར་སྤྱད་པས་དམན་པ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་ན་ཁྱོད་ད་དུང་གཞན་གྱི་སྲོག་གཅོད་ཅིང་གཞན་གྱི་སྲོག་གཅོད་པས་ཡོངས་སུ་དགའ་བར་བྱེད་པ་འདི་ནས་ཤི་འཕོས་ན་ཁྱོད་ཀྱི་འགྲོ་
བ་ནི་ཅིར་འགྱུར། སྐྱེ་བ་ནི་གང་ཚེ་ཕྱི་མ་ནི་ཅིར་འགྱུར། བཞིན་བཟངས་དེ་ལྟ་བས་ན་འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བ། ཆོས་ཐམས་ཅད་ནི་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བ་ཡིན་གྱིས། ང་ལ་སེམས་མངོན་པར་དད་པར་གྱིས་ལ་ཅི་ནས་ཀྱང་དུད་
เล่ม ๔ · หน้า 240a
འགྲོའི་སྐྱེས་གནས་ལ་འདོད་ཆགས་དང་བྲལ་བར་གྱིས་ཤིག་ཅེས་བཀའ་སྩལ་ནས་ཁྱིམ་བདག་གི་ཁྱིམ་གང་ན་བ་དེར་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ཉིད་ལ་བཞུགས་སོ། །ནོར་སྐྱོང་ཡང་བཅོམ་ལྡན་འདས་ཀྱི་རྗེས་བཞིན་རྗེས་བཞིན་སོང་སྟེ་
བཅོམ་ལྡན་འདས་ནང་དུ་གཤེགས་པ་ན་སྒོ་དྲུང་དུ་སྡོད་པ་ལས་བཅོམ་ལྡན་འདས་མ་མཐོང་ནས་ཁྱིམ་གཞིག་པར་བརྩམས་སོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་དེ་ཤེལ་གྱི་རང་བཞིན་དུ་སྤྲུལ་ནས་དེ་ལ་སངས་རྒྱས་ཀྱི་སྐུ་སྒྲིབ་པ་མེད་པར་སྣང་ངོ་། །དེས་བཅོམ་ལྡན་འདས་མཐོང་ནས་དེ་མ་
བཤིག་གོ། །བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་གདུགས་ཚོད་གསོལ་ནས་ཡོན་བསྔོ་བ་མཛད་དེ་གཤེགས་སོ། །དེ་བཅོམ་ལྡན་འདས་ཀྱི་རྗེས་བཞིན་རྗེས་བཞིན་སོང་བའི་སྐབས་དེ་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་རིག་པར་བྱས་སོ། །མ་སྐྱེས་དགྲས་ལྷ་སྦྱིན་
ལ་སྨྲས་པ། ཁྱོད་ཀྱིས་བདག་ལ་གནོད་པ་བྱས་ཏེ། གླང་པོ་ཆེ་དམ་པ་འདི་ལ་བརྟེན་ནས་མཚམས་གཞན་གྱི་རྒྱལ་པོ་རྣམས་ཁོ་བོ་ལ་གནོད་པ་བྱེད་པར་མི་འགྱུར་ན་དེ་ཡང་ཁྱོད་ཀྱིས་དུལ་བར་བྱས་སོ། །དེ་ཅང་མི་སྨྲ་བར་འདུག་གོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། གང་
གི་ཚེ་བཅོམ་ལྡན་འདས་ཕྱིར་བྱུང་བར་གྱུར་པ་དེའི་ཚེ་གླང་པོ་ཆེ་དམ་པ་ནོར་སྐྱོང་ཇི་ལྟར་ཡང་ཁྱོད་ཀྱིས་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་བར་མི་འགྱུར་བར་སྒོ་ཆོད་ལ་ཞོག་ཤིག །བློན་པོ་རྣམས་ཀྱིས་གླང་པོ་ཆེ་འདུལ་མཁན་རྣམས་ལ་བསྒོ་བ། གླང་པོ་ཆེ་དམ་པ་ནོར་སྐྱོང་ཇི་ལྟར་ཡང་བཅོམ་
ལྡན་འདས་ཀྱི་ཕྱི་བཞིན་འགྲོ་བར་མི་འགྱུར་བར་སྒོ་ཆོད་ལ་ཞོག་ཤིག །དེས་བཅོམ་ལྡན་འདས་མ་མཐོང་ནས་རྡོག་པས་སྣ་བརྫིས་ནས་ཤི་བ་དང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེས་སོ།། །།འདུལ་བ་གཞི། བམ་པོ་བརྒྱ་རྩ་བཞི་པ། ཆོས་ཉིད་ཀྱིས་ལྷའི་བུའམ་ལྷའི་བུ་མོ་
ནི་སྐྱེས་ནས་རིང་པོར་མ་ལོན་པར་སེམས་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་པ་དང་། གང་དུ་སྐྱེས་པ་དང་། ལས་གང་གིས་ཡིན་པའོ། །དེས་གླང་པོ་ཆེ་ལས་ཤི་འཕོས་པ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་
เล่ม ๔ · หน้า 240b
མངོན་པར་དད་པར་བྱས་པ་ཡིན་པར་མཐོང་ནས། དེ་ནས་སྔོན་གླང་པོ་ཆེ་བྱེད་བྱེད་པའི་ལྷའི་བུ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱིས། མ་ལ་བདག་གིས་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་
བཀུར་བྱ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་གླང་པོ་ཆེ་བྱེད་བྱེད་པའི་ལྷའི་བུ་རྣ་ཆ་དྲི་མ་མེད་ཅིང་གཡོ་བ་ཐོགས་ལ། དོ་ཤལ་དང་སེ་མོ་དོས་ལུས་བརྒྱན་ནས་དེ་ཉིད་ཀྱི་མཚན་མོ་ལྷ་རྣམས་ཀྱི་མེ་ཏོག་ཨུཏྤལ་དང་། པད་མ་དང་། ཀུ་མུད་དང་། པད་མ་དཀར་པོ་དང་། མན་དཱ་ར་
བ་རྣམས་ཀྱིས་ཐུ་བ་བཀང་སྟེ། འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ཐམས་ཅད་སྣང་བ་རྒྱ་ཆེན་པོས་གསལ་བར་བྱས་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་།
བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་གང་ཐོས་པས་འཕགས་པའི་བདེན་པ་བཞི་སོ་སོར་ཡང་དག་པར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་མཛད་པས་སྔོན་གྱི་གླང་པོ་ཆེ་ལྷའི་བུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་
བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བདེན་པ་མཐོང་ནས་ལན་གསུམ་དུ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ། བཙུན་པ་བདག་ལ་ཕས་མ་བགྱིས་ཏེ། མས་མ་ལགས། རྒྱལ་པོས་མ་ལགས། ལྷ་རྣམས་ཀྱིས་མ་ལགས། སྡུག་པས་
མ་ལགས། རང་གི་སྐྱེ་བོ་དང་གཉེན་གྱི་ཚོགས་ཀྱིས་མ་ལགས། སྔོན་གྱི་འདས་པས་མ་ལགས། དགེ་སྦྱོང་དང་བྲམ་ཟེས་མ་ལགས་པ་གང་ལགས་པ་དེ་བཅོམ་ལྡན་འདས་ཀྱིས་བདག་ལ་མཛད་དེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་བོ་ལས་ནི་བསྒྲལ།
ངན་སོང་གི་སྒོ་རྣམས་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་རྣམས་ནི་ཕྱེ། བདག་ལྷ་དང་མི་རྣམས་སུ་ནི་བཞག །ཡང་གསོལ་པ། ཁྱོད་མཐུས་རབ་དྲག་ཉེས་པ་མང་ལྡན་པའི། །ངན་སོང་ཤུལ་བཀག་བསོད་ནམས་རབ་ལྡན་པའི། །མཐོ་རིས་འགྲོ་བ་ཕྱེ་བཞིན་བདག་
เล่ม ๔ · หน้า 241a
གིས་ནི། །མྱ་ངན་འདས་པའི་ཤུལ་ཡང་ཐོབ་པར་གྱུར། །ཤིན་ཏུ་རྣམ་དག་ཁྱོད་བརྟེན་བདག་གིས་ནི། །དེ་རིང་སྐྱོན་བྲལ་དག་པའི་མིག་ཐོབ་ཅིང་། །གོ་འཕང་ཞི་བ་འཕགས་པ་དགྱེས་ཐོབ་སྟེ། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་རྒལ་བར་གྱུར། །འགྲོ་བར་
ལྷ་མིན་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་བ་པོ། །སྲིད་པ་སྟོང་དུ་མཐོང་བར་རབ་དཀོན་པ། །ཐུབ་པ་དེ་རིང་ཁྱོད་མཐོང་འབྲས་བུ་མཆིས། །དེ་ནས་གདུད་བྱས་དོ་ཤལ་རབ་འཕྱང་བས། །ཞབས་ལ་ཕྱག་འཚལ་རངས་པ་སྐྱེས་གྱུར་ནས། །དགྲ་ཐུལ་
གཡས་ནས་གཡོན་དུ་བསྐོར་བྱས་ནས། །ལྷ་ཡི་འཇིག་རྟེན་མངོན་ཕྱོགས་མཁའ་ལ་སོང་། །དེ་ནས་སྔོན་གླང་པོ་ཆེ་བྱེད་བྱེད་པའི་ལྷའི་བུ་ཚོང་པ་ཁེ་སྤོགས་རྙེད་པ་ལྟ་བུ་དང་། ཞིང་པ་ལོ་ཐོག་ལེགས་པ་ལྟ་བུ་དང་། དཔའ་བོ་གཡུལ་ངོ་རྒྱལ་བ་ལྟ་བུ་དང་། ནད་པ་
ནད་ཐམས་ཅད་ལས་ཡོངས་སུ་ཐར་བ་ལྟ་བུར་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དགེ་སློང་རྣམས་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་རྗེས་སུ་བརྩོན་པས་གནས་པ་ན། དེ་རྣམས་
ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་སྣང་བ་རྒྱ་ཆེན་པོ་མཐོང་ངོ་། །མཐོང་ནས་ཀྱང་ཡིད་གཉིས་སུ་གྱུར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། མདང་སུམ་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷ་རྣམས་
ཀྱི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ང་བལྟ་བའི་ཕྱིར་འོངས་པ་ནི་མི་མཇེད་ཀྱི་བདག་པོ་ཚངས་པ་ཡང་མ་ཡིན། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡང་མ་ཡིན། འཇིག་རྟེན་
སྐྱོང་བ་བཞི་ཡང་མ་ཡིན་ཏེ། དེ་ལྟ་མོད་ཀྱི་དགེ་སློང་དག་ཁྱེད་ཀྱིས་གླང་པོ་ཆེ་དམ་པ་ནོར་སྐྱོང་ཞེས་བྱ་བ་འདི་ལྟར་གདུག་པ། འདི་ལྟར་གཏུམ་པ་དེས་དེ་བཞིན་གཤེགས་པ་བགྲོངས་པའི་ཕྱིར་ཕ་རོལ་གནོན་པ་བྱས་པ་གང་ཡིན་པ་དེ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ངས་དེ་
เล่ม ๔ · หน้า 241b
བཏུལ་ནས་ང་ལ་མངོན་པར་དད་པར་བྱས་ཏེ་ཤི་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་ཡིན་ཏེ། དེ་མདང་སུམ་ངའི་སྤྱན་སྔར་འོངས་ནས་ངས་དེ་ལ་ཆོས་བཤད་དེ་བདེན་པ་མཐོང་བར་བྱས་ནས་རང་གི་གནས་སུ་སོང་བ་ཡིན་ནོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་
ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ནོར་སྐྱོང་གིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་དུད་འགྲོར་སྐྱེས་ལགས། ལས་ཅི་ཞིག་བགྱིས་ན་དེས་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ནས་བདེན་པ་མཐོང་བར་བགྱིས་ལགས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ནོར་སྐྱོང་འདི་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་
བུར་འགྱུར། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་འཇིག་རྟེན་དུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས། རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་
མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། འོད་སྲུང་ཞེས་བྱ་བ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ཞེས་བྱ་བར་ཉེ་བར་བརྟེན་ནས་དྲང་སྲོང་སྨྲ་བའི་རི་དགས་ཀྱི་ནགས་ན་བཞུགས་སོ། །དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་སྟེ་ཞལ་ཏ་བྱེད་པ་ན་
དེ་ན་འདི་བསླབ་པའི་གཞི་ཕྲ་མོ་ཕྲ་མོ་རྣམས་ལ་གུས་པར་མ་བྱས་པས་ལས་དེ་ཉིད་ཀྱི་རྣམ་པར་སྨིན་པས་དུད་འགྲོར་སྐྱེས་པར་གྱུར་ཏོ། །དེ་ན་འདིས་དགེ་འདུན་ལ་བཀུར་སྟི་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེས་བཟའ་བ་དང་བཏུང་བ་ཐོབ་པར་གྱུར་ཏོ། །ང་ལ་སེམས་མངོན་
པར་དད་པར་བྱས་ཏེ་ཤི་བ་གང་ཡིན་པ་དེས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་རབ་ཏུ་བྱུང་ནས་བཀླག་པ་དང་། མནོད་པར་བྱས་ཤིང་ཕུང་པོ་ལ་མཁས་པར་བྱས། ཁམས་ལ་མཁས་པར་བྱས། སྐྱེ་མཆེད་ལ་
เล่ม ๔ · หน้า 242a
མཁས་པར་བྱས། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་བྱས་པ་གང་ཡིན་པ་དེས་ལྷར་གྱུར་ནས་ང་ལས་བདེན་པ་མཐོང་བར་བྱས་སོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་ཞེས་བྱ་བ་ནས་ལས་གཅིག་ཏུ་དཀར་བ་ལ་བརྩལ་བར་བྱ་སྟེ།
དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ།། །།སྡོམ་ནི། ངང་པ་གད་རྒྱངས་དབྱུང་བ་དང་། །རི་དགས་རུལ་དང་སྤྲེའུ་དང་ནི། །གླང་པོ་ཆེ་དང་བྱི་ལ་དང་། །བ་ལང་ཟླ་བ་རྡོ་བ་དང་། །གླང་ཆེན་ཝ་དང་བྲམ་ཟེའོ། །དགེ་སློང་རྣམས་
ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་དགེ་སློང་ལྔ་བརྒྱས་ཡོངས་སུ་བཏང་ན་ཚེ་དང་ལྡན་པ་ཀུན་དགའ་བོས་ཡོངས་སུ་མ་བཏང་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་
དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་ཀུན་དགའ་བོ་འདིས་ང་ཡོངས་སུ་མ་བཏང་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་མཚོ་ཆེན་པོ་མ་དྲོས་པ་ན་ངང་པའི་དཔོན་པོ་ཡུལ་འཁོར་སྐྱོང་ཞེས་བྱ་བར་གྱུར་ཏོ། །དེ་ལ་བུ་གཉིས་ཡོད་ལ། གང་
བ་དང་། བཞིན་རྒྱས་ཞེས་བྱ་བ་སྟེ། གང་བ་ནི་ཕུ་བོ་ཡིན་ནོ། །བཞིན་རྒྱས་ནི་ནུ་བོ་ཡིན་ནོ། །དེ་གཉིས་ལས་གང་བ་ནི་གཏུམ་པ། བརླང་བ། གཟུ་ལུམས་ཅན་ཞིག་སྟེ་རྟག་ཏུ་ངང་པ་རྣམས་ལ་སྡིགས་པར་བྱེད་དེ། ཁ་ཅིག་ལ་སྒྲོ་འབྱིན། ཁ་ཅིག་ལ་
ནི་སྡེར་མོས་རྨ་འབྱིན་པར་བྱེད་ཅིང་དེ་ལྟ་བུ་དང་གཞན་ཡང་གནོད་པ་བརྒྱ་ཕྲག་དག་བྱེད་དེ། ངང་པ་རྣམས་ཉི་མ་རེ་རེ་ཞིང་ངང་པ་རྣམས་ཀྱི་དཔོན་པོ་ཡུལ་འཁོར་སྐྱོང་གི་གན་དུ་སོང་སྟེ་རིག་པར་བྱེད་ནས་དེས་བསམས་པ། གང་བ་གཏུམ་པ། བརླང་བ། གཟུ་ལུམས་ཅན་
ཡིན་པས་གལ་ཏེ་བདག་གིས་འདི་རྒྱལ་ཚབ་ལ་བཞག་ན་བདག་ཤི་ནས་འདིས་ངང་པའི་ཚོགས་བཤིག་པར་འགྱུར་གྱིས། དེ་ལ་ཐབས་ཤིག་བཤམ་པར་བྱའོ་སྙམ་མོ། །དེས་གང་བ་དང་བཞིན་རྒྱས་གཉིས་བཀུག་ནས་བསྒོ་བ། འབབ་ཆུའི་དངོ་དང་མཚོ་དང་མཚེའུ་རྣམས་
เล่ม ๔ · หน้า 242b
བལྟས་ནས། ངའི་དྲུང་དུ་ཐོག་མར་སུ་འོངས་པ་དེ་ངང་པ་རྣམས་ཀྱི་དཔོན་པོར་གཞུག་གོ། །དེ་གཉིས་ཀྱང་གཅིག་ལ་གཅིག་འགྲན་པའི་ཕྱིར་འཁོར་ལྔ་བརྒྱ་ལྔ་བརྒྱ་དང་དོང་སྟེ། དེ་གཉིས་ཀྱིས་ཕན་ཚུན་གྱི་འབབ་ཆུའི་དངོ་དང་མཚོ་དང་མཚེའུ་རྣམས་བལྟས་ནས་མཐར་གྱིས་གྲོང་ཁྱེར་བཱ་
རཱ་ཎ་སཱིར་ཕྱིན་ཏོ། །དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ། །དེས་བཱ་རཱ་ཎ་སཱིའི་སྐྱེད་མོས་ཚལ་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་
ཚངས་ལྡན་ཞེས་བྱ་བའི་རྫིང་མཚེའུ་བས་ཆེས་ཁྱད་པར་དུ་འཕགས་པ་ཞིག་རྐོར་བཅུག་སྟེ། དེར་ཆུ་ནས་སྐྱེས་པའི་མེ་ཏོག་རྣམ་པ་སྣ་ཚོགས་བསྐྱེད་དོ། །འགྲམ་དང་ཕྱོགས་བཞི་ཀུན་ཏུ་ཡང་མེ་ཏོག་དང་འབྲས་བུའི་ཤིང་སྟོང་ཕྲག་དུ་མ་བསྐྱེད་དོ། །དེར་ཨུཏྤ་ལ་དང་། པད་མ་དང་། ཀུ་མུད་
དང་། པད་མ་དཀར་པོས་ཡོག་པར་བྱས་ཤིང་ཤིང་ཚང་ཚིང་དུ་མས་མཛེས་པ། བྱ་སྣ་ཚོགས་མང་པོ་སྐད་འབྱིན་པའི་འབྱོར་པ་དེ་ལྟ་བུ་དེ་མཐོང་ནས་ངང་པ་གང་བ་འཁོར་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ་བབས་ནས་ཅི་དགའ་བའི་སྤྱོད་པ་རྩེ་བར་བརྩམས་སོ། །བཞིན་རྒྱས་ལ་རང་རང་གི་
ཚོགས་ཀྱིས་སྨྲས་པ། ཁྱོད་ཀྱང་བོབས་ལ་རྩེད་མོ་གྱིས་ཤིག །དེས་སྨྲས་པ། རེ་ཞིག་རྒྱལ་སྲིད་བླངས་ལ་དེ་ནས་ཕྱིས་ལོག་སྟེ་རྩེ་བར་བྱའོ་ཞེས་དེ་རིངས་པ་རིངས་པར་སོང་སྟེ་རྒྱལ་སྲིད་བླངས་སོ། །དེ་ནས་དེ་ངང་པ་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ་བཱ་རཱ་ཎ་སཱིར་འོངས་ནས་ཚངས་ལྡན་
གྱི་རྫིང་དུ་བབས་ཏེ་བག་རྐྱོང་ཞིང་བག་རྐྱོང་ཞིང་གནས་པས་རྩེ་བར་བརྩམས་སོ། །དེ་དེ་ལྟར་བག་ཡོད་པས་གནས་པ་སྐྱེ་བོའི་ཚོགས་ཀྱིས་མཐོང་ནས་མཆོག་ཏུ་ངོ་མཚར་སྐྱེས་ཏེ། ཀྱེ་མ་ངང་པའི་དཔོན་པོ་མཆོག་ཏུ་གཟུགས་བལྟ་ན་སྡུག་པ་གང་ནས་འདིར་འོངས་ཏེ། གཟུགས་
བཟང་པོས་ཆུ་ན་རྒྱུ་བའི་འདབ་ཆགས་ཐམས་ཅད་ཟིལ་གྱིས་མནན་ནས་ཚངས་ལྡན་གྱི་རྫིང་གི་རྒྱན་བྱེད་ཅིང་དགའ་བར་གནས་ཤིང་འཇིག་རྟེན་དགའ་བ་སྐྱེད་པར་བྱེད། བཱ་རཱ་ཎ་སཱི་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་ཀྱང་ཐོས་ནས་ཚངས་ལྡན་གྱི་རྫིང་ཀུན་ནས་བསྐོར་ཏེ། དེའི་
เล่ม ๔ · หน้า 243a
གཟུགས་བཟང་པོ་དང་། བག་རྐྱོང་ཞིང་གནས་པ་ན་རྟོག་ཅིང་འཁོད་དོ། །བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་ངང་པ་རྣམས་ཀྱི་དཔོན་པོ་ཞིག་ག་ཞིག་ནས་འདིར་མཆིས་ཏེ་ཚངས་ལྡན་གྱི་རྫིང་དུ་བབས་ནས་ངང་པ་བརྒྱ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་གཟུགས་
བཟང་པོས་ཆབ་ན་རྒྱུ་བའི་འདབ་ཆགས་ཐམས་ཅད་ཟིལ་གྱིས་མནན་ནས་འཇིག་རྟེན་དགའ་བ་བསྐྱེད་ཅིང་བག་རྐྱོང་ཞིང་མཆིས་ལགས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟ་ན་བྱ་པ་རྣམས་ཁུག་ཤིག །དེ་རྣམས་ཀྱིས་བཀུག་པ་དང་རྒྱལ་པོས་བསྒོ་བ། ཤེས་ལྡན་
དག་ཚངས་ལྡན་གྱི་རྫིང་ན་ངང་པའི་དཔོན་པོ་གཟུགས་མཆོག་ཏུ་བལྟ་ན་སྡུག་པ་ཞིག་གཞིག་ནས་འོངས་སོ་ཞེས་ཐོས་ཀྱིས་ཁྱེད་ཀྱིས་དེ་གཅིག་པུ་རྙིས་མ་སྣད་པར་ཟུང་ལ་ང་ལ་ཕུལ་ཅིག །དེ་རྣམས་ཀྱིས་དེ་མཆོག་ཏུ་རྙི་འཇམ་པོས་མ་སྣད་པར་གཟུང་བ་དང་དེས་ཚིགས་སུ་བཅད་དེ་སྨྲས་པ།
ཁོ་བོ་རྙིས་ནི་དམ་པོར་བཟུང་ཟིན་ཏེ། །མི་ཡི་དབང་དུ་སོང་བས་ཁོ་བོ་ལ། །ཅི་བྱར་མེད་ཀྱིས་ངང་པའི་ཚོགས་དེང་དེ། །མ་དྲོས་པར་ནི་མྱུར་དུ་འདོད་བར་གྱིས། །ངང་པ་གཅིག་གིས་ལྔ་བརྒྱར་མ་ཚང་བ་ནི་བྲོས་སོ། །གཅིག་པུ་ཞིག་རྙིས་ཟིན་པ་དེ་ཉིད་ལ་མྱ་ངན་བྱེད་ཅིང་འདུག་པ་དེ་བྱ་པ་
རྣམས་ཀྱིས་མཐོང་ནས་མཆོག་ཏུ་ངོ་མཚར་སྐྱེས་ཞིང་རྒྱལ་པོས་སྐྲག་ནས་མ་བཟུང་མ་བསད་དེ། དེ་རྣམས་ཀྱིས་ངང་པའི་དཔོན་པོ་དེ་ཁྱེར་ནས་རྒྱལ་པོའི་དྲུང་དུ་སོང་བ་དང་། ཅིག་ཤོས་མ་བཟུང་བ་དེ་ཡང་ཆགས་པའི་རྙིས་བཟུང་བས་རང་ཉིད་འོངས་སོ། །ངང་པའི་དཔོན་པོ་རྒྱལ་པོ་ལ་
ཕུལ་བ་དང་། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཅིག་ཤོས་འདི་ཅིའི་ཕྱིར་ཁྱེར་ཏེ་འོངས་དེ་རྣམས་ཀྱིས་སྨྲས་པ། ལྷ་བདག་ཅག་གིས་འདི་མ་བཟུང་མོད་ཀྱི་རང་ཉིད་མཆིས་ལགས་སོ། །རྒྱལ་པོ་མཆོག་ཏུ་ངོ་མཚར་སྐྱེས་ཏེ་སྨྲས་པ། གདོན་མི་ཟ་བར་འདི་ནི་དེའི་ཆུང་མ་ཡིན་
པས་འོངས་ཀྱིས་ངང་པའི་དཔོན་པོ་འདི་དང་སྤ་ཤུག་ལྷན་ཅིག་ཐོང་ལ་ཁྱེད་ཅག་སུ་ཡང་འདི་གཉིས་མ་གསོད་ཅིག །བྱ་པ་རྣམས་ཀྱིས་སྨྲས་པ། ལྷ་གཞན་གྱིས་བཀུམ་དུ་མཆིས་བཀའ་སྩལ་དུ་གསོལ། རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ལ་གྲོང་ཁྱེར་བཱ་རཱ་ཎ་སཱིར་
เล่ม ๔ · หน้า 243b
དྲིལ་སྒྲོགས་སུ་ཆུག་སྟེ། ལྷ་ཉིད་ཀྱིས་བཀའ་སྩལ་པ། ངའི་ཡུལ་ན་གནས་པ་སུས་ཀྱང་ཆུ་ན་རྒྱུ་བའི་འདབ་ཆགས་རྣམས་མ་གསད་ཅིག་ཅེས་སྒྲོགས་ཤིག །དེ་རྣམས་ཀྱིས་དྲིལ་བསྒྲགས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ངང་པའི་དཔོན་པོ་བཞིན་རྒྱས་གང་ཡིན་
པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་དེའི་ཆུང་མ་གང་ཡིན་པ་དེ་ནི་ཀུན་དགའ་བོ་ཡིན་ནོ། །ངང་པ་གཅིག་གིས་ལྔ་བརྒྱར་མ་ཚང་བ་གང་ཡིན་པ་དེ་ནི་དགེ་སློང་ལྔ་བརྒྱར་གཅིག་གིས་མ་ཚང་བ་འདི་དག་ཉིད་ཡིན་ཏེ། དེ་ན་ཡང་འདི་རྣམས་ངང་པར་གྱུར་པ་ན་ད་ཡོངས་སུ་བཏང་སྟེ། ཀུན་
དགའ་བོ་ངང་པར་གྱུར་པས་ནི་ང་ཡོངས་སུ་མ་བཏང་ངོ་། །ད་ལྟར་ཡང་ང་འདི་དག་གིས་ཡོངས་སུ་བཏང་གི་དགེ་སློང་ཀུན་དགའ་བོས་ནི་ཡོངས་སུ་མ་བཏང་ངོ་། །དགེ་སློང་དག་གཞན་ཡང་ཇི་ལྟར་འདི་དག་གིས་ང་ཡོངས་སུ་བཏང་ན་དགེ་སློང་ཀུན་དགའ་བོས་ཡོངས་སུ་མ་བཏང་བ་དེ་ཉོན་ཅིག །དགེ་
སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་གང་རྒྱངས་ཅན་ཞེས་བྱ་བ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་སྐྱེ་བོའི་ཚོགས་དང་མི་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ། །དེ་ལ་བློན་པོ་ལྔ་བརྒྱ་ཡོད་དེ། དེ་རྣམས་ཀྱི་མཐུས་མཚམས་ཀྱི་རྒྱལ་པོ་
རྣམས་ཀྱིས་ཟིལ་གྱིས་མི་ནོན་ཏོ། །ཇི་ཙམ་ན་ལྷོ་ཕྱོགས་ཀྱི་ལམ་ནས་བྱ་མ་བུམ་གྱི་དབྱུག་གུ་ཅན་ཞེས་བྱ་བ་དམག་སྟོང་ཐུབ་པ་ཞིག་འོངས་ནས། དེ་བློན་པོ་གཞན་ཞིག་གིས་རྒྱལ་པོ་ལ་ཕུལ་ཏེ། ལྷ་བྱ་མ་བུམ་གྱི་དབྱུག་གུ་ཅན་ཞེས་བགྱི་བ་དམག་སྟོང་ཐུབ་པ་འདི་ལྷའི་སླད་དུ་ལྷོ་ཕྱོགས་ཀྱི་ཤུལ་
ནས་མཆིས་ཀྱིས། ལྷས་འདི་ཡོངས་སུ་བཟུང་བའི་རིགས་སོ། །རྒྱལ་པོས་དེ་ཡོངས་སུ་བཟུང་ནས་ལོངས་སྤྱོད་ཀྱི་བགོ་བཤའ་ཡང་བྱས་སོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་གང་རྒྱངས་ཅན་གྱི་ཡུལ་གཞན་གྱི་རྒྱལ་པོ་རྣམས་མཐུ་དང་དཔུང་ཆེན་པོར་གྱུར་ཏོ། །དེ་རྣམས་དཔུང་གི་
ཚོགས་ཡན་ལག་བཞི་པོ་གླང་པོ་ཆེ་བའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས་རྒྱལ་པོ་གད་རྒྱངས་ཅན་དང་གཡུལ་སྤྲད་པའི་ཕྱིར་འོངས་སོ། །རྒྱལ་པོ་གད་རྒྱངས་ཅན་གྱིས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པོ་གླང་པོ་ཆེ་
เล่ม ๔ · หน้า 244a
པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས་ས་གཞན་གྱི་རྒྱལ་པོ་རྣམས་དང་གཡུལ་སྤྲད་པའི་ཕྱིར་སྤགས་ཏེ་བསུའོ། །རྒྱལ་པོ་གད་རྒྱངས་ཅན་གྱིས་ས་གཞན་གྱི་རྒྱལ་པོ་རྣམས་བཅོམ། བྲེད་པར་
བྱས། ཐག་བཅུག །པམ་པར་བྱས། རྒྱབ་ཀྱིས་བལྟས་པར་བྱས་ཏེ། རང་རང་གི་ཡུལ་དུ་དོང་ངོ་། །དེ་རྣམས་སླར་ཡང་འདུས་ནས་རྒྱལ་པོ་གད་རྒྱངས་ཅན་གྱི་བློན་པོ་ལྔ་བརྒྱ་ལ་ཁྱེད་ཅག་ཚུར་ཤེག་ཤིག་དང་། ཁྱེད་ཅག་ལས་ལོངས་སྤྱོད་ཆེས་ཁྱད་པར་དུ་འཕགས་པ་དག་གིས་བགོ་
བཤའ་བྱའོ་ཞེས་ཡོ་བྱད་ཀྱིས་ཁ་དྲངས་པ་དང་དེ་རྣམས་ཀྱིས་ཁས་བླངས་སོ། །དེ་ནས་ས་གཞན་གྱི་རྒྱལ་པོ་རྣམས་ཀྱིས་སླར་ཡང་དཔུང་གི་ཚོགས་ཡན་ལག་བཞི་པོ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས་
རྒྱལ་པོ་གད་རྒྱངས་ཅན་དང་གཡུལ་སྤྲད་པའི་ཕྱིར་འོངས་སོ། །རྒྱལ་པོ་གད་རྒྱངས་ཅན་གྱིས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པོ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས་ས་གཞན་གྱི་རྒྱལ་པོ་རྣམས་དང་
གཡུལ་སྤྲད་པའི་ཕྱིར་སྤགས་ཏེ་བསུའོ། །གད་རྒྱངས་ཅན་གྱི་བློན་པོ་ལྔ་བརྒྱ་གཡུལ་སྤྲད་པ་ན་ཕྱིར་ལོག་ནས་བྱ་མ་བུམ་གྱི་དབྱུག་གུ་ཅན་དམག་སྟོང་ཐུབ་དང་ལྷན་ཅིག་གཡུལ་འགྱེད་པར་བརྩམས་པ་རྒྱལ་པོས་མཐོང་ནས་བག་ཚ་བར་གྱུར་པ་དང་། བྱ་མ་བུམ་གྱི་དབྱུག་གུ་ཅན་དམག་སྟོང་
ཐུབ་ཀྱིས་ཚིགས་སུ་བཅད་དེ་སྨྲས་པ། ཁྱེད་ནི་བྱ་མ་བུམ་གྱི་དབྱུག །གྲོགས་པོ་གཅིག་པུས་མ་བཏང་གི། །ཡུན་རིང་པོ་ནས་གནང་བ་ཡི། །གྲོགས་པོ་ཀུན་གྱིས་ཁྱོད་བཏང་ངོ་། །དེས་དེ་དག་ཐམས་ཅད་ཁ་བཏག་གོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་
རྒྱལ་པོ་གད་རྒྱངས་ཅན་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་བྱ་མ་བུམ་གྱི་དབྱུག་གུ་ཅན་གང་ཡིན་པ་དེ་ནི་ཀུན་དགའ་བོ་ཡིན་ནོ། །བློན་པོ་ལྔ་བརྒྱ་པོ་གང་ཡིན་པ་དེ་དག་ནི་དགེ་སློང་ལྔ་བརྒྱ་པོ་འདི་དག་ཉིད་ཡིན་ཏེ། དེ་ན་ཡང་འདི་དག་གིས་ང་ཡོངས་སུ་བཏང་ངོ་། །ད་ལྟར་ཡང་འདི་
เล่ม ๔ · หน้า 244b
དག་གིས་ང་ཡོངས་སུ་བཏང་གི་ཀུན་དགའ་བོས་ནི་ཡོངས་སུ་མ་བཏང་ངོ་། །གཞན་ཡང་ཇི་ལྟར་འདི་དག་གིས་ང་ཡོངས་སུ་བཏང་གི་ཀུན་དགའ་བོས་ཡོངས་སུ་མ་བཏང་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་བྱང་ཆུབ་སེམས་དཔའ་མ་ངེས་པའི་ཕུང་པོ་ལ་གནས་པ་ན་རིའི་ཕྱོགས་ཤིག་ན་རི་དགས་ཀྱི་
དཔོན་པོ་སེང་གེར་གྱུར་ཏེ། དེའི་ལྷག་མ་ཟ་བ་ཝ་ལྔ་བརྒྱ་རྗེས་བཞིན་དུ་འབྲང་ཞིང་རི་ལ་ཉེ་བར་བརྟེན་ཏེ་གནས་སོ། །སེང་གེས་སྲོག་ཆགས་རྣམས་བསད་དེ་ཤའི་དམ་པ་དང་ཁྲག་གི་དམ་པ་དེ་འཐུངས་ནས་བོར་ཏེ་འགྲོ་བས་དེ་རྣམས་དེ་ལྟ་བུས་དུས་རིང་མོ་ཞིག་འདས་པར་གྱུར་ཏོ། །ཇི་ཙམ་དུས་གཞན་
ཞིག་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་མཚན་མོ་སྲོག་ཆགས་ཚོལ་བ་ན་ཁྲོན་པར་ལྷུང་བ་དང་ཝ་ལྔ་བརྒྱ་པོ་དེ་རྣམས་ལས་ཝ་ལྔ་བརྒྱར་གཅིག་གིས་མ་ཚང་བ་སོ་སོར་དོང་སྟེ། ཝ་གཅིག་པུ་ཞིག་སེང་གེ་ལ་རྟོག་ཅིང་ཁྲོན་པའི་ཁར་འདུག་སྟེ་གང་གིས་ན་འདི་ཕྱིན་པར་འགྱུར་བའི་ཐབས་དེ་ཅི་ཡོད་སྙམ་སེམས་ཤིང་
དེ་ཁྲོན་པའི་ཉེན་ཀོར་ཕན་ཚུན་སོང་བ་ལས་ཇི་ཙམ་ན་ཁྲོན་པ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་མཚེའུ་ཞིག་མཐོང་ནས། དེས་བརྟགས་ནས་ཕྱོགས་གཅིག་ནས་འོག་བྲུས་བཅུག་སྟེ་ཁྲོན་པར་མཚེའུའི་ཆུས་བཀང་བ་དང་། སེང་གེ་རང་ཉིད་བྱུང་བར་གྱུར་ཏོ། །ལྷས་ཚིགས་སུ་བཅད་དེ་སྨྲས་པ། སྟོབས་
ཆེ་བ་འམ་གཞན་ཀྱང་རུང་། །གྲོགས་པོ་དག་ཏུ་བྱ་དགོས་ཏེ། །ཝས་ནི་ཁྲོན་པ་རྙིང་པ་ནས། །སེང་གེ་ཕྱུང་བར་གྱུར་ལ་ལྟོས། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་སེང་གེ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་ཝ་གཅིག་པོ་གང་ཡིན་པ་དེ་ནི་དགེ་སློང་ཀུན་
དགའ་བོ་ཡིན་ནོ། །ཝ་གཅིག་གིས་ལྔ་བརྒྱར་མ་ཚང་བ་གང་ཡིན་པ་དེ་ནི་དགེ་སློང་ལྔ་བརྒྱ་པོ་འདི་དག་ཡིན་ཏེ། དེ་ན་ཡང་འདི་དག་གིས་ང་ཡོངས་སུ་བཏང་གི་ཀུན་དགའ་བོས་ནི་ཡོངས་སུ་མ་བཏང་ངོ་། །ད་ལྟར་ཡང་འདི་དག་གིས་ང་ཡོངས་སུ་བཏང་གི་ཀུན་དགའ་བོས་ནི་ཡོངས་སུ་མ་བཏང་
ངོ་། །གཞན་ཡང་ཇི་ལྟར་འདི་དག་གིས་ང་ཡོངས་སུ་བཏང་ན་ཀུན་དགའ་བོས་ཡོངས་སུ་མ་བཏང་བ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་བྱང་ཆུབ་སེམས་དཔའ་མ་ངེས་པའི་ཕུང་པོ་ལ་གནས་པ་ན་ཕྱོགས་ཤིག་ན་རི་དགས་ལྔ་བརྒྱའི་རི་དགས་ཀྱི་དཔོན་པོར་གྱུར་ཏོ། །ཇི་ཙམ་ན་རྔོན་པ་ཞིག་གིས་རི་དགས་
เล่ม ๔ · หน้า 245a
རྣམས་བཤོར་བའི་ཕྱིར་མཛོལ་དང་། རྙི་དང་། རྙོང་རབ་ཏུ་མང་པོ་དག་བཙུགས་སོ། །རི་དགས་ཀྱི་དཔོན་པོ་དེ་བག་རྐྱོང་ཞིང་གནས་པས་འཁོར་ལྔ་བརྒྱ་དང་རི་དགས་ཀྱི་ནགས་ན་རྒྱུ་ཞིང་དེ་རི་དགས་ཀྱི་ཚོགས་རྣམས་ཀྱི་སྣ་ལ་འགྲོ་བ་ན་རྙིས་ཟིན་ཏོ། །རྙིས་ཟིན་པ་དེ་
མཐོང་ནས་རི་དགས་ཐམས་ཅད་ནི་བྲོས་སོ། །རི་དགས་མོ་གཅིག་པུ་ཞིག་ཚོགས་ཀྱི་དཔོན་པོའི་དྲུང་ན་འདུག་གོ། །རི་དགས་ཀྱི་དཔོན་པོ་དེ་འབད་ཀྱང་རྙི་གཅད་པར་མ་ནུས་ཤིང་དེ་དེ་ལྟར་ཕྲ་ཤགས་བྱེད་པའི་རི་དགས་མོ་དེས་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། རྙི་འདི་གང་གིས་བཙུགས་
པ་ཡི། །རྔོན་པ་དེ་ནི་མཆི་ལགས་ཀྱིས། །སྐལ་ཆེན་པོ་ནི་འབད་མཛོད་ཅིག །རི་དགས་དམ་པ་འབད་མཛོད་ཅིག །དེས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། རྨིག་པ་སར་བཙུགས་འཐེན་ཀྱང་ནི། །འབྲེང་བའི་རྙི་ནི་དམ་པོ་ཡིས། །བདག་གིས་རྐང་པ་རབ་སྨས་ཀྱི། །གཅད་མི་
ནུས་ན་ཅི་བྱར་ཡོད། །དེ་ནས་རྔོན་པ་དེ་མདའ་དང་གཞུ་ལག་པར་ཐོགས་ཤིང་གོས་ངུར་སྨྲིག་བགོས་ནས་ཕྱོགས་དེར་ཕྱིན་ཏོ། །རི་དགས་མོ་དེས་རྔོན་པ་དེ་རི་དགས་ཀྱི་དཔོན་པོ་དེ་བསད་པའི་ཕྱིར་བསྒྲིམས་པས་ཉེ་བར་འོངས་པ་མཐོང་ངོ་། །མཐོང་ནས་ཀྱང་རིངས་པ་རིངས་པར་ཚིགས་སུ་བཅད་དེ་
སྨྲས་པ། རྙི་འདི་གང་གིས་བཙུགས་པ་ཡི། །རྔོན་པ་དེ་ནི་མཆིས་ལགས་ཀྱི། །སྐལ་ཆེན་ད་ནི་འབད་མཛོད་ཅིག །རི་དགས་དམ་པ་འབད་མཛོད་ཅིག །དེས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། རྨིག་པ་སར་བཙུགས་འཐེན་ཀྱང་ནི། །འབྲེང་བའི་རྙི་ནི་དམ་པོ་ཡིས། །བདག་གི་རྐང་
པ་རབ་སྨས་ཀྱིས། །བཅད་མི་ནུས་ན་ཅི་བྱར་ཡོད། །དེ་ནས་རི་དགས་མོ་དེ་སྙིང་སྟོངས་ནས་རྔོན་པ་དེའི་མདུན་དུ་མངོན་དུ་སོང་སྟེ། དེ་ལ་བསྙེན་ནས་ཚིགས་སུ་བཅད་དེ་སྨྲས་པ། རྔོན་པ་གཞུ་ནི་ཕོབ་མཛོད་ལ། །རྔོན་པ་རལ་གྲི་བླང་མཛོད་དེ། །ཐོག་མར་བདག་ཁུམ་དེ་ནས་ནི། །རི་དགས་
དཔོན་པོ་ལ་མཛོད་ཅིག །དེ་ནས་རྔོན་པ་དེ་ངོ་མཚར་གྱིས་བསྡུས་པའི་བློས་བསམས་པ་འདི་ཁྱོད་ཀྱི་ཅིར་འོང་། དེས་སྨྲས་པ། ཁྱིམ་ཐབ་བོ། །དེས་དེ་ལ་ཚིགས་སུ་བཅད་དེ་སླར་སྨྲས་པ། བདག་གིས་ཁྱོད་ཀྱང་མི་བསད་ལ། །རི་དགས་དཔོན་པོའང་མི་བསད་པར། །སྙིང་དུ་སྡུག་པའི་
เล่ม ๔ · หน้า 245b
ཁྱིམ་ཐབ་དང་། །ཁྱོད་ནི་ལྷན་ཅིག་འགྲོགས་པར་བྱ། །དེས་ཀྱང་ཚིགས་སུ་བཅད་པས་སྨྲས་པ། ཇི་ལྟར་རྔོན་པ་བདག་དང་ནི། །སྡུག་པའི་ཁྱིམ་ཐབ་དགའ་བ་ལྟར། །དེ་བཞིན་རྔོན་པ་གཉེན་ཀུན་དང་། །ལྷན་ཅིག་ཏུ་ནི་དགར་གྱུར་ཅིག །དེ་ནས་རྔོན་པ་དེ་ལྷག་པར་ཡང་ངོ་མཚར་སྐྱེས་
ནས་རི་དགས་དེ་བཀྲོལ་ནས་ལྷན་ཅིག་དོང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རི་དགས་ཀྱི་དཔོན་པོ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་རི་དགས་མོ་གང་ཡིན་པ་དེ་ནི་ཀུན་དགའ་བོ་ཡིན་ནོ། །རི་དགས་གཅིག་གིས་ལྔ་བརྒྱར་མ་ཚང་བ་བྲོས་པ་གང་ཡིན་
པ་དེ་དག་ནི་དགེ་སློང་གཅིག་གིས་ལྔ་བརྒྱར་མ་ཚང་བ་འདི་དག་ཉིད་ཡིན་ཏེ། དེ་ན་ཡང་ང་འདི་དག་གིས་ཡོངས་སུ་བཏང་གི་ཀུན་དགའ་བོས་ནི་ཡོངས་སུ་མ་བཏང་ངོ་། །ད་ལྟར་ཡང་ང་འདི་དག་གིས་ཡོངས་སུ་བཏང་གི་དགེ་སློང་ཀུན་དགའ་བོས་ནི་ཡོངས་སུ་མ་བཏང་ངོ་། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་
ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ལྷ་སྦྱིན་རུལ་པ་རྙེད་པ་དང་བཀུར་སྟི་རུལ་པས་བཅོམ་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་རུལ་པ་
འདི་རྙེད་པ་དང་བཀུར་སྟི་རུལ་པས་བཅོམ་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རིའི་ཕྱོགས་གཅིག་ཅིག་ན་པད་མའི་རྫིང་ཆེན་པོ་ཞིག་ཡོད་དེ། དེ་དང་ཉེ་བ་ན་གླང་པོ་ཆེ་ཞིག་གནས་སོ། །ཕྱོགས་གཞན་ཞིག་ན་ཝ་ཞིག་ཀྱང་གནས་སོ། །ཇི་ཙམ་དུས་གཞན་ཞིག་ན་གླང་པོ་ཆེ་པད་མའི་རྫིང་དེ་ནས་
ཆུ་འཐུངས་ནས་འགྲོ་བ་དང་ཝ་འོང་བ་དེས་གླང་པོ་ཆེ་ལ་སྨྲས་པ། འཐབ་མོ་བྱའམ་ལམ་ལས་འཛུར། གླང་པོ་ཆེས་བསམས་པ། རུལ་པ་ཉོན་མོངས་སྤྱི་རྟོལ་ཅན་འདི་གལ་ཏེ་བདག་གིས་རྐང་ལག་གིས་སམ། སྣས་སམ། མཆེ་བས་བསད་ན་མི་གཙང་བས་མ་རུང་བར་འགྱུར་བས་མདོར་ན་
རུལ་པ་འདི་ནི་རུལ་པ་ཁོ་ནས་བསད་དོ་སྙམ་དུ་བསམས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ནི་རྐང་ལག་གིས་མི་བསད། །མཆེ་བས་མ་ཡིན་སྣས་མིན་ཏེ། །རུལ་པ་རུལ་པས་བསད་བྱ་བས། །ཁྱོད་ནི་རུལ་པས་བསད་པར་བྱ། །གླང་པོ་ཆེས་བསམས་པ། ལམ་བཟུར་ཏེ་སོང་དང་
เล่ม ๔ · หน้า 246a
གདོན་མི་ཟ་བར་འོང་བདག་གི་རྗེས་བཞིན་འོང་ངོ་སྙམ་ནས། དེས་ལམ་བཟུར་ནས་མྱུར་བ་མྱུར་བར་སོང་བ་དང་། ཝས་བསམས་པ། ཚིག་ཙམ་ཁོ་ནས་བདག་གིས་འདི་བཅོམ་པ་ཡིན་ཏེ། དེས་ན་མྱུར་བ་མྱུར་བར་བྲོས་སོ་སྙམ་ནས། །དེའི་རྗེས་བཞིན་རྗེས་བཞིན་
འབྲེངས་པ་དང་། གླང་པོ་ཆེས་ཉེ་བར་འོངས་པར་ཤེས་ནས་ཤུགས་དྲག་པོས་དེའི་སྟེང་དུ་རྟུག་པ་བོར་བས་ཕོག་ནས་ཤི་བར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཝ་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་རུལ་པ་འདི་རུལ་པས་བཅོམ་མོ། །ད་ལྟར་
ཡང་རུལ་པ་འདི་རྙེད་པ་དང་བཀུར་སྟི་རུལ་པས་བཅོམ་མོ། །གཞན་ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱི་གཟིགས་པའི་རྗེས་སུ་མཐུན་པར་གྱུར་པ་གང་ལགས་པ་དེ་དག་ནི་འཁོར་བའི་འཇིགས་
པ་ཆེན་པོ་ལེགས་པར་རྒལ་བར་གྱུར་ལ། ལྷ་སྦྱིན་གྱི་ལྟ་བའི་རྗེས་སུ་མཐུན་པར་གྱུར་པ་གང་ལགས་པ་དེ་དག་ནི་ཚུལ་མ་ལགས་པས་མ་རུང་བར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་
དུས་ན་ཡང་ངའི་ཚིག་ཉན་པ་གང་ཡིན་པ་དེ་དག་ནི་འཇིགས་པ་ཆེན་པོ་ལས་ཐར་ལ་ལྷ་སྦྱིན་གྱི་ཚིག་ཉན་པ་གང་ཡིན་པ་དེ་དག་ནི་ཚུལ་མ་ཡིན་པས་མ་རུང་པར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རི་འོར་ཞིག་དང་ཉེ་བ་མེ་ཏོག་དང་། འབྲས་བུ་དང་། ཆུ་ཕུན་སུམ་ཚོགས་པ་ན་སྤྲེའུའི་
ཚོགས་ཀྱི་དཔོན་པོ་གཉིས་ཤིག་གནས་ཏེ། རེ་རེ་ལ་ཡང་འཁོར་ལྔ་བརྒྱ་ལྔ་བརྒྱ་ཡོད་དོ། །དེ་ན་ཚོགས་ཀྱི་དཔོན་པོ་ཅིག་ཤོས་གཉིད་ལོག་པའི་རྨི་ལམ་ན་བདག་གསོན་པོ་ཉིད་དུ་འཁོར་ལྔ་བརྒྱ་དང་ཟངས་སུ་བཅུག་པ་མཐོང་ངོ་། །མཐོང་ནས་ཀྱང་སྐྲག་སྔངས་བྲེད་དེ་སྐྱི་བུང་ཞེས་བྱེད་ནས་ནམ་དོ་
མ་ནངས་ཏེ་ནངས་པ་དང་སྤྲེའུ་རྣམས་བསོགས་ཏེ་རྨི་ལམ་བཟླས་པར་བརྩམས་པ། ཤེས་ལྡན་དག་མདང་སུམ་ངས་རྨི་ལམ་ངན་པ་ཞིག་མཐོང་གིས། གནས་འདི་ནས་འདིར་འདོང་ངོ་། །སྤྲེའུ་རྣམས་ཀྱིས་སྨྲས་པ། དེ་བཞིན་དུ་བགྱིས་ཏེ་འབྲོས་པར་བགྱིའོ། །བྱང་ཆུབ་སེམས་དཔའ་
เล่ม ๔ · หน้า 246b
རྣམས་ནི་རྨི་ལམ་རྣོ་བ་ཡིན་པས་བདག་ཉིད་ཆེན་པོ་དེས་ཚོགས་ཀྱི་དཔོན་པོ་ཅིག་ཤོས་ལ་སྨྲས་པ། བདག་གིས་རྨི་ལམ་འདི་འདྲ་བ་རྨིས་ནས་འདོང་ན་གཞན་དུ་འདོང་ངམ། དེ་ཡིད་མ་ཆེས་ནས་སྨྲས་པ། ཅི་རྨི་ལམ་དུ་རྨིས་སོ་ཅོག་བདེན་པར་འགྱུར་རམ། གལ་ཏེ་ཁྱོད་འགྲོ་ན་སོང་ཤིག །
ཁོ་བོ་ནི་སྤྱོད་ཡུལ་ཆེས་ཡངས་པར་འགྱུར་བས་མི་འགྲོའོ། །དེས་དེ་ཡིད་མ་ཆེས་པར་རིག་ནས་བདག་ཉིད་ཀྱིས་ཚོགས་དང་དེ་དོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་རི་འོར་དེ་ན་བྲན་མོ་ཞིག་ཐབ་ན་ཡོས་རྔོད་ན་མ་སྟེས་པས་ལུག་ཅིག་འཁྱམ་ཞིང་ཕྱོགས་དེར་ཕྱིན་ནས་དེ་ནས་དེ་དག་བཟའ་བར་བརྩམས་
པ་དང་དེ་འགལ་དུམ་གྱིས་བསྣུན་པས་མེ་འབར་བཞིན་རྒྱལ་པོའི་གླང་པོ་ཆེའི་བྲེས་སུ་ཞུགས་པ་འབར་བ་དེས་གླང་པོ་ཆེའི་བྲེས་བསྲེགས་ཏེ་གླང་པོ་ཆེ་མང་པོ་ཞིག་ཚིག་གོ། །རྒྱལ་པོས་སྨན་པ་བཀུག་སྟེ་སྨྲས་པ། གླང་པོ་ཆེ་མེས་ཚིག་པ་རྣམས་ལ་དཔྱད་ཅི་ཡོད། སྨན་པ་དེའི་ནས་ཀྱི་ཞིང་སྤྲེའུ་
རྣམས་ཀྱིས་མ་རུང་བར་བྱས་པས་དེས་བསམས་པ། སྤྲེའུ་འདི་རྣམས་ལ་ཤ་གཉེར་བའི་དུས་ལ་བབ་བོ་སྙམ་དུ་བསམས་ནས་སྨྲས་པ། ལྷ་སྤྲེའུའི་ཞག་གིས་གླང་པོ་ཆེ་རྣམས་བསྐུས་ན་གསོས་པར་འགྱུར་རོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་སྤྲེའུའི་ཞག་སྟ་གོན་
གྱིས་ཤིག །དེ་རྣམས་ཀྱིས་ཀྱང་རྔོན་པ་རྣམས་ལ་བསྒོ་བ་དང་། རྔོན་པ་རྣམས་ཀྱིས་རི་འོར་གྱི་ཉེ་འཁོར་ན་གནས་པའི་སྤྲེའུ་ཐམས་ཅད་བཟུང་སྟེ་ཕུལ་ལོ། །སྨན་པ་ཡུན་རིང་པོ་ནས་ཤ་ཁོན་རྗེས་སུ་འབྲེལ་བས་གསོན་པོ་ཉིད་དུ་ཟངས་སུ་བཅུག་གོ། །ལྷས་ཚིགས་སུ་བཅད་དེ་སྨྲས་པ།
གྲོང་རྡལ་དང་ནི་གྲོང་ཁྱེར་ན། །མི་མཐུན་ཡོད་པར་གནས་མི་བྱ། །ལུག་དང་བྲན་མོ་མི་མཐུན་པས། །སྤྲེའུ་རྣམས་དག་ནི་བརླག་པར་གྱུར། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་སྤྲེའུའི་ཚོགས་ཀྱི་དཔོན་པོ་རྨི་ལམ་རྣོ་བ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་
དུས་ཀྱི་ཚོགས་ཀྱི་དཔོན་པོ་ཅིག་ཤོས་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་ངའི་ཚིག་ཉན་པ་གང་ཡིན་པ་དེ་དག་ནི་འཇིགས་པ་ཆེན་པོ་ལས་རབ་ཏུ་ཐར་རོ། །ལྷ་སྦྱིན་གྱི་ཚིག་ཉན་པ་གང་ཡིན་པ་དེ་དག་ནི་ཚུལ་མ་ཡིན་པས་མ་རུངས་པར་གྱུར་ཏོ། །ད་ལྟར་ཡང་ངའི་ལྟ་བའི་རྗེས་
เล่ม ๔ · หน้า 247a
སུ་མཐུན་པར་གྱུར་པ་གང་ཡིན་པ་དེ་དག་ནི་འཁོར་བའི་འཇིགས་པ་ཆེན་པོ་ལས་རབ་ཏུ་ཐར་ཏེ། ལྷ་སྦྱིན་གྱི་ལྟ་བའི་རྗེས་སུ་མཐུན་པར་གྱུར་པ་གང་ཡིན་པ་དེ་དག་ནི་ཚུལ་མ་ཡིན་པས་མ་རུངས་པར་གྱུར་ཏོ། །གཞན་ཡང་ངའི་ལྟ་བའི་རྗེས་སུ་མཐུན་པར་གྱུར་པ་གང་ཡིན་པ་
དེ་དག་ནི་བདེ་ལེགས་སུ་དོང་བར་གྱུར་ཅིང་། ལྷ་སྦྱིན་གྱི་ལྟ་བའི་རྗེས་སུ་མཐུན་པར་གྱུར་པ་གང་ཡིན་པ་དེ་དག་ནི་ཚུལ་མ་ཡིན་པས་སྡུག་བསྔལ་དུ་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་ཕྱོགས་ཤིག་ན་སྤྲེའུའི་ཚོགས་ཀྱི་དཔོན་པོ་འཁོར་ལྔ་བརྒྱ་ལྔ་བརྒྱ་པ་གཉིས་ཤིག་གནས་སོ། །
དེ་ན་ཅིག་ཤོས་ཚོགས་དང་ལྷན་ཅིག་ལྗོངས་སུ་དོང་སྟེ་རིམ་གྱིས་རི་འོར་ཞིག་ཏུ་ཕྱིན་པ་དང་། རི་འོར་དེ་ན་ཤིང་ཀིམ་པ་ཀ་ཞེས་བྱ་བ་འབྲས་བུས་ཡལ་ག་གཡུར་ཟ་བར་འདུག་ནས་སྤྲེའུ་རྣམས་ཀྱིས་ཚོགས་ཀྱི་དཔོན་པོ་ལ་སྨྲས་པ། ཚོགས་ཀྱི་དཔོན་པོ་ལྗོན་ཤིང་ལྷག་པར་འབྲས་བུ་ཆགས་
པ་འབྲས་བུས་ཡལ་ག་གཡུར་ཟ་བ་ཞིག་མཆིས་ཀྱིས་འོ་སྐོལ་དུབ་པ་འབྲས་བུ་རྣམས་གསོལ་ལོ། །ཚོགས་ཀྱི་དཔོན་པོས་ཤིང་དེ་ལ་བརྟགས་ནས་ཚིགས་སུ་བཅད་དེ་སྨྲས་པ། གྲོང་གི་དྲུང་ན་འདུག་ཀྱང་ནི། །བྱིས་པས་འདི་ལ་མ་ཟོས་པས། །རྗེས་སུ་དཔགས་ན་ཤིང་འདི་ཡི། །
འབྲས་བུ་བཟར་མི་རུང་བར་ཤེས། །ཞེས་སྨྲས་ནས་དོང་ངོ་། །ཚོགས་ཀྱི་དཔོན་པོ་ཅིག་ཤོས་ཀྱང་ཚོགས་དེ་ཉིད་ཀྱི་རྗེས་བཞིན་འབྲངས་ནས་རིམ་གྱིས་རི་འོར་དེར་ཕྱིན་པ་དང་། སྤྲེའུ་རྣམས་ཀྱིས་ཀིམ་པ་ཀའི་ལྗོན་ཤིང་དེ་མཐོང་ནས་དེ་རྣམས་ཀྱིས་ཚོགས་ཀྱི་དཔོན་པོ་ལ་སྨྲས་པ། ཚོགས་
ཀྱི་དཔོན་པོ་ལྗོན་ཤིང་གི་འབྲས་བུ་མཆིས་ཀྱིས་འོ་སྐོལ་དུབ་པ་འབྲས་བུ་རྣམས་ལ་གསོལ་ལ་བདེ་བར་བཞུད་དོ། །དེས་སྨྲས་པ། ལེགས་ཀྱིས་དེ་བཞིན་དུ་གྱིས་ཤིག །དེ་རྣམས་ཀྱིས་ཟོས་པ་དང་ཐམས་ཅད་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་
སེམས། དེའི་ཚེ་དེའི་དུས་ཀྱི་ཚོགས་ཀྱི་དཔོན་པོ་དང་པོ་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་དཔོན་པོ་གཉིས་པ་ཤོས་གང་ཡིན་པ་དེ་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་ངའི་ལྟ་བའི་རྗེས་སུ་མཐུན་པར་གྱུར་པ་གང་ཡིན་པ་དེ་དག་ནི་བདེ་ལེགས་སུ་དོང་ངོ་། །ལྷ་སྦྱིན་གྱི་
เล่ม ๔ · หน้า 247b
ལྟ་བའི་རྗེས་སུ་མཐུན་པར་གྱུར་པ་གང་ཡིན་པ་དེ་དག་ནི་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །ད་ལྟར་ཡང་ངའི་ལྟ་བའི་རྗེས་སུ་མཐུན་པར་གྱུར་པ་གང་ཡིན་པ་དེ་དག་ནི་བདེ་ལེགས་སུ་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་རྒལ་ཏོ། །ལྷ་སྦྱིན་གྱི་ལྟ་བའི་རྗེས་སུ་མཐུན་པར་གྱུར་པ་གང་ཡིན་པ་
དེ་དག་ནི་ཚུལ་མ་ཡིན་པས་མ་རུངས་པར་གྱུར་ཏོ། །གང་གི་ཚེ་ལྷ་སྦྱིན་གྱིས་བཅོམ་ལྡན་འདས་ལ་བགྲོངས་པའི་ཕྱིར་རྡོ་འཕངས་པ་དེའི་ཚེ་བྲམ་ཟེ་དང་ཁྱིམ་བདག་རྣམས་འཁྲུགས་ནས་ལྷ་སྦྱིན་བསད་ཀྱིས་འདོང་ངོ་ཞེས་བྱས་པ་དང་། འཇིག་རྟེན་ནི་མཛའ་བ་དང་། མི་མཛའ་བ་དང་། བར་མ་
དག་ཡོད་པས་གཞན་ཞིག་ལྷ་སྦྱིན་ལ་སྦྲན་ནས་དེ་སྐྲག་ནས་ཤིང་དྲུང་ཞིག་ཏུ་བརྟེན་ཏེ་སྤྱོད་ལམ་ཞི་བས་འདུག་གོ། །དེ་རྣམས་ཀྱིས་དེ་ལྟར་སྤྱོད་ལམ་ཞི་བ་མཐོང་ནས་དེ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་ལྷ་སྦྱིན་བདག་ཉིད་ཆེན་པོ་འདི་བཅོམ་ལྡན་འདས་བགྲོངས་པར་ག་ལ་འགྱུར། ཁ་ཅིག་གིས་
བདག་ཅག་བསླུས་ཀྱིས་ཚུར་འདོང་ངོ་ཞེས་དེ་རྣམས་དོང་ངོ་། །དགེ་སློང་རྣམས་ཀྱིས་ལྷ་སྦྱིན་དེ་ལྟ་བུའི་སྤྱོད་ལམ་གྱིས་གནས་པས་དེས་ན་གྲོང་མི་འཁྲུགས་ཀྱང་མ་བསད་དོ། །ཞེས་ཐོས་ནས་དེ་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་
པ་ལྷ་སྦྱིན་གྱི་ཆོས་ལྟ་བུའི་སྒོ་ནས་འཇིག་རྟེན་བསླུས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་འདི་ཆོས་ལྟ་བུའི་སྒོ་ནས་བྱི་བ་རྣམས་བྲིད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་
ཕྱོགས་ཤིག་ན་བྱི་བ་རྣམས་ཀྱི་ཚོགས་ཀྱི་དཔོན་པོ་འཁོར་ལྔ་བརྒྱ་པ་ཞིག་གནས་སོ། །བྱི་ལ་མེ་སྐྱེས་ཞེས་བྱ་བ་ཞིག་ཡོད་དོ། །གཞོན་པའི་གནས་སྐབས་ན་ཕྱོགས་གང་དུ་གནས་པའི་ཉེ་འཁོར་དུ་དེས་བྱི་བ་ཐམས་ཅད་བསད་དོ། །དེ་ཡང་དུས་གཞན་ཞིག་ན་རྒས་པར་གྱུར་ཏེ་རྒས་
པས་ཕ་རོལ་གནོན་པས་བྱི་བ་གཟུང་མི་ནུས་ནས་དེས་བསམས་པ། སྔོན་བདག་གཞོན་པའི་གནས་སྐབས་ན་ནི་ཕ་རོལ་གནོན་པས་བྱི་བ་འཛིན་ནུས་ན་ད་ནི་མི་ནུས་ཏེ་འོན་ཀྱང་ཐབས་ཤིག་བཤམས་ལ་བཟའོ་སྙམ་ནས་དེ་འཇབ་ཅིང་འཇབ་ཅིང་བྱི་བ་རྣམས་བཙལ་བར་བརྩམས་ཏེ། དེས་བཙལ་
เล่ม ๔ · หน้า 248a
བ་ན་བྱི་བ་ལྔ་བརྒྱའི་ཚོགས་ཡོད་པར་ཤེས་ནས། དེ་བྱི་བ་དེ་རྣམས་ཀྱི་ཁུང་བུ་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་ངན་གཡོའི་དཀའ་ཐུབ་ཀྱིས་དཀའ་ཐུབ་བྱེད་པ་ན། བྱི་བ་རྣམས་ཕན་ཚུན་འཁྱམས་པས་སྤྱོད་ལམ་ཞི་བས་གནས་པ་དེ་མཐོང་ནས། དེ་རྣམས་ཀྱིས་རྒྱང་རིང་
བོར་འདུག་ནས་སྨྲས་པ། ཞང་པོ་ཅི་བྱེད། དེས་སྨྲས་པ། ཁོ་བོ་གཞོན་པའི་གནས་སྐབས་ན་བསོད་ནམས་མ་ཡིན་པ་མང་དུ་བྱས་པས་དེ་ཟད་པར་བྱ་བའི་ཕྱིར་དཀའ་ཐུབ་སྤྱོད་དོ། །དེ་རྣམས་ཀྱིས་འདིས་དམ་པ་མ་ཡིན་པའི་ཆོས་སྡིག་པ་སྤངས་སོ་ཞེས་དེ་ལ་ཆོས་ཀྱི་རྒྱུ་ལས་བྱུང་བའི་དད་པ་
སྐྱེས་པར་གྱུར་ཏོ། །དེ་རྣམས་དེ་ལ་ཉི་མ་རེ་རེ་ཞིང་བསྐོར་བ་བྱས་ནས་ཁུང་དུ་འཇུག་པ་ན། དེས་དེ་རྣམས་ཀྱི་ནང་གི་ཐ་མ་བཟུང་ཞིང་བཟུང་ཞིང་ཟའོ། །ཇི་ཙམ་ན་ཚོགས་དེ་འགྲིབས་ནས་ཚོགས་ཀྱི་དཔོན་པོས་བསམས་པ། བདག་གི་བྱི་བ་རྣམས་ནི་ཉུང་བར་གྱུར་ལ་བྱི་ལ་འདི་ནི་ཉམ་སྐྱེས་
པར་གྱུར་པས་འདི་ལ་ནི་རྒྱུ་ཞིག་ཡོད་པར་འགྱུར་རོ་སྙམ་ནས། དེས་བྱི་ལ་དེ་ལ་བརྟག་པར་བརྩམས་པ་དང་། ཇི་ཙམ་ན་རྟུག་པ་སྤུ་ཅན་དུ་མཐོང་ནས་དེས་བསམས་པ། གདོན་མི་ཟ་བར་འདིས་བྱི་བ་རྣམས་བསད་པར་གྱུར་གྱིས། མ་ལ་བདག་གིས་ནི་མངོན་སུམ་དུ་བབ་པར་བྱའོ་
སྙམ་ནས། དེས་དེ་མི་མངོན་པའི་ས་ནས་བརྟག་པ་ལྷུར་ལེན་ཅིང་གནས་པ་ན། ཇི་ཙམ་ན་དེས་དེ་ཐ་མའི་བྱི་བ་ཟ་བ་མཐོང་ནས་དེ་དེ་ལོགས་སུ་སོང་སྟེ་རྒྱང་རིང་པོར་འདུག་ནས་ཚིགས་སུ་བཅད་དེ་སྨྲས་པ། ཞང་པོའི་ཡན་ལག་རྒྱས་གྱུར་ཅིང་། །བདག་གི་ཚོགས་ནི་འགྲིབས་
གྱུར་ལ། །འབྲས་བུ་རྩ་བ་ཟ་བ་ཡི། །རྟུག་པ་སྤུ་ཅན་མི་འབྱུང་བས། །དཀའ་ཐུབ་འདི་ཆོས་དཀའ་ཐུབ་མིན། །དཀའ་ཐུབ་འདི་ནི་དོན་ཕྱིར་ཏེ། །བྱི་བ་རྣམས་ནི་འགྲིབས་གྱུར་པས། །མེ་སྐྱེས་ཁྱོད་ནི་བཀྲ་ཤིས་ཤོག །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་
དུས་ཀྱི་བྱི་ལ་མེ་སྐྱེས་ཞེས་བྱ་བ་གང་ཡིན་པ་དེ་ནི་དེའི་ཚེ་དེའི་དུས་ན་ལྷ་སྦྱིན་ཡིན་ཏེ། དེ་ན་ཡང་འདིས་ཆོས་ལྟ་བུའི་སྒོ་ནས་བྱི་བ་རྣམས་ཟོས་སོ། །ད་ལྟར་ཡང་འདིས་ཆོས་ལྟ་བུའི་སྒོ་ནས་འཇིག་རྟེན་བསླུས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་
เล่ม ๔ · หน้า 248b
རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱི་གཟིགས་པའི་རྗེས་སུ་མཐུན་པར་གྱུར་པ་གང་ལགས་པ་དེ་དག་བདེ་བ་དང་ལེགས་པར་འཁོར་བའི་འབྲོག་དགོན་པ་ལས་རྒལ་ཅིང་། ལྷ་སྦྱིན་གྱི་ལྟ་བའི་རྗེས་སུ་མཐུན་པར་གྱུར་པ་གང་ལགས་པ་དེ་དག་ནི་ཚུལ་མ་
ལགས་པར་སྡུག་བསྔལ་བར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་ཀྱི་ཇི་ལྟར་འདས་པའི་དུས་ན་ཡང་ངའི་ལྟ་བའི་རྗེས་སུ་མཐུན་པར་གྱུར་པ་གང་ཡིན་པ་དེ་དག་ནི་བདེ་བ་དང་ལེགས་པར་འབྲོག་དགོན་པ་
ནས་ཐར་ལ། ལྷ་སྦྱིན་གྱི་ལྟ་བའི་རྗེས་སུ་མཐུན་པར་གྱུར་པ་གང་ཡིན་པ་དེ་དག་ནི་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་པ་གང་ཡིན་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་ཚོང་དཔོན་གཉིས་ཤིག་ཤིང་རྟ་ལྔ་བརྒྱ་ལྔ་བརྒྱ་དང་ལྷན་ཅིག་ཚོང་སྒྱུར་ཞིང་དགོན་པའི་ལམ་ཞིག་ཏུ་ཞུགས་ཏེ།
དེ་གཉིས་དགོན་པའི་ལམ་དུ་ཞུགས་ནས་གླང་རྣམས་རེས་འགའ་ནི་རྩྭ་ཉུང་། རེས་འགའ་ནི་ཆུ་ཉུང་། རེས་འགའ་ནི་མེད་དོ། །དེ་ནས་ཚོང་པ་དེ་གླང་རྣམས་དང་བཅས་ཏེ་ལྷག་པར་དུབ་པར་སྡུག་བསྔལ་གྱིས་དགོན་པའི་ལམ་དུ་ཞུགས་པ་ལས་ཕྱོགས་ཤིག་ན་གསིང་མ་དང་ཆུ་ཕུན་
སུམ་ཚོགས་པ་མཐོང་ནས་ཚོང་པ་རྣམས་ཀྱིས་དེར་གླང་རྣམས་གཏང་རང་རང་ཁྲུས་བྱས་ནས་ཆུ་མང་དུ་འཐུངས་སོ། །དེ་ནས་གླང་ཆུ་ཉུངས་པ་དང་། རྩྭ་ཉུངས་པས་ཡོངས་སུ་དུབ་པ་དེ་རྣམས་ཀྱིས་རྩྭ་འགྲངས་པར་ཟོས་ཆུ་འཐུངས་ཏེ་ངལ་སོས་པ་དང་། དེ་རྣམས་ཀྱི་ནང་ན་གླང་གཙོ་
བོ་གང་ཡིན་པ་དེས་དེ་རྣམས་ལ་ཤེས་པར་བྱས་པ། ཤེས་ལྡན་དག་བདག་ཅག་རྩྭ་ཉུང་ངུ་དང་། ཆུ་ཉུང་ངུས་ཡོངས་སུ་དུབ་པ་ལས་ཕྱོགས་འདི་ནི་གསིང་མ་དང་། ཆུ་ཕུན་སུམ་ཚོགས་པ་ཡིན་གྱིས། གལ་ཏེ་ཁྱེད་ཅག་འདོད་ན་འདི་ཉིད་དུ་འཐེན་ཏེ་འདུག་པར་བྱའོ། །གླང་
གཙོ་བོ་ཅིག་ཤོས་ཀྱིས་རང་གི་ཚོགས་རྣམས་ལ་སྨྲས་པ། ཤེས་ལྡན་དག་མི་རྣམས་ནི་མཐུ་དང་ལྡན་ཞིང་གདུལ་དཀའ་བ་འདུལ་བར་བྱེད་པ་ཡིན་གྱིས་གནོད་པ་འཐོབ་པར་འགྱུར་དུ་འོང་བས་བདག་ཅག་ཁལ་ཇི་ལྟར་བཀལ་བ་དེ་བཞིན་དུ་ཁྱེར་ཅིག །དེ་སྐད་ཅེས་སྨྲས་པ་དང་། གླང་
เล่ม ๔ · หน้า 249a
གཙོ་བོ་ཅིག་ཤོས་ཁྲོས་ནས་རང་གི་ཚོགས་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཟླ་བའི་རྒྱབ་སུས་མཐོང་། འདི་དག་ཁལ་ཁྱེར་ལ་རག །ཡུ་པུས་ནི་མི་བསྐུར་རོ། །ཇི་ཙམ་ན་ཚོང་པ་རྣམས་ཀྱིས་གླང་རྣམས་གཏད་པར་བརྩམས་པ་ན་གླང་དེ་རྣམས་ཕྱི་
ལང་བྱེད་ཅིང་འདུག་པ་དང་། ཚོང་པ་རྣམས་ཀྱིས་མང་དུ་བརྡེགས་ཤིང་ལྕག་གཟེར་བུ་ཅན་གྱིས་གཞུས་པས་ཁྲག་འཛག་ཅིང་ཤིང་རྟ་དང་སྦྱར་ཏོ། །གཞན་ནི་ཅང་མི་བྱེད་པར་ཁལ་མནོས་པས་དེ་དག་ལ་ཅུང་ཟད་ཀྱང་མ་བྱས་སོ། །ལྷས་ཚིགས་སུ་བཅད་དེ་སྨྲས་པ། གླང་གིས་
བ་ལང་འདི་དག་ནི། །ལོག་པ་དག་ཏུ་བཏམས་པས་ན། །རྨ་དག་འབྱུང་ཞིང་ཁྲག་འཛག་ལ། །ལྟོགས་ཤིང་སྐོམ་པར་ལྡན་ལ་ལྟོས། །གླང་གིས་བ་ལང་འདི་དག་ནི། །ལེགས་པ་དག་ཏུ་བཏམས་པས་ན། །དེ་རྣམས་དགོན་པ་ལས་རྒལ་ནས། །བསིལ་བའི་
ཆུ་ལ་འཐུང་ལ་ལྟོས། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་གླང་གཙོ་བོ་ལེགས་པར་སྟོན་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་གླང་གཙོ་བོ་བསླུ་བར་བྱེད་པ་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ཏེ། དེ་ན་ཡང་ངའི་ཚིག་ཉན་པ་གང་ཡིན་པ་དེ་
དག་ནི་བདེ་བ་དང་ལེགས་པར་དགོན་པ་ནས་རྒལ་ཏོ། །ལྷ་སྦྱིན་གྱི་ཚིག་ཉན་པ་གང་ཡིན་པ་དེ་དག་ནི་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །ད་ལྟར་ཡང་ངའི་ལྟ་བའི་རྗེས་སུ་མཐུན་པར་གྱུར་པ་གང་ཡིན་པ་དེ་དག་ནི་བདེ་བ་དང་ལེགས་པར་འཁོར་བའི་འབྲོག་དགོན་པ་ནས་རྒལ་ཏོ། །
ལྷ་སྦྱིན་གྱི་ལྟ་བའི་རྗེས་སུ་མཐུན་པར་གྱུར་པ་གང་ཡིན་པ་དེ་དག་ནི་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ལྷ་སྦྱིན་བླུན་ཞིང་འཁོར་བླུན་པ་ལ་གཟིགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད་དེ། ཇི་ལྟར་འདས་པའི་དུས་ན་ཡང་ལྷ་སྦྱིན་བླུན་ཞིང་འཁོར་བླུན་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་དགོན་པའི་གནས་ཞིག་ན་སྤྲེའུའི་ཚོགས་ཤིག་གནས་ཏེ། དེ་འཁྱམས་པ་ན་
เล่ม ๔ · หน้า 249b
ཁྲོན་པར་ཟླ་བའི་གཟུགས་བརྙན་ཤར་བ་དེ་མཐོང་ནས་ཚོགས་ཀྱི་དཔོན་པོས་སྨྲས་པ། ཤེས་ལྡན་དག་ཟླ་བ་ཁྲོན་པར་ལྷུང་གིས་འཇིག་རྟེན་ཟླ་བ་མེད་པར་བྱ་འམ་ཅི་དབྱུང་ངོ་། །དེ་རྣམས་ཀྱིས་སྨྲས་པ། ལེགས་ཀྱིས་དབྱུང་ངོ་། །དེ་རྣམས་ཀྱིས་གྲོས་བྱ་བར་བརྩམས་པ།
དེ་ཇི་ལྟར་དབྱུང་བར་བྱ། གཞན་དག་གིས་སྨྲས་པ། ཅི་མི་ཤེས་སམ། སྤྲེའུ་བརྒྱུས་ལ་དབྱུང་མོད་ཅེས་དེ་རྣམས་ཀྱིས་སྤྲེའུ་བརྒྱུས་ཏེ་དང་མོ་བས་ཤིང་གི་ཡལ་ག་ལ་འཇུས་ནས་དེའི་མཇུག་མ་ལ་གཞན་གྱིས་འཇུས་ཤིང་དེའི་ལའང་གཞན་གྱིས་འཇུས་ཏེ། དེ་བཞིན་དུ་ཐམས་ཅད་
འཇུས་པས་ཡལ་ག་ལྷག་པར་གཡུར་ཟོས་སོ། །ཆུ་གློངས་པ་དང་ཟླ་བའི་གཟུགས་བརྙན་ཡང་མི་མངོན་པར་གྱུར། ཡལ་ག་ཡང་ཆག་ནས་ཐམས་ཅད་ཁྲོན་པར་ལྷུང་སྟེ། ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །ལྷས་ཚིགས་སུ་བཅད་དེ་སྨྲས་པ། འདི་ན་བླུན་པོ་གང་
དག་ལ། །འདྲེན་པ་བླུན་པོ་ཡོད་གྱུར་པ། །དེ་དག་ཐམས་ཅད་བརླག་འགྱུར་ཏེ། །ཟླ་བ་འབྱིན་པའི་སྤྲེའུ་བཞིན། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་སྤྲེའུའི་ཚོགས་ཀྱི་དཔོན་པོ་གང་ཡིན་པ་དེ་ནི་ལྷ་སྦྱིན་ཡིན་ཏེ། དེ་ན་ཡང་འདི་བླུན་ཞིང་འཁོར་ཡང་
བླུན་པ་ཡིན་ནོ། །ད་ལྟར་ཡང་འདི་བླུན་ཞིང་འཁོར་ཡང་བླུན་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། དེ་བཞིན་གཤེགས་པ་ཉིད་ཀྱིས་
ལས་བྱས་ཤིང་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས་ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། ལས་
བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གདོན་མི་ཟ་བར་ལྷ་སྦྱིན་གྱིས་དེ་བཞིན་གཤེགས་པའི་དགེ་འདུན་འབྱེད་པར་འགྱུར་རོ། །རྒྱུ་ལྔས་
เล่ม ๔ · หน้า 250a
ན་དགེ་འདུན་བྱེ་བར་མི་འགྱུར་ཏེ། རེ་ཞིག་དང་པོར་སངས་རྒྱས་འཇིག་རྟེན་དུ་འབྱུང་བའི་ཚེ་དགེ་འདུན་བྱེ་བར་མི་འགྱུར་ཏེ། ཀྱེ་མའོ་གྲོགས་པོ་དག་སངས་རྒྱས་འཇིག་རྟེན་དུ་འབྱུང་ཞེས་གྲག་གོ་ཞེས་བྱ་བའི་འཇིག་རྟེན་དེ་ལ་ཕྱོགས་པས་སོ། །སྟོན་པ་ཡོངས་སུ་མྱ་ངན་
ལས་འདས་ནས་དགེ་འདུན་བྱེ་བར་མི་འགྱུར་ཏེ། གང་ལ་ལ་ཞིག་འདི་སྐད་དུ་ང་ཉིད་སྟོན་པ་ཡིན་ནོ་ཞེས་ཟེར་ན་དེ་ལ་གང་གི་ཚེ་བཅོམ་ལྡན་འདས་ཞལ་བཞུགས་ཤིང་འཚོ་ལ་གཞེས་པ་དེའི་ཚེ་ཁྱོད་གར་སོང་ཞེས་བརྗོད་པར་ཟད་པས་སོ། །ལྟ་བའི་ཉེས་པ་དང་། ཚུལ་ཁྲིམས་
ཀྱི་ཉེས་པ་མ་བྱུང་བའི་ཚེ་དང་། ཉན་ཐོས་ཟུང་མཆོག་ཏུ་མ་བསྟན་པ་དེའི་ཚེ་དགེ་འདུན་བྱེ་བར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་འདུན་བྱེ་བ་གདོན་མི་ཟ་བར་ཉན་ཐོས་ཟུང་གིས་སྡུམ་པར་བྱེད་པས་སོ། །མཚམས་མ་བཅད་པ་ན་དགེ་འདུན་བྱེ་བར་མི་འགྱུར་ཏེ། དེ་ཅིའི་ཕྱིར་
ཞེ་ན། མཚམས་ཀྱི་ནང་དུ་དགེ་འདུན་འབྱེད་པར་འགྱུར་གྱི་མཚམས་ཀྱི་ཕྱི་རོལ་དུ་ནི་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ངའི་དགེ་སློང་གི་དགེ་འདུན་སྐྱོན་མེད་པ་ལས་ཚུལ་ཁྲིམས་ཀྱི་སྐྱོན་དང་ལྟ་བའི་སྐྱོན་གྱི་སྐྱོན་བྱུང་སྟེ། ཚུལ་ཁྲིམས་ཀྱི་སྐྱོན་ནི་ཀ་
ལན་ད་ཀའི་བུ་བཟང་བྱིན་ལས་བྱུང་ངོ་། །ལྟ་བའི་སྐྱོན་ཡང་དགེ་སློང་འཆི་ལྟས་ཀྱིས་ཕྱུང་བས་གདོན་མི་ཟ་བར་ལྷ་སྦྱིན་གྱིས་དགེ་འདུན་འབྱེད་པར་འགྱུར་གྱིས། མ་ལ་ང་རྒྱལ་པོའི་ཁབ་ཏུ་དབྱར་བཞུགས་པར་དམ་བཅའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། སློབ་
པ་དང་མི་སློབ་པའི་གང་ཟག་རྣམས་དང་། ཐབས་ཅིག་རྒྱལ་པོའི་ཁབ་ཏུ་གཤེགས་ན། ལྷ་སྦྱིན་གྱིས་དགེ་འདུན་གྱི་དབྱེན་བྱ་བར་མི་ནུས་ཀྱིས། མ་ལ་ང་སོ་སོའི་སྐྱེ་བོའི་དགེ་བའི་གང་ཟག་རྣམས་དང་ཐབས་ཅིག་འགྲོའོ་སྙམ་སྟེ། མཉན་ཡོད་དུ་ཇི་ཙམ་བཞེད་ཀྱི་བར་དུ་
བཞུགས་ནས་རིམ་གྲོ་བྱེད་པ་ཚེ་དང་ལྡན་པ་སྒྲ་ཅན་ཟིན་དང་། དགེ་སློང་ལྔ་བརྒྱ་དང་ཐབས་ཅིག་ཏུ་རྒྱལ་པོའི་ཁབ་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ། རིམ་གྱིས་རྒྱུ་ཞིང་གཤེགས་པ་ན་རྒྱལ་པོའི་ཁབ་ཏུ་བྱོན་ཏོ།། །།འདུལ་བ་གཞི། བམ་པོ་བརྒྱ་རྩ་ལྔ་པ། སངས་རྒྱས་
เล่ม ๔ · หน้า 250b
བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པར་དབྱར་བཞུགས་པར་ཞལ་གྱིས་བཞེས་སོ། །དེའི་ཚེ་མུ་གེ་ཉམ་ང་བ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་བ་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་
ང་དབྱར་གྱི་ཟླ་བ་གསུམ་པོ་འདི་ལ་ནང་དུ་ཡང་དག་པར་འཇོག་པར་བཞེད་ཀྱིས། བསོད་སྙོམས་སྟོབས་པ་དང་། གསོ་སྦྱོང་དེ་ཉིད་ཀྱི་ཚེ་མ་གཏོགས་པར་དགེ་སློང་སུ་ཡང་ངའི་སྤྱན་སྔར་མ་འོངས་ཤིག །དགེ་སློང་གི་དགེ་འདུན་གྱིས་ཀྱང་ཁྲིམས་སུ་བཅས་པ། ཚེ་དང་ལྡན་པ་དག་
དབྱར་གྱི་ཟླ་བ་གསུམ་པོ་འདི་ལ་བསོད་སྙོམས་སྟོབས་པ་དང་། གསོ་སྦྱོང་དེ་ཉིད་ཀྱི་ཚེ་མ་གཏོགས་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་བདག་ཅག་སུ་ཡང་འགྲོ་བར་མི་བྱའོ་ཞེས་བཅས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ནི་ལྷོ་ཕྱོགས་ཀྱི་རི་ལ་
དབྱར་གནས་པར་དམ་བཅས་སོ། །ལྷ་སྦྱིན་གྱིས་ཟླ་བ་གསུམ་དུ་དགེ་སློང་གི་དགེ་འདུན་ལ་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་ཀྱིས་བསྟབས་ཏེ་ཟླ་བ་གསུམ་འདས་པ་དང་། དེས་དགེ་སློང་རྣམས་ལ་སྨྲས་པ། ཚེ་
དང་ལྡན་པ་དག་དགེ་སྦྱོང་གཽ་ཏ་མ་ནི་ཉན་ཐོས་རྣམས་ལ་འདི་སྐད་ཅེས་དགེ་སློང་དགོན་པ་པ་ཉིད་ཀྱིས་ནི་དག་པ་དང་། གྲོལ་བ་དང་། ངེས་པར་འབྱུང་བ་དང་། བདེ་བ་དང་སྡུག་བསྔལ་བ་ལས་འདའ་བ་དང་། བདེ་བ་དང་སྡུག་བསྔལ་ལས་འདས་པ་ཡང་ཐོབ་པར་འགྱུར་རོ། །བསོད་
སྙོམས་པ་ཉིད་དང་། ཕྱག་དར་ཁྲོད་པ་ཉིད་དང་། ཆོས་གོས་གསུམ་པ་ཉིད་དང་། བླ་གབ་མེད་པ་ཉིད་ཀྱིས་ནི་དག་པ་དང་། གྲོལ་བ་དང་། ངེས་པར་འབྱུང་བ་དང་། བདེ་བ་དང་སྡུག་བསྔལ་ལས་འདའ་བ་དང་། བདེ་བ་དང་སྡུག་བསྔལ་ལས་འདས་པ་ཐོབ་པར་འགྱུར་
རོ་ཞེས་ཆོས་འཆད་ཀྱིས། ཚེ་དང་ལྡན་པ་དག་གང་སུ་དག་བརྟུལ་ཞུགས་ཀྱི་གཞི་ལྔ་པོ་འདི་དག་མི་འདོད་པ་དང་། མི་བཟོད་པ་དང་། ཡིད་ལ་མི་འབབ་པ་དེ་ནི་དགེ་སྦྱོང་གཽ་ཏ་མ་ལས་རིང་དུ་འགྱུར། ཐག་རིང་དུ་འགྱུར་གྱིས་དེ་ཚུལ་ཤིང་ལོང་ཤིག་ཅེས་བྱས་པ་དང་། དགེ་
เล่ม ๔ · หน้า 251a
སློང་ལྔ་བརྒྱས་ཚུལ་ཤིང་བླངས་ཏེ་ལྷ་སྦྱིན་སྟན་ལས་ལངས་ཏེ་སོང་བའི་རྗེས་བཞིན་རྗེས་བཞིན་དུ་དགེ་སློང་ལྔ་བརྒྱ་འབྲང་ངོ་། །ཚེ་དང་ལྡན་པ་སྒྲ་ཅན་ཟིན་སྒོ་ན་འདུག་པ་དེས་དེ་དག་ལྷ་སྦྱིན་གྱི་རྗེས་བཞིན་རྗེས་བཞིན་དུ་འབྲང་བ་མཐོང་ནས་དེས་སྨྲས་པ། ཚེ་དང་ལྡན་པ་དག་
ཅིའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤངས་ཏེ་སྡིག་པ་འདོད་པ་འདིའི་རྗེས་བཞིན་རྗེས་བཞིན་དུ་འབྲང་། དེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་སྒྲ་ཅན་ཟིན་མུ་གེའི་དགོན་པ་ཉམ་ང་བ་འདི་འདྲ་བ་བྱུང་བ་ན། བཅོམ་ལྡན་འདས་ནི་
མི་སྣང་བ་ན་བཞུགས་ཏེ། བདག་ཅག་ལྷ་སྦྱིན་གྱི་མཐུས་སྲོག་དང་མ་བྲལ་མོད། གལ་ཏེ་ལྷ་སྦྱིན་གྱིས་ཟླ་བ་གསུམ་དུ་དགེ་སློང་གི་དགེ་འདུན་མ་གསོས་པར་གྱུར་ན། དགེ་སློང་གཅིག་ཀྱང་གསོན་པོར་མི་འགྱུར་རོ། །གང་གི་ཚེ་ལྷ་སྦྱིན་གྱིས་དེ་བཞིན་གཤེགས་པའི་ཉན་ཐོས་
ཀྱི་དགེ་འདུན་མཐུན་པ་ཕྱེ་བ་དེའི་ཚེས་ཆེན་པོ་འདི་གཡོས་པར་གྱུར། སྐར་མདའ་ལྷུང་། ཕྱོགས་རྣམས་དམར་པོར་གྱུར། བར་སྣང་ལ་ལྷ་རྣམས་རྔའི་སྒྲ་འབྱིན་ངེས་པ་ལ་མ་ཞུགས་པ་རྣམས་ངེས་པ་ལ་མི་འཇུག །འབྲས་བུ་མི་འཐོབ། འདོད་ཆགས་དང་བྲལ་བར་མི་འགྱུར། ཟག་
པ་རྣམས་ཟད་པར་མི་འགྱུར། ལུང་མི་འབོག །མི་ཀློག །མི་འདོན། མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པ་འཛིན་པ་དང་། དགོན་པ་པ་རྣམས་མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པ་དང་། དགོན་པ་སེམས་པ་ལ་རབ་ཏུ་སྦྱོར་བར་མི་བྱེད། ཉན་ཐོས་ཀྱི་བྱང་
ཆུབ་ཀྱི་ས་བོན་སྐྱེད་པར་མི་བྱེད་ཅིང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མ་ཡིན་ནོ། །ལྷ་དང་མིར་བཅས་པའི་འགྲོ་བ་ཡང་འཁྲུགས་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་
དེ། སེམས་ཅན་གྱི་རྒྱུད་ལ་མི་འབྱུང་ངོ་། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུས་བསམས་པ། ཅིའི་ཕྱིར་ས་ཆེན་པོ་འདི་གཡོས་པར་གྱུར་སྙམ་མོ། །དགྲ་བཅོམ་པ་རྣམས་ནི་མ་བསམས་པར་ཤེས་པ་མཐོང་བར་མི་འཇུག་པས་དེ་གཉིས་ཀྱིས་བསམ་པ་ལ་ཞུགས་ན། ལྷ་
เล่ม ๔ · หน้า 251b
སྦྱིན་གྱིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ཕྱེ་བར་མཐོང་ནས་དེ་གཉིས་འདི་སྙམ་དུ་སེམས་ཏེ། སོང་ལ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དང་སླར་སྡུམས་བྱའོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱིས་དབྱར་གྱི་
ཟླ་བ་གསུམ་པོ་དག་འདས་ནས་ཆོས་གོས་བྱས་པ་དང་ལྡན། ཆོས་གོས་ཟིན་པ་དང་ལྡན་ནས་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། རྒྱལ་པོའི་ཁབ་གང་ན་བ་དེར་རྒྱུ་ཞིང་དོང་ནས་རིམ་གྱིས་རྒྱུ་ཞིང་དོང་བ་དང་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་
གྱི་བུས་ཆོས་གོས་དང་ལྷུང་བཟེད་མཁོས་སུ་ཕབ་ནས་རྐང་པ་གཉིས་བཀྲུས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་དོང་ངོ་། །དེའི་ཚེ་ཚེ་དང་ལྡན་པ་སྒྲ་ཅན་ཟིན་སྒོ་ན་འདུག་གོ། །དེ་ནས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །མཁན་པོ་ལྷ་སྦྱིན་
གྱིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ཕྱེའོ། །དེས་སྨྲས་པ། ཚེ་དང་ལྡན་པ་བདག་ཅག་དོན་འདི་ཁོ་ནའི་ཕྱིར་འོངས་ཀྱིས། ཁྱོད་སེམས་ལས་ཆུང་ངུར་མཛོད་ཅིག །སླར་སྡུམས་བྱའོ་ཞེས་སྨྲས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་དོང་སྟེ་ལྷགས་ནས་བཅོམ་ལྡན་
འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་
བྱེ་བ་སླར་སྡུམས་བགྱིད་དུ་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དང་མཽད་གལ་གྱི་བུ་དག་ལེགས་སོ་ལེགས་སོ། །གང་ཞིག་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་བྱེ་བ་སླར་སྡུམས་བྱེད་པ་དེ་ནི་བསོད་ནམས་མང་པོ་ཚད་མེད་ཅིང་གྲངས་མེད་པ་
སྐྱེད་པར་འགྱུར་རོ། །དཔེར་ན་འགའ་ཞིག་གི་སྐྲ་དུམ་བུ་བརྒྱར་གཏུབས་པ་འཕྲོ་དང་འཕྲོར་སྦྱོར་བར་བྱེད་པ་དེ་བཞིན་དུ་གང་ཞིག །དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་བྱེ་བ་སླར་སྡུམས་བྱེད་ན་དེ་ནི་བསོད་ནམས་མང་པོ་ཚད་མེད་ཅིང་གྲངས་མེད་པ་སྐྱེད་པར་འགྱུར་རོ། །ཤཱ་
เล่ม ๔ · หน้า 252a
རིའི་བུ་དང་མཽད་གལ་གྱི་བུ་གང་ཟག་བཞི་པོ་འདི་དག་ནི་ཚངས་པའི་བསོད་ནམས་སྐྱེད་པར་འགྱུར་རོ། །བཞི་གང་ཞེ་ན་གང་ཟག་གང་ཞིག་སྔོན་མི་བཞུགས་པའི་ས་ཕྱོགས་སུ། དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་གནས་པར་བྱེད་པ་འདི་ནི་ཚངས་པའི་
བསོད་ནམས་སྐྱེད་པའི་གང་ཟག་དང་པོ་ཡིན་ཏེ། བསྐལ་པར་མཐོ་རིས་རྣམས་སུ་དགའ་བར་འགྱུར་རོ། །གཞན་ཡང་གང་ཟག་གང་ཞིག་སྔོན་མེད་པའི་ས་ཕྱོགས་སུ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་གཙུག་ལག་ཁང་བྱེད་དུ་འཇུག་པ་འདི་ནི་ཚངས་པའི་བསོད་ནམས་སྐྱེད་པའི་
གང་ཟག་གཉིས་པ་ཡིན་ཏེ། བསྐལ་པར་མཐོ་རིས་རྣམས་སུ་དགའ་བར་འགྱུར་རོ། །གཞན་ཡང་གང་ཟག་གང་ཞིག་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་བྱེ་བ་སླར་སྡུམས་བྱེད་པ་འདི་ནི་ཚངས་པའི་བསོད་ནམས་སྐྱེད་པའི་གང་ཟག་གསུམ་པ་ཡིན་ཏེ། བསྐལ་
པར་མཐོ་རིས་རྣམས་སུ་དགའ་བར་འགྱུར་རོ། །གཞན་ཡང་གང་ཟག་གང་ཞིག་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་
བྱས་ནས་རྫོགས་པར་བྱས་ཏེ་གནས་ཤིང་དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། བླ་དང་། འོག་དང་། ཐད་ཀར་རྣམ་པ་ཐམས་ཅད་དུ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་
པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་དང་། དེ་བཞིན་དུ་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་
པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་ཤིང་དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། བླ་དང་། འོག་དང་། ཐད་
เล่ม ๔ · หน้า 252b
ཀར་རྣམ་པ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་བཏང་སྙོམས་དང་ལྡན་པའི་སེམས་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། ཚད་མེད་པ་ཤིན་ཏུ་བསྒོམས་པས་མོས་ཏེ། ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ། གནས་པ་འདི་ནི་ཚངས་
པའི་བསོད་ནམས་སྐྱེད་པའི་གང་ཟག་བཞི་པ་ཡིན་ཏེ། བསྐལ་པར་མཐོ་རིས་རྣམས་སུ་དགའ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་
བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཆས་ཏེ་ལྷ་སྦྱིན་གང་ན་བ་དེར་དོང་ངོ་། །དེའི་ཚེ་ལྷ་སྦྱིན་ལྷོ་ཕྱོགས་ཀྱི་རིལ་ཀོ་ཀ་ལི་ཀ་ནི་དེའི་གཡས་སུ་བཞག །ཁཎ་ཌ་དྲ་བ་བྱ་ནི་གཡོན་དུ་བཞག་ནས་སངས་རྒྱས་ལྟར་འཆོས་ཤིང་འཆད་པ་ན། ལྷ་སྦྱིན་གྱིས་ཚེ་དང་ལྡན་པ་
ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་རྒྱང་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་བསམས་པ། བདག་གིས་ཉན་ཐོས་ཆེན་པོ་དག་ཀྱང་དབང་དུ་བྱས་པས་ད་ནི་བདག་ཐམས་ཅད་མཁྱེན་པ་ཡིན་ནོ་སྙམ་ནས། ཀོ་ཀ་ལི་ཀ་དང་། ཁཎ་ཌ་དྲ་བ་བྱ་ལ་ལོངས་ཤིག་ལོངས་ཤིག །
ཅེས་གྲུ་ཕུགས་བྱས་པ་དང་། དེ་གཉིས་ཀྱིས་བསམས་པ། བདག་ཅག་གིས་འདི་ལྟར་འདི་དགེ་འདུན་འབྱེད་པའི་གྲོགས་བྱས་པ་དེ་ཉིད་བདག་ཅག་གིས་ཉེས་ཏེ། འདི་མཐུ་དང་ལྡན་པ་ཡིན་པས་གལ་ཏེ་བདག་ཅག་བརྡེགས་ན་གདོན་མི་ཟ་བར་འཆི་བར་འགྱུར་གྱིས་ལྡང་ངོ་སྙམ་ནས་དེ་གཉིས་
ལངས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་ནི་གཡས་ཕྱོགས་སུ་འདུག་གོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ནི་གཡོན་ཕྱོགས་སུ་འདུག་གོ། །དེ་ནས་ལྷ་སྦྱིན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སྨྲས་པ། ཤཱ་རིའི་བུ་ང་རྒྱབ་ན་ཐུགས་མི་བདེ་སྟེ་རེ་ཞིག་དེ་བསལ་གྱིས་ཁྱོད་དགེ་སློང་
རྣམས་ལ་ཆོས་ཀྱི་གཏམ་སྤོབས་པར་གྱིས་ཤིག །ཚེ་དང་ལྡན་པ་ཤཱ་རིའི་བུས་ཀྱང་མི་སྨྲ་བས་ལྷ་སྦྱིན་ལ་ཁས་བླངས་སོ། །དེ་ནས་ལྷ་སྦྱིན་བླ་གོས་བཞི་བལྟབ་ཏུ་བཏིང་། སྣམ་སྦྱར་བལྟབ་སྟེ་སྔས་སུ་བཅུག་ནས་གློ་གཡས་པ་ཕབ་སྟེ་གཉིད་ལོག་པ་ལས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཇི་ལྟར་
เล่ม ๔ · หน้า 253a
ལུས་གན་རྐྱལ་གྱིས་སྡུར་བའི་སྒྲ་འབྱིན་ཅིང་འདུག་པ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་སྟོན་པ་ལུས་གན་རྐྱལ་གྱིས་སྡུར་ཅིང་གཉིད་ལོག་པའི་གནས་སྐབས་ལ་ལྟོས། དེ་ནས་ཚེ་
དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་འཁོར་རྣམས་སྐྱོ་བ་སྐྱེད་ཅིག །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཇི་ལྟར་སེམས་མཉམ་པར་བཞག་ན་ཤར་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་མངོན་
པར་འཕགས་ནས་སྤྱོད་ལམ་རྣམ་པ་བཞི་བྱེད་དེ། འཆག་པ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བར་བྱེད་དོ། །མེའི་ཏིང་ངེ་འཛིན་ལའང་སྙོམས་པར་འཇུག་སྟེ། མེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་ལུས་ལས་འོད་ཟེར་
སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་གྱི་ཁ་དོག་དག་འབྱིན་པར་བྱེད་དོ། །ཆོ་འཕྲུལ་ཟུང་དུ་ཡང་སྟོན་པར་བྱེད་དེ། ལུས་ཀྱི་སྨད་ནས་མེ་འབར་བར་བྱེད་ཅིང་། ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་བྱེད་དོ། །ལུས་ཀྱི་སྟོད་
ནས་མེ་འབར་བར་བྱེད་ཅིང་། ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་བྱེད་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཤར་ཕྱོགས་ལ་ཇི་ལྟ་བ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་སུ་ཡང་དེ་བཞིན་ཏེ། ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་
བཞི་བསྟན་ནས་རྫུ་འཕྲུལ་གྱི་མངོན་པར་འདུ་བྱེད་པ་དེ་དག་བསྡུས་ཏེ་སྟན་བཤམས་པ་ཉིད་ལ་འདུག་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དགེ་སློང་རྣམས་སྐྱོ་བ་བསྐྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ཀྱིས་གང་ཐོས་ན་ལྷ་སྦྱིན་སྤོང་བར་འགྱུར་བ་དེ་ལྟ་བུའི་ཆོས་
བཤད་ནས་ཡང་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ལས་གང་དག་སྟོན་པ་ལ་དགའ་བ་དེ་དག་ནི་ལོངས་ཤིག་འདོང་ངོ་ཞེས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ཆས་པ་ན་དགེ་སློང་དེ་རྣམས་ཀྱང་དེའི་རྗེས་བཞིན་རྗེས་བཞིན་དུ་འབྲང་ངོ་། །ཀོ་ཀ་ལི་ཀས་ལྷ་སྦྱིན་བསླང་བ།
เล่ม ๔ · หน้า 253b
ལོངས་ལོངས་ཉན་ཐོས་ཆེན་པོ་དག་གིས་ཁྱོད་ཀྱི་འཁོར་ཕྲོགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ལྷ་སྦྱིན་གྱིས་འཁོར་མ་མཐོང་བར་ཁྲིད་ན་ཁྲག་དྲོན་དུ་སྐྱུགས་ནས་འཆི་བར་འགྱུར་བའི་གནས་གང་ཡིན་པ་འདི་ཡོད་ཀྱིས། མདོར་ན་མཐོང་བ་ཁོ་ནར་བྱས་
ལ་བཀྲིའོ་སྙམ་ནས་དེ་དག་དལ་གྱིས་འགྲོ་བའི་སྤྱོད་ལམ་གྱིས་དགེ་སློང་གི་དགེ་འདུན་དང་ལྷན་ཅིག་དོང་བ་དང་། ལྷ་སྦྱིན་ཀུན་ནས་དཀྲིས་པ་དྲག་པོས་མིག་སྡོག་ཅིང་བསྙགས་པ་ལས་ཚེ་དང་ལྡན་པ་ཤཱ་རིའི་བུས་འོབས་མཆོག་ཏུ་འཇིགས་སུ་རུང་བ་སའི་གཏིང་མི་སྣང་བ་ཞིག་སྤྲུལ་པ་དང་ལྷ་སྦྱིན་ཀོ་
ཀ་ལི་ཀ་དང་། ཁཎ་ཌ་དྲབ་བྱ་དང་། ཀ་ཏི་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་རྣམས་དང་ལྷན་ཅིག་འོབས་དེའི་མཐར་ཀུན་དུ་བསྐོར་བར་བརྩམས་པ་ན་རྒལ་མ་ནུས་ནས་དེས་བསམས་པ། འཁོར་མི་འཐོབ་པར་མ་ཟད་ཚུལ་མ་ཡིན་པས་སྡུག་བསྔལ་བར་འགྱུར་རོ་སྙམ་དུ་བསམས་ནས་
སླར་ལོག་གོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུས་ཀྱང་དགེ་སློང་གི་དགེ་འདུན་ཁྲིད་ནས་བཅོམ་ལྡན་འདས་གང་ན་བ་དེར་དོང་ངོ་། །དེ་ནས་དགེ་སློང་དེ་རྣམས་བདག་ཅག་གིས་བཅོམ་ལྡན་འདས་ཡོན་ཏན་ཚད་མེད་པ་དང་ལྡན་པ་སྤངས་ལ། ལྷ་སྦྱིན་སྡིག་པ་ཅན་ལ་
རྟེན་པ་ཅི་ཐ་ཚིག་ཅེས་འགྱོད་པ་སྐྱེས། ཡིད་ལ་གཅགས་པ་སྐྱེས། ཡུལ་ཡུལ་པོར་བྱས། ཕྲག་པ་བཅུམ། མགོ་སྨད་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་དགེ་སློང་དེ་རྣམས་ཀྱི་སེམས་མཁྱེན་ནས་དགེ་སློང་རྣམས་ལ་
བཀའ་སྩལ་པ། དགེ་སློང་དག་ཁྱེད་འོངས་པ་ལེགས་སོ། །རབ་ཏུ་བྱུང་བ་ལེགས་སོ། །ཁྱེད་ཀྱིས་མིའི་རྙེད་པ་ནི་ལེགས་པར་རྙེད་པ་ཡིན་ཏེ། བརྒྱ་ལམ་ན་ལན་འགའ་འཕགས་པའི་གནས་སུ་སྐྱེ་བ་དང་། དབང་པོ་མ་ཚང་བ་མ་ཡིན་པ་དང་། གླེན་པ་མ་ཡིན་པ་དང་།
ལུག་ལྟར་ལྐུགས་པ་མ་ཡིན་པ་དང་། ལག་བརྡ་བྱེད་པ་མ་ཡིན་ཞིང་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པ་རྣམས་ཀྱིས་ཆོས་ཀྱི་དོན་ཤེས་པར་ནུས། བརྒྱ་ལམ་ན་ལན་འགའ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་།
เล่ม ๔ · หน้า 254a
བརྒྱ་ལམ་ན་ལན་འགའ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་འཇིག་རྟེན་ལ་ཆོས་བཤད་པ་སྣང་ངོ་། །དགེ་སློང་དག་དེ་ལྟ་བས་ན་རྙེད་པར་དཀའ་བབས་ཀྱང་ཤིན་དུ་དཀའ་བ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་འཕགས་པའི་གནས་སུ་སྐྱེ་བ་དང་། དབང་པོ་མ་
ཚང་བ་མ་ཡིན་པ་དང་། གླེན་པ་མ་ཡིན་པ་དང་། ལུག་ལྟར་ལྐུགས་པ་མ་ཡིན་པ་དང་། ལག་བརྡ་བྱེད་པ་མ་ཡིན་ཞིང་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་རྣམས་ཀྱིས་ཆོས་ཀྱི་དོན་ཤེས་པར་ནུས་པའོ། །ད་ལྟར་འཇིག་རྟེན་དུ་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ང་བྱུང་ཞིང་ཆོས་བཤད་པ་ཉེ་བར་ཞི་བར་
འགྱུར་བ། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ། མངོན་པར་བྱང་ཆུབ་པར་འགྱུར་བ། བདེ་བར་གཤེགས་པས་རབ་ཏུ་གསུངས་པ་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པས་འདི་སྐྱེ་བ། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་
གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་
གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུགས་པ་རྣམས་འབྱུང་བར་འགྱུར་ཏེ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ་
འདི་མེད་པས་འདི་མི་འབྱུང་ལ། འདི་འགགས་པས་འདི་འགག་པར་འགྱུར་བ་འདི་ལྟ་སྟེ་མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด