ตัวบทไม่มีชื่อ — ประโยคแรก: སྨན་གྱི་གཞིའི་བསྡུས་པའི་སྡོམ་ལ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓ · หน้า 31b
ཐོས་ནས་ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ་ཞེས་བྱ་བ་ནས། ཁ་ཅིག་ནི་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ།། །།འདུལ་བ་གཞི། བམ་པོ་ལྔ་བཅུ་བརྒྱད་པ། བཅོམ་ལྡན་འདས་ཀྱིས་ཡུན་རིང་
པོ་ཞིག་ཏུ་ཆོས་བཤད་པས་གདུགས་ཚོད་ཀྱི་དུས་ལས་ཡོལ་བར་གྱུར་ཏོ། །ཁྱིམ་བདག་ལུག་གིས་གསོལ་པ། བཅོམ་ལྡན་འདས་ཞལ་ཟས་ཀྱི་མཛད་པ་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཟས་ཀྱི་དུས་ལས་ཡོལ་བར་གྱུར་ཏོ། །དེས་གསོལ་
པ། བཅོམ་ལྡན་འདས་དུས་མ་ལགས་པར་རུང་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མར་དང་། བུ་རམ་དང་། ཧྭགས་དང་། ཤ་ཁ་ར་དང་། བཏུང་བ་དག་གོ། །དེ་ནས་ཁྱིམ་བདག་ལུག་གིས་གཡོས་མཁན་དག་བཀུག་སྟེ་སྨྲས་པ། ཤེས་ལྡན་དག་དུས་
མ་ཡིན་པའི་བཅའ་བ་རྣམས་མྱུར་དུ་སྟ་གོན་གྱིས་ཤིག །དེ་རྣམས་ཀྱིས་དུས་མ་ཡིན་པའི་བཅའ་བ་རྣམས་སྟ་གོན་བྱས་སོ། །དེ་ནས་ཁྱིམ་བདག་ལུག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་དུས་མ་ཡིན་པའི་བཅའ་བ་དང་། དུས་མ་ཡིན་པའི་བཏུང་བ་རྣམས་ཀྱིས་
ཚིམ་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ལུག་འཁོར་དང་བཅས་པ་ཡང་བདེན་པ་རྣམས་ལ་སོ་སོར་བཀོད། རི་འོར་ན་གནས་པའི་སྐྱེ་བོའི་ཚོགས་དེ་ཡང་སྐལ་བ་ཇི་ལྟ་བ་བཞིན་དུ་བཏུལ་ཏེ་གཤེགས་པ་ན་ཁྱིམ་བདག་ལུག་གིས་གསོལ་པ། བཅོམ་ལྡན་འདས་
ཤུལ་གྱི་སྙུན་རྒྱགས་ཀྱི་ཟོང་ཀཱར་ཥཱ་པ་ཎ་དག་བཞེས་ཤིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཀཱར་ཥཱ་པ་ཎ་བླང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཀྱིས་སུ་ཞིག་གིས་བླང་བར་བྱ་བ་མ་ཤེས་ནས་བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རུང་བ་བྱེད་པས་སོ། །རུང་བ་བྱེད་པ་མེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་གྱིས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་ཚུལ་གྱི་བསླབ་པའི་གཞི་བཅུ་
เล่ม ๓ · หน้า 32a
པར་གསེར་དངུལ་ལེན་པར་གསུངས་ལ། བཅོམ་ལྡན་འདས་ཀྱིས་དགེ་ཚུལ་གྱིས་བླང་བར་བྱའོ་ཞེས་གསུངས་པ་དེ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བ་འཁོར་ངས་འཆང་བར་བྱེད་པ་ལས་དགོངས་ཏེ་གསུངས་ཀྱིས་མི་བླང་བ་ནི་མ་ཡིན་ཏེ།
དེ་བས་ན་དགེ་ཚུལ་གྱིས་བླང་བར་བྱའི་བླངས་ནས་བདག་གིར་ནི་མི་བྱའོ། །ཁྱིམ་བདག་ལུག་གིས་གསོལ་པ། བཅོམ་ལྡན་འདས་བུ་རམ་དག་བཞེས་ཤིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱའོ། །དགེ་སློང་རྣམས་ཀྱིས་སུ་ཞིག་གིས་ཇི་ལྟར་བླང་བར་བྱ་བ་མ་ཤེས་
ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་པའམ་དགེ་ཚུལ་མེད་ན། དགེ་སློང་གིས་ཞག་བདུན་པར་བྱིན་གྱིས་བརླབས་ནས་རང་ཉིད་ཀྱིས་བཀུར་བར་བྱའོ། །དགེ་སློང་དག་གིས་ཇི་ལྟར་བྱིན་གྱིས་བརླབ་པར་བྱ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ལག་པ་གཉིས་བཀྲུས་ནས་བྱིན་ལེན་བྱས་ཏེ་ལག་པ་གཡོན་པའི་སྟེང་དུ་བཞག་ལ་ལག་པ་གཡས་པས་བཀབ་ནས་དགེ་སློང་གི་མདུན་དུ་འདུག་ནས་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་སྨན་འདི་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཕྱིར་
ཞག་བདུན་པར་བྱིན་གྱིས་བརླབ་བོ་ཞེས་དེ་སྐད་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་བུ་རམ་ཞག་བདུན་པར་བྱིན་གྱིས་བརླབ་པར་བྱའོ་ཞེས་གང་གསུངས་པ་སུ་ཞིག་གིས་འཚལ་
བར་བགྱི་ལགས། ཉེ་བ་འཁོར་གང་ཟག་ལྔ་རྣམས་ཀྱིས་ཏེ། ལམ་དུ་ཞུགས་པ་དང་སྨྱུང་བ་བྱས་པ་དང་། ནད་པ་དང་། དགེ་སྐོས་དང་། ལག་གི་བླས་སོ། །དགེ་སློང་ལྗོངས་རྒྱུར་ཆས་པ་རྣམས་ཀྱིས་འབྲས་དང་ཕྱེ་དག་གི་ནང་དུ་བུ་རམ་བཅུག་པ་ལས་ལམ་གྱིས་ངལ་ནས་
བཟའ་བར་འདོད་ན་འགྱོད་པས་མ་ཟོས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཟས་དེ་ཟས་ཀྱི་བྱ་བ་བྱེད་མི་ནུས་པས་འབྲས་དག་གི་ནང་དུ་བཅུག་པ་གང་ཡིན་པ་དེ་སྤྲུགས་ནས་བཟའ་བར་བྱའོ། །
เล่ม ๓ · หน้า 32b
ཕྱེ་རྣམས་ཀྱི་གང་ཡིན་པ་དེ་ནི་ཆུས་བཀྲུས་ནས་བཟའ་བར་བྱའོ། །ཁ་ཅིག་ཞུ་བར་གྱུར་པ་དེ་བཀྲུར་མ་རུང་སྟེ་ཟས་དང་བཅས་པ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨྱུག་མའི་ཚལ་པས་བཞར་ལ་ཆུས་བཀྲུ་བར་བྱའོ། །འོན་ཀྱང་ཟས་མེད་པར་བྱ་མ་ནུས་ནས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་བསལ་ཏེ། ཆུའི་ནང་དུ་མཉེས་ལ་བཏུང་བར་བྱས་ནས་དེ་ཚགས་ཀྱིས་བཙགས་ལ་བཏུང་བར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་
འདས་ལ་ཞུས་པ། བཙུན་པ། ཁྱིམ་བདག་ལུག་དང་། ལུག་གི་མཆིས་འབྲང་དང་། ལུག་གི་བུ་དང་། ལུག་གི་མནའ་མ་དང་། ལུག་གི་བྲན་ཕོ་དང་། ལུག་གི་བྲན་མོས་ལས་ཅི་ཞིག་བགྱིས་ན། དེས་ན་དེ་དྲུག་བསོད་ནམས་ཆེན་པོར་གྱུར་ཅིང་། བཅོམ་ལྡན་འདས་ཀྱི་སྤྱན་
སྔར་བདེན་པ་མཐོང་ནས་འདི་དག་གིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཀྱི་མ་མཉེས་པར་ནི་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་དག་ཉིད་ཀྱིས་ལས་རྣམས་བྱས་ཤིང་བསགས་པ་ཚོགས་རྙེད་པ་ཞེས་བྱ་བ་ནས་འབྲས་བུ་དག་ཏུ་འགྱུར་
བ་ཉིད་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་གོ། །དེའི་ཚེ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་ལྟས་མཁན་རྣམས་ཀྱིས་ལོ་བཅུ་གཉིས་སུ་ཆར་མི་འབབ་པས་ཐུར་མས་འཚོ་བའི་མུ་གེ་
ཆེན་པོ་འབྱུང་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །མུ་གེ་རྣམ་པ་གསུམ་ནི་ཟ་མ་ཏོག་དང་། རུས་གོང་དཀར་པོ་དང་། ཐུར་མས་འཚོ་བའོ། །དེ་ལ་ཟ་མ་ཏོག་ཅེས་བྱ་བ་ནི་ཟ་མ་ཏོག་དེའི་ནང་དུ་མི་རྣམས་ཀྱིས་འབྲུ་དག་བླུགས་ཏེ། མ་འོངས་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་བཞག་
ནས་བདག་ཅག་ཤི་ནས་འབྲུ་འདིས་མི་དེ་དག་གི་བྱ་བ་བྱེད་པར་འགྱུར་རོ་སྙམ་པ་སྟེ། འདི་ནི་ཟ་མ་ཏོག་དང་འབྲེལ་བས་ཟ་མ་ཏོག་ཅེས་བྱའོ། །རུས་གོང་དཀར་པོ་གང་ཞེ་ན། དུས་དེ་ན་མི་རྣམས་ཀྱི་རུས་པ་དག་བསྡུས་ནས་རེ་ཞིག་བཙོས་ཏེ། ཇི་ཙམ་ན་རུས་པ་དེ་དཀར་པོར་གྱུར་པ་
เล่ม ๓ · หน้า 33a
དང་། དེ་ནས་དེའི་ཁུ་བ་འཐུང་བ་སྟེ། འདི་ནི་རུས་གོང་དཀར་པོ་དང་འབྲེལ་བས་རུས་གོང་དཀར་པོ་ཞེས་བྱའོ། །ཐུར་མས་འཚོ་བ་གང་ཞེ་ན། དུས་དེ་ན་མི་རྣམས་ཀྱིས་གཡུལ་གྱི་སེར་ག་ནས་འབྲུའི་འབྲུམ་བུ་དག་ཐུར་མས་བྲུས་ནས་ཆུ་མང་པོའི་སྣོད་དུ་བཙོས་ནས་
འཐུང་བ་སྟེ། འདི་ནི་ཐུར་མ་དང་འབྲེལ་བས་ཐུར་མས་འཚོ་བ་ཞེས་བྱའོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བཱ་རཱ་ཎ་སཱིར་དྲིལ་སྒྲོགས་སུ་བཅུག་པ། བཱ་རཱ་ཎ་སཱི་ན་གནས་པའི་ཤེས་ལྡན་གྲོང་ཁྱེར་པ་དག་ཉོན་ཅིག །ལྟས་མཁན་རྣམས་ཀྱིས་ལོ་བཅུ་གཉིས་སུ་ཆར་མི་འབབ་པས་
ཟ་མ་ཏོག་དང་། རུས་གོང་དཀར་པོ་དང་། ཐུར་མས་འཚོ་བའི་མུ་གེ་འབྱུང་བར་ལུང་བསྟན་གྱིས། ཁྱེད་ལས་གང་དག་ལོ་བཅུ་གཉིས་ཀྱི་བཟའ་བ་ཡོད་པ་དེ་རྣམས་ནི་འཁོད་ཅིག །གང་དག་ལ་མེད་པ་དེ་དག་ནི་གར་དགའ་བར་དེང་ལ་མུ་གེ་མེད་ཅིང་ལོ་ལེགས་པར་གྱུར་ནས་སླར་
གཤེགས་ཤིག །དེའི་ཚེ་ན་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་བ། ལོངས་སྤྱོད་ཆེ་བ། འཁོར་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་དེ། དེས་མངན་བཀུག་སྟེ་སྨྲས་པ། ཀྱེ་ནང་རྗེ་ཁོ་བོ་འཁོར་དང་བཅས་པའི་ལོ་བཅུ་གཉིས་ཀྱི་བཟའ་བ་ཡོད་དམ། དེས་སྨྲས་པ། དཔོན་པོ་
མཆིས་སོ། །དེ་དེ་ཉིད་ན་གནས་པ་ལས་མུ་གེ་དེ་བརྒྱུད་མ་ཁོ་ནར་བྱུང་བས་དེའི་བང་མཛོད་རྣམས་ཡོངས་སུ་ཟད་པས་འཁོར་གྱི་སྐྱེ་བོ་ཐམས་ཅད་ཤི་བར་གྱུར་ཏེ་བདག་ཉིད་དང་དྲུག་ཅིག་ལུས་སོ། །དེ་ནས་ཁྱིམ་བདག་དེས་བང་མཛོད་རྣམས་ཕྱགས་པ་ལས། འབྲས་བྲེའུ་ཆུང་གང་
ཞིག་བྱུང་ནས། དེའི་ཆུང་མས་སྣོད་དུ་བླུགས་ཏེ་བཙོས་སོ། །སངས་རྒྱས་རྣམས་འབྱུང་བ་མེད་པ་ན་རང་སངས་རྒྱས་ཞེས་བྱ་བ་ནས། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་དག་འཇིག་རྟེན་དུ་འབྱུང་བར་འགྱུར་བ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཇི་ཙམ་ན་རང་སངས་
རྒྱས་ཞིག་ལྗོངས་རྒྱུ་ཞིང་སོང་བ་དང་བཱ་རཱ་ཎ་སཱིར་ཕྱིན་ནས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་བཱ་རཱ་ཎ་སཱིར་བསོད་སྙོམས་ལ་ཞུགས་པ་ན་ཁྱིམ་བདག་དེས་ཀྱང་བཟའ་བ་བསྡོགས་པ་དང་། རང་སངས་རྒྱས་དེ་ཡང་རིམ་བཞིན་དུ་བསོད་སྙོམས་ལ་བརྒྱུས་ནས་
เล่ม ๓ · หน้า 33b
དེའི་ཁྱིམ་དུ་ཕྱིན་ཏོ། །ཁྱིམ་བདག་དེས་དེ་ལུས་མཛེས་ཤིང་སེམས་དང་བ་མཐོང་ངོ་། །མཐོང་ནས་ཀྱང་བསམས་པ། འདི་བདག་གིས་ཟོས་ཀྱང་གདོན་མི་ཟ་བར་སྲོག་དང་འབྲལ་བར་འགྱུར་གྱིས། མ་ལ་བདག་གི་སྐལ་བ་རབ་ཏུ་བྱུང་བ་འདི་ལ་སྦྱིན་ནོ་སྙམ་ནས་དེས་ཆུང་མ་ལ་སྨྲས་པ།
བཟང་མོ་ཁོ་བོའི་སྐལ་བ་ནི་རབ་ཏུ་བྱུང་བ་འདི་ལ་དབུལ་ལོ། །དེས་བསམས་པ། བདག་གི་ཁྱིམ་ཐབ་མི་ཟ་ན་བདག་གིས་ཅི་སྟེ་བཟའ་སྙམ་ནས། དེས་སྨྲས་པ། རྗེའི་སྲས་བདག་གི་སྐལ་བ་ཡང་འདི་ལ་དབུལ་ལོ། །དེ་བཞིན་དུ་བུ་དང་། མནའ་མ་དང་། བྲན་ཕོ་དང་། བྲན་
མོས་ཀྱང་དཔྱད་ནས་རང་རང་གི་སྐལ་བ་ཡོངས་སུ་བཏང་སྟེ། དེ་ནས་དེ་ཐམས་ཅད་འདུས་ནས་རང་སངས་རྒྱས་ལ་བསོད་སྙོམས་ཕུལ་ལོ། །བདག་ཉིད་ཆེན་པོ་དེ་དག་ནི་ལུས་ཀྱིས་ཆོས་སྟོན་གྱི་ཚིག་གིས་ནི་མ་ཡིན་པས་དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་
ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་དག་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པ་ཡིན་པས་ཤིང་རྩ་བ་ནས་བཅད་དེ་འགྱེལ་བ་བཞིན་དུ་རྐང་པ་གཉིས་ལ་
གཏུགས་ནས་སྨོན་ལམ་ཅི་འདོད་པ་གདབ་པར་རྩོམ་སྟེ། ཁྱིམ་བདག་གིས་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་དམ་པ་འདི་ལྟ་བུ་ལ་བྱ་བ་བྱས་པའི་དགེ་བའི་རྩ་བ་གང་ཡིན་པ་འདིས་བདག་གིས་གལ་ཏེ་བང་བ་དང་མཛོད་སྟོང་པ་དག་ལ་བལྟས་ན་མཐོང་བ་དེའི་མོད་
ལ་གང་བར་གྱུར་ཅིག །འདི་ལྟ་བུའི་ཆོས་རྣམས་ཀྱང་ཐོབ་ནས་འདི་བས་ཁྱད་པར་དུ་འཕགས་པའི་སྟོན་པ་རྣམས་མཉེས་པར་བགྱིད་ཅིང་མི་མཉེས་པར་མི་བགྱིད་པར་གྱུར་ཅིག །ཆུང་མས་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་དམ་པ་འདི་ལྟ་བུ་ལ་བྱ་བ་བྱས་པའི་དགེ་
བའི་རྩ་བ་གང་ཡིན་པ་འདིས་བདག་གིས་གལ་ཏེ་གཅིག་ཅིག་གི་དོན་དུ་སྣོད་དུ་བཙོས་པ་དེ་བརྒྱའམ་སྟོང་གིས་ཟོས་ཀྱང་ཇི་སྲིད་བདག་གིས་སྦྱོར་བ་མ་བཏང་བའི་བར་དུ་ཡོངས་སུ་ཟད་པར་མི་འགྱུར་ཞིང་། འདི་ལྟ་བུའི་ཆོས་རྣམས་ཀྱང་ཐོབ་ནས་འདི་བས་ཁྱད་པར་དུ་འཕགས་པའི་
เล่ม ๓ · หน้า 34a
སྟོན་པ་རྣམས་མཉེས་པར་བགྱིད་ཅིང་མི་མཉེས་པར་མི་བགྱིད་པར་གྱུར་ཅིག །བུས་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་དམ་པ་འདི་ལྟ་བུ་ལ་བྱ་བ་བྱས་པའི་དགེ་བའི་རྩ་བ་གང་ཡིན་པ་འདིས་བདག་གི་རྐེད་པ་ལ་ལྔ་བརྒྱ་པའི་སྣོད་བཏགས་ཏེ་འདུག་པ་གལ་ཏེ་བརྒྱ་
འམ་སྟོང་འགེད་པར་བཏང་ཡང་གང་བ་ཉིད་དུ་འདུག་སྟེ་ཡོངས་སུ་ཟད་པར་མི་འགྱུར་ཞིང་། འདི་ལྟ་བུའི་ཆོས་རྣམས་ཀྱང་ཐོབ་ནས་འདི་བས་ཁྱད་པར་དུ་འཕགས་པའི་སྟོན་པ་རྣམས་མཉེས་པར་བགྱིད་ཅིང་མི་མཉེས་པར་མི་བགྱིད་པར་གྱུར་ཅིག །མནའ་མས་སྨོན་ལམ་བཏབ་པ། བདག་གིས་
ཡོན་གནས་དམ་པ་འདི་ལྟ་བུ་ལ་བྱ་བ་བྱས་པའི་དགེ་བའི་རྩ་བ་གང་ཡིན་པ་འདིས། བདག་གིས་གལ་ཏེ་གཅིག་གི་ཕྱིར་དྲི་རྣམས་སྦྱར་ན་དེས་བརྒྱའམ་སྟོང་བྱུགས་ཀྱང་ཇི་སྲིད་སྦྱོར་བ་མ་བཏང་གི་བར་དུ་ཟད་པར་མི་འགྱུར་ཞིང་། འདི་ལྟ་བུའི་ཆོས་རྣམས་ཀྱང་ཐོབ་ནས་འདི་བས་ཁྱད་པར་དུ་
འཕགས་པའི་སྟོན་པ་རྣམས་མཉེས་པར་བགྱིད་ཅིང་མི་མཉེས་པར་མི་བགྱིད་པར་གྱུར་ཅིག །བྲན་ཕོས་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་དམ་པ་འདི་ལྟ་བུ་ལ་བྱ་བ་བྱས་པའི་དགེ་བའི་རྩ་བ་གང་ཡིན་པ་འདིས་བདག་གིས་གལ་ཏེ་ཞིང་རོལ་གཅིག་རྨོས་ན་རོལ་བདུན་རྨོས་
པར་འགྱུར་ཞིང་། འདི་ལྟ་བུའི་ཆོས་རྣམས་ཀྱང་ཐོབ་ནས་འདི་བས་ཁྱད་པར་དུ་འཕགས་པའི་སྟོན་པ་རྣམས་མཉེས་པར་བགྱིད་ཅིང་མི་མཉེས་པར་མི་བགྱིད་པར་གྱུར་ཅིག །བྲན་མོས་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་དམ་པ་འདི་ལྟ་བུ་ལ་བྱ་བ་བྱས་པའི་དགེ་བའི་རྩ་
བ་གང་ཡིན་པ་འདིས་བདག་གིས་གལ་ཏེ་སྣོད་གང་ཙམ་དྲུས་པ་གང་ཡིན་པ་དེས་སྣོད་བདུན་ཙམ་དུ་འཕེལ་བར་འགྱུར་ཞིང་། འདི་ལྟ་བུའི་ཆོས་རྣམས་ཀྱང་ཐོབ་ནས་འདི་བས་ཁྱད་པར་དུ་འཕགས་པའི་སྟོན་པ་རྣམས་མཉེས་པར་བགྱིད་ཅིང་མི་མཉེས་པར་མི་བགྱིད་པར་གྱུར་ཅིག །
དེ་རྣམས་ཀྱིས་དེ་ལྟ་བུའི་སྨོན་ལམ་བཏབ་ནས་རང་སངས་རྒྱས་བདག་ཉིད་ཆེན་པོ་དེ་དེ་རྣམས་ལ་སྙིང་བརྩེ་བའི་ཕྱིར་རྫུ་འཕྲུལ་གྱིས་ཆས་པ་དང་ཇི་ཙམ་ན་རྒྱལ་པོ་ཚངས་བྱིན་སྟེང་གི་ཁང་བཟངས་ཀྱི་གཞིར་སོང་སྟེ་འདུག་པ་ལས། རྫུ་འཕྲུལ་གྱིས་སོང་བའི་གྲིབ་མ་རྒྱལ་པོ་ཚངས་བྱིན་
เล่ม ๓ · หน้า 34b
གྱི་སྟེང་དུ་བབས་ནས། དེས་གྱེན་དུ་བལྟ་བར་བརྩམས་པ་ལས་རང་སངས་རྒྱས་དེ་མཐོང་ནས་དེ་འདི་སྙམ་དུ་བདག་ཉིད་ཆེན་པོ་འདིའི་རྫུ་འཕྲུལ་གྱི་གཤོལ་ཆེན་པོས་ཡང་སུ་ཞིག་གི་བཀྲེན་པའི་དྲུངས་ཕྱུང་བར་གྱུར་སྙམ་མོ། །དེ་ནས་ཁྱིམ་བདག་དེ་རེ་བ་ཆེན་པོས་མཛོད་དང་བང་མཛོད་རྣམས་ལ་
བལྟས་པ་དང་། ཇི་ཙམ་ན་གང་བར་མཐོང་ངོ་། །དེས་ཆུང་མ་ལ་སྨྲས་པ། རེ་ཞིག་ཁོ་བོའི་སྨོན་ལམ་ནི་རྫོགས་པར་གྱུར་གྱིས་ད་ཁྱེད་ཅག་གི་བལྟའོ། །དེ་ནས་བྲན་མོས་འབྲས་སྣོད་གང་ཙམ་དྲུས་ན་བདུན་ཙམ་དུ་འཕེལ་བར་གྱུར་ཏོ། །ཆུང་མས་གཅིག་གི་དོན་དུ་སྣོད་དུ་བཙོས་པ་ལ་དེ་
དག་ཐམས་ཅད་ཀྱིས་ཟོས་ཀྱང་དེ་ཁོ་ན་བཞིན་དུ་འདུག །ཉེ་འཁོར་གྱི་སྲོག་ཆགས་སྟོང་ཕྲག་དུ་མས་ཟོས་ཀྱང་དེ་ཁོ་ན་བཞིན་དུ་འདུག་གོ། །དེ་ནས་ཁྱིམ་བདག་དེས་བཱ་རཱ་ཎ་སཱིར་དྲིལ་སྒྲོགས་སུ་བཅུག་པ། ཤེས་ལྡན་དག་ཁྱེད་ཅག་ལས་སུ་ཞིག་ཅི་དོན་དུ་གཉེར་བ་དེ་ཤོག་ཤིག །བཱ་རཱ་ཎ་སཱིར་
སྒྲ་གསལ་བ་དང་སྒྲ་ཆེན་པོར་བྱུང་བ་རྒྱལ་པོས་ཐོས་ནས་དེས་སྨྲས་པ། ཤེས་ལྡན་དག་སྒྲ་གསལ་བ་དང་། སྒྲ་ཆེན་པོ་འདི་ཅི་ཞིག་ཡིན། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཁྱིམ་བདག་ཆེ་གེ་མོ་ཞིག་ཅེས་བྱ་བས་མཛོད་དང་བང་བ་རྣམས་ཕྱེ་བ་ལགས་སོ། །རྒྱལ་པོས་སྨྲས་པ། གང་
གི་ཚེ་འཇིག་རྟེན་ཐམས་ཅད་ཤི་ཟིན་པ་དེའི་ཚེ་ཁྱིམ་བདག་དེས་མཛོད་དང་བང་བ་རྣམས་ཕྱེའམ། ཤེས་ལྡན་དག་ཁྱིམ་བདག་དེ་ཁུག་ཤིག །དེ་རྣམས་ཀྱིས་བཀུག་པ་དང་། དེ་ནས་རྒྱལ་པོས་སྨྲས་པ། ཁྱིམ་བདག་གང་གི་ཚེ་འཇིག་རྟེན་ཐམས་ཅད་ཤི་ཟིན་པ་དེའི་ཚེ་ཁྱོད་ཀྱིས་མཛོད་
དང་བང་བ་རྣམས་ཕྱེའམ། ལྷ་སུའི་མཛོད་དང་བང་བ་རྣམས་ཕྱེ། འོན་ཀྱང་དེ་རིང་ཁོ་ནར་ས་བོན་སྩལ་བའི་འབྲས་བུ་དེ་ཉིད་དུ་གྲུབ་ལགས་སོ། །རྒྱལ་པོས་སྨྲས་པ། དེ་ཇི་ལྟ་བུ་ཞིག །དེས་སྐབས་དེ་རྒྱས་པར་སྨྲས་པ་དང་རྒྱལ་པོས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་བདག་ཉིད་
ཆེན་པོ་དེ་ལ་བསོད་སྙོམས་ཕུལ་ལམ། ལྷ་བདག་གིས་ཕུལ་ལོ། །དེ་ཡང་ལྷག་པར་དད་པར་གྱུར་ནས། ཚིགས་སུ་བཅད་པས་སྨྲས་པ། ཀྱེ་མའོ་ཡོན་ཏན་ལས་བྱུང་བའི། །སྐྱོན་ཀུན་རྣམ་པར་སྤངས་པའི་ཞིང་། །དེ་ལ་ས་བོན་བཏབ་པ་ཡི། །འབྲས་བུ་དེ་ཉིད་ཐོབ་པར་
เล่ม ๓ · หน้า 35a
གྱུར། །དགེ་སློང་དག་ཇི་སྙམ་དུ་སེམས། ཁྱིམ་བདག་དང་། ཁྱིམ་བདག་གི་ཆུང་མ་དང་། ཁྱིམ་བདག་གི་བུ་དང་། ཁྱིམ་བདག་གི་མནའ་མ་དང་། ཁྱིམ་བདག་གི་བྲན་ཕོ་དང་། ཁྱིམ་བདག་གི་བྲན་མོ་གང་ཡིན་པ་དེ་ནི་ཁྱིམ་བདག་ལུག་དང་། ལུག་གི་ཆུང་
མ་དང་། ལུག་གི་བུ་དང་། ལུག་གི་མནའ་མ་དང་། ལུག་གི་བྲན་ཕོ་དང་། ལུག་གི་བྲན་མོ་འདི་དག་ཉིད་ཡིན་ནོ། །འདི་དག་གིས་རང་སངས་རྒྱས་ལ་བྱ་བ་བྱས་ཤིང་སྨོན་ལམ་བཏབ་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་དྲུག་ཆར་ཡང་བསོད་ནམས་ཆེན་པོར་གྱུར་ཅིང་ངའི་སྤྱན་སྔར་
བདེན་པ་མཐོང་ཞིང་། རང་སངས་རྒྱས་བྱེ་བ་བརྒྱ་སྟོང་པས་ཆེས་ཁྱད་པར་འཕགས་པའི་སྟོན་པ་ང་མཉེས་པར་བྱས་ཀྱི། མི་མཉེས་པར་ནི་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན། ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། གཅིག་ཏུ་དཀར་བ་རྣམས་
ཀྱི་ནི་གཅིག་ཏུ་དཀར་བ་ཡིན་པས་ཞེས་བྱ་བ་ནས་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ།། །།སྡོམ་ནི། ཀེ་ནའི་བུ་ཡིས་བཏུང་བ་བླངས། །ཀ་ཤིའི་ཚོང་རྡལ་ནས་ཐུག་དང་། །སྡིག་ཅན་དུ་ནི་བཅའ་བ་དང་། །འགྱོད་དང་སྦྱར་བའི་ཟས་
དག་གོ། །བཅོམ་ལྡན་འདས་ཡུལ་ཨ་དུ་མའི་གནས་ན་བཞུགས་སོ། །དེའི་ཚེ་དྲང་སྲོང་ཀེ་ནའི་བུ་གནས་ནི་ཡུལ་ཨ་དུ་མ་ན་འདུག་གོ། །ཉིན་པར་ནི་རྫིང་བུ་དལ་གྱིས་འབབ་ཀྱི་འགྲམ་ན་གནས་སོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ངས་གང་དུ་འཇིག་རྟེན་སྐྱོང་བ་བཞི་རྣམས་
ལ་ཆོས་བཤད་ན་དེར་ངས་ཚེགས་ཆུང་ངུས་དྲང་སྲོང་ཀེ་ནའི་བུ་ཐུལ་བར་འགྱུར་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། མ་ལ་ངས་རྫིང་བུ་དལ་གྱིས་འབབ་ཀྱི་འགྲམ་དུ་བཤད་ན་དེར་ཐུལ་བར་འགྱུར་རོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་
ཐུགས་བསྐྱེད་དེ་ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་དེའི་ཚེ་བརྒྱ་བྱིན་དང་ཚངས་པ་ལ་སོགས་ཏེ་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་སེམས་ཀྱིས་ཤེས་པར་འགྱུར་བས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་བསམས་པ།
เล่ม ๓ · หน้า 35b
བཅོམ་ལྡན་འདས་ཀྱིས་ཅི་ཞིག་གི་ཕྱིར་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་པ་བལྟས་ན། བདག་ཅག་འཇིག་རྟེན་སྐྱོང་བ་བཞི་རྣམས་ཁོ་ན་ལ་ཆོས་བཤད་པར་བཞེད་དོ་སྙམ་དུ་རིག་ནས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔས་རྩེན་ལ་བསྒོ་བ་ལྔས་རྩེན་སོང་ལ་རྫིང་བུ་དལ་གྱི་འབབ་ཀྱི་འགྲམ་དུ་བཅོམ་
ལྡན་འདས་ཀྱི་གདན་ཤོམས་ཏེ། འདུས་པ་ཆེན་པོ་འདུས་པ་ན་སུས་ཀྱང་དེའི་མདངས་འཕྲོགས་པར་མི་འགྱུར་བར་དྲང་སྲོང་ཀེ་ནའི་བུའི་སྲུང་མ་གཅིག་ཀྱང་སྐོས་ཤིག །དེས་རྫིང་བུ་དལ་གྱིས་འབབ་ཀྱི་འགྲམ་དུ་དྲང་སྲོང་ཀེ་ནའི་བུའི་སྲུང་མ་བཞག་ནས་གནས་ཤོམ་པར་རྩོམ་པ་ན་དེ་ན་སྐྱེ་བོའི་ཚོགས་
ཆེན་པོའི་ཅ་ཅོའི་སྒྲ་བྱུང་བ་དང་། དེ་ནས་དྲང་སྲོང་ཀེ་ནའི་བུ་ཅ་ཅོའི་སྒྲས་ལངས་ནས་སྲུང་མ་དེ་ལ་དྲིས་པ། ཅ་ཅོའི་སྒྲ་འདི་ཅི་ཞིག་དེས་སྨྲས་པ། གདན་ཤོམ་པར་བྱེད་པའིའོ། །ཅི་ཁོ་བོའི་ཕྱིར་རམ། ཁྱོད་ཀྱི་ཕྱིར་ནི་མ་ཡིན་མོད་ཀྱི་འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱིར་ཡིན་ནོ། །ཁྱོད་
འདི་ན་ཅི་ཞིག་ལ་སྡོད། ཁྱོད་ཁོ་ན་སྲུང་ངོ་། །ཅིའི་ཕྱིར་འབྱུང་པོ་མང་པོ་འདུ་བར་འགྱུར་བས་སོ། །དེས་སྨྲས་པ། དགེ་སྦྱོང་གཽ་ཏ་མ་དེ་སུ་ཞིག་གིས་སྲུང་བར་བྱེད་པར་འགྱུར། དེས་སྨྲས་པ། བཅོམ་ལྡན་འདས་དེ་ལ་སུ་ཞིག་སྲུང་། བཅོམ་ལྡན་འདས་དེ་ཉིད་ནི་འཇིག་རྟེན་ལྷ་དང་
བཅས་པའི་སྲུང་མ་མཛད་དོ་ཞེས་བྱས་པ་དང་དྲང་སྲོང་ཀེ་ནའི་བུས་ཐོས་ནས་ཅང་མི་སྨྲའོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་མནབས་ལྷུང་བཟེད་དང་ཆོས་གོས་བསྣམས་ནས་ཨ་དུ་མར་བསོད་སྙོམས་ལ་ཞུགས་ཏེ། ཨ་དུ་མར་བསོད་སྙོམས་སྤྱད་ནས་ཟས་ཀྱི་བྱ་བ་མཛད་
དེ། ཟས་ཕྱི་མའི་བསོད་སྙོམས་སྤངས་ནས་ཇི་ལྟར་ཐུགས་མཉམ་པར་བཞག་ན་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཨ་དུ་མ་ནས་མི་སྣང་བར་གྱུར་ཏེ། རྫིང་བུ་དལ་གྱིས་འབབ་ཀྱི་འགྲམ་དུ་བྱོན་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་
བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྐྱོང་དྲི་ཟ་དུ་མའི་འཁོར་དང་། དྲི་ཟ་བརྒྱ་ཕྲག་དུ་མའི་འཁོར་དང་། དྲི་ཟ་སྟོང་ཕྲག་དུ་མའི་འཁོར་དང་། དྲི་ཟ་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་། ལྷའི་ནོར་
เล่ม ๓ · หน้า 36a
བུས་ཐུ་བ་བཀང་སྟེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ལ་ལྷའི་ནོར་བུ་རྣམས་ཀྱིས་གཏོར་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མདུན་གྱིས་བལྟས་ནས་ཤར་
ཕྱོགས་སུ་བརྟེན་ཏེ་འདུག་གོ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ཡང་གྲུལ་བུམ་དུ་མའི་འཁོར་དང་། གྲུལ་བུམ་བརྒྱ་ཕྲག་དུ་མའི་འཁོར་དང་། གྲུལ་བུམ་སྟོང་ཕྲག་དུ་མའི་འཁོར་དང་། གྲུལ་བུམ་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་། ལྷའི་མུ་ཏིག་གིས་ཐུ་བ་བཀང་སྟེ། བཅོམ་ལྡན་འདས་
གང་ན་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ལ་ལྷའི་མུ་ཏིག་གིས་གཏོར་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མདུན་གྱིས་བལྟས་ནས་ལྷོ་ཕྱོགས་སུ་བརྟེན་ཏེ་འདུག་གོ། །རྒྱལ་པོ་ཆེན་པོ་
མིག་མི་བཟང་ཡང་ཀླུ་དུ་མའི་འཁོར་དང་། ཀླུ་བརྒྱ་ཕྲག་དུ་མའི་འཁོར་དང་། ཀླུ་སྟོང་ཕྲག་དུ་མའི་འཁོར་དང་། ཀླུ་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་། ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་རྣམས་ཀྱིས་ཐུ་བ་བཀང་ནས་བཅོམ་ལྡན་
འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་རྣམས་ཀྱིས་གཏོར་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་དང་དགེ་
སློང་གི་དགེ་འདུན་ལ་མདུན་གྱིས་བལྟས་ནས་ནུབ་ཕྱོགས་སུ་བརྟེན་ཏེ་འདུག་གོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཡང་གནོད་སྦྱིན་དུ་མའི་འཁོར་དང་། གནོད་སྦྱིན་བརྒྱ་ཕྲག་དུ་མའི་འཁོར་དང་། གནོད་སྦྱིན་སྟོང་ཕྲག་དུ་མའི་འཁོར་དང་། གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མའི་འཁོར་
དང་། ལྷའི་དབྱིག་དང་། གསེར་གྱིས་ཐུ་བ་བཀང་སྟེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ལ་ལྷའི་དབྱིག་དང་། གསེར་གྱིས་གཏོར་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་དང་དགེ་སློང་
เล่ม ๓ · หน้า 36b
གི་དགེ་འདུན་ལ་མདུན་གྱིས་བལྟས་ནས་བྱང་ཕྱོགས་སུ་བརྟེན་ཏེ་འདུག་གོ། །དེ་ལ་དབུས་པའི་རིགས་ནི་གཉིས་ཏེ། ཡུལ་འཁོར་སྐྱོང་དང་། འཕགས་སྐྱེས་པོའོ། །མཐའ་འཁོབ་པའི་རིགས་ནི་གཉིས་ཏེ། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུའོ། །དེ་ནས་བཅོམ་ལྡན་འདས་
འདི་སྙམ་དུ་དགོངས་ཏེ། གལ་ཏེ་ངས་དབུས་པའི་ཚིག་གིས་ཆོས་བཤད་ན་གཉིས་ཁོ་ནས་ཤེས་པར་འགྱུར་གྱི་གཉིས་ཀྱིས་ནི་མི་ཤེས་ལ། གལ་ཏེ་མཐའ་འཁོབ་པའི་ཚིག་གིས་བཤད་ན་གཉིས་ཁོ་ནས་ཤེས་པར་འགྱུར་གྱི་གཉིས་ཀྱིས་ནི་མི་ཤེས་པས་མ་ལ་ངས་གཉིས་ལ་ནི་དབུས་པའི་ཚིག་
གིས་ཆོས་བཤད་དོ། །གཉིས་ལ་ནི་མཐའ་འཁོབ་པའི་ཚིག་གིས་ཆོས་བཤད་དོ་སྙམ་དུ་དགོངས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྐྱོང་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ལྟར་ལུས་ཞིག་པ་དང་། ཚོར་བ་བསིལ་བར་གྱུར་པ་དང་། འདུ་ཤེས་འགགས་པ་དང་། འདུ་བྱེད་རྣམས་
ཉེ་བར་ཞི་བ་དང་། རྣམ་པར་ཤེས་པ་ནུབ་པར་གྱུར་པ་དེ་ཉིད་སྡུག་བསྔལ་གྱི་མཐའ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཀའ་སྩལ་པ་ན་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྐྱོང་དང་། དེ་དང་སྐལ་བ་མཉམ་པའི་དྲི་ཟ་བརྒྱ་སྟོང་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་
བྲལ་བ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ལ་ཁྱོད་ཀྱིས་མཐོང་བ་ལ་མཐོང་བ་ཙམ་དང་། ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཙམ་དུ་གྱིས་ཤིག །ཆོས་ཀྱི་
རྣམ་གྲངས་འདི་བཀའ་སྩལ་པ་ན་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། དེ་དང་སྐལ་བ་མཉམ་པའི་གྲུལ་བུམ་བརྒྱ་སྟོང་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་མིག་མི་བཟང་ལ་བཀའ་སྩལ་པ།
དེ་ལྟར་ན་རྒྱལ་པོ་ཆེན་པོ་ཨེ་ནེ་མེ་ནེ། དབ་བེ། ད་ཌབ་ཕེ་འདི་ཉིད་སྡུག་བསྔལ་གྱི་མཐའ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཀའ་སྩལ་པ་ན་རྒྱལ་པོ་ཆེན་པོ་མིག་མི་བཟང་དང་། དེ་དང་སྐལ་བ་མཉམ་པའི་ཀླུ་བརྒྱ་སྟོང་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་
เล่ม ๓ · หน้า 37a
བྲལ་བ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་བཀའ་སྩལ་པ། དེ་ལྟར་ན་རྒྱལ་པོ་ཆེན་པོ་མཱ་ཥཱ། ཏུ་ཥཱ། སང་ཤཱ་མཱ། སརྦ་ཏྲ་བི་རཱ་ཌཱི་འདི་ཉིད་སྡུག་བསྔལ་གྱི་མཐའ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཀའ་སྩལ་པ་ན། རྒྱལ་པོ་ཆེན་
པོ་རྣམ་ཐོས་ཀྱི་བུ་དང་དེ་དང་སྐལ་བ་མཉམ་པའི་གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ད་ནི་བདག་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་ཁད་ཀྱིས་ཉེ་ན། སུ་ལ་བསྟན་པ་གཏད་ནས་
ཡོངས་སུ་མྱ་ངན་འདའ། གལ་ཏེ་ལྷ་རྣམས་ལ་ནི་ལྷ་རྣམས་བག་མེད་པ་ལ་དགའ་བ་མང་བས་ཡུན་རིང་དུ་གནས་པར་མི་འགྱུར་རོ། །འོན་ཏེ་མི་རྣམས་ལ་ནི་མི་ནི་ཚེ་ཐུང་བ་ཡིན་པས་དེ་བཞིན་དུ་ཡུན་རིང་དུ་གནས་པར་མི་འགྱུར་གྱི། མ་ལ་ངས་ལྷ་དང་། མི་རྣམས་དང་། དགེ་སློང་འོད་
སྲུང་ལ་གཏད་ནས་ཡོངས་སུ་མྱ་ངན་ལས་འདའོ་སྙམ་དུ་དགོངས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྐྱོང་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ང་ཡོངས་སུ་མྱ་ངན་ལས་འདས་པའི་བསྟན་པ་ཤར་ཕྱོགས་ནས་བསྲུང་བ་བྱོས་ཤིག །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ལ་བཀའ་
སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཀྱང་ལྷོ་ཕྱོགས་ནས་བསྲུང་བ་བྱོས་ཤིག །རྒྱལ་པོ་ཆེན་པོ་མིག་མི་བཟང་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཀྱང་ནུབ་ཕྱོགས་ནས་བསྲུང་བ་བྱོས་ཤིག །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་
ཀྱང་བྱང་ཕྱོགས་ནས་བསྲུང་བ་བྱོས་ཤིག །དེ་ནས་རྒྱལ་པོ་ཆེན་པོ་བཞི་རབ་ཏུ་དགའ་བའི་ཡིད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་ཇི་སྐད་སྩལ་པ་དེ་བཞིན་དུ་བགྱིའོ། །བཅོམ་ལྡན་འདས་བདག་ཅག་གིས་བསྲུང་བར་བགྱི་ལགས་
སོ་ཞེས་གསོལ་ནས། བཅོམ་ལྡན་འདས་ལས་བདེན་པ་མཐོང་ནས་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བསྟན་པ་མཐའ་དག་གི་བྱ་བ་རྣམས་གཏད་ནས་ཚེ་དང་
เล่ม ๓ · หน้า 37b
ལྡན་པ་ཀུན་དགའ་བོ་ལ་ཡང་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཀྱང་བསྟན་པའི་དོན་གྱི་བྱ་བ་ལ་བརྩོན་པར་གྱིས་ཤིག །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྒྱལ་པོ་ཆེན་པོ་བཞི་རྣམས་
ཀྱིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་རྒྱལ་པོ་ཆེན་པོ་བཞིར་གྱུར་ཅིང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདེན་པ་མཐོང་བར་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་དག་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་
རྣམས་བྱས་ཤིང་བསགས་པ་ཚོགས་རྙེད་པ་ཞེས་བྱ་བ་ནས། འབྲས་བུ་དག་ཏུ་འགྱུར་བ་ཉིད་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་ཞེས་བྱ་བ་ནས། ལྷ་དང་མི་རྣམས་ཀྱི་སྟོན་
པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེའི་ཚེ་རྒྱ་མཚོ་ཆེན་པོ་ན་ཀླུ་གཉིས་ཤིག་གནས་ཏེ་དབུགས་འབྱིན་དང་། དབུགས་ཆེར་འབྱིན་ནོ། །ཤིང་ཤལ་མ་བརྩེགས་པ་ན་ཡང་ནམ་མཁའ་ལྡིང་གཉིས་
ཤིག་ཡོད་པ་འགྲོ་བའི་དབང་ཕྱུག་དང་། གཙུག་གི་དབང་ཕྱུག་གོ། །གང་གི་ཚེ་དབུགས་འབྱིན་དང་དབུགས་ཆེར་འབྱིན་གཉིས་ལ་དེ་གཉིས་གནོད་པ་བྱེད་པ་དེའི་ཚེ་དེ་གཉིས་སའི་འོག་ཏུ་འགྲོ་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་དབུགས་འབྱིན་དང་། དབུགས་
ཆེར་འབྱིན་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་སྐྱབས་སུ་སོང་ཞིང་བསླབ་པའི་གཞི་རྣམས་བླངས་པ་དང་། དེ་གཉིས་ལ་ནམ་མཁའ་ལྡིང་གིས་གནོད་པ་བྱ་བར་བརྩམས་པ་ལས། རི་རབ་ལ་རླུང་དང་ཆུའི་ཤུགས་བཞིན་དུ་རྡུགས་ནས་སླར་ལོགས་པ་དང་།
དེ་གཉིས་ཀྱིས་སྨྲས་པ། ཤེས་ལྡན་དག་སྔོན་ནི་ཁོ་བོ་ཅག་གིས་ཁྱེད་ཅག་གནོད་པ་བྱས་ན་སའི་འོག་ཏུ་འགྲོ་ན། ད་གང་གིས་ན་ཁོ་བོ་ཅག་ཁྱེད་དང་ཕྲད་ནས་རི་རབ་ལ་རླུང་དང་ཆུ་བཞིན་དུ་རྡུགས་ནས་ཕྱིར་ལྡོག་པ་འདི་ལ་རྒྱུ་ཅི་ཞིག་ཡོད། དབུགས་འབྱིན་དང་དབུགས་ཆེར་འབྱིན་
เล่ม ๓ · หน้า 38a
གྱིས་སྨྲས་པ། བདག་ཅག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་སོ། །དེ་གཉིས་ཀྱིས་སྨྲས་པ། གལ་ཏེ་དེ་ལྟ་ན་བདག་ཅག་གིས་ཀྱང་བླང་ངོ་ཞེས་དེ་གཉིས་དེ་དག་དང་ལྷན་ཅིག་འགྲོགས་ཏེ་
ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་དོང་ནས་དེ་དག་ཕྱིན་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔ་ནས་འཇིག་རྟེན་སྐྱོང་བ་བཞི་པོ་དག་གིས་ཆོས་ཐོས་ནས་དོང་བ་དེ་དག་དེ་གཉིས་ཀྱིས་མཐོང་ནས། ནམ་མཁའ་ལྡིང་དེ་གཉིས་ཀྱིས་ཀླུ་དབུགས་
འབྱིན་དང་། དབུགས་ཆེར་འབྱིན་གཉིས་ལ་དྲིས་པ། འགྲོ་བ་ཕ་བི་དག་སུ་དག་ཡིན། དེ་གཉིས་ཀྱིས་རྒྱས་པར་སྨྲས་པ་དང་། ནམ་མཁའ་ལྡིང་གཉིས་ཀྱིས་སྨྲས་པ། གལ་ཏེ་དེ་ལྟར་བདག་ཅག་གིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་སྐྱབས་སུ་འགྲོ་
བ་དང་བསླབ་པའི་གཞི་རྣམས་བླངས་ལ་སྨོན་ལམ་གདབ་བོ་ཞེས་དེ་གཉིས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་སོ། །དབུགས་འབྱིན་དང་དབུགས་ཆེར་འབྱིན་གཉིས་ནི་སྔར་བླངས་སོ། །དེ་ནས་ལྷན་ཅིག་འདུས་
ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་གཉིས་ལ་གཏུགས་ནས་སྨོན་ལམ་བཏབ་པ། ཇི་ལྟར་འཇིག་རྟེན་སྐྱོང་བ་བཞི་པོ་འདི་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་ཆོས་མཉན་ནས་བདེན་པ་མཐོང་སྟེ་རང་གི་གནས་སུ་མཆིས་པ་དེ་
བཞིན་དུ་བདག་ཅག་ཀྱང་དགེ་བའི་རྩ་བ་འདིས་འཇིག་རྟེན་སྐྱོང་བ་བཞིར་གྱུར་ཅིང་། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བགྱི་བ་གང་ལགས་པ་དེ་ལ་བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པའི་བཅོམ་ལྡན་འདས་དེས་ཀྱང་དེ་བཞིན་དུ་རྫིང་བུ་དལ་གྱིས་འབབ་ཀྱི་འགྲམ་དུ་བདག་ཅག་ལ་ཆོས་བཤད་དེ་བདག་ཅག་གིས་ཆོས་དེ་ཐོས་ནས་བདེན་པ་མཐོང་སྟེ། འདི་བཞིན་
เล่ม ๓ · หน้า 38b
དུ་རང་གི་གནས་སུ་མཆི་བར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། ཀླུ་དང་ནམ་མཁའ་ལྡིང་བཞི་པོ་གང་དག་ཡིན་པ་དེ་དག་ནི་འཇིག་རྟེན་སྐྱོང་བ་བཞི་པོ་འདི་དག་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་དབུགས་འབྱིན་གང་ཡིན་པ་དེ་ནི་ཡུལ་འཁོར་སྐྱོང་འདི་ཉིད་ཡིན་
ནོ། །དབུགས་ཆེར་འབྱིན་གང་ཡིན་པ་དེ་ནི་འཕགས་སྐྱེས་པོ་ཡིན་ནོ། །འགྲོ་བའི་དབང་ཕྱུག་ནི་མིག་མི་བཟང་ཡིན་ནོ། །གཙུག་གི་དབང་ཕྱུག་ནི་རྣམ་ཐོས་ཀྱི་བུ་ཡིན་ཏེ། དེའི་ཚེ་དེའི་དུས་ན་འདི་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་
བསླབ་པའི་གཞི་རྣམས་བླངས་ཤིང་སྨོན་ལམ་བཏབ་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་འཇིག་རྟེན་སྐྱོང་བ་བཞིར་གྱུར་ཅིང་ངའི་སྤྱན་སྔར་བདེན་པ་མཐོང་བར་བྱས་ནས་རང་གི་གནས་སུ་སོང་ངོ་། །ཆོས་བཤད་པ་དེ་དྲང་སྲོང་ཀེ་ནའི་བུས་ཐོས་ནས་མཆོག་ཏུ་དགའ་བ་སྐྱེས་ཏེ། བཅོམ་
ལྡན་འདས་ལ་མངོན་པར་དད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་གང་ཐོས་ནས་མོད་ལ་དྲང་སྲོང་ཀེ་ནའི་བུས་འཕགས་པའི་བདེན་པ་རྣམས་མངོན་པར་རྟོགས་ནས་ཕྱིར་མི་འོང་བའི་འབྲས་
བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུའི་ཆོས་བཤད་པ་མཛད་དོ། །དེ་ནས་དེ་རྟོགས་པའི་དད་པ་དང་ལྡན་པར་གྱུར་ནས། བཏུང་བ་བརྒྱད་པོ་ཙོ་ཙའི་བཏུང་བ་དང་། ཆུ་ཤིང་གི་འབྲས་བུའི་བཏུང་བ་དང་། རྒྱ་ཤུག་གི་བཏུང་བ་དང་། ཨ་ཤྭཏྠའི་བཏུང་བ་དང་། ཨུ་དུམ་བཱ་རའི་
བཏུང་བ་དང་། རྩུབ་འགྱུར་གྱི་བཏུང་བ་དང་། འབྲ་གོའི་བཏུང་བ་དང་། རྒུན་གྱི་བཏུང་བ་ཁྱེར་ཏེ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཏུང་བ་བརྒྱད་པོ་འདི་དག་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱིས་བསྟོད་
ཅིང་བསྔགས་པ་ལགས་ཀྱིས། བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཀེ་ནའི་བུ་ལ་ཐུགས་བརྩེ་བར་དགོངས་ནས་བཏུང་བ་བརྒྱད་པོ་དག་བཞེས་སོ། །བཞེས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ།
เล่ม ๓ · หน้า 39a
དགེ་སློང་དག་བཏུང་བ་བརྒྱད་པོ་འདི་དག་དུས་སུ་བྱིན་ལེན་བྱས། དུས་སུ་མཉེས། དུས་སུ་བཙགས། དུས་སུ་བྱིན་གྱིས་བརླབས་ན་དུས་སུ་ལོངས་སྤྱད་པར་བྱ་ཞིང་དུས་མ་ཡིན་པར་ཡང་ལོངས་སྤྱད་པར་བྱ་ལ། ནམ་གྱི་ཐུན་དང་པོ་ཐལ་ནས་ནི་ལོངས་སྤྱད་པར་མི་བྱའོ། །
བཏུང་བ་བརྒྱད་པོ་འདི་དག་དུས་སུ་བྱིན་ལེན་བྱས་ལ་དུས་མ་ཡིན་པར་མཉེས། དུས་མ་ཡིན་པར་བཙགས། དུས་མ་ཡིན་པར་བྱིན་གྱིས་བརླབས་པ་ནི་ལོངས་སྤྱད་པར་མི་བྱའོ། །བཏུང་བ་བརྒྱད་པོ་འདི་དག་དུས་སུ་བྱིན་ལེན་བྱས། དུས་སུ་མཉེས་ལ། དུས་མ་ཡིན་པར་བཙགས་དུས་མ་
ཡིན་པར་བྱིན་གྱིས་བརླབས་པ་ནི་ལོངས་སྤྱད་པར་མི་བྱའོ། །བཏུང་བ་བརྒྱད་པོ་འདི་དག་དུས་མ་ཡིན་པར་བྱིན་ལེན་བྱས། དུས་མ་ཡིན་པར་མཉེས། དུས་མ་ཡིན་པར་བཙགས་པ་ནི་ཟས་ཀྱི་འོག་ཏུ་ཡང་ལོངས་སྤྱད་པར་མི་བྱ་ལ། ནམ་གྱི་ཆ་སྟོད་འདས་ན་ཡང་ལོངས་སྤྱད་པར་མི་བྱའོ། །
དེ་ནས་དྲང་སྲོང་ཀེ་ནའི་བུ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གིས་
གདུགས་ཆོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཀེ་ནའི་བུ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་དྲང་སྲོང་ཀེ་ནའི་བུ་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་སྟན་ལས་ལངས་ཏེ་སོང་ངོ་། །བཅོམ་ལྡན་འདས་ཀྱང་རྫིང་
བུ་དལ་གྱིས་འབབ་ཀྱི་འགྲམ་ནས་མི་སྣང་བར་མཛད་དེ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཨ་དུ་མར་གཤེགས་སོ། །དེ་ནས་དྲང་སྲོང་ཀེ་ནའི་བུ་ནམ་མ་ལངས་པར་ལངས་ནས་ནང་མི་རྣམས་ལ་སྨྲས་པ། འཕགས་པ་དག་བཞེངས་ཤིག །བཞིན་བཟངས་དག་ལོངས་ཤིག །
ཤིང་དག་གཤེགས་ཤིག །མེ་བུས་ཤིག །ཞལ་ཟས་དག་བྲིམ་པར་གྱིས་ཤིག །བཀད་ས་དག་བྱི་དོར་གྱིས་ཤིག །དེའི་ཚེ་དྲང་སྲོང་ཀེ་ནའི་བུའི་སྲིང་མོའི་བུ་དྲང་སྲོང་རི་བོ་ཞེས་བྱ་བ་གནས་དེ་ཉིད་དུ་ནུབ་མོ་གནས་བཏབ་པ་ལས། དྲང་སྲོང་རི་བོས་དྲང་སྲོང་ཀེ་ནའི་བུ་ནམ་མ་
เล่ม ๓ · หน้า 39b
ལངས་པར་ལངས་ནས་ནང་མི་རྣམས་ལ་སྨྲ་བ་ཐོས་སོ། །ཐོས་ནས་ཀྱང་དྲང་སྲོང་ཀེ་ནའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཅི་ཁྱོད་ཚངས་པ་མཚུངས་པར་སྤྱོད་པ་རྣམས་མགྲོན་དུ་བོས་སམ། ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོའམ། ཕོ་བྲང་འཁོར་ན་
གནས་པའི་སྐྱེ་བོའི་ཚོགས་སམ། དྲང་སྲོང་གི་ཆོས་ཇི་ལྟར་འདོད་པ་ཡོངས་སུ་རྫོགས་པའམ། དེས་སྨྲས་པ། རི་བོ་ཁོ་བོ་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་མགྲོན་དུ་བོས་པ་ཡང་མ་ཡིན། ཡུལ་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡང་མ་ཡིན། ཕོ་བྲང་
འཁོར་ན་གནས་པའི་སྐྱེ་བོའི་ཚོགས་ཀྱང་མ་ཡིན། དྲང་སྲོང་གི་ཆོས་ཇི་ལྟར་འདོད་པ་ཡོངས་སུ་རྫོགས་པ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་ཁོ་བོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་སོ། །དེས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་མ་ཐོས་པ་ཐོས་
ནས་བ་སྤུ་ཐམས་ཅད་ཟིང་ཞེས་བྱེད་ནས་གུས་པ་དང་བཅས་པས་དྲིས་པ། དྲང་སྲོང་སངས་རྒྱས་ཞེས་བྱ་བ་དེ་ཅི་ཞིག་ཡིན། རི་བོ་དགེ་སྦྱོང་གཽ་ཏམ་ཤཱཀྱའི་སྲས་ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་
རབ་ཏུ་བྱུང་ནས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཞིག་ཡོད་དེ། རི་བོ་སངས་རྒྱས་ཞེས་བྱ་བ་ནི་དེ་ཡིན་ནོ། །རི་བོས་སྨྲས་པ། དྲང་སྲོང་དགེ་འདུན་ཞེས་བྱ་བ་འདི་ཅི་ཞིག་ཡིན། དྲང་སྲོང་ཀེ་ནའི་བུས་སྨྲས་པ། རི་བོ་རྒྱལ་
རིགས་ཀྱི་རིགས་ཀྱི་བུ་རྣམས་ལས་ཀྱང་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡང་ཡོད། བྲམ་ཟེའི་རིགས་དང་། རྗེའུའི་རིགས་དང་། དམངས་རིགས་ཀྱི་རིགས་ཀྱི་བུ་རྣམས་ལས་ཀྱང་ཞེས་བྱ་བ་
ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་བྱུང་བ་དེ་ཉིད་ཀྱི་རྗེས་སུ་རབ་ཏུ་བྱུང་བ་ཡོད་དེ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། རི་བོ་འདི་ནི་དགེ་འདུན་ཞེས་བྱའོ། །རི་བོ་དགེ་འདུན་འདི་དང་སྔར་སྨོས་པའི་སངས་
เล่ม ๓ · หน้า 40a
རྒྱས་ཏེ་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་འདི་ཁོ་བོས་གདུགས་ཚོད་ལ་སྤྱན་དྲངས་སོ། །དེ་ནས་དྲང་སྲོང་རི་བོས་སངས་རྒྱས་ལ་དམིགས་པའི་དྲན་པས་ནང་པར་སྔར་ལངས་ཏེ་འཁོར་ལྔ་བརྒྱ་དང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་
ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་དྲང་སྲོང་རི་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བདག་རབ་ཏུ་འབྱུང་བ་དང་བསྙེན་པར་
རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པ་ལྟ་ན། བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པར་བགྱིའོ། །དྲང་སྲོང་རི་བོ་དང་འཁོར་ལྔ་བརྒྱས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པར་གྱུར་ཏོ།། །།
འདུལ་བ་གཞི། བམ་པོ་ལྔ་བཅུ་དགུ་པ། དེ་ནས་དྲང་སྲོང་ཀེ་ནའི་བུས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་ཅེས་བྱ་བ་ནས་བསྟབས་ཤིང་ཚིམ་པར་བྱས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་
འདུན་གདུགས་ཚོད་གསོལ་བ་ན་རི་བོ་རབ་ཏུ་བྱུང་བ་མཐོང་ནས་དེས་སྨྲས་པ། རི་བོ་ཁྱོད་རབ་ཏུ་བྱུང་ངམ། རབ་ཏུ་བྱུང་ངོ་། །ལེགས་པར་བྱས་སོ། །ཤིན་ཏུ་ལེགས་པར་བྱས་སོ། །ཁོ་བོ་ཡང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཟིན་ནས་རབ་
ཏུ་འབྱུང་ངོ་། །དེ་ནས་དྲང་སྲོང་ཀེ་ནའི་བུས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ། ལྷུང་
བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཡོན་བསྔོ་བ་དང་ཆོས་བཤད་པ་མཛད་ནས་གཤེགས་སོ། །དེ་ནས་དྲང་སྲོང་ཀེ་ནའི་བུས་རྒྱུ་ལྷག་དེ་དག་ཐམས་ཅད་
เล่ม ๓ · หน้า 40b
བཏང་བའི་ཆོས་བྱས་ནས་འཁོར་ལྔ་བརྒྱ་དང་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་དྲང་སྲོང་ཀེ་ནའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བཙུན་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བདག་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པ་ལྟ་ན། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པར་བགྱིའོ། །དྲང་སྲོང་ཀེ་ནའི་བུ་འཁོར་ལྔ་བརྒྱ་དང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་
བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་དགེ་སློང་སྟོང་པོ་དེ་དག་དང་། འབབ་ཆུ་རབ་ཏུ་བཟང་པོའི་འགྲམ་དུ་ཨ་མྲའི་ཚལ་གདུགས་ལྟ་བུར་དབྱར་གནས་པར་ཞལ་གྱིས་བཞེས་སོ། །དེ་
ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྲམ་ཟེ་ཀ་པི་ན་ལ་དགེ་སློང་ལྔ་བརྒྱ་གཏད་དོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་ཉིས་བརྒྱ་ལྔ་བཅུ་གཏད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ཉིས་བརྒྱ་ལྔ་བཅུ་གཏད་དོ། །དེ་ནས་ཚེ་དང་ལྡན་པ་བྲམ་ཟེ་ཀ་པི་ནས་གདམས་ངག་ཕོག་པ་གང་
ཡིན་པ་དེ་དག་ནི་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་གང་དག་ཡིན་པ་དེ་དག་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུའོ། །ཚེ་དང་ལྡན་པ་ཤཱ་རིའི་བུའི་གང་དག་ཡིན་པ་དེ་དག་ནི་རྒྱུན་དུ་ཞུགས་
པའི་འབྲས་བུའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ནི་ཤེས་རབ་ཆེ་བ་རྣམས་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ནི་མཐུ་ཆེ་བ་དང་། རྫུ་
འཕྲུལ་ཆེ་བ་རྣམས་ཀྱི་མཆོག་ཏུ་བསྟན་ལགས་ན། འོན་ཀྱང་ཚེ་དང་ལྡན་པ་བྲམ་ཟེ་ཀ་པི་ནས་གདམས་ངག་ཕོག་པ་གང་དག་ལགས་པ་དེ་དག་ནི་དགྲ་བཅོམ་པ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་གང་དག་ལགས་པ་དེ་དག་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ། ཚེ་དང་
เล่ม ๓ · หน้า 41a
ལྡན་པ་ཤཱ་རིའི་བུའི་གང་དག་ལགས་པ་དེ་དག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་དུ་མ་ཟད་ཇི་ལྟར་འདས་པའི་དུས་ན་ཡང་ཀ་པི་ནའི་གདམས་ངག་ཕོག་པ་གང་
དག་ཡིན་པ་དེ་དག་ནི་གཟུགས་མེད་པའི་ཁམས་ལ་རབ་ཏུ་བཀོད། མཽད་གལ་གྱི་བུའི་གང་དག་ཡིན་པ་དེ་དག་ནི་གཟུགས་ཀྱི་ཁམས་དང་། ཤཱ་རིའི་བུའི་གང་དག་ཡིན་པ་དེ་དག་ནི་མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་དགོན་པའི་གནས་
ཞིག་ན་དྲང་སྲོང་གཉིས་ཤིག་གནས་ཏེ་སོ་སོར་འཁོར་ལྔ་བརྒྱ་ལྔ་བརྒྱ་ཡོད་དོ། །ཇི་ཙམ་དུས་གཞན་ཞིག་ན་དེ་གཉིས་ལས་གཅིག་ཤི་ནས་དེའི་བྲམ་ཟེའི་ཁྱེའུ་རྣམས་བླ་མ་དང་བྲལ་བའི་སྡུག་བསྔལ་བ་དང་། ཡིད་མི་བདེ་བས་གདུངས་ནས་ཕན་ཚུན་འཕྱན་འཕྱན་ནས་དྲང་སྲོང་
ཅིག་ཤོས་དེའི་དྲུང་དུ་འོངས་པ་དང་། དེས་དེ་རྣམས་མིག་མཆི་མས་གང་བ་མཐོང་ནས་དྲིས་པ། བྲམ་ཟེའི་ཁྱེའུ་དག་ཁྱེད་ཀྱི་མཁན་པོ་དེ་གར་སོང་། གུམ་མོ། །དེས་བསམས་པ། བདག་འདས་ན་བྲམ་ཟེའི་ཁྱེའུ་རྣམས་འདི་འདྲ་བའི་གནས་སྐབས་སུ་འགྱུར་གྱིས། མ་ལ་
བདག་གིས་འདི་དག་བསྡུ་བར་བྱའོ་སྙམ་ནས་དེས་དེ་རྣམས་དབུགས་ཕྱུང་སྟེ་བསྡུས་སོ། །ཇི་ཙམ་དུས་གཞན་ཞིག་ན་དྲང་སྲོང་དེ་ཡང་ནད་ཀྱིས་ཐེབས་པར་གྱུར་ནས། དེའི་སློབ་མ་མཆོག་གསུམ་ཡོད་པ་ལ་དེས་གཅིག་ལ་ནི་ལྔ་བརྒྱ། གཉིས་པ་ལ་ནི་ཉིས་བརྒྱ་ལྔ་བཅུ། གསུམ་པ་
ལ་ནི་ཉིས་བརྒྱ་ལྔ་བཅུ་གཏད་དོ། །དེ་ནི་འཆི་བའི་ཆོས་དང་ལྡན་པར་གྱུར་ཏོ། །དེ་ལ་ལྔ་བརྒྱ་གཏད་པ་གང་ཡིན་པ་དེས་ནི་ཇི་ལྟར་གཟུགས་མེད་པའི་ཁམས་ལ་བཀོད་པ་དེ་ལྟར་གདམས་ངག་ཕོག་གོ། །ཉིས་བརྒྱ་ལྔ་བཅུ་གཏད་པ་གང་ཡིན་པ་དེས་ནི་ཇི་ལྟར་གཟུགས་ཀྱི་ཁམས་ལ་བཀོད་
པ་དེ་ལྟར་གདམས་ངག་ཕོག་གོ། །ཉིས་བརྒྱ་ལྔ་བཅུ་ཕོག་པ་ཅིག་ཤོས་ཀྱིས་ནི་ཇི་ལྟར་མངོན་པར་ཤེས་པ་ལྔ་ལ་བཀོད་པ་དེ་ལྟར་གདམས་ངག་ཕོག་གོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་དྲང་སྲོང་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་གཟུགས་མེད་པའི་ཁམས་ལ་འགོད་པ་གང་
เล่ม ๓ · หน้า 41b
ཡིན་པ་དེ་ནི་དགེ་སློང་ཀ་པི་ན་འདི་ཉིད་ཡིན་ནོ། །ཉིས་བརྒྱ་ལྔ་བཅུ་གཟུགས་ཀྱི་ཁམས་ལ་རབ་ཏུ་འགོད་པ་གང་ཡིན་པ་དེ་ནི་དགེ་སློང་མཽད་གལ་གྱི་བུ་འདི་ཉིད་ཡིན་ནོ། །ཅིག་ཤོས་ཀྱིས་ཉིས་བརྒྱ་ལྔ་བཅུ་མངོན་པར་ཤེས་པ་ལྔ་ལ་རབ་ཏུ་དགོད་པ་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་འདི་ཉིད་ཡིན་
ནོ། །འོན་ཀྱང་དགེ་སློང་ཀ་པི་ནས་གདམས་ངག་ཕོག་པ་གང་ཡིན་པ་དེ་ནི་དབང་པོ་རྣོན་པོ་ཡིན་ནོ། །མཽད་གལ་གྱི་བུའི་གང་ཡིན་པ་དེ་དག་ནི་དབང་པོ་འབྲིང་པོ་ཡིན་ནོ། །ཤཱ་རིའི་བུའི་གང་ཡིན་པ་དེ་དག་ནི་དབང་པོ་རྟུལ་པོ་ཡིན་ནོ། །གལ་ཏེ་ཤཱ་རིའི་བུས་གདམས་ངག་ཕོག་པར་མ་གྱུར་ན་དེ་
དག་གིས་དྲོ་བར་གྱུར་པ་ཡང་རྟོགས་པར་མི་འགྱུར་རོ། །ཀེ་ནའི་བུ་ནི་རལ་པ་ཅན། །ཇི་ལྟར་སངས་རྒྱས་བསྔགས་བརྗོད་པ། །རབ་ཏུ་དང་བའི་སེམས་ཀྱིས་ནི། །ཐམས་ཅད་མཐུན་པར་མཉན་པར་གྱིས། །ཀེ་ནའི་བུ་ཡི་ཁྱིམ་དུ་ནི། །དུས་གཅིག་ཅིག་ན་སྟོན་པ་པོ། །དཔའ་ཆེན་ཉན་
ཐོས་ཐབས་ཅིག་ཏུ། །གདུགས་ཚོད་ལ་ནི་སྤྱན་དྲངས་སོ། །ཀེ་ནའི་བུ་ཡི་ཁྱིམ་དུ་ནི། །ཟས་ཀྱི་ཞལ་ཏ་བྱེད་པ་དག །བྲམ་ཟེ་རི་བོས་མཐོང་གྱུར་ཏེ། །མཐོང་ནས་ཀེ་ནའི་བུ་ལ་དྲིས། །བག་མ་ལེན་ཏམ་འོན་ཏེ་ཅི། །རྒྱལ་པོ་ཡུལ་འཁོར་མགྲོན་བོས་སམ། །ཁྱོད་ཀྱི་མཆོད་
སྦྱིན་ཆེ་དུས་སམ། །དྲིས་པ་དེ་ནི་བདག་ལ་སྨྲོས། །བདག་ནི་བག་མ་མི་ལེན་ལ། །རྒྱལ་པོའམ་ཡུལ་འཁོར་མགྲོན་མ་བོས། །བདག་གིས་སངས་རྒྱས་སེམས་དཔའ་མཆོག །གདུགས་ཚོད་ལ་ནི་སྤྱན་དྲངས་སོ། །རི་བོས་སངས་རྒྱས་སྒྲ་ཐོས་ནས། །ཡིད་སྐྱོ་བ་ནི་སྐྱེས་
གྱུར་ཏེ། །སངས་རྒྱས་དེ་ཅི་ཀེ་ནའི་བུ། །དྲིས་པ་དེ་ནི་བདག་ལ་སྨྲོས། །ཤཱཀྱའི་རིགས་ལས་སྐྱེས་པ་ཡི། །སྟོན་པ་གང་ཟག་ཟླ་མེད་ཡོད། །དེ་ནི་ཆོས་ཀུན་བློ་ལྡན་པས། །དེ་བས་སངས་རྒྱས་ཞེས་བྱའོ། །འདུས་བྱས་འཇིག་པར་འགྱུར་བའི་ཆོས། །འདས་པ་སངས་རྒྱས་ཀྱིས་
གཟིགས་ལ། །དེ་བཞིན་མ་འོངས་པ་གཟིགས་ཤིང་། །ད་ལྟར་བྱུང་བ་རྣམས་ཀྱང་གཟིགས། །མངོན་ཤེས་བྱ་བ་ཇི་སྙེད་པ། །དེ་ཀུན་རྟོགས་པས་ཐམས་ཅད་རིག །ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །དེ་བས་སངས་རྒྱས་ཞེས་བྱའོ། །མངོན་པར་ཤེས་བྱ་མངོན་
เล่ม ๓ · หน้า 42a
ཤེས་བྱས། །བསྒོམ་པར་བྱ་བ་རྣམས་ཀྱང་བསྒོམས། །སྤང་བར་བྱ་བ་སྤངས་པས་ན། །དེ་བས་སངས་རྒྱས་ཞེས་བྱའོ། །གང་ཞིག་བལྟམས་པར་གྱུར་པ་ན། །རྒྱ་མཚོ་རི་བོར་བཅས་པ་ཡི། །ས་འདི་རབ་ཏུ་གཡོས་མཛད་པ། །དེ་ལ་ཐལ་སྦྱར་ཕྱག་འཚལ་ལོ། །
གང་གིས་བདུད་དང་ནག་པོ་ཡི། །རྩ་ལག་བཞོན་བཅས་བཅོམ་ནས་ནི། །དེ་བཞིན་གཤེགས་ཀྱི་སྟོབས་ཐོབ་པ། །དེ་ལ་ཐལ་སྦྱར་ཕྱག་འཚལ་ལོ། །བཱ་རཱ་ཎ་སཱིའི་གྲོང་བཞུད་ནས། །གང་གིས་རྣམ་པ་བཅུ་གཉིས་པའི། །ཆོས་ཀྱི་འཁོར་ལོ་དེ་བསྐོར་བ། །དེ་ལ་ཐལ་སྦྱར་ཕྱག་
འཚལ་ལོ། །གང་གིས་འདོད་ཆགས་བཅིང་བས་བཅིངས། །འདོད་ཆགས་ཞེ་སྡང་གིས་གདུངས་པའི། །སེམས་ཅན་མང་པོ་གྲོལ་མཛད་པའི། །དེ་ལ་ཐལ་སྦྱར་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་གང་ཞིག་ན། །རྣམ་འདྲེན་དེ་ནི་ཇི་སྲིད་ན། །ཤཱཀྱའི་སྲས་པོ་འོད་མཛད་
ལ། །དེ་རིང་ཉིད་ནས་སྐྱབས་སུ་འགྲོ། །ཚལ་སྡུག་ཡིད་དུ་འོང་བ་དེ། །གང་ན་བ་ནི་བྲམ་ཟེའི་ཆོས། །དྲི་ཟའི་རྒྱལ་པོ་ལྟ་བུ་ཡི། །སངས་རྒྱས་བླ་མེད་མཐོང་བར་གྱུར། །ན་བཟའ་ངུར་སྨྲིག་འོད་ལྡན་དེ། །གསེར་མདོག་ཉི་མའི་འོད་ཟེར་ཅན། །དེ་བཞིན་གསེར་ནི་བཙོ་མ་ཡི། །
གསེར་ལས་གཟུགས་ནི་བྱས་པ་བཞིན། །སཱ་ལ་ཤིང་གི་མེ་ཏོག་དང་། །ཀར་ནི་ཀ་རའི་མེ་ཏོག་འདྲ། །རིན་ཆེན་སྣ་ཚོགས་སྤྲས་པ་ཡི། །རིན་ཆེན་མཆོད་སྡོང་ཇི་བཞིན་ནོ། །ནྱ་གྲོ་དྷ་ལྟ་བུར་ནི། །ཆུ་ཞེང་གབ་པར་གྱུར་པ་དང་། །ཁོར་ཡུག་འདོམ་གང་འོད་ཀྱིས་ནི། །ཀུན་
ནས་སྣང་བ་དག་ཏུ་མཛད། །རྒྱལ་སྲིད་རྒྱས་དང་ཉེ་དུར་བཅས། །འདོད་པ་ཀུན་དགའ་སྤངས་ནས་ནི། །རབ་ཏུ་བྱུང་བར་མངོན་བྱུང་བའི། །ཐུབ་པ་དབེན་པ་རྣམས་ལ་དགྱེས། །སྤོས་ངད་ལྡང་བའི་སེང་གེ་ནི། །ནགས་སུ་འཇིགས་པ་མེད་པ་ལྟར། །སེང་གེ་ལྟ་བུར་
བསྙེངས་མེད་གསུང་། །བྲམ་ཟེ་སངས་རྒྱས་མཐོང་བར་འགྱུར། །ཞལ་འཛུམ་འཇམ་པའི་གསུང་དང་ནི། །ཚངས་པའི་གསུང་དང་སྙན་པའི་གསུང་། །རྔ་ཡི་སྒྲ་ཡི་གསུང་ལྟ་བུའི། །སངས་རྒྱས་བྲམ་ཟེ་མཐོང་བར་འགྱུར། །ཟླ་བ་དག་པ་ནམ་མཁའ་ལ། །རྒྱུ་སྐར་རྣམས་ཀྱིས་
เล่ม ๓ · หน้า 42b
ཡོངས་བསྐོར་བའི། །ཟླ་བའི་དཀྱིལ་འཁོར་ལྟ་བུ་ཡི། །སངས་རྒྱས་བྲམ་ཟེ་མཐོང་བར་འགྱུར། །ཉི་མའི་འོད་ཟེར་དང་ལྡན་པ། །ནམ་མཁའི་ངོས་ལ་མཛེས་ལྟ་ཡི། །སངས་རྒྱས་མུན་པ་བྲལ་གྱུར་ཅིང་། །མཛེས་པ་བྲམ་ཟེ་མཐོང་བར་འགྱུར། །ཇི་ལྟར་ཁྱུ་བའི་ཁྱུ་མཆོག་ནི། །ནོག་
དང་ལྡན་པ་མི་གཡོ་གནས། །སྐྱེས་བུ་ཁྱུ་མཆོག་སྟོབས་བཅུ་ལྡན། །སངས་རྒྱས་བྲམ་ཟེ་མཐོང་བར་འགྱུར། །རྒྱ་མཚོ་དག་ནི་གཏིང་ཟབ་པའི། །ཆུ་ཆེན་ཚད་གཟུང་མེད་ལྟ་ཡི། །སངས་རྒྱས་བསམ་གཏན་པ་ཡི་མཆོག །བསམ་གྱིས་མི་ཁྱབ་བླ་མེད་མཐོང་། །ནག་པོའི་ཕྱོགས་
ལས་ངེས་བྱུང་བའི། །ཉི་མ་མཁའ་ལ་གསལ་བ་དང་། །མེ་ཡི་ཕུང་པོ་འབར་བ་ལྟའི། །གཽ་ཏམ་སངས་རྒྱས་མཐོང་བར་འགྱུར། །ཇི་ལྟར་འཁོར་ལོས་སྒྱུར་རྒྱལ་པོ། །ཞབས་འབྲིང་བྱེ་བས་ཡོངས་བསྐོར་ལྟར། །དེ་བཞིན་རྫོགས་པའི་སངས་རྒྱས་ནི། །དགྲ་བཅོམ་རྣམས་ཀྱིས་མདུན་བྱས་
མཛེས། །འདོད་པ་རྣམས་ལ་དབང་སྒྱུར་དང་། །ཇི་ལྟར་ཚངས་ཆེན་དབང་ཕྱུག་ལྟར། །སྟོང་གསུམ་གྱི་ནི་འཇིག་རྟེན་ཁམས། །ཐུབ་པ་དབང་ནི་སྒྱུར་བར་མཛད། །གང་ཐོས་ཉེ་བར་ཞི་འགྱུར་ཞིང་། །སྡུག་བསྔལ་མཚོ་ཆེན་ལས་སྒྲོལ་བ། །སྡུག་བསྔལ་རྣམ་པ་དུ་མ་དང་། །སྡུག་བསྔལ་
ཀུན་འབྱུང་གང་ཡིན་དང་། །སྡུག་བསྔལ་ཉེ་བར་ཞི་བ་དང་། །ལམ་ནི་ཡན་ལག་བཞི་ཚན་གཉིས། །སྦྲང་རྩི་མ་བསྐོལ་རོ་ལྟ་བུའི། །བདེན་པ་དག་ནི་རབ་ཏུ་འཆད། །ནོར་མེད་རྣམས་ལ་ནོར་སྦྱིན་ཞིང་། །ནད་པ་རྣམས་ཀྱི་དཔྱད་ཀྱང་མཛད། །གནོད་པ་རྣམས་ཀྱི་སྐྱབས་གྱུར་པས། །
སྐྱེ་དགུ་སྡུག་བསྔལ་གྲོལ་བར་མཛད། །མུན་པར་གྱུར་པའི་སེམས་ཅན་དང་། །བླུན་པོ་ལམ་གོལ་རྒྱུ་བ་དང་། །བདེ་བ་མྱ་ངན་འདས་འགྲོ་བའི། །ལམ་ནི་དྲང་པོ་རབ་ཏུ་སྟོན། །འདོད་ཆགས་ཞེ་སྡང་ཀུན་འབར་ཞིང་། །གཏི་མུག་རབ་འབར་སྐྱེ་དགུ་རྣམས། །ཇི་ལྟར་སྤྲིན་ཆེན་
ཆར་འབེབས་ལྟར། །ཐུབ་པ་ཆེན་པོས་ཞི་བར་མཛད། །གཟུགས་དང་ཁ་དོག་སྟོབས་ལྡན་པ། །དེ་དང་འདྲ་བ་ཡོད་མ་ཡིན། །སྐུ་མཁྲེགས་སྟོབས་མཆོག་ལྡན་པ་ནི། །རི་བོ་བཞིན་དུ་ཤིན་ཏུ་གནས། །རྙེད་དང་མ་རྙེད་བདེ་སྡུག་དང་། །སྨད་པ་དང་ནི་བསྟོད་པ་དང་། །གྲགས་
เล่ม ๓ · หน้า 43a
པ་དང་ནི་མ་གྲགས་པས། །ཆུ་ཡིས་པད་མ་བཞིན་མ་གོས། །སྲོག་གཅོད་པ་ནི་རྣམ་སྤངས་ཏེ། །མ་བྱིན་པ་ལ་དགའ་མི་བྱེད། །བདེན་པ་གསུང་ཞིང་ཚངས་པར་སྤྱོད། །དེ་ནི་ཕྲ་མ་སྤངས་པ་ཡིན། །ཚིག་རྩུབ་དག་ནི་མི་གསུང་ཞིང་། །དུས་སུ་བབ་པ་འཇམ་པོར་གསུང་། །
དེ་ནི་འདོད་ལ་བརྣབ་སེམས་མེད། །སྐྱེ་བོ་རྣམས་ལ་དེ་སེམས་བྱམས། །ཡང་དག་ལྟ་བ་ཕུན་སུམ་ཚོགས། །ཏིང་ངེ་འཛིན་སྟོབས་སྤྱོད་ཡུལ་བ། །བསམ་གཏན་ཆེན་པོ་མངོན་ཤེས་དྲུག །རྫུ་འཕྲུལ་གྱིས་ནི་མཁའ་ལ་གཤེགས། །ལྷ་དང་མི་ཡི་སྒྲ་དག་ནི། །གང་ཡིན་རྣམ་པ་སྣ་
ཚོགས་གསན། །ཉོན་མོངས་ཅན་ནམ་དགེ་ཡང་རུང་། །ཕ་རོལ་གྱི་ནི་སེམས་ཀྱང་མཁྱེན། །གང་དང་གང་དུ་སྔོན་གནས་པ། །སྔོན་གྱི་གནས་ལ་མཁས་པ་དང་། །སེམས་ཅན་འགྲོ་དང་འོང་བ་ཡི། །འཆི་འཕོ་དང་ནི་སྐྱེ་བ་མཁྱེན། །ཟག་པ་ཟད་ཅིང་མི་ལྡན་པས། །ཉེར་ཞི་ཤིན་
ཏུ་མྱ་ངན་འདས། །དབང་པོ་ཞི་ཞིང་ཐུགས་ཞི་བ། །མཚོ་ནི་གང་བ་བཞིན་དུ་གནས། །པད་མའི་རྫིང་ན་གླང་པོ་ཆེ། །དམ་པ་དྲུག་བཅུ་ལོན་པ་ལྟར། །མཐོང་ན་ངོམས་ནི་མི་ཤེས་པས། །བྲམ་ཟེ་དགའ་བ་ཐོབ་པར་འགྱུར། །རི་བོ་བཅོམ་ལྡན་འདི་འདྲ་སྟེ། །དེ་ཡི་སྐུ་ནི་སྐྱེས་ཆེན་གྱི། །
སུམ་བཅུ་རྩ་གཉིས་མཚན་མངའ་ཞིང་། །གཟི་བརྗིད་མེ་ཡི་ཕུང་པོ་བཞིན། །གང་གིས་ལོ་བརྒྱ་ཚང་བར་ནི། །སྐྱོབ་པའི་བསྔགས་པ་བརྗོད་བྱས་ཀྱང་། །དེ་བཞིན་གཤེགས་པ་ཚད་མེད་པས། །དེས་ནི་མཐར་ཕྱིན་མི་འགྱུར་རོ། །བྲམ་ཟེ་གང་གིས་དེ་མཐོང་བ། །དེ་ཡི་རྙེད་པ་བླ་
ན་མེད། །གང་གིས་མཐོང་བས་སྐྱབས་སོང་བ། །དེ་ཡི་རྙེད་པ་དེ་བས་འཕགས། །བྲམ་ཟེ་རི་བོས་ཐུབ་ཆེན་གྱི། །བསྔགས་པ་ཐོས་ནས་སྐྱོ་བར་གྱུར། །དབེན་པའི་སེམས་ཀྱི་རྟོག་པ་ཡིས། །ཀ་ནའི་བུ་ལ་འདི་སྐད་སྨྲས། །མིར་གྱུར་པ་ལ་བདག་གིས་ནི། །དེ་འདྲའི་བསྔགས་
པ་ཐོས་མ་མྱོང་། །ཀེ་ན་འཆད་པ་དང་སྦྱར་ན། །དེ་ནི་འཇིག་རྟེན་ཀུན་གྱི་གཙོ། །ཚོང་པ་ནོར་དག་དོན་གཉེར་ལྟར། །ཁྱོད་ཀྱིས་ང་རྒྱལ་རྒྱལ་མཚན་སྤོངས། །དེ་ལ་བཀུར་སྟི་གུས་བྱོས་དང་། །བྲམ་ཟེ་དགའ་བ་ཐོབ་པར་འགྱུར། །བྲམ་ཟེ་ཁྱེའུ་ནི་ལྔ་བརྒྱ་ཡིས། །སློབ་
เล่ม ๓ · หน้า 43b
མ་དག་གིས་མདུན་བདར་ཏེ། །སངས་རྒྱས་བཞུགས་པ་བཟང་པོ་དེར། །བྲམ་ཟེ་རི་བོ་སོང་བར་གྱུར། །ལྷ་རྣམས་ཀྱི་ནི་དགའ་ཚལ་ལྟར། །མེ་ཏོག་ཤིང་ནི་ཕུན་སུམ་ཚོགས། །རྣམ་པར་དབེན་ཞིང་སྒྲ་མེད་ཅིང་། །བྱ་ཡི་ཚོགས་ཀྱིས་བསྟེན་གྱུར་པ། །མི་མིན་གདུག་པ་མི་རྒྱུ་བ། །
ཤཱཀྱའི་སྲས་ཀྱིས་བསྟེན་པ་ཡི། །ཆོས་ཀྱི་རྒྱལ་པོའི་གནས་སུ་ནི། །དེ་ནས་བྲམ་ཟེས་ཞུགས་པར་གྱུར། །མ་དུལ་འདུལ་བ་ཁ་ལོ་སྒྱུར། །སྐྱེས་བུ་དམ་པ་མཐོང་ནས་ནི། །རི་བོ་ཡིས་ནི་ཚིག་གསོལ་པ། །ཤེས་ལྡན་ཅིག་སྙུན་མི་མངའམ། །ཀ་ལ་པིང་ཀའི་སྒྲ་དབྱངས་ཅན། །
སངས་རྒྱས་སྙན་ཅིང་གསལ་བའི་བཀས། །རི་བོ་ལ་ནི་སླར་གསུངས་པ། །ང་ལ་ནད་ནི་ཡོད་མིན་ཏེ། །ཉེས་པ་མེད་ཅིང་སྡིག་པ་མེད། །ཐེ་ཚོམ་ཐམས་ཅད་རྣམ་པར་ཆད། །རྣམ་པར་གྲོལ་ཞིང་མི་ལྡན་པ། །ང་ནི་ཟག་མེད་ཐ་བ་མེད། །འཇིག་རྟེན་ན་ནི་རྡུལ་མེད་རྒྱུ། །གཙང་ཞིང་དག་ལ་
དྲི་ང་མེད། །དེས་ན་བྲམ་ཟེ་ང་གཙང་སྟེ། །ཁོན་དང་འཇིགས་པ་ཀུན་ལས་རྒལ། །རི་བོ་ཁྱོད་ཀྱང་འོངས་པ་ལེགས། །སྟན་འདི་ལ་ནི་ལེགས་པར་འདུག །བྲམ་ཟེ་ཅི་ག་བདེ་འམ་ཁྱོད། །ལུས་ནི་ངལ་བར་མ་གྱུར་མོད། །དཔའ་བོ་ཆེན་པོ་ཁྱོད་མཐོང་བས། །ཐུབ་པ་ཆེན་པོ་ད་ལྟར་
བདེ། །རྒྱན་རྣམས་ཀྱིས་ནི་བརྒྱན་པ་ལྟར། །ཡིད་ནི་རབ་ཏུ་དགའ་བ་ཡིས། །དེ་དང་རྗེས་སུ་འཚམ་པའི་གཏམ། །རིམ་པ་བཞིན་དུ་བྱས་ནས་ནི། །དེ་ནས་བྲམ་ཟེ་འཛེམ་པ་དང་། །དམན་པའི་ཡིད་ཀྱིས་འདུག་པར་གྱུར། །ཀློག་པ་དང་ནི་གསང་ཚིག་འཛིན། །རིག་བྱེད་གསུམ་
གྱི་རིག་མཐར་ཕྱིན། །བྲམ་ཟེ་རི་བོ་འདུག་ནས་ནི། །ཐུབ་པའི་མཚན་ལ་རྟོག་པར་བྱེད། །འཇིག་རྟེན་གྱི་ནི་མགོན་པོ་ཡི། །སྐུ་ལ་མཚན་ནི་སུམ་བཅུ་མཐོང་། །ལྗགས་སྲབ་མདོམས་སྦ་སྦུབས་ནུབ་པ། །གཉིས་ལ་རི་བོ་ཐེ་ཚོམ་ཟ། །ཐུབ་པ་ཆེན་པོའི་མཚན་རྣམས་ལ། །ཐེ་
ཚོམ་ཡིད་གཉིས་གྱུར་ནས་ནི། །རྫོགས་པའི་སངས་རྒྱས་ཉི་མའི་རིགས། །བདེན་པའི་མཆན་ལ་ཡོངས་ཞུས་པ། །ཐུབ་པ་ཆེན་པོའི་མཚན་རྣམས་ནི། །སུམ་བཅུ་རྩ་གཉིས་ཐོབ་པ་གང་། །གཽ་ཏམ་ཁྱོད་ཀྱིས་སྐུ་དག་ལ། །གཉིས་ནི་གཡར་སྔར་མ་བབ་བོ། །མི་ཡི་དམ་པ་མདོམས་
เล่ม ๓ · หน้า 44a
ཀྱི་ནི། །སྦ་བ་སྦུབས་སུ་ནུབ་ལགས་སམ། །ལྗགས་བཟང་ཞེས་ནི་བགྱི་བ་ཡང་། །ཅི་ག་ཐུང་བ་མ་ལགས་གྲང་། །ཐུབ་ཆེན་བདག་གིས་ཅི་ནས་ཀྱང་། །ལྗགས་རིང་གློ་བར་ཆུད་འགྱུར་བ། །ལྗགས་སྲབ་མྱུར་དུ་བརྐྱང་མཛད་དེ། །བདག་གི་ཐེ་ཚོམ་བསལ་དུ་གསོལ། །རྣམ་
པར་འདྲེན་རྣམས་འཇིག་རྟེན་དུ། །བརྒྱ་ལམ་ན་ནི་ལན་འགའ་འབྱུང་། །ཨུ་དུམ་བཱ་རིའི་མེ་ཏོག་བཞིན། །ཐུབ་པ་ཆེན་པོ་དཀོན་པ་ལགས། །སོས་ཀ་སྐམ་པ་ཆབ་དང་ནི། །བཀྲེས་པ་ལ་ནི་གཡར་ཟས་དང་། །ནད་པ་སྨན་ལ་ཇི་ལྟ་བར། །སྟོན་པ་ལ་ནི་བཀུར་སྟི་བགྱིད། །ཀ་ལ་
པིང་ཀའི་སྒྲ་དབྱངས་ཅན། །སངས་རྒྱས་སྙན་ཅིང་གསལ་བའི་བཀས། །རི་བོ་ལ་ནི་སླར་གསུངས་པ། །བྲམ་ཟེ་ཐེ་ཚོམ་སྤང་བར་གྱིས། །ལྗགས་ཀྱིས་སྤྱན་དང་སྙན་དག་ནི། །རབ་ཏུ་ཁེབས་པར་ལྗགས་རིང་གིས། །ཞལ་གྱི་དཀྱིལ་འཁོར་ཁེབས་པར་མཛད། །རྫུ་འཕྲུལ་བཞི་ལ་
མཁས་པ་ཡིས། །རྫུ་འཕྲུལ་གྱིས་ཀྱང་བསྟན་མཛད་པས། །ཐུབ་པའི་མདོམས་སྦ་སྦུབས་ནུབ་པ། །བྲམ་ཟེ་རི་བོས་མཐོང་བར་གྱུར། །ཐུབ་པ་ཆེན་པོས་མཚན་རྣམས་ལ། །ཐེ་ཚོམ་མེད་ཅིང་ཟུག་རྔུ་ཕྱུང་། །སེམས་ཀྱི་རྟོག་པ་རབ་དགའ་ནས། །རི་བོ་ཡིས་ནི་ཚིག་གསོལ་པ། །སུམ་
བཅུ་གཉིས་དང་དཔེ་བྱད་རྣམས། །བདག་གིས་གསང་ཚིག་ལས་ཐོས་པ། །དེ་ཀུན་ཁྱོད་ཀྱི་སྐུ་འདི་ལ། །ཡོངས་སུ་རྫོགས་ཏེ་མ་ཚང་མེད། །དགེ་དང་ལྡན་པས་སྤྱོད་པ་བཟང་། །ལེགས་པར་འཁྲུངས་པས་བལྟ་ན་སྡུག །ཉན་ཐོས་དགེ་འདུན་དབུས་ན་ནི། །གདུགས་བདལ་
བ་ནི་ལྟ་བུར་མཛེས། །དམ་པར་བསྔགས་པ་ཁྱོད་ལ་ནི། །དགེ་སྦྱོང་དངོས་པོས་ཅི་ཞིག་བགྱི། །མི་ཡི་ཁྱུ་མཆོག་ཁྱོད་ལྟ་བུ། །དཔུང་གི་ཡན་ལག་བཞི་དག་དང་། །རིན་ཆེན་བདུན་དང་ལྡན་པ་ཡི། །འཁོར་ལོས་སྒྱུར་བའི་རྒྱལ་པོར་འོས། །ས་བདག་རྒྱལ་པོ་མཛད་ནས་ནི། །
ས་སྟེང་འཁོར་ལོས་སྒྱུར་བར་མཛོད། །རི་བོ་ང་ནི་རྒྱལ་པོ་སྟེ། །ཆོས་ཀྱི་རྒྱལ་ཆེན་བླ་ན་མེད། །ང་ནི་ས་ཡི་དཀྱིལ་འཁོར་འདིར། །ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད། །ང་ཡི་རིགས་ནི་རྒྱལ་རིགས་ཏེ། །ང་ནི་དགེ་བའི་རིག་ལས་འཁྲུངས། །བདུད་དཔུང་བཅས་པར་
เล่ม ๓ · หน้า 44b
བཅོམ་ནས་ནི། །རྫོགས་པའི་བྱང་ཆུབ་དམ་པ་ཐོབ། །བྲམ་ཟེ་ངའི་དྲན་འཁོར་ལོ་སྟེ། །ང་ཡི་ཤེས་རབ་བློན་པོ་ཡིན། །བརྩོན་འགྲུས་ཤུགས་མགྱོགས་རྟ་ཕོ་ནི། །བཏང་ན་དང་ལ་འབྱུང་བ་ཡིན། །ང་ཡི་ནོར་བུ་དམ་པ་ནི། །ཏིང་འཛིན་མུན་པ་གསལ་བྱེད་ཡིན། །བཏང་
སྙོམས་གླང་ཆེན་དམ་པ་སྟེ། །བསྐུལ་ན་དང་ལ་རྒྱུག་པ་ཡིན། །ཆགས་བཅས་བུད་མེད་འདོད་པ་ལྟར། །བྲམ་ཟེ་ངའི་དགའ་འདོད་པ་ཡིན། །བྲམ་ཟེ་ང་ཡི་ཁྱིམ་བདག་ནི། །ཤིན་ཏུ་སྦྱངས་ནོར་དམ་པ་ཡིན། །ང་ཡི་བྱང་ཆུབ་ཡན་ལག་བདུན། །འཇིག་རྟེན་ཀུན་འདས་རིན་ཆེན་
དེས། །ལོང་བར་གྱུར་ཅིང་གཉིད་ལོག་པའི། །སྐྱེ་དགུ་འདི་དག་སད་པར་བྱ། །ཕྱོགས་རྣམས་ཀུན་ནས་ང་རྒྱལ་བས། །ང་ལ་སྡོ་བའི་དགྲ་ཡོད་མིན། །ཉོན་མོངས་ཚོགས་རྣམས་འཇོམས་པ་ཡི། །འཁོར་བཞི་པོ་དག་ང་ཡི་སྲས། །རྫུ་འཕྲུལ་ཀུན་དགའ་ཕུན་སུམ་ཚོགས། །ལམ་
གྱི་བཞི་མདོར་སྤྲུལ་པ་བྱས། །མདོ་སྡེ་སྐྱེས་པའི་རབས་དག་བཀྲམ། །སྐྱེས་བུ་ཆེན་པོ་རྣམས་ཀྱིས་སྟེན། །རྣམ་ཐར་གསུམ་གྱི་སྒོ་མོ་ཅན། །དྲན་པའི་སྲུང་མ་རྣམས་ཀྱིས་བསྲུངས། །ངོ་ཚ་ཁྲེལ་ཡོད་ཀྱིས་གཡོགས་པའི། །གྲོང་ཁྱེར་སྔོན་གྱི་སངས་རྒྱས་ཀྱིས། །བསྟེན་
པ་དག་ཏུ་དེ་བཞིན་གཤེགས། །རྒྱལ་པོ་ང་ནི་བཞུགས་ནས་སུ། །ང་ཡི་ཆོས་ཀྱི་གཡུལ་སྤྲད་དེ། །ཆོས་ཀྱི་རྔ་བོ་ཆེ་བརྡུངས་ནས། །བདུད་རྣམས་མཐའ་དག་བཅོམ་བྱས་ཏེ། །ང་ནི་བྱང་ཆུབ་ཕྱིར་དབང་བསྐུར། །ཚད་མེད་པ་དག་རབ་བསྒོམས་པ། །ང་ཡི་རྒྱན་དུ་བདོག་པ་
ཡིན། །ཚངས་པའི་གནས་པ་བཞི་པོ་ཡིས། །ཉོན་མོངས་པ་དག་རབ་ཏུ་བཟློག །ཕ་རོལ་རབ་ཏུ་རྒོལ་བཅོམ་སྟེ། །རྣམ་པར་བཅོམ་ཞིང་རྨེག་མེད་བྱས། །སྲོག་ཆགས་རྣམས་ལ་འཇིག་རྟེན་འདིར། །སྣང་བ་སྦྱིན་ཞིང་ཡང་དག་སྤྱད། །ང་ནི་བདེ་བར་གནས་བཅས་ནས། །
ཡེ་ཤེས་ཀྱི་ནི་མཚོན་གྱིས་བཅད། །རྫུ་འཕྲུལ་རྐང་པ་གནས་ཡིན་ཏེ། །ཞི་གནས་དག་ནི་འཛིན་སྟངས་ཡིན། །ཚུལ་ཁྲིམས་ཤིང་རྟ་སྒྲ་སྙན་ལ། །ང་ཡི་ལྷག་མཐོང་ཁ་ལོ་སྒྱུར། །བཟོད་དང་དེས་པའི་གོ་བགོས་ནས། །ལམ་བསྒོམས་པས་ན་གཡུལ་ངོར་ནི། །གང་གིས་
เล่ม ๓ · หน้า 45a
སྒྲིབ་པ་འཇོམས་པ་ཡི། །དབང་པོ་ལྔ་ཡི་དོང་བ་དང་། །གང་གི་ཉོན་མོངས་ཐག་འཇུད་པའི། །ཡང་དག་སྤོང་བ་བཞི་པོ་ཡིས། །ངས་ནི་དཔའ་བོ་གཡུལ་སྤྲད་དེ། །ཆོས་ཀྱི་རྔ་བོ་ཆེ་བརྡུངས་ནས། །བདུད་དཔུང་བཅས་པར་བཅོམ་བྱས་ཏེ། །ང་ནི་བྱང་ཆུབ་དབང་
བསྐུར་རོ། །རིག་པས་མ་རིག་བཅོམ་ནས་ནི། །ཕུང་པོ་སྐྱེ་ཞིང་འཇིག་པ་ཅན། །གཡུལ་གྱི་རྩེ་མོ་རྒལ་ཏེ་ང་། །སྐྱེ་དགུ་བྱང་ཆུབ་ཕྱིར་སངས་རྒྱས། །གང་གི་སྐྱེ་དགུ་གནོད་བྱེད་པ། །འཇིག་རྟེན་ཆོམ་རྐུན་ཆེན་པོ་གསུམ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་ཀུན་
ང་ཡིས་བཅོམ་པས་ན། །མངོན་ཤེས་ཀུན་གྱི་སྟོབས་བྱུང་བས། །ང་ནི་དགྲ་བཅོམ་ཡོན་གནས་འོས། །ཞིང་གཤིན་པ་ལ་ཞུགས་པ་ཡི། །སྦྱིན་སྲེག་རྣམས་ཀྱང་ལེན་པ་ཡིན། །བརྩོན་འགྲུས་དམ་པ་བརྩམས་ནས་ནི། །ངས་ནི་ཟག་པ་རྣམས་བཅོམ་མོ། །ཆུ་བོ་ཆེ་ལས་རྒལ་
ནས་ནི། །བསྒྲལ་བའི་ཕྱིར་ནི་གནས་པ་ཡིན། །ཇི་ལྟར་སེང་གེ་མཆེ་བའི་སྟོབས། །ནགས་སུ་སྲོག་ཆགས་དང་ཕྲད་ནས། །ཆུང་དང་འབྲིང་དང་ཆེན་པོའང་རུང་། །དེ་ལ་མཚུངས་པར་སྣུན་པ་ལྟར། །མི་ཡི་སེང་གེ་རྣམ་འདྲེན་པ། །རྫོགས་སངས་དེ་བཞིན་འཇིག་རྟེན་ནི། །
བྱིས་པའམ་འབྲིང་ངམ་ཆེན་པོ་ལ། །མཉམ་པོར་ཆོས་ནི་སྟོན་པར་མཛད། །གཽ་ཏམ་ཁྱོད་ཀྱིས་འདི་རུ་ནི། །ནད་པ་བདག་ནི་ཐེ་ཚོམ་སོལ། །ཟུག་རྔུ་འབྱིན་པ་རྣམས་དང་ནི། །མིག་མཁན་རྣམས་ཀྱི་མཆོག་ཁྱོད་ལགས། །ཁྱོད་ཀྱི་ཐེ་ཚོམ་བསལ་བར་བྱས། །བྲམ་ཟེ་ཁྱོད་
ནི་འདུན་པར་གྱིས། །གྲགས་ལྡན་རྫོགས་པའི་སངས་རྒྱས་རྣམས། །མཐོང་བ་རྙེད་པར་དཀའ་བ་སྟེ། །གང་ཞིག་འདི་ན་རྙེད་དཀའ་བ། །བརྒྱ་ལམ་ན་ནི་ལན་འགའ་འབྱུང་། །བྲམ་ཟེ་རྫོགས་པའི་སངས་རྒྱས་ང་། །ཆོས་ཀྱི་རྒྱལ་པོ་བླ་མེད་ཡིན། །དེ་བཞིན་གཤེགས་ལ་
རིས་གསོལ་བ། །རྫོགས་སངས་རྒྱས་ཞེས་བཀའ་སྩལ་ཏེ། །མ་འདྲེས་འཁོར་ལོ་སྐོར་མཛད་ན། །གཽ་ཏམ་ཇི་སྐད་གསུང་བ་བཞིན། །ཁྱོད་ཀྱིས་འཁོར་ལོ་བསྐོར་བ་གང་། །རྗེས་སུ་མཁས་པར་བསྐོར་བགྱིད་པ། །སྟོང་པ་ཉིད་འཁྲུངས་ཉན་ཐོས་ནི། །སྡེ་དཔོན་དག་ཏུ་
เล่ม ๓ · หน้า 45b
སུ་འགྱུར་ལགས། །བྲམ་ཟེ་ང་ལ་ཉན་ཐོས་ནི། །ཤེས་རབ་མཚུངས་པའི་སྲས་ཡོད་པ། །ཉེ་རྒྱལ་ཞེས་ནི་གྲགས་པ་པོ། །མང་དུ་ཐོས་པ་ཤཱ་རིའི་བུ། །མདུད་པ་ཀུན་ལས་རྣམ་གྲོལ་བ། །ཉེར་ཞི་ཟག་པ་མེད་ཡོད་དེ། །ངས་ནི་འཁོར་ལོ་གང་བསྐོར་བ། །མཁས་པ་རྗེས་སུ་སྐོར་བར་
བྱེད། །ཨེ་མའོ་སངས་རྒྱས་ཆོས་དང་ནི། །ཨེ་མའོ་ཉན་ཐོས་ཕུན་སུམ་ཚོགས། །ཨེ་མའོ་རིན་ཆེན་དམ་པ་གསུམ། །འཇིག་རྟེན་བྱུང་བ་ངོ་མཚར་ཆེ། །བཟང་པོ་ཁྱོད་ཀྱི་ཉན་ཐོས་སུ། །བདག་གིས་གཡར་གྱིས་བླང་བགྱིས་ལ། །ཀྱེ་མའོ་ཆོས་ཀྱི་བཅུད་འཚལ་ནས། །ཤིན་ཏུ་མྱ་
ངན་འདས་པར་བགྱི། །སེམས་རྟོག་རབ་ཏུ་དགའ་གྱུར་ནས། །དེ་ནས་བྲམ་ཟེ་སྐྱོ་གྱུར་ཏེ། །དབེན་པ་འདོད་པའི་སེམས་ཀྱིས་ནི། །འཁོར་ལ་འདི་སྐད་ཅེས་སྨྲས་སོ། །ནགས་ན་སེང་གེ་སྒྲ་འབྱིན་ལྟར། །བསམ་གཏན་ཆེན་པོའི་ཟུག་རྔུ་འབྱིན། །སྤྱན་དང་ལྡན་པས་ཅི་གསུངས་པ། །འདི་
ནི་ཤེས་ལྡན་དག་ཉོན་ཅིག །གང་དག་འདོད་པ་རྗེས་སུ་སོང་། །གང་དག་མི་འདོད་དེ་དག་དེང་། །ཤེས་རབ་མཆོག་གི་བསྟན་པ་ལ། །དེ་རིང་ཁོ་ན་རབ་འབྱུང་ངོ་། །ཚངས་སྤྱོད་འདི་ལ་ལེགས་སྤྱད་ཅིང་། །ལམ་ཉིད་ཤིན་ཏུ་གོམས་བྱས་ན། །བག་ཡོད་པ་ལ་གནས་པ་ཡི། །རབ་
བྱུང་འབྲས་བུ་བཅས་པར་འགྱུར། །གལ་ཏེ་ཁྱེད་ཅག་རབ་འབྱུང་ཞིང་། །བསྙེན་པར་རྫོགས་པར་འདོད་ན་ནི། །བྲམ་ཟེ་རལ་པ་འདི་བྲེགས་ཏེ། །བདག་ཅག་རབ་ཏུ་འབྱུང་བར་བྱ། །སེམས་རྟོག་རབ་ཏུ་མགུ་གྱུར་པས། །སོར་མོ་བཅུ་ཡི་ཐལ་སྦྱར་ཏེ། །བླ་གོས་ཕྲག་པ་གཅིག་གཟར་
ནས། །བྲམ་ཟེ་རི་བོ་དེས་གསོལ་པ། །བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ། །འདི་དག་ཐལ་སྦྱར་འཁོད་པ་ནི། །ཐུབ་ཆེན་རབ་ཏུ་འབྱུང་བ་དང་། །བསྙེན་པར་རྫོགས་པ་ཐོབ་པར་འཚལ། །དེ་ནས་སྟོན་པ་ཐུགས་རྗེ་ཅན། །དྲང་སྲོང་ཆེན་པོ་ཐུགས་བརྩེ་བས། །དགེ་སློང་ཚུར་ཤོག་བཀའ་སྩལ་
པས། །དེ་དག་བསྙེན་པར་རྫོགས་པར་གྱུར། །ཤེས་རབ་ཆེན་པོ་ཤཱ་རིའི་བུ། །རྫུ་འཕྲུལ་ལྡན་པ་མཽད་གལ་དང་། །དགའ་ཡོད་གནས་བརྟན་ཀ་པི་ན། །སྤོབས་པ་རྟོགས་པར་ཁོང་དུ་ཆུད། །ཆུ་བོ་བཟང་པོའི་འགྲམ་དུ་ནི། །ཡིད་དུ་འོང་བའི་ཚལ་ཁྲོད་དུ། །སྤོབས་པ་བྱང་བའི་གནས་
เล่ม ๓ · หน้า 46a
བརྟན་གྱིས། །དེ་དག་ལ་ནི་གདམས་ངག་ཕོག །དེར་ནི་དེ་ལས་ཆོས་ཀྱི་གཏམ། །རྗེས་སུ་མཐུན་པ་དེ་ཤེས་ནས། །རིང་པོ་མ་ཐོགས་རྣམ་གྲོལ་ཏེ། །དམ་པའི་དོན་ལ་རབ་ཏུ་བཀོད། །དེ་དག་མཐོང་ཐོབ་བདེ་གྱུར་པས། །མཐོང་བའི་ཆོས་ལ་མྱ་ངན་འདས། །
སངས་རྒྱས་འཇིག་རྟེན་འདྲེན་པ་ལ། །རབ་ཏུ་མགུ་བས་ཕྱག་བྱས་སོ། །དམ་པའི་ཆོས་དང་ཚོགས་གཙོ་དང་། །རྒྱལ་བས་བསྔགས་པའི་བསླབ་པ་དང་། །ཏིང་ངེ་འཛིན་དང་བགེད་པ་དང་། །བག་ཡོད་པ་ལ་ཕྱག་བྱས་སོ། །དེ་བས་བདག་ལ་ཕན་འདོད་པའམ། །བདག་ཉིད་ཆེན་
པོ་མངོན་འདོད་པས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བཀུར་སྟི་བྱོས་ལ་སྐྱབས་སུ་དེང་། །འདི་ནི་དེ་ཉིད་གཟིགས་པ་ཡིས། །འཇིག་རྟེན་ན་ནི་སྐྱབས་སུ་བསྔགས། །གནོད་པ་རྣམས་ཀྱིས་སྐྲག་པ་ལ། །བདེ་བ་ཀུན་ནི་རབ་སྦྱིན་མཛད། །ཆོས་ཀྱི་རྒྱལ་པོ་ཉི་མའི་གཉེན། །
སངས་རྒྱས་བསྟན་པ་ཆོས་ཀྱི་ནི། །བདག་ཉིད་ཆེན་པོར་མཆོག་གྱུར་ལ། །ཐར་པ་འདོད་པས་རྟག་ཏུ་བསྟེན། །ཀེ་ནའི་བུའི་ཚིགས་སུ་བཅད་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཡུལ་ཀ་ཤི་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ། ཀ་ཤིའི་ཚོང་རྡལ་དུ་བྱོན་ཏོ། །ཀ་ཤིའི་
ཚོང་རྡལ་དེ་ན་སྔོན་འདྲེག་མཁན་བྱེད་བྱེད་པ་རབ་ཏུ་བྱུང་བ་ཕ་སྤད་གཉིས་ཤིག་ཡོད་པ་ལས། བུས་སྨྲས་པ། ཕ་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་ཡུལ་ཀ་ཤིའི་ལྗོངས་རྒྱུ་ཞིང་གཤེགས་ནས་གཙུག་ལག་ཁང་དུ་བྱོན་པ་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་
འདུན་སྐུ་མཉེལ་གྱིས། མ་ལ་བདག་ཅག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ནས་ཐུག་ལ་སྤྱན་དྲང་ན། དེ་ལ་ཅི་ཁྱོད་ཐུག་པ་སྟ་གོན་བྱེད་དམ། འོན་ཏེ་དགེ་སློང་གི་དགེ་འདུན་སྤྱན་འདྲེན། དེས་སྨྲས་པ། ཁྱོད་སོང་ལ་དགེ་སློང་གི་དགེ་འདུན་སྤྱན་དྲོངས་ཤིག །
ང་ནི་ཐུག་པ་སྟ་གོན་བྱེད་དོ། །དེས་དགེ་སློང་གི་དགེ་འདུན་སྤྱན་དྲངས་སོ། །དེ་ཡང་མེ་ལོང་ཞིག་ཐོགས་ནས་ཚོང་དུས་སུ་སོང་བ་ལས། དེས་དེ་ན་ཚོང་དཔོན་ཞིག་སྐྲ་དང་ཁ་སྤུ་རིང་བ་མཐོང་ནས། དེས་དེ་ལ་མེ་ལོང་བསྟན་པ་དང་། དེས་སྨྲས་པ། འཕགས་པ་འདི་ལྟ་བུའི་
เล่ม ๓ · หน้า 46b
མཁྱེན་པ་ཡང་མངའ་འམ། དེས་སྨྲས་པ་ཡོད་དོ། །གལ་ཏེ་མངའ་ན་བྲེགས་ཤིག །དེས་བྲེག་པར་བརྩམས་པ་དང་ཁྱིམ་བདག་གཉིད་ལོག་ནས་བྲེགས་ཟིན་པ་དང་སད་དོ། །དེས་སྨྲས་པ། འཕགས་པ་བྲེགས་ལགས་སམ། ཁྱིམ་བདག་བྲེགས་ཟིན་ཏོ། །དེ་མགུ་ནས་སྨྲས་པ། འཕགས་པ་
བདག་ལྷག་པར་གློ་བ་དགའ་བས་ཁྱོད་མཆོག་ཅི་བཞེད་པ་དོན་ཏོ། །དེས་སྨྲས་པ། ཁོ་བོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ནས་ཐུག་ལ་སྤྱན་དྲངས་ཀྱིས་ནས་ཐུག་བྱིན་ཅིག །དེས་སྨྲས་པ། འཕགས་པ་ནས་ཐུག་ལྟ་ཁྱོད་ཅི་རུང་བཟའ་བ་དང་བཅའ་བ་བསོད་པ་དག་འབུལ་གྱིས་བཞུད་ལ་
སྤྱན་དྲོངས་ཤིག །ནད་མེད་པར་གྱུར་ཅིག་ཅེས་སྨྲས་ནས་དེ་སོང་ངོ་། །དེ་ནས་ཁྱིམ་བདག་དེས་གཙང་ཞིང་བསོད་པ་ཞེས་བྱ་བ་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཟའ་བ་དང་བཅའ་བ་བསོད་པ་དག་བྲིམས་པ་ན།
དགེ་སློང་རྣམས་ཀྱིས་བསམས་པ། བདག་ཅག་ངན་པ་ལ་མགྲོན་དུ་བོས་ན་ཁ་ཟས་བསོད་པ་འདི་བདག་ཅག་གིས་ཇི་ལྟར་བླང་ཞེས་དེ་རྣམས་ཀྱིས་མ་བླངས་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ངན་པ་ལ་མགྲོན་དུ་བོས་ལ་
ཁ་ཟས་བསོད་པ་རྙེད་ན་ལོངས་སྤྱད་པར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་པ་གང་བྱུང་བ་དེ་ནི་དགེ་སློང་དག་རིགས་དང་མཐུན་པའི་སྣོད་ཐོགས་པ་ལས་གྱུར་གྱིས། དེ་ལྟ་བས་ན་དགེ་སློང་གིས་རང་གི་བཟོ་བསྟན་པར་མི་བྱ། རིགས་དང་མཐུན་པའི་སྣོད་ཀྱང་བསྲེལ་བར་མི་
བྱའོ། །སྲེལ་ན་འགལ་ཚབས་ཅན་དུ་འགྱུར་རོ། །སྔོན་སྨན་པ་ཡིན་ན་གཙའ་ཁབ་ཀྱི་སྣོད་སྲེལ་བ་དང་། སྔོན་ཡི་གེ་པ་ཡིན་ན་རམ་ཕྱིས་སྲེལ་བ་དང་། བཟོ་མཁན་རབ་ཏུ་བྱུང་ན་ཁབ་རལ་སྲེལ་བ་ནི་མ་གཏོགས་སོ། །བཅོམ་ལྡན་འདས་གྱད་ཡུལ་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ་སྡིག་ཅན་དུ་བྱོན་ནས་སྡིག་ཅན་
ན་སྲིན་བུ་པད་པའི་ཚལ་སྟུག་པོ་ན་བཞུགས་སོ། །སྡིག་ཅན་ན་ཚེ་དང་ལྡན་པ་ཀུན་དགའ་བོའི་ཞང་པོ་གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་ཞེས་བྱ་བ་ཞིག་གནས་པ་དེ་ཤིན་ཏུ་མ་དད་པ་ཞིག་སྟེ། བཅོམ་ལྡན་འདས་སྡིག་ཅན་གྱི་གྱད་ཡུལ་ནས་ལྗོངས་རྒྱུ་ཞིང་གཤེགས་ཏེ། སྡིག་ཅན་དུ་བྱོན་ནས་སྡིག་ཅན་ན་
เล่ม ๓ · หน้า 47a
སྲིན་བུ་པད་པའི་ཚལ་སྟུག་པོ་ན་བཞུགས་སོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་བཅོམ་ལྡན་འདས་གྱད་ཡུལ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་སྡིག་ཅན་དུ་བྱོན་ནས། སྡིག་ཅན་ན་སྲིན་བུ་པད་པའི་ཚལ་སྟུག་པོ་ན་བཞུགས་སོ། །ཞེས་ཐོས་
ཀྱིས། གལ་ཏེ་བདག་ཅག་རེ་རེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ན་གཞན་གྱིས་སྐབས་མི་རྙེད་པར་འགྱུར་བས་ཡེ་ཁྲིམས་ཞིག་བཅའ་བར་བྱ་སྟེ། བདག་ཅག་སུས་ཀྱང་གཅིག་པུས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་བར་མི་བྱ་
ཞིང་བདག་ཅག་འདུས་པ་ཁོ་ནས་གདུགས་ཚོད་གསོལ་བར་བྱའོ། །བདག་ཅག་ལས་གང་ཞིག་གཅིག་པུ་ཁོ་ནས་གདུགས་ཚོད་གསོལ་ན། དེ་ལ་ཚོགས་ཀྱིས་ཀཱར་ཥཱ་པ་ཎ་དྲུག་བཅུའི་ཆད་པ་གཅད་དོ། །དེ་ནས་སྡིག་ཅན་གྱི་གྱད་ཐམས་ཅད་འདུས་ནས། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་པ་
དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཆོས་དང་ལྡན་པའི་གཏམ་གྱིས་སྡིག་ཅན་གྱི་གྱད་རྣམས་ལ་ཞེས་བྱ་བ་ནས། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་
བའི་བར་གོང་མ་བཞིན་དུའོ། །དེ་ནས་སྡིག་ཅན་གྱི་གྱད་རྣམས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་
བདག་ཅག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་སྡིག་ཅན་གྱི་གྱད་རྣམས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་སྡིག་ཅན་གྱི་གྱད་རྣམས་ཀྱིས། བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་
ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ། རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་སྟན་ལས་ལངས་ཏེ་སོང་ངོ་། །གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་ནི་དེ་ཉིད་ན་འདུག་པ་དང་། དེ་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། འོད་ལྡན་ཅི་ཁྱོད་
เล่ม ๓ · หน้า 47b
དད་པར་གྱུར་ཏམ། དེས་སྨྲས་པ། བདག་དད་པར་ནི་མ་གྱུར་མོད་ཀྱི་འོན་ཀྱང་ཚོགས་ཀྱི་ཁྲིམས་སུ་བཅས་པ་ཞེས་བྱ་བ་ནས། ཀཱར་ཥཱ་པ་ཎ་དྲུག་བཅུའི་ཆད་པས་གཅད་དོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཁྱོད་ཆད་པས་འཇིགས་ནས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འོངས་པ་ལྟ་ཞིག།།
བཙུན་པ་དེ་ལྟ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་ཁྲིད་དེ་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་འདི་ནི་སངས་རྒྱས་ལ་
མངོན་པར་མ་དད། ཆོས་ལ་མ་ལགས། དགེ་འདུན་ལམ་ལགས་ན། བཅོམ་ལྡན་འདས་ཀྱིས་ཇི་ལྟར་འདི་སངས་རྒྱས་ལ་མངོན་པར་དད་ཅིང་ཆོས་དང་དགེ་འདུན་ལ་མངོན་པར་དད་པར་འགྱུར་བ་དེ་ལྟར་ཆོས་ལེགས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཅང་མི་
གསུང་བས་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་གང་ཐོས་པས་གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་སངས་རྒྱས་ལ་མངོན་པར་དད། ཆོས་དང་དགེ་འདུན་ལ་མངོན་པར་དད་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་མཛད་དོ། །དེ་ནས་གྱད་སྣ་ཆེན་པོ་ལ་
གཏོགས་པ་འོད་ལྡན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་
མཆིས་ན་གནང་བར་མཛད་དུ་གསོལ། འོད་ལྡན་ང་སྔར་སྡིག་ཅན་གྱི་གྱད་རྣམས་ཀྱིས་སྤྱན་དྲངས་ཟིན་ཏོ། །བཅོམ་ལྡན་འདས་གནང་བར་མཛོད་ཅིག་དང་། ཇི་ལྟར་སྡིག་ཅན་གྱི་གྱད་རྣམས་བཏུབ་པ་དེ་ལྟར་བདག་བགྱིད་དོ། །འོད་ལྡན་གལ་ཏེ་སྡིག་ཅན་གྱི་གྱད་རྣམས་བཏུབ་ན་དེ་བཞིན་དུ་ངས་
ཁྱོད་ལ་གནང་ངོ་། །དེ་ནས་གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་གྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་སྟན་ལས་ལངས་ཏེ་ཆས་ནས་སྡིག་ཅན་གྱི་གྱད་རྣམས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། སྡིག་ཅན་གྱི་གྱད་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་
เล่ม ๓ · หน้า 48a
རེ་ཞིག་སྡོད་ཅིག་བདག་གིས་ཐོག་མར་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ནས། དེའི་འོག་ཏུ་ཁྱེད་ཅག་གིས་ཀྱང་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ན་དཀའ་བར་མི་འགྱུར་རོ། །དེ་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་
གིས་སྔར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཟིན་པས་ཁོ་བོ་ཅག་མི་ཉན་ཏོ། །དེས་སྨྲས་པ། ཇི་སྟེ་མི་བཏུབ་ན་བཅའ་བ་དང་བཏུང་བ་རེ་རེ་ཞིང་བྲིམ་མོ། །དེ་ན་མ་དད་པ་གང་ཡིན་པ་དེ་དག་གིས་སྨྲས་པ། མི་གནང་ངོ་། །དད་པ་ཅན་གང་ཡིན་པ་དེ་དག་གིས་སྨྲས་པ། ཤེས་
ལྡན་དག་འདི་དད་པ་མེད་པ་ཞིག་ལས། འདིས་དགེ་འདུན་མངའ་བའི་ཡོན་དག་འབུལ་བར་འགྱུར་བས་གནང་ངོ་ཞེས་དེ་རྣམས་ཀྱིས་དེ་ལ་གནང་ངོ་། །དེ་ནས་དེས་གཡོས་མཁན་དག་བཀུག་སྟེ་བསྒོ་བ། ཤེས་ལྡན་དག་ཁོ་བོས་ཡོ་བྱད་ཐམས་ཅད་སྦྱར་གྱིས་བཅའ་བ་གཅིག་པུ་གང་ཁོ་ནས་
འགྲངས་པར་འགྱུར་བ་དེ་ལྟ་བུར་སྟ་གོན་གྱིས་ཤིག །དེས་དྲི་ཞིམ་པོ་སྣ་ཚོགས་ཀྱི་རྫས་ལ་སོགས་པ་དང་ལྡན་པའི་ཡོ་བྱད་རྣམས་ཕོག་པ་དང་། དེ་རྣམས་ཀྱིས་དྲི་ཞིམ་པོ་སྣ་ཚོགས་ཀྱིས་ཡོངས་སུ་རྒྱས་པ་རེ་རེས་རེ་རེ་འགྲངས་པར་འགྱུར་བའི་བཅའ་བ་གང་ཡིན་པ་དག་བྱས་སོ། །དེ་ནས་སྡིག་ཅན་གྱི་
གྱད་རྣམས་ཀྱིས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པའི་ཞེས་བྱ་བ་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་གྱིས་བཅའ་བ་དང་བཏུང་བ་བྲིམ་པར་བརྩམས་པ་དང་། དགེ་
སློང་རྣམས་འགྱོད་པས་ལོངས་མ་སྤྱད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོན་བདག་ལ་བལྟ་བར་བྱའོ། །དགེ་སློང་རྣམས་ཀྱིས་སྡིག་ཅན་གྱི་གྱད་རྣམས་ལ་བལྟས་པ་དང་དེ་རྣམས་ཀྱིས་སྨྲས་པ། འཕགས་པ་དག་གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་གྱིས་བདག་ཅག་བསླུས་
ལགས་ཀྱིས་བཞེས་ཤིག །དེ་ནས་གྱད་སྣ་ཆེན་པོ་ལ་གཏོགས་པ་འོད་ལྡན་གྱིས་བཅའ་བ་བྲིམས་པ་དང་དེ་ཁོ་ནས་དགེ་སློང་རྣམས་འགྲངས་ཏེ། བཅོམ་ལྡན་འདས་ཀྱིས་ཡོན་བསྔོ་བ་མཛད་དེ་གཤེགས་པས་སྡིག་ཅན་གྱི་གྱད་རྣམས་ཀྱི་ཟས་དེ་དག་ལོངས་མ་སྤྱད་པར་གྱུར་ཏོ། །ཉི་མ་གཞན་ཞིག་
เล่ม ๓ · หน้า 48b
ལ་དགེ་སློང་རྣམས་བསོད་སྙོམས་ལ་ཞུགས་པ་དང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་སྨྲས་པ། སངས་རྒྱས་ཚུར་སྤྱོན། ཆོས་ཚུར་སྤྱོན། དགེ་འདུན་ཚུར་སྤྱོན་འདི་དག་སྣོམས་ཤིག །དགེ་སློང་རྣམས་འགྱོད་པས་མ་བླངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་ཁོ་བོ་ལ་
སྦྱིན་ནམ། འོན་ཏེ་བཅོམ་ལྡན་འདས་རྐང་གཉིས་རྣམས་ཀྱི་མཆོག་གང་ཡིན་པ་དེ་ལ་དབུལ་ཞེས་དྲི་བར་བྱའོ། །གལ་ཏེ་བཅོམ་ལྡན་འདས་རྐང་གཉིས་རྣམས་ཀྱི་མཆོག་གང་ཡིན་པ་དེ་ལའོ་ཞེས་སྨྲ་ན་བདག་གིར་མི་བྱའོ། །འོན་ཏེ་བདག་ཅག་གི་སངས་རྒྱས་ནི་ཁྱོད་ཉིད་ལགས་སོ་ཞེས་སྨྲ་ན་བླང་
བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དེ་བཞིན་དུ་ཆོས་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་གང་ཡིན་པ་དེ་ལའམ་ཞེས་བརྗོད་པར་བྱ་ཞིང་། དགེ་འདུན་ཚོགས་རྣམས་ཀྱི་མཆོག་གང་ཡིན་པ་དེ་ལའམ་ཞེས་རྒྱས་པར་སྦྱར་བར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །ཁྱིམ་བདག་ཅིག་
གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བསྲོ་ཁང་ལ་སྤྱན་དྲངས་སོ། །དེའི་ཚེ་ཚེ་དང་ལྡན་པས་རི་ཞེས་བྱ་བ་གཞོན་ནུ་ཐོར་བུ་ལང་ཚོ་ལ་བབ་པ་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ། བསྙེན་པར་རྫོགས་ནས་རིང་པོ་མ་ལོན་པ། ཆོས་འདུལ་བ་འདིར་འོངས་ནས་རིང་པོ་མ་ལོན་པ། དེས་
བསམས་པ། བཅོམ་ལྡན་འདས་ཀྱིས་གང་གིས་ཉུང་ངུ་བྱིན་པ་དང་གང་གིས་མང་དུ་བྱིན་པ་དང་། གང་གིས་བཟང་པོ་བྱིན་པ་དང་། གང་གིས་ཡིད་དགའ་བས་ལས་བྱས་པ་དང་། གང་གིས་རབ་ཏུ་དང་བའི་སེམས་ཀྱིས་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་ནི་བསོད་ནམས་ཀྱི་སྐལ་བ་ཅན་དུ་འགྱུར་
རོ་ཞེས་གསུངས་ཀྱིས། མ་ལ་བདག་གིས་ཀྱང་ལས་ཤིག་བྱའོ་སྙམ་ནས་དེས་ཤིང་གཤག་པར་བརྩམས་པ་ལས་ཇི་ཙམ་ན་ཤིང་རུལ་པ་ཞིག་གི་སེར་ཀ་ནས་སྦྲུལ་གདུག་པ་ཞིག་བྱུང་ནས་རྐང་པ་གཡས་པའི་མཐེ་བོ་ལ་ཟིན་པ་དང་། དེ་དུག་གི་ཤུགས་ཀྱིས་བརྒྱ་ལ་ནས་ས་ལ་འགྱེལ་ཏེ་དབུ་བར་
སྐྱུག་ཅིང་བཞིན་ཡང་གྱུར། མིག་ཀྱང་གྱུར་ཏེ། དེ་དེ་ལྟར་སྡུག་བསྔལ་བ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨྲས་པ། ཤེས་ལྡན་དག་འདི་ཁྱིམ་བདག་སུ་ཞིག་གི་བུ་ཡིན། གཞན་དག་གིས་སྨྲས་པ། ཆེ་གེ་མོ་ཞིག་གིའོ། །དེ་དག་གིས་སྨྲས་པ། དགེ་སྦྱོང་ཤཱཀྱའི་སྲས་མགོན་
เล่ม ๓ · หน้า 49a
མེད་པ་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་གི་གལ་ཏེ་རབ་ཏུ་མ་བྱུང་བར་གྱུར་ན་ཉེ་དུ་རྣམས་ཀྱིས་འདི་ལ་དཔྱད་བྱས་པ་ཞིག་ཅེས་བྱ་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་པ་ལ་དྲིས་ལ་དཔྱད་བྱོས་ཤིག །དགེ་སློང་
དག་གིས་སྨན་པ་ལ་དྲིས་པ་དང་། དེས་སྨྲས་པ། འཕགས་པ་སྦྱར་བའི་ཟས་གསོལ་ཅིག་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་པས་བསྟན་ན་སྦྱིན་པར་བྱའོ། །དགེ་སློང་དག་གིས་ཟས་སྦྱར་བ་ཇི་ལྟ་བུ་ཡིན་པ་མ་
ཤེས་ནས། དེ་རྣམས་ཀྱིས་སྨན་པ་ལ་དྲིས་པ་དང་། དེས་སྨྲས་པ། འཕགས་པ་དག་ཁྱེད་ཉིད་ཀྱི་སྟོན་པ་བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཁོ་ན་ཉིད་ཡིན་ཏེ། དེ་ཉིད་མཁྱེན་ཏོ་ཞེས་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཟས་སྦྱར་བ་ནི་ལྕི་བ་དང་། གཅིན་དང་། ཐལ་བ་དང་སའོ། །དེ་ལ་ལྕི་བ་ནི་བྱུང་ནས་རིང་པོ་མ་ལོན་པའི་བེའུ་རྣམས་ཀྱིའོ། །གཅིན་ཡང་དེ་དག་ཁོ་ནའོ། །ཐལ་བ་ནི་ཤིང་ལྔ་པོ་ཀན་ཙ་ནའི་དང་། ཀ་པི་དྷ་ཀའི་དང་། ཨ་ཤྭཏྠའི་དང་། ཨུ་དུམ་བཱ་རའི་དང་།
ནྱ་གྲོ་དྷའིའོ། །ས་ནི་ས་ལས་སོར་བཞིའི་འོག་ནས་ཕྱུང་བའོ། །འདི་ནི་སྦྱར་བའི་ཟས་ཡིན་ནོ། །དེ་ནས་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པས་རིལ་ཟས་སྦྱར་བ་བྱིན་ན། འོན་ཀྱང་སོས་པར་མ་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ང་ལས་རྨ་བྱ་ཆེན་མོའི་རིག་སྔགས་བཟུང་ནས་ཀུན་ཆུབ་པར་བྱས་ཏེ། དགེ་སློང་ས་རི་ལ་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། དུག་གཞིལ་བ་དང་། ཆད་པ་སྤང་བ་དང་། དུག་གསད་པ་དང་། མཚམས་
གཅད་པ་དང་། ས་བཅིང་བར་ནུས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ་མཉན་ཏེ་བགྱིའོ།། །།འདུལ་བ་གཞི། བམ་པོ་དྲུག་བཅུ་པ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་རྨ་བྱ་ཆེན་མོའི་རིག་སྔགས་འདི་བཀའ་སྩལ་ཏོ། །སངས་རྒྱས་ལ་ཕྱག་འཚལ་
เล่ม ๓ · หน้า 49b
ལོ། ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། ཨ་མ་ལེ། བི་མ་ལེ། ནིར་མ་ལེ། མངྒ་ལྱེ། ཧི་ར་ཎྱེ། ཧི་ར་ཎྱེ། གརྦྷེ། བྷ་དྲེ། སུ་བྷ་དྲེ། ས་མནྟ། བྷ་དྲེ། ཤྲཱི་བྷ་དྲེ། སརྦ་ཨརྠ་སཱ་དྷ་ནི། པ་ར་མཱར་ཐ་སཱ་དྷ་ནི། སརྦ་ཨ་ནར་ཐ་པྲ་ཤ་མ་ནི། སརྦ་མང་ག་ལ་སཱ་དྷ་ནི། མཱ་ན་
སི། མཱ་ན་སི། མ་ཧཱ་མཱ་ན་སི། ཨ་ཙྱུ་ཏེ། ཨད་བྷུ་ཏེ། ཨད་དྱན་བྷུ་ཏེ། མུག་ཏེ། མོ་ཙ་ནི། མོཀྵ་ནི། ཨ་ར་ཛེ། བི་ར་ཛེ། ཨ་མ་རེ། ཨ་མྲྀ་ཏེ། ཨ་མ་ར་ཎི། བྲཧྨེ། བྲ་ཧྨཱ་སྭ་རེ། སཱུ་ར་ཎི། སཱུ་ར་ཎ་མ་ནོར་ཐེ། མུག་ཏེ། ཛཱི་བན་ཏེ། ས་རིའི་གནོད་པ་དང་། འཇིགས་པ་དང་། ནད་ཐམས་ཅད་ལས་
སྲུངས་ཤིག་སྭཱ་ཧཱ། བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་རྨ་བྱ་ཆེན་མོའི་རིག་སྔགས་བླངས་ནས། དགེ་སློང་ས་རི་ལ་བདེ་ལེགས་སུ་འགྱུར་བ་བྱས་པས་དུག་མེད་ནས་སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་ཏོ། །དགེ་སློང་རྣམས་ཐེ་ཚོམ་
སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་རྨ་བྱ་ཆེན་མོའི་རིག་སྔགས་སྨན་པ་དང་། གཅེས་སྤྲས་བགྱིད་པ་ངོ་མཚར་ཆེ་ལགས་སོ། །དགེ་སློང་དག་ད་ལྟར་འབའ་ཞིག་ཏུ་མ་ཡིན་ཏེ། ཇི་ལྟར་འདས་
པའི་དུས་ན་ཡང་ང་ལོག་པར་ལྟུང་བའི་ལུས་མི་ཁོམ་པར་གྱུར་པ་ན་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོས་ཕན་པ་དང་གཅེས་སྤྲས་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བ་ཞིག་གནས་ཏེ། དེ་ནང་པར་
རྨ་བྱ་ཆེན་མོའི་རིག་སྔགས་འདིས་བདེ་ལེགས་སུ་འགྱུར་བ་བྱས་ཏེ་ཉིན་མོ་བདེ་ལེགས་སུ་གནས། ནུབ་ཀར་བདེ་ལེགས་སུ་འགྱུར་བ་བྱས་ཏེ་མཚན་མོ་བདེ་ལེགས་སུ་གནས་སོ། །དེ་དུས་གཞན་ཞིག་ན་འདོད་པའི་འདོད་ཆགས་ལ་ལྷག་པར་ཆགས། འདོད་པ་རྣམས་ལ་ཞེ་ན། འཆུམས། བརྒྱལ་
མྱོས། རབ་ཏུ་རྨོངས། རབ་ཏུ་བརྒྱལ་ཏེ། བག་མེད་པས་ནགས་ཀྱི་རྨ་བྱ་ཆེན་མོ་རབ་ཏུ་མང་པོ་རྣམས་དང་ལྷན་ཅིག་ཏུ་ཀུན་དགའི་ར་བ་ནས་ཀུན་དགའི་ར་བ་དང་། སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ་དང་། རིའི་ངོས་ནས་རིའི་ངོས་སུ་རྒྱུ་བ་ལས་ཇི་ཙམ་ན་རིའི་སེར་ག་ཞིག་ཏུ་ཞུགས་པ་དང་། དེ་
เล่ม ๓ · หน้า 50a
དེར་ཡུན་རིང་དུ་ཕྱིར་རྒོལ་བ། དགྲར་གྱུར་པ། འཚེ་བར་གྱུར་པ། གླགས་ལྟ་བ་རྣམས་ཀྱིས་རྨ་བྱའི་རྙིས་བཟུང་སྟེ། དེ་མི་མཛའ་བའི་ནང་དུ་སོན་པ་དང་། རབ་ཏུ་རྨོངས་པ་ལས་དྲན་པ་རྙེད་ནས་རྨ་བྱ་ཆེན་མོའི་རིག་སྔགས་འདི་ཁོ་ན་ཡིད་ལ་བྱས་སོ། །འདི་ལྟ་སྟེ། ཨ་མ་ལེ།
བི་མ་ལེ། ནིར་མ་ལེ། མང་ག་ལྱེ། ཧི་ར་ཎྱེ། ཧི་ར་ཎྱེ། གརྦྷེ། བྷ་དྲེ། སུ་བྷ་དྲེ། ས་མནྟ་བྷ་དྲེ། ཤྲཱི་བྷ་དྲེ། སརྦ་ཨརྠ་སཱ་དྷ་ནི། པ་ར་མཱར་ཐ་སཱ་དྷ་ནི། སརྦ་ཨ་ནར་ཐ་པྲ་ཤ་མ་ཎི། སརྦ་མང་ག་ལ་སཱ་དྷ་ནི། མཱ་ན་སི་མཱ་ན་སི། མ་ཧཱ་མཱ་ན་སི། ཨ་ཙྱུ་ཏེ། ཨད་བྷུ་ཏེ། ཨད་དྱན་བྷུ་ཏེ། མུག་ཏེ་
མོ་ཙ་ནི། མོ་ཀྵ་ཎི། ཨ་ར་ཛེ། བི་ར་ཛེ། ཨ་མ་རེ། ཨ་མྲྀ་ཏེ། ཨ་མར་ཎི། བྲ་ཧྨེ། བྲཧྨཱ་སྭ་རེ། སཱུ་ར་ཎེ། སཱུ་ར་ཎ་མ་ནོ་ར་ཐེ། མུག་ཏེ། ཛཱི་བན་ཏི། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག་སྭཱ་ཧཱ། དེས་རྨ་བྱའི་རྙི་ཆད་ནས་བྲོས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྨ་
བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བ་གང་ཡིན་པ་དེ་ནི་ང་ཡིན་ཏེ། དེ་ན་ཡང་ང་ལ་རྨ་བྱ་ཆེན་མོའི་རིག་སྔགས་ཀྱིས་ཕན་པ་དང་གཅེས་སྤྲས་བྱས་སོ། །ད་ལྟར་ན་ཡང་ངའི་རྨ་བྱ་ཆེན་མོའི་རིག་སྔགས་ཀྱིས་ཕན་པ་དང་གཅེས་སྤྲས་བྱས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱི་རིག་སྔགས་ཀྱིས་
དགེ་སློང་ས་རི་ལ་ཇི་ཙམ་པ་བདེ་ལེགས་སུ་བྱས་པར་གྱུར་པ་ལ་གཟིགས། དགེ་སློང་དག་ད་ལྟར་འབའ་ཞིག་མ་ཡིན་གྱི་ཇི་ལྟར་འདས་པའི་དེ་ཡང་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་སྦྲུལ་སྔགས་མཁན་ཞིག་ཡོད་དོ། །རྒྱལ་རིགས་ཀྱི་ཁྱེའུ་ཞིག་སྦྲུལ་གྱིས་ཟིན་ནས་
དེ་ཤི་བ་དང་། སྦྲུལ་སྔགས་མཁན་གྱིས་རིག་སྔགས་ཀྱིས་དེ་སོས་པར་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་སྦྲུལ་སྔགས་མཁན་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་ཁྱེའུ་གང་ཡིན་པ་དེ་ནི་དགེ་སློང་ས་རི་ཡིན་ནོ། །སྨན་གྱི་གཞི་རྫོགས་
སོ།། །།
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด