ตัวบทไม่มีชื่อ — ประโยคแรก: འདུལ་བ་གཞི
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๔ · หน้า 86a
པ་ལ་བཀོད་དོ། །མུ་སྟེགས་ཅན་རྣམས་ཀྱིས་བསམས་པ། བདག་ཅག་གིས་འདི་ཤགས་ཀྱིས་ཚར་བཅད་མི་ནུས་ཀྱིས་ཐབས་ཤིག་བཤམ་པར་བྱས་ལ། དེ་ནས་གླགས་རྙེད་ནས་འདི་བགགས་ཏེ་གསད་པར་བྱའོ་སྙམ་ནས་ཐམས་ཅད་འདུས་ཏེ་ཁྱིམ་
བདག་མགོན་མེད་ཟས་སྦྱིན་གྱི་དྲུང་དུ་དོང་སྟེ་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་ཁོ་བོ་ཅག་གི་འཚོ་བའི་གཞི་ཐམས་ཅད་ནི་བཅད་པས་དེ་བས་སྙིང་བརྩེ་བར་གྱིས་ཤིག་དང་། ཁྱོད་ཀྱི་གཙུག་ལག་ཁང་དུ་གླ་མིའི་ལས་བྱའོ། །ཁོ་བོ་ཅག་འདི་ན་རིང་ཞིག་ཏུ་གནས་གནས་པས་
ཡུལ་བོར་ན་མི་རུང་ངོ་། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། རེ་ཞིག་འཕགས་པ་ཤཱ་རིའི་བུ་ལ་བརྟག་གོ་ཞེས་དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་མུ་སྟེགས་ཅན་རྣམས་ཀྱི་མཆིད་
ནས་ཁྱོད་ཀྱིས་ཁོ་བོ་ཅག་གི་འཚོ་བའི་གཞི་ཐམས་ཅད་བཅད་པས་དེ་བས་ན་སྙིང་བརྩེ་བར་གྱིས་ཤིག །ཁྱོད་ཀྱི་གཙུག་ལག་ཁང་དུ་གླ་མིའི་ལས་བྱའོ། །ཁོ་བོ་ཅག་འདི་ན་རིང་ཞིག་ཏུ་གནས་གནས་པས་ཡུལ་བོར་ན་མི་རུང་ངོ་ཞེས་མཆིའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བསམ་པ་ལ་
ཞུགས་ཏེ། ཅི་འདི་དག་ལ་དགེ་བའི་རྩ་བ་ཅུང་ཟད་ཡོད་དམ་འོན་ཏེ་མེད་སྙམ་ན་དེས་ཡོད་པར་མཐོང་ངོ་། །སུ་ཞིག་ལ་རག་ལུས་སྙམ་ན། བདག་ཁོ་ན་ལའོ་སྙམ་ནས་དེས་བསམས་ཏེ་སྨྲས་པ། ཁྱིམ་བདག་དེ་ལ་འགལ་བ་ཅི་ཡོད་ཀྱིས་དེ་བཞིན་དུ་གྱིས་ཤིག །དེ་རྣམས་གཙུག་ལག་
ཁང་དེར་གླ་མིའི་ལས་བྱེད་པར་བརྩམས་པ་ན་ཚེ་དང་ལྡན་པ་ཤཱ་རིའི་བུས་ལྕག་ཐོགས་ཀྱི་མི་གཏུམ་པོ་ཞིག་སྤྲུལ་ནས་དེས་དེ་རྣམས་ལས་བྱེད་དུ་གཞུག་པར་བརྩམས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་དེ་རྣམས་ཀྱི་གདུལ་བའི་དུས་ཤེས་ནས། དེ་དང་ཉེ་བའི་ཤིང་དྲུང་ཞིག་ན་འཆག་ཅིང་འདུག་
པ་དང་། དེ་རྣམས་ཀྱིས་མཐོང་ནས་དེ་རྣམས་ཀྱིས་བསམས་པ། དབེན་པ་ན་འདུག་པས་འདི་བསད་པའི་དུས་ནི་འདི་ཡིན་ནོ་སྙམ་ནས། དེ་རྣམས་ཀྱིས་དེའི་དྲུང་དུ་དོང་སྟེ་བསྐོར་ནས་འདུག་གོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། འདི་རྣམས་བསམ་པ་ཅི་འདྲ་བས་བདག་གི་
เล่ม ๔ · หน้า 86b
དྲུང་དུ་འོངས་སྙམ་ན། ཅི་ཙམ་ན་བསད་པའི་སེམས་ཀྱིས་ཡིན་པར་ཤེས་ནས་དེས་ལྕག་ཐོགས་སྤྲུལ་པ་དེ་སྦད་ནས། དེས་དེ་རྣམས་ལས་བྱོས་དེ་བཞེས་ཐག་བཅུག་པ་དང་། དེ་རྣམས་ཀྱིས་སྨྲས་པ། འཕགས་པ་ཤཱ་རིའི་བུ་ཡོངས་སུ་བསྐྱབ་ཏུ་གསོལ། དེས་སྨྲས་པ། ཚེ་དང་ལྡན་པ་རེ་
ཞིག་སོང་ལ་ངལ་སོར་ཆུག་ཤིག །དེ་རྣམས་ཀྱིས་སྨྲས་པ། འདི་ནི་འདི་ལྟ་བུར་བདག་ཉིད་ཆེ་བ་ཡིན་ཏེ། བདག་ཅག་གིས་ནི་གསད་པར་བསམས་ན་འདི་ནི་བདག་ཅག་ལ་བྱམས་པར་སེམས་སོ་སྙམ་དུ་རིག་ནས་དད་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དེ་རྣམས་ཀྱི་བསམ་པ་དང་
བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཤེས་ནས་འཕགས་པའི་བདེན་པ་བཞི་པོ་སོ་སོར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པར་བྱས་ཏེ། དེ་ཐོས་ནས་དེ་རྣམས་ཀྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་
བུ་མངོན་སུམ་དུ་བྱས་ཏེ་དེ་རྣམས་ཀྱིས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་གནང་ན་བདག་ཅག་བཙུན་པ་ཤཱ་རིའི་བུའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་
བགྱིའོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་དེ་རྣམས་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ནས་གདམས་ངག་བྱིན་ཏེ། དེ་རྣམས་ཀྱིས་བརྩོན་པ་དང་། འབད་པ་དང་བརྩལ་བར་བྱས་པས་འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ། འདུ་བྱེད་ཀྱི་རྣམ་པ་
ཐམས་ཅད་ཉམས་པ་དང་། ལྷུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཉིད་ཀྱིས་ཟིལ་གྱིས་མནན་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པར་གྱུར་ནས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ།
བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་དང་སྟེ་འུར་མཉམ་པ། རིག་པས་མ་རིག་པའི་སྒོ་ངའི་སྦུབས་དྲལ་ཞིང་རིག་པ་དང་མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་
เล่ม ๔ · หน้า 87a
རྙེད་པ་ལ་ཆགས་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་བའི་དབང་པོ་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་གཙུག་ལག་ཁང་གི་
ཐིག་སྐུད་ཀྱི་མཐའ་གཅིག་ནས་བཟུང་། མཐའ་གཅིག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཟུང་བ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་འཛུམ་དབྱུང་བར་བརྩམས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། འཕགས་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རྣམས་
སམ། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་ན། འཕགས་པ་ཤཱ་རིའི་བུ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འཛུམ་པ་མཛད། ཁྱིམ་བདག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་རྣམས་སམ། དེ་བཞིན་གཤེགས་
པའི་ཉན་ཐོས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དེ། ཁྱོད་ཀྱིས་འདིར་ཐིག་སྐུད་བཟུང་བ་དང་། དགའ་ལྡན་གྱི་ལྷའི་རིས་སུ་ཡང་གསེར་གྱི་ཁང་པ་གྲུབ་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ངོ་མཚར་སྐྱེས་པའི་མིག་བགྲད་དེ་སྨྲས་པ། འཕགས་
པ་ཤཱ་རིའི་བུ་གལ་ཏེ་དེ་ལྟ་ན་དེའི་སླད་དུ་ཡང་ཐིག་སྐུད་བརྐྱང་དང་ལྷག་པར་སེམས་མངོན་པར་དད་པར་བགྱིའོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་ཡང་ཐིག་སྐུད་དེ་བཟུང་བ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ལྷག་པར་དང་བ་དྲག་པོའི་ཤུགས་ཀྱིས་སེམས་མངོན་པར་དད་པར་
བྱས་ཏེ། དད་པ་དེའི་མཇུག་ཐོགས་ཁོ་ནར་གསེར་གྱི་ཁང་པ་རིན་པོ་ཆེ་སྣ་བཞི་ལས་བྱས་པར་གྱུར་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཀྱང་དེ་ལ་གོ་བར་བྱས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གོང་ནས་གོང་དུ་བསོད་ནམས་རབ་ཏུ་འཕེལ་བའི་རྒྱུད་ཀྱིས་གཙུག་ལག་ཁང་ཆེན་
པོ་བཅུ་དྲུག་དང་། ཁང་ཕྲན་དྲུག་བཅུ་རྩིག་ཏུ་བཅུག་སྟེ། དེས་གཙུག་ལག་ཁང་ཆེན་པོ་བཅུ་དྲུག་དང་། ཁང་ཕྲན་དྲུག་བཅུ་བརྩིགས་ནས་ཡོ་བྱད་ཐམས་ཅད་ཀྱིས་རྒྱས་པར་བྱས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་
เล่ม ๔ · หน้า 87b
འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཤཱ་རིའི་བུ་བཅོམ་ལྡན་འདས་གཤེགས་ན་ཤུལ་སོ་ཇི་ཙམ་དུ་བྱོན་པར་འགྱུར། ཁྱིམ་བདག་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཙམ་མོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་མཆི་བའི་ཚད་ཇི་ཙམ། ཁྱིམ་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་
ཉི་མ་གཅིག་གིས་རྒྱང་གྲགས་བཅུའི་ལམ་དུ་འགྲོའོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གང་ཡང་མཉན་ཡོད་ནས་རྒྱལ་པོའི་ཁབ་དེའི་བར་གྱི་གཤེགས་དགོངས་བརྩིས་ནས་གཞེས་ས་དག་བྱེད་དུ་བཅུག །སྦྱིན་གཏོང་གི་ཁང་པ་དག་བྱེད་དུ་བཅུག །དུས་ཚོད་གསོལ་
བའི་མི་དག་བཀོད། གདུགས་དང་རྒྱལ་མཚན་དང་། བ་དན་གྱིས་བརྒྱན། ཙན་དན་གྱི་ཆུས་ཆག་ཆག་བཏབ། ཤིན་ཏུ་དྲི་ཞིམ་པོའི་པོག་པོར་དག་ཉེ་བར་བཀོད། རྟ་བབས་དག་བྱེད་དུ་བཅུག །དུས་ཀྱི་དང་ཐུན་ཚོད་ཀྱི་སྨན་དག་ཀྱང་འཇོག་ཏུ་བཅུག་གོ། །དེ་ལྟར་ཚོགས་
བསགས་ནས་མི་ཞིག་ལ་བསྒོ་བ། ཀྱེ་ནང་རྗེ་ཚུར་སྤྱོན། ཁྱོད་བཅོམ་ལྡན་འདས་གང་ན་བ་དེར་སོང་ལ་སོན་པ་དང་། ཁོ་བོའི་ཚིག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚོལ་ལ། གནོད་པ་ཉུང་ངམ། ཉམ་ང་བ་ཆུང་ངམ། འཚོ་འམ་བསྐྱོད་པ་ཡང་
ངམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ་ཞེས་ཞུས་ལ་འདི་སྐད་ཅེས་བཅོམ་ལྡན་འདས་མཉན་ཡོད་དུ་གཤེགས་སུ་གསོལ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་བདག་ཇི་སྲིད་འཚོའི་བར་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་།
གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བགྱིད་དོ་ཞེས་ཀྱང་གསོལ་ཅིག་ཇོ་བོ་བཀའ་བཞིན་འཚལ་ཞེས་མི་དེས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ལྟར་མཉན་ནས་རྒྱལ་པོའི་ཁབ་གང་ན་བ་དེར་ཆས་ཏེ་རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །
དེ་ནས་ལམ་གྱིས་དུབ་པ་ངལ་སོས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་མི་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་
เล่ม ๔ · หน้า 88a
གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་མགོ་བོས་ཕྱག་འཚལ་ནས་ཞེས་བྱ་བ་ནས། རེག་པར་གནས་སམ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཀྱེ་མི་ཁྱོད་དང་ཁྱིམ་བདག་མགོན་མེད་ཟས་སྦྱིན་བདེ་བར་
གྱུར་ཅིག །བཙུན་པ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་མཆིད་ནས་བཅོམ་ལྡན་འདས་མཉན་ཡོད་དུ་གཤེགས་སུ་གསོལ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་བདག་ཇི་སྲིད་འཚོའི་བར་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་
དང་། སྙུན་དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་ཀྱིས་བཀུར་སྟིར་བགྱིད་དོ། །ཞེས་མཆིའོ། །བཅོམ་ལྡན་འདས་ཀྱིས་མི་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མི་དེ་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་
ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ། ཞི་བ་འཁོར་ཞི་བ། གྲོལ་བ་འཁོར་གྲོལ་བ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ། རྣམ་པར་དུལ་བ་འཁོར་རྣམ་པར་དུལ་བ། དགྲ་བཅོམ་པ་
འཁོར་དགྲ་བཅོམ་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ། མཛེས་པ་འཁོར་མཛེས་པ། ཁྱུ་མཆོག་བ་ལང་གི་ཚོགས་ཀྱིས་བསྐོར་བ་ལྟ་བུ། གླང་པོ་ཆེའི་མཆོག་གླང་པོ་ཆེའི་ཕྲུ་གུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། སེང་གེ་མཆེ་བ་ཅན་གྱི་ཚོགས་
ཀྱིས་བསྐོར་བ་ལྟ་བུ། ངང་པའི་རྒྱལ་པོ་ངང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ནམ་མཁའ་ལྡིང་བྱའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། བྲམ་ཟེ་སློབ་མའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། འཁོར་ལོས་སྒྱུར་བ་བུ་སྟོང་གིས་བསྐོར་བ་ལྟ་བུ། ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་བསྐོར་བ་
ལྟ་བུ། ཉི་མ་འོད་ཟེར་སྟོང་གིས་བསྐོར་བ་ལྟ་བུ། ཡུལ་འཁོར་སྲུང་དྲི་ཟའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། འཕགས་སྐྱེས་པོ་གྲུལ་བུམ་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། མིག་མི་བཟང་ཀླུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། རྣམ་ཐོས་ཀྱི་བུ་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བ་
เล่ม ๔ · หน้า 88b
ལྟ་བུ། ཐགས་ཟངས་རིས་ལྷ་མ་ཡིན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། བརྒྱ་བྱིན་སུམ་བཅུ་རྩ་གསུམ་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཚངས་པ་ཚངས་རིས་ཀྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། རྒྱ་མཚོ་གཡོ་བ་མེད་པ་ལྟ་བུ། སྤྲིན་ཆུ་དང་བཅས་པ་ལྟ་བུ། གླང་
པོ་ཆེ་དམ་པ་དྲེགས་པ་དང་བྲལ་བ་ལྟར་དབང་པོ་རྣམས་ཤིན་ཏུ་དུལ་བས་སྤྱོད་ལམ་གྱི་ཚུལ་མ་འཁྲུགས་པ། སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་རྣམ་པར་མཛེས་པར་བྱས་པ། འོད་འདོམ་
གང་གིས་བརྒྱན་པའི་སྐུ་ཉི་མའི་འོད་ཟེར་སྟོང་བས་ལྷག་པའི་འོད་ཅན། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་མཛེས་པ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ་དགེ་
སློང་གི་དགེ་འདུན་ཆེན་པོ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་འཁོར་དང་བཅས་པ་དང་། མཉན་ཡོད་ན་གནས་པའི་སྐྱེ་བོའི་ཚོགས་དང་ལྷ་བརྒྱ་སྟོང་ཕྲག་དུ་མས་ཞབས་འབྲིང་བྱས་ནས་མཉན་ཡོད་ཀྱི་གྲོང་ཁྱེར་དུ་གཤེགས་སོ། །གང་གི་ཚེ་བཅོམ་ལྡན་འདས་མཉན་ཡོད་
ཀྱི་གྲོང་ཁྱེར་དུ་གཤེགས་ནས། མངོན་པར་འདུ་མཛད་པ་དང་བཅས་པས་གྲོང་ཁྱེར་གྱི་སྒོའི་ཐེམ་པ་ལ་ཞབས་གཡས་པས་མནན་པ་དེའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏེ། ས་ཆེན་པོ་འདི་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། ལྡེག །རབ་ཏུ་ལྡེག །
ཀུན་དུ་རབ་ཏུ་ལྡེག་སྟེ། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ། མཐའ་མཐོ་ན་དབུས་དམའ། དབུས་མཐོ་ན་མཐའ་དམའ་བར་གྱུར་ཅིང་། འཇིག་
རྟེན་འདི་ཐམས་ཅད་འཇིག་རྟེན་གྱི་བར་དང་བཅས་ཏེ་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །བར་སྣང་ལ་ཡང་ལྷའི་རྔ་བརྡུང་ཞིང་ནམ་མཁའི་དཀྱིལ་ན་གནས་པའི་ལྷས་བཅོམ་ལྡན་འདས་ཀྱི་སྟེང་ནས་ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་།
เล่ม ๔ · หน้า 89a
ཨ་ག་རུའི་ཕྱེ་མ་དང་། རྒྱ་སྤོས་ཀྱི་ཕྱེ་མ་དང་། ཙན་དན་གྱི་ཕྱེ་མ་དང་། གུར་གུམ་གྱི་ཕྱེ་མ་དང་། ཏ་མ་ལའི་ལོ་མའི་ཕྱེ་མ་དང་། ལྷའི་མེ་ཏོག་མན་དཱ་ར་བ་རྣམས་འཐོར་ཞིང་ལྷའི་གོས་རྣམས་ཀྱང་འཐོར་རོ། །བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ན་འདི་
དག་དང་། གཞན་ཡང་ངོ་མཚར་དེ་ལྟ་བུ་དག་བྱུང་བར་གྱུར་ཏོ། །གཞན་ཡང་དོག་པ་རྣམས་ནི་ཡངས་པར་གྱུར་ཏོ། །དམའ་བ་རྣམས་ནི་མཐོན་པོར་གྱུར་ཏོ། །མཐོན་པོ་རྣམས་ནི་མཉམ་པར་གྱུར་ཏོ། །གླང་པོ་ཆེ་ཡང་སྐད་འབྱིན་ཏོ། །རྟ་ཡང་སྐད་འབྱིན། ཁྱུ་མཆོག་
རྣམས་ཀྱང་སྐད་འབྱིན་ཏོ། །ཁྱིམ་ན་ཡོད་པའི་རོལ་མོའི་ཆ་བྱད་སྣ་ཚོགས་པ་རྣམས་ཀྱང་རང་སྒྲ་འབྱིན་ཏོ། །ལོང་བ་རྣམས་ཀྱིས་ནི་མིག་ཐོབ་བོ། །འོན་པ་རྣམས་ཀྱིས་ནི་རྣ་བས་ཐོས་སོ། །ལྐུགས་པ་རྣམས་ཀྱིས་ནི་སྨྲ་ནུས་པར་གྱུར་ཏོ། །དབང་པོ་མ་ཚང་བ་རྣམས་ཀྱིས་ནི་དབང་
པོ་རྣམས་ཡོངས་སུ་ཚང་བ་ཐོབ་བོ། །ཆང་གིས་མྱོས་པ་རྣམས་ནི་མྱོས་པ་དང་བྲལ་བར་གྱུར་ཏོ། །དུག་འཐུངས་པ་རྣམས་ནི་དུག་ཞི་བར་གྱུར་ཏོ། །ཕན་ཚུན་ཁོ་ན་བྱུང་བ་རྣམས་ནི་བྱང་བར་གྱུར་ཏོ། །སྦྲུམ་མ་རྣམས་ནི་བདེ་བར་བཙས་པར་གྱུར་ཏོ། །བཙོན་དུ་བཅིངས་པ་རྣམས་ནི་
བཅིངས་པ་ལས་ཐར་ཏོ། །ནོར་མེད་པ་རྣམས་ནི་ནོར་རྙེད་པར་གྱུར་ཏོ། །དེ་དག་དང་གཞན་ཡང་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ན་ངོ་མཚར་བརྒྱ་སྟོང་དག་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་བཀུར་སྟི་ཆེན་པོ་དེ་ལྟ་བུས་མཉན་ཡོད་དུ་གཤེགས་སོ། །གཤེགས་
ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་མཛའ་བཤེས་དང་ཉེ་དུ་དང་གཉེན་གྱི་སྐྱེ་བོས་ཡོངས་སུ་བསྐོར་ནས་གསེར་གྱི་བྱ་མ་བུམ་བླངས་ཏེ་ཆུའི་རྒྱུན་སྦྲེང་བར་བརྩམས་པ་ལས། དེ་འཛག་ཏུ་མ་བཏུབ་
པས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡིད་མི་བདེ་སྟེ་བསམས་པ། བདག་གིས་ལས་ཉེས་པ་དང་བཅས་པ་ཆུང་ཟད་བྱས་པར་མ་གྱུར་གྲང་སྙམ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཁྱོད་ཀྱིས་ལས་ཉེས་པ་དང་བཅས་པ་ཆུང་ཟད་ཀྱང་བྱས་པ་མེད་དོ། །འོན་
เล่ม ๔ · หน้า 89b
ཀྱང་ཁྱོད་ཀྱིས་ཕྱོགས་འདིར་འདུག་ནས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕྱོགས་འདི་ཉིད་ཕུལ་བ་ཡིན་གྱིས་ཕྱོགས་གཞན་ཞིག་ཏུ་འདུག་ལ་སྦྲེངས་ཤིག །དེས་ཕྱོགས་གཞན་ཞིག་ཏུ་འདུག་ནས་སྦྲེངས་པ་དང་། བཅོམ་ལྡན་འདས་ཉིད་ཀྱིས་ཡན་ལག་ལྔ་དང་
ལྡན་པའི་གསུང་དབྱངས་ཀྱིས་རྒྱལ་བྱེད་ཀྱི་ཚལ་བརྗོད་པར་མཛད་དེ། རྒྱལ་བྱེད་ཀྱི་ཚལ་བརྗོད་པར་མཛད་པ་ན། གཞོན་ནུ་རྒྱལ་བྱེད་ཀྱིས་བསམས་པ། ཀྱེ་མ་བཅོམ་ལྡན་འདས་ཀྱིས་དེར་བདག་གི་མིང་ཐོག་མར་སྨོས་ཀྱང་ཅི་མ་རུང་སྙམ་པ་དང་། བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་
གཞོན་ནུ་རྒྱལ་བྱེད་ཀྱི་སེམས་མཁྱེན་ནས་དགེ་སློང་དག་འདི་ནི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཡིན་ནོ་ཞེས་དེར་མིང་ཐོག་མར་སྨོས་པར་མཛད་དོ། །གཞོན་ནུ་རྒྱལ་བྱེད་ཀྱིས་བཅོམ་ལྡན་འདས་ཀྱིས་དེང་བདག་གི་མིང་ཐོག་མར་སྨོས་པ་མཛད་པ་ཐོས་ནས་
ཤིན་ཏུ་དགའ་བར་གྱུར་ཏེ། དགའ་བ་དང་མགུ་བ་སྐྱེས་པ་དེས་ནོར་གྱི་རིགས་ལས་བཅོམ་ལྡན་འདས་ཀྱི་ཕྱིར་རིན་པོ་ཆེ་སྣ་བཞིའི་སྒོ་ཁང་བྱེད་དུ་བཅུག་གོ། །དེ་བཞིན་དུ་གནས་བརྟན་སྡུད་པ་བྱེད་པ་རྣམས་ཀྱིས་ཀྱང་མདོ་སྡེའི་ནང་དུ་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་
ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་གདགས་པ་བྱས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དགེ་སྦྱོང་གཽ་ཏ་མ་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་ན་མཉན་ཡོད་དུ་བྱོན་ནས། མཉན་ཡོད་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་
བཞུགས་ཏེ། ཤེས་ལྡན་གཽ་ཏ་མ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་བདག་ཉིད་ཞལ་གྱིས་འཆེའོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་
དག་པར་དགའ་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་བདག་གིས་
เล่ม ๔ · หน้า 90a
ཤེས་ལྡན་གཽ་ཏ་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པར་བདག་ཉིད་ཞལ་གྱིས་འཆེའོ་ཞེས་ཐོས་ལགས་ན། གཽ་ཏ་མ་གང་དག་དེ་སྐད་ཅེས་ལུང་སྟོན་པ་དེ་དག་ཅི་ག་དགེ་སྦྱོང་གཽ་ཏ་མ་ལ་སྐུར་བ་འདེབས་པ་མ་ལགས་
སམ། ཐལ་བར་སྨྲ་བ་མ་ལགས་སམ། ཤེས་ལྡན་གཽ་ཏ་མས་གསུངས་པ་བཞིན་སྨྲ་བ་ལགས་སམ། ཆོས་སྨྲ་བ་ལགས་སམ། ཆོས་དང་མཐུན་པའི་ཆོས་ལུང་སྟོན་པ་ལགས་སམ། ཅིག་དེ་དག་གི་དྲུང་དུ་ཕ་རོལ་པོ་ཆོས་དང་མཐུན་པའི་རྩོད་པའི་རྗེས་སུ་
རྩོད་པ་མཆིས་ན་སྨོད་པའི་ཆོས་ཀྱི་གནས་སུ་མི་འགྱུར་ལགས་སམ། རྒྱལ་པོ་ཆེན་པོ་གང་དག་དེ་སྐད་དུ་སྨྲ་བ་དེ་དག་ནི་དེ་སྐད་དུ་ལུང་སྟོན་པ་བདེན་པ་དེ་ང་ལ་སྐུར་བ་འདེབས་པ་མ་ཡིན། ཐལ་བར་སྨྲ་བ་མ་ཡིན། དེ་ནི་གསུངས་པ་བཞིན་སྨྲ་བ་ཡིན། ཆོས་སྨྲ་
བ་ཡིན། ཆོས་དང་མཐུན་པའི་ཆོས་ལུང་སྟོན་པ་ཡིན་ཏེ། དེ་དག་གི་དྲུང་དུ་ཕ་རོལ་པོ་ཆོས་དང་མཐུན་པའི་རྩོད་པའི་རྗེས་སུ་རྩོད་པ་འོངས་ན་སྨོད་པའི་ཆོས་ཀྱི་གནས་སུ་མི་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ཅིའི་ཕྱིར་ཞེ་ན། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
མངོན་པར་སངས་རྒྱས་སོ། །ཤེས་ལྡན་གཽ་ཏ་མ་དེ་སྐད་གསུངས་མོད་ཀྱི། ཤེས་ལྡན་གཽ་ཏ་མ་ལ་བདག་ཡིད་མི་ཆེས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཀྱེ་གཽ་ཏ་མ་རེ་ཞིག་རྒན་ཞིང་རྒན་པའི་དགེ་སྦྱོང་དང་བྲམ་ཟེ་ནི་འདི་དག་ལགས་ཏེ། འདི་ལྟ་སྟེ་འོད་སྲུང་རྫོགས་བྱེད་དང་། ཀུན་
དུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་གང་ལགས་པ་དེ་དག་ཀྱང་ད་དུང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་
པར་བདག་ཉིད་གཡར་གྱིས་མི་འཆེ་བ་ལགས་ན། ཤེས་ལྡན་གཽ་ཏ་མ་འཁྲུངས་ནས་རིང་པོ་མ་ལགས་པ་གསར་དུ་རབ་ཏུ་བྱུང་བས་ལྟ་སྨོས་ཀྱང་ཅི་འཚལ། རྒྱལ་པོ་ཆེན་པོ་གཞོན་ནུ་བཞི་པོ་འདི་དག་ལ་ཁྱད་དུ་གསད་པར་མི་བྱ་གཞོན་ནུ་ལ་ཟིལ་གྱིས་མནན་པར་མི་བྱ་སྟེ། བཞི་གང་ཞེ་ན།
เล่ม ๔ · หน้า 90b
རྒྱལ་པོ་ཆེན་པོ་རྒྱལ་རིགས་གཞོན་ནུ་ལ་ཁྱད་དུ་གསད་པར་མི་བྱ་གཞོན་ནུ་ལ་ཟིལ་གྱིས་མནན་པར་མི་བྱའོ། །རྒྱལ་པོ་ཆེན་པོ་སྦྲུལ་གཞོན་ནུ་ལ་ཁྱད་དུ་གསད་པར་མི་བྱ། གཞོན་ནུ་ལ་ཟིལ་གྱིས་མནན་པར་མི་བྱའོ། །རྒྱལ་པོ་ཆེན་པོ་མེ་ཆུང་ངུ་ཁྱད་དུ་གསད་པར་མི་བྱ། ཆུང་ངུ་
ལ་ཟིལ་གྱིས་མནན་པར་མི་བྱའོ། །རྒྱལ་པོ་ཆེན་པོ་དགེ་སློང་གཞོན་ནུ་ལ་ཁྱད་དུ་གསད་པར་མི་བྱ་གཞོན་ནུ་ལ་ཟིལ་གྱིས་མནན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་གཞོན་ནུར་གྱུར་ཀྱང་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བའི་དགྲ་བཅོམ་པར་འགྱུར་རོ། །བཅོམ་ལྡན་འདས་
ཀྱིས་དེ་སྐད་ཅེས། །བཀའ་སྩལ་ནས་ནི་བདེ་གཤེགས་ཀྱིས། །དེ་སྐད་ཅེས་ནི་བཀའ་སྩལ་ནས། །སྟོན་པས་གཞན་ཡང་འདི་སྐད་གསུངས། །རྒྱལ་རིགས་དཔེ་བྱད་ལྡན་པ་དང་། །རིགས་བཙུན་གྲགས་པར་ལྡན་པ་ལ། །བློ་དང་ལྡན་པས་དེ་གཞོན་ཞེས། །ཁྱད་
དུ་མི་གསད་ཟིལ་མི་མནན། །རྒྱལ་པོ་རྒྱལ་རིགས་མཁས་པ་ཡིས། །རྒྱལ་སྲིད་དག་ནི་ཐོབ་གྱུར་ནས། །ཆད་པས་གཅོད་པའི་གནས་དེ་ཡོད། །དེ་བས་དེ་ལ་ཤིན་ཏུ་གདུང་། །དེ་ལྟས་རང་གི་སྲོག་བསྲུང་ཞིང་། །རང་གི་དོན་ལ་ལྟ་བས་ནི། །དེ་ནི་ཁྱད་དུ་མི་གསད་ཅིང་། །
དེ་ལ་ལེགས་པར་བག་ཀྱང་བྱ། །གལ་ཏེ་གྲོང་ངམ་དགོན་པའང་རུང་། །གང་དུ་སྦྲུལ་ནི་མཐོང་གྱུར་ན། །བློ་དང་ལྡན་པས་དེ་གཞོན་ཞེས། །ཁྱད་དུ་མི་གསད་ཟིལ་མི་མནན། །འདི་ལྟར་སྦྲུལ་ནི་རྒྱུ་བ་ན། །རིགས་ནི་རྣམ་པ་སྣ་ཚོགས་ལ། །གླགས་རྙེད་ནས་ནི་
གཞོན་ནུས་ཀྱང་། །སྐྱེས་པ་བུད་མེད་དུ་མ་ཟིན། །དེ་ལྟས་རང་གི་སྲོག་བསྲུང་ཞིང་། །རང་གི་དོན་ལ་ལྟ་བས་ནི། །དེ་ནི་ཁྱད་དུ་མི་གསད་ཅིང་། །དེ་ལ་ལེགས་པར་བག་ཀྱང་བྱ། །མང་པོ་སྲེག་ཅིང་འབར་བྱེད་པ། །ལམ་གནག་བསྲེག་བྱ་ཟ་བའི་མེ། །བློ་དང་
ལྡན་པས་དེ་ཆུང་ཞེས། །ཁྱད་དུ་མི་གསད་ཟིལ་མི་མནན། །མེ་ནི་ཆུང་ངུར་གྱུར་པ་ཡང་། །རྐྱེན་ལས་ཆེན་པོར་འགྱུར་བ་ཡིན། །མེས་ནི་རིང་པོར་མི་ཐོགས་པར། །གྲོང་རྡལ་དང་ནི་གྲོང་ཁྱེར་སྲེག །དེ་ལྟས་རང་གི་སྲོག་བསྲུང་ཞིང་། །རང་གི་དོན་ལ་ལྟ་
เล่ม ๔ · หน้า 91a
བས་ནི། །དེ་ནི་ཁྱད་དུ་མི་གསད་ཅིང་། །དེ་ལ་ལེགས་པར་བག་ཀྱང་བྱ། །ལམ་གནག་བསྲེག་བྱ་ཟ་བའི་མེ། །ནགས་ཚལ་སྲེག་པ་གང་ཡིན་ཏེ། །ཞག་འདས་ནས་ནི་འགའ་ཞིག་ཏུ། །འདབ་མ་རྣམས་ནི་སྐྱེ་འགྱུར་གྱི། །དགེ་སློང་ཚུལ་
ཁྲིམས་ལྡན་པ་ལ། །བརྟེན་ནས་གང་ཞིག་ཚིག་གྱུར་པ། །དེ་ལ་བུ་ཚ་ཡོད་མིན་པས། །བགོ་སྐལ་སྤྱོད་པ་འཐོབ་མི་འགྱུར། །ཏ་ལའི་མགོ་ནི་བཅད་པ་བཞིན། །རིང་པོར་མི་ཐོགས་རབས་ཀྱང་འཆད། །དེ་བས་རང་གི་སྲོག་བསྲུང་ཞིང་། །རང་གི་དོན་ལ་ལྟ་བས་ནི། །
དེ་ནི་ཁྱད་དུ་མི་གསད་ཅིང་། །དེ་ལ་ལེགས་པར་བག་ཀྱང་བྱ། །རྒྱལ་རིགས་དཔེ་བྱད་ལྡན་པ་དང་། །དེ་བཞིན་བྲང་འགྲོ་མེ་དང་ནི། །དགེ་སློང་ཚུལ་ཁྲིམས་ལྡན་དེ་ལ། །བློ་དང་ལྡན་པས་བརྙས་མི་བྱ། །དེ་བས་རང་གི་སྲོག་བསྲུང་ཞིང་། །རང་གི་དོན་ལ་ལྟ་བས་ནི། །དེ་ལ་ཁྱད་དུ་
མི་གསད་ཅིང་། །དེ་ལ་ལེགས་པར་བག་ཀྱང་བྱ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་
སོང་ངོ་། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཟས་གཙང་ལ་སྤྲིང་ཡིག་བསྐུར་བ། ལྷ་དགྱེས་པ་བསྐྱེད་དུ་གསོལ། ཁྱོད་ཀྱི་སྲས་ཀྱིས་
བདུད་རྩི་ཐོབ་ནས་བདུད་རྩིས་འགྲོ་བ་ཚིམ་པར་བྱེད་དོ་ཞེས་སྤྲིང་བ་རྒྱལ་པོ་ཟས་གཙང་གིས་ཐོས་ནས་ཕོ་ཉ་བཏང་བ་ལས་དེ་དེ་ཉིད་དུ་རབ་ཏུ་བྱུང་ངོ་། །གཉིས་པ་བཏང་བ་དང་། དེ་ཡང་དེ་ཉིད་དུ་རབ་ཏུ་ཕྱུང་སྟེ། ཕོ་ཉ་གང་དང་གང་བཏང་བ་དེ་དང་དེ་དག་དེ་ཉིད་དུ་ལེགས་པར་གསུངས་
པའི་ཆོས་འདུལ་བ་ཉིད་ལ་རབ་ཏུ་བྱུང་བར་གྱུར་ཏོ། །རྒྱལ་པོ་ཟས་གཙང་ལག་པ་ལ་འགྲམ་པ་གཏད་ནས་ཕོ་ཉ་གང་དང་གང་བཏང་བ་དེ་དང་དེ་དག་དེ་ཉིད་དུ་ལེགས་པར་གསུངས་པའི་ཆོས་འདུལ་བ་ཉིད་ལ་རབ་ཏུ་བྱུང་ངོ་སྙམ་མོ། །སེམས་ཁོང་དུ་ཆུད་ཅིང་འདུག་པ་འཆར་ཀས་
เล่ม ๔ · หน้า 91b
མཐོང་ནས་སྨྲས་པ། ལྷ་ཅིའི་སླད་དུ་ཁྱོད་ཕྱག་ལ་ཞལ་གཏད་ནས་ཐུགས་མི་དགྱེས་ཤིང་བཞུགས། དེས་སྨྲས་པ། འཆར་ཀ་གང་གི་ཚེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་དཀའ་བ་སྤྱོད་པ་དེའི་ཚེ་ཁོ་བོས་ཕྲིན་ཡིག་སྐྱེལ་བའི་མི་བཏང་བ་ལས་དེ་དག་ཁོ་བོའི་གན་དུ་འོངས་ནས་
གཞོན་ནུ་དོན་ཐམས་ཅད་གྲུབ་པ་བཞུགས་པ་འདི་དང་འདིར་བཞུགས་སོ་ཞེས་སྨྲའོ། །ད་ནི་ཁོ་བོས་ཕྲིན་ཡིག་སྐྱེལ་བའི་མི་བཏང་ན་འགའ་ཡང་ཕྲིན་ཡིག་ཁྱེར་ཏེ་མི་འོང་ན་ཇི་ལྟར་སེམས་ཁོང་དུ་ཆུད་པར་མི་འགྱུར། འཆར་ཀས་སྨྲས་པ། ལྷ་བདག་མཆི་སྟེ་བཀའ་མཆིད་
འཚལ་ལ་སླར་མཆིའོ། །རྒྱལ་པོ་ཟས་གཙང་གིས་སྨྲས་པ། འཆར་ཀ་གང་དང་གང་སོང་བ་དེ་དང་དེ་དེའི་བསྟན་པ་ཕུན་སུམ་ཚོགས་པ་མཐོང་ནས་དེ་ཉིད་དུ་འདུག་པས་ཁྱོད་ཀྱང་སོང་ན་དེ་ཉིད་དུ་འདུག་པར་འགྱུར་བའི་གནས་གང་ཡིན་པ་དེ་ཡོད་དོ། །འཆར་ཀས་སྨྲས་
པ། ལྷ་སླར་མཆི་ལགས་སོ། །དེ་ནས་རྒྱལ་པོ་ཟས་གཙང་རང་ཉིད་ཀྱིས་སྤྲིང་ཡིག་བྲིས་པ། ལྷུམས་སུ་ཞུགས་པ་བཟུང་ནས་སུ། །ཁྱོད་ནི་བདག་གིས་ཆེར་བསྐྲུན་ཏེ། །ཉོན་མོངས་མེ་རབ་འབར་བཞིན་དུ། །རྒྱལ་བ་ལྗོན་ཤིང་ལ་བསྡད་ན། །ད་ནི་ཁྱོད་
ཀྱི་སློབ་མ་ཡི། །ཡལ་ག་ལྕུག་མ་འཕེལ་འགྱུར་བས། །གཞན་ནི་བདེ་བས་དགའ་བར་གྱུར། །བདག་ནི་སྡུག་བསྔལ་སྐལ་བར་ལྡན། །གཞན་ཡང་གང་གིས་ཁྱོད་ནི་ལྗོན་ཤིང་ལྕུག་ཕྲན་མཚུངས་ཙམ་ན། །བདག་གི་བུ་ནི་འདི་ཡིན་སྙམ་ནས་ཆུང་ནས་བསྐྲུན་
བསྐྲུན་ཏེ། །བུ་གཅིག་ཡུལ་མིས་འབྲས་བུས་ཡོངས་སུ་སྤྱད་ཐོབ་ན། །དེ་ལ་ཡོན་ཏན་འབྲས་བུ་མི་སྟེར་ཁྱོད་ལ་སྙིང་རྗེ་མེད། །གང་ཚེ་ཐོག་མ་བལྟམས་པ་ན། །ཉིད་དོན་བསྒྲུབས་ནས་གཉེན་རྣམས་ནི། །ཤིན་ཏུ་ཆེ་དང་ཕན་གདགས་ཞེས། །ཁྱོད་ཀྱིས་དམ་བཅས་
མཛད་ནས་ནི། །ཁྱོད་ཀྱིས་ཞི་གནས་དེ་བརྙེས་ན། །བདག་དང་གཉེན་གྱི་ཚོགས་རྣམས་ལ། །ཐུགས་བརྩེས་རྗེས་སུ་ཟུང་མཛོད་དེ། །གཤེགས་པར་དགོངས་པ་མཛད་དུ་གསོལ། །ཞེས་སྤྲིང་བའི་ཡི་གེ་འཆར་ཀས་ཁྱེར་ནས་ཆས་ཏེ་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང་། ལམ་
เล่ม ๔ · หน้า 92a
གྱིས་དུབ་པ་ངལ་སོས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་རྒྱལ་པོ་ཟས་གཙང་གིས་གསོལ་བའི་ཡི་གེ་ལགས་སོ་ཞེས་བཅོམ་ལྡན་འདས་ལ་ཡི་གེ་ཕུལ་བ་དང་། བཅོམ་ལྡན་འདས་ཉིད་ཀྱིས་བཞེས་ནས་བཀླགས་སོ། །བཀླགས་
ནས་ཡི་གེ་མཐའ་གཅིག་ཏུ་བཞག་པ་དང་འཆར་ཀས་གསོལ་པ། བཅོམ་ལྡན་འདས་ཅི་ལགས་སེར་སྐྱའི་གཞིར་མི་བཞུད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཆར་ཀ་འདོང་ངོ་། །འཆར་ཀ་སྔོན་བཅོམ་ལྡན་འདས་དང་ལྷག་པར་འདྲིས་པ་ཡིན་པས་དེ་སྔོན་གྱི་འདྲིས་པ་
ཁོ་ནས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་མི་བཞུད་དང་། བདག་གིས་མཐུས་བཀྲི་བར་བགྱི་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་ཞིག་ཡུལ་གྱི་རྒྱ་མོར་མ་ཆགས་ཤིང་། །སྲེད་འགགས་བཀྲི་བ་ཡོད་པ་མ་ཡིན་
པའི། །སངས་རྒྱས་སྤྱོད་ཡུལ་མཐའ་ཡས་མངའ་བ་དེ། །གཞི་མེད་ན་ནི་གང་གི་གཞི་ཡིས་བཀྲི། །གང་ཞིག་ཡུལ་གྱི་རྒྱ་མོར་མ་ཆགས་ཤིང་། །སྲེད་འགགས་བཀྲི་བ་ཡོད་པ་མ་ཡིན་པའི། །སངས་རྒྱས་མཐའ་ཡས་པ་ཡི་རྩལ་མངའ་དེ། །གཞི་མེད་ན་ནི་གང་གི་གཞི་
ཡིས་བཀྲི། །གང་ཞིག་བཅོམ་ནས་བརྩེགས་པ་མེད་གྱུར་ཅིང་། །འཇིག་རྟེན་མ་བཅོམ་ཅུང་ཟད་ཡོད་མིན་པ། །སངས་རྒྱས་སྤྱོད་ཡུལ་མཐའ་ཡས་མངའ་བ་དེ། །གཞི་མེད་ན་ནི་གང་གི་གཞི་ཡིས་བཀྲི། །གང་ཞིག་བཅོམ་ནས་བརྩེགས་པ་མེད་གྱུར་ཅིང་། །འཇིག་རྟེན་མ་
བཅོམ་ཅུང་ཟད་ཡོད་མིན་པ། །སངས་རྒྱས་མཐའ་ཡས་པ་ཡི་རྩལ་མངའ་དེ། །གཞི་མེད་ན་ནི་གང་གི་གཞི་ཡིས་བཀྲི། །ལན་ལ་སྤོབས་པ་མེད་ནས་གསོལ་པ། །བཅོམ་ལྡན་འདས་མཆི་སྟེ། རྒྱལ་པོ་ཟས་གཙང་ལ་རིག་པར་བགྱིའོ། །འཆར་ཀ་སངས་རྒྱས་ཀྱི་ཕོ་ཉ་ནི་འདི་
ལྟ་བུ་མ་ཡིན་ནོ། །འཆར་ཀས་གསོལ་པ། བཅོམ་ལྡན་འདས་ཅི་འདྲ་བ་ཞིག་ལགས། རབ་ཏུ་བྱུང་བ་ཡིན་གྱིས་ཁྱོད་ཀྱང་རབ་ཏུ་བྱུང་ཤིག །བཅོམ་ལྡན་འདས་བདག་གིས་རྒྱལ་པོ་ཟས་གཙང་ལ་སླར་མཆི་བར་དམ་བཅས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་
เล่ม ๔ · หน้า 92b
སྩལ་པ། འཆར་ཀ་རབ་ཏུ་བྱུང་ལ་ཇི་ལྟར་དམ་བཅས་པ་བཞིན་དུ་གྱིས་ཤིག །འདི་ལྟར་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན། ཡབ་དང་། ཡུམ་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མ་དང་། བླ་མའི་གནས་ལྟ་བུ་རྣམས་ཀྱི་ཆོས་དང་
མཐུན་པའི་ཚིག་ལན་འགའ་ཡང་སླར་མ་བཟློག་གོ། །འཆར་ཀས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟ་ན་རབ་ཏུ་འབྱུང་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་འཆར་ཀ་འདི་ནི་ཡུན་རིང་པོའི་དོན་དང་ཕན་
པ་དང་བདེ་བའི་ཕྱིར་རབ་ཏུ་ཕྱུང་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལས་མཉན་ནས་འཆར་ཀ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ཏེ་ཀུན་དུ་སྤྱོད་པའི་ཆོས་དག་དེ་ལ་རྒྱས་པར་སྨྲས་ནས། འཆར་ཀ་འདི་ནི་ཁྱོད་ཀྱི་བྱ་བ་ཡིན་ཏེ།
དེང་ཕན་ཆད་བུད་མེད་དང་ལྷན་ཅིག་ཁང་པ་གཅིག་ཏུ་ཉལ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་དག་གོ། །བཙུན་པ་བཀའ་བཞིན་འཚལ་ཞེས་འཆར་ཀས་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་སོང་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་།
བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེར་སྐྱའི་གཞིར་མཆི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཆར་ཀ་སོང་ལ་ཁྱོད་མོད་ཁོ་ནས་རྒྱལ་པོའི་ཁབ་ཏུ་མ་འཇུག་པར་སྒོ་
ན་སྡོད་ལ་ཤཱཀྱའི་དགེ་སློང་འོངས་སོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ནང་དུ་སྤྱོན་ཅིག་ཅེས་གླེང་ན་འཇུག་པར་བྱའོ། །ཞུགས་ནས་གལ་ཏེ་ཤཱཀྱའི་དགེ་སློང་གཞན་ཡང་ཡོད་དམ་ཞེས་ཟེར་ན་ཡོད་དོ་ཞེས་བརྗོད་པར་བྱའོ། །གལ་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཡང་འདི་འདྲ་ཞིང་
ཆ་བྱད་འདི་འདྲའམ་ཞེས་འདྲི་ན། འདི་འདྲ་ཞིང་ཆ་བྱད་འདི་འདྲའོ་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱིས་རྒྱལ་པོའི་ཁབ་ཏུ་ཡང་གནས་པར་མི་བྱའོ། །གལ་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཡང་རྒྱལ་པོའི་ཁབ་ཏུ་གནས་པར་མི་བྱེད་དམ་ཞེས་གླེང་ན། མི་བཞུགས་སོ་ཞེས་བརྗོད་
เล่ม ๔ · หน้า 93a
པར་བྱའོ། །གལ་ཏེ་གང་དུ་གནས་པར་བྱེད་ཅེས་འདྲི་ན་དགོན་པའམ་གཙུག་ལག་ཁང་དུའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་གཙུག་ལག་ཁང་ཅི་འདྲ་ཞེས་འདྲི་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་རྣམ་པ་བྲིས་ཏེ་བསྟན་པར་བྱའོ། །གལ་ཏེ་གཞོན་ནུ་དོན་ཐམས་
ཅད་གྲུབ་བ་བྱོན་ནམ་ཞེས་འདྲི་ན། བྱོན་ནོ་ཞེས་བརྗོད་པར་བྱའོ། །ཇི་སྲིད་ཅིག་ན་བྱོན་ཞེས་འདྲི་ན་ཞག་བདུན་ལོན་ནའོ་ཞེས་བརྗོད་པར་བྱའོ། །དེས་གསོལ་པ། བཅོམ་ལྡན་འདས་མཆི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོང་ཤིག །ས་བདག་
རྣམས་ནི་ཚིག་གིས་ཏེ། །ལྷ་རྣམས་བསམས་པས་འགྲུབ་འགྱུར་ཞིང་། །དེ་བཞིན་བསམ་གཏན་པ་རྣམས་ཀྱིས། །སེམས་བསྐྱེད་པས་ནི་ཐམས་ཅད་འགྲུབ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་དེ་ཇི་ལྟར་སྐད་ཅིག་དེ་ཉིད་ལ་གྲོང་ཁྱེར་སེར་སྐྱའི་གཞིར་སོན་
པ་དེ་ལྟར་བྱིན་གྱིས་བརླབས་པ་དང་། ཚེ་དང་ལྡན་པ་འཆར་ཀ་བཅོམ་ལྡན་འདས་ལ་དད་པ་མི་བཟོད་པ་སྐྱེས་པ་དེ་རྒྱལ་པོའི་ཁབ་ཀྱི་སྒོར་བསྡད་ནས་སྨྲས་པ། ཤེས་ལྡན་དག་རྒྱལ་པོ་ལ་ཤཱཀྱའི་དགེ་སློང་མཆིས་སོ་ཞེས་གསོལ་ཅིག །དེ་རྣམས་ཀྱིས་སྨྲས་པ། ཅི་
ཤཱཀྱའི་དགེ་སློང་གཞན་དག་ཀྱང་ཡོད་དམ། ཤེས་ལྡན་དག་ཡོད་དོ། །དེ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ཤཱཀྱའི་དགེ་སློང་མཆིས་སོ། །རྒྱལ་པོས་སྨྲས་པ། ནང་དུ་ཐོང་ཤིག །དེ་ནང་དུ་ཞུགས་པ་རྒྱལ་པོ་ཟས་གཙང་གིས་མཐོང་ནས་སྨྲས་པ། འཆར་ཀ་རབ་
ཏུ་བྱུང་ངམ། དེས་སྨྲས་པ། ལྷ་རབ་ཏུ་བྱུང་ངོ་། །ཁྱོད་སླར་འོང་ངོ་ཞེས་སྨྲས་པ་མ་ཡིན་ནམ། འདི་ཅི་ཡིན། འཆར་ཀས་སྨྲས་པ། ལྷ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཕོ་ཉ་ནི་འདི་ལྟ་བུ་མ་ཡིན་ནོ་ཞེས་བཀའ་སྩལ་ནས་ཆོས་འདུལ་བ་ལེགས་པར་གསུངས་
པའི་ཕྱིར་བདག་རབ་ཏུ་བྱུང་མོད་ཀྱི་བདག་རང་གི་དད་པས་ཀྱང་རབ་ཏུ་བྱུང་ངོ་། །རྒྱལ་པོས་ཡན་ལག་ཐམས་ཅད་ཀྱིས་འཁྱུད་ནས་སྟན་བཤམས་པ་ཉིད་ལ་འདུག་ཏུ་བཅུག་སྟེ། དེའི་དོན་དུ་ཆུ་བཙགས་རྩ་བ་དང་འབྲས་བུ་བརྟགས་པ་གཙང་སྦྲ་བྱས་ཏེ་ཟར་བཅུག་གོ། །ཚེ་དང་
เล่ม ๔ · หน้า 93b
ལྡན་པ་འཆར་ཀ་མཆོག་ཏུ་ཉེ་བར་ཞི་བ་དང་། དུལ་བར་གནས་པ་དང་ལྡན་ཞིང་ཇི་སྐད་རྗེས་སུ་བསྟན་པའི་ཆོ་ག་བཞིན་ཡོངས་སུ་ལོངས་སྤྱད་དོ། །རྒྱལ་པོས་དེ་ལ་བརྟགས་ནས་ངོ་མཚར་སྐྱེས་ཏེ་སྨྲས་པ། འཆར་ཀ་ཅི་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཡང་འདི་འདྲ་བ་ཉེ་བར་ཞི་བ་ཡིན་
ནམ། འཆར་ཀས་སྨྲས་པ། ལྷ་བདག་གི་དུལ་བ་དང་ཉེ་བར་ཞི་བ་ནི་ཅུང་ཟད་ཙམ་ལགས་སོ། །དཔེར་ཇི་ལྟ་བུ་རི་རབ་དང་ཡུངས་འབྲུ་བཞིན་ནོ། །རྒྱ་མཚོ་དང་རྨིག་རྗེས་བཞིན་ནོ། །ཉི་མ་དང་སྲིན་བུ་མེ་ཁྱེར་བཞིན་ནོ། །ནམ་མཁའ་དང་པད་མའི་རྩ་བའི་བུ་ག་བཞིན་ནོ། །རྒྱལ་
པོ་ཟས་གཙང་གིས་སྨྲས་པ། འཆར་ཀ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཡང་འདི་འདྲ་ཞིང་ཆ་བྱད་འདི་འདྲ་འམ། ལྷ་འདི་འདྲ་ཞིང་ཆ་ཞིང་ཆ་བྱད་འདི་འདྲའོ། །རྒྱལ་པོ་ཟས་གཙང་བརྒྱལ་ནས་ས་ལ་འགྱེལ་བ་དང་། ཆུ་མང་དུ་བཏབ་ནས་དབུགས་སླར་བྱུང་སྟེ་སྨྲས་པ། འཆར་ཀ་
གཞོན་ནུ་དོན་ཐམས་ཅད་གྲུབ་པ་བྱོན་ནམ། འཆར་ཀས་སྨྲས་པ་བྱོན་ནོ། །དུས་ཇི་སྲིད་ན་དགུང་བདུན་ལོན་ནའོ། །རྒྱལ་པོ་ཟས་གཙང་གིས་བློན་པོ་རྣམས་ལ་བསྒོ་བ་ཤེས་ལྡན་དག་གཞོན་ནུ་དོན་ཐམས་ཅད་གྲུབ་པ་བྱོན་པར་འགྱུར་གྱིས་རྒྱལ་པོའི་ཁབ་དང་ཕོ་བྲང་བྱི་དོར་བྱོས་ཤིག །
འཆར་ཀས་སྨྲས་པ། ལྷ་བཅོམ་ལྡན་འདས་ནི་ཕོ་བྲང་དུ་བཞུགས་པར་མི་མཛད་དོ། །རྒྱལ་པོས་སྨྲས་པ་གང་དུ་བཞུགས། འཆར་ཀས་སྨྲས་པ། དགོན་པའམ་གཙུག་ལག་ཁང་དུའོ། །རྒྱལ་པོ་ཟས་གཙང་གིས་སྨྲས་པ། འཆར་ཀ་གཙུག་ལག་ཁང་ཅི་འདྲ་བ་ཡིན།
ཚེ་དང་ལྡན་པ་འཆར་ཀས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་རྣམ་པ་རི་མོར་བྲིས་ཏེ་བསྟན་ཏོ། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ནྱ་གྲོ་དྷའི་ཀུན་དགའ་ར་བར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་རྣམ་པ་གཙུག་ལག་ཁང་ཆེན་པོ་བཅུ་དྲུག་དང་། ཁང་ཕྲན་དྲུག་བཅུ་རྩིག་
ཏུ་ཆུག་ཤིག །ལྷ་བཀའ་བཞིན་འཚལ་ཞེས་བློན་པོ་རྣམས་ཀྱིས་རྒྱལ་པོ་ཟས་གཙང་ལས་མཉན་ནས་ནྱ་གྲོ་དྷའི་ཀུན་དགའ་ར་བར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་རྣམ་པ་གཙུག་ལག་ཁང་ཆེན་པོ་བཅུ་དྲུག་དང་། ཁང་ཕྲན་དྲུག་བཅུ་རྩིག་ཏུ་བཅུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
เล่ม ๔ · หน้า 94a
ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་སོང་ལ་དགེ་སློང་རྣམས་ལ་བཅོམ་ལྡན་འདས་སེར་སྐྱའི་གཞིར་གཤེགས་ཏེ་ཡབ་སྲས་གདན་འཛོམ་ན་ཁྱེད་ཅག་ལས་སུ་ཞིག་ལྟ་བར་སྤྲོ་བ་དེ་ཆོས་གོས་དག་ལོང་ཤིག་
ཅེས་སྒོ་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་སེར་སྐྱའི་གཞིར་གཤེགས་ཏེ་ཡབ་སྲས་གདན་འཛོམ་ན་ཁྱེད་ཅག་ལས་སུ་ལྟ་བར་
སྤྲོ་བ་དེ་ཆོས་གོས་དག་ལོང་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ། ཞི་བ་འཁོར་ཞི་བ། གྲོལ་བ་འཁོར་གྲོལ་བ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ། རྣམ་པར་དུལ་བ་འཁོར་རྣམ་པར་དུལ་བ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ།
འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ། མཛེས་པ་འཁོར་མཛེས་པ། ཁྱུ་མཆོག་བ་ལང་གི་ཚོགས་ཀྱིས་བསྐོར་བ་ལྟ་བུ། གླང་པོ་ཆེ་གླང་པོའི་ཕྲུ་གུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། སེང་གེ་མཆེ་བ་ཅན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ངང་པའི་རྒྱལ་པོ་ངང་པའི་
ཚོགས་ཀྱིས་བསྐོར་བ་ལྟ་བུ། ནམ་མཁའ་ལྡིང་བྱའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། བྲམ་ཟེ་སློབ་མའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། སྨན་པ་མཁས་པ་ནད་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། དཔའ་བོ་རུ་བའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ལམ་མཁན་འགྲོན་པོའི་ཚོགས་ཀྱིས་
བསྐོར་བ་ལྟ་བུ། དེད་དཔོན་ཚོང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཁམས་ཀྱི་རྒྱལ་ཕྲན་བློན་པོའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། འཁོར་ལོས་སྒྱུར་བ་བུ་སྟོང་གིས་བསྐོར་བ་ལྟ་བུ། ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཉི་མ་འོད་ཟེར་སྟོང་གིས་བསྐོར་བ་ལྟ་བུ། ཡུལ་
འཁོར་སྐྱོང་དྲི་ཟའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། འཕགས་སྐྱེས་པོ་གྲུལ་བུམ་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། མིག་མི་བཟང་ཀླུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། རྣམ་ཐོས་ཀྱི་བུ་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཐགས་ཟངས་རིས་ལྷ་མ་ཡིན་གྱི་ཚོགས་ཀྱིས་བསྐོར་
เล่ม ๔ · หน้า 94b
བ་ལྟ་བུ། བརྒྱ་བྱིན་སུམ་བཅུ་རྩ་གསུམ་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཚངས་པ་ཚངས་རིས་ཀྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། རྒྱ་མཚོ་གཡོ་བ་མེད་པ་ལྟ་བུ། སྤྲིན་ཆུ་དང་བཅས་པ་ལྟ་བུ། གླང་པོ་དམ་པ་དྲེགས་པ་དང་བྲལ་བ་ལྟར་དབང་པོ་རྣམས་ཤིན་ཏུ་དུལ་བས་སྤྱོད་ལམ་
གྱི་ཚུལ་མ་འཁྲུགས་པ། སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་རྣམ་པར་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པའི་སྐུ་ཉི་མའི་འོད་ཟེར་སྟོང་བས་ལྷག་པའི་འོད་ཅན། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་
མཛེས་པ། སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་འབབ་ཆུ་རོ་ཧི་ཀར་བྱོན་ཏོ། །རྒྱལ་པོ་ཟས་གཙང་གིས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་འབབ་ཆུ་
རོ་ཧི་ཀར་བྱོན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོ་ཟས་གཙང་གིས་གྲོང་ཁྱེར་སེར་སྐྱའི་གཞི་རྡོ་བ་དང་། གྱོ་མོ་དང་། གསེག་མ་རྣམས་བསལ་ནས་ཙན་དན་གྱི་ཆུས་ཆག་ཆག་བཏབ། དྲི་ཤིན་ཏུ་ཞིམ་པོའི་པོག་པོར་ཉེ་བར་བཤམས། དར་གྱི་ཆུན་ཕྱང་མང་པོ་དཔྱངས་ཏེ། གང་
ཡང་འབབ་ཆུ་རོ་ཧི་ཀ་ནས་གང་ཡང་ནྱ་གྲོ་དྷའི་ཀུན་དགའ་ར་བ་དེའི་བར་གྱི་ལམ་ཤིན་ཏུ་མཛེས་པར་བྱས་ཏེ། ས་ཕྱོགས་ཡངས་ཤིང་རྒྱ་ཆེ་བར་གདན་རྣམ་པར་བཀྲ་བ་དག་ཤོམ་དུ་བཅུག་གོ། །དེ་ན་འབབ་ཆུ་རོ་ཧི་ཀ་ལ་དགེ་སློང་ཁ་ཅིག་ནི་ལག་པ་འཁྲུ་བར་བྱེད་དོ། །ཁ་ཅིག་ནི་སོ་ཤིང་འདོར་
བར་བྱེད་དོ། །ཁ་ཅིག་ནི་ཁྲུས་བྱེད་དོ། །སེར་སྐྱའི་གཞི་ན་གནས་པའི་ཤཱཀྱ་རྣམས་ཀྱིས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བས་བསྐུལ། ཁ་ཅིག་ནི་ཡ་མཚན་སྐྱེས་ནས་ཐམས་ཅད་ནྱ་གྲོ་དྷའི་ཀུན་དགའ་ར་བ་
ནས་བྱུང་སྟེ་ཅི་ཡབ་སྲས་ཀྱི་ཞབས་ལ་ཕྱག་བྱེད་དམ། འོན་ཏེ་སྲས་ཡབ་ཀྱི་ཞབས་ལ་ཕྱག་བྱེད་པ་བལྟའོ་སྙམ་མོ།། །།འདུལ་བ་གཞི། བམ་པོ་དགུ་བཅུ་རྩ་གཅིག་པ། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། གལ་ཏེ་ང་ཞབས་ཀྱིས་སེར་སྐྱའི་གཞིར་གཤེགས་
เล่ม ๔ · หน้า 95a
ན། ཤཱཀྱ་ང་རྒྱལ་ཅན་རྣམས་ཀྱེ་མའོ་གཞོན་ནུ་དོན་ཐམས་ཅད་གྲུབ་པས་དཀའ་ཐུབ་ཀྱི་ནགས་སུ་གཤེགས་ནས་ལྟོགས་པོ་ཞིག་གྲུབ་པ་ལྟ་ཞིག་སྟེ། དེ་ལྷ་བརྒྱ་སྟོང་ཕྲག་དུ་མས་ཞམ་འབྲིང་བྱས་ནས་སྟེང་གི་ནམ་མཁའ་ལས་གཤེགས་ཏེ་དུས་དེ་སྲིད་དུ་དཀའ་བ་བརྒྱ་སྟོང་
སྤྱད་པས་བདུད་རྩི་ཐོབ་ནས་ང་ཞབས་ཀྱིས་གཤེགས་པ་ལྟ་ཞེས་མ་དད་པ་སྐྱེད་པར་འགྱུར་རོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཐུགས་མཉམ་པར་བཞག་ན་ཤར་ཕྱོགས་ཀྱི་སྟེང་གི་བར་སྣང་ལ་མངོན་པར་འཕགས་ནས་སྤྱོད་ལམ་རྣམ་པ་བཞི་མཛད་དེ། འདི་ལྟ་སྟེ་འཆག་
པ་དང་། བཞེངས་པ་དང་། བཞུགས་པ་དང་མནལ་བ་མཛད་དོ། །མེའི་ཏིང་ངེ་འཛིན་ལ་ཡང་སྙོམས་པར་འཇུག་པ་མཛད་དོ། །མེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་རྣམ་པ་སྣ་ཚོགས་དག་འབྱིན་པར་མཛད་
དེ། འདི་ལྟ་སྟེ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་གྱི་ཁ་དོག་གོ། །ཆོ་འཕྲུལ་ཟུང་དུ་ཡང་སྟོན་པར་མཛད་དེ། སྐུའི་སྨད་ནས་མེ་འབར་བར་མཛད་དེ། སྐུའི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་མཛད་དོ། །སྐུའི་
སྟོད་ནས་མེ་འབར་བར་མཛད་ལ། སྐུའི་སྨད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་མཛད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཤར་ཕྱོགས་ལ་ཇི་ལྟ་བར་ལྷོ་དང་ནུབ་དང་བྱང་ཕྱོགས་སུ་ཡང་དེ་བཞིན་ནོ། །ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བསྟན་ནས་རྫུ་
འཕྲུལ་མངོན་པར་འདུ་མཛད་པ་བསྡུས་ཏེ་ཏ་ལ་བདུན་གྱི་སྲིད་ཙམ་ན་བཞུགས་སོ། །དགེ་སློང་རྣམས་ནི་ཏ་ལ་དྲུག་གི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་དྲུག་གི་སྲིད་ཙམ་ན་ནི་དགེ་སློང་རྣམས་ལྔའི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་ལྔའི་སྲིད་ཙམ་ན་ནི་དགེ་སློང་རྣམས་བཞིའི་སྲིད་
ཙམ་ནའོ། །བཅོམ་ལྡན་འདས་བཞིའི་སྲིད་ཙམ་ན་ནི་དགེ་སློང་རྣམས་གསུམ་གྱི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་གསུམ་གྱི་སྲིད་ཙམ་ན་ནི་དགེ་སློང་རྣམས་གཉིས་ཀྱི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་གཉིས་ཀྱི་སྲིད་ཙམ་ན་ནི་དགེ་སློང་རྣམས་ཏ་ལ་གཅིག་གི་སྲིད་ཙམ་ནའོ། །
เล่ม ๔ · หน้า 95b
བཅོམ་ལྡན་འདས་མི་བདུན་གྱི་སྲིད་ཙམ་ན་བཞུགས་ན་ནི་དགེ་སློང་རྣམས་མི་དྲུག་གི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་དྲུག་གི་སྲིད་ཙམ་ན་ནི་དགེ་སློང་རྣམས་ལྔའི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་ལྔའི་སྲིད་ཙམ་ན་ནི་དགེ་སློང་རྣམས་བཞིའི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་
བཞིའི་སྲིད་ཙམ་ན་ནི་དགེ་སློང་རྣམས་གསུམ་གྱི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་གསུམ་གྱི་སྲིད་ཙམ་ན་ནི་དགེ་སློང་རྣམས་གཉིས་ཀྱི་སྲིད་ཙམ་ནའོ། །བཅོམ་ལྡན་འདས་གཉིས་ཀྱི་སྲིད་ཙམ་ན་ནི་དགེ་སློང་རྣམས་མི་གང་ལྷག་ཙམ་ནའོ། །བཅོམ་ལྡན་འདས་མི་གང་ལྷག་
ཙམ་ན་ནི་དགེ་སློང་རྣམས་ས་ལའོ། །རྒྱལ་པོ་ཟས་གཙང་གིས་ཆོ་འཕྲུལ་དེ་ལྟ་བུ་དེ་དང་། དགེ་སློང་མང་པོ་མཐོང་ནས་དེ་ལ་བཅོམ་ལྡན་འདས་གང་ཡིན་པ་མ་ཤེས་ཏེ་རྨོངས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་ལ་སྨྲས་པ། འཆར་ཀ་འདི་ན་ངུར་སྨྲིག་གྱོན་པའི་རབ་ཏུ་བྱུང་
བ་མང་པོ་ཞིག་ཡོད་ན་དེ་ལ་གཞོན་ནུ་གང་ཡིན། ཚེ་དང་ལྡན་པ་འཆར་ཀས་བཅོམ་ལྡན་འདས་བསྟན་ནས་སྨྲས་པ། འདི་ནི་བཅོམ་ལྡན་འདས་ལགས་སྲིད་པའི་མཐར་བྱེད་སེམས་ཀྱི་དབང་ཕྱུག་འདྲེན་པ་ལགས། །འདི་ནི་ཉོན་མོངས་སེལ་མཛད་ཉིན་བྱེད་དེ་ཉིད་དོན་ནི་ཀུན་དུ་སྟོན་
མཛད་ལགས། །འདི་ནི་དགོངས་པ་བཞིན་བརྙེས་སྟོབས་བཅུ་མངའ་བས་ཀུན་གྱི་ཕ་རོལ་གཤེགས་པ་ལགས། །དྲི་མེད་གསལ་བ་ཆོས་ཀྱི་དབང་ཕྱུག་ཁྱོད་ཀྱི་སྲས་ལགས་མི་དབང་ད་གཟིགས་ཤིག །དེ་ནས་རྒྱལ་པོ་ཟས་གཙང་གིས་ལུས་བཏུད་ནས་ཞབས་ལ་ཕྱག་བྱས་ཏེ་
ཚིགས་སུ་བཅད་པས་གསོལ་པ། བློ་གྲོས་ཡངས་པ་ཁྱོད་ལ་འདི་དང་ནི། །ཀུན་སྤྱན་ཞབས་ལ་ལན་གསུམ་ཕྱག་བགྱིས་ཏེ། །བལྟམ་པའི་ཚེ་ནས་ནི་གཡོས་པ་དང་། །འཛམ་བུའི་གྲིབ་མ་སྐུ་ལས་མ་འདས་པའོ། །དེ་ནས་ཤཱཀྱ་དང་ཤཱཀྱ་མོ་རྣམས་ཀྱིས་རྒྱལ་པོ་ཟས་
གཙང་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་པ་མཐོང་ནས་ད་ལྟར་ཡབ་སྲས་ཀྱི་ཞབས་ལ་ཕྱག་བྱེད་པ་ཅི་ཐ་ཚིག་ཅེས་མ་དད་པ་བསྐྱེད་དོ། །རྒྱལ་པོ་ཟས་གཙང་གིས་ཤཱཀྱ་དང་ཤཱཀྱ་མོ་རྣམས་ལ་གོ་བར་བྱ་བའི་ཕྱིར་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་ད་གདོད་ཁོ་བོས་གཞོན་ནུ་དོན་
เล่ม ๔ · หน้า 96a
ཐམས་ཅད་གྲུབ་པའི་ཞབས་ལ་ཕྱག་བྱས་པ་མ་ཡིན་ཏེ། གང་གི་ཚེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་བལྟམ་པ་ན་ས་ཆེན་པོ་གཡོས་པར་གྱུར་ཅིང་འཇིག་རྟེན་འདི་ཐམས་ཅད་སྣང་བ་རྒྱ་ཆེན་པོས་གསལ་བར་གྱུར་ཏེ། འཇིག་རྟེན་ན་འཇིག་རྟེན་གྱི་བར་གྱི་མུན་པ་མུན་
གནག་སྨག་ཏུ་གྱུར་པ་ཉི་མ་དང་ཟླ་བ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བའི་འོད་ཀྱི་སྣང་བ་ཉམས་སུ་མ་མྱོང་བ་གང་ཡིན་པ་དེ་ཡང་དེའི་ཚེ་སྣང་བ་རྒྱ་ཆེན་པོས་གསལ་བར་གྱུར་ནས། དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་སྣང་བ་དེས་སེམས་ཅན་དག་གཅིག་གིས་གཅིག་
མཐོང་བ་དང་། ཤེས་ལྡན་དག་འདིར་སེམས་ཅན་གཞན་དག་ཀྱང་སྐྱེས་པ་ལྟ། ཤེས་ལྡན་དག་འདིར་སེམས་ཅན་གཞན་དག་ཀྱང་སྐྱེས་པ་ལྟ་ཞེས་ངོ་ཤེས་པར་གྱུར་པ་དེའི་ཚེ་ཡང་ཁོ་བོས་བྱང་ཆུབ་སེམས་དཔའི་ཞབས་ལ་མགོ་བོས་ཕྱག་བྱས་སོ། །གང་གི་ཚེ་གཞོན་ནུ་དོན་
ཐམས་ཅད་གྲུབ་པ། ཞིང་བླས་ཀྱི་མཐའ་ལ་གཟིགས་པ་ན་ཤིང་འཛམ་བུའི་གྲིབ་མ་ལ་བཞུགས་ནས་འདོད་པ་རྣམས་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་།
བདེ་བ་ཟག་པ་མེད་པ་དང་མཚུངས་པའི་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་བཞུགས་པ་ན་ཤིང་གཞན་རྣམས་ཀྱི་གྲིབ་མ་ནི་ཤར་ཕྱོགས་སུ་གཞོལ། ཤར་ཕྱོགས་སུ་འབབ། ཤར་ཕྱོགས་སུ་བབ་ཀྱང་ཤིང་འཛམ་བུའི་གྲིབ་མ་ནི་བྱང་ཆུབ་སེམས་དཔའི་སྐུ་ལས་མ་འདས་པར་
གྱུར་པ་དེའི་ཚེ་ཡང་ངོ་མཚར་རྨད་དུ་བྱུང་བའི་ཆོས་དེས་ཁོ་བོའི་ཡིད་བསྡུས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཡང་ཕྱག་བྱས་ཏེ། འདི་དང་བཅོམ་ལྡན་འདས་ཀྱི་ཞབས་ལ་ལན་གསུམ་ཕྱག་བྱས་སོ། །དེ་བས་ན་འདི་སྐད་ཅེས། བློ་གྲོས་ཡངས་པ་ཁྱོད་ལ་འདི་དང་ནི། །ཀུན་
སྤྱན་ཞབས་ལ་ལན་གསུམ་ཕྱག་བགྱིས་ཏེ། །བལྟམ་པའི་ཚེ་ན་ས་ནི་གཡོས་པ་དང་། །འཛམ་བུའི་གྲིབ་མ་སྐུ་ལས་མ་འདས་པའོ་ཞེས་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་བརྟུལ་ནས་འཁོར་བརྒྱ་སྟོང་ཕྲག་དུ་མ་ཟིལ་གྱིས་མནན་ནས་དགེ་སློང་
เล่ม ๔ · หน้า 96b
གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཟས་གཙང་སྐད་འཛེར་ཅིང་སྙིང་དང་མིག་མཆི་མས་གང་བས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། གཞལ་མེད་ཁང་གི་གནས་རྣམས་ལས། །ཡབ་ཀྱི་ཁབ་ན་
བཞུགས་པ་ལས། །དགོན་པའི་འཇིགས་དང་བཅས་རྣམས་སུ། །ཇི་ལྟ་བུར་ནི་འབའ་ཞིག་བཞུགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མི་ཡི་བདག་པོ་གང་དུ་ནི། །ཁྱིམ་གྱི་འཆིང་བ་ལས་གྲོལ་བ། །འཕགས་པ་ཡི་ནི་གནས་པ་བཅུས། །ཐུབ་པ་རྣམས་
ནི་གནས་པར་མཛད། །རྒྱལ་པོས་གསོལ་པ། བ་སོ་གསེར་གྱི་རྩ་བ་ཅན། །ཤིན་ཏུ་བདེ་བ་བཏིང་བ་ཡི། །ཁྲི་ལ་མནལ་བར་མཛད་པ་ལས། །གདིང་བ་ལ་ནི་ཇི་ལྟར་མནལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྒྱལ་པོ་རྣམ་གྲོལ་གནས་མལ་ནི། །དགའ་བ་
བྱང་ཆུབ་ཡན་ལག་གི། །མེ་ཏོག་བཀྲམ་པར་ཆགས་མེད་ཅིང་། །ཡོངས་སུ་གདུང་བ་རྣམ་སྤངས་མནལ། །རྒྱལ་པོ་ཟས་གཙང་གིས་གསོལ་པ། །དཔའ་བོ་ཉིད་ཀྱི་ཁབ་ན་ནི། །གསེར་དངུལ་བུམ་པས་ཁྲུས་མཛད་ན། །རྙོག་པ་ཅན་ལ་དྲོ་བ་ཡི། །ཆབ་ཀྱིས་ཇི་ལྟར་ཁྲུས་མཛད་
ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གཽ་ཏམ་དད་པའི་འབབ་ཆུ་རྙོག་པ་མེད། །བསོད་ནམས་འཇུག་ངོགས་དམ་པས་བསྔགས་པ་སྟེ། །དེ་ལ་རིག་པའི་ཡོན་ཏན་མི་བཀྲུས་ནས། །ལུས་མི་གཤེར་བར་ཕ་རོལ་རབ་ཏུ་རྒལ། །རྒྱལ་པོ་ཟས་གཙང་གིས་གསོལ་
པ། །དཔའ་བོ་ཁྱོད་སྔོན་སེར་སྐྱ་ཡི། །ཙན་དན་གྱིས་ནི་སྐུ་བཀྲུས་ཤིང་། །ཀ་ཤིའི་མཆོག་གནས་མཛེས་པ་ལས། །དེ་དང་བྲལ་ན་མཛེས་མ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཚུལ་ཁྲིམས་ང་ཡི་རྒྱན་ཡིན་ཏེ། །ཚུལ་ཁྲིམས་ཉིད་ནི་ཕྱུག་པ་ཡིན། །
གསེར་དང་ནོར་བུ་རྣ་ཆ་དག །རྨོངས་སྐྱེད་ང་ལ་ཅི་ཞིག་བྱ། །རྒྱལ་པོས་གསོལ་པ། དཔའ་བོ་ཉིད་ཀྱི་ཕོ་བྲང་ན། །གླང་པོ་ཤིང་རྟ་རྟས་བཞུད་པ། །ཚེར་མར་བཅས་པའི་ས་གཞི་ལ། །ཞབས་ཀྱིས་ཇི་ལྟར་གཤེགས་པར་མཛད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
เล่ม ๔ · หน้า 97a
ང་ཡི་ཤིང་རྟ་རྫུ་འཕྲུལ་རྐང་། །ཡང་དག་རྩོལ་བའི་བཞོན་པ་ཡིས། །ས་ཀུན་རྣམ་པར་རྒྱུ་ན་ཡང་། །ཉོན་མོངས་ཚེར་མས་གནོད་པ་མེད། །རྒྱལ་པོ་ཟས་གཙང་གིས་གསོལ་བ། །དཔའ་བོ་སྔོན་ནི་ཀ་ཤི་ཀའི། །ན་བཟའ་མནབས་ན་མཛེས་པ་ལས། །ངུར་
སྨྲིག་རྩུབ་པོའི་གོས་མནབས་པ། །ཇི་ལྟར་ཁྱོད་ཀྱི་སྐུ་ཡིས་བཟོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྒྱལ་པོ་ང་ཡི་གོས་ནི་ངོ་ཚ་ཤེས། །ང་ཡི་བགོ་བསྣམ་སྦྱར་ཏེ། །དེ་བགོས་ཐུབ་པ་ཞི་བ་རྣམས། །ནགས་ཁྲོད་ན་ནི་མཛེས་པར་འགྱུར། །རྒྱལ་པོ་ཟས་གཙང་
གིས་གསོལ་པ། །འདི་ལྟར་ཁྱོད་སྔོན་གསེར་གྱི་གཞོང་པ་ལས། །དུ་མའི་རོ་ལྡན་འབྲས་ཆན་གསོལ་བ་ལས། །འདི་ལྟར་གཙོ་བོ་ད་ལྟའི་བསོད་སྙོམས་ནི། །ཕལ་པ་གསོལ་བ་ཇི་ལྟར་མགུར་དུ་མཆི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཟས་ཀྱི་སྲེད་པ་ཐམས་
ཅད་སྤངས་ནས་ནི། །ངེས་པར་བྱུང་དང་མཉམ་པར་བཞག་ལྡན་པའི། །ང་ནི་ཆོས་ཀྱི་རོ་མཆོག་གསོལ་མོད་ཀྱི། །འཇིག་རྟེན་ཀུན་ལ་བརྩེ་ཕྱིར་ང་སྤྱོད་དོ། །རྒྱལ་པོ་ཟས་གཙང་གིས་གསོལ་པ། །མགུར་དུ་བདེ་བ་མང་བགྱིད་པའི། །དགུན་སྐྱེམས་ཁ་རའི་ཆབ་གསོལ་
ན། །རྙོག་པ་ཅན་ལ་དྲོ་བ་ཡི། །ཆབ་ནི་ཇི་ལྟ་ཞིག་ཏུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མི་ཡི་བདག་པོ་གང་འཐུངས་ན། །བདག་ལ་བཏུང་བ་ཐམས་ཅད་ནི། །དུག་དང་འདྲ་བར་སྣང་གྱུར་པ། །ཆོས་ཀྱི་རོ་མཆོག་ང་བཏུང་ངོ་། །རྒྱལ་པོ་ཟས་
གཙང་གིས་གསོལ་པ། །འདི་ལྟར་ཁྱོད་སྔོན་བསིལ་ཁང་གཞལ་མེད་ཁང་། །ཁང་བཟངས་སྟེང་ན་ཇི་ལྟའི་དུས་བཞིན་བཞུགས། །ད་ལྟ་གཅིག་པུ་ནགས་ཁྲོད་ཁྱོད་བཞུགས་པ། །བློ་བཟངས་ཇི་ལྟར་བསྙེངས་པ་མེད་པར་བཞུགས། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། །གཽ་ཏམ་འཇིགས་པའི་རྩ་བ་གང་ཡིན་དེ། །དྲི་མ་བག་ཆགས་བཅས་པར་ངས་སྤངས་པས། །ང་ནི་མྱ་ངན་འཇིགས་པ་མེད་གནས་ཏེ། །ང་ལ་འདི་ན་འཇིགས་པ་ཅུང་ཟད་མེད། །རྒྱལ་པོ་ཟས་གཙང་གིས་གསོལ་པ། །ཁྱོད་སྔོན་ཁྲུས་ཁང་ཤིན་ཏུ་ཡིད་
เล่ม ๔ · หน้า 97b
འོང་བར། །ཁྲུས་མཆོག་ཁྱད་པར་འཕགས་པས་རྟག་བསིལ་ན། །གཅིག་པོ་ཁྱོད་ནི་ནགས་ཁྲོད་གནས་ལྡན་པར། །ཐུབ་དབང་ད་ལྟར་སུ་ཡིས་ཁྲུས་མཛད་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གཽ་ཏ་མ་ཆོས་ཀྱི་མཚོ་བྲན་དྲི་མེད་པ། །ཚུལ་
ཁྲིམས་འཇུག་ངོགས་དམ་པས་བསྔགས་པ་སྟེ། །དེ་ལ་རིག་པའི་ཡོན་ཏན་མི་བཀྲུས་ནས། །ལུས་མི་གཤེར་བར་ཕ་རོལ་རབ་ཏུ་རྒལ། །རྒྱལ་པོ་ཟས་གཙང་གིས་གསོལ་པ། །གང་གིས་ཁྱོད་ནི་ཁྱད་དུ་གསོད། །གང་ལས་འཇིགས་སུ་རུང་བ་སྐྱེ། །ཡིད་
འབྱུང་བ་ཡང་གང་ལས་སྐྱེ། །ཞུས་པ་དེ་དག་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་གིས་ང་ཡི་ཁྱད་གསོད་དང་། །གང་ཞིག་ལས་ནི་འཇིགས་པ་དང་། །གང་ལས་ཡིད་འབྱུང་སྐྱེས་པ་དག །ཉོན་ཅིག་ཁྱོད་ལ་བཤད་པར་བྱ། །རྒ་
དང་ན་དང་འཆི་བ་སྟེ། །གལ་ཏེ་འདི་གསུམ་ཡོད་མིན་ན། །ང་ཡང་ཤིན་ཏུ་ཡིད་འོང་བའི། །ཡུལ་རྣམས་ལ་ནི་དགའ་བར་འགྱུར། །རྒྱལ་པོ་ཟས་གཙང་གིས་གསོལ་པ། །ཤཱཀྱ་རྣམས་ཀྱི་རིགས་དགའ་བ། །ལེགས་པར་འཁྲུངས་པའི་དཔའ་བོ་ལེགས། །ཁྱོད་ནི་འཇིག་
རྟེན་ཆོས་བརྒྱད་ཀྱིས། །ཇི་ལྟ་བུར་ཡང་མ་གོས་སོ། །དེ་ནས་རབ་དགའ་དད་པ་རྒྱས་བྱས་ནས། །དྲང་སྲོང་དགེ་འདུན་བསྐོར་བ་བྱས་ནས་ནི། །ཐུབ་པའི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ། །བདེ་བར་གཤེགས་ལ་ཀུན་ནས་རྟོག་ཅིང་འདུག །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་
སེམས་ཏེ། གང་བདག་གི་བུས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་ཐོབ་པ་ནི་བདག་གི་རྙེད་པ་ལེགས་པར་རྙེད་དོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ནྱ་གྲོ་དྷའི་ཀུན་དགའ་ར་བར་འཁོར་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་དེ་དང་མཐུན་
པའི་ཆོས་བཤད་པ་མཛད་དོ། །དེ་ཐོས་པས་ཟས་དཀར་ལ་སོགས་པ་ཤཱཀྱ་བདུན་ཁྲི་བདུན་སྟོང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་རྒྱལ་པོ་ཟས་གཙང་ནི་མ་གཏོགས་སོ། །ལྷ་སྦྱིན་ང་རྒྱལ་ལས་ཀྱང་ང་རྒྱལ་ཅན། སྡིག་པ་འདོད་པ་དེས་བདེན་པ་མཐོང་བར་མ་
เล่ม ๔ · หน้า 98a
བྱས་པས་ཁྲོ་བའི་ཀུན་ནས་དཀྲིས་པ་དང་བཅས་པས་སྨྲས་པ། གལ་ཏེ་བདག་གིས་འདི་འདྲ་བའི་སྒྱུ་མས་དབང་དུ་བྱེད་པ་ཤེས་ན་བདག་གིས་ཀྱང་འཇིག་རྟེན་ཐམས་ཅད་དབང་དུ་བྱ་བ་ཞིག །དེ་ལ་ཤཱཀྱ་རྣམས་ཀྱིས་བཤེས་པའི་ཚིག་གིས་སྨྲས་པ། ལྷ་སྦྱིན་བཅོམ་
ལྡན་འདས་ནི་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་ཡིན་གྱིས་དེ་སྐད་མ་སྨྲ་ཤིག་ཅེས་བཟློག་ནས་ཅང་མི་སྨྲ་བར་འདུག་གོ། །ཚངས་པས་བསྐོར་བའི་སྐྱེད་མོས་ཚལ་དུ་འདི་ལྟ་བུའི་ཆོས་བཤད་པ་མཛད་དེ། དེ་ཐོས་པས་རྒྱལ་པོ་ཟས་གཙང་མ་གཏོགས་པར་བྲེ་བོ་ཟས་ལ་སོགས་པ་ཤཱཀྱ་བདུན་
ཁྲི་དྲུག་སྟོང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་ན་ཡང་ལྷ་སྦྱིན་དེ་ཁོ་ན་བཞིན་དུ་ཁ་ཟེར་རོ། །རོ་ཧི་ཏ་ཀའི་སྐྱེད་མོས་ཚལ་དུ་འདི་ལྟ་བུའི་ཆོས་བཤད་པ་མཛད་དེ། དེ་ཐོས་པས་རྒྱལ་པོ་ཟས་གཙང་མ་གཏོགས་པར་བདུད་རྩི་ཟས་ལ་སོགས་པ་ཤཱཀྱ་བདུན་ཁྲི་ལྔ་
སྟོང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་ན་ཡང་ལྷ་སྦྱིན་དེ་ཁོ་ན་བཞིན་དུ་ཁ་ཟེར་རོ། །འཁོར་ལྷག་མ་རྣམས་ལས་ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་ཉོན་མོངས་
པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པར་གྱུར། ཁ་ཅིག་གིས་ནི་སངས་རྒྱས་ལ་སྐྱབས་སུ་སོང་། ཁ་ཅིག་གིས་ནི་ཆོས་ལ། ཁ་ཅིག་གིས་ནི་དགེ་འདུན་ལ་སྟེ། འཁོར་དེ་དག་ཀྱང་ཕལ་ཆེར་ཀྱང་སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་བབ་པར་བཀོད་
དོ། །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། སྔོན་ནི་བཅོམ་ལྡན་འདས་ལྷ་དང་ལྷ་མ་ཡིན་གྱི་འགྲོ་བར་བཅས་པས་མཆོད་པ་དང་། རྗེད་པ་དང་མངོན་དུ་སྨྲ་བར་བྱ་བར་གྱུར་ན། ད་ལྟ་ནི་མིས་མཆོད་ཀྱི་ལྷས་ནི་མ་ཡིན་ནོ་སྙམ་མོ། །དེ་ནས་ཤཱཀྱ་གཞོན་ནུ་ཞིག་གིས་ཚིགས་
เล่ม ๔ · หน้า 98b
སུ་བཅད་དེ་གསོལ་པ། དྲང་སྲོང་ཆེན་པོ་སྨྲ་མཆོག་དམ་ཆོས་ཀྱི། །ཆར་པས་འགྲོ་བ་འདི་ནི་ཚིམ་མཛད་དོ། །མི་བཟད་ལམ་དུ་ལྷུང་བའི་འཇིག་རྟེན་འདི། །དྲོངས་ཏེ་ཐར་བའི་ལམ་ལ་སྦྱར་བར་མཛོད། །རྒྱལ་པོ་ཟས་གཙང་ནི་འདི་སྙམ་དུ་བདག་གི་བུ་འབའ་ཞིག་འདི་ལྟར་རྫུ་འཕྲུལ་
ཆེ་ཞིང་འདི་ལྟར་མཐུ་ཆེ་བ་ཡིན་ནོ་སྙམ་སྟེ། ལྷག་པར་དགའ་བས་བདེན་པ་མ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་དགོངས་པ། རྒྱལ་པོ་ཟས་གཙང་གིས་ཅིའི་ཕྱིར་བདེན་པ་མ་མཐོང་སྙམ་པ་ལས་དེ་འདི་སྙམ་དུ་བདག་གི་བུ་འབའ་ཞིག་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ནོ་སྙམ་སྟེ།
ལྷག་པར་དགའ་བར་གྱུར་གྱིས་མདོར་ན་དེའི་དྲེགས་པ་སྤོང་དུ་གཞུག་གོ། །རྒྱུ་གཉིས་ཀྱིས་བདེན་པ་རྣམས་མཐོང་བར་མི་འགྱུར་ཏེ། ཧ་ཅང་ཞུམ་པ་དང་། ཤིན་ཏུ་དགའ་བའོ། །དེ་ལ་ཞུམ་པའི་སེམས་དང་ཤིན་ཏུ་དགའ་བ་ཡོད་ཀྱིས། མ་ལ་ངས་དེའི་ཞུམ་པ་དང་། ཤིན་
ཏུ་དགའ་བ་གཉིས་སྤོང་དུ་གཞུག་གོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་རྒྱལ་པོ་ཟས་གཙང་ལ་སོམས་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་
ལྡན་འདས་ལས་མཉན་ནས་རྒྱལ་པོ་ཟས་གཙང་གང་ན་བ་དེར་སོང་བ་དང་། རྒྱལ་པོ་ཟས་གཙང་གིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་རྒྱང་རིང་པོ་ནས་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་
བུ་ཆེན་པོ་ཚུར་སྤྱོན། མཽད་གལ་གྱི་བུ་ཆེན་པོ་ཁྱོད་བྱོན་པ་ལེགས་སོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་གདན་བཤམས་པ་ཉིད་ལ་བཞུགས་ཤིག །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་སྟན་བཤམས་པ་ཉིད་ལ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་སེམས་
ཇི་ལྟར་མཉམ་པར་བཞག་ན་རང་གི་སྟན་ལས་མི་སྣང་བར་གྱུར་ཏེ། ཤར་ཕྱོགས་ཀྱི་སྟེང་གི་བར་སྣང་ལ་མངོན་པར་འཕགས་ནས་སྤྱོད་ལམ་རྣམ་པ་བཞི་བྱེད་དེ། འདི་ལྟ་སྟེ་འཆག་པ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བར་བྱེད་དོ། །མེའི་ཏིང་ངེ་འཛིན་ལ་ཡང་སྙོམས་
เล่ม ๔ · หน้า 99a
པར་འཇུག་པར་བྱེད་དོ། །མེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་ལུས་ལས་འོད་ཟེར་རྣམ་པ་སྣ་ཚོགས་དག་འབྱིན་པར་བྱེད་དོ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་།
ལེ་བརྒན་དང་། ཤེལ་གྱི་ཁ་དོག་དག་གོ། །ཆོ་འཕྲུལ་ཟུང་དུ་ཡང་སྟོན་པར་བྱེད་དེ། ལུས་ཀྱི་སྟོད་ནས་འབར་བར་བྱེད་ལ། ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་འབེབས་པར་བྱེད་དོ། །ལུས་ཀྱི་སྨད་ནས་མེ་འབར་བར་བྱེད་ལ་ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབེབས་
པར་བྱེད་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཤར་ཕྱོགས་ལ་ཇི་ལྟ་བ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་ཡང་དེ་བཞིན་ནོ། །ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་བསྟན་ནས། རྫུ་འཕྲུལ་མངོན་པར་འདུ་བྱ་བ་བསྡུས་ཏེ་སྟན་བཤམས་པ་
ཉིད་ལ་འདུག་གོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ཀྱི་ཉན་ཐོས་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གཞན་ཡང་མཆིས་ལགས་སམ། རྒྱལ་པོ་ཆེན་པོ་མཆིས་
སོ་ཞེས་ཚིགས་སུ་བཅད་དེ་སྨྲས་པ། མཐུ་ཆེ་བ་དང་གསུམ་རིག་དང་། །སེམས་ཀྱི་རྣམ་གྲངས་ཤེས་པ་དང་། །ཟག་ཟད་དགྲ་བཅོམ་གང་ཡིན་པ། །ཐུབ་པའི་ཉན་ཐོས་མང་དུ་མཆིས། །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། བདག་གི་བུ་འབའ་ཞིག་
འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་མ་ཟད་དེ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བའི་རབ་ཏུ་བྱུང་བ་གཞན་ཡང་ཡོད་དོ་སྙམ་ནས་དེ་ཤིན་ཏུ་དགའ་བ་གང་ཡིན་པ་དེ་དང་བྲལ་བར་གྱུར་ཏོ། །སྐབས་དེར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་དེ། ཀྱེ་མ་བརྒྱ་བྱིན་དང་
ཚངས་པ་ལ་སོགས་པ་ལྷ་རྣམས་འོངས་ན་ལྷའི་འཁོར་དག་པ་ལ་ཆོས་བཤད་དོ་སྙམ་པ་དང་། ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་པ་དེའི་ཚེ་སྲོག་ཆགས་གྲོག་སྦུར་རྣམས་ཀྱི་སེམས་ཀྱིས་ཀྱང་བཅོམ་ལྡན་
เล่ม ๔ · หน้า 99b
འདས་ཀྱིས་དགོངས་པ་ཤེས་པར་འགྱུར་ན། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། གང་གི་ཚེ་འཇིག་རྟེན་ལས་འདས་པའི་ཐུགས་བསྐྱེད་པ་དེའི་ཚེ། ཉན་ཐོས་ཆེན་པོ་རྣམས་ཀྱི་སེམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་དགོངས་པ་མི་ཤེས་ན། བརྒྱ་
བྱིན་དང་ཚངས་པ་ལ་སོགས་ཏེ་ལྷ་རྣམས་ཀྱིས་ལྟ་ཅི་སྨོས། སྲོག་ཆགས་གྲོག་སྦུར་རྣམས་ཀྱིས་ལྟ་ག་ལ་ཤེས། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཅིའི་ཕྱིར་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་དོ་སྙམ་པ་ལས་དེ་འདི་སྙམ་དུ་སེམས་ཏེ།
ལྷའི་འཁོར་དག་པ་རྣམས་ལ་ཆོས་འཆད་པར་བཞེད་དོ་སྙམ་ནས། དེས་ལྷའི་བུ་བཟོ་ཐམས་ཅད་པ་ལ་བསྒོ་བ། བཟོ་ཐམས་ཅད་པ་བཅོམ་ལྡན་འདས་ལྷའི་འཁོར་དག་པ་ལ་ཆོས་འཆད་པར་བཞེད་ཀྱིས་ནྱ་གྲོ་དྷའི་ཀུན་དགའ་ར་བར་རིན་པོ་ཆེ་སྣ་བཞིའི་ཁང་པ་རྩེག་མ་གདན་སྣ་ཚོགས་བཤམས་
པ་ཞིག་སྤྲུལ་ཅིག །ཀཽ་ཤི་ཀ་ཁྱོད་ཀྱི་མཆོག་ཏུ་བཟང་ངོ་ཞེས་ལྷའི་བུ་བཟོ་ཐམས་ཅད་པས་ལྷའི་དབང་པོ་བརྒྱ་བྱིན་ལས་མཉན་ཏེ་ནྱ་གྲོ་དྷའི་ཀུན་དགའ་ར་བར་རིན་པོ་ཆེ་སྣ་བཞིའི་ཁང་པ་རྩེག་མ་གདན་སྣ་ཚོགས་བཤམས་པ་ཞིག་སྤྲུལ་ཏོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་སྒོ་བཞིན་འཁོད་པའི་ཡུལ་
འཁོར་སྐྱོང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ལུས་ངན་པོ་སྟེ། ཤར་ཕྱོགས་ན་ནི་ཡུལ་འཁོར་སྐྱོང་དཔུང་རྒྱན་དང་། རྣ་ཆ་གདུབ་ཀོར་དང་། ཕྲེང་བ་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ་ལྷའི་རྒྱན་ཐམས་ཅད་ཀྱིས་
བརྒྱན་པའོ། །ནུབ་ཕྱོགས་ན་ནི་མིག་མི་བཟང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའོ། །བྱང་ཕྱོགས་ན་ནི་ལུས་ངན་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ནྱ་གྲོ་དྷའི་ཀུན་དགའ་ར་བ་ཆེ་ཐང་དུ་བརྒྱན་དུ་བཅུག་སྟེ། བཅོམ་ལྡན་འདས་གང་ན་བ་
དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་དོན་དེ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ནས་ཁང་པ་བརྩེགས་པར་ཞུགས་ཏེ། ལྷའི་འཁོར་ཕལ་པོ་ཆེའི་གུང་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་
เล่ม ๔ · หน้า 100a
སེང་གེའི་ཁྲི་ལ་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་རྒྱལ་པོ་ཟས་གཙང་ཁྲིད་དེ། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་ནང་དུ་ཞུགས་པ་དང་། རྒྱལ་པོ་ཟས་གཙང་ལ་རྒྱལ་པོ་ཆེན་པོ་ཡུལ་
འཁོར་སྐྱོང་གིས་རྒྱལ་པོ་ཆེན་པོ་ནང་དུ་མ་འགྲོ་བར་སྡོད་ཅིག་ཅེས་བཟློག་གོ། །ཅིའི་ཕྱིར། བཅོམ་ལྡན་འདས་ལྷའི་འཁོར་དག་པ་ལ་ཆོས་འཆད་དེ། དེར་མིར་གྱུར་པ་འཇུག་ཏུ་མི་དབང་ངོ་། །རྒྱལ་པོ་ཟས་གཙང་གིས་སྨྲས་པ། བཞིན་བཟངས་ཁྱོད་སུ་ཞིག །ཡུལ་འཁོར་སྐྱོང་
གིས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་ཡུལ་འཁོར་སྐྱོང་ངོ་། །དེ་ནས་རྒྱལ་པོ་ཟས་གཙང་ལྷོ་སྒོར་སོང་བ་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་མཐོང་ནས་སྨྲས་པ། རྒྱལ་པོ་ཆེན་པོ་ནང་དུ་མ་འཇུག་པར་སྡོད་ཅིག །རྒྱལ་པོ་ཟས་གཙང་གིས་སྨྲས་པ། བཞིན་བཟངས་ཁྱོད་སུ་
ཞིག །འཕགས་སྐྱེས་པོས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་འཕགས་སྐྱེས་པོའོ། །ཅིའི་ཕྱིར། བཅོམ་ལྡན་འདས་ལྷའི་འཁོར་དག་པ་ལ་ཆོས་འཆད་དེ། དེར་མིར་གྱུར་པ་འཇུག་ཏུ་མི་དབང་ངོ་། །དེ་ནས་རྒྱལ་པོ་ཟས་གཙང་ནུབ་སྒོར་སོང་བ་དང་། རྒྱལ་པོ་ཆེན་པོ་མིག་མི་
བཟང་གིས་མཐོང་ནས་སྨྲས་པ། རྒྱལ་པོ་ཆེན་པོ་ནང་དུ་མ་འཇུག་པར་སྡོད་ཅིག །རྒྱལ་པོ་ཟས་གཙང་གིས་སྨྲས་པ། བཞིན་བཟངས་ཁྱོད་སུ་ཞིག །མིག་མི་བཟང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་མིག་མི་བཟང་ངོ་། །ཅིའི་ཕྱིར། བཅོམ་ལྡན་འདས་ལྷའི་འཁོར་
དག་པ་ལ་ཆོས་འཆད་དེ། དེར་མིར་གྱུར་པ་འཇུག་ཏུ་མི་དབང་ངོ་། །དེ་ནས་རྒྱལ་པོ་ཟས་གཙང་བྱང་སྒོར་སོང་བ་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་མཐོང་ནས་སྨྲས་པ། རྒྱལ་པོ་ཆེན་པོ་ནང་དུ་མ་འཇུག་པར་སྡོད་ཅིག །རྒྱལ་པོ་ཟས་གཙང་གིས་སྨྲས་པ། བཞིན་བཟངས་
ཁྱོད་སུ་ཞིག །རྣམ་ཐོས་ཀྱི་བུས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་རྣམ་ཐོས་ཀྱི་བུའོ། །ཅིའི་ཕྱིར། བཅོམ་ལྡན་འདས་ལྷའི་འཁོར་དག་པ་ལ་ཆོས་འཆད་དེ། དེར་མིར་གྱུར་པ་འཇུག་ཏུ་མི་དབང་ངོ་། །དེ་ནས་རྒྱལ་པོ་ཟས་གཙང་ཀྱེ་མའོ་བཅོམ་ལྡན་འདས་ལྷའི་འཁོར་དག་
เล่ม ๔ · หน้า 100b
པ་ལ་ཆོས་འཆད་པ་དེ་བདག་གིས་བལྟའོ་སྙམ་པའི་འདོད་པ་སྐྱེས་སོ། །དེ་ནས་རྒྱལ་པོ་ཟས་གཙང་ཞུམ་པའི་རྒྱུད་གང་ཡིན་པ་དེ་དང་བྲལ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། རྒྱལ་པོ་ཟས་གཙང་གིས་གལ་ཏེ་ང་མ་མཐོང་ན་ཁྲག་དྲོན་མོ་སྐྱུགས་ནས་འཆི་བར་འགྱུར་
བའི་གནས་སྐབས་གང་ཡིན་པ་དེ་ཡོད་པས་དེ་ལ་ཐབས་ཤིག་བཤམ་པར་བྱའོ་སྙམ་ནས། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་སྣ་བཞིའི་ཁང་པ་བརྩེགས་པ་གང་ཡིན་པ་དེ་ཤེལ་ལས་བྱས་པར་སྤྲུལ་པ་དང་། དེས་ན་རྒྱལ་པོ་ཟས་གཙང་གིས་སངས་རྒྱས་ཀྱི་སྐུ་སྒྲིབ་པ་མེད་པར་མཐོང་ངོ་། །
མཐོང་ནས་ཀྱང་དགའ་བ་དང་མགུ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་འཕགས་
པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་མཛད་དེ། དེ་ཐོས་པས་རྒྱལ་པོ་ཟས་གཙང་གིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་བདེན་པ་མཐོང་
ནས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ། བཙུན་པ་བཅོམ་ལྡན་འདས་བདག་ལ་ཕས་མ་བགྱིས། མས་མ་ལགས། རྒྱལ་པོས་མ་ལགས། ལྷ་རྣམས་ཀྱིས་མ་ལགས། སྔོན་གྱི་འདས་པ་རྣམས་ཀྱིས་མ་ལགས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་མ་ལགས།
སྡུག་པ་དང་། རང་གི་སྐྱེ་བོ་དང་། གཉེན་གྱི་ཚོགས་ཀྱིས་མ་ལགས་པ་གང་ལགས་པ་དེ་ནི་བཅོམ་ལྡན་འདས་ཀྱིས་བདག་ལ་མཛད་དེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་བོ་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་རྣམས་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་རྣམས་
ནི་ཕྱེ། བདག་ལྷ་དང་མི་རྣམས་སུ་ནི་བཞག་གོ། །ཡང་གསོལ་པ། ཕ་ལ་ལན་དུ་ཕན་གདགས་པ། །དམ་པའི་བུས་ནི་བགྱི་བ་གང་། །ཁྱོད་ཀྱིས་བདག་ལ་མཛད་ལགས་ཏེ། །སེམས་ནི་གྲོལ་བར་གཞོལ་བར་བགྱིས། །ཁྱོད་ཀྱིས་བདག་ནི་ངན་འགྲོ་ལས། །དྲངས་ཏེ་
เล่ม ๔ · หน้า 101a
མཐོ་རིས་ཐར་པ་ལ། །བསྒྲིམ་མི་འཚལ་བར་བཞག་ལགས་ཏེ། །ཁྱོད་ཀྱིས་དཀའ་བ་མཛད་པ་ལེགས། །མགོན་པོ་བྱམས་པ་ཁྱོད་ཀྱིས་ནི། །བདག་ནི་ཚོང་པ་རྙེད་ལྡན་ལྟར། །མཐོ་རིས་རྙེད་པས་སྲིད་པ་ཡི། །ལོངས་སྤྱོད་དག་ནི་རྙེད་པར་མཛད། །དེ་ནས་
རྒྱལ་པོ་ཟས་གཙང་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་
གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོ་ཟས་གཙང་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་
བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཆས་ཏེ། ཟས་དཀར་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཟས་དཀར་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་ཁྱོད་རྒྱལ་སྲིད་ཐོབ་ཀྱིས་རྒྱལ་སྲིད་ཁྱེར་ཅིག །ཅིའི་སླད་དུ་ངས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདེན་པ་མཐོང་བས་སོ། །
གང་གི་གདུགས་ལ་ལགས། དེ་རིང་ཁོ་ནའོ། །བདག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་གང་གི་ཉི་མ་ལ་ནྱ་གྲོ་ངྷའི་ཀུན་དགའ་ར་བར་ཆོས་བཤད་པ་དེའི་ཉི་མ་ལ་ཤཱཀྱ་བདུན་ཁྲི་བདུན་སྟོང་དང་ལྷན་ཅིག་བདེན་པ་མཐོང་ལགས་སོ། །དེ་བཞིན་དུ་བྲེ་བོ་ཟས་ལ་རྒྱལ་སྲིད་ཁྱེར་ཅིག་ཅེས་སྨྲས་
པ་དང་། དེས་སྨྲས་པ། བདག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་གང་གི་ཚེ་ཚངས་པས་བསྐོར་བའི་སྐྱེད་མོས་ཚལ་དུ་ཆོས་བཤད་པ་དེའི་ཚེ་ཤཱཀྱ་བདུན་ཁྲི་དྲུག་སྟོང་དང་ལྷན་ཅིག་བདེན་པ་མཐོང་ལགས་སོ། །དེ་བཞིན་དུ་བདུད་རྩི་ཟས་ལ་རྒྱལ་སྲིད་ཁྱེར་ཅིག་ཅེས་སྨྲས་པ་དང་། དེས་
སྨྲས་པ། བདག་གིས་ཀྱང་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་རོ་ཧི་ཏ་ཀའི་སྐྱེད་མོས་ཚལ་དུ་ཆོས་བཤད་པ་དེའི་ཚེ་ཤཱཀྱ་བདུན་ཁྲི་ལྔ་སྟོང་དང་ལྷན་ཅིག་བདེན་པ་མཐོང་ལགས་སོ། །གལ་ཏེ་དེ་ལྟར་གྱུར་ན་ད་སུ་ཞིག་རྒྱལ་སྲིད་ལ་གཞག །དེ་རྣམས་ཀྱིས་སྨྲས་པ། ཤཱཀྱའི་རྒྱལ་པོ་
เล่ม ๔ · หน้า 101b
བཟང་ལྡན་གྱིས་བགྱིའོ་ཞེས་དེ་རྣམས་འདུས་ནས་ཤཱཀྱའི་རྒྱལ་པོ་བཟང་ལྡན་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བསྐུར་རོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་དེ་ཉིད་ཀྱི་མཚན་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ། གདན་
བཤམས་ཤིང་ནོར་བུའི་ཆུ་སྣོད་བཞག་ནས་བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་གདུགས་ཚོད་གསོལ་པ། བཙུན་པ་བཅོམ་ལྡན་འདས་གདུགས་ཚོད་ལགས་ན། ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ན་བཟའ་ཤམ་ཐབས་མནབས་ལྷུང་བཟེད་
དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་རྒྱལ་པོ་ཟས་གཙང་གི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་
ཟས་གཙང་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་རང་གི་ལག་ནས་
བསྟབས་ཤིང་ཚིམ་པར་བྱས་ཏེ། བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་གསེར་གྱི་བྱ་མ་བུམ་བླངས་ཏེ། བཅོམ་ལྡན་འདས་ལ་ནྱ་གྲོ་ངྷའི་ཀུན་དགའ་ར་བ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཡན་ལག་ལྔ་དང་ལྡན་པའི་གསུང་དབྱངས་
ཀྱིས་ཡོན་བསྔོ་བ་མཛད་པ། སྦྱིན་པའི་བསོད་ནམས་གང་ཡིན་འདིས། །ཤཱཀྱ་རྣམས་ཀྱིས་བསམས་པ་ཡི། །ཡིད་ལ་རེ་བ་རྫོགས་ནས་ནི། །རྟག་པའི་གནས་ནི་ཐོབ་པར་ཤོག །དེ་ནས་བཅོམ་ལྡན་འདས་སེར་སྐྱའི་གཞི་ཤིང་ནྱ་གྲོ་ངྷའི་ཀུན་དགའ་ར་བ་ན་བཞུགས་སོ། །
དེ་བཞིན་དུ་གནས་བརྟན་རྣམས་ཀྱིས་ཀྱང་མདོ་སྡེ་ལ་བཅོམ་ལྡན་འདས་སེར་སྐྱའི་གཞི་ཤིང་ནྱ་གྲོ་ངྷའི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་གདགས་པར་བྱས་སོ། །བཅོམ་ལྡན་འདས་སེར་སྐྱའི་གཞི་དེ་ཉིད་ན་བཞུགས་ནས་ཉི་མ་གཅིག་ནི་རྒྱལ་པོའི་ཕོ་བྲང་དུ་གདུགས་ཚོད་གསོལ།
เล่ม ๔ · หน้า 102a
ཉི་མ་གཅིག་ནི་བཙུན་མོའི་ནང་དུ་གསོལ་ལོ། །རྒྱལ་པོ་ཟས་གཙང་གིས་རལ་པ་ཅན་ལས་རབ་ཏུ་བྱུང་བའི་དགེ་སློང་རྣམས་སྤྱོད་ལམ་ཞི་ཞིང་སེམས་དང་བ་ཡིན་ན་དཀའ་ཐུབ་དྲག་པོའི་བརྟུལ་ཞུགས་ཀྱི་ཁྱད་པར་དག་གིས་ལུས་གདུངས་པས་ལུས་མི་མཛེས་པར་
མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། འདི་ལྟར་རལ་པ་ཅན་འདི་དག་སྤྱོད་ལམ་ཞི་ཞིང་སེམས་དང་བ་ཡིན་མོད་ཀྱི། ལུས་མཛེས་པ་མ་ཡིན་ན་འཁོར་ཅི་འདྲ་བ་ཞིག་གིས་བཅོམ་ལྡན་འདས་མཛེས་པར་འགྱུར་སྙམ་པ་ལས། དེས་བསམས་པ། ཤཱཀྱའི་འཁོར་
གྱིས་ཡིན་ནོ་སྙམ་ནས། དེ་ནས་ཤཱཀྱ་ཐམས་ཅད་བསོགས་ཏེ་སྨྲས་པ། ཤེས་ལྡན་དག་གལ་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་རབ་ཏུ་མ་བྱུང་བར་གྱུར་ན་ཅིར་འགྱུར། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །ཁྱེད་ཅག་ཅི་ཞིག་བྱེད་པར་འགྱུར། གཡོག་བགྱིད་པར་འགྱུར་
རོ། །ད་ལྟར་གཞོན་ནུ་དོན་ཐམས་ཅད་གྲུབ་པ་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་གྱུར་ན། ཁྱེད་ཅག་ཅིའི་ཕྱིར་གཡོག་མི་བྱེད། ལྷ་ཅི་རབ་ཏུ་འབྱུང་ངམ། རབ་ཏུ་བྱུང་ཤིག །ཅི་ཐམས་ཅད་དམ། ཁྱིམ་རེ་ནས་རེ་རེའོ། །བཀའ་བཞིན་འཚལ་ཞེས་རྒྱལ་པོ་ཟས་གཙང་གིས་གྲོང་
ཁྱེར་སེར་སྐྱའི་གཞིར་དྲིལ་སྒྲོགས་སུ་བཅུག་པ། རྒྱལ་པོའི་ཞལ་ནས་ངའི་ཡུལ་ན་གནས་པའི་ཤཱཀྱ་རྣམས་ཀྱིས་ཁྱིམ་རེ་ནས་རེ་རེ་རབ་ཏུ་བྱུང་ཤིག་ཅེས་དེ་སྐད་བཀའ་སྩལ་ཏོ། །བྲེ་བོ་ཟས་ལ་བུ་གཉིས་ཡོད་པ་མ་འགགས་པ་དང་། མིང་ཆེན་ནོ། །མིང་ཆེན་ནི་ཞིང་བླས་ཀྱི་མཐའ་
ལ་ལྷག་པར་བརྩོན་ནོ། །མ་འགགས་པ་ནི་སྟེང་གི་ཁང་བཟངས་ཀྱི་གཞི་ལ་འདུག་ནས་སྐྱེས་པ་མེད་པའི་རོལ་མོས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །མིང་ཆེན་ལ་མས་སྨྲས་པ། བུ་རྒྱལ་པོས་དྲིལ་སྒྲོགས་སུ་བཅུག་པ། ཤཱཀྱ་རྣམས་ལས་
ཁྱིམ་རེ་ནས་རེ་རེ་རབ་ཏུ་བྱུང་ཤིག་ཅེས་བསྒོས་ཁྱོད་རབ་ཏུ་བྱུང་ཤིག །དེས་སྨྲས་པ། བདག་ནི་རབ་ཏུ་མི་འབྱུང་གིས་ཁྱོད་ཀྱི་བུ་སྡུག་པ་བདེ་བ་དང་ལྡན་པར་གནས་པ་གང་ཡིན་པ་དེ་རབ་ཏུ་ཕྱུང་ཤིག །བུ་བསོད་ནམས་ཀྱི་དབང་ཐང་ཆེན་པོ་ཅན་གྱི་སེམས་ཅན་དེ་ལ་ཁྱོད་འགྲན་མ་
เล่ม ๔ · หน้า 102b
ཚོལ་ཅིག །ཡུམ་ཁྱོད་གང་ལ་དགྱེས་པ་དེ་བསོད་ནམས་ཀྱི་དབང་ཐང་ཆེན་པོ་ཅན་ལགས་མོད། དེ་རིང་དེ་ལ་ཆུང་ཟད་ཀྱང་མ་བསྐུར་དང་། ཅི་བསོད་ནམས་ཀྱི་དབང་ཐང་ཆེན་པོ་ལེགས་སམ་མ་ལེགས་མངོན་པར་འགྱུར་རོ། །བུ་དེ་བཞིན་དུ་བྱས་ཏེ་ཡིད་ཆེས་པར་བྱའོ། །
དེས་གཟེབ་སྟོང་པ་རྫེའུ་ཡིས་བཀང་ནས་ཁ་རས་དཀར་པོས་དཀྲིས་ཏེ་རྒྱ་སྐྱེགས་ལ་རྒྱས་བཏབ་ནས་བུ་མོ་མངག་གཞུག་མའི་ལག་ཏུ་བསྐུར་ནས་བསྒོ་བ། གལ་ཏེ་དེ་ན་ཅི་ཡོད་ཅེས་འདྲི་དང་ཅི་ཡང་མ་མཆིས་སོ་ཞེས་སྨྲོས་ཤིག །དེས་དེ་ལ་ཁྱེར་ནས་སོང་བ་དང་། ལྷ་རྣམས་ཀྱི་དབང་
པོ་བརྒྱ་བྱིན་གྱི་ཤེས་པ་མཐོང་བ་འོག་ཏུ་འཇུག་པ་ཡིན་པས་དེས་བསམས་པ། རང་སངས་རྒྱས་ཀུན་ཤེས་པ་ལ་བསོད་སྙོམས་ཕུལ་བ་གང་ཡིན་པ་དེ་དེང་ཅིའི་ཕྱིར་ཟས་ཀྱིས་ཕོངས་པར་བྱ། དེའི་ཟན་སྦྱར་བར་བྱའོ་ཞེས་དེས་རྫེའུ་དེ་རྣམས་སུ་སྲན་ཚོད་དང་། ཚོད་མ་སྣ་
ཚོགས་རོ་དང་ལྡན་པ་དང་ཟས་ཀྱིས་བཀང་ངོ་། །ཇི་ཙམ་ན་མངག་གཞུག་མ་དེས་ཁྱེར་ནས་མ་འགགས་པའི་དྲུང་དུ་ཕྱིན་པ་དང་། དེས་སྨྲས་པ། བུ་མོ་འོ་ན་ནི་ཅི་ཡོད། དེས་སྨྲས་པ། གཞོན་ནུ་ཅི་ཡང་མ་མཆིས་སོ། །མ་འགགས་པས་བསམས་པ། བདག་ལ་མ་
བྱམས་ན་འདི་སྟོང་པར་ཅི་སྟེ་བསྐུར། གདོན་མི་ཟ་བར་འདི་ནི་ཅི་ཡང་མ་ཡིན་པ་ཞེས་བྱ་བའི་ཟས་ཤིག་བསྐུར་གྱིས་རེ་ཞིག་བལྟའོ། །ཞེས་ཅི་ཙམ་ན་ཁ་ཕྱེ་བ་དང་། སྐྱེད་མོས་ཚལ་དེ་ཐམས་ཅད་ཟས་ཀྱི་དྲི་ཞིམ་པོས་གང་བར་གྱུར་ཏེ། དེ་བསྣམས་ནས་མ་འགགས་པ་མཆོག་ཏུ་
ཡ་མཚན་སྐྱེས་སོ། །དེ་མ་ལ་གུས་པ་ཡིན་པས་དེས་མ་ལ་ཟས་ཀྱི་ཕུད་བསྐུར་ནས་སྤྲིང་པ། ཡུམ་གདུགས་རེ་རེ་ཞིང་ཟས་ཅི་ཡང་མ་ཡིན་པ་ཞེས་བགྱི་བ་འདི་ལྟ་བུ་ཤ་སྟག་བསྐུར་བའི་རིགས་སོ། །དེས་ཀྱང་མཐོང་ནས་མཆོག་ཏུ་ཡ་མཚན་སྐྱེས་ཏེ། དེས་མིང་ཆེན་ལ་བསྟན་ནས།
བུ་མཐོང་ངམ། ཡུམ་མཐོང་ལགས་སོ། །ཁྱོད་ལ་ཁོ་མོས་སྔར་བསོད་ནམས་ཀྱི་དབང་ཐང་ཆེན་པོའི་སེམས་ཅན་མི་སྐལ་བ་བཟང་པོ་དང་ལྡན་པ་ལ་ཁྱོད་འགྲན་མ་ཚོལ་ཅིག་ཅེས་མ་སྨྲས་སམ། དེས་སྨྲས་པ། ཡུམ་བསོད་ནམས་ཀྱི་དབང་ཐང་ཆེན་པོ་དང་ལྡན་ཡང་རུང་མི་ལྡན་ཡང་རུང་བདག་ནི་
เล่ม ๔ · หน้า 103a
རབ་ཏུ་མི་འབྱུང་ངོ་ཞེས་ཇི་ལྟར་མིང་ཆེན་གནས་སྐབས་ཐམས་ཅད་དུ་རབ་ཏུ་བྱུང་བར་ཁས་ལེན་དུ་མ་བཏུབ་བོ། །དེ་ནས་དེས་མ་འགགས་པ་ལ་སྨྲས་པ། བུ་རྒྱལ་པོས་དྲིལ་སྒྲོགས་སུ་བཅུག་པ་ཤཱཀྱ་རྣམས་ལས་ཁྱིམ་རེ་ནས་རེ་རེ་རབ་ཏུ་བྱུང་ཤིག་ཅེས་བསྒོ་ན་ཁྱོད་ཅི་རབ་
ཏུ་འབྱུང་ངམ། འོན་ཏེ་ཁྱིམ་པར་འདུག །དེས་སྨྲས་པ། ཡུམ་རབ་ཏུ་བྱུང་བ་ལ་ཕན་ཡོན་ཅི་མཆིས། ཉེས་དམིགས་ཅི་མཆིས། ཁྱིམ་པར་མཆིས་པ་ལ་ཕན་ཡོན་ཅི་མཆིས། ཉེས་དམིགས་ཅི་མཆིས། བུ་རབ་ཏུ་བྱུང་བས་ལེགས་པར་བསྒྲུབས་ན། མྱ་ངན་ལས་འདས་
པ་ཐོབ་པར་འགྱུར་རོ། །ལེགས་པར་མ་བསྒྲུབས་ན་ལྷ་དང་མི་ཐོབ་པར་འགྱུར་རོ། །ཁྱིམ་པར་འདུག་སྟེ་ལེགས་པར་བསྐྱངས་ན་ལྷ་དང་མི་ཐོབ་བོ། །མ་བསྐྱངས་ན་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་འཐོབ་བོ། །ཡུམ་རབ་ཏུ་བྱུང་བའི་ཉེས་དམིགས་
གང་ལགས་པ་དེ་ནི་ཁྱིམ་ན་གནས་པའི་ཕན་ཡོན་ལགས་པས་དེ་བས་ན་ཁྱིམ་ན་གནས་པ་མི་འཚལ་གྱིས་གནང་བར་མཛོད་ཅིག་དང་རབ་ཏུ་འབྱུང་ངོ་། །དེས་སྨྲས་པ། བུ་ལེགས་ཀྱིས་དེ་བཞིན་དུ་གྱིས་ཤིག །མ་འགགས་པའི་ནེའུ་ཟླ་ཤཱཀྱའི་རྒྱལ་པོ་བཟང་ལྡན་ཡིན་པས་དེ་དེའི་དྲུང་
དུ་སོང་ངོ་། །དེའི་ཚེ་ཤཱཀྱའི་རྒྱལ་པོ་བཟང་ལྡན་པི་བང་ལེན་ཏེ། དེ་པི་བང་ལེན་པ་ན་རྒྱུད་ཆད་ནས་སྒྲ་གཞན་དུ་གྱུར་ཏོ། །མ་འགགས་པ་པི་བང་ལེན་པ་ལ་བྱང་བ་ཡིན་པས་དེས་སྒྲ་ཅི་འདྲ་བར་གྱུར་པའི་རྟགས་བཟུང་ནས་དེ་སྒོར་བསྡད་དེ་སྒོ་སྲུང་གི་མི་ལ་སྨྲས་པ། ཀྱེ་ནང་རྗེ་སོང་
ལ་རྒྱལ་པོ་བཟང་ལྡན་ལ་མ་འགགས་པ་ལྷའི་ཞལ་མཐོང་བར་འཚལ་ནས་སྒོ་ན་སྡོད་ཅིང་མཆིས་སོ་ཞེས་གསོལ་ཅིག །སྒོ་སྲུང་སོང་ནས་ཤཱཀྱའི་རྒྱལ་པོ་བཟང་ལྡན་ལ་སྨྲས་པ། ལྷ་མ་འགགས་པ་ལྷའི་ཞལ་མཐོང་བར་འཚལ་ནས་ཆབ་སྒོ་ན་སྡོད་ཅིང་མཆིས་སོ། །དེས་སྨྲས་པ།
ཤེས་ལྡན་མ་འགགས་པ་ལ་སུ་འགོག །ཤེས་ལྡན་མ་འགགས་པ་ནང་དུ་ཐོང་ཤིག །དེ་ནང་དུ་ཞུགས་པ་དང་། རྒྱལ་པོས་འཁྱུད་ནས་འདུག་ཏུ་བཅུག་སྟེ་སྨྲས་པ། ཁྱོད་འོངས་ནས་ཇི་སྲིད་ལོན། དེས་སྨྲས་པ། གང་གི་ཚེ་ཁྱོད་པི་བང་ལེན་པ་ན་རྒྱུད་ཆད་ནས་སྒྲ་གཞན་དུ་གྱུར་པ་
เล่ม ๔ · หน้า 103b
ནའོ། །དེ་མཆོག་ཏུ་ཡ་མཚན་སྐྱེས་ནས་དེས་སྨྲས་པ། ཁྱེད་པི་བང་ལེན་པ་ལ་བྱང་བ་ཡིན་ནོ། །ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་སྨྲས་པ། གཞོན་ནུ་དོན་ཅི་ཞིག་ལ་འོངས། མ་འགགས་པས་སྨྲས་པ། ལྷ་རྒྱལ་པོ་ཟས་གཙང་གིས་དྲིལ་སྒྲོགས་སུ་བཅུག་པ་ཤཱཀྱ་རྣམས་
ལ་ཁྱིམ་རེ་ནས་རེ་རེ་རབ་ཏུ་བྱུང་ཤིག་པར་བསྒོ་བས་དེ་ཁྱོད་ཀྱིས་མཁྱེན་པར་མཛོད་ཅིག་རབ་ཏུ་འབྱུང་ངོ་། །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་ཁོ་བོ་ཡང་རབ་ཏུ་འབྱུང་སྟེ། གྲོས་བྱ་བ་ཡོད་ཀྱིས་ཁྱོད་དེ་རིང་འདི་ཉིད་དུ་གནས་ཐོབ་ཤིག །དེ་དེ་ཉིད་དུ་གནས་བཏབ་བོ། །མ་ལ་
འཆའ་བས་རིམས་བག་གི་དྲི་ཅན་གྱི་གོས་ཀྱིས་བཏིང་ཞིང་མེ་ཏོག་གི་སིལ་མས་བཀྲམ་པའི་མལ་དུ་མ་འགགས་པ་ཉལ་བ་དང་། དེའི་འོག་ན་མེ་ཏོག་གི་རྩ་བ་ཡོད་པའི་རེག་པ་དེའི་ཉམས་སུ་ཚོར་ནས་སྨྲས་པ། ཅི་འདིའི་འོག་ན་རྡོ་ཕྲེའུ་ཡོད་དམ། དེ་རྣམས་ཀྱིས་བརྟག་པར་
བརྩམས་པ་ན་མེ་ཏོག་གི་རྩ་བ་ཞིག་མཐོང་ནས་དེ་རྣམས་མཆོག་ཏུ་ངོ་མཚར་སྐྱེས་སོ། །མ་འགགས་པ་མཚན་མོ་མི་བདེ་བཞིན་ཉལ་ནས་ནམ་ནངས་སོ། །རྒྱལ་པོས་སྨྲས་པ། མ་འགགས་པ་ཅི་ག་བདེ་བར་གཉིད་ལོག་གམ། དེས་སྨྲས་པ། ལྷ་བདེ་བར་གཉིད་མ་ལོག་གོ །
རྒྱལ་པོས་སྨྲས་པ། ཅིའི་ཕྱིར། མ་འགགས་པས་སྨྲས་པ། ལྷ་རིམས་བག་གི་དྲི་ཅན་གྱི་གོས་བཏིང་བར་མེ་ཏོག་གི་སིལ་མ་བཀྲམ་པའི་མེ་ཏོག་གི་རྩ་བས་ལུས་གནད་ལགས་སོ། །རྒྱལ་པོས་མལ་འཆའ་བ་བཀུག་ནས་ཁྱོད་ཀྱིས་རིམས་བག་གི་དྲི་ཅན་གྱི་གོས་བཏིང་སྟེ་
ཅི་བྱ། མལ་འཆའ་བས་སྨྲས་པ། ལྷ་བདག་ལ་དཀོར་བས་གཏད་པ་ལགས་སོ། །རྒྱལ་པོས་དཀོར་བ་བཀུག་ནས་སྨྲས་པ། ཁྱོད་ཀྱིས་རིམས་བག་གི་དྲི་ཅན་གྱི་གོས་ཕོག་སྟེ་ཅི་བྱ། དེས་སྨྲས་པ། ལྷ་བདག་ལ་ཐག་པས་གཏད་པ་ལགས་སོ། །རྒྱལ་པོས་ཐག་པ་
བཀུག་ནས་སྨྲས་པ། ཁྱོད་ཀྱིས་ཅིའི་ཕྱིར་རིམས་བག་གི་དྲི་ཅན་གྱི་གོས་དབུལ། ཐ་ག་པས་སྨྲས་པ། ལྷ་སྣམ་བུ་འཐག་པའི་འཕྲོ་ཅུང་ཞིག་ལུས་པ་ན་བདག་རིམས་ཀྱིས་ཐེབས་བཞིན་བགྱིས་པ་ལགས་སོ། །རྒྱལ་པོས་སྨྲས་པ། གཞོན་ནུ་ཁྱོད་ཀྱིས་ཇི་ལྟར་
เล่ม ๔ · หน้า 104a
ཤེས། དེས་སྨྲས་པ། ཚ་བའི་རེག་པ་ཉམས་སུ་མྱོང་བས་རིམས་བག་གི་དྲི་ལགས་སོ། །རྒྱལ་པོ་མཆོག་ཏུ་ཡ་མཚན་སྐྱེས་ཏེ་སྨྲས་པ། ཤེས་ལྡན་མ་འགགས་པ་ནི་ཤཱཀྱ་སྐལ་བ་བཟང་པོ་དང་ལྡན་པ་ཡིན་ནོ། །དེ་ནས་ཤཱཀྱའི་རྒྱལ་པོ་བཟང་ལྡན་
གྱིས་སྨྲས་པ། གཞོན་ནུ་གལ་ཏེ་ཁོ་བོ་རབ་ཏུ་བྱུང་ན་ལྷ་སྦྱིན་ཤཱཀྱ་རྣམས་ཀྱི་རྒྱལ་པོར་གྱུར་ཏེ། དེ་ཤཱཀྱ་རྣམས་ལ་གནོད་པར་བྱེད་པར་འགྱུར་གྱིས། མ་ལ་བདག་ཅག་ཐམས་ཅད་འདུས་ལ་ལྷ་སྦྱིན་སྤྲོ་བ་བསྐྱེད་པར་བྱའོ་ཞེས་ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་དེ་བཀུག་སྟེ། དེ་
ནས་ཐམས་ཅད་འདུས་ནས་སྨྲས་པ། ལྷ་སྦྱིན་ཁོ་བོ་ཅག་ཐམས་ཅད་རབ་ཏུ་འབྱུང་ན་ཁྱོད་ཅི་བྱེད། ལྷ་སྦྱིན་གྱིས་བསམས་པ་གལ་ཏེ་རབ་ཏུ་མི་འབྱུང་ངོ་ཞེས་སྨྲས་པ་དང་། ཤཱཀྱའི་རྒྱལ་པོ་བཟང་ལྡན་རབ་ཏུ་འབྱུང་བར་མི་འགྱུར་གྱིས། དེ་ལ་ཐབས་ཅིག་བཤམ་པར་བྱ་སྟེ་
བསླུའོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་གང་གི་ཉི་མ་ལ་ནྱ་གྲོ་དྷའི་ཀུན་དགའ་ར་བར་སྒྱུ་མའི་ཆོ་འཕྲུལ་བསྟན་པ་དེའི་ཚེ་བདག་བློ་སྐྱེས་པ། ཇི་ལྟར་འདིའི་སྒྱུ་མས་སྐྱེ་བོའི་ཚོགས་ཆེན་པོ་དབང་དུ་བྱེད་པ་དེ་བཞིན་དུ་བདག་གིས་ཀྱང་དབང་བྱའོ་ཞེས་བསམས་སོ་སྙམ་ནས་
སྨྲས་པ། ཁྱེད་ཅག་རབ་ཏུ་འབྱུང་ན་བདག་ཅི་སྟེ་འདུག །ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་བསམས་པ། འདི་ནི་བརྫུན་དུ་སྨྲ་བ་ཡིན་གྱིས་དམ་འཆར་བཅུག་ལ་འགྲོ་བ་མང་པོས་སོ་སོར་རིག་པར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོས་ཚིག་དེ་གླེགས་བུ་ལ་བྲིས་ནས་གྲོང་ཁྱེར་སེར་
སྐྱའི་གཞིར་དྲིལ་སྒྲོགས་སུ་བཅུག་པ། གྲོང་ཁྱེར་སེར་སྐྱའི་གཞི་ན་གནས་པའི་ཤེས་ལྡན་དག་ཉོན་ཅིག །བཟང་ལྡན་དང་། ནམ་གྲུ་དང་། མ་འགགས་པ་དང་། ལྷ་སྦྱིན་ལ་སོགས་ཏེ་ཤཱཀྱ་ལྔ་བརྒྱ་རབ་ཏུ་འབྱུང་བར་འགྱུར་གྱིས། ཐོས་པར་གྱིས་ལ་རབ་ཏུ་དགའ་བ་སྐྱེད་ཅིག་
ཅེས་བསྒོའོ། །ལྷ་སྦྱིན་གྱིས་དེ་ཐོས་ནས་སྡུག་བསྔལ་ཆེན་པོ་དང་ཡིད་མི་བདེ་བ་སྐྱེས་ནས། གལ་ཏེ་བདག་གིས་ཤཱཀྱའི་རྒྱལ་པོ་བཟང་ལྡན་ངེས་པར་རབ་ཏུ་འབྱུང་བ་ཤེས་པར་གྱུར་དང་བདག་ཁས་ལེན་པར་མི་འགྱུར་བ་ཞིག་ན། ད་ནི་གལ་ཏེ་རབ་ཏུ་མ་བྱུང་ན་བརྫུན་དུ་སྨྲ་བ་ཡིན་ནོ་ཞེས་རྒྱལ་སྲིད་
เล่ม ๔ · หน้า 104b
ཀྱང་ཐོབ་པར་མི་འགྱུར་བས་ཐམས་ཅད་ཀྱི་ཐམས་ཅད་དུ་དུས་འདིར་ཟད་དམ་ཅིས་རབ་ཏུ་བྱུང་ལ་བདག་རབ་ཏུ་བྱུང་བཞིན་དུ་རྒྱལ་སྲིད་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་འདི་སྙམ་དུ་སེམས་ཏེ། ཤཱཀྱ་རྣམས་ཀྱི་ཐ་མའི་འབྱོར་པ་ལ་བལྟའོ་སྙམ་ནས་དེས་གྲོང་ཁྱེར་གསེག་མ་དང་གྱོ་མོ་
བསལ། ཙན་དན་གྱི་ཆུས་ཆག་ཆག་བཏབ། གདུགས་དང་། རྒྱལ་མཚན་བསྒྲེང་། དར་གྱི་ཆུན་འཕྱང་མང་པོ་དཔྱངས། ཤིན་ཏུ་དྲི་ཞིམ་པོའི་པོག་པོར་ཉེ་བར་བཞག །མེ་ཏོག་སྣ་ཚོགས་ཀྱི་སིལ་མས་དགའ་དགའ་ལྟར་བྱེད་དུ་བཅུག་གོ། །དེ་ནས་ཤཱཀྱ་བརྒྱ་སྟོང་ཕྲག་དུ་མས་
ཡོངས་སུ་བསྐོར་ནས་གྲོང་ཁྱེར་གྱི་སྒོ་ན་སེང་གེའི་ཁྲི་ལ་འདུག་གོ། །ཤཱཀྱ་མོ་དང་ཤཱཀྱ་གཞོན་ནུ་མ་ངོ་མཚར་སྐྱེས་པ་རྣམས་ཀྱང་སྐར་ཁུང་ཁོལ་མ་ཅན་དང་། སྐར་ཁུང་དང་། སྟེགས་བུ་དག་ལ་འདུག་གོ། །ཤཱཀྱ་རྣམས་ཀྱི་འབྱོར་པ་ལ་བལྟ་བར་འདོད་པའི་སྐྱེ་བོའི་ཚོགས་ཡུལ་སྣ་
ཚོགས་ནས་ལྷགས་པ་དག་ཀྱང་ལམ་པོ་ཆེ་འམ། ཚོང་འདུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་འདུག་གོ། །ཤཱཀྱ་ལས་སུ་དག་གིས་ནི་མཉེས་པར་འགྱུར། སུ་དག་གིས་ནི་ཐུགས་བྱུང་བར་འགྱུར་བ་བརྟག་པའི་ཕྱིར་བྲམ་ཟེ་དང་། མཚན་མཁན་དང་། ལྟས་མཁན་
དག་བཀུག་གོ། །ཤཱཀྱ་རྣམས་དོ་ཤལ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྒྱན་གྱིས་བརྒྱན་པ་རྣམས་ཀྱིས་ཕ་དང་མ་དག་ལ་བལྟས་ནས་སོ་སོའི་ཤིང་རྟར་ཞུགས་ཏེ་ཕྱིར་འབྱུང་བར་བརྩམས་པ་ན། ཤཱཀྱའི་རྒྱལ་པོ་བཟང་ལྡན་སྣ་ལ་བྱུང་བ་མཚན་མཁན་རྣམས་ཀྱིས་མཐོང་
ནས་དེ་དག་གིས་སྨྲས་པ། རེ་ཞིག་འདིས་ནི་མཉེས་པར་བྱེད་པར་འགྱུར་རོ། །དེ་བཞིན་དུ་ནམ་གྲུ་དང་། མ་འགགས་པ་ལ་སོགས་པ་ཕྱིར་བྱུང་བ་ན་དེ་རྣམས་ཀྱང་མཚན་མཁན་རྣམས་ཀྱིས་ལུང་བསྟན་ཏོ། །དེ་ནས་ལྷ་སྦྱིན་ཕྱིར་བྱུང་སྟེ། དེ་ཕྱིར་བྱུང་བ་ན་བྱ་ཁྲས་གཙུག་གི་ནོར་བུ་
ཕྲོགས་པ་མཚན་མཁན་རྣམས་ཀྱིས་མཐོང་ནས་དེ་རྣམས་ཀྱིས་སྨྲས་པ། འདིའི་རྟགས་དང་སྦྱར་ན་གདོན་མི་ཟ་བར་སྟོན་པ་ལ་འཁུས་ནས་དམྱལ་བ་ལ་གཞོལ་བར་འགྱུར་རོ། །ཀོ་ཀ་ལི་ཀ་དང་། ཁཎྜ་དྲ་བྱ་དང་། ཀ་ཏ་མོ་ར་ཀ་ཏི་ཥྱ་དང་། རྒྱ་མཚོས་བྱིན་རྣམས་ཕྱིར་བྱུང་བ་དང་
เล่ม ๔ · หน้า 105a
བོང་བུའི་སྐད་གྲག་ནས་དེ་དག་ཀྱང་མཚན་མཁན་རྣམས་ཀྱིས་བསྟན་པ། འདི་དག་གིས་ཀྱང་ཉན་ཐོས་ཆེན་པོ་རྣམས་ལ་ཚིག་ངན་པ་སྨྲས་ནས་དམྱལ་བར་གཞོལ་བར་འགྱུར་རོ། །ཉེ་དགའ་གླང་པོ་ཆེ་ལ་ཞོན་ནས་ཕན་ཚུན་དུ་ལྟ་བར་བྱེད་པ་ན་མུ་ཏིག་གི་དོ་ཤལ་ལྷུང་
བ་དང་། དེ་གླང་པོ་ཆེ་ལས་བབས་ཏེ་བླངས་སོ། །དེ་ཡང་དེ་རྣམས་ཀྱིས་ལུང་བསྟན་པ། འདི་ཧ་ཅང་འདོད་ཆེན་ཆེས་པས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ནས་བཟང་ལྡན་དང་། ནམ་གྲུ་དང་། མ་འགགས་པ་དང་། ལྷ་སྦྱིན་ལ་སོགས་པ་ཤཱཀྱ་ལྔ་བརྒྱ་པོ་
དེ་རྣམས་སྐྱེད་མོས་ཚལ་དུ་དུས་སྟོན་ལ་འགྲོ་བ་བཞིན་དུ་བཟང་པོས་འགྲན་ཅིང་བཅོམ་ལྡན་འདས་གང་ན་བ་དེར་དོང་ངོ་། །བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་ངས་ཤཱཀྱ་རྣམས་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་ཕྱུང་ན་ཁ་ཅིག་གིས་ནི་མཉེས་པར་བྱེད་པར་འགྱུར།
ཁ་ཅིག་གིས་ནི་མཉེས་པར་བྱེད་པར་མི་འགྱུར་ཏེ། མཉེས་པར་བྱེད་པར་མི་འགྱུར་བ་གང་ཡིན་པ་དེ་དག་གཞན་དུ་སེམས་ལ། དགེ་སློང་ཚུར་ཤོག་ཅེས་བྱ་བ་ནི་ཐམས་ཅད་སྲིད་པ་ཐ་མ་ཡིན་པས་མ་ལ་ངས་ཐམས་ཅད་དགེ་སློང་རྣམས་ཀྱིས་གསོལ་བ་དང་བཞིའི་ལས་ཀྱིས་རབ་ཏུ་
བྱུང་བ་དང་བསྙེན་པར་རྫོགས་སུ་གཞུག་གོ་སྙམ་དུ་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སེར་སྐྱའི་གཞིའི་ཤཱཀྱ་རྣམས་གསོལ་བ་དང་བཞིའི་ལས་ཀྱིས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་གྱིས་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་དགེ་
སློང་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལས་མཉན་ཏོ། །རྒྱལ་པོ་ཟས་གཙང་གིས་ཤཱཀྱ་རྣམས་ཀྱི་འབྲེག་མཁན་ཉེ་བ་འཁོར་ཞེས་བྱ་བ་དེ་རྣམས་རབ་ཏུ་འབྱིན་པ་ན་སྐྲ་འབྲེག་པར་བཏང་ནས་ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱི་སྐྲ་འབྲེག་པ་ན་དེ་ངོམ་ཟུང་གནག་ཅིང་མཆི་མ་འཛག་ལ་སྐད་
འཛེར་ཅིང་དབུགས་བརྫགས་པར་སྐྲ་འབྲེག་པར་བྱེད་དོ། །ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་སྨྲས་པ། ཉེ་བ་འཁོར་ཅིའི་ཕྱིར་དུ། དེ་སྙིང་རྗེ་རྗེ་སྐད་དུ་གཅོམ་ཆུང་ངུ་དལ་བུས་ཚིག་རེ་ནས་སྨྲས་པ། ལྷ་བདག་འཛམ་བུའི་གླིང་གི་སྐྱེས་བུ་གཙོ་བོ་རྣམས་ལ་བསྙེན་བཀུར་བགྱིད་པ་
เล่ม ๔ · หน้า 105b
མི་ཕལ་པ་རྣམས་ལ་ཡང་བསྙེན་བཀུར་བགྱིད་པར་འགྱུར་བ་ལྟ་ཞིག །ཁྱེད་ཀྱིས་སྤངས་ཏེ་གསོན་པ་བས་ནི་འགུམ་མི་བསྡོའོ། །ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་སྨྲས་པ། ཉེ་བ་འཁོར་ཁྱོད་ཀྱིས་ཇོ་བོ་ལ་སྙིང་ཉེ་བའི་མཉེས་པར་བྱ་བ་བསྟན་ཟིན་ཏེ། ཆོག་གིས་མྱ་ངན་མ་
བྱེད་ཅིག །ངས་ཇི་ལྟར་མི་ཕལ་པ་རྣམས་ལ་བསྙེན་བཀུར་བྱེད་པར་མི་འགྱུར་བ་དེ་ལྟར་བྱའོ་ཞེས་སྨྲས་ནས་དེས་ཕྱོགས་གཅིག་ཏུ་རས་ཞིག་བཏིང་ནས་ཤཱཀྱ་གཞོན་ནུ་རྣམས་ལ་སྨྲས་པ། ཤེས་ལྡན་གཞོན་ནུ་དག་ཉོན་ཅིག །འབྲེག་མཁན་ཉེ་བ་འཁོར་འདིས་བདག་ཅག་ལ་བཀུར་
སྟི་བྱས་ལ་བདག་ཅག་ཀྱང་སླར་ཁྱིམ་དུ་མི་གནས་ཀྱིས་རྒྱན་རྣམས་དེའི་འཚོ་བའི་རྐྱེན་དུ་རས་ཀྱི་སྟེང་དུ་ཞོག་ཤིག །དེ་རྣམས་ཀྱིས་སེ་མོ་དོ་དང་། དོ་ཤལ་དང་། མགུལ་རྒྱན་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་རྒྱན་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་རྒྱན་
ཁྱད་པར་ཅན་རྣམས་ཀྱིས་རས་ཀྱི་སྟེང་དུ་ཕུང་པོ་ཆེན་པོར་སྤུངས་སོ། །ཉེ་བ་འཁོར་གྱིས་དེ་རྣམས་མཐར་གྱིས་སྐྲ་བྲེགས་ཏེ་དེ་རྣམས་ཁྲུས་ལ་དོང་བ་དང་། དེས་བསམས་པ། རེ་ཞིག་གཞོན་ནུ་འདི་དག་རིགས་དང་། འབྱོར་པ་དང་། ལང་ཚོ་ལ་བབ་ཅིང་ཆུང་མ་དང་ལྡན་ལ། མཛོད་
དང་བང་མཛོད་ཀྱིས་རྒྱས་པ་ཡང་སྤངས་ནས་རབ་ཏུ་འབྱུང་ན། བདག་རྒྱན་འདི་ཙམ་ལ་ཆགས་པ་ནི་ཚུལ་མ་ཡིན་པས་སྡུག་བསྔལ་བར་འགྱུར་རོ། །གལ་ཏེ་བདག་རིགས་ངན་དུ་མ་སྐྱེས་ན་བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་ཆུ་བོ་ལས་རྒལ་བ་
དང་། སྦྱོར་བ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བརྩལ་བ་དང་འབད་པ་ལ་བརྩོན་པར་བྱ་བ་ཞིག་སྙམ་མོ། །འདི་ནི་ཆོས་ཉིད་ཡིན་ཏེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་
གཟིགས་པ་དེ་བཞིན་དུ་ཉན་ཐོས་ཆེན་པོ་རྣམས་ཀྱང་བྱེད་པས་ཚེ་དང་ལྡན་པ་ཤཱ་རིའི་བུས་འབྲེག་མཁན་ཉེ་བ་འཁོར་ལྷག་པར་སྐྱོ་བ་སྐྱེས་པར་མཐོང་ངོ་། །མཐོང་ནས་ཀྱང་འབྲེག་མཁན་ཉེ་བ་འཁོར་གང་ན་བ་དེར་སོང་སྟེ་ཕྱིན་ནས་འབྲེག་མཁན་ཉེ་བ་འཁོར་ལ་འདི་སྐད་ཅེས་སྨྲས་
เล่ม ๔ · หน้า 106a
སོ། །ཉེ་བ་འཁོར་ཁྱོད་ཅིའི་ཕྱིར་ཤིན་ཏུ་མི་དགའ་བས་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་ཉེ་བ་འཁོར་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་གང་གི་ཕྱིར་ད་ལྟར་གཞོན་ནུ་འདི་དག་རིགས་དང་། འབྱོར་པ་དང་། ལང་ཚོ་ལ་བབ་ཅིང་ཆུང་མ་
དང་ལྡན་ལ། མཛོད་དང་བང་མཛོད་ཀྱིས་རྒྱས་པ་ཡང་སྤངས་ནས་རབ་ཏུ་འབྱུང་ན། བདག་རྒྱན་འདི་ཙམ་ལ་ཆགས་པ་ནི་ཚུལ་མ་ཡིན་པས་སྡུག་བསྔལ་བར་འགྱུར་རོ། །གལ་ཏེ་བདག་རིགས་ངན་དུ་མ་སྐྱེས་ན་བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་
ཆུ་བོ་ལས་རྒལ་བ་དང་། སྦྱོར་བ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བརྩལ་བ་དང་འབད་པ་ལ་བརྩོན་པར་བགྱི་བ་ཞིག་ན། བདག་ཅིའི་ཕྱིར་སེམས་ཁོང་དུ་ཆུད་པར་མི་འགྱུར། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། བཞིན་བཟངས་ཐུབ་པའི་དབང་པོའི་གསུང་རབ་འདི་ལ་ནི་
རིགས་སྙིང་པོར་བྱེད་པ་མ་ཡིན། རུས་སྙིང་པོར་བྱེད་པ་མ་ཡིན། རྒྱུད་སྙིང་པོར་བྱེད་པ་མ་ཡིན། ཐོས་པ་སྙིང་པོར་བྱེད་པ་མ་ཡིན་ཏེ། འདི་ལྟར་ཐུབ་པའི་དབང་པོའི་གསུང་རབ་འདི་ལ་ནི་སྒྲུབ་པ་སྙིང་པོར་བྱེད་པ་ཡིན་ནོ། །དེ་བཞིན་གཤེགས་རྣམས་རིགས་དང་ནི། །རྒྱུད་དང་
རུས་ལ་རྟོག་མི་མཛད། །འདས་ནས་ཡུན་རིང་ལོན་པ་ཡི། །ལས་རྣམས་ལ་ནི་རྟོག་པར་མཛད། །གལ་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འདོད་ན་ཚུར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདོང་དང་། ཁྱོད་བཅོམ་
ལྡན་འདས་ཀྱིས་རབ་ཏུ་འབྱིན་པར་འགྱུར་རོ།། །།འདུལ་བ་གཞི། བམ་པོ་དགུ་བཅུ་རྩ་གཉིས་པ། དེས་ཁས་བླངས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འབྲེག་མཁན་ཉེ་བ་འཁོར་ཁྲིད་དེ་བཅོམ་ལྡན་འདས་གང་ན་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་
ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཉེ་བ་འཁོར་འདི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཚལ་ལགས་ན་ཐུགས་བརྩེ་བ་ཉེ་བར་གཟུང་སྟེ།
เล่ม ๔ · หน้า 106b
བཅོམ་ལྡན་འདས་ཀྱིས་འདི་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། དགེ་སློང་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་མོད་ཁོ་ནར་སྐྲ་བྱི་བ་དང་། སྣམ་སྦྱར་གྱོན་པ་དང་།
ལག་པར་ལྷུང་བཟེད་དང་བྱ་མ་བུམ་གྱིས་འབྲེལ་བ་དང་། སྐྲ་དང་ཁ་སྤུ་སྐྱེས་ནས་ཞག་བདུན་ལོན་པ་ཙམ་དང་། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་
སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །ཤཱཀྱ་རབ་ཏུ་བྱུང་བ་རྣམས་ནི་རྒན་རབས་ཇི་ལྟ་བུ་བཞིན་དུ་འདུད་པར་བྱེད་པས་ཤཱཀྱའི་རྒྱལ་པོ་བཟང་ལྡན་འདུད་པར་བྱེད་པ་ན། ཉེ་བ་
འཁོར་གྱི་རྐང་པ་ཡིན་པར་ཤེས་སོ། །དེ་ནས་དེས་གདོང་བཏེག་སྟེ་གསོལ་པ། བཅོམ་ལྡན་འདས་འདི་ནི་ཉེ་བ་འཁོར་ལགས་ན། ཅི་བདག་གིས་འདིའི་རྐང་པ་གཉིས་ལ་ཡང་འདུད་པར་བགྱི་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་ང་རྒྱལ་སྤང་བའི་ཕྱིར་རབ་ཏུ་བྱུང་བ་
ཡིན་ཏེ། འདི་རྒན་གྱིས་ཁྱོད་ཀྱིས་ང་རྒྱལ་གྱི་དྲེགས་པ་ཆོག་ལ་ཐུད་ཅིག །དེས་དེའི་རྐང་པ་ལ་གཏུགས་པ་ན་ས་ཆེན་པོ་ལན་དྲུག་ཏུ་གཡོས་པར་གྱུར་ཏེ། ས་ཆེན་པོ་འདི་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་སྟེ།
ཤར་ཕྱོགས་མཐོ་ན་ནི་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ནི་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་ནི་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ནི་ལྷོ་ཕྱོགས་དམའ། དབུས་མཐོ་ན་མཐའ་དམའ། མཐའ་མཐོ་ན་དབུས་དམའ་བར་གྱུར་ཏེ། དེ་ལྟར་ཐམས་ཅད་ཀྱིས་
རིམ་བཞིན་དུ་གཏུགས་སོ། །ལྷ་སྦྱིན་གྱིས་མ་བཏུད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་ང་རྒྱལ་སྤང་བའི་ཕྱིར་རབ་ཏུ་བྱུང་བ་ཡིན་གྱིས་ཐུད་ཅིག །དེས་གསོལ་པ། བདག་གིས་དེའི་རྐང་པ་ལ་མ་གཏུགས་ན་ཁྱོད་ལ་གནོད་པ་ཅི་མཆིས་ཞེས་དེ་འདུད་དུ་
เล่ม ๔ · หน้า 107a
མ་བཏུབ་སྟེ། དེར་ཐོག་མར་བཅོམ་ལྡན་འདས་ཀྱི་བཀའ་ལྷ་སྦྱིན་གྱིས་བཅག་གོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱིས་ཉེ་བ་འཁོར་
ལ་ཕྱག་བགྱིས་པ་དང་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་པར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་ཆོས་ཉིད་ཡིན་ཏེ། དགེ་སློང་དག་ད་ལྟར་གྱི་འདི་འབའ་ཞིག་ཏུ་མ་ཟད། འདི་ལྟར་འདས་པའི་དུས་ན་ཡང་འདིས་དེའི་རྐང་པ་ལ་གཏུགས་པ་
ན་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་བྱེད་དུ་བཅུག་གོ། །དེའི་ཚེ་
བཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་སྨད་འཚོང་མ་བཟང་མོ་ཞེས་བྱ་བ་ཞིག་གནས་པ་དེའི་དྲུང་དུ་བྲམ་ཟེའི་ཁྱེའུ་མཛེས་དགའ་ཞེས་བྱ་བ་སོང་ནས་སྨྲས་པ། བཟང་མོ་དགའ་མགུར་སྤྱད་ཀྱིས་ཚུར་ཤོག །དེས་སྨྲས་པ། ཁྱོད་ལ་ཀཱར་ཥཱ་པཱ་ཎ་ལྔ་བརྒྱ་ཡོད་དམ། དེས་སྨྲས་པ་མེད་དོ། །སོང་
ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཁྱེར་ཏེ་ཤོག་ཤིག །དེ་ལ་འབྱོར་པ་མེད་ཀྱང་དེ་དེ་ལ་ལྷག་པར་ཆགས་པས་དུས་དུས་སུ་མེ་ཏོག་དང་འབྲས་བུ་རྣམ་པ་སྣ་ཚོགས་སྐྱེལ་བར་བྱེད་པ་དང་། དེ་དེ་ལ་སྡུག་པ་སྐྱེས་སོ། །ཇི་ཙམ་དུས་གཞན་ཞིག་ན་བཱ་རཱ་ཎ་སཱིར་དུས་སྟོན་བྱུང་ནས་བུད་མེད་ཐམས་ཅད་གོས་
དང་། ཕྲེང་བ་དང་། རྒྱན་རྣམས་ཀྱིས་བཀླུབས་ནས་རང་གི་ཁྱིམ་ན་རྩེ་ཞིང་དགའ་བ་མང་པོས་གནས་པ་དེ་བྲམ་ཟེའི་ཁྱེའུ་མཛེས་དགའས་མཐོང་ནས་ཡི་ཆད་པར་གྱུར་ཏེ། སྨད་འཚོང་མ་བཟང་མོས་བསམས་པ། དེ་རིང་བཱ་རཱ་ཎ་སཱིའི་མི་རྣམས་གོས་དང་། ཕྲེང་བ་དང་། རྒྱན་རྣམས་
ཀྱིས་བཀླུབས་ནས་རང་རང་གི་ཆུང་མ་རྣམས་དང་ལྷན་ཅིག་དགའ་མགུར་སྤྱོད་པར་འགྱུར་ན། བྲམ་ཟེའི་ཁྱེའུ་མཛེས་དགའ་སུ་ཞིག་དང་དགའ་མགུར་སྤྱོད་པར་འགྱུར་ཞེས་དེ་དེ་སྙམ་དུ་སེམས་ཤིང་བྲམ་ཟེའི་ཁྱེའུ་མཛེས་དགའ་གང་ན་ཡོད་པའི་ཕྱོགས་དེར་འོངས་ནས། དེས་དེ་མཐོང་བ་དང་།
เล่ม ๔ · หน้า 107b
སྔོན་གྱི་བྱས་པ་དྲིན་དུ་གཟོ་བ་ཡིད་ལ་བསྐྱེད་ནས་སྨྲས་པ། བྲམ་ཟེའི་ཁྱེའུ་སོང་ལ་ཤིན་ཏུ་དྲི་ཞིམ་པའི་མེ་ཏོག་དག་ཁྱེར་ཏེ་ཤོག་ཤིག །བདག་ཅག་ལྷན་ཅིག་དགའ་མགུར་སྤྱད་པར་བྱའོ། །དེ་ཤི་བ་ལས་སོས་པ་བཞིན་དུ་དགའ་བས་སེམས་ཀྱི་རྒྱུད་ངོ་མཚར་གྱིས་བསྡུས་ནས་སོང་ངོ་། །
དེའི་གཟུགས་དང་། ལང་ཚོ་དང་། གཡེར་བའི་ཡོན་ཏན་བརྟགས་ནས་མོས་ཤིང་ཞེན་པས་མཚན་ཐོག་ཐག་གཉིད་མ་ལོག་པས་ནམ་ནངས་པ་དང་མཚན་མོ་གཉིད་ཀྱིས་ཤིན་ཏུ་ལྕི་བར་གྱུར་ནས། ཇི་ཙམ་ཉི་མ་ཤར་གྱི་བར་དུ་གཉིད་ལོག་ནས་གང་གི་ཚེ་འཇིག་རྟེན་གྱི་དུས་སྟོན་གྱི་ཆེད་
དུ་མེ་ཏོག་ཐམས་ཅད་བཏུས་ཟིན་པ་དེའི་ཚེ་སད་ནས་མེ་ཏོག་གི་ཆེད་དུ་ཕན་ཚུན་སོང་བ་ན་མ་རྙེད་ནས། དེས་ཤིང་ཤིརྵ་ཞེས་བྱ་བའི་མེ་ཏོག་ཅིག་ཁྱེར་ནས་དེའི་དྲུང་དུ་སོང་སྟེ་ཚིགས་སུ་བཅད་དེ་སྨྲས་པ། གཡང་གཞི་ཐོགས་པ་བུ་ཕོ་མཛེས་དགའ་ནི། །མ་ཤ་ཕྱེད་མེད་རྒྱུད་
གཞན་སྙོམ་ལས་ཀྱིས། །དེ་རིང་ཤིང་རྣམས་མེ་ཏོག་རྒྱས་དུས་ན། །སྦྱིན་པའི་མེ་ཏོག་ཤིརྵ་ད་འདི་ཡིན་ནོ། །དེས་སྨྲས་པ། སོང་ལ་མེ་ཏོག་གཞན་དག་ཁྱེར་ལ་ཤོག་ཤིག །འདོད་པ་རྣམས་ལ་སོ་སོར་རྟེན་པར་བྱེད་པ་ནི་ཀུན་དུ་སྦྱོར་བ་ལ་སོགས་ཏེ། དེའི་འདོད་ཆགས་
རབ་ཏུ་འཕེལ་བས་སོ་ཀའི་ཟླ་བའི་ཐ་མའི་ཉིན་པར་སྤྲིན་མེད་ཅིང་རླུང་མི་ལྡང་བར་འདུག་པའི་ཉི་མ་ཕྱེད་ཀྱི་དུས་ན་གྲོང་ཁྱེར་ནས་ཤིན་ཏུ་ཐག་རིང་བའི་ཡུལ་དགོན་པ་དག་ཏུ་མགོ་འདྲེན་པ་དང་དཀྱུས་མ་ངག་དབྱངས་སུ་ལེན་ཅིང་མེ་ཏོག་ཐུའོ། །རྒྱལ་པོ་ཚངས་སྦྱིན་ཡང་རི་དགས་ཤོར་དུ་ཆས་
པ་ན་དེ་ཉི་མའི་གཟེར་རྣོན་པོས་གདུངས་ནས་གྲིབ་མའི་ཆེད་དུ་ཕྱོགས་དེར་སོན་པ་དང་། དེའི་གླུའི་སྒྲ་ཐོས་ནས་ཚིགས་སུ་བཅད་ནས་སྨྲས་པ། སྟེང་ནས་ཉི་མས་གདུང་བྱེད་ཅིང་། །འོག་ནས་བྱེ་མས་གདུངས་པ་ལ། །གླུ་ལེན་ཁྱོད་ཀྱི་ལུས་ལ་ནི། །ཅི་ཕྱིར་ཉི་མའི་གདུང་བ་མེད། །
མཛེས་དགའས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། བདག་ནི་ཉི་མས་མ་གདུངས་ཏེ། །རྟོག་པ་ཡིས་ནི་བདག་གདུངས་ལགས། །བྱ་བ་བྱ་བ་མ་ཡིན་པས། །འཇིག་རྟེན་འདི་གདུངས་ཉི་མ་མིན། །རྒྱལ་པོས་བསམས་པ། བྲམ་ཟེའི་ཁྱེའུ་འདི་ནི་གདོན་མི་ཟ་བར་བསིལ་
เล่ม ๔ · หน้า 108a
བར་བྱེད་པའི་གཏམ་ལ་མཁས་པ་ཞིག་ཡིན་ཏེ། དེས་ན་ཉི་མ་ཕྱེད་ཀྱི་ཚེ་འདུག་ནས་མེ་ཏོག་ཐུའོ་སྙམ་ནས། དེས་བཀུག་སྟེ་སྨྲས་པ། བྲམ་ཟེའི་ཁྱེའུ་རེ་ཞིག་བསིལ་བར་བྱེད་པའི་གཏམ་དག་བྱོས་ཤིག་མཉན་ཏོ། །དེས་བསམས་པ། རྒྱལ་པོ་དེ་ནི་
གདོན་མི་ཟ་བར་ལུས་གདུངས་པ་ཡིན་ཏེ། དེས་ན་འདི་སྐད་སྨྲའོ་སྙམ་ནས། དེས་བསིལ་བར་བྱེད་པའི་གཏམ་རྣམ་པ་སྣ་ཚོགས་དེ་ལ་སྨྲས་པ་ཐོས་ནས་རྒྱལ་པོ་ལུས་གདུང་བ་དང་བྲལ་བར་གྱུར་ཏོ། །རྒྱལ་པོ་མངོན་པར་དགའ་བར་གྱུར་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་
རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྲོག་སྦྱིན་པ་གང་ཡིན་པ་དེ་ལ་ལན་དུ་ཕན་ཅི་གདགས། ལྷ་རྒྱལ་སྲིད་ཕྱེད་ཀྱིས་སོ། །དེ་ནས་རྒྱལ་པོ་དེས་སྨྲས་པ། བྲམ་ཟེའི་ཁྱེའུ་དེ་རིང་རྒྱལ་པོའི་ཕོ་བྲང་དུ་གནས་ཐོབ་ཅིག་དང་། སང་རྒྱལ་སྲིད་ཀྱི་ཕྱེད་སྦྱིན་ནོ། །དེ་རྒྱལ་པོའི་
ཕོ་བྲང་དུ་མ་ལ་བཟང་པོ་བྱིན་ནས་དེ་དེ་ལ་ཉལ་བ་ན་བཟང་མོ་རྗེས་སུ་དྲན་པར་སེམས་ཤིང་རྒྱལ་སྲིད་ཕྱེད་པོ་དེ་ཡང་སྨད་འཚོང་བཟང་མོའི་ཕྱིར་བླང་ངོ་སྙམ་མོ། །ཡང་བསམས་པ། རྒྱལ་སྲིད་ཕྱེད་པོ་དེ་ལ་ལོངས་སྤྱོད་པའི་རྒྱལ་པོ་དེ་ཅི་འདྲ་བ་ཞིག །མ་ལ་བདག་གིས་དེ་སྲོག་དང་དབྲལ་
བར་བྱའོ་སྙམ་མོ། །ཡང་བསམས་པ། རྒྱལ་པོ་བསད་པའི་རྒྱལ་སྲིད་གང་ཡིན་པ་དེས་ཅི་ཞིག་བྱ་སྙམ་ནས་ཚིགས་སུ་བཅད་དེ་སྨྲས་པ། དོན་མ་གྲུབ་ན་འདོད་འགྱུར་ལ། །དོན་གྲུབ་འདོད་པ་ལྡོག་མི་འགྱུར། །མ་གྲུབ་ན་ནི་ཕོངས་གྱུར་པས། །དེ་བས་དོན་ནི་དོན་མ་
ཡིན། །ཇི་ཙམ་ནམ་ནངས་སུ་ཉེ་བ་ན་དེ་འགྱོད་པ་སྐྱེས་ནས་མལ་ནས་བབས་ཏེ་གཡང་གཞི་ས་ལ་བཏིང་ནས་ཉལ་ལོ། །ནམ་ནངས་པ་ན་རྒྱལ་པོས་སྨྲས་པ། ཤེས་ལྡན་དག་བྲམ་ཟེའི་ཁྱེའུ་དེ་ཁུག་ཤིག །དེ་ལ་རྒྱལ་སྲིད་ཕྱེད་སྦྱིན་ནོ། །རྒྱལ་པོའི་ཕོ་ཉ་དག་འོངས་པ་ནམ་ལ་
ཆེན་པོ་ནས་བབས་ཏེ་གཡང་གཞི་ས་ལ་བཏིང་ནས་ཉལ་བ་མཐོང་ངོ་། །མཐོང་ནས་ཀྱང་མ་དད་པ་བསྐྱེད་དེ་རྒྱལ་པོའི་གན་དུ་སོང་ནས་སྨྲས་པ། ལྷ་འདི་ནི་རྒྱལ་སྲིད་ཀྱི་འོས་མ་ལགས་སོ། །རྒྱལ་པོས་སྨྲས་པ། ཅིའི་ཕྱིར། དེ་རྣམས་ཀྱིས་སྨྲས་པ། ལྷ་ཉོན་མོངས་
เล่ม ๔ · หน้า 108b
མལ་ཆེན་པོ་གྱ་ནོམ་པ་སྤངས་ཏེ་གཡང་གཞི་ས་ལ་བཏིང་ནས་མཆིས་ཉལ་བའི་དམན་པ་ལ་མོས་པ་གང་ལགས་པ་དེ་རྒྱལ་སྲིད་སྩལ་ཏེ་ཅི་རུང་། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཤེས་རབ་ཅན་དེ་དེ་ལ་རྒྱུ་ཞིག་ཡོད་པར་འགྱུར་གྱིས་ཁུག་ཤིག །དེ་རྣམས་ཀྱིས་དེ་བཀུག་པ་དང་
རྒྱལ་པོས་སྨྲས་པ། ཀྱེ་བྲམ་ཟེའི་ཁྱེའུ་ཁྱོད་ཅིའི་ཕྱིར་མལ་ཆེན་པོ་ནས་བབས་ཏེ་གཡང་གཞི་ས་ལ་བཏིང་ནས་ཉལ། དེས་ཇི་ལྟར་གྱུར་པ་རྣམས་རྒྱལ་པོ་ལ་རིག་པར་བྱས་ནས་དེ་ནས་སྨྲས་པ། ལྷ་གནང་བར་མཛོད་ཅིག་རབ་ཏུ་འབྱུང་ངོ་། །རྒྱལ་པོས་སྨྲས་པ། དམ་ཞིག་བཅས་ཏེ་
གལ་ཏེ་ཁྱོད་རབ་ཏུ་བྱུང་ན་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་ཆུང་ཟད་རྟོགས་པ་ང་ལ་བརྗོད་པ་ལྟ་ན་གནང་ངོ་། །དེས་དེ་བཞིན་དུ་བགྱིའོ་ཞེས་ཁས་བླངས་སོ། །དེ་ནས་དེས་ཞི་བའི་ཕྱོགས་སུ་སོང་ནས་མཁན་པོ་དང་སློབ་དཔོན་མེད་པར་རང་བྱང་ཆུབ་རྟོགས་པར་བྱས་ནས་རང་སངས་རྒྱས་དེས་
བསམས་པ། བདག་གིས་རྒྱལ་པོ་དེ་ལ་སྔོན་ཁས་བླངས་པས་སོང་ལ། ཁས་བླངས་པ་དེ་རིག་པར་བྱའོ་ཞེས་དེ་རྒྱལ་པོའི་དྲུང་དུ་སོང་ནས་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་
བྱ་བར་བརྩམས་སོ། །རྒྱལ་པོས་དེའི་རྐང་པ་གཉིས་ལ་གཏུགས་ཏེ་ཚིགས་སུ་བཅད་པས་སྨྲས་པ། དགེ་བ་ཅི་ཞེས་བཙལ་ཕྱིར་རབ་བྱུང་བའི། །བྲམ་ཟེའི་ཁྱེའུས་རྙེད་པ་ལེགས་རྙེད་དེ། །ཆུང་ཟད་ལས་ཀྱི་རྣམ་སྨིན་བསྐྱེད་པ་ཡི། །ཉེར་འགྲོས་ཁྱད་པར་ཆེན་པོ་འདིར་རྟོགས་ལྟོས། །
རྒྱལ་པོ་ཚངས་སྦྱིན་གྱི་སྐྲ་མཁན་གང་ག་སྐྱོང་ཞེས་བྱ་བ་ཞིག་ཡོང་བ་དེ་དེས་མཛེས་དགའས་ཚིགས་སུ་བཅད་པས་སྨྲས་པ་འཛིན་དུ་བཅུག་ནས་སྨྲས་པ། གང་ག་སྐྱོང་ང་ལ་ཚིགས་སུ་བཅད་པ་དེ་ཡང་དང་ཡང་དུ་དྲན་པར་གྱིས་ཤིག །སྐྲ་མཁན་གང་ག་སྐྱོང་རང་གི་བཟོ་ལ་ཤིན་ཏུ་བྱང་བ་
ཡིན་པས་དེ་གང་གི་ཚེ་རྒྱལ་པོ་ཚངས་སྦྱིན་གྱི་ཁ་སྤུ་འཆོས་པ་དེའི་ཚེ་དེ་གཉིད་ལོག་པར་འགྱུར་ཞིང་སེ་གོལ་གྱིས་སད་པར་བྱས་ཏེ། སད་ནས་ཀྱང་གང་ག་སྐྱོང་ལ་མཆོག་གང་འདོད་པ་གསོལ་ཅིག་ཅེས་མཆོག་སྦྱིན་པར་བྱེད་པ་ན་དེས་སྨྲས་པ། ལྷ་གསོལ་བ་ཞིག་མཆིས་སོ། །གང་གི་
เล่ม ๔ · หน้า 109a
ཚེ་གང་ག་སྐྱོང་གིས་རྒྱལ་པོ་ལ་ཚིགས་སུ་བཅད་པ་དྲན་པར་བྱེད་པ་དེའི་ཚེ་རྒྱལ་པོ་འདོད་པའི་གཏམ་ལ་སེམས་ཀྱང་མི་འགྲོ་ན་འདོད་པ་ལ་ཞེན་ཅིང་སྤྱོད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བཙུན་མོ་ལ་བལྟ་བར་ཡང་མི་བྱེད་དོ། །བཙུན་མོ་རྣམས་ཉོན་མོངས་པས་མྱོས་ཤིང་ཞེན་
ནས་གང་ག་སྐྱོང་ལ་སྨྲས་པ། ཞང་པོ་གང་གི་ཚེ་རྒྱལ་པོ་ཁྱོད་ལ་ལྷས་མཆོག་སྦྱིན་པར་མཛད་པ་དེའི་ཚེ་ལྷ་གལ་ཏེ་བདག་ལ་དགྱེས་ན་ཚིགས་སུ་བཅད་པ་འདིའི་དོན་རྒྱས་པར་བཤད་དུ་གསོལ་ཅིག །རྒྱལ་པོས་ཚིགས་སུ་བཅད་པ་དེའི་དོན་རྒྱས་པར་རྣམ་པར་བཀྲོལ་བ་དང་། དེ་སྐྱོ་བ་སྐྱེས་ནས་རྐང་པ་
ལ་གཏུགས་ཏེ་སྨྲས་པ། ལྷ་བདག་གིས་བསྙེན་བཀུར་བགྱིས་ལགས་ཀྱིས་ཁྱིམ་ནས་ཁྱིམ་མ་མཆིས་པར་རབ་ཏུ་འབྱུང་ངོ་། །རྒྱལ་པོས་སྨྲས་པ། གལ་ཏེ་རབ་ཏུ་བྱུང་ནས་ཡོན་ཏན་གྱི་ཚོགས་ཆུང་ཟད་རྙེད་ན་ང་ལ་རིག་པར་བྱོས་ཤིག །དེས་སྨྲས་པ། ལྷ་བཀའ་བཞིན་འཚལ་སྙན་དུ་གསོལ་
བར་བགྱིའོ། །དེ་དྲང་སྲོང་རྣམས་ཀྱི་ནང་དུ་སོང་སྟེ་རབ་ཏུ་བྱུང་ནས་དེས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གིས་རྒྱལ་པོ་ཚངས་སྦྱིན་ལ་སྔོན་ཁས་བླངས་ཀྱིས་སོང་ལ་ཁས་བླངས་པ་དེ་རིག་པར་བྱའོ་སྙམ་ནས། དེས་རྒྱལ་པོ་ཚངས་སྦྱིན་གང་ན་
བ་དེར་སོང་སྟེ་ཕྱིན་ནས་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པ་ཡིན་པས་དེས་རྐང་པ་ལ་གཏུགས་ཏེ་སྨྲས་པ།
འཕགས་པ་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་རྟོགས་སམ། རྟོགས་སོ། །རྒྱལ་པོ་ཚངས་སྦྱིན་གྱིས་དྲང་སྲོང་གང་ག་སྐྱོང་གི་རྐང་པ་ལ་གཏུགས་པས་ས་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །ཡང་དེའི་མས་ཚིགས་སུ་བཅད་དེ་སྨྲས་པ། ཚངས་སྦྱིན་བློ་དང་ལྡན་པ་པོ། །འདི་
རུ་འབྲེག་མཁན་ལག་ཆ་དག །བཞག་ནས་རབ་ཏུ་བྱུང་འདི་ལ། །ལྷ་ཁྱོད་འདུད་པའི་ཚུལ་མ་ཡིན། །རྒྱལ་པོ་ཚངས་སྦྱིན་གྱི་མས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་སྨྲས་པ། འདི་ལྟར་ཐུབ་པས་བསླབ་པའི་གཞི་རྣམས་ལ། །དེས་ནི་དཀའ་སྤྱད་འདི་དག་སྤྱད་
เล่ม ๔ · หน้า 109b
ལགས་ཏེ། །བློ་རྒྱ་ཆེན་པོར་གྱུར་པ་གང་ལགས་པ། །གང་ག་སྐྱོང་ལ་ཆུང་ཟད་མ་གསུང་ཤིག །དཀའ་ཐུབ་ཟིལ་གྱིས་སྡིག་པ་ཐམས་ཅད་མནན། །དཀའ་ཐུབ་ཟིལ་གྱིས་འཇིག་རྟེན་ཐམས་ཅད་མནན། །དཀའ་ཐུབ་ཟིལ་གྱིས་འབྲེག་མཁན་སྣོད་བཅོམ་སྟེ། །དཀའ་ཐུབ་
འབར་ལ་ཆུང་ཟད་མ་གསུང་ཤིག །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་བཟང་ལྡན་འདི་ཉིད་ཡིན་ནོ། །དྲང་སྲོང་གང་ག་སྐྱོང་ཞེས་བྱ་བ་གང་ཡིན་པ་དེ་ནི་ཉེ་བ་འཁོར་འདི་ཉིད་ཡིན་ཏེ། དེ་ན་ཡང་ཤཱཀྱའི་རྒྱལ་པོ་
བཟང་ལྡན་ཚངས་སྦྱིན་དུ་གྱུར་པ་ན་ཉེ་བ་འཁོར་དྲང་སྲོང་གང་ག་སྐྱོང་ཞེས་བྱ་བར་གྱུར་པ་ལ་ཕྱག་བྱས་པ་ནས་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །ད་ལྟར་ཡང་བཟང་ལྡན་གྱིས་ཉེ་བ་འཁོར་རབ་ཏུ་བྱུང་བ་ལ་ཕྱག་བྱས་པ་ནས་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ།། །།སྡོམ་ལ། ཀཽཎྜི་
ནྱ་དང་རིལ་བའི་དབྱིབས། །ཐམས་ཅད་སྐྱོབ་ནོར་ཤིང་རྟ་དང་། །གདུགས་དང་སྲིན་བུ་ཀི་ཏ་ཀ། །བྱམས་པའི་དྲིལ་སྒྲོགས་བཅུག་པ་དང་། །དགའ་སྐྱོང་ལ་དུ་བཏུང་བ་དང་། །སྣུམ་ཁུར་གནས་འཇོག་སྦྲང་རྩི་ཅན། །འདུལ་བ་འཛིན་མཆོག་བགྲང་བའོ། །གང་གི་ཚེ་ཚེ་དང་ལྡན་
པ་ཀུན་ཤེས་ཀཽཎྜི་ནྱས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་སྣམ་སྦྱར་གྱི་རྒྱལ་མཚན་ཐོགས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེའི་ཚེ་དགེ་སློང་རྣམས་ཐེ་ཙོམ་སྐྱེས་ཏེ་ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་
ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་ལས་ཅི་ཞིག་བགྱིས་ན་དེས་ན་བཅོམ་ལྡན་འདས་ཀྱིས་སྣམ་སྦྱར་གྱི་རྒྱལ་མཚན་ཐོགས་པ་རྣམས་ཀྱི་མཆོག་ཏུ་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་ཀུན་ཤེས་ཀཽཎྜ་ནྱི་འདི་ཉིད་ཀྱིས་ལས་
ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས་དགེ་སློང་ཀཽཎྜི་ནྱ་འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་
เล่ม ๔ · หน้า 110a
ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་
དང་། ཁམས་དང་། སྐྱེ་མཆེད་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་
རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་འཇིག་རྟེན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་
འོད་སྲུང་ཞེས་བྱ་བ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱིར་ཉེ་བར་བརྟེན་ནས་རི་བོ་རིལ་བའི་དབྱིབས་ཞེས་བྱ་བ་ལ་བཞུགས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་སྔ་དྲོ་ན་བཟའ་ཤམ་ཐབས་མནབས་ཆོས་གོས་དང་ལྷུང་བཟེད་བསྣམས་ཏེ། བཱ་རཱ་ཎ་
སཱིར་བསོད་སྙོམས་ལ་ཞུགས་པ་དང་། དགེ་འདུན་ལྔ་བརྒྱ་ཙམ་དོང་བའི་དགེ་འདུན་དེ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ། སྐུ་དཔེ་བྱད་བཟང་པོ་བརྒྱད་བཅུས་མཛེས་པར་བྱས་པ། འོད་འདོམ་གང་
གིས་བརྒྱན་པ། འོད་ཟེར་ཉི་མ་སྟོང་བས་ལྷག་པའི་འོད་ཅན། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་མཛེས་པར་མཐོང་ངོ་། །མཐོང་མ་ཐག་ཏུ་དད་པ་བསྐྱེད་ནས་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་བདག་ཅག་འདི་ལས་རབ་ཏུ་འབྱུང་བར་བྱའོ་ཞེས་དེ་རྣམས་ཀྱིས་དེ་
ལྟར་གྲོས་བྱས་པ་ལས་ཁ་ཅིག་ནི་རྒྱ་མཚོ་ཆེན་པོར་ཞུགས་སོ། །ཁ་ཅིག་ནི་ཡུལ་གྱི་མཐར་དོང་ངོ་། །ཁ་ཅིག་ནི་ཤི་བའི་ཆོས་དང་ལྡན་པར་གྱུར་ཏེ། སྐྱེ་བོ་བཅུ་དྲུག་ཞིག་ལུས་པ་དེ་རྣམས་རི་བོ་རིལ་བའི་དབྱིབས་ལ་དོང་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལས་རབ་
เล่ม ๔ · หน้า 110b
ཏུ་བྱུང་སྟེ། དེ་རྣམས་དེ་ན་བསམ་གཏན་དང་། ཀློག་པ་དང་། རྣལ་འབྱོར་གྱིས་གནས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས་ཤིང་ཟད་པའི་མེ་བཞིན་དུ་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་
སུ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་རྣམས་ལ་ལྷ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡོངས་སུ་མྱ་ངན་ལས་འདས་ཏེ། དེ་ཡོངས་སུ་མྱ་ངན་ལས་འདས་ནས་དེ་རིང་
དུ་ཞག་བདུན་ལོན་ཏེ། དེའི་བསྟན་པ་ཡང་ནུབ་ན་ཁྱེད་ཅག་འབྲས་བུ་མེད་པའི་སྦུན་པ་འབྲུ་ཞིང་འདུག་སྟེ། ཅི་རུང་ཞེས་བྱས་པ་ཐོས་ནས་བྱ་བ་མ་བྱས་པའི་སྡུག་བསྔལ་ཆེན་པོས་གདུངས་སོ། །དེ་ནས་ལྔ་ནི་ཐོས་མ་ཐག་ཏུ་རི་བོ་རིལ་བའི་དབྱིབས་ལས་བབས་ནས་བཱ་རཱ་ཎ་སཱིར་ཞུགས་སོ། །
དྲུག་གིས་ནི་དེ་ཉིད་དུ་ཡིད་བྱུང་བས་བརྩོན་འགྲུས་བརྩམས་ནས་རང་བྱང་ཆུབ་མངོན་སུམ་དུ་བྱས་སོ། །ཕྱི་ནས་ལྔ་ཡང་བབས་ནས་བཱ་རཱ་ཎ་སཱི་ཉིད་དུ་འཇུག་པར་བརྩམས་པ་ན་ཇི་ཙམ་ན་ཤིང་རྟས་འཚོ་བའི་ཚོང་པ་དག་འགྲོ་བ་ན་ཤིང་རྟས་འཚོ་བ་ཅིག་གི་གླང་དག་ཉམ་ཆུང་བཞིན་དུ་དེ་དག་ལ་
དེས་ལྕག་གཟེར་བུ་ཅན་གྱིས་ཡང་ནས་ཡང་དུ་གཞུས་ཏེ། དེ་རྣམས་ཉམ་ཆུང་བས་ཤི་ལ་ཐུག་ཅིང་འགྲོ་མི་ནུས་བཞིན་དུ་ཤིང་རྟས་འཚོ་བའི་སྣ་ལ་འགྲོ་བ་དང་། དེ་ལ་དགེ་སློང་དེ་རྣམས་ཀྱིས་སྨྲས་པ། ཀྱེ་ཤིང་རྟས་འཚོ་བ་ཁྱོད་ཀྱི་གླང་ཉམ་ཆུང་བ་འདི་རྣམས་ལ་ལྕག་གཟེར་བུ་ཅན་གྱིས་
ཡང་ནས་ཡང་དུ་གཞུས་ཏེ་ཅི་རུང་། གལ་ཏེ་འགྲོ་མི་ནུས་ན་དལ་བུས་འགྲོར་ཆུག་ལ་ཕྱི་ནས་སོང་ངོ་ཅོག །དེས་སྨྲས་པ། བདག་སྣ་ལ་ཤིང་རྟས་འཚོ་བའི་ཚོང་པ་དང་ལྷན་ཅིག་མཆི་མི་ནུས་ཞེས་གལ་ཏེ་བདག་ཕྱི་ནས་ཆས་ན་གདོན་མི་ཟ་བར་ཤིང་རྟས་འཚོ་བའི་ཚོང་པ་འདིས་བདག་
བོར་ནས་དོང་བར་འགྱུར་རོ། །དེ་རྣམས་ཀྱིས་ཤིང་རྟས་འཚོ་བ་དེ་ལས་བཟུར་བཟུར་ནས་མི་དགའ་སྟེ། གཅིག་ལ་གཅིག་སྨྲས་པ། ཤེས་ལྡན་དག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡོངས་སུ་མྱ་ངན་ལས་འདས་ཏེ་བདག་ཅག་ལུས་ན་འདིས་ཀྱང་བདག་ཅག་ལ་
เล่ม ๔ · หน้า 111a
སྐུལ་མ་བཏབ་ཀྱིས། མ་ལ་བདག་ཅག་གིས་བརྩོན་འགྲུས་བརྩམ་པར་བྱའོ་ཞེས་སྨྲས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཐུབ་པ་ཆེན་པོ་འོད་སྲུང་གི། །གལ་ཏེ་ཆོས་ནི་ནུབ་གྱུར་ཀྱང་། །ཡང་དག་སངས་རྒྱས་ཀྱིས་བཤད་པའི། །བརྩོན་འགྲུས་འདོར་
བར་མི་བྱའོ། །བདག་ཅག་གི་ནི་ཟག་པ་ཡང་། །གལ་ཏེ་ཟད་པར་མ་གྱུར་ན། །ཤཱཀྱ་སེང་གེ་སྐྱོབ་པ་ཡི། །ཉན་ཐོས་མཆོག་ཏུ་འགྱུར་བར་བྱ། །དེ་རྣམས་བཱ་རཱ་ཎ་སཱ་རི་ཞུགས་ནས་བསོད་སྙོམས་སྤྱད་དེ་སླར་ཡང་རི་བོ་རིལ་བའི་དབྱིབས་ལ་དོང་ནས་བསམ་གཏན་དང་། ཀློག་
པ་དང་། རྣལ་འབྱོར་གྱིས་གནས་པ་ན་དེ་རྣམས་ལས་བཞི་ཤིའོ། །གཅིག་ཅིག་ལུས་པ་དེ་མི་དགའ་བ་སྐྱེས་ཤིང་ཡིད་བྱུང་བས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ། རི་བོ་རིལ་བའི་དབྱིབས་གང་ཡིན་པ་འདི་ཉིད་ལ་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་
བཀུར་བྱས་ལ་དེའི་དགེ་སློང་ཉི་ཁྲི་ཡང་མཐོང་ན། བདག་འབའ་ཞིག་འཛམ་བུའི་གླིང་མཐའ་དག་ན་སྣམ་སྦྱར་གྱི་རྒྱལ་མཚན་འཛིན་པ་ལྟ་ཞིག་སྙམ་ནས། དེས་སྨོན་ལམ་གདབ་པར་བརྩམས་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལས་འདི་
སྲིད་དུ་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་ཆུང་ཟད་ཀྱང་མ་རྟོགས་ཀྱིས། དགེ་བའི་རྩ་བ་འདིས་བདག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ་གང་ཡིན་པ་དེ་ལ་བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་བསྟན་པ་ལས་བདག་རབ་ཏུ་བྱུང་ནས། དེར་ཐོག་མར་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་
དེས་བདག་སྣམ་སྦྱར་གྱི་རྒྱལ་མཚན་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཡོངས་སུ་མྱ་ངན་ལས་འདས་པའི་དགེ་སློང་ཉི་ཁྲི་
เล่ม ๔ · หน้า 111b
ཡོད་པ་ལས་དགེ་སློང་གཅིག་ལུས་པས་འཛམ་བུའི་གླིང་མཐའ་དག་ན་སྣམ་སྦྱར་གྱི་རྒྱལ་མཚན་བཟུང་སྟེ། རི་བོ་རིལ་བའི་དབྱིབས་གང་ན་བ་དེར་སོང་ནས་སྨོན་ལམ་བཏབ་པ་གང་ཡིན་པ་དེ་ནི་དགེ་སློང་ཀུན་ཤེས་ཀཽཎྜི་ནྱ་འདི་ཉིད་ཡིན་ཏེ། དེའི་སྨོན་ལམ་གྱི་དབང་གིས་ད་ལྟར་
ཡང་བཅོམ་ལྡན་འདས་ཀྱིས་སྣམ་སྦྱར་གྱི་རྒྱལ་མཚན་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་དཀར་བ་
ཡིན། འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན་པས་དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་དང་འདྲེན་མ་རྣམས་ནི་སྤངས་ལ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་
ཀྱིས་ཚེ་དང་ལྡན་པ་ཀཽཎྜི་ནྱ་ལ་ཆོས་བཤད་ནས་ཡང་དང་ཡང་དུ་རྨེད་པར་མཛད་དེ། ཀཽཎྜི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། བཅོམ་ལྡན་འདས་ཀུན་འཚལ་ལགས་སོ། །ཀཽཎྜི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། བདེ་བར་གཤེགས་པ་ཀུན་འཚལ་ལགས་སོ་ཞེས་གསོལ་པ་དེའི་
ཚེ་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་ལས་ཅི་ཞིག་བགྱིས་ན། དེས་ན་བཅོམ་ལྡན་འདས་ཀྱིས་ཆོས་བཤད་ནས་ཡང་དང་ཡང་དུ་རྨེད་པ་མཛད་དེ། ཀཽཎྜི་ནྱ་
ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། བཅོམ་ལྡན་འདས་ཀུན་འཚལ་ལགས་སོ། །ཀཽཎྜི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། བདེ་བར་གཤེགས་པ་ཀུན་འཚལ་ལགས་སོ་ཞེས་གསོལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་ཀཽཎྜི་ནྱ་འདི་ཉིད་ཀྱིས་
ལས་བྱས་ཞིང་བསགས་པ། ཚོགས་རྙེད་པ་ཞེས་བྱ་བ་ནས་ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་འབྱོར་བ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་
เล่ม ๔ · หน้า 112a
པ་སྐྱེ་བོ་དང་། མི་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ། །དེ་དུས་གཞན་ཞིག་ན་བཙུན་མོ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་བཙུན་
མོ་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་ན་ཁྱེའུ་གཟུགས་བཟང་ཞིང་མཛེས་པ། བལྟ་ན་སྡུག་པ། ཡན་ལག་གི་མཆོག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །བཙས་ནས་དེའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་
མིང་འདོགས་པར་བྱེད་དོ། །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཡུལ་དབུས་ཀྱི་ཡུལ་ཆོས་ཀྱིས་ནི་གཟུགས་བཟང་ཞིང་མཛེས་པ་བལྟ་ན་སྡུག་པ་ལགས་ན་དེ་མཛེས་དགའ་ཞེས་འདོགས་ལགས་ལ། ཁྱེའུ་འདི་ཡང་གཟུགས་བཟང་ཞིང་མཛེས་པ་བལྟ་ན་སྡུག་ཅིང་ཡུལ་ཀ་ཤིའི་རྒྱལ་པོའི་
སྲས་ཀྱང་ལགས་པས་ཁྱེའུའི་མིང་ཀ་ཤི་མཛེས་དགའ་ཞེས་བགྱི་བར་གདགས་སོ་ཞེས་དེའི་མིང་ཀ་ཤི་མཛེས་དགའ་ཞེས་བྱ་བར་བཏགས་སོ། །ཁྱེའུ་ཀ་ཤི་མཛེས་དགའ་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་
མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་རྗེས་སུ་གཏད་ནས་དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་པོ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་
ཅིང་རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །ཡང་རྒྱལ་པོ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་བཙུན་མོ་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་ན་ཁྱེའུ་ཞིག་བཙས་ཏེ། གང་གི་ཉི་མ་ལ་བཙས་པ་དེ་
ཉིད་ཀྱི་ཉི་མ་ལ་བཱ་རཱ་ཎ་སཱིར་ཡུལ་མི་དང་གྲོང་མི་འཐབ་མོ་ཆེན་པོ་བྱུང་ངོ་། །དེ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །བཙུན་མོའི་ཚོགས་ཀྱིས་སྨྲས་པ། ལྷ་འདི་བཙས་པ་ན་བཱ་རཱ་ཎ་སཱིར་གྲོང་མི་དང་ཡུལ་མི་རྣམས་
เล่ม ๔ · หน้า 112b
འཐབ་མོ་ཆེན་པོ་བྱུང་བས་དེའི་སླད་དུ་ཁྱེའུའི་མིང་འཐབ་མོ་སྐྱེས་སུ་གདགས་སོ་ཞེས་བཏགས་སོ། །རྒྱལ་པོ་ཚངས་སྦྱིན་ནི་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་འཇུག་སྟེ། གཞོན་ནུ་ཀ་ཤི་མཛེས་དགའས་ཕ་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་འཇུག་པ་མཐོང་ངོ་། །
མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། བདག་ཀྱང་ཡབ་འདས་ན་རྒྱལ་པོར་འགྱུར་ཞིང་བདག་གིས་ཀྱང་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་བཅུག་ནས་དམྱལ་བར་གཞོལ་བར་འགྱུར་གྱིས། མ་ལ་བདག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱའོ་སྙམ་ནས་དེ་ཕའི་དྲུང་དུ་སོང་
སྟེ་རྐང་པ་ལ་གཏུགས་ཏེ་སྨྲས་པ། ཡབ་གནང་བར་མཛད་དུ་གསོལ། བདག་ཁྱིམ་ནས་ཁྱིམ་མ་མཆིས་པར་རབ་ཏུ་འབྱུང་ལགས་སོ། །དེས་སྨྲས་པ། བུ་གང་གི་དོན་དུ་མཆོད་སྦྱིན་མཆོད་པར་བྱེད། སྦྱིན་སྲེག་སྲེག་པར་བྱེད། དཀའ་ཐུབ་ཀྱིས་གདུང་བར་བྱེད་པའི་རྒྱལ་སྲིད་
ཁྱོད་ཀྱི་ལག་ཏུ་འོངས་ན་ཅིའི་ཕྱིར་རྒྱལ་སྲིད་སྤངས་ཏེ་རབ་ཏུ་འབྱུང་། དེས་ཚིགས་སུ་བཅད་པས་སྨྲས་པ། ནགས་ན་ཤིང་ཤུན་རྩྭ་གྱོན་ཞིང་། །རྩ་བ་འབྲས་བུ་འཆའ་བ་དང་། །རི་དགས་གདུག་པ་རྣམས་དང་ནི། །ལྷན་ཅིག་གནས་པ་མཆོག་ལགས་ཀྱི། །འཇིག་རྟེན་ཕ་
རོལ་འཇིག་བྱེད་པའི། །མཁས་པས་རྒྱལ་སྲིད་སླད་དུ་ནི། །གསོད་དང་བཅིང་དང་རྡེག་པ་དག །བགྱིད་པ་དེ་ལྟ་མ་ལགས་སོ། །རྒྱལ་པོས་སྨྲས་པ། གཞོན་ནུ་ཤེས་པར་གྱིས་ཤིག །ཁྱོད་ནི་ངའི་བུ་གཅིག་པ་སྡུག་པ། ཡིད་དུ་འོང་བ། བཟོད་པ། མི་མཐུན་
པ་མེད་པ་ཡིན་ཏེ། ང་ཤི་བར་གྱུར་ན་མི་འདོད་བཞིན་དུ་ཁྱོད་དང་འབྲལ་གྲང་། གསོན་བཞིན་དུ་ལྟ་ག་ལ་བཏང་། གཞོན་ནུ་ཀ་ཤི་མཛེས་དགའས་སྨྲས་པ། ཡབ་གལ་ཏེ་གནང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གནང་ན་འཚལ་མ་ཡང་མི་འཚལ། ཕྱག་ཡང་མི་འཚལ་
ལོ། །དེ་ན་གཞོན་ནུ་ཀ་ཤི་མཛེས་དགའས་ཉི་མ་གཅིག་ཀྱང་ཟན་གཅད་པ་བྱས་པ་ནས། གཉིས་དང་། གསུམ་དང་། དྲུག་གི་བར་དུ་ཟན་གཅད་པ་བྱས་སོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་གཞོན་ནུ་ཀ་ཤི་མཛེས་དགའ་ལ་འདི་སྐད་ཅེས་སྨྲས་སོ། །བུ་གཞོན་ནུ་
เล่ม ๔ · หน้า 113a
ཤེས་པར་གྱིས་ཤིག །ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པར་བྱ་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བར་བྱ་དཀའོ། །གནས་མལ་དགོན་པ་ནགས་ཁྲོད་རི་དྲུང་དང་བས་མཐའ་དག་ཏུ་གནས་པས་མནགས་དཀའོ། །གཅིག་པུ་
དགོན་པར་གནས་པ་ཡང་སྡུག་བསྔལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་རི་དགས་གདུག་པ་རྣམས་དང་ལྷན་ཅིག་གནས་པར་བྱ་དགོས་སོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་གཞན་གྱིས་བྱིན་པས་འཚོ་བར་བྱ་དགོས་སོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་འདོད་པ་དག་ལས་
དབེན་པར་བྱ་དགོས་སོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་དགའ་བ་དང་། རྩེད་མོ་དག་ལས་དབེན་པར་བྱ་དགོས་སོ། །བུ་གཞོན་ནུ་ཁྱོད་ཚུར་ཤོག །འདི་ཉིད་དུ་འདུག་ལ་རྒྱལ་ཚབ་བྱོས་ཏེ་འདོད་པ་དག་ལ་ཡང་སྤྱོད་ཅིག །སྦྱིན་བདག་ཀྱང་བྱིན་ཅིག །བསོད་ནམས་དག་
ཀྱང་བྱོས་ཤིག །དེ་སྐད་ཅེས་སྨྲས་ཀྱང་གཞོན་ནུ་ཀ་ཤི་མཛེས་དགའ་ཅང་མི་སྨྲའོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་བཙུན་མོ་དང་། བློན་པོ་དང་། མདུན་ན་འདོན་ལ་བསྒོ་བ། ཤེས་ལྡན་དག་རེ་ཞིག་གཞོན་ནུ་སློང་ཤིག །ལྷ་བཀའ་བཞིན་འཚལ་ཞེས་བཙུན་མོ་དང་། བློན་
པོ་དང་། མདུན་ན་འདོན་རྣམས་གཞོན་ནུ་ཀ་ཤི་མཛེས་དགའ་གང་ན་བ་དེར་དོང་སྟེ་ལྷགས་ནས་གཞོན་ནུ་ཀ་ཤི་མཛེས་དགའ་ལ་འདི་སྐད་ཅེས་སྨྲས་སོ། །སྲས་གཞོན་ནུ་མཁྱེན་པར་མཛོད་ཅིག །ཁྱོད་ནི་ཤིན་ཏུ་གཞོན་པ་བདེ་བ་བཞེད་པས་སྡུག་བསྔལ་མི་མཁྱེན་ཏེ། ཚངས་
པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པར་བགྱི་དཀའོ། །གཅིག་པུ་ཉིད་ལ་མངོན་པ་དགའ་བར་བགྱི་དཀའོ། །གནས་མལ་དགོན་པ་ནགས་ཁྲོད་རི་དྲུང་དང་། བས་མཐའ་དག་ཏུ་གནས་པས་མནགས་དཀའོ། །གཅིག་པུ་དགོན་པར་གནས་པ་ཡང་སྡུག་བསྔལ་ལོ། །
ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་རི་དགས་གདུག་པ་དག་དང་ལྷན་ཅིག་གནས་པར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་གཞན་གྱིས་བྱིན་པས་འཚོ་བར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་འདོད་པ་དག་ལས་དབེན་པར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་
เล่ม ๔ · หน้า 113b
འཚོའི་བར་དུ་མིའི་དགའ་བའི་རྩེད་མོ་རྣམས་ལས་དབེན་པར་བགྱི་འཚལ་ལོ། །སྲས་གཞོན་ནུ་ཁྱོད་ཚུར་སྤྱོན། འདི་ཉིད་དུ་བཞུགས་ལ་རྒྱལ་ཚབ་མཛོད་དེ། འདོད་པ་རྣམས་ལ་ཡང་ཡོངས་སུ་སྤྱོད་ཅིག །སྦྱིན་པ་དག་ཀྱང་སྩོལ་ཅིག །བསོད་ནམས་དག་ཀྱང་གྱིས་ཤིག་ཅེས་
དེ་སྐད་སྨྲས་པ་ན། གཞོན་ནུ་ཀ་ཤི་མཛེས་དགའ་ཅང་མི་སྨྲ་བར་འདུག་གོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་གཞོན་ནུ་ཀ་ཤི་མཛེས་དགའ་དང་ལྷན་ཅིག་རྡུལ་ཁྲོད་ན་རྩེ་རྩེ་བའི་བློན་པོའི་བུ་རྣམས་དང་། མདུན་ན་འདོན་གྱི་བུ་རྣམས་དང་། གཞན་ཡང་གཞོན་ནུ་རྣམས་ལ་བསྒོ་བ་གཞོན་
ནུ་དག་ཚུར་རེ་ཞིག་གཞོན་ནུ་ཀ་ཤི་མཛེས་དགའ་སློང་ཤིག །དེ་ནས་བློན་པོའི་བུ་རྣམས་དང་། མདུན་ན་འདོན་གྱི་བུ་རྣམས་དང་། གཞོན་ནུ་རྣམས་ཀྱིས་རྒྱལ་པོ་ཚངས་སྦྱིན་ལས་མཉན་ནས། གཞོན་ནུ་ཀ་ཤི་མཛེས་དགའ་གང་ན་བ་དེར་དོང་སྟེ་ལྷགས་ནས་གཞོན་ནུ་ཀ་ཤི་མཛེས་དགའ་
ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་དེས་པ་མཁྱེན་པར་མཛོད་ཅིག །ཁྱོད་ནི་ཤིན་ཏུ་གཞོན་པ་བདེ་བ་བཞེད་པས་སྡུག་བསྔལ་མི་མཁྱེན་ཏེ། ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པར་བགྱི་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའོ། །གནས་
མལ་དགོན་པ་ནགས་ཁྲོད་རི་དྲུང་དང་། བས་མཐའ་དག་ཏུ་གནས་པས་མནགས་དཀའོ། །གཅིག་པུ་དགོན་པར་གནས་པ་ཡང་སྡུག་བསྔལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་རི་དགས་གདུག་པ་དག་དང་ལྷན་ཅིག་གནས་པར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་
གཞན་གྱིས་བྱིན་པས་འཚོ་བར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་འདོད་པ་དག་ལས་དབེན་པར་བགྱི་འཚལ་ལོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མིའི་དགའ་བའི་རྩེད་མོ་དག་ལས་དབེན་པར་བགྱི་འཚལ་ལོ། །སྲས་གཞོན་ནུ་ཁྱོད་ཚུར་སྤྱོན། འདི་ཉིད་དུ་
བཞུགས་ལ་རྒྱལ་ཚབ་མཛོད་དེ། འདོད་པ་དག་ལ་ཡང་ཡོངས་སུ་སྤྱོད་ཅིག །སྦྱིན་པ་དག་ཀྱང་སྩོལ་ཅིག །བསོད་ནམས་དག་ཀྱང་གྱིས་ཤིག་ཅེས་སྨྲས་པ་ན། གཞོན་ནུ་ཀ་ཤི་མཛེས་དགའ་ཅང་མི་སྨྲ་བར་འདུག་གོ། །དེ་ནས་བློན་པོའི་བུ་རྣམས་དང་། མདུན་ན་འདོན་གྱི་བུ་
เล่ม ๔ · หน้า 114a
རྣམས་དང་། གཞོན་ནུ་རྣམས་རྒྱལ་པོ་ཚངས་སྦྱིན་གང་ན་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་ཚངས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མཁྱེན་པར་མཛོད་ཅིག །གཞོན་ནུ་དེས་པ་ཀ་ཤི་མཛེས་དགའ་གུམ་ན་ཅི་རུང་། འདི་ལྟར་རབ་ཏུ་བྱུང་བ་ནི་མཁས་པ་རྣམས་ཀྱིས་
བསྔགས་པ་ལགས་ཏེ། གལ་ཏེ་དེ་ལ་མངོན་པར་དགའ་བར་གྱུར་ན་གསོན་པོར་དེ་ལ་གཟིགས་པར་འགྱུར་རོ། །གལ་ཏེ་མངོན་པར་དགའ་བར་མ་གྱུར་ཏེ། སླར་ཡང་དྲང་སྲོང་རྣམས་ལས་ལོག་པར་གྱུར་ན་བུའི་གནས་ནི་ཕ་དང་མ་མ་ལགས་པ་གཞན་གང་དུ་མཆི་བར་འགྱུར། རྒྱལ་
པོ་ཚངས་སྦྱིན་གྱིས་སྨྲས་པ། གཞོན་ནུ་དག་གལ་ཏེ་དེ་ལྟ་ན་གནང་བར་བྱའོ། །དེ་ནས་བློན་པོའི་བུ་རྣམས་དང་། མདུན་ན་འདོན་གྱི་བུ་རྣམས་དང་། གཞོན་ནུ་རྣམས་གཞོན་ནུ་ཀ་ཤི་མཛེས་དགའ་གང་ན་བ་དེར་སོང་སྟེ་ཕྱིན་ནས། གཞོན་ནུ་ཀ་ཤི་མཛེས་དགའ་ལ་འདི་སྐད་ཅེས་སྨྲས་
སོ། །གཞོན་ནུ་དེས་པ་མཁྱེན་པར་མཛོད་ཅིག །རབ་ཏུ་འབྱུང་བར་གནང་སྟེ་གཞོན་ནུ་ད་ནི་དེའི་དུས་མཁྱེན་པར་མཛོད་ཅིག །དེ་ནས་གཞོན་ནུ་ཀ་ཤི་མཛེས་དགའ་བཅུད་ཀྱི་ཁུ་བའི་རིམ་གྱིས་ལུས་ཀྱི་མཐུ་དང་། སྟོབས་དང་། བརྩོན་འགྲུས་བསྐྱེད་དེ་བཱ་རཱ་ཎ་སཱི་ནས་བྱུང་
ནས་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ངོ་། །དེས་བརྩོན་པ་དང་། འབད་པ་དང་། བརྩལ་བ་བྱས་པས་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བར་བྱས་ནས་བྱམས་པའི་ཏིང་ངེ་འཛིན་ཐོབ་སྟེ། དེ་ཤིན་ཏུ་སེམས་ཅན་རྣམས་ལ་བརྩེ་བ་དང་ལྡན་པར་གྱུར་ནས། དེའི་
བྱམས་པ་དེས་ནི་རི་དགས་གདུག་པ་རྣམས་ཀྱང་བསྟི་གནས་སུ་འདྲིས་པར་གྱུར་ཏེ། གནོད་པ་མི་བྱེད་པས་དེའི་མིང་བཟོད་པ་སྨྲ་བ་བཟོད་པ་སྨྲ་བ་ཞེས་བྱ་བར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་ཚངས་སྦྱིན་ཤི་ནས་འཐབ་མོ་སྐྱེས་རྒྱལ་སྲིད་ལ་བཞག་སྟེ། དེ་ཆོས་དང་ཆོས་
མ་ཡིན་པས་རྒྱལ་སྲིད་བྱེད་དུ་འཇུག་གོ། །དྲང་སྲོང་བཟོད་པ་སྨྲ་བས་སྨྲས་པ། མཁན་པོ་བདག་གི་ལུས་ནི་ཁ་ཟས་དང་བཏུང་བས་བསྐྱེད་པས་དགོན་པའི་སྨན་གྱིས་འཚོ་བར་རྔོ་མི་ཐོག་གིས་གྲོང་མཐར་གནས་སུ་མཆི་ལགས་སོ། །དེས་སྨྲས་པ། བུ་གྲོང་ངམ་དགོན་པར་གནས་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด