ตัวบทไม่มีชื่อ — ประโยคแรก: སྨན་གྱི་གཞིའི་བསྡུས་པའི་སྡོམ་ལ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒ · หน้า 1a

༄༅། །འདུལ་བ་ཁ་བཞུགས་སོ། །

เล่ม ๒ · หน้า 1b

འདུལ་བ་གཞི། བམ་པོ་ཉི་ཤུ་ལྔ་པ། དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ། ཞི་བ་འཁོར་ཞི་བ་དགྲ་བཅོམ་པ་ལྔ་བརྒྱ་དང་ཐབས་ཅིག་ཏུ་སློ་མ་ལྟ་བུར་

གཤེགས་སོ། །དེ་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་གནས་པའི་ལྷ་དེས་བ་ཀུ་ལའི་ཡལ་ག་ཞིག་བླངས་ཏེ། བཅོམ་ལྡན་འདས་ལ་གྲིབ་མ་བྱེད་ཅིང་རྗེས་བཞིན་རྗེས་བཞིན་དུ་སོང་བ་དང་། བཅོམ་

ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་དེ་དང་མཐུན་པའི་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བའི་ཆོས་བཤད་པ་མཛད་དེ།

ཐོས་ནས་ལྷ་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པར་གྱུར་ཏོ། །ཇི་ཙམ་ན་ཕྱོགས་གཞན་ཞིག་

ན་ཡུགས་ས་མོ་ལྔ་བརྒྱ་ཙམ་གནས་པ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་

เล่ม ๒ · หน้า 2a

མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུར་ཀུན་ནས་བཟང་བར་མཐོང་ངོ་། །མཐོང་མ་ཐག་ཏུ་ཡང་དེ་རྣམས་བཅོམ་ལྡན་འདས་ལ་སེམས་དང་བ་ཆེན་

པོ་སྐྱེས་སོ། །འདི་ནི་ཆོས་ཉིད་ཡིན་ཏེ། ཇི་ལྟར་དགེ་བའི་རྩ་བ་བསགས་པའི་རྒྱུ་ཅན་གྱི་སེམས་ཅན་གྱིས་དང་པོར་སངས་རྒྱས་མཐོང་བ་ལྟར་ལོ་བཅུ་གཉིས་སུ་ཞི་གནས་ཀྱི་སེམས་གོམས་པར་བྱས་པ་དང་། བུ་མེད་པས་བུ་རྙེད་པ་དང་། དབུལ་པོས་གཏེར་

མཐོང་བ་དང་། རྒྱལ་སྲིད་ལ་མངོན་པར་དགའ་བ་རྒྱལ་སྲིད་ཀྱི་དབང་བསྐུར་བ་ནི་དེ་ལྟར་ཉམས་དགའ་བ་སྐྱེད་པ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་གདུལ་བའི་དུས་ལ་གཟིགས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་

ལ་བཞུགས་སོ། །དེ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་ཞེས་

བྱ་བ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་རྣམས་ཀྱིས་བདེན་པ་མཐོང་ནས་ལན་གསུམ་དུ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ། བཙུན་པ་བདག་ཅག་ལ་འདི་ལྟ་བུ་ནི་མས་མ་བགྱིས་ཏེ་ཕས་མ་ལགས།

རྒྱལ་པོས་མ་ལགས། ལྷས་མ་ལགས། སྡུག་པས་མ་ལགས། རང་གི་སྐྱེ་བོ་དང་གཉེན་གྱི་ཚོགས་ཀྱིས་མ་ལགས། སྔོན་གྱི་འདས་པས་མ་ལགས། དགེ་སྦྱོང་དང་། བྲམ་ཟེས་མ་ལགས་པ་གང་ལགས་པ་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་

เล่ม ๒ · หน้า 2b

མཛད་དེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་བོ་ལས་ནི་བསྒྲལ། ངན་སོང་གི་སྒོ་ནི་བཀུམ། ཐར་པ་དང་མཐོ་རིས་ཀྱི་སྒོ་ནི་ཕྱེ་ནས་བདག་ཅག་ལྷ་དང་མི་རྣམས་སུ་ནི་བཀོད་དེ། བཙུན་པ་བདག་ཅག་འཕགས་སོ། །མངོན་པར་འཕགས་སོ། །བདག་

ཅག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས། བཅོམ་ལྡན་འདས་ཀྱིས་བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ། དེ་དག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་བདག་ཅག་ལ་ཅུང་ཟད་ཅིག་སྩོལ་ཅིག་དང་། དེ་ལ་བདག་ཅག་བགྱི་བ་དག་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་དབུ་སྐྲ་དང་སེན་མོ་བྲེགས་ཏེ་བྱིན་ནོ། །དེ་དག་གིས་བཅོམ་ལྡན་འདས་

ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ཞིག་བརྩིགས་སོ། །དེ་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་གནས་པའི་ལྷ་གང་ཡིན་པ་དེས་མཆོད་རྟེན་དེའི་འཁོར་སར་བ་ཀུ་ལའི་ཡལ་ག་དེ་བསྐྱེད་དེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་བདག་ནི་མཆོད་རྟེན་འདི་ལ་བགྱི་བ་

བགྱིད་ཅིང་མཆིས་སོ་ཞེས་དེ་དེ་ཉིད་ན་གནས་སོ། །དེ་ལ་ཁ་ཅིག་གིས་ནི་ཡུགས་ས་མོའི་མཆོད་རྟེན་ནོ་ཞེས་བྱ་བར་ཤེས་སོ། །ཁ་ཅིག་གིས་ནི་བ་ཀུ་ལའི་འཁོར་ས་ཞེས་བྱ་བར་ཤེས་ཏེ། མཆོད་རྟེན་ལ་ཕྱག་བྱེད་པའི་དགེ་སློང་དག་ད་དུང་ཡང་ཕྱག་བྱེད་དོ། །བཅོམ་ལྡན་འདས་

གཤེགས་པ་དང་། ཇི་ཙམ་ན་བསྟི་གནས་གཞན་ཞིག་ན་དྲང་སྲོང་ལྔ་བརྒྱ་གནས་ཏེ། དེ་དག་གི་བསྟི་གནས་དེ་ནི་མེ་ཏོག་དང་འབྲས་བུ་དང་ཆུ་ཕུན་སུམ་ཚོགས་པས་དེ་དག་དེས་རྒྱགས་ནས་ཅི་ཡང་མི་སེམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་གདུལ་བའི་དུས་ལ་གཟིགས་

ནས་བསྟི་གནས་དེར་གཤེགས་ཏེ་བྱོན་པ་དང་། རྫུ་འཕྲུལ་གྱིས་བསྟི་གནས་དེའི་མེ་ཏོག་དང་འབྲས་བུ་ནི་བརླག །ཆུ་ནི་བསྐམས། ནེའུ་གསིང་རྣམས་ནི་གློགས། འདུག་གནས་དག་ནི་བརྟིབ་བོ། །དེ་ནས་དྲང་སྲོང་དེ་དག་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་

เล่ม ๒ · หน้า 3a

འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འདུག །དེ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བསོད་ནམས་ཀྱི་ཞིང་རྐང་གཉིས་ཁྱེད་འདིར་གཤེགས་ནས་བདག་ཅག་ནི་གནས་སྐབས་འདི་འདྲ་བར་གྱུར་

ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་དག་བསྟི་གནས་མེ་ཏོག་དང་འབྲས་བུ་དང་ཆུ་ཕུན་སུམ་ཚོགས་པ་ཅི་སྟེ་མ་རུང་། ཇི་སྔོན་གྱི་ཇི་ལྟ་བ་དེ་བཞིན་དུ་བྱའམ། བཅོམ་ལྡན་འདས་མཛད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་བརྟུལ་བ་དང་སྔོན་གྱི་ཇི་ལྟ་

བ་བཞིན་དུ་གྱུར་ཏོ། །དེ་ནས་དེ་དག་མཆོག་ཏུ་ཡ་མཚན་དུ་གྱུར་ནས། བཅོམ་ལྡན་འདས་ལ་སེམས་མངོན་པར་དད་པ་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་གི་བསམ་པ་དང་བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་དེ་དང་

མཐུན་པའི་ཆོས་བཤད་པ་མཛད་དེ། དེ་ཐོས་ནས་དེ་དག་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་རྫུ་འཕྲུལ་མངོན་པར་བསྒྲུབས་ནས། དེ་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་པ་ལྟ་ན། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་ཅག་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་

སློང་ཚུར་ཤོག་ཅེས་བྱ་བས་དགེ་སློང་དག་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་མོད་ལ་སྐྲ་དང་ཁ་སྤུ་བྱི་བ་དང་སྣམ་སྦྱར་གྱོན་པར་གྱུར་ཏེ། ལག་ན་ལྷུང་བཟེད་དང་། བྱ་མ་བུམ་ཐོགས་པ་དང་། སྐྲ་དང་ཁ་སྤུ་ཞག་བདུན་སྐྱེས་པ་ཙམ་དང་།

དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཏོ། །དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་

เล่ม ๒ · หน้า 3b

པར་གྱུར། །དེ་དག་གིས་འབད་པ་དང་བརྩལ་བས་བརྩོན་འགྲུས་བརྩམས་པས་འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཅེས་བྱ་བ་ནས་མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །

དེ་དག་ལ་འདོམས་པར་བྱེད་པའི་དྲང་སྲོང་གང་ཡིན་པ་དེས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆ་བྱད་འདིས་སྐྱེ་བོའི་ཚོགས་ཆེན་པོ་བསླུས་པ་དེ་དག་ཇེ་དད་པ་སྐྱེས་པར་བགྱིས་ལ་སླད་ཀྱིས་རབ་ཏུ་དབྱུང་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་དྲང་སྲོང་ལྔ་བརྒྱ་དང་སྔོན་

གྱི་དགེ་སློང་རྣམས་ཀྱིས་ཟླ་བ་ཁམ་པ་ལྟ་བུར་བསྐོར་ནས་དེ་ཉིད་ནས་རྫུ་འཕྲུལ་གྱིས་སྟེང་གི་ནམ་མཁའ་ལས་གཤེགས་ཏེ་རིམ་གྱིས་གཏུན་རི་ལ་བྱོན་ཏོ། །དེའི་ཚེ་གཏུན་རིལ་དྲང་སྲོང་ཤིང་གོས་ཅན་ཞེས་བྱ་བ་ཞིག་གནས་ཏེ། དྲང་སྲོང་དེས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་

སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ་ཞེས་བྱ་བ་ནས། ཀུན་ནས་མཛེས་པ་རྒྱང་རིང་པོ་ཁོ་ན་ནས་མཐོང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །མཐོང་མ་ཐག་ཏུ་དེ་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་པར་གྱུར་ཏེ། དེ་དད་པ་སྐྱེས་ནས་བསམས་པ། མ་ལ་བདག་རི་

ལས་བབས་ཏེ། བཅོམ་ལྡན་འདས་བལྟ་ཞིང་འགྲོར་ནི་བཅོམ་ལྡན་འདས་གདུལ་བ་ལ་གཟིགས་པས་འདས་པར་འགྱུར་གྱིས། མ་ལ་བདག་ཉིད་མཆོང་བར་བྱའོ་སྙམ་ནས། དེས་རི་ལས་བདག་ཉིད་མཆོངས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེལ་བ་མི་

མངའ་བའི་ཆོས་ཅན་ཡིན་པས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་བླངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་དེ་དང་མཐུན་པའི་ཆོས་བཤད་པ་མཛད་དེ། དེ་ཐོས་ནས་ཤིང་གོས་ཅན་

གྱིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་རྫུ་འཕྲུལ་མངོན་པར་བསྒྲུབས་ནས། དེ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་

เล่ม ๒ · หน้า 4a

པ་ལྟ་ན་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་ཕྱུང་ངོ་ཞེས་བྱ་བ་དང་། སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་

རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་དགེ་སློང་དད་པས་རྣམ་པར་གྲོལ་བ་རྣམས་ཀྱི་མཆོག་ནི་འདི་ཡིན་ཏེ། འདི་ལྟ་སྟེ་དགེ་སློང་ཤིང་གོས་ཅན་ནོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་སྟོང་གིས་ཡོངས་སུ་བསྐོར་ཏེ། ཆོ་འཕྲུལ་རྣམ་པ་སྣ་ཚོགས་མཛད་ཅིང་

གྲོང་ཁྱེར་སློ་མ་ལྟ་བུར་གཤེགས་སོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་སྒོ་གཅིག་ནས་ཞུགས་ན་གཞན་དག་གཞན་དུ་སེམས་པར་འགྱུར་བས་མ་ལ་ང་རྫུ་འཕྲུལ་ཁོ་ནས་འཇུག་པར་བྱའོ་སྙམ་ནས། དེ་ནས་རྫུ་འཕྲུལ་གྱིས་སྟེང་གི་ནམ་མཁའ་ལས་

གྲོང་ཁྱེར་སློ་མ་ལྟ་བུའི་དབུས་སུ་གཤེགས་སོ། །དེ་ནས་སློ་མ་ལྟ་བུའི་བདག་པོ་རྒྱལ་པོ་དང་། ཚེ་དང་ལྡན་པ་གང་པོ་དང་། ཤིང་གི་རྣ་ཆ་ཅན་དང་། རྒྱ་སྐེགས་ཀྱི་རྣ་ཆ་ཅན་དང་། ཞ་ཉེའི་རྣ་ཆ་ཅན་དང་། རྒྱལ་པོའི་སྲས་བཅུ་བདུན་པོ་དེ་དག་ཀྱང་རང་རང་གི་འཁོར་དང་། སྲོག་

ཆགས་བརྒྱ་སྟོང་ཕྲག་དུ་མ་བཅོམ་ལྡན་འདས་གང་ན་བ་དེར་སོང་ངོ་། །དེ་ནས་བཅོམ་ལྡན་འདས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མས་ཞམ་རིང་བྱས་ཤིང་ཙན་དན་གྱི་ཕྲེང་བའི་ཁང་བཟངས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་

བཞུགས་ཏེ། སྐྱེ་བོའི་ཚོགས་ཆེན་པོ་དེས་བཅོམ་ལྡན་འདས་མཐོང་ངོ་། །ཙན་དན་གྱི་ཕྲེང་བའི་ཁང་བཟངས་ཞིག་ལ་ཐུག་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་ཙན་དན་གྱི་ཕྲེང་བའི་ཁང་བཟངས་ཞིག་པར་གྱུར་ན་སྦྱིན་བདག་རྣམས་ཀྱི་བསོད་ནམས་ཀྱི་བར་

ཆད་དུ་འགྱུར་གྱིས། མ་ལ་ངས་འདི་ཤེལ་གྱི་རང་བཞིན་དུ་སྤྲུལ་པར་བྱའོ་སྙམ་ནས། བཅོམ་ལྡན་འདས་ཀྱིས་དེ་ཇི་ལྟར་སྐྱེ་བོའི་ཚོགས་དེས་སངས་རྒྱས་ཀྱི་སྐུ་སྒྲིབ་པ་མེད་པར་མཐོང་བར་འགྱུར་བར་ཤེལ་གྱི་རང་བཞིན་དུ་སྤྲུལ་ཏོ། །དེ་ནས་འཁོར་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་།

เล่ม ๒ · หน้า 4b

ཁམས་དང་། རང་བཞིན་མཁྱེན་ནས་དེ་དང་འདྲ་བའི་ཆོས་བཤད་པ་མཛད་དེ། དེ་ཐོས་ནས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མས་ཁྱད་པར་ཆེན་པོ་དག་རྟོགས་ཏེ། ཁ་ཅིག་གིས་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད། ཁ་ཅིག་གིས་ནི་ངེས་པར་འབྱེད་

པའི་ཆ་དང་མཐུན་པ། ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་

མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའོ། །འཁོར་དེ་ཕལ་ཆེར་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་

པ་དང་། དགེ་འདུན་ལ་བབ་པར་བཀོད་དོ། །དེ་ནས་ཤིང་གི་རྣ་ཆ་ཅན་དང་། རྒྱ་སྐེགས་ཀྱི་རྣ་ཆ་ཅན་དང་། ཞ་ཉེའི་རྣ་ཆ་ཅན་གྱིས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ནས་གདན་བཤམས་ཏེ། ནོར་བུའི་ཆུ་སྣོད་བཞག་ནས་བཅོམ་ལྡན་

འདས་ལ་སྤྱན་འདྲེན་གྱིས་དུས་ཚོད་གསོལ་པ། བཙུན་པ་གདུགས་ཚོད་ལགས་ཤིང་མཆིས་ན། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེའི་ཚེ་ཀླུའི་རྒྱལ་པོ་ནག་པོ་དང་། གཽ་ཏ་མ་ཞེས་བྱ་བ་རྒྱ་མཚོ་ཆེན་པོ་ན་གནས་པ་དེ་གཉིས་ཀྱིས་བསམས་པ།

བཅོམ་ལྡན་འདས་གྲོང་ཁྱེར་སློ་མ་ལྟ་བུ་ན་ཆོས་འཆད་ཀྱིས་དོང་ལ་མཉན་པར་བྱའོ་སྙམ་མོ། །དེ་ནས་དེ་གཉིས་ཀླུ་ལྔ་བརྒྱའི་འཁོར་དང་གྲོང་ཁྱེར་སློ་མ་ལྟ་བུར་ཆུ་བོ་ལྔ་བརྒྱ་ཕབ་ནས་ཆས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེལ་བ་མི་མངའ་བའི་ཆོས་ཅན་ཡིན་པས་

བཅོམ་ལྡན་འདས་ཀྱིས་དགོངས་པ། ཀླུའི་རྒྱལ་པོ་ནག་པོ་དང་། གཽ་ཏ་མ་འདི་གཉིས་གལ་ཏེ་གྲོང་ཁྱེར་སློ་མ་ལྟ་བུར་འོངས་པར་གྱུར་ན། ཡུལ་ཕུང་བར་བྱེད་པར་འགྱུར་རོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ།

เล่ม ๒ · หน้า 5a

མཽད་གལ་གྱི་བུ་དེ་བཞིན་གཤེགས་པའི་རིངས་པའི་བསོད་སྙོམས་ལོང་ཤིག །མཽད་གལ་གྱི་བུ་དེ་ཅིའི་ཕྱིར་ཞེ་ན། རིངས་པའི་བསོད་སྙོམས་ནི་ལྔ་སྟེ། ལྔ་གང་ཞེ་ན། གློ་བུར་བ་དང་། འགྲོ་བར་ཆས་པ་དང་། ནད་པ་དང་། ནད་གཡོག་

དང་། དགེ་སྐོས་སོ། །སྐབས་འདིར་ནི་བཅོམ་ལྡན་འདས་དགེ་སྐོས་སུ་དགོངས་ཏེ། བཅོམ་ལྡན་འདས་རྫུ་འཕྲུལ་གྱིས་དེ་ཉིད་ནས་སྟེང་གི་ནམ་མཁའ་ལས་གཤེགས་སོ། །བཅོམ་ལྡན་འདས་དང་མཽད་གལ་གྱི་བུ་གཉིས་ཀླུའི་རྒྱལ་པོ་ནག་པོ་དང་། གཽ་ཏ་མ་གང་ན་བ་དེར་

གཤེགས་ཏེ་བྱོན་ནས་བཀའ་སྩལ་པ། ཀླུའི་དབང་པོ་གྲོང་ཁྱེར་སློ་མ་ལྟ་བུ་ལ་སོམས་ལ་ཡུལ་ཕུང་བར་མ་བྱ་ཤིག །དེ་གཉིས་ཀྱིས་གསོལ་པ། བཙུན་པ་བདག་ཅག་གང་སྲོག་ཆགས་གྲོག་སྦུར་ལ་ཡང་གནོད་པ་མི་བགྱིད་པ་དེ་ལྟ་བུའི་དད་པས་མཆིས་ན། སློ་མ་ལྟ་བུ་ན་

གནས་པའི་སྐྱེ་བོའི་ཚོགས་ལ་ལྟ་སྨོས་ཀྱང་ཅི་འཚལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་ནག་པོ་དང་། གཽ་ཏ་མ་ལ་དེ་ལྟ་བུའི་ཆོས་བཤད་པ་མཛད་དེ། དེ་ཐོས་ནས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ཞིང་བསླབ་པའི་གཞི་རྣམས་བཟུང་ངོ་། །བཅོམ་

ལྡན་འདས་ཀྱིས་ཞལ་ཟས་གསོལ་བའི་མཛད་པ་བརྩམས་པ་དང་། ཀླུ་རེ་རེ་ནས་བསམས་པ། ཀྱེ་མའོ་བཅོམ་ལྡན་འདས་ལ་བདག་གི་ཆུའི་བཏུང་བ་གསོལ་ལོ་སྙམ་མོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་གཅིག་གི་ཆུ་གསོལ་ན་ནི་དེས་ན་གཞན་དག་གཞན་དུ་

སེམས་པར་འགྱུར་བས་ཐབས་ཤིག་བཤམ་པར་བྱའོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་སོང་ལ་གང་ན་ཆུ་བོ་ལྔ་བརྒྱ་འདྲེས་པ་དེ་ལས་ཆུ་ལྷུང་བཟེད་ཁོང་ལ་ཁྱེར་ཏེ་ཤོག་ཤིག །བཙུན་

པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་གང་དུ་ཆུ་བོ་ལྔ་བརྒྱ་འདྲེས་པ་དེ་ནས་ཆུས་ལྷུང་བཟེད་བཀང་ནས་ཁྱེར་ཏེ། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལྷུང་

เล่ม ๒ · หน้า 5b

བཟེད་བཀང་བའི་ཆུ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་བཞེས་ཏེ་གསོལ་ལོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བསམས་པ་བཅོམ་ལྡན་འདས་ཀྱིས་སྔོན་གྱི་བཀའ་སྩལ་པ། དགེ་སློང་དག་ཕ་དང་མས་ནི་བུ་གསོས། བསྲིངས་བསྐྱེད་ནུ་མས་བསྣུན།

འཛམ་བུའི་གླིང་གི་སྣ་ཚོགས་སྟོན་པར་བྱེད་པ་ཡིན་པས་ཤིན་ཏུ་དཀའ་བ་བྱེད་པ་སྟེ། བུས་ཕྲག་པ་གཅིག་ལ་ནི་མ་བཞག་ཅིག་ཤོས་ལ་ནི་ཕ་བཞག་ནས་ལོ་བརྒྱ་ཚང་བར་ཁུར་དུ་ཐོགས་སམ། ས་ཆེན་པོ་འདིའི་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། མན་ཤེལ་དང་། བྱི་

རུ་དང་། དངུལ་དང་། གསེར་དང་། རྡོའི་སྙིང་པོ་དང་། སྤུག་དང་། པད་མ་རཱ་ག་དང་། དུང་གཡས་སུ་འཁྱིལ་པ་སྟེ། དེ་ལྟ་བུའི་དབང་ཕྱུག་ལ་བདག་པོར་བཅུག་ཀྱང་། བུས་ཕ་མ་ལ་དེ་ཙམ་གྱིས་ཕན་ཐོགས་པའམ་ལན་ལོན་པར་མི་འགྱུར་གྱི། གང་གིས་ཕ་མ་དད་

པ་མེད་པ་དད་པ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུག་ལ་འདུལ་ཞིང་འཛུད་དེ་སོ་སོར་འགོད་པར་བྱེད་པ་དང་། ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། སེར་སྣ་ཅན་གཏོང་བ་ཕུན་སུམ་ཚོགས་པ་དང་། ཤེས་རབ་འཆལ་པ། ཤེས་རབ་ཕུན་

སུམ་ཚོགས་པ་ཡང་དག་པར་འཛིན་དུ་འཇུག་ལ་འདུལ་ཞིང་འཛུད་དེ་སོ་སོར་འགོད་པར་བྱེད་ན། དེ་ཙམ་གྱིས་བུས་ཕ་དང་མ་ལ་ཕན་ཐོགས་པ་དང་ལན་ལོན་པ་ཡིན་ནོ་ཞེས་གསུངས་ན། བདག་གིས་ནི་མ་ལ་ལན་གཅིག་ཡང་མ་ལོན་གྱིས། མ་ལ་བདག་གིས་བདག་གི་

མ་གང་དུ་སྐྱེས་པ་བསམ་མོ་སྙམ་ནས་བསམ་པ་ལ་ཞུགས་པ་དང་། འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་སྐྱེས་པར་མཐོང་ངོ་། །དེས་དེ་སུའི་གདུལ་བྱ་ཡིན་པ་བརྟགས་ན། བཅོམ་ལྡན་འདས་ཀྱི་ཡིན་པར་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་ལམ་རིང་པོ་

ནས་འདིར་འོངས་པས་ཅི་ནས་ཀྱང་བདག་གིས་བཅོམ་ལྡན་འདས་ལ་དོན་འདི་གསོལ་ལོ་སྙམ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་སྔོན་དགེ་སློང་དག་ཕ་དང་མ་ནི་བུ་ལ་ཤིན་དུ་དཀའ་བ་བྱེད་པ་ཡིན་ནོ་ཞེས་གསུངས་ན།

เล่ม ๒ · หน้า 6a

བདག་གི་མ་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་སྐྱེས་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་འདུལ་བར་འགྱུར་ལགས་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་གདུལ་བར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

མཽད་གལ་གྱི་བུ་སུའི་རྫུ་འཕྲུལ་གྱིས་དོང་། བཅོམ་ལྡན་འདས་བདག་གིའོ། །དེ་ནས་བཅོམ་ལྡན་འདས་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་རི་རབ་ཀྱི་རྩེ་མོ་ལ་གོམ་པ་བོར་ཞིང་གཤེགས་པ་དང་། ཞག་བདུན་གྱིས་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་བྱོན་ཏོ། །

བུ་མོ་བཟང་མོ་དེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་རྒྱང་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་དགའ་བ་དང་བཅས་པས་དེའི་དྲུང་དུ་སོང་སྟེ་སྨྲས་པ། ཀྱེ་མའོ་ཡུན་རིང་ཞིག་ལོན་ནས་བུ་མཐོང་ངོ་། །ཀྱེ་མའོ་ཡུན་རིང་མོ་ཞིག་ལོན་ནས་བུ་མཐོང་ངོ་། །དེ་ནས་སྐྱེ་བོའི་

ཚོགས་ཆེན་པོས་སྨྲས་པ། ཤེས་ལྡན་དག་རབ་ཏུ་བྱུང་བ་འདི་ནི་རྒན་ན་ཇི་ལྟར་བུ་མོ་འདི་དེའི་མ་ཡིན། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་སྨྲས་པ། ཤེས་ལྡན་དག་ཁོ་བོའི་ལུས་འདི་འདིས་བསྐྱེད་དེ། དེས་ན་ཁོ་བོའི་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བུ་མོ་བཟང་

མོ་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་དེ་དང་མཐུན་པའི་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བའི་ཆོས་བཤད་པ་མཛད་དེ། དེ་ཐོས་ནས་བུ་མོ་བཟང་མོ་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་

བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ་ཞེས་བྱ་བ་ནས་ལྷ་དང་མི་རྣམས་སུ་རབ་ཏུ་བཞག་ཅེས་བྱ་བའི་བར་གོང་མ་བཞིན་ནོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པས་མི་བཟད་པའི། །

ངན་སོང་ལམ་ནི་ཁྱོད་ཀྱི་མཐུས་བཅད་དེ། །མཐོ་རིས་འགྲོ་བ་བསོད་ནམས་བཟང་ལྡན་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །ཁྱེད་ལ་བརྟེན་ནས་ཤིན་ཏུ་རྣམ་དག་མིག །ཉེས་དང་བྲལ་བས་དག་པ་དེང་འདིར་ཐོབ། །འཕགས་པ་དགྱེས་པའི་གོ་འཕང་ཞི་ཐོབ་

เล่ม ๒ · หน้า 6b

ནས། །སྡུག་བསྔལ་རྒྱ་མཚོའི་ཕ་རོལ་བདག་གིས་རྒལ། །འགྲོ་བར་ལྷ་མིན་ལྷ་དང་མིས་མཆོད་པ། །སྐྱེ་རྒ་འཆི་དང་ནད་དང་རྣམ་བྲལ་བ། །སྲིད་པ་སྟོང་དུ་མཐོང་བ་རྙེད་དཀའ་བ། །ཐུབ་པ་ཁྱོད་མཐོང་དེང་འདིར་འབྲས་བུར་བཅས། །བཙུན་པ་བདག་ནི་འཕགས་

ཤིང་མངོན་པར་འཕགས་ཏེ། བདག་བཅོམ་ལྡན་འདས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས་དགེ་བསྙེན་དུ་གཟུང་དུ་གསོལ། །དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་བསམ་པ་ཐག་པས་སྐྱབས་སུ་མཆི་བར་མངོན་པར་སྤྲོ་ལགས་སོ། །བཅོམ་ལྡན་འདས་མཽད་

གལ་གྱི་བུ་ཆེན་པོ་དང་ཐབས་ཅིག་ཏུ་དེང་བསོད་སྙོམས་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བུ་མོ་བཟང་མོ་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་བུ་མོ་བཟང་མོས་བཅོམ་ལྡན་འདས་ཀྱིས་གནང་བར་རིག་སྟེ། བཅོམ་ལྡན་འདས་དང་ཚེ་

དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་གདན་ལ་བདེ་བར་བཞུགས་པར་རིག་ནས། གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་། བཅའ་བ་དག་རང་གི་ལག་ནས་

བསྟབས་ཤིང་ཚིམ་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་གཉིས་བཅབས་ཏེ། ལྷུང་བཟེད་གྱུ་བར་རིག་ནས་སྟན་དམའ་བ་ཞིག་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཏིང་ནས་ཆོས་མཉན་པའི་ཕྱིར་འདུག་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་

ཆོས་བཤད་དོ། །བཅོམ་ལྡན་འདས་ཀྱི་ལྷུང་བཟེད་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བླངས་ཏེ་ལྷུང་བཟེད་འཁྲུ་བར་བྱེད་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་འདོང་ངམ། བཅོམ་ལྡན་འདས་གཤེགས་སོ། །སུའི་རྫུ་འཕྲུལ་གྱིས། བཅོམ་

ལྡན་འདས་ཀྱིའོ། །གལ་ཏེ་དེ་ལྟ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་སོམས་ཤིག །བཅོམ་ལྡན་འདས་སྐོལ་བྱོན་ལགས་སམ། མཽད་གལ་གྱི་བུ་ཡུ་བུ་ཕྱིན་ཟིན་ནོ། །དེ་ནས་ངོ་མཚར་དུ་དད་པའི་ཡིད་ཀྱིས་གསོལ་པ། བཅོམ་ལྡན་འདས་རྫུ་འཕྲུལ་འདིའི་མིང་ཅི་ལགས། མཽད་གལ་གྱི་བུ་

เล่ม ๒ · หน้า 7a

ཡིད་མགྱོགས་ཡིན་ནོ། །བཙུན་པ་སངས་རྒྱས་ཀྱི་ཆོས་ཟབ་མོ་དེ་ལྟ་བུ་ནི་བདག་གིས་གློ་བར་མ་ཆུད་དོ། །གལ་ཏེ་བདག་གིས་གློ་བར་ཆུད་པར་གྱུར་ན། བདག་གི་ལུས་ཏིལ་གྱི་ཕྱེ་མ་ལྟར་བགྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ཀྱི་སེམས་ལས་མི་ལྡོག་པར་འགྱུར་བ་ཞིག་ན། ད་ནི་ཤིང་ཚིག་པ་བཞིན་ཅི་བགྱིར་ཡང་མ་མཆིས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་གང་པོས་ལས་ཅི་ཞིག་

བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལགས། ཟས་ཅི་ཞིག་བགྱིས་ན་དེས་བྲན་མོའི་མངལ་དུ་སྐྱེས་ཤིང་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གང་པོ་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་གང་པོས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་

གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་

བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ནས་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་

བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་

เล่ม ๒ · หน้า 7b

ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱིར་ཉེ་བར་རྟེན་ཅིང་བཞུགས་སོ། །དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་པར་གྱུར་ཏེ། ཆོས་བཞིན་གྱིས་དགེ་འདུན་གྱི་ཞལ་ཏ་བ་བྱེད་དོ། །རེ་ཞིག་ཅིག་

ན་དགྲ་བཅོམ་པ་ཞིག་ལ་དགེ་སྐོས་བབ་སྟེ། དེས་གཙུག་ལག་ཁང་ཕྱག་དར་བྱ་བར་བརྩམས་པ་དང་། རླུང་ལངས་པས་ཕྱག་དར་ཕན་ཚུན་དུ་ཁྱེར་བར་གྱུར་ཏོ། །དེས་བསམས་པ་རེ་ཞིག་རླུང་ཞི་བར་གྱུར་གྱི་བར་དུ་གཞག་གོ་སྙམ་པ་ལས། ཇི་ཙམ་ན་གཙུག་ལག་

ཁང་དེ་མ་ཕྱགས་པ་ཞལ་ཏ་བ་དེས་མཐོང་ནས་དེ་ཀུན་ནས་དཀྲིས་པ་དྲག་པོས། རྩུབ་པོའི་ངག་ཕྱུང་བ། བྲན་མོའི་བུ་གང་ཞིག་དགེ་སྐོས་བྱེད། དགྲ་བཅོམ་པ་དེས་ཐོས་ནས། དེས་བསམས་པ། འདི་ཀུན་ནས་དཀྲིས་པ་ཡིན་པས་རེ་ཞིག་བཞག་ལ་ཕྱིས་གོ་བར་

བྱའོ་སྙམ་ནས། གང་གི་ཚེ་ཀུན་ནས་དཀྲིས་པ་དང་བྲལ་བ་དེའི་ཚེ། དེའི་དྲུང་དུ་སོང་སྟེ་སྨྲས་པ་ཁྱོད་ཀྱིས་ཁོ་བོ་སུ་ཡིན་ཤེས་སམ། དེས་སྨྲས་པ་ཤེས་ཏེ་ཁྱོད་དང་ཁོ་བོ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བ་ཡིན་ནོ། །དེས་སྨྲས་པ་གལ་

ཏེ་དེ་ལྟ་ཡིན་མོད་ཀྱི་ཁོ་བོས་ནི་རབ་ཏུ་བྱུང་བའི་བྱ་བ་བྱས་ཏེ། ཁོ་བོ་ནི་འཆིང་བ་མཐའ་དག་ལས་གྲོལ་བ་ཡིན་ལ། ཁྱོད་ནི་འཆིང་བ་མཐའ་དག་གིས་བཅིངས་པ་ཡིན་པས་ཁྱོད་ཀྱིས་ངག་རྩུབ་པོའི་ལས་ཕྱུང་གིས་ཉེས་པ་ལ་ཉེས་པར་ཤོགས་ཤིག་དང་། དེས་ན་ལས་དེ་བསྲབས་

པ་དང་། ཡོངས་སུ་ཟད་པ་དང་། གཏུགས་པར་འགྱུར་རོ། །དེས་ཉེས་པ་ལ་ཉེས་པར་བཤགས་པས་སེམས་ཅན་དམྱལ་བར་སྐྱེ་ཞིང་བྲན་མོའི་བུར་འགྱུར་བ་ལས། དེ་སེམས་ཅན་དམྱལ་བར་མ་སྐྱེས་པས། ཚེ་རབས་ལྔ་བརྒྱར་བྲན་མོའི་མངལ་དུ་སྐྱེས་ཏེ་ད་ལྟར་གྱི་བར་དུ་

སྲིད་པ་ཐ་མ་ལ་ཡང་བྲན་མོའི་མངལ་དུ་སྐྱེས་པར་གྱུར་ཏོ། །གང་ཡང་དགེ་འདུན་ལ་བསྙེན་བཀུར་བྱས་པ་དེས་ན་ཕྱུག་པ་དང་ནོར་མང་བ་དང་། ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་སོ། །གང་ཡང་དེ་ན་བཀླགས་ཤིང་བཏོན་པས་ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་།

เล่ม ๒ · หน้า 8a

སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་བྱས་པ་དེས་ན་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་

ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན། གཅིག་ཏུ་དཀར་བ་རྣམས་ཀྱི་ནི་གཅིག་ཏུ་དཀར་བ་ཡིན། འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་ནི་སྤངས་ལ་ལས་གཅིག་ཏུ་

དཀར་བ་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གླེང་གཞི་ནི་

རྒྱལ་པོའི་ཁབ་ནའོ། །དེའི་ཚེ་རྒྱལ་པོའི་ཁབ་ན་ཀླུའི་རྒྱལ་པོ་གྲོག་མཁར་དང་རི་བོ་གནས་སོ། །དེ་གཉིས་ཀྱི་མཐུས་དཀའ་ཐུབ་ཀྱི་ཆུ་ལྔ་བརྒྱ་ཡང་རྟག་ཏུ་འབབ་ལ། ཆུ་མིག་དང་། མཚོ་དང་། མཚེའུ་རྣམས་ཀྱང་སྐམ་པར་མི་འགྱུར། ལྷས་དུས་དུས་སུ་ཆར་གྱི་རྒྱུན་

ལེགས་པར་ཕབ་པས་ལོ་ཏོག་རྣམས་ཀྱང་ལྷག་པར་ལེགས་པར་འགྱུར་རོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་གཉིས་བཏུལ་བ་ན་དེ་གཉིས་རི་རབ་ཀྱི་བང་རིམ་ནས་ཉི་མ་རེ་རེ་ཞིང་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་དུ་འོང་ངོ་། །དེ་ནས་

ཀླུའི་རྒྱལ་པོ་གྲོག་མཁར་དང་རི་བོ་འདི་སྙམ་དུ་སེམས་ཏེ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་འདི་གཉིས་རི་རབ་ཀྱི་བང་རིམ་ནས་ཉི་མ་རེ་རེ་ཞིང་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་ཅིང་འོང་ན། བདག་ཅག་འདི་ཉིད་ན་གནས་བཞིན་དུ་བཅོམ་ལྡན་འདས་ལ་བསྙེན་བཀུར་མི་

བྱེད་པ་ནི་བཟང་པོ་མ་ཡིན་གྱིས། མ་ལ་བདག་ཅག་གིས་ཀྱང་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱའོ་སྙམ་ནས། དེ་གཉིས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་

เล่ม ๒ · หน้า 8b

གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་དེ་འདྲ་བའི་ཆོས་བཤད་པ་མཛད་དེ། དེ་ཐོས་ནས་དེ་གཉིས་སངས་རྒྱས་ལ་སྐྱབས་སུ་དོང་ཞིང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་དོང་ནས་བསླབ་པའི་གཞི་རྣམས་བླངས་སོ། །གང་གི་ཚེ་བཅོམ་ལྡན་འདས་

ལས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བླངས་པ་དེའི་ཚེ། ལུས་དང་ལོངས་སྤྱོད་ལྷག་པར་འཕེལ་བར་གྱུར་ཏོ། །དེ་གཉིས་ཀྱིས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་གསོལ་

པ། བཅོམ་ལྡན་འདས་གང་གི་ཚེ་བདག་ཅག་གིས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིས་ཤིང་། བསླབ་པའི་གཞི་རྣམས་མནོས་པ་དེའི་ཚེ་ལུས་དང་ལོངས་སྤྱོད་ལྷག་པར་འཕེལ་བར་གྱུར་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན་བདག་

ཅག་རྒྱ་མཚོ་ཆེན་པོར་འཇུག་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་དབང་པོ་དག་ཁྱེད་རྒྱལ་པོའི་ཡུལ་ན་གནས་པ་ཡིན་གྱིས་རྒྱལ་པོ་ལ་རྟོགས་ཤིག །དེ་གཉིས་ཀྱིས་བསམས་པ་དང་། དོན་གྱིས་ན་བདག་ཅག་བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་

གནང་ངོ་ཞེས་སྨྲས་ནས་དེ་ཉིད་ན་གནས་སོ། །ཀླུའི་རྒྱལ་པོ་གྲོག་མཁར་དང་རི་བོའི་ཀུན་དུ་སྤྱོད་པ་ནི། གལ་ཏེ་ནུབ་མོ་བཅོམ་ལྡན་འདས་ལྟར་འགྲོ་ན་ནི་ལྷའི་བུའི་ཆ་བྱད་ཀྱིས་སོ། །འོན་ཏེ་ཉིན་པར་ན་ནི་ཁྱིམ་བདག་གི་ཆ་བྱད་ཀྱིས་སོ། །དེ་གཉིས་ཁྱིམ་བདག་གི་ཆ་བྱད་དུ་བྱས་

ཤིང་ཉིན་རེ་ཞིང་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་དོ། །རྒྱལ་པོ་གཟུགས་ཅན་སྙིང་པོ་རྒྱལ་རིགས་ཀྱི་མངོན་པའི་ང་རྒྱལ་ཅན་གྱི་ཀུན་དུ་སྤྱོད་པ་ནི་དེ་གང་གི་ཚེ་བཅོམ་ལྡན་འདས་ལྟ་བར་འགྲོ་བ་དེའི་ཚེ་འགའ་ཞིག་བདག་མཐོང་ན་ལྡང་བར་མི་བྱེད་པ་མེད་གྲང་ཞེས་མི་གནང་ཆེན་གཏོང་

བར་བྱེད་དོ། །དེས་མི་གནང་ཆེན་ཞིག་མངགས་ཏེ། ཀྱེ་ནང་རྗེ་སོང་ལ་བཅོམ་ལྡན་འདས་ལ་སུ་དག་བསྙེན་བཀུར་བྱེད་ལྟོས་ཤིག །དེ་སོང་བ་ལས་ཇི་ཙམ་ན་ཁྱིམ་བདག་གཉིས་ཤིག་མཐོང་ནས་དེས་བསམས་པ། འདི་གཉིས་ནི་ལྷའི་ཡུལ་ན་གནས་པས། ཅིའི་ཕྱིར་ལྡང་

เล่ม ๒ · หน้า 9a

བར་མི་བྱེད་སྙམ་ནས་དེས་རྒྱལ་པོ་ལ་སྨྲས་པ། ལྷ་ཁྱིམ་བདག་གཉིས་ཤིག་མཆིས་པ་ནི་ལྷའི་ཡུལ་ཉིད་ན་གནས་པ་ལགས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་བསམས་པ། དེ་གཉིས་ཀྱིས་བདག་མཐོང་ན་ཅིའི་ཕྱིར་ལྡང་བར་མི་བྱེད་ཀྱིས་འགྲོའོ་སྙམ་ནས་

དེ་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་བ་དང་། ཀླུའི་རྒྱལ་པོ་གྲོག་མཁར་དང་རི་བོས་རྒྱལ་པོ་གཟུགས་ཅན་སྙིང་པོ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོ་གཟུགས་ཅན་སྙིང་པོ་མཆི་ན་ཅི་རེ་ཞིག་རྒྱལ་པོ་ལ་

བསྟི་སྟང་བགྱིའམ། འོན་ཏེ་ཆོས་ལ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་དབང་པོ་དག་ཆོས་ལ་བསྟི་སྟང་བྱོས་ཤིག །དམ་པའི་ཆོས་ལ་ནི་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བླ་མར་བྱེད་དོ། །ཆོས་ལ་ནི་དགྲ་བཅོམ་པ་རྣམས་

ཀྱང་བླ་མར་བྱེད་དོ། །ཚིགས་སུ་བཅད་དེ་བཀའ་སྩལ་པ། འདས་པའི་སངས་རྒྱས་གང་ཡིན་དང་། །མ་བྱོན་སངས་རྒྱས་གང་ཡིན་དང་། །ད་ལྟར་སངས་རྒྱས་གང་ཡིན་པ། །མང་པོའི་མྱ་ངན་འཇོམས་མཛད་པ། །བཞུད་དང་བཞུགས་དང་བྱོན་འགྱུར་བ། །ཐམས་

ཅད་དམ་ཆོས་བླ་མར་བྱེད། །འདི་ནི་སངས་རྒྱས་ཆོས་ཉིད་ཡིན། །དེ་བས་འདིར་བདག་ཕན་འདོད་པ། །བདག་ཉིད་ཆེན་པོར་འདོད་པ་ཡིས། །སངས་རྒྱས་བསྟན་པ་དྲན་བྱས་ཏེ། །དམ་པའི་ཆོས་ལ་བཀུར་སྟི་བྱ། །དེ་གཉིས་ཀྱིས་ལྡང་བ་མ་བྱས་སོ། །དེ་ནས་རྒྱལ་

པོ་མི་བཟོད་པ་སྐྱེས་ཏེ། དེས་གསོལ་པ་བཅོམ་ལྡན་འདས་ཀྱིས་ཆོས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཞེ་སྡང་དང་ནི་འཁྲུག་པ་དང་། །མ་དད་པ་ཡི་སེམས་ཀྱིས་ནི། །རྫོགས་སངས་རྒྱས་ཀྱིས་བཤད་པ་ཡི། །དམ་ཆོས་

ཤེས་པར་མི་ནུས་སོ། །གང་གིས་ཁྲོ་དང་བག་མེད་པའི། །སེམས་ནི་དུལ་བར་བྱས་པ་དང་། །འདི་ལ་མནར་སེམས་སྤངས་པ་དེས། །ལེགས་པར་གསུངས་པ་ཤེས་པར་ནུས། །རྒྱལ་པོས་བསམས་པ། ཁྱིམ་བདག་འདི་གཉིས་འོངས་པས་བཅོམ་ལྡན་འདས་ཀྱིས་བདག་

เล่ม ๒ · หน้า 9b

གི་ཆོས་ཉན་པའི་བར་ཡང་ཆད་པར་གྱུར་ཏོ་སྙམ་ནས། དེ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་སོང་ངོ་། །དེ་སོང་ནས་བློན་པོ་རྣམས་ལ་བསྒོ་བ། ཁྱིམ་བདག་འདི་གཉིས་གང་གི་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་བ་དེའི་ཚེ།

ཁྱེད་གཉིས་ངའི་ཡུལ་ན་མ་འདུག་ཤིག་ཅེས་བསྒོས་ཤིག །དེ་གཉིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་སོང་བ་དང་། བློན་པོ་དག་གིས་བསྒོ་བ། ལྷའི་ཞལ་ནས་ཁྱེད་ཅག་གཉིས་ངའི་ཡུལ་ན་མ་འདུག་ཤིག་ཅེས་གསུང་ངོ་། །དེ་གཉིས་

ཀྱིས་སྨྲས་པ། བཀའ་བཞིན་འཚལ་མཆིའོ། །བསམས་པ་བདག་ཅག་གཉིས་ཀྱིས་ཡུན་རིང་པོ་ཞིག་ནས་བསམས་པ་གང་ཡིན་པ་དེ་ནི་ཚེགས་ཆུང་ངུས་གྲུབ་བོ་སྙམ་མོ། །དེ་ནས་འོད་པའི་ཆུ་ཆེན་པོ་ཕྱུང་ནས་གྲོག་པོ་ཆུང་ངུའི་ནང་དུ་ཞུགས་སོ། །གྲོག་པོ་ཆུང་ངུ་ནས་གྲོག་

པོ་ཆེན་པོར་རོ། །གྲོག་པོ་ཆེན་པོ་ནས་ཆུ་བྲན་དུའོ། །ཆུ་བྲན་ནས་ཆུ་ཆེན་པོར་རོ། །ཆུ་ཆེན་པོ་ནས་རྒྱ་མཚོ་ཆེན་པོར་ཏེ། གང་གི་ཚེ་རྒྱ་མཚོ་ཆེན་པོར་ཞུགས་པ་དེའི་ཚེ་དེ་གཉིས་ཕྱིར་ཞིང་ལུས་དང་ལོངས་སྤྱོད་ཤིན་ཏུ་འཕེལ་བར་གྱུར་ཏོ། །ཇི་ཙམ་དུས་གཞན་ཞིག་ན་

རྒྱལ་པོའི་ཁབ་ཀྱི་དཀའ་ཐུབ་ཀྱི་ཆུ་ལྔ་བརྒྱ་དང་། ཆུ་མིག་དང་མཚོ་དང་། མཚེའུ་རྣམས་ཀྱང་ཆུང་བ་དང་། ཡོངས་སུ་ཟད་པ་དང་། གཏུགས་པར་གྱུར་ལ་ཐུག །ལྷས་ཀྱང་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་མ་ཕབ་པས་ལོ་ཉེས་པར་གྱུར་ཏེ། མུ་གེ་ཉམ་ང་བ་

དགོན་པའི་སློང་མོ་པས་ཟས་རྙེད་པར་དཀའ་བ་བྱུང་བར་གྱུར་ཏོ། །རྒྱལ་པོས་བསམས་པ། རྒྱལ་པོའི་ཁབ་འདི་ན་ཀླུའི་རྒྱལ་པོ་རི་བོ་དང་། གྲོག་མཁར་གནས་ཏེ། དེ་གཉིས་ཀྱི་མཐུས་དཀའ་ཐུབ་ཀྱི་ཆུ་ལྔ་བརྒྱ་ཡང་འབབ། ཆུ་མིག་དང་། མཚོ་དང་། མཚེའུ་

རྣམས་ཀྱང་ཆུ་ཆེ། ལྷས་ཀྱང་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་ཕབ་པ་ཉིད་ཀྱིས་ལོ་ཏོག་ལེགས་པར་གྱུར་ན། ད་ནི་དཀའ་ཐུབ་ཀྱི་ཆུ་ལྔ་བརྒྱ་དང་། ཆུ་མིག་དང་མཚོ་དང་། མཚེའུ་རྣམས་ཀྱང་ཆུང་བ་དང་། ཡོངས་སུ་ཟད་པ་དང་། གཏུགས་པར་གྱུར་ལ་ཐུག །

เล่ม ๒ · หน้า 10a

ལྷས་ཀྱང་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་མ་ཕབ་པས་ལོ་ཉེས་པར་གྱུར་ཏེ། མུ་གེ་ཉམ་ང་བ་དགོན་པའི་སློང་མོ་པས་ཟས་རྙེད་པར་དཀའ་བ་བྱུང་བར་གྱུར་ན། ཀླུའི་རྒྱལ་པོ་རི་བོ་དང་། གྲོག་མཁར་ཤིའམ། བྱའི་རྒྱལ་པོ་ནམ་མཁའ་

ལྡིང་གིས་ཁྱེར་བའམ། སྦྲུལ་ཁས་སྡིགས་ཀྱིས་བཟུང་བའམ། དེས་འཇིགས་ནས་བྲོས་པར་མ་གྱུར་གྲང་། དེ་ལྟ་མོད་ཀྱི་སངས་རྒྱས་བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཡིན་གྱིས། མ་ལ་བདག་གིས་བཅོམ་ལྡན་འདས་ལ་ཞུའོ་

སྙམ་དུ་བསམས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ལ་དོན་

དེ་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་གཉིས་ནི་ཤི་བ་ཡང་མ་ཡིན། བྱའི་རྒྱལ་པོ་ནམ་མཁའ་ལྡིང་གིས་ཀྱང་མ་ཁྱེར། སྦྲུལ་ཁས་སྡིགས་ཀྱིས་ཀྱང་མ་བཟུང་། དེས་འཇིགས་པས་ཀྱང་མ་བྲོས་མོད་ཀྱི་རྒྱལ་པོ་ཁྱོད་ཉིད་ཀྱིས་

ཡུལ་ནས་བསྐྲད་དོ། །བཅོམ་ལྡན་འདས་བདག་གིས་དེ་གཉིས་མཐོང་བར་ཡང་མི་དྲན་ན་དེ་གཉིས་ཡུལ་ནས་བསྐྲད་པ་ལྟ་སྨོས་ཀྱང་ཅི་འཚལ། རྒྱལ་པོ་ཆེན་པོ་ངས་ཁྱོད་དྲན་པར་བྱའོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཁྱིམ་བདག་གཉིས་ཤིག་ཡུལ་ནས་བསྐྲད་པ་དྲན་ནམ། བཅོམ་ལྡན་

འདས་དྲན་ལགས་སོ། །དེ་གཉིས་ནི་ཀླུའི་རྒྱལ་པོ་རི་བོ་དང་། གྲོག་མཁར་ཡིན་ནོ། །བཙུན་པ་དེ་གཉིས་གང་དུ་མཆི། རྒྱ་མཚོ་ཆེན་པོར་དོང་ངོ་། །བདག་གི་ཡུལ་མ་རུང་བར་གྱུར་ལགས་སོ། །རྒྱལ་པོ་ཆེན་པོ་དེ་གཉིས་ལ་བཟོད་པ་བྱིན་ཅིག་དང་མ་རུང་བར་མི་འགྱུར་རོ། །

དེ་གཉིས་རྒྱ་མཚོ་ཆེན་པོ་ན་མཆིས་ན་ཇི་ལྟར་བཟོད་པ་སྩལ། དེ་གཉིས་ཚེས་བརྒྱད་དང་བཅུ་བཞི་ལ་ཁྱིམ་བདག་གི་ཆ་བྱད་དུ་བྱས་ནས། ངའི་ཞབས་ལ་ཕྱག་འཚལ་དུ་འོངས་པ་དང་ངས་རྟགས་བསྟན་གྱིས་ཁྱོད་ཀྱིས་བཟོད་པ་བྱིན་ཅིག །བཅོམ་ལྡན་འདས་ཅི་བདག་གིས་རྐང་པ་

เล่ม ๒ · หน้า 10b

གཉིས་ལ་གཏུག་པར་བགྱིའམ། རྐང་པ་གཉིས་ལ་གཏུག་པར་མི་བྱ་སྟེ། འོན་ཀྱང་ལག་པ་རྐྱོང་ལ་ཀླུའི་དབང་པོ་བཟོད་པར་གསོལ་ལོ་ཞེས་སྨྲོས་ཤིག་དང་བཟོད་པར་འགྱུར་རོ། །རྒྱལ་པོས་དེ་གཉིས་འོང་བ་ལ་འབད་དེ་སྡོད་ཅིང་འདུག་པ་དང་། ཇི་ཙམ་ན་དེ་གཉིས་

ཁྱིམ་བདག་གི་ཆ་བྱད་དུ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་པ་དང་དེ་མ་ཐག་ཏུ་རྒྱལ་པོ་ཡང་འོངས་ནས་བཅོམ་ལྡན་འདས་ཀྱིས་རྟགས་བསྟན་པ་དང་རྒྱལ་པོས་ལག་པ་མངོན་དུ་བརྐྱང་ནས་སྨྲས་པ། ཀླུའི་དབང་པོ་གཉིས་བཟོད་པར་གསོལ་ལོ། །རྒྱལ་པོ་ཆེན་

པོ་བཟོད་པར་བགྱིའོ། །གལ་ཏེ་བཟོད་པར་གྱུར་ན་ནི་འདིར་སྤྱོན་ཅིག །རྒྱལ་པོ་ཆེན་པོ་གང་གི་ཚེ་བཅོམ་ལྡན་འདས་ལས་བདག་ཅག་གིས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་རྣམས་བླངས་པས་དེ་ཉིད་ཀྱི་ཚེ་བདག་ཅག་གི་ལུས་དང་ལོངས་སྤྱོད་སྐྱེས་ཏེ། གལ་ཏེ་ད་

ཆེ་བཞིན་དུ་འདིར་འོངས་ན་ཡུལ་མ་ག་དྷཱར་ཡང་མི་ཤོང་བར་འགྱུར་རོ། །འོ་ན་ཡུལ་མ་ག་དྷཱ་མ་རུང་བར་འགྱུར་མོད། མ་རུང་བར་མི་འགྱུར་རོ། །ཇི་ལྟར་མི་འགྱུར། ཁྱོད་ཀྱིས་ཁོ་བོ་ཅག་གི་ཁང་བཟངས་གཉིས་རྩིགས་ལ་ཟླ་བ་དྲུག་ཅིང་དུས་མཆོད་གྱིས་ཤིག་དང་། ཁོ་བོ་

ཅག་གི་འཁོར་བཞག་ལ་དུས་མཆོད་ཀྱི་ཚེ་ཡང་འདུ་བར་བྱའོ། །རྒྱལ་པོས་དེ་བཞིན་དུ་བྱས་པ་དང་། དེ་གཉིས་ཀྱིས་འཁོར་དག་ཀྱང་བཞག་ལ་དུས་མཆོད་ཀྱང་རང་ཉིད་ཉམས་སུ་མྱོང་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་དེ་དག་གི་འཁོར་བག་མེད་པར་གནས་པ་ན་

ཀླུ་གདུག་པ་དག་གིས་གླགས་རྙེད་ནས། དེ་དག་གིས་སེར་བ་དབབ་པར་བརྩམས་སོ། །རྒྱལ་པོའི་ཁབ་ན་བྲམ་ཟེ་སེར་བའི་སྔགས་ལ་མཁས་པ་གཞན་ཞིག་ཡོད་དེ། དེས་དེ་བབ་ཅིང་བབ་པ་དག་བཅད་པ་དང་། དེ་ལ་ཡུལ་མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་

དབང་ཐང་བྱིན་ནོ། །ལྷོ་ཕྱོགས་ན་བྲམ་ཟེ་མེས་བྱིན་ཞེས་བྱ་བ་སེར་བའི་སྔགས་ལ་མཁས་པ་ཞིག་ཡོད་པ་དེས་བྱང་ཕྱོགས་ན་ཡུལ་ནུས་པ་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་རྒྱལ་པོ་སྡེ་མཆོག་ཅེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་གོ། །དེའི་ཡུལ་ན་ཀླུའི་རྒྱལ་པོ་རབ་མཛེས་ཀྱི་

เล่ม ๒ · หน้า 11a

གནས་ཡོད་དེ། དེ་ན་སྨན་མཐུ་ཆེ་བ་ཕ་རོལ་གནོན་པ་ཡོད་པར་ཐོས་ནས་དེའི་ཆེད་དུ་འགྲོའོ་ཞེས་དེ་ཆས་ཏེ་རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་བྲམ་ཟེ་སེར་བའི་སྔགས་འཆང་བ་དེའི་གནས་སུ་ཞུགས་པ་དང་། ཇི་ཙམ་ན་སེར་བ་ཆེན་པོ་བབ་པ་བྲམ་ཟེ་གཉུག་

མར་གནས་པ་དེས་གཅད་པར་མ་ནུས་ནས་དེ་ཕྱིར་བྱུང་ནང་དུ་ཞུགས་བྱེད་པ་དང་བྲམ་ཟེ་མེས་བྱིན་གྱིས་དྲིས་པ། མཁན་པོ་ཅིའི་སླད་དུ་མཁན་པོ་འདི་ཕྱིར་བྱུང་ནང་དུ་ཞུགས་པར་མཛད། དེས་སྨྲས་པ། བུ་སེར་བ་ཆེན་པོ་བབ་པ་གཅད་པར་མ་ནུས་པར་བས་མོད། བདག་

གིས་དགུམ་མོ། །བུ་ལེགས་སོ། །དེས་ཆུ་ཉུང་ཞིག་ལ་བཟླས་ཏེ་གཏོར་བས་ཚལ་པ་བརྒྱར་གྱེས་སོ། །རྒྱལ་པོའི་ཁབ་ཀྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་མཆོག་ཏུ་ངོ་མཚར་དུ་གྱུར་ནས། རྔན་པ་ཐོགས་ཏེ་བྲམ་ཟེ་དེའི་ཁྱིམ་དུ་སོང་ནས་སྨྲས་པ། མཁན་པོ་རྒྱལ་པོའི་

ཁབ་ཀྱི་སྐྱེ་བོའི་ཚོགས་མངོན་པར་དགའ་བར་གྱུར་གྱིས་རྔན་པ་ལོང་ཤིག །ཅིའི་ཕྱིར། ཁྱོད་ཀྱིས་སེར་བ་ཆེན་པོ་ཁུམས་པའི་སླད་དུའོ། །དེས་སྨྲས་པ། ཁོ་བོས་ནི་མ་བཅད་དེ། འོན་ཀྱང་བྲམ་ཟེ་འདིས་བཅད་དོ། །དེ་དག་བྲམ་ཟེ་དེའི་དྲུང་དུ་དོང་ནས་བྲམ་ཟེའི་ཁྱེའུ་འདི་ཉིད་དུ་འདུག་ཤིག་དང་

དབང་ཐང་སྦྱིན་ནོ། །དེ་བཞིན་དུ་གནས་པར་བྱའོ་ཞེས་དེ་གནས་སོ། །དེས་སེར་བ་དེ་དུས་ཐ་གི་ཙམ་ཞིག་གི་བར་དུ་སྔགས་ཀྱིས་བགགས་ཏེ་མི་འབབ་པར་གྱུར་ཏོ། །རྒྱལ་པོའི་ཁབ་ཀྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་བདག་ཅག་ཉིད་ཀྱི་བསོད་

ནམས་ཀྱིས་སེར་བ་མི་འབབ་ན་ཅིའི་ཕྱིར་དེ་ལ་དབང་ཐང་སྦྱིན་ཞེས་དེ་རྣམས་ཀྱིས་བཅད་དོ། །བྲམ་ཟེ་དེས་སྔགས་བརྟུལ་ནས་ཡུལ་ནུས་པ་ཅན་དུ་སོང་བ་དང་ཕྱིར་ཡང་སེར་བ་བབ་པར་གྱུར་ཏོ། །དེ་རྣམས་བྲམ་ཟེ་དེའི་དྲུང་དུ་སོང་སྟེ་སྨྲས་པ། མཁན་པོ་བྲམ་ཟེའི་ཁྱེའུ་དེ་

གར་མཆིས། དེས་སྨྲས་པ། ཁྱེད་ཅག་གིས་དེ་ལ་བཀུར་སྟི་མ་བྱས་པས་དེ་སོང་ངོ་། །མཁན་པོ་གལ་ཏེ་མཆིས་ན་བདག་ཅག་ལ་སྦྲོན་ཅིག །དེ་བཞིན་དུ་བྱའོ། །དེ་ཡང་རིམ་གྱིས་རྒྱལ་པོ་སྡེ་མཆོག་གང་ན་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་སྡེ་མཆོག་ལ་རྒྱལ་བ་དང་

เล่ม ๒ · หน้า 11b

ཚེ་སྤེལ་བ་དག་བྱས་ནས་སྨྲས་པ། ལྷ་ཁྱོད་ཀྱི་ཡུལ་ན་ཀླུའི་རྒྱལ་པོ་རབ་མཛེས་ཞེས་བགྱི་བ་མཆིས་པ་དེའི་གནས་ན་མོད་ལ་མཐུ་སྐྱེད་པ་ཞེས་བགྱི་བའི་སྨན་མཆིས་ཀྱིས་ལྷ་དེ་སྟོན་ཅིག །ལྷའི་སྐལ་བ་ཡང་དབུལ་བར་བགྱིའོ། །རྒྱལ་པོས་སྨྲས་པ། ཀྱེ་བྲམ་ཟེ་ཀླུའི་

རྒྱལ་པོ་རབ་མཛེས་ནི་གཏུམ་པོ་ཡིན་པས་དེས་ཁྱོད་བརླག་པར་མི་བྱེད་གྲང་། ལྷ་རེ་ཞིག་བདག་ལ་སྔགས་ཀྱི་མཐུ་དང་སྨན་གྱི་མཐུ་མཆིས་ཏེ། གལ་ཏེ་ཀླུའི་རྒྱལ་པོ་རབ་མཛེས་དང་འདྲ་བའི་ཀླུ་རྣམས་ཀྱིས་འཛམ་བུའི་གླིང་འདི་ལྟ་སྟེ། བུ་རམ་ཤིང་གི་ཚལ་ལམ། འདམ་བུའི་

ཚལ་བཞིན་གང་བར་གྱུར་ཀྱང་བདག་གི་བ་སྤུ་གཅིག་ཀྱང་བསྐྱོད་པར་རྔོ་མི་ཐོག་ན་ཀླུའི་རྒྱལ་པོ་རབ་མཛེས་ཀྱིས་ལྟ་སྨོས་ཀྱང་ཅི་འཚལ། འོན་ཀྱང་ལྷའི་མི་དགུམ་པ་ལ་ཐུག་པ་འགའ་མཆིས་སམ། བྲམ་ཟེ་ཡོད་དོ། །ལྷ་དེ་བཀྲི་ཤིག་དང་དེས་དེའི་གནས་སྟོན་པར་འགྱུར་རོ། །

དེ་ནས་རྒྱལ་པོས་མི་དེ་ལ་བོས་ཏེ་བསྒོ་བ། ཀྱེ་ནང་རྗེ་བྲམ་ཟེ་འདི་ལ་ཀླུའི་རྒྱལ་པོ་རབ་མཛེས་ཀྱི་གནས་སྟོན་ཅིག །ལྷ་བཀའ་བཞིན་འཚལ་ཞེས་མི་དེས་རྒྱལ་པོའི་ལྟར་མཉན་ནས་བྲམ་ཟེ་དེ་ཁྲིད་དེ་ཆས་སོ། །ཇི་ཙམ་ན་མི་རིང་བ་ཞིག་ཏུ་བསྡད་ནས་དེ་ལ་སྨྲས་པ། བྲམ་ཟེ་ཚལ་སྔོ་

ཞིང་སྔོ་བ་དག་བསྒྲེངས་པ་ཕ་བི་མཐོང་ངམ། མཐོང་ངོ་། །དེ་ནི་ཀླུའི་རྒྱལ་པོ་རབ་མཛེས་ཀྱི་གནས་ཡིན་ནོ། །དེ་སོང་སྟེ་དེས་དེར་མོད་ལ་མཐུ་སྐྱེད་པ་ཞེས་བྱ་བའི་སྨན་ལས་ཁུར་དུ་གྲགས་ནས། དེས་དེ་ཐོགས་ཏེ་ཡུལ་ནུས་པ་ཅན་དུ་སོང་ནས་རྒྱལ་པོ་སྡེ་མཆོག་གི་སྐལ་བ་བྱིན་ཏེ།

རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་བྲམ་ཟེ་དེ་ཉིད་ཀྱི་ཁྱིམ་དུ་ཞུགས་སོ། །དེ་ནས་དེས་རྒྱལ་པོའི་ཁབ་ཀྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་སྦྲན་པ་དང་། དེ་དག་མཆོད་ཡོན་ཐོགས་ཏེ་ལྷགས་ནས་བྲམ་ཟེའི་ཁྱེའུ་འདི་ཉིད་དུ་འདུག་ཤིག་དབང་ཐང་སྦྱིན་ནོ། །དེས་སྨྲས་པ། ཁྱེད་

ཅག་གིས་བཀུར་སྟི་མ་བྱས་པས་ཁོ་བོ་མི་འདུག་གོ། །དེ་རྣམས་ཀྱིས་དེ་གཞག་པར་གལ་གྱིས་གཅུ་བར་བརྩམས་ཏེ་གསོལ་བ་བཏབ་པ་དང་ཁས་བླངས་ནས་དེ་དག་གིས་འཚོ་བའི་རིས་བཅད་དོ། །འཇིག་རྟེན་ནི་ཕུན་སུམ་ཚོགས་པ་འདོད་ཀྱི་རྒུད་པ་དང་མི་མཐུན་པས། དེས་

เล่ม ๒ · หน้า 12a

རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་ཁྱེའུ་ཞིག་བཙས་ཏེ། དེས་དེའི་མིང་རི་བོ་ཅན་ཞེས་བྱ་བར་

བཏགས་སོ། །དེ་ཡང་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ན་བུ་མོ་ཞིག་བཙས་ཏེ། དེའི་མིང་ནི་སེར་བ་ཞེས་བྱ་བར་བཏགས་སོ། །བྲམ་ཟེ་མོ་ནི་འཁོར་བྲལ་ཞེས་བྱའོ། །མནའ་མ་ནི་གློག་ཅེས་བྱའོ། །དེས་བསམས་པ། ཡང་དང་ཡང་དུ་སེར་

བ་གཅོད་ཅིང་ཅི་ལས་མེད། ཡུན་རིང་རབ་ཏུ་སྔགས་ཀྱིས་དགག་པར་བྱའོ་ཞེས་དེས་ཡུན་རིང་པོར་སྔགས་ཀྱིས་དགག་པ་བྱས་ཏེ་བཞག་པས་སེར་བ་མི་འབབ་པར་གྱུར་ཏོ། །རྒྱལ་པོའི་ཁབ་ཀྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་སྨྲས་པ། བདག་ཅག་ཁོ་ནའི་བསོད་ནམས་ཀྱི་མཐུས་

སེར་བ་མི་འབབ་ན། ཅིའི་ཕྱིར་དབང་ཐང་སྦྱིན་ཞེས་དེ་རྣམས་ཀྱིས་བཅད་དོ། །བྲམ་ཟེ་དེ་ཕྲག་དོག་གི་ཟིལ་གྱིས་ནོན་པས་བུ་ཡང་སྔགས་ཀྱི་ཚིག་རྣམས་འཛིན་དུ་མ་བཅུག་གོ། །བདེ་བ་ལ་ཆགས་པས་ཁ་ཏོན་ཡང་མ་བྱས་ལ་སྨན་ཡང་སྐམ་དུ་མ་བཅུག་གོ། །དེས་སྔགས་ཀྱི་

ཚིག་རྣམས་ནི་བསམས་ན་བརྗེད་སྨན་ནི་མ་བསྐམས་པས་རུལ་བར་གྱུར་ཏོ། །དེ་རྒྱལ་པོའི་ཁབ་ཀྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་སྙིང་ན་ཆེས་ནས། དེ་རྣམས་ལ་ཀླན་ཀ་བཙལ་བའི་ཕྱིར་མུ་སྟེགས་ཀྱི་གནས་དང་དཀའ་ཐུབ་ཀྱི་ཚལ་དེ་དང་དེ་དག་ཏུ་སོང་ནས་དྲིས་པ། ཤེས་ལྡན་

དག་གང་གིས་གང་བསམས་པ་དང་། གང་དོན་དུ་གཉེར་བ་དེ་ལ་ཐམས་ཅད་འགྲུབ་པར་འགྱུར་བའི་ཐབས་ལྟ་ཅི་ཡོད། །དེ་ན་ཁ་ཅིག་གིས་སྨྲས་པ། མེར་ཞུགས་ཤིག །ཁ་ཅིག་གིས་སྨྲས་པ། དུག་ཟོ་ཤིག །ཁ་ཅིག་གིས་སྨྲས་པ། གཡང་ས་ནས་བདག་ཉིད་མཆོངས་

ཤིག །ཁ་ཅིག་གིས་སྨྲས་པ། བདག་རང་གི་སྐེ་ལ་ཐག་པ་ཐོགས་ཏེ་ཤིང་གི་ཡལ་ག་ལས་འཕྱང་དུ་ཆུག་ཤིག་ཅེས་ཐམས་ཅད་ཀྱིས་འཆི་བའི་ཐབས་བསྟན་གྱི། ངེས་པར་འབྱུང་བའི་ཐབས་ནི་མ་ཡིན་པས་དེ་རིམ་གྱིས་འོད་མའི་ཚལ་དུ་སོང་ངོ་། །དེས་དགེ་སློང་ཞིག་མཐོང་ནས་

เล่ม ๒ · หน้า 12b

དྲིས་པ། འཕགས་པ་གང་གིས་གང་བསམས་པ་དང་། གང་དོན་དུ་གཉེར་བ་དེ་ཐམས་ཅད་འགྲུབ་པར་འགྱུར་བའི་ཐབས་ལྟ་འགའ་མཆིས་སམ། དེས་སྨྲས་པ། བཅོམ་ལྡན་འདས་ལས་རབ་ཏུ་བྱུང་ཤིག །དེར་ཅི་ཞིག་བགྱི། དེར་ཇི་སྲིད་འཚོའི་བར་དུ་ཚངས་

པར་སྤྱོད་པ་ཡང་སྤྱད་པར་བྱ། བསམ་གཏན་དང་གདོན་པ་དང་ལྡན་པར་ཡང་གནས་པར་བྱ་སྟེ། གལ་ཏེ་རེ་ཞིག་མཐོང་བའི་ཆོས་ཉིད་ལ་ཀུན་ཤེས་པ་ཐོབ་ན། དེ་ནས་དེ་ཉིད་ཁྱོད་ཀྱི་སྡུག་བསྔལ་གྱི་མཐར་ཕྱིན་པ་ཡིན་ནོ། །འོན་ཏེ་སྦྱོར་བའི་ལྷག་མ་དང་བཅས་བཞིན་

དུས་བྱེད་ན་གང་བསམས་པ་དང་། གང་དོན་དུ་གཉེར་བ་དེ་ཐམས་ཅད་འགྲུབ་པར་འགྱུར་རོ། །འཕགས་པ་དེ་ནི་རྔོ་མི་ཐོག་ན། གཞན་ཡང་ཅུང་ཟད་ཅི་མཆིས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲོངས་ལ་གདུགས་ཚོད་གསོལ་ཅིག །དེ་ཡང་

རྔོ་མི་ཐོག་ན་གཞན་བསྟན་དུ་གསོལ། བུམ་པ་བཟང་པོ་ལྟ་བུའི་ཉན་ཐོས་ཆེན་པོ་བཞི་སྤྱན་དྲོངས་ལ་གདུགས་ཚོད་གསོལ་ཏེ་སྨོན་ལམ་ཐོབ་ཤིག་དང་གང་བསམས་པ་དང་། གང་དོན་དུ་གཉེར་བ་དེ་ཐམས་ཅད་འགྲུབ་བོ། །འཕགས་པ་དེ་ནི་རྔོ་ཐོག་གིས་བགྱིའོ་

ཞེས་དེས་བུམ་པ་བཟང་པོ་ལྟ་བུའི་ཉན་ཐོས་ཆེན་པོ་བཞི་སྤྱན་དྲངས་ཏེ། གདུགས་ཚོད་གསོལ་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་རབ་མཛེས་ཀླུའི་གནས་ནས་བསད་ལ་བདག་དེར་སྐྱེ་ཞིང་དེ་ནས་རྒྱལ་པོའི་ཁབ་ཀྱི་མི་རྣམས་ལ་གནོད་པ་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་

བཏབ་བོ། །དེ་ལ་ཆུང་མས་དྲིས་པ། རྗེའི་སྲས་སྨོན་ལམ་ཇི་ཞིག་བཏབ། དགེ་བའི་རྩ་བ་འདིས་རབ་མཛེས་ཀླུའི་གནས་ནས་བསད་ལ་བདག་དེར་སྐྱེ་ཞིང་དེ་ནས་རྒྱལ་པོའི་ཁབ་ཀྱི་མི་རྣམས་ལ་གནོད་པ་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །ལེགས་ཏེ་བདག་

ཀྱང་ཁྱོད་ཀྱི་ཆུང་མར་གྱུར་ཅིག །བུས་སྨྲས་པ་བདག་ཀྱང་ཁྱོད་ཀྱི་བུར་གྱུར་ཅིག །དེ་བཞིན་དུ་བུ་མོས་སྨྲས་པ། བདག་ཀྱང་ཁྱོད་ཀྱི་བུ་མོར་གྱུར་ཅིག །དེ་བཞིན་དུ་མནའ་མས་སྨྲས་པ། བདག་ཀྱང་མནའ་མར་གྱུར་ཅིག་ཅེས་བྱས་ནས་དེ་རྣམས་ཁྱིམ་རྙིང་པ་ཞིག་ཏུ་ཞུགས་

เล่ม ๒ · หน้า 13a

ཏེ་ཉལ་བ་དང་སྤྲིན་ཁ་དོག་ལྔ་པ་ལས་ཆར་པ་བབ་སྟེ། རྩིག་པ་འགྱེལ་བས་ནོན་ཏེ་ཁ་དག་གོ། །ཀླུ་རབ་མཛེས་ཤི་འཕོས་ནས་འཁོར་ཀླུ་དྲུག་ཁྲི་དང་དེར་སྐྱེས་ནས་དེ་ཡང་རབ་མཛེས་ཞེས་བྱ་བར་གྲགས་སོ། །ཆུང་མ་ནི་འཁོར་བྲལ་ཞེས་བྱའོ། །བུ་ནི་རི་

བོ་ཅན་ཞེས་བྱའོ། །བུ་མོ་ནི་སེར་བ་ཞེས་བྱའོ། །མནའ་མ་ནི་གློག་ཅེས་བྱའོ། །ཆོས་ཉིད་ཀྱིས་ཀླུའམ་ཀླུའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པར་གསུམ་དྲན་པར་འགྱུར་ཏེ། གང་ནས་ཤི་འཕོས་པ་དང་། གང་དུ་སྐྱེས་པ་དང་། ལས་གང་གིས་ཡིན་པའོ། །དེས་བལྟས་

ན་མི་ལས་ཤི་འཕོས་སོ། །གང་དུ་སྐྱེས་ཤེ་ན། ཀླུ་རྣམས་སུའོ། །ལས་གང་གིས་ཤེ་ན། སྨོན་ལམ་གྱི་དབང་གིས་སོ། །ཅིའི་ཕྱིར་སྙམ་ན། རྒྱལ་པོའི་ཁབ་ཀྱི་མི་རྣམས་ལ་གནོད་པར་བྱ་བའི་ཕྱིར་རོ། །དེས་བསམས་པ། ཅི་ལོ་ཏོག་ཅི་ལྟ་བ་བཞིན་དུ་སྐྱེས་པ་ལ་བྱས་

ན་མི་རྣམས་ཀྱི་སྡུག་བསྔལ་སྐྱེ་བར་འགྱུར་རམ། འོན་ཏེ་མ་སྐྱེས་པ་རྣམས་ལ་འགྱུར་སྙམ་ན། དེས་ཇི་ལྟར་སྐྱེས་པ་ལ་བྱས་པ་ལྟར་མ་སྐྱེས་པ་ལ་ནི་དེ་ལྟ་མ་ཡིན་པར་མཐོང་ནས། དེས་འཁོར་རྣམས་ལ་བསྒོ་བ་ཤེས་ལྡན་དག་ཚུར་ཤེག །ཡུལ་མ་ག་དྷཱར་དེང་ལ་ཆར་པས་

ལོ་ཏོག་ཐམས་ཅད་བསྐྲུན་ཅིག །དེ་རྣམས་ཀྱིས་ལོ་ཏོག་ཐམས་ཅད་བསྐྲུན་པ་དང་། དེ་ནས་དྲུག་སྟོང་གི་འཁོར་དང་གཤོལ་མདའ་ཙམ་གྱི་ཆར་གྱི་རྒྱུན་གྱིས་ཇི་ལྟར་ཡུལ་མ་ག་དྷཱར་སོག་མ་ཡང་ཁྱེར་བ་དེ་ལྟ་བུའི་ཆར་གྱི་རྒྱུན་དབབ་པར་བརྩམས་སོ། །དེ་ནས་དེ་དག་ཕན་ཚུན་དུ་སྨྲས་པ།

སོག་མ་ཡང་ཀླུ་འདིས་ཕྲོགས་སོ་ཞེས་དེའི་མིང་སོག་མ་མེད་ཅེས་བྱ་བར་ཐོགས་སོ།། །།སྡོམ་ལ། རྒྱལ་པོའི་ཁབ་དང་ན་ལན་ད། །འོད་མའི་དབྱུག་པ་དམར་བུའི་གྲོང་། །ཆུ་བོ་གང་གཱ་སྤྲིན་བརྩེགས་དང་། །སྒྲ་ཆེན་ཡངས་པ་ཐ་མ་ཡིན། །སངས་རྒྱས་བཅོམ་ལྡན་འདས་

རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །གང་གི་ཚེ་གཞོན་ནུ་མ་སྐྱེས་དགྲ་ལྷ་སྦྱིན་གྱིས་སྦད་ནས་ཕ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་བསད་དེ་རང་ཉིད་ཀྱིས་ཅོད་པན་བཅིངས་ནས་རྒྱལ་པོར་ཞུགས་པ་དེའི་ཚེ་དེ་བཅོམ་ལྡན་འདས་ལ་བཀུར་སྟི་མ་ཡིན་

เล่ม ๒ · หน้า 13b

པ་མང་པོ་བྱ་བར་བརྩམས་ཏེ། དགྲོངས་པ་མན་ཆད་བྱ་བའི་ཕྱིར་གླང་པོ་ཆེ་ནོར་སྐྱོང་དང་ཁྱི་གཏུམ་པོ་ཟ་བ་དག་སྦད་པ་དང་། དེའི་མ་ལུས་འཕགས་མས་སྨྲས་པ། བུ་བཅོམ་ལྡན་འདས་ལ་བཀུར་སྟི་མ་ཡིན་པ་མ་བྱེད་ཅིག །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བཀུར་

སྟི་མ་ཡིན་པས་བསྙེངས་པ་ཡིན་གྱིས། རྒྱལ་པོའི་ཁབ་ནས་བཞུད་དེ་གནོད་པར་གྱུར་ཏ་རེ། བཅོམ་ལྡན་འདས་ཀྱི་མཐུས་ཡུལ་ཨང་ག་དང་། མ་ག་དྷཱ་རྣམས་འབྱོར་ཅིང་ཉམས་དགའ་བ་ཡིན་ནོ། །སྙིང་རྙོག་པ་ཅན་དེས་སྨྲས་པ། ཅི་གང་ན་བཅོམ་ལྡན་འདས་མེད་པའི་

ཡུལ་དེ་དག་ཞིག་པ་དང་སྟོངས་པར་གྱུར་ཏམ། དེ་མས་ཐམས་ཅད་ཀྱི་ཐམས་ཅད་དུ་བཟློག་ཀྱང་མ་བཏུབ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། གཞོན་ནུ་མ་སྐྱེས་དགྲ་འདི་བསོད་ནམས་མ་ཡིན་པ་མང་དུ་སོགས་ཀྱིས་ངས་འདི་གཞི་མེད་པའི་དད་པ་ལ་གཞག་ཏུ་རེ་ཞིག་དེའི་དུས་ལ་

མ་བབ་པས་མཉན་ཡོད་དུ་གཤེགས་སོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ་རིམ་གྱིས་རྒྱུ་ཞིང་གཤེགས་པ་ན་མཉན་ཡོད་དུ་བྱོན་ནས། མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་

སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཐའི་རྒྱལ་ཕྲན་དག་གིས་བཅོམ་ལྡན་འདས་ལ་མ་སྐྱེས་དགྲས་བཀུར་སྟི་མ་ཡིན་པ་བྱས་པས་དེ་བཀུར་སྟི་མ་ཡིན་པས་བསྙེངས་ནས་རྒྱལ་པོའི་ཁབ་ནས་གཤེགས་ཏེ་མཉན་ཡོད་དུ་བྱོན་ཏོ་ཞེས་ཐོས་ནས། དེ་དག་འདི་སྙམ་དུ་སེམས་ཏེ། རེ་ཞིག་རྒྱལ་པོ་

སྡིག་ཅན་དེས་ཕ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་བསད་ན། དེས་ཀྱང་མ་ཆོག་ནས་བཅོམ་ལྡན་འདས་ལྷ་དང་ལྷ་མ་ཡིན་དང་། མི་རྣམས་ཀྱིས་མཆོད་པ་དེ་ལ་ཡང་བཀུར་སྟི་མ་ཡིན་པ་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བཀུར་སྟི་མ་ཡིན་པས་བསྙེངས་པ་ཡིན་པས། དེས་

ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནས་གཤེགས་ཏེ་མཉན་ཡོད་དུ་བྱོན་པར་གྱུར་པས་དེ་ཡོང་ཡེ་རྒྱལ་སྲིད་ལས་དབྱུང་བར་བྱའོ་སྙམ་ནས་དེ་དག་གིས་ཕན་ཚུན་ཕོ་ཉས་བཟླུགས་ནས་བློ་གྲོས་གཅིག་ཏུ་བྱས་ཏེ་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་པ་གླང་པོ་ཆེའི་ཚོགས་དང་།

เล่ม ๒ · หน้า 14a

རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་དང་། རྒྱལ་པོའི་ཁབ་ཏུ་དོང་སྟེ། ལོ་བཅོམ་ནས་ཕྲུ་མར་བསྐོར་ཏེ་འཁོད་དོ། །ཀླུའི་རྒྱལ་པོ་སོག་མ་མེད་ཀྱིས་ཀྱང་སེར་བའི་རྒྱུན་ཕབ་པས་ལོ་ཏོག་ལྷག་མ་རྣམས་མ་རུང་བར་བྱས་

སོ། །དཀའ་ཐུབ་ཀྱི་ཆུ་ལྔ་བརྒྱ་དང་། ཆུ་མིག་དང་། མཚོ་དང་། མཚེའུ་རྣམས་སྐམས་ལ་ཐུག་པས་མུ་གེ་བྱུང་བར་གྱུར་ཏོ། །ཆུ་ལྷག་མ་གཞན་དག་ཀྱང་མཐའི་རྒྱལ་ཕྲན་དག་གིས་མ་རུང་བར་བྱས་སོ། །དེ་ནས་མ་སྐྱེས་དགྲ་སྡུག་བསྔལ་མི་བཟད་པ་ཉམ་ང་བར་

གྱུར་པ་ལ་མི་མ་ཡིན་པ་དག་གིས་གླགས་རྙེད་དེ། རྨ་ལ་ཐལ་བ་བཏབ་པ་ལྟར་མི་ངས་བྱུང་སྟེ། ཁྱོགས་དང་ཁྱོགས་འདྲུད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་གནོད་པ་བརྒྱ་ཕྲག་དུ་མས་སྙིང་དཀྲུགས་པས་ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་

འདུག་གོ། །དེ་ནས་ལུས་འཕགས་མས་སྨྲས་པ། བུ་ཅིའི་ཕྱིར་སེམས་ཁོང་དུ་ཆུད། ཡུམ་གནོད་པ་བརྒྱ་ཕྲག་དུ་མ་དག་བྱུང་བར་གྱུར་ཏོ། །བུ་ཁོ་མོས་སྔར་ཁྱོད་ལ་བཅོམ་ལྡན་འདས་ལ་བཀུར་སྟི་མ་ཡིན་པ་མ་བྱེད་ཅིག། །།འདུལ་བ་གཞི།

བམ་པོ་ཉི་ཤུ་དྲུག་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བཀུར་སྟི་མ་ཡིན་པས་བསྙེངས་པ་ཡིན་གྱིས། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནས་བཞུད་དེ་གནོད་པར་གྱུར་ཏ་རེ་ཞེས་མ་སྨྲས་སམ། དེ་ནི་འདི་ཡིན་ནོ། །ཡུམ་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི། བུ་བཅོམ་ལྡན་འདས་

ལ་བཟོད་པར་གསོལ་ཅིག །ཡུམ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིས་པའི་རྔོ་མི་ཐོག་ལགས་སོ། །བུ་ཁྱོད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཙན་དན་དང་སྟེའུར་མཉམ་པ་ཁོང་ཁྲོ་བ་དང་རྗེས་སུ་ཆགས་པ་སྤངས་པ་ཡིན་ནོ་ཞེས་མ་ཐོས་སམ། གལ་ཏེ་འགའ་ཞིག་

གིས་བཅོམ་ལྡན་འདས་ཀྱི་ཕྱག་དཔུང་པ་གཅིག་ལ་སྟེའུ་ཡིས་བཞོག་པར་བྱེད་ལ། ཅིག་ཤོས་ལ་ཙན་དན་ས་མཆོག་གིས་ཉུག་པར་བྱེད་ན། དེ་ལ་བཅོམ་ལྡན་འདས་རྗེས་སུ་ཆགས་པ་ཡང་མི་མངའ། ཁོང་ཁྲོ་བ་ཡང་མི་མངའོ། །དེ་ནས་ལུས་འཕགས་མའི་བུ་རྒྱལ་པོ་མ་སྐྱེས་དགྲས་

เล่ม ๒ · หน้า 14b

མི་ཞིག་ལ་སྨྲས་པ། ཀྱེ་ནང་རྗེ་ཚུར་ཤོག །ཁྱོད་བཅོམ་ལྡན་འདས་གང་ན་བ་དེར་སོང་ལ། སོན་ནས་ཁོ་བོའི་ཚིག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ཏེ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། གནོད་པ་མི་མངའ་འམ།

སྟོབས་དང་བདེ་བ་ལ་རེག་པར་བཞུགས་སམ་ཞེས་སྙུན་གསོལ་ལ་འདི་སྐད་ཅེས་ཀྱང་གསོལ་ཅིག །བཙུན་པ་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་མཆིད་ནས་བཙུན་པ་བུ་ངན་པ་ནི་མཆིས་ཀྱི་ཕ་ངན་པ་ནི་མ་མཆིས་པས་བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་

རྒྱལ་པོའི་ཁབ་ཏུ་གཤེགས་པར་གསོལ། གལ་ཏེ་བཅོམ་ལྡན་འདས་མ་གཤེགས་ན་རིང་པོ་མི་ཐོགས་པ་ཁོ་ནར་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་སྟོངས་ཏེ་མིང་ལུས་པར་འགྱུར་རོ་ཞེས་གསོལ་ཅིག །ལྷ་བཀའ་བཞིན་འཚལ་ཞེས་མི་དེས་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་ལྟར་མཉན་

ནས་ཆས་ཏེ་རིམ་གྱིས་མཉན་ཡོད་དུ་ཕྱིན་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་མི་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཙུན་པ་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ་ཞེས་བྱ་བ་ནས་རེག་པར་བཞུགས་སམ་ཞེས་སྙུན་གསོལ་ལགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །

ཀྱེ་མི་ཁྱོད་དང་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་བདེ་བར་གྱུར་ཅིག །བཙུན་པ་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་མཆིད་ནས་བཙུན་པ་བུ་ངན་པ་ནི་མཆིས་ཀྱི་ཕ་ངན་པ་ནི་མ་མཆིས་པས་བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་

བཟུང་སྟེ་རྒྱལ་པོའི་ཁབ་ཏུ་གཤེགས་སུ་གསོལ། གལ་ཏེ་བཅོམ་ལྡན་འདས་མ་གཤེགས་ན་ཞེས་བྱ་བ་ནས་མིང་ལུས་པར་འགྱུར་རོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བཅོམ་ལྡན་འདས་ཅང་མི་གསུང་བས་མི་དེ་ལ་གནང་ངོ་། །དེ་ནས་མི་དེས་བཅོམ་ལྡན་འདས་ཅང་

เล่ม ๒ · หน้า 15a

མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཇི་སྲིད་བཞེད་ཀྱི་བར་དུ་མཉན་ཡོད་དུ་བཞུགས་ནས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་རྒྱལ་པོའི་ཁབ་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ། རིམ་གྱིས་

རྒྱུ་ཞིང་གཤེགས་པ་ན་ཡུལ་མ་ག་དྷཱར་བྱོན་ཏོ། །བཅོམ་ལྡན་འདས་ཀྱི་མཐུས་རླུང་གཏོང་བའི་ལྷའི་བུ་རྣམས་ཀྱིས་ནི་དུག་གིས་མ་རུང་བར་བྱས་པའི་ཆུ་དེ་དག་བསྐམས་སོ། །ཆར་པ་འབེབས་པའི་ལྷའི་བུ་རྣམས་ཀྱིས་ནི་ཡན་ལག་བརྒྱད་དང་ལྡན་པའི་ཆུས་བཀང་ངོ་། །ལྷ་རྣམས་ནི་

ཆར་པ་འབེབས་པ་ལ་ཞུགས་སོ། །སངས་རྒྱས་ལ་མངོན་པར་དད་པའི་ལྷ་རྣམས་ཀྱིས་ནི་རྒྱལ་པོའི་ཁབ་ནས་མི་མ་ཡིན་པ་རྣམས་བསྐྲད་ནས་མི་ངས་ཞི་བར་གྱུར་ཏོ། །མཐའི་རྒྱལ་ཕྲན་དག་གིས་ནི་བཅོམ་ལྡན་འདས་གཤེགས་པ་མཐོང་ནས་གྲོང་ཁྱེར་བསྐོར་བ་བཏང་སྟེ་དོང་ངོ་། །ཚོང་པ་

རྣམས་ཀྱིས་ནི་ཟོང་དག་བཀྲམ་མོ། །བཟོ་ཕལ་པ་གཞན་དག་གིས་ནི་རང་རང་བྱེད་པར་བརྩམས་སོ། །ཡུལ་སོ་སོ་ན་གནས་པའི་ཚོང་པ་རྣམས་དང་། དེད་དཔོན་རྣམས་ནི་ཟོང་དང་འཇུག་པར་བརྩམས་སོ། །ལོ་ནི་ལེགས་པར་གྱུར་ཏོ། །ལམ་པོ་ཆེ་དང་སྲང་དང་། སུམ་མདོ་

དང་། བཞི་མདོ་རྣམས་སུ་ནི་བཅོམ་ལྡན་འདས་ཀྱི་བདག་ཉིད་ཆེན་པོ་སྒྲོགས་པར་གྱུར་ཏོ། །མུ་སྟེགས་པ་རྣམས་ནི་བག་འཁུམས་པར་གྱུར་ཏོ། །སྐྱེ་བོའི་ཚོགས་རྣམས་ནི་རབ་ཏུ་དགའ་བར་གྱུར་ཏོ། །ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་

འདས་ཡུལ་མ་ག་དྷཱར་གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་སྙིང་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བ་དང་། དགའ་བ་རྒྱ་ཆེན་པོ་དང་། ཡིད་བདེ་བ་སྐྱེས་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་དེང་ལ་བཅོམ་ལྡན་འདས་ཀྱི་ཕྱིར་དཔག་ཚད་ཕྱེད་དང་

གསུམ་གྱི་ལམ་བསྟར་བ་དང་། གྲོང་ཁྱེར་དག་བཟང་པོར་བྱོས་ཤིག །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཐམས་ཅད་ཀྱང་རྡོ་བ་དང་། གསེག་མ་དང་། གྱོ་མོ་སོལ་ཏེ་ཙན་དན་གྱི་ཆུས་ཆག་ཆག་ཐོབ་ལ་དར་གྱི་ཆུན་འཕྱང་མང་པོ་དཔྱོངས་ཤིག །དྲི་ཞིམ་པོའི་པོག་ཕོར་དག་ཤོམས་ལ།

เล่ม ๒ · หน้า 15b

གདུགས་དང་། རྒྱལ་མཚན་དག་ཚུགས་ཤིག །བར་བར་དུ་མེ་ཏོག་གི་གཞལ་མེད་ཁང་མཛེས་པ་དག་བྱོས་ཤིག །ལྷ་བཀའ་བཞིན་འཚལ་ཞེས་བློན་པོ་རྣམས་ཀྱིས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་ལྟར་མཉན་ནས་ཐམས་ཅད་རྒྱས་པར་བྱེད་དུ་

བཅུག་གོ། །དེ་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་རྒྱལ་པོ་ཆེན་པོའི་འབྱོར་པ་དང་། རྒྱལ་པོ་ཆེན་པོའི་མཐུས་བདག་ཉིད་དཔུང་གི་ཚོགས་ཡན་ལག་བཞི་དང་བསུར་སོང་ངོ་། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ། ཞི་བ་འཁོར་ཞི་བ་གྲོལ་

བ་འཁོར་གྲོལ་བ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ། རྣམ་པར་དུལ་བ་འཁོར་རྣམ་པར་དུལ་བ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ། མཛེས་པ་འཁོར་མཛེས་པ། ཁྱུ་མཆོག་བ་གླང་གི་ཚོགས་ཀྱིས་

བསྐོར་བ་ལྟ་བུ། གླང་པོ་ཆེ་གླང་པོ་ཆེའི་ཕྲུ་གུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། སེང་གེ་མཆེ་བ་ཅན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ངང་པའི་རྒྱལ་པོ་ངང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ནམ་མཁའ་ལྡིང་འདབ་ཆགས་ཀྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། བྲམ་ཟེ་སློབ་མའི་

ཚོགས་ཀྱིས་བསྐོར་བ་ལྟ་བུ། སྨན་པ་མཁས་པ་ནད་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། དཔའ་བོ་དམག་མིའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ལམ་མཁན་འགྲོན་པོའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། དེད་དཔོན་ཚོང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཚོང་དཔོན་རང་གི་སྐྱེ་

བོས་བསྐོར་བ་ལྟ་བུ། རྒྱལ་ཕྲན་བློན་པོའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། འཁོར་ལོས་སྒྱུར་བ་བུ་སྟོང་གིས་བསྐོར་བ་ལྟ་བུ། ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཉི་མ་འོད་ཟེར་སྟོང་གིས་བསྐོར་བ་ལྟ་བུ། ཡུལ་འཁོར་སྐྱོང་དྲི་ཟའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ལུས་

འཕགས་པོ་གྲུལ་བུམ་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། མིག་མི་བཟད་ཀླུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ནོར་སྦྱིན་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཐགས་ཟངས་རིས་ལྷ་མ་ཡིན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། བརྒྱ་བྱིན་སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་

เล่ม ๒ · หน้า 16a

བསྐོར་བ་ལྟ་བུ། ཚངས་པ་ཚངས་རིས་ཀྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། རྒྱ་མཚོ་མི་གཡོ་བ་ལྟ་བུ། སྤྲིན་ཆུ་དང་བཅས་པ་ལྟ་བུ། གླང་པོ་ཆེ་དམ་པ་རྒྱགས་པ་དང་བྲལ་བ་ལྟར་དབང་པོ་རྣམས་ཤིན་ཏུ་དུལ་བས་མ་གཡེངས་པའི་སྤྱོད་ལམ་གྱི་སྤྱོད་

པ་ཅན། སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་མཛེས་པར་བྱས་པ། སྐུ་འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་གི་འོད་ཟེར་བས་ལྷག་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་མཛེས་

པ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པ་གསུམ་དང་། དྲན་པ་ཉེ་བར་གཞག་པ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ། དགེ་སློང་གི་དགེ་འདུན་རབ་ཏུ་མང་པོ་དང་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་དང་། ལྷ་བརྒྱ་

སྟོང་ཕྲག་དུ་མས་ཞམ་རིང་བྱས་ཏེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་གཤེགས་སོ། །གང་གི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་ཞུགས་ཏེ། མངོན་པར་འདུ་བྱེད་པ་དང་བཅས་པས་གྲོང་ཁྱེར་གྱི་སྒོའི་ཐེམ་པ་ལ་ཞབས་གཡས་པས་མནན་པ་དེའི་ཚེས་རྣམ་པ་དྲུག་ཏུ་གཡོས་པར་

གྱུར་ཏེ། ས་ཆེན་པོ་འདི་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་ཅིང་། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ། བྱང་ཕྱོགས་

མཐོ་ན་ལྷོ་ཕྱོགས་དམའ། མཐའ་མཐོ་ན་དབུས་དམའ། དབུས་མཐོ་ན་མཐའ་དམའ་བར་གྱུར་ཏོ། །འཇིག་རྟེན་འདི་འཇིག་རྟེན་གྱི་བར་དང་བཅས་པ་ཐམས་ཅད་ཀྱང་སྣང་བ་རྒྱ་ཆེན་པོས་གསལ་བར་གྱུར་ཏོ། །ལྷས་ཀྱང་བར་སྣང་ལ་རྔ་དག་བརྡུངས་སོ། །ནམ་མཁའ་ལ་གནས་

པའི་ལྷ་རྣམས་ཀྱིས་ནི་བཅོམ་ལྡན་འདས་ཀྱི་སྟེང་ནས་ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། ཨ་ག་རུའི་ཕྱེ་མ་དང་། རྒྱ་སྤོས་ཀྱི་ཕྱེ་མ་དང་། གུར་ཀུམ་གྱི་ཕྱེ་མ་དང་། ཏ་མ་ལའི་ལོ་མའི་ཕྱེ་མ་དང་། ལྷའི་མེ་ཏོག་མན་དཱ་ར་བ་

เล่ม ๒ · หน้า 16b

དང་། གོས་དག་འཐོར་བར་བྱེད་དེ། བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ན་དེ་ལྟ་བུའི་ཡ་མཚན་དག་བྱུང་བར་གྱུར་ཏོ། །གཞན་ཡང་དོག་པ་དག་ནི་ཡངས་པར་གྱུར་ཏོ། །དམའ་བ་དག་ནི་མཐོ་བར་གྱུར་ཏོ། །མཐོ་བ་དག་ནི་ཕྱ་ལེ་བར་གྱུར་ཏོ། །གླང་པོ་ཆེ་

དག་ནི་སྐད་འབྱིན་པར་གྱུར་ཏོ། །རྟ་དག་ཀྱང་སྐད་འབྱིན་པར་གྱུར་ཏོ། །ཁྱུ་མཆོག་དག་ཀྱང་སྐད་འབྱིན་པར་གྱུར་ཏོ། །ཁྱིམ་གྱི་ནང་ན་བཞག་པའི་སྣོད་སྣ་ཚོགས་དག་ནི་མ་བརྡུངས་པར་རང་སྒྲ་འབྱིན་པར་གྱུར་ཏོ། །ལོང་བ་རྣམས་ཀྱིས་ནི་མིག་ཐོབ་པར་གྱུར་ཏོ། །འོན་པ་

རྣམས་ནི་རྣ་བས་ཐོས། ལྐུགས་པ་རྣམས་ནི་སྨྲ་ནུས་པར་གྱུར་ཏོ། །དབང་པོ་ལྷག་མ་མ་ཚང་བ་རྣམས་ནི་དབང་པོ་སོ་སོར་ཐོབ་པར་གྱུར་ཏོ། །ཆང་གིས་མྱོས་པ་རྣམས་ནི་མྱོས་པ་དང་བྲལ་བར་གྱུར་ཏོ། །དུག་འཐུངས་པ་དག་ནི་དུག་ཞི་བར་གྱུར་ཏོ། །ཕན་ཚུན་ཁོན་བྱུང་བ་རྣམས་

ནི་མཛའ་བར་གྱུར་ཏོ། །སྦྲུམ་པ་དག་ནི་བདེ་བར་བཙས་པར་གྱུར་ཏོ། །བཙོན་དུ་བཅིངས་པ་དག་ནི་ཐར་བར་གྱུར་ཏོ། །ནོར་མེད་པ་དག་ནི་ནོར་རྙེད་པར་གྱུར་ཏོ། །དེ་ལྟ་བུའི་འབྱོར་པ་དེ་མཐོང་ནས་དགེ་བསྙེན་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། ཡུལ་གང་ཞིག་ཏུ་འཇིག་རྟེན་

གཙོ་བོ་གཤེགས་པ་དེར། །ལོ་ཉེས་མི་ངས་དང་ནི་ཕྱི་དགྲའི་འཇིགས་པ་མེད། །ལྷ་རྣམས་ཆར་འབེབས་སྐྱེ་བོ་བསོད་ནམས་རབ་ཏུ་བྱེད། །དེར་ནི་ཡ་མཚན་བརྒྱ་ཕྲག་གཞན་ཡང་འབྱུང་བར་འགྱུར། །དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་ཞུགས་ཏེ། སྐྱེ་བོའི་ཚོགས་

དབུགས་ཕྱུང་ནས་རྒྱལ་པོའི་ཁབ་ནས་བྱུང་སྟེ་འོད་མའི་ཚལ་དུ་གཤེགས་སོ། །དེ་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །

ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད་ཅེས་བྱ་བ་

เล่ม ๒ · หน้า 17a

ནས་ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས་

སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་བདག་གིས་དགུང་ཟླ་གསུམ་

དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་འདུལ་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ལ་ཅང་མི་གསུང་

བས་གནང་ངོ་། །དེ་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ཏེ་སོང་ངོ་། །བཅོམ་ལྡན་འདས་དགེ་སློང་གི་དགེ་

འདུན་དང་ཐབས་ཅིག་ཏུ་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་ཟླ་བ་གསུམ་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱས་སོ། །དེ་ནས་སངས་རྒྱས་ལ་

མངོན་པར་དགའ་བའི་ལྷ་རྣམས་ཀྱིས་མི་ངས་དེ་བསྐྲད་ནས་རྒྱལ་པོའི་ཁབ་ནས་བྱུང་ནས་སྒྲ་སྒྲོགས་ཞེས་བྱ་བའི་ནང་དུ་བྱུང་སྟེ། ཡངས་པ་ཅན་དུ་འདུག་ནས། ཡངས་པ་ཅན་གྱི་སྐྱེ་བོའི་ཚོགས་ལ་མི་ངས་བྱུང་བར་གྱུར་ཏེ། ཁྱོགས་དང་ཁྱོགས་འདྲུད་པར་གྱུར་ཏོ། །ཡངས་པ་

ཅན་ན་བྲམ་ཟེ་མདུན་ན་འདོན་མདའ་བོ་ཆེ་ཞེས་བྱ་བ་ཞིག་གནས་པ་དེའི་རྨི་ལམ་ན་ཡངས་པ་ཅན་ན་གནས་པའི་ལྷ་ཞིག་གིས་སྨྲས་པ། གལ་ཏེ་མི་འདུལ་ཁ་ལོ་སྒྱུར་བའི་མཆོག །ཤཱཀྱའི་རིགས་དག་པ་ཡི་བཅོམ་ལྡན་འདས། །ཡངས་པ་ཅན་དུ་གཤེགས་པར་གྱུར་ན་ནི། །

เล่ม ๒ · หน้า 17b

གནོད་པ་རྣམས་ནི་རྣམ་པར་འཇིག་པར་འགྱུར། །དེས་ནམ་ནངས་ནས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ལ་སྨྲས་པ། ཤེས་ལྡན་དག་བདག་གིས་རྨི་ལམ་འདི་འདྲ་བ་ཞིག་མཐོང་ངོ་། །དེ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་དེ་ལ་ཇི་ལྟར་བསྒྲུབ་པར་བྱ། བཅོམ་ལྡན་འདས་

ཀྱི་སྤྱན་སྔར་ཕོ་ཉ་སུ་ཞིག་གཏང་ཞེས་ཕན་ཚུན་བགྲོ་བར་བརྩམས་པ་དང་། མདུན་ན་འདོན་མདའ་བོ་ཆེ་འདི་ཉིད་ཐམས་ཅད་དུ་ནུས་པ་ཡིན་ལ། བདག་ཅག་ལ་ཡང་བྱམས་པ་ཡིན་གྱིས་གཏང་ངོ་། །དེ་ལ་དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་གང་ན་བ་དེར་སོང་ལ་ཕྱིན་ནས་

བདག་ཅག་གི་ཚིག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱོས་ལ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ་ཞེས་བྱ་བ་ནས་སྙུན་གསོལ་ལ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །འདི་སྐད་ཅེས་ཀྱང་གསོལ་ཅིག །བཙུན་པ་ཡངས་པ་ཅན་གྱི་ཚོགས་ཀྱི་

མཆིད་ནས་བཅོམ་ལྡན་འདས་ཡངས་པ་ཅན་དུ་གཤེགས་སུ་གསོལ། གལ་ཏེ་བཅོམ་ལྡན་འདས་ཡངས་པ་ཅན་དུ་མ་གཤེགས་ན་རིང་པོར་མི་ཐོགས་པ་ཁོ་ནར་ཡངས་པ་ཅན་སྟོངས་ཤིང་མིང་ལུས་པར་འགྱུར་རོ་ཞེས་གསོལ་ཅིག །དེས་སྨྲས་པ། ཤེས་ལྡན་དག་ལུས་འཕགས་

མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ནི་ཁྱེད་ལ་ཡུན་རིང་དུ་གནོད་པ་བྱེད་པ་ཕྱིར་རྒལ་བ་དགྲ་བོར་གྱུར་པ་ཡིན་པས་བདག་ལ་གནོད་པ་བྱེད་པར་མི་འགྱུར་གྲང་། དེ་དག་གིས་ཚིགས་སུ་བཅད་དེ་སྨྲས་པ། ཡུལ་འཁོར་གཞན་ཡང་འགྱེད་པར་ཡང་། །ཕོ་ཉ་མི་གསོད་ཅེས་གྲག་

ན། །ཁྱོད་ནི་རྒྱལ་བའི་ཕོ་ཉ་ཡིན། །ཀུན་གྱིས་མི་གསོད་སྨོས་ཅི་དགོས། །དེ་ནས་མདུན་ན་འདོན་མདའ་བོ་ཆེ་དགེ་མཚན་དང་བཀྲ་ཤིས་དང་བདེ་ལེགས་སུ་འགྱུར་བ་དག་བྱས་ཏེ། རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་དེ་ལམ་གྱིས་དུབ་པ་བསལ་ཏེ། བཅོམ་ལྡན་འདས་

གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་མདུན་ན་འདོན་མདའ་བོ་ཆེས་

เล่ม ๒ · หน้า 18a

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་ཡངས་པ་ཅན་གྱི་ཚོགས་བཅོམ་ལྡན་འདས་གཽ་ཏ་མའི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོ་འམ།

གནོད་པ་མ་མཆིས་སམ། སྟོབས་དང་བདེ་བ་ལ་རེག་པར་སྤྱོད་དམ་ཞེས་སྙུན་གསོལ་ལགས་སོ། །མདའ་བོ་ཆེ་ཁྱོད་དང་ཡངས་པ་ཅན་གྱི་ཚོགས་བདེ་བར་གྱུར་ཅིག །ཀྱེ་གཽ་ཏ་མ་ཡངས་པ་ཅན་གྱི་ཚོགས་ཀྱི་མཆིད་ནས་བཅོམ་ལྡན་འདས་ཡངས་པ་ཅན་དུ་གཤེགས་

སུ་གསོལ། གལ་ཏེ་བཅོམ་ལྡན་འདས་ཡངས་པ་ཅན་དུ་མ་གཤེགས་ན་རིང་པོ་མི་ཐོགས་པ་ཁོ་ནར་ཡངས་པ་ཅན་སྟོངས་ཤིང་མིང་ཙམ་ལུས་པར་འགྱུར་རོ་ཞེས་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདའ་བོ་ཆེ་འདིར་ང་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་

ཅིག་ལ་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་པས་རྒྱལ་པོ་ལ་རྟོགས་ཤིག །གལ་ཏེ་རྒྱལ་པོས་གནང་ན་ང་དེ་བཞིན་དུ་གཤེགས་པར་བྱའོ། །དེས་ཡངས་པ་ཅན་དུ་བཅོམ་ལྡན་འདས་ནི་འདི་སྐད་ཅེས་

གསུང་ངོ་ཞེས་སྤྲིང་ངོ་། །དེ་རྣམས་ཀྱིས་ཀྱང་སྤྲིང་བ་དེ་ཉིད་ཀྱི་ཕྱིར་ཁྱོད་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་གང་ན་བ་དེར་སོང་ལ་སོན་ནས། བདག་ཅག་གི་ཚིག་གིས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ལ་གནོད་པ་ཆུང་ངམ། ཉམ་

ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོ་འམ། གནོད་པ་མ་མཆིས་སམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ་ཞེས་ཀྱང་དྲིས་ལ་འདི་སྐད་ཅེས། ལྷ་བཅོམ་ལྡན་འདས་ཡངས་པ་ཅན་དུ་གཤེགས་པར་བཅོམ་ལྡན་འདས་ལ་རྗེས་སུ་གནང་བར་མཛད་དུ་གསོལ།

ལྷས་གལ་ཏེ་བཅོམ་ལྡན་འདས་ལ་རྗེས་སུ་མ་གནང་ན་རིང་པོ་མི་ཐོགས་པ་ཁོ་ནར་ཡངས་པ་ཅན་སྟོངས་ཤིང་མིང་ལུས་པར་འགྱུར་རོ་ཞེས་སྨྲོས་ཤིག །དེ་ནས་མདུན་ན་འདོན་མདའ་བོ་ཆེས་བསམས་པ། ཅི་རེ་ཞིག་རྒྱལ་པོ་ལ་བསྙེན་པར་བྱའམ། འོན་ཏེ་བློན་པོ་རྣམས་

เล่ม ๒ · หน้า 18b

ལ་བྱ་སྙམ་དུ་བསམས་པ་དང་། དེ་འདི་སྙམ་དུ་སེམས་ཏེ། འགའ་ཞིག་གི་དངགས་ལས་བསྙེན་པར་མི་བྱ་སྟེ། འོན་ཀྱང་བསྙེན་པ་བྱེད་པ་ལ་བསྙེན་པར་བྱའོ་ཞེས་འབྱུང་བས། མདོར་ན་བློན་པོ་རྣམས་ལ་བསྙེན་པར་བྱའོ་སྙམ་ནས། དེས་བློན་པོ་རྣམས་ལ་བསྙེན་པར་བྱ་

བར་བརྩམས་སོ། །དེ་ནས་བློན་པོ་རྣམས་ཀྱིས་སྨྲས་པ། མདུན་ན་འདོན་དགོས་པ་ཅི་ཞིག་ལ་འོངས། དེས་སྨྲས་པ། ཤེས་ལྡན་དག་ཁོ་བོ་ནི་བཅོམ་ལྡན་འདས་ཀྱི་ཕྱིར་ལྷ་ལ་གསོལ་བ་འདེབས་སུ་མཆིས་ཀྱིས་ཁྱེད་ཅག་གིས་གྲོགས་མཛོད་ཅིག །དེ་རྣམས་ཀྱིས་སྨྲས་པ།

དེ་བཞིན་དུ་བྱས་ཁོ་བོ་ཅག་གིས་ཇི་ཙམ་ན་བོས་པ་དེའི་ཚེ་ཁྱོད་ཤོག་ཅིག །དེ་ནས་དེ་དག་གིས་སྐབས་ཤེས་ནས་བོས་པ་དང་དེ་ནས་མདུན་ན་འདོན་མདའ་བོ་ཆེ་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་གང་ན་བ་དེར་སོང་སྟེ་སོང་ནས་ལུས་འཕགས་མའི་བུ་ཡུལ་མ་

ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ལ་རྒྱལ་བ་དང་ཚེ་སྤེལ་བ་དག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་མདུན་ན་འདོན་མདའ་བོ་ཆེས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ཡངས་པ་ཅན་གྱི་ཚོགས་ཀྱི་མཆིད་ནས་

ལྷ་ལ་གནོད་པ་ཆུང་ངམ། རེག་པར་གནས་སམ་ཞེས་བྱ་བ་རྒྱས་པར་སྙུན་གསོལ་ལོ། །མདའ་བོ་ཆེ་ཁྱོད་དང་། ཡངས་པ་ཅན་གྱི་ཚོགས་བདེ་བར་གྱུར་ཅིག །ལྷ་ཡངས་པ་ཅན་གྱི་ཚོགས་ཀྱི་མཆིད་ནས་འདི་སྐད་ཅེས། ལྷ་བཅོམ་ལྡན་འདས་ཡངས་པ་ཅན་དུ་

གཤེགས་པར་བཅོམ་ལྡན་འདས་ལ་རྗེས་སུ་གནང་བར་མཛད་དུ་གསོལ། ལྷས་གལ་ཏེ་བཅོམ་ལྡན་འདས་ལ་རྗེས་སུ་མ་གནང་ན་རིང་པོ་མི་ཐོགས་པ་ཁོ་ནར་ཡངས་པ་ཅན་སྟོངས་ཤིང་མིང་ལུས་པར་འགྱུར་རོ་ཞེས་མཆིའོ། །རྒྱལ་པོས་སྨྲས་པ། མདའ་བོ་ཆེ་ཁོ་བོས་

ཡུན་རིང་མོ་ཞིག་ནས་ཀྱེ་མ་ཡངས་པ་ཅན་གྱི་གནས་སྟོངས་ཀྱང་ཅི་མ་རུང་སྙམ་དུ་བསམས་པ་དེ་གལ་ཏེ་ཡངས་པ་ཅན་གྱི་གནས་སྟོངས་པར་གྱུར་ན་ཁོ་བོ་ཡིད་ལ་བསམ་པ་ཚེགས་ཆུང་ངུས་རྫོགས་པར་མ་གྱུར་ཏམ། དེ་སྐད་ཅེས་སྨྲས་པ་དང་། མདའ་བོ་ཆེ་སོང་ངོ་། །བློན་

เล่ม ๒ · หน้า 19a

པོ་རྣམས་ཀྱིས་སྨྲས་པ། ལྷ་བཅོམ་ལྡན་འདས་ཀྱིས་སེམས་ཅན་གཅིག་ཀྱང་ཡོངས་སུ་བཏང་བ་ལྟ་མཆིས་སམ། ཤེས་ལྡན་དག་མེད་དོ། །དེ་ལྟ་ན་ལྷས་བཅོམ་ལྡན་འདས་ལ་བཀུར་སྟི་མ་ལགས་པ་བགྱིས་སོ། །ལྷས་བཅོམ་ལྡན་འདས་ལ་

རྗེས་སུ་གནང་ཡང་རུང་། མ་གནང་ཡང་རུང་སྟེ། བཅོམ་ལྡན་འདས་ནི་ཡངས་པ་ཅན་གྱི་སེམས་ཅན་ལ་ཐུགས་བརྩེ་བའི་ཕྱིར་གཤེགས་པར་འགྱུར་བ་ཉིད་དོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཁོ་བོས་མ་ཤེས་ཀྱིས་གལ་ཏེ་དེ་ལྟ་ན་ཁུག་ཤིག །དེ་དག་གིས་

མདའ་བོ་ཆེ་བཀུག་ནས་རྒྱལ་པོས་སྨྲས་པ། མདའ་བོ་ཆེ་ཁོ་བོས་དམ་བཅས་ཏེ་བཅོམ་ལྡན་འདས་རྗེས་སུ་གནང་བར་བྱའོ། །གལ་ཏེ་ཁོ་བོས་བཅོམ་ལྡན་འདས་ལ་མཆོད་པ་དང་བསྙེན་བཀུར་ཅི་འདྲ་བ་བྱས་པ་དེ་ཁོ་ན་འདྲ་བར་ཡངས་པ་ཅན་གྱི་ཚོགས་ཀྱིས་བྱ་ན། དེ་ལྟ་ན་ཁོ་

བོས་རྗེས་སུ་གནང་ངོ་། །དེས་ཡངས་པ་ཅན་རྣམས་ལ་རྒྱལ་པོ་འདི་སྐད་ཅེས་གསུང་ངོ་ཞེས་སྤྲིང་ངོ་། །དེ་རྣམས་ཀྱིས་སྨྲས་པ། རྒྱལ་པོ་མི་གཅིག་པུར་གྱུར་པས་བཅོམ་ལྡན་འདས་ལ་མཆོད་པ་དང་བཀུར་སྟི་བྱེད་ན། བདག་ཅག་ཚོགས་སུ་གྱུར་པས་ཅི་སྟེ་མི་བྱ་ཞེས་དེ་དག་

གིས་བཅོམ་ལྡན་འདས་གཤེགས་སུ་གསོལ་ཅིག་དང་། བདག་ཅག་གིས་བཅོམ་ལྡན་འདས་ལ་དེ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་མཆོད་པ་དང་བཀུར་སྟི་བགྱིའོ་ཞེས་སྤྲིང་ངོ་། །དེ་ནས་མདའ་བོ་ཆེས་དོན་དེ་དག་རྒྱལ་པོ་ལ་རིག་པར་བྱས་སོ། །དེ་ནས་ལུས་འཕགས་

མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་བདག་ཇི་སྲིད་འཚོའི་བར་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་

เล่ม ๒ · หน้า 19b

བཀུར་བགྱིད་པར་སྤྲོ་ལགས་མོད་ཀྱི། བཅོམ་ལྡན་འདས་སེམས་ཅན་རྣམས་ལ་ཐུགས་བརྩེ་བས་གནང་བར་མི་འགྱུར་ལགས་ན། བཅོམ་ལྡན་འདས་བདག་གི་གདུགས་ཚོད་གསོལ་བར་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱི་ལུས་འཕགས་མའི་བུ་ཡུལ་

མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་

ཕྱག་བྱས་ཏེ་སོང་ངོ་། །དེ་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་དེ་ཉིད་ཀྱི་མཚན་མོ་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གསེར་

གྱི་བྱ་མ་བུམ་བླངས་ཏེ་བཅོམ་ལྡན་འདས་ལ་གསོལ་བ་འདེབས་པ་ལ་ཞུགས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཀླུ་གདུག་པ་དང་། གནོད་སྦྱིན་གདུག་པ་དེ་དང་དེ་རྣམས་ནི་བཏུལ་ལགས་ན། བཙུན་པ་ཀླུའི་རྒྱལ་པོ་སོག་མ་མེད་འདི་ཡུན་རིང་པོ་ཞིག་ནས་བདག་ཅག་ལ་

ཤ་ཁོན་མ་མཆིས་པར་ནི་ཤ་ཁོན་བགྱིད། འགྲན་ཟླ་མ་མཆིས་པར་ནི་འགྲན་ཟླར་གྱུར། གནོད་པ་མ་མཆིས་པར་ནི་གནོད་པར་བགྱིད་པར་གྱུར་ཏེ། ལོ་ཏོག་གང་དག་སྐྱེས་ཤིང་སྐྱེས་པ་རྣམས་ཆུད་གཟོན་པར་བགྱིད་ལགས་ན། བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་

བཟུང་སྟེ་ཀླུའི་རྒྱལ་པོ་སོག་མ་མེད་ལེགས་པར་གདུལ་བར་གསོལ། །བཅོམ་ལྡན་འདས་ཀྱིས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་

ལ་ཡོན་བསྔོ་བ་མཛད་ནས་གཤེགས་ཏེ། གཙུག་ལག་ཁང་དུ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཕྱོགས་སུ་ཀླུའི་

เล่ม ๒ · หน้า 20a

རྒྱལ་པོ་སོག་མ་མེད་འདུལ་དུ་འདོང་ངོ་། །བྱང་ཕྱོགས་ན་ནི་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། མེ་ཏོག་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། ཆུ་ཕུན་སུམ་ཚོགས་པ་དང་། བསོད་སྙོམས་མོད་པ་དང་། སྐྱེ་བོའི་ཚོགས་

དྲང་པོ་ཡོད་དོ་ཞེས་གསུངས་ནས་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་གི་ཕྱིར་གཙུག་ལག་ཁང་དུ་ཞུགས་སོ། །དེ་ནས་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་རྒྱལ་པོའི་ཁབ་ནས་ཆུ་བོ་གང་གཱའི་བར་གྱི་ལམ་དང་གྲོང་ཁྱེར་དག་ཆེ་ཐང་དུ་སྟོར་དུ་བཅུག་སྟེ་

ལམ་རྡོ་བ་དང་། གསེག་མ་དང་། གྱོ་མོ་ཐམས་ཅད་བསལ་ནས་ཙན་དན་གྱི་ཆུས་ཆག་ཆག་བཏབ་དྲི་ཞིམ་པོ་སྣ་ཚོགས་ཀྱི་པོག་ཕོར་དག་བཤམས། དར་གྱི་ཆུན་འཕྱང་མང་པོ་དཔྱངས། བར་བར་དུ་མེ་ཏོག་གི་གཞལ་མེད་ཁང་དག་བྱས་སོ། །ཡངས་པ་ཅན་གྱི་ལིཙྪ་བཱི་

རྣམས་ཀྱིས་ནི་ཆུ་བོ་གང་གཱ་ནས་ཡངས་པ་ཅན་གྱི་བར་དུ་དེ་བས་ལྷག་པར་ཁྱད་པར་དུ་འཕགས་པར་ལམ་དང་གྲོང་ཁྱེར་དག་སྟོར་དུ་བཅུག་གོ། །དེ་ནས་བཅོམ་ལྡན་འདས་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་

བོ་ན་ལན་ད་གང་ན་བ་དེར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དེ་ནས་བཅོམ་ལྡན་འདས་དང་ཡུལ་མ་ག་དྷཱའི་ལྗོངས་རྒྱུ་ཞིང་གཤེགས་པ་ན། ན་ལན་དར་བྱོན་ནས་ན་ལན་ད་ན་ཨ་མྲའི་ཚལ་དགག་དབྱེ་

ཅན་ཞེས་བྱ་བ་ན་བཞུགས་སོ། །དེའི་ཚེ་ན་ལན་ད་ན་ཀུན་དུ་རྒྱུ་འདམ་བུའི་ཚོང་པ་ཞེས་བྱ་བ་རྒས་པ། འཁོགས་པ། གཏུགས་པ་བཙས་ནས་ལོ་བརྒྱ་ཉི་ཤུ་ལོན་པ་ཞིག་གནས་པ་ལ། ན་ལན་དའི་བྲམ་ཟེ་དང་ཁྱིམ་བདག་རྣམས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད།

མཆོད་པར་བྱེད་དེ། དགྲ་བཅོམ་པར་བཀུར་རོ། །དེ་ནས་ཀུན་དུ་རྒྱུ་འདམ་བུའི་ཚོང་པའི་སྔོན་གྱི་གྲོགས་པོ་དང་། བློན་པོ་དང་། གཉེན་དང་། སྣག་གི་གཉེན་མཚམས་སུ་གྱུར་པའི་ལྷ་གང་ཡིན་པ་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གིས་ཀུན་དུ་རྒྱུ་འདམ་བུའི་

เล่ม ๒ · หน้า 20b

ཚོང་པ་ལ་འདི་སྐད་ཅེས། དྲང་སྲོང་ཁྱོད་ཚུར་ཤོག །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་སྨྲས་ན། གང་ཡང་བདག་གི་ཚིག་མི་ཉན་པ་དེ་སྲིད་པས། མ་ལ་བདག་དེའི་དྲུང་དུ་སོང་སྟེ་ཡིད་ཀྱི་དྲི་བ་འཛིན་དུ་གཞུག་གོ་སྙམ་ནས། དེ་ནས་ལྷ་དེ་ཀུན་

དུ་རྒྱུ་འདམ་བུའི་ཚོང་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཀུན་དུ་རྒྱུ་འདམ་བུའི་ཚོང་པ་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཚུར་ཤོག །ཁོ་བོ་ལས་ཡིད་ཀྱི་དྲི་བ་ལོང་ལ་ཀུན་ཆུབ་པར་གྱིས་ཤིག །ཇི་ལྟར་མཛའ་བོ་མ་ཡིན་པ་ལ་མཛའ་བོ་ལྟར་བཅོས་པ་ཡིན་པར་བལྟ་བར་བྱ།

ཇི་ལྟར་བདག་དང་འདྲ་བའི་མཛའ་བོ་ཡིན་པར་རིག་པར་བྱ། ཅིའི་ཕྱིར་སྤོང་། ཇི་ལྟར་ནད་མེད་པ་འཐོབ། དྲང་སྲོང་གང་ཞིག་ཁྱོད་ཀྱི་ཡིད་ཀྱི་དྲི་བ་ཡིད་ཀྱིས་མངོན་པར་འདུས་བྱས་པ་འདི་དག་ཚིག་གིས་ལུང་བསྟན་པས་སེམས་རངས་པར་བྱེད་པ་དེའི་ཐད་དུ་ཁྱོད་ཚངས་པར་

སྤྱད་པ་སྤྱོད་ཅིག་ཅེས་སྨྲས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཀུན་དུ་རྒྱུ་འདམ་བུའི་ཚོང་པས་ལྷ་དེ་ལས་ཡིད་ཀྱི་དྲི་བ་བཟུང་སྟེ་ཀུན་ཆུབ་པར་བྱས་ནས་འོད་སྲུང་རྫོགས་བྱེད་གང་ན་བ་དེར་སོང་སྟེ་ཕྱིན་ནས་འོད་སྲུང་རྫོགས་བྱེད་ཀྱི་དྲུང་དུ་ཡིད་ཀྱི་དྲི་བ་ཡིད་ཀྱིས་མངོན་པར་འདུས་བྱས་

པ། ཇི་ལྟར་མཛའ་བོ་མ་ཡིན་པ་ལ་མཛའ་བོ་ལྟར་བཅོས་པ་ཡིན་པར་བལྟ་བར་བྱ་ཞེས་བྱ་བ་ནས་ཇི་ལྟར་ནད་མེད་པ་འཐོབ་པར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །འོད་སྲུང་རྫོགས་བྱེད་ཀྱིས་དེའི་ཡིད་ཀྱི་དྲི་བ་ཡིད་ཀྱིས་མངོན་པར་འདུས་བྱས་པ་རྣམས་ཀྱང་མི་ཤེས་རྣམ་པར་མི་

ཤེས་ན་ལན་གླན་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ཀུན་དུ་རྒྱུ་འདམ་བུའི་ཚོང་པ་འདི་སྙམ་དུ་སེམས་ཏེ། འོད་སྲུང་རྫོགས་བྱེད་ཀྱིས་བདག་གི་ཡིད་ཀྱི་དྲི་བ་ཡིད་ཀྱིས་མངོན་པར་འདུས་བྱས་པ་རྣམས་ཀྱང་མི་ཤེས་རྣམ་པར་མི་ཤེས་ན་ལན་གླན་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་ནས།

དེ་ཀུན་དུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་གང་ན་བ་དེར་སོང་སྟེ་ཕྱིན་ནས་གཅེར་བུ་པ་གཉེན་གྱི་བུའི་མདུན་དུ་ཡིད་ཀྱི་དྲི་བ་ཡིད་ཀྱིས་མངོན་པར་འདུས་

เล่ม ๒ · หน้า 21a

བྱས་པ། ཇི་ལྟར་མཛའ་བོ་མ་ཡིན་པ་ལ་མཛའ་བོ་ལྟར་བཅོས་པ་ཡིན་པར་བལྟ་བར་བྱ་ཞེས་བྱ་བ་ནས་གཅེར་བུ་པ་གཉེན་གྱི་བུའི་བར་གྱིས་ཀྱང་བདག་གི་ཡིད་ཀྱི་དྲི་བ་ཡིད་ཀྱིས་མངོན་པར་འདུས་བྱས་པ་རྣམས་ཀྱང་མི་ཤེས། རྣམ་པར་མི་ཤེས་

ན་ལན་གླན་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་མོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ཀུན་དུ་རྒྱུ་འདམ་བུའི་ཚོང་པ་འདི་སྙམ་དུ་སེམས་ཏེ། གང་ལ་ཡིད་ཀྱི་དྲི་བ་ཡིད་ཀྱིས་མངོན་པར་འདུས་བྱས་པའི་ཚིག་གིས་ལུང་བསྟན་པ་མི་ཐོབ་པ་དེ་འདྲ་བའི་རབ་ཏུ་བྱུང་བས་བདག་

ལ་ཅི་ཞིག་བྱ། བདག་གི་ཉེ་དུ་རྣམས་ལ་ལོངས་སྤྱོད་རྒྱ་ཆེར་ཡོད་པས། མ་ལ་བདག་འདུག་ལ་འདོད་པ་ཡང་ལོངས་སྤྱད་ཅིང་སྦྱིན་པ་ཡང་བཏང་། བསོད་ནམས་ཀྱང་བྱའོ་སྙམ་མོ། །ཡང་དེའི་བློ་སྐྱེས་པ། མ་ལ་བདག་དགེ་སྦྱོང་གཽ་ཏ་མ་གང་ན་བ་དེར་འགྲོ་བར་བྱའོ་

སྙམ་ནས་དེ་ཆས་པ་ན་ཡང་བསམས་པ། རེ་ཞིག་དགེ་སྦྱོང་དང་བྲམ་ཟེ་རྒན་རབས་གང་དག་ཡིན་པ་འདི་ལྟ་སྟེ། འོད་སྲུང་རྫོགས་བྱེད་ནས་གཅེར་བུ་པ་གཉེན་གྱི་བུའི་བར་གོང་མ་བཞིན་ཏེ། དེ་རྣམས་ཀྱིས་རེ་ཞིག་ཡིད་ཀྱི་དྲི་བ་ཡིད་ཀྱིས་མངོན་པར་འདུས་བྱས་པ་རྣམས་ཀྱང་

མི་ཤེས་རྣམ་པར་མི་ཤེས་ན་དགེ་སྦྱོང་གཽ་ཏ་མ་ནས་གཞོན་པ་གསར་དུ་རབ་ཏུ་བྱུང་བས་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་བསམས་ཏེ་སླར་ལྡོག་པར་འདོད་པ་ལས། ཡང་དེ་འདི་སྙམ་དུ་སེམས་ཏེ། སྔོན་གྱི་ཀུན་དུ་རྒྱུ་རྙིང་པ་རྒན་པོ་འཁོགས་པ་སྤྱོད་པའི་སློབ་དཔོན་དག་ལས་བདག་གིས་དགེ་

སློང་གཞོན་ནུ་ལ་བརྙས་པར་མི་བྱ། དགེ་སློང་གཞོན་ནུ་ལ་ཟིལ་གྱིས་མནན་པར་མི་བྱ་སྟེ། དགེ་སློང་གཞོན་ནུ་ཡང་དེ་ནི་དབང་ཆེ་བ་མཐུ་ཆེ་བར་གྱུར་པ་ཡིན་ནོ་ཞེས་ཐོས་སོ་སྙམ་དུ་བསམས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་

ཡིད་ཀྱི་ཞུ་བ་ཡིད་ཀྱིས་མངོན་པར་འདུས་བྱས་པ། ཇི་ལྟར་མཛའ་བོ་མ་ཡིན་པ་ལ་མཛའ་བོ་ལྟར་བཅོས་པ་ཡིན་པར་བལྟ་བར་བྱ་ཞེས་བྱ་བ་ནས་ཇི་ལྟར་ནད་མེད་པ་འཐོབ་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་ཀུན་དུ་རྒྱུ་འདམ་བུའི་ཚོང་

เล่ม ๒ · หน้า 21b

པའི་བསམ་པ་མཁྱེན་ནས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། མཛའ་བོ་གཞན་ལ་རྣམ་པར་སྨོད་བྱེད་ཅིང་། །དེ་ནི་བདག་ཏུ་ཟད་དོ་ཞེས་སྨྲ་ལ། །ལས་ཀྱང་སླ་དགུ་འདམ་ཞིང་བྱེད་པ་དེ། །བདག་གི་བཤེས་མ་ཡིན་པར་ཤེས་པར་བྱ། །གང་ཞིག་བདེན་པ་མ་ཡིན་

ཚིག །མཛའ་བོ་དག་ལ་སྨྲ་བྱེད་ཅིང་། །སྨྲ་ལ་ལས་སུ་མི་བྱེད་པའང་། །མཁས་པ་རྣམས་ཀྱིས་ཡོངས་ཤེས་ཏེ། །དེ་ལྟ་བུ་ནི་མཛའ་བོ་མ་ཡིན་པ་ལ་མཛའ་བོ་ལྟར་བཅོས་པ་ཡིན་པར་ཤེས་པར་བྱའོ། །ཇི་ལྟར་བདག་དང་འདྲ་བའི་མཛའ་བོ་ཡིན་པར་རིག་པར་བྱ་ཞེ་

ན། གང་ཞིག་རྟག་ཏུ་བག་མེད་དབྱེ་བ་ཡི། །བསམ་པས་གླགས་ལྟ་དེ་ནི་མཛའ་མིན་གྱི། །གང་ཞིག་འདིར་ནི་སྙིང་དང་འདྲར་གྱུར་པར། །གཞན་གྱིས་མི་ཕྱེད་དེ་ནི་མཛའ་བོ་ཡིན། །དེ་ལྟ་བུ་ནི་བདག་དང་འདྲ་བའི་མཛའ་བོ་ཡིན་པར་རིག་པར་བྱའོ། །ཅིའི་ཕྱིར་སྤོང་ཞེ་

ན། སྐྱེས་བུ་གཅེས་པ་མཐར་འབྱིན་ཅིང་། །འབྲས་བུ་ལྟ་བར་བྱེད་པ་ནི། །རབ་ཏུ་དགའ་བ་སྐྱེད་པའི་གནས། །རབ་བསྔགས་འདྲེན་པའི་ཞི་བ་སྒོམ། །དེ་དོན་དུ་གཉེར་བར་བསྒོམ་མོ། །ཇི་ལྟར་ནད་མེད་པ་འཐོབ་ཅེ་ན། རབ་ཏུ་དབེན་པའི་རོ་དང་ནི། །ཉེ་བར་

ཞི་བའི་རོ་ཤེས་ནས། །ཆོས་ལ་དགའ་བའི་རོ་འཐུང་བ། །ནད་མེད་སྡིག་པ་མེད་པར་འགྱུར། །དེ་ལྟར་ན་ནད་མེད་པ་འཐོབ་བོ། །དེ་ནས་ཀུན་དུ་རྒྱུ་འདམ་བུའི་ཚོང་པ་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་གཽ་ཏ་མའི་ཐུགས་ཀྱིས་ནི་བདག་གི་བསམ་པ་མཁྱེན་ནོ་སྙམ་དུ་རིག་

ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་པ་ལྟ་ན། བཅོམ་ལྡན་འདས་དགེ་སྦྱོང་གཽ་ཏ་མའི་སྤྱན་སྔར་བདག་གིས་ཚངས་པར་སྤྱོད་པ་སྤྱད་

པར་བགྱིའོ། །ཀུན་དུ་རྒྱུ་འདམ་བུའི་ཚོང་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་སྟེ། དེ་ལྟར་རབ་ཏུ་བྱུང་ནས་ཚེ་དང་ལྡན་པ་དེས་ཞེས་བྱ་བ་ནས་དེ་སེམས་ཤིན་ཏུ་རྣམ་པར་གྲོལ་བའི་དགྲ་བཅོམ་པར་གྱུར་ཏོ་ཞེས་བྱ་

เล่ม ๒ · หน้า 22a

བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དམར་བུ་ཅན་གྱི་གྲོང་དུ་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་

ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་དམར་བུ་ཅན་གྱི་གྲོང་ཁྱེར་དང་རྒྱལ་པོའི་ཁབ་ཀྱི་བར་གྱི་དབུས་ན་རྒྱལ་པོའི་གནས་འོད་མའི་དབྱུག་པ་ཅན་དུ་ནུབ་མོ་ཉེ་བར་རྟེན་ཅིང་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་

རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་དང་ཁྱེད་ཅག་ཁོ་ནས་འཕགས་པའི་བདེན་པ་བཞི་པོ་དག་མ་ཤེས། མ་མཐོང་། ཁོང་དུ་མ་ཆུད། སོ་སོར་མ་རྟོགས་པས་ལམ་རིང་པོ་འདིར་རྒྱུག་ཅིང་འཁོར་བར་གྱུར་ཏོ། །བཞི་པོ་དེ་དག་གང་ཞེ་ན། ང་དང་ཁྱེད་ཅག་ཁོ་ནས་

ཞེས་བྱ་བ་ནས། སྡུག་བསྔལ་འཕགས་པའི་བདེན་པ་མ་ཤེས་མ་མཐོང་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ང་དང་ཁྱེད་ཅག་ཁོ་ནས་ཞེས་པ་ནས། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མ་ཤེས་མ་མཐོང་ཞེས་བྱ་བའི་བར་གོང་མ་བཞིན་

དུའོ། །ངས་སྡུག་བསྔལ་འཕགས་པའི་བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་པས་སྲིད་པའི་སྲེད་པ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན་མེད་དོ། །ངས་སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་

བདེན་པ་རྗེས་སུ་རྟོགས་ཤིང་སོ་སོར་རྟོགས་པས་སྲིད་པའི་སྲེད་པ་བཅད་པས་འཁོར་བའི་སྐྱེ་བ་ཟད་དེ། ད་ནི་སྲིད་པ་གཞན་མེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་

བཀའ་སྩལ་ཏོ། །ང་དང་ཁྱེད་ཅག་ཁོ་ན་ཡིས། །འཕགས་པའི་བདེན་པ་བཞི་པོ་དག །ཇི་ལྟ་བ་བཞིན་མ་མཐོང་བས། །ལམ་ནི་རིང་དུ་འཁོར་བར་གྱུར། །བདེན་པ་དེ་དག་མཐོང་ནས་ནི། །སྲིད་པའི་སྲེད་པ་བཅད་ནས་སུ། །འཁོར་བའི་སྐྱེ་བ་ཟད་པས་ན། །

เล่ม ๒ · หน้า 22b

ད་ནི་སྲིད་པ་གཞན་མེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།

ཀུན་དགའ་བོ་དམར་བུ་ཅན་གྱི་གྲོང་གང་ན་བ་དེར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་དང་ཡུལ་མ་ག་དྷཱའི་ལྗོངས་རྒྱུ་ཞིང་གཤེགས་པ་ན་དམར་བུ་ཅན་གྱི་གྲོང་དུ་བྱོན་ཏོ། །

དམར་བུ་ཅན་གྱི་གྲོང་གི་དམར་བུ་ཅན་གྱི་མཆོད་རྟེན་ན་བཞུགས་སོ། །དམར་བུ་ཅན་གྱི་གྲོང་གི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཡུལ་མ་ག་དྷཱའི་ལྗོངས་རྒྱུ་ཞིང་གཤེགས་ནས་དམར་བུ་ཅན་གྱི་གྲོང་དུ་བྱོན་ཏེ། དམར་བུ་ཅན་གྱི་མཆོད་རྟེན་ན་བཞུགས་སོ་ཞེས་

ཐོས་སོ། །ཐོས་ནས་ཀྱང་ཚོགས་ནས་ཚོགས་དང་། ཁྱུ་ནས་ཁྱུར་ཕྲད་ཅིང་འདུག་ནས་དམར་བུ་ཅན་གྱི་གྲོང་ནས་བྱུང་སྟེ་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །

ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་དམར་བུ་ཅན་གྱི་གྲོང་གི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེ་དང་ཁྱིམ་བདག་དག་ལྔ་པོ་འདི་དག་ནི་བག་མེད་པའི་ཉེས་དམིགས་དག་ཡིན་ཏེ། ལྔ་གང་ཞེ་ན། བྲམ་ཟེ་དང་ཁྱིམ་བདག་དག་འདི་ལ་བག་

མེད་པ་བག་མེད་པ་ལ་གནས་པའི་རྒྱུས་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་མེད་པ་བག་མེད་པ་ལ་གནས་པའི་རྒྱུས་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་འགྱུར་བ་གང་ཡིན་པ་འདི་ནི་བག་མེད་པའི་ཉེས་དམིགས་དང་པོ་ཡིན་ནོ། །བྲམ་

ཟེ་དང་ཁྱིམ་བདག་དག་གཞན་ཡང་བག་མེད་པ་བག་མེད་པ་ལ་གནས་པའི་རྒྱུས་ཕྱོགས་དང་ཕྱོགས་མཚམས་སུ་སྡིག་པ་དང་། བསྔགས་པ་མ་ཡིན་པ་དང་། གྲགས་པ་མ་ཡིན་པའི་སྒྲ་དང་ཚིགས་སུ་བཅད་པ་གྲགས་པར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་མེད་པ་

เล่ม ๒ · หน้า 23a

བག་མེད་པ་ལ་གནས་པའི་རྒྱུས་ཕྱོགས་དང་ཕྱོགས་མཚམས་སུ་སྡིག་པ་དང་། བསྔགས་པ་མ་ཡིན་པ་དང་། གྲགས་པ་མ་ཡིན་པའི་སྒྲ་དང་ཚིགས་སུ་བཅད་པ་གྲགས་པར་འགྱུར་བ་གང་ཡིན་པ་འདི་ནི། བག་མེད་པའི་ཉེས་དམིགས་གཉིས་པ་

ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དག་གཞན་ཡང་བག་མེད་པ་བག་མེད་པ་ལ་གནས་པའི་རྒྱུས་རྒྱལ་རིགས་ཀྱི་འཁོར་དུའང་རུང་། བྲམ་ཟེའི་འཁོར་དུའང་རུང་། ཁྱིམ་བདག་གི་འཁོར་དུའང་རུང་། དགེ་སྦྱོང་གི་འཁོར་དུའང་རུང་། འཁོར་གང་དང་གང་དུ་འགྲོ་བའི་

འཁོར་དེ་དང་དེར་ཞུམ་ཞུམ་པོར་གྱུར་ནས་དགའ་བ་མེད་པ་དང་། བག་ཚ་བས་འགྲོ་བར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་མེད་པ་བག་མེད་པ་ལ་གནས་པའི་རྒྱུས་གང་དང་གང་དུ་ཞེས་བྱ་བ་ནས་བག་ཚ་བས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །འདི་ནི་བག་

མེད་པའི་ཉེས་དམིགས་གསུམ་པ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དག་གཞན་ཡང་བག་མེད་པ་བག་མེད་པ་ལ་གནས་པའི་རྒྱུས་གང་དང་གང་དུ་ཞེས་བྱ་བ་ནས་བག་མེད་པའི་རྒྱུས་ཡིད་ལ་གཅགས་བཞིན་འཆི་བར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་མེད་

པ་བག་མེད་པ་ལ་གནས་པའི་རྒྱུས་ཡིད་ལ་གཅགས་བཞིན་འཆི་བར་འགྱུར་བ་གང་ཡིན་པ་འདི་ནི་བག་མེད་པའི་ཉེས་དམིགས་བཞི་པ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དག་གཞན་ཡང་བག་མེད་པ་བག་མེད་པ་ལ་གནས་པའི་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་

ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་མེད་པ་བག་མེད་པ་ལ་གནས་པའི་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་གང་

ཡིན་པ་འདི་ནི་བག་མེད་པའི་ཉེས་དམིགས་ལྔ་པ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དག་ལྔ་པོ་འདི་དག་ནི་བག་ཡོད་པའི་ཕན་ཡོན་ཡིན་ཏེ། ལྔ་གང་ཞེ་ན། བྲམ་ཟེ་དང་ཁྱིམ་བདག་དག་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་མི་

เล่ม ๒ · หน้า 23b

འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་མི་འགྱུར་བ་གང་ཡིན་པ་འདི་ནི་བག་ཡོད་པའི་ཕན་ཡོན་དང་པོ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དག་གཞན་ཡང་བག་ཡོད་པ་བག་ཡོད་པ་ལ་

གནས་པའི་རྒྱུས་ཕྱོགས་དང་ཕྱོགས་མཚམས་སུ་དགེ་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེན་པོ་གྲགས་པར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་ཕྱོགས་དང་ཕྱོགས་མཚམས་སུ་དགེ་བ་

དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེན་པོ་གྲགས་པར་འགྱུར་བ་གང་ཡིན་པ་འདི་ནི་བག་ཡོད་པའི་ཕན་ཡོན་གཉིས་པ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དག་གཞན་ཡང་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་རྒྱལ་རིགས་ཀྱི་འཁོར་དུའང་

རུང་། བྲམ་ཟེའི་འཁོར་དུའང་རུང་། ཁྱིམ་བདག་གི་འཁོར་དུའང་རུང་། དགེ་སྦྱོང་གི་འཁོར་དུའང་རུང་། འཁོར་གང་དང་གང་དུ་འགྲོ་བའི་འཁོར་དེ་དང་དེར་ཞུམ་ཞུམ་པོ་མ་ཡིན་པ་དང་། དགའ་བ་དང་བག་ཚ་བ་མེད་པས་འགྲོ་བར་འགྱུར་ཏེ། །བྲམ་ཟེ་དང་

ཁྱིམ་བདག་དག་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་ཞེས་བྱ་བ་ནས། བག་ཚ་བ་མེད་པ་ཞེས་བྱ་བའི་བར་གོང་མ་བཞིན་དུ་གང་ཡིན་པ་འདི་ནི་བག་ཡོད་པའི་ཕན་ཡོན་གསུམ་པ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་དག་གཞན་ཡང་བག་ཡོད་པ་བག་ཡོད་པ་ལ་

གནས་པའི་རྒྱུས་ཡིད་ལ་གཅགས་པ་མེད་པར་འཆི་བར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་ཡིད་ལ་གཅགས་པ་མེད་པར་འཆི་བར་འགྱུར་བ་གང་ཡིན་པ་འདི་ནི་བག་ཡོད་པའི་ཕན་ཡོན་བཞི་པ་ཡིན་ནོ། །བྲམ་ཟེ་དང་ཁྱིམ་བདག་

དག་གཞན་ཡང་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། བྲམ་ཟེ་དང་ཁྱིམ་བདག་དག་བག་ཡོད་པ་བག་ཡོད་པ་ལ་གནས་པའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་

เล่ม ๒ · หน้า 24a

སྐྱེ་བར་འགྱུར་བ་གང་ཡིན་པ་འདི་ནི་བག་ཡོད་པའི་ཕན་ཡོན་ལྔ་པ་ཡིན་ནོ། །དེ་ནས་དམར་བུ་ཅན་གྱི་གྲོང་གི་བྲམ་ཟེ་དང་ཁྱིམ་བདག་རྣམས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་

སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་གནས་སུ་དོ་མོད་བཞུགས་པར་གསོལ། བཅོམ་ལྡན་འདས་ཀྱིས་དམར་བུ་ཅན་གྱི་གྲོང་གི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཅང་མི་གསུང་བས་གནང་ངོ་། །

དེ་ནས་དམར་བུ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ་། །མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་

བྲམ་ཟེ་དབྱར་བྱེད་ཀྱིས་དགེ་སྦྱོང་གཽ་ཏ་མ་མ་ག་དྷཱའི་ལྗོངས་རྒྱུ་ཞིང་གཤེགས་པ་ན་དམར་བུ་ཅན་གྱི་གྲོང་དུ་གཤེགས་ནས་དམར་བུ་ཅན་གྱི་གྲོང་གི་དམར་བུ་ཅན་གྱི་མཆོད་རྟེན་ན་བཞུགས་ཏེ། དེ་ལ་དམར་བུ་ཅན་གྱི་གྲོང་གི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཀུར་སྟི་བྱས་

སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྟ་རྒོད་མ་དང་ལྡན་པའི་ཤིང་རྟ་ཐམས་ཅད་ནས་དཀར་བའི་ནང་དུ་ཞུགས་ནས་གསེར་གྱི་ཁར་བ་དང་རིལ་བ་སྤྱི་བླུགས་ཐོགས་ཏེ་བྲམ་ཟེའི་ཁྱེའུའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། བྲམ་ཟེའི་ཁྱེའུའི་ཚོགས་ཀྱིས་མདུན་གྱིས་བལྟས་ནས་དམར་

བུ་ཅན་གྱི་གྲོང་ནས་བྱུང་སྟེ། བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་སོང་ངོ་། །དེ་ཇི་ཙམ་བཞོན་པའི་སའི་བར་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ་རྐང་པས་ཀུན་དགའ་ར་བར་ཞུགས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་

ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་

เล่ม ๒ · หน้า 24b

བྱེད་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་

དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་

བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཽ་ཏ་མ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་

གསོལ། བཅོམ་ལྡན་འདས་ཀྱིས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་

འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས་འདུག་གནས་གང་ན་བ་དེར་གཤེགས་ཏེ་བྱོན་ནས། འདུག་གནས་ཀྱི་ཕྱི་རོལ་དུ་ཞབས་གཉིས་བཀྲུས་ཏེ་

འདུག་གནས་སུ་ཞུགས་ནས་གདན་བཤམས་པ་ཉིད་ལ་བཞུགས་ཏེ། སྐྱིལ་མོ་ཀྲུང་བཅས་ནས་སྐུ་དྲང་པོར་བསྲང་སྟེ་དགོངས་པ་མངོན་དུ་ཕྱོགས་པར་བཞག་གོ། །བཅོམ་ལྡན་འདས་འདུག་གནས་ན་ཉིན་པར་གྱི་གནས་པས་བཞུགས་པ་ན་ལྷའི་སྤྱན་རྣམ་པར་དག་པ་

མིའི་ལས་འཕགས་པས་དམར་བུ་ཅན་གྱི་གྲོང་ན་མཐུ་ཆེ་བ་མཐུ་ཆེ་བའི་ལྷ་རྣམས་གནས་ཀྱིས་འབྲེ་བ་གཟིགས་སོ། །གཟིགས་ནས་ཀྱང་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ་འདུག་གནས་ནས་བྱུང་ནས། འདུག་གནས་ཀྱི་གྲིབ་མ་ལ་དགེ་སློང་གི་དགེ་འདུན་

เล่ม ๒ · หน้า 25a

གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་དམར་བུ་ཅན་གྱི་གྲོང་གི་གྲོང་ཁྱེར་རྩིག་པར་བརྩོན་པ་སུ་ཡིན་ཅི་ཐོས།

བཙུན་པ་བདག་གིས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལགས་པར་ཐོས་སོ། །ཀུན་དགའ་བོ་ལེགས་སོ། །ལེགས་སོ། །མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ནི་མཁས་པ་ཡིན་ཏེ། འདི་ལྟར་སུམ་བཅུ་རྩ་གསུམ་པའི་ལྷ་

རྣམས་དང་ལྷན་ཅིག་བགྲོས་པ་ལྟ་ཞིག །ཀུན་དགའ་བོ་འདི་ང་འདུག་གནས་ན་ཉིན་པར་གྱི་གནས་པས་བཞུགས་པ་ན་ལྷའི་སྤྱན་རྣམ་པར་དག་པ་མིའི་ལས་འདས་པས་དམར་བུ་ཅན་གྱི་གྲོང་ན་མཐུ་ཆེ་བ་མཐུ་ཆེ་བའི་ལྷ་རྣམས་གནས་ཀྱིས་འབྲེ་བ་གཟིགས་སོ། །ཀུན་དགའ་

བོ་ཕྱོགས་གང་དུ་མཐུ་ཆེ་བ་མཐུ་ཆེ་བའི་ལྷ་རྣམས་ཀྱིས་གནས་ཀྱིས་བྲེས་པའི་ཕྱོགས་དེར་འདི་ལྟ་སྟེ། གནས་ཀྱི་ཕྱིར་མཐུ་ཆེ་བ་མཐུ་ཆེ་བའི་མི་རྣམས་ཀྱི་སེམས་གཞོལ་བར་འགྱུར་རོ། །ཕྱོགས་གང་དུ་ལྷ་བར་མ་དང་ཕལ་པས་གནས་ཀྱིས་བྲེས་པའི་ཕྱོགས་དེར་ནི་འདི་ལྟ་

སྟེ། གནས་ཀྱི་ཕྱིར་མི་བར་མ་དང་ཕལ་པ་རྣམས་ཀྱི་སེམས་གཞོལ་བར་འགྱུར་རོ། །ཀུན་དགའ་བོ་ཕྱོགས་འདིར་ནི་མཐུ་ཆེ་བ་མཐུ་ཆེ་བའི་ལྷ་རྣམས་ཀྱིས་གནས་ཀྱིས་བྲེས་པས་ཕྱོགས་འདིར་འདི་ལྟ་སྟེ། གནས་ཀྱི་ཕྱིར་དབང་ཆེ་བ་དབང་ཆེ་བར་གྲགས་པའི་མི་རྣམས་ཀྱི་སེམས་གཞོལ་བར་

གྱུར་ཏེ། ཀུན་དགའ་བོ་ཡ་རབས་ཀྱི་གནས་དང་། ཡ་རབས་ཀྱི་ཐ་སྙད་ཇི་སྙེད་པ་དང་། ཟོང་འགྲེམས་པ་རྣམས་ཀྱི་ནང་ན་ཡང་འདི་ལྟ་སྟེ། དམར་བུ་ཅན་གྱི་གྲོང་ཁྱེར་འདི་མཆོག་ཏུ་འགྱུར་རོ། །ཀུན་དགའ་བོ་འདི་ལ་བར་ཆད་གསུམ་འབྱུང་བར་རིག་པར་བྱ་སྟེ། མེ་དང་།

ཆུ་དང་། ནང་འཁྲུག་གིས་སོ། །དེ་ནས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་དེ་ཉིད་ཀྱི་ནུབ་མོ་ནས་གཙང་ཞིང་བསོད་པ་ཞེས་བྱ་བ་ནས། ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་ཞེས་བྱ་བའི་བར་གོང་མ་བཞིན་ཏེ། གསེར་གྱི་བྱ་མ་བུམ་ཐོགས་

เล่ม ๒ · หน้า 25b

ཏེ་གསོལ་བ་འདེབས་ཤིང་སྤྱན་སྔར་འདུག་གོ། །འདི་སྐད་ཅེས་ཀྱང་གསོལ་ཏེ། ཀྱེ་གཽ་ཏ་མ་སྦྱིན་པ་འདི་ལས་བསོད་ནམས་ཀྱི་རྒྱུ་མཐུན་པ་དང་། དགེ་བའི་རྒྱུ་མཐུན་པ་དང་། བདེ་བའི་གཞི་ཅི་མཆིས་པ་དེ་དམར་བུ་ཅན་ན་གནས་པའི་ལྷ་རྣམས་ཀྱི་ཡུན་རིང་

པོའི་དོན་དང་། ཕན་པ་དང་བདེ་བའི་སླད་དུ་ཡོན་བསྔོ་བ་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། སྐྱེས་བུ་གང་ཟག་དད་པ་ཅན། །གང་ཞིག་ལྷ་རྣམས་མཆོད་བྱེད་པ། །སྟོན་པའི་བཀའ་བཞིན་བྱེད་པ་སྟེ། །དེ་

ནི་སངས་རྒྱས་རྣམས་ཀྱིས་བསྔགས། །མཁས་ཤིང་ཡིད་ནི་གཞུངས་པ་ཡིས། །གང་གི་ཕྱོགས་སུ་གནས་འཆའ་བ། །ཚུལ་ཁྲིམས་ལྡན་པ་བཤོས་གསོལ་ནས། །དེ་ཡི་འོག་ཏུ་ཡོན་བསྔོ་བྱ། །དེ་རྣམས་རྗེད་པས་རྗེད་འགྱུར་ཞིང་། །མཆོད་པས་ཀྱང་ནི་

མཆོད་པར་འགྱུར། །དེ་ནས་ལྟོ་ནས་བྱུང་བ་ཡི། །བུ་ལ་མ་བཞིན་འདི་ལ་བརྩེ། །ལྷ་རྣམས་བརྩེ་བའི་སྐྱེས་བུས་ནི། །བདེ་བ་བཟང་པོ་མཐོང་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ལ་ཆོས་དང་ལྡན་པའི་གཏམ་

ཡང་དག་པར་བསྟན་ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱིས་དེར་རྒྱུ་ལྷག་གང་ཡིན་པ་དེ་ཐམས་ཅད་

སྦྱིན་པར་བཏང་ནས་བཅོམ་ལྡན་འདས་ཀྱི་རྗེས་བཞིན་རྗེས་བཞིན་དུ་འབྲང་ཞིང་། འདི་སྙམ་དུ་སེམས་ཀྱིས་སེམས་ལ་མངོན་པར་འདུ་བྱེད་དེ། བཅོམ་ལྡན་འདས་གཽ་ཏ་མ་དམར་བུ་ཅན་གྱི་གྲོང་གི་སྒོ་གང་ནས་ཕྱིར་གཤེགས་པ་དེ་ནི་བདག་གིས་གཽ་ཏ་མའི་སྒོ་ཞེས་གདགས་

སོ། །ཆུ་བོ་གང་གཱའི་འཇུག་ངོགས་གང་ནས་རྒལ་བ་དེ་ཡང་གཽ་ཏ་མའི་འཇུག་ངོགས་ཞེས་གདགས་སོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་མ་ག་དྷཱའི་སྣ་ཆེན་པོ་ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་ཀྱི་བསམ་པ་མཁྱེན་ནས། དམར་བུ་ཅན་གྱི་གྲོང་གི་

เล่ม ๒ · หน้า 26a

དབུས་ཐོག་ཐག་གཤེགས་ནས་བྱང་ཕྱོགས་སུ་རྒྱུ་སྟེ། ཆུ་བོ་གང་གཱ་གང་ན་བར་གཤེགས་སོ། །དེ་ནས་ལུས་འཕགས་མའི་བུ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་འདི་སྙམ་དུ་སེམས་ཏེ། མ་ལ་བདག་ཉིད་ཁོ་ནས་བཅོམ་ལྡན་འདས་མཆོད་

པ་བྱ་བ་ལ་ལྷག་པར་སྤྲོ་བར་བྱའོ་སྙམ་དུ་བསམས་ནས། རྩིབས་བརྒྱ་དང་ལྡན་པའི་གདུགས་ལྔ་བརྒྱ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་དུ་བཟུང་བ་དང་། ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་བསམས་པ། ལུས་འཕགས་མའི་བུ་མ་ག་དྷཱའི་རྒྱལ་པོ་མ་

སྐྱེས་དགྲ་འདི་བཅོམ་ལྡན་འདས་མཆོད་པ་ལ་རང་ཉིད་ལྷག་པར་སྤྲོ་བར་གྱུར་ན། ཅིའི་ཕྱིར་ན་བདག་ཅག་གིས་སྤྲོ་བར་མི་བྱ་སྙམ་ནས་དེ་རྣམས་ཀྱིས་ཀྱང་རྩིབས་བརྒྱ་དང་ལྡན་པའི་གདུགས་ལྔ་བརྒྱ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་དུ་བཟུང་ངོ་། །ཀླུ་རྣམས་

ཀྱིས་བསམས་པ། རེ་ཞིག་མི་འདི་རྣམས་བཅོམ་ལྡན་འདས་མཆོད་པ་བྱ་བ་ལ་ལྷག་པར་སྤྲོ་བར་གྱུར་ན། བདག་ཅག་ཀླུ་རྣམས་ནི་རྣམ་པར་ལྷུང་བའི་ལུས་ཅན་ཡིན་ན་ཅིའི་ཕྱིར་བདག་ཅག་སྤྲོ་བར་མི་བྱ་སྙམ་ནས། དེ་དག་གིས་ཀྱང་རྩིབས་བརྒྱ་དང་ལྡན་པའི་

གདུགས་ལྔ་བརྒྱ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་དུ་བཟུང་ངོ་། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་བསམས་པ། རེ་ཞིག་མི་བསོད་ནམས་མངོན་སུམ་དུ་མ་མཐོང་བ་འདི་དག་ཀྱང་བཅོམ་ལྡན་འདས་མཆོད་པ་བྱ་བ་ལ་ལྷག་པར་སྤྲོ་བར་གྱུར་ན། མངོན་

སུམ་དུ་མཐོང་བ་བདག་ཅག་གིས་ལྟ་ཅིའི་ཕྱིར་སྤྲོ་བར་མི་བྱ་སྙམ་ནས། དེ་རྣམས་ཀྱིས་ཀྱང་རྩིབས་བརྒྱ་དང་ལྡན་པའི་ལྷའི་གདུགས་ལྔ་བརྒྱ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་དུ་བཟུང་ངོ་། །སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་བསམས་པ། ལྷ་དང་མི་

འདི་རྣམས་བཅོམ་ལྡན་འདས་མཆོད་པ་བྱ་བ་ལ་སྤྲོ་བར་གྱུར་ན། བདག་ཅག་གིས་ཅིའི་ཕྱིར་སྤྲོ་བར་མི་བྱ་སྙམ་ནས། དེ་དག་གིས་ཀྱང་རྩིབས་བརྒྱ་དང་ལྡན་པའི་གདུགས་ལྔ་བརྒྱ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་དུ་བཟུང་ངོ་། །བཅོམ་ལྡན་འདས་ཀྱིས་དགོངས་

เล่ม ๒ · หน้า 26b

པ། ཇི་ལྟར་འདི་དག་ཕྱིར་ཞིང་དད་པ་མངོན་པར་འཕེལ་བར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབ་བོ་སྙམ་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་རེ་རེའི་ཡིད་ལ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་སྟེང་ན་བདག་གདུགས་འཛིན་ཏོ་སྙམ་པ་དེ་ལྟར་བྱིན་གྱིས་བརླབས་ཏེ། དེ་

ནས་བཅོམ་ལྡན་འདས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་གདུགས་ཉིས་སྟོང་ལྔ་བརྒྱ་ལྷ་དང་མི་རྣམས་ཀྱིས་སྟེང་དུ་བཟུང་ངོ་། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་

ཀྱིས་ཕྲིན་ལས་ཅི་ཞིག་མཛད་ན། དེས་ན་བཅོམ་ལྡན་འདས་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་གདུགས་ཉིས་སྟོང་ལྔ་བརྒྱ་ལྷ་དང་མི་རྣམས་ཀྱིས་དབུའི་གཙུག་གི་སྟེང་དུ་བཟུང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་

གཤེགས་པ་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་ན་ལས་བྱས་ཤིང་བསགས་པ་ཚོགས་རྙེད་པ་ཞེས་བྱ་བ་ནས། ལུས་ཅན་རྣམས་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་

རྣམ་པར་རྒྱལ་བ་ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ལེགས་མཐོང་ཆེན་པོ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་དེ་ལ་བུ་སྟོང་དུ་གཅིག་གིས་མ་ཚང་བ་ཞིག་ཡོད་དོ། །རྒྱལ་པོ་དེའི་ཀུན་དུ་སྤྱོད་པ་ནི་བུ་བཙས་ཤིང་བཙས་པ་དག་ཕྱི་བཞིན་ཁྲིད་དེ་

འཁྱམ་པར་བྱེད་དོ། །བཙུན་མོ་རྣམས་ཀྱིས་བསམས་པ། རྒྱལ་པོ་འདིའི་ཀུན་དུ་སྤྱོད་པ་ནི་སྲས་བཙས་ཤིང་བཙས་པ་དག་ཕྱི་བཞིན་ཁྲིད་ནས་འཁྱམ་པར་མཛད་པས་བདག་ཅག་བུ་ཡོད་བཞིན་དུ་བུ་མེད་པ་དང་འདྲས། ད་ནི་ནང་ཁྲིམས་ཞིག་བཅའ་སྟེ། གལ་ཏེ་

བདག་ཅག་ལས་འགའ་ཞིག་སེམས་ཅན་དང་ལྡན་པར་གྱུར་ན། དེས་རྒྱལ་པོ་ལ་གདས་པར་མི་བྱའོ་ཞེས་བཅས་སོ། །ཇི་ཙམ་ན་བཙུན་མོ་གཞན་ཞིག་སེམས་ཅན་དང་ལྡན་པར་གྱུར་ནས། དེ་དེ་དག་གིས་ཕྱོགས་དབེན་པ་ཞིག་ཏུ་བཞག་སྟེ། དེ་ཟླ་བ་བརྒྱད་དམ་

เล่ม ๒ · หน้า 27a

དགུ་འདས་པ་དང་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། པགས་པའི་མདོག་གསེར་འདྲ་བ་མགོ་གདུགས་ལྟ་བུ། ལག་པ་རིང་བ། འཕྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ་སྣའི་གཟངས་མཐོ་བ། ཡན་ལག་དང་ཉིང་

ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །ཇི་ཙམ་ན་ཆེན་པོར་གྱུར་པ་དང་བཙུན་མོ་དེ་དག་ཐམས་ཅད་ཁྱེའུ་དེ་ལ་བུའི་སྡུག་པ་སྐྱེས་སོ།། །།འདུལ་བ་གཞི། བམ་པོ་ཉི་ཤུ་བདུན་པ། དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་ལེགས་མཐོང་ཆེན་པོ་ཤར་གྱི་

ལུས་འཕགས་ཀྱི་གླིང་ནས་རིན་པོ་ཆེ་སྣ་བདུན་གྱིས་སྣ་དྲངས་ཤིང་ཁམས་ཀྱི་རྒྱལ་ཕྲན་སྟོང་གིས་ཡོངས་སུ་བསྐོར་ཏེ་བུ་སྟོང་དུ་གཅིག་གིས་མ་ཚང་བས་ཟླ་བ་ཁམ་པ་ལྟ་བུར་བསྐོར་ནས། གཟི་བརྗིད་ཉི་མའི་འོད་ཟེར་སྟོང་བས་ལྷག་པར་སྤ་ཞིང་འོང་བ་གཞོན་ནུ་ཁང་བཟངས་

ཀྱི་སྟེང་ན་འདུག་པ་དེས་མཐོང་ནས། དེས་མ་ལ་དྲིས་པ། ཡུམ་མཆི་བ་ཕ་བི་སུ་ལགས། བུ་ཁྱོད་ཀྱི་ཡབ་རྒྱལ་པོ་ལེགས་མཐོང་ཆེན་པོ་ཡིན་ནོ། །ཡུམ་དེ་འདས་ན་བདག་རྒྱལ་པོར་འགྱུར་རམ། བུ་རྒྱལ་པོ་དེའི་སྲས་སྟོང་དུ་གཅིག་གིས་མ་ཚང་བ་ཞིག་ཡོད་

པ་དེ་དག་ཐམས་ཅད་ཀྱི་ཕུ་བོ་གང་ཡིན་པ་དེ་དེ་འདས་ན་རྒྱལ་པོར་འགྱུར་ན་ཁྱོད་ནི་ཐམས་ཅད་ཀྱི་ནུ་བོ་ཡིན་ནོ། །དེས་སྨྲས་པ། ཡུམ་གལ་ཏེ་དེ་འདས་ན་བདག་རྒྱལ་པོར་མི་འགྱུར་ན་གནང་བར་མཛོད་ཅིག་དང་། བདག་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་

མེད་པར་རབ་ཏུ་འབྱུང་བར་བགྱིའོ། །བཙུན་མོ་དེ་དག་ཐམས་ཅད་ཀྱིས་སྨྲས་པ། བུ་ཁྱོད་ལ་བདག་ཅག་གིས་བུའི་སྡུག་པ་ཉམས་སུ་མྱོང་གིས་དེ་ལྟར་མ་བྱེད་ཅིག །ཡུམ་གདོན་མི་འཚལ་བར་རབ་ཏུ་འབྱུང་བར་བགྱིའོ། །དེ་དག་གིས་དེ་གདོན་མི་ཟ་བར་གལ་གྱིས་

འཆུ་བར་ཤེས་ནས་སྨྲས་པ། བུ་གལ་ཏེ་དེ་ལྟ་ན་དམ་ཞིག་བཅས་ནས་གནང་བར་བྱ་སྟེ། གང་ཡང་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་ཅུང་ཟད་རྟོགས་ན་དེ་ཁྱོད་ཀྱིས་བདག་ཅག་ལ་སྨྲོས་ཤིག །དེ་བཞིན་དུ་བགྱིའོ། །དེ་དེ་དག་གིས་གནང་ནས་དེས་མཐའ་གཅིག་ཏུ་སོང་སྟེ།

เล่ม ๒ · หน้า 27b

མཁན་པོ་དང་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་སུམ་བཅུ་རྩ་བདུན་གྱི་ཆོས་བསྐྱེད་ནས་རང་བྱང་ཆུབ་མངོན་སུམ་དུ་བྱས་སོ། །རང་སངས་རྒྱས་དེས་བསམས་པ། བདག་གིས་མ་དེ་རྣམས་ལ་ཁས་བླངས་པ་སྨྲ་དགོས་པས་སོང་ལ་སྔོན་གྱི་དམ་བཅས་པ་མཐར་དབྱུང་

ངོ་སྙམ་ནས། བདག་ཉིད་ཆེན་པོ་དེ་དག་ནི་ངག་གིས་ཆོས་མི་སྟོན་གྱི་ལུས་ཀྱིས་ཡིན་པས་དེས་དེ་རྣམས་ཀྱི་མདུན་དུ་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པ་དག་གི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་

ལ་མྱུར་དུ་སེམས་གཏོད་པ་ཡིན་པས་དེ་དག་ཤིང་རྩ་བ་ནས་བཅད་པ་བཞིན་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། འཕགས་པ་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་རྟོགས་སམ། རྟོགས་སོ། །འཕགས་པ་ཁྱོད་ནི་བསོད་སྙོམས་བཞེད་པ་ལགས་ལ། བདག་

ཅག་ཀྱང་བསོད་ནམས་འཚལ་བ་ལགས་ན། ཁྱོད་འདི་ཉིད་དུ་སྐྱེད་མོས་ཚལ་དུ་བཞུགས་ཤིག་དང་། བདག་ཅག་གིས་རྒྱུན་དུ་བསོད་སྙོམས་དབུལ་བར་བགྱིའོ། །རང་སངས་རྒྱས་དེས་ཁས་བླངས་ནས་དེ་དག་གིས་རང་སངས་རྒྱས་ལ་བསོད་སྙོམས་ཀྱིས་

བཀུར་སྟིར་བྱ་བར་བརྩམས་སོ། །རང་སངས་རྒྱས་དེས་བསམས་པ། བདག་གི་ལུས་རྣག་ཅན་འདིས་བྱ་བ་གང་ཡིན་པ་དེ་ནི་བྱས་ཀྱིས། མ་ལ་བདག་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་གོ་སྙམ་ནས། དེ་ནས་དེ་ངང་པའི་

རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་ཀྱང་བསྟན་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞི་བའི་དབྱིངས་སུ་ཞུགས་

སོ། །དེ་ནས་དེ་དག་གིས་ཤིང་དྲི་ཞིམ་པོ་ཐམས་ཅད་སྤུངས་ཏེ། སྤུངས་ནས་བསྲེགས་ཏེ་མེའི་ཕུང་པོ་དེ་འོ་མས་བསད་ནས་རུས་པ་དེ་དག་གསེར་གྱི་བུམ་པའི་ནང་དུ་བཅུག་སྟེ། སྐྱེད་མོས་ཚལ་དེ་ཉིད་དུ་རུས་པའི་མཆོད་རྟེན་བརྩིགས་ཏེ་མགུལ་གདུབ་དང་། གདུ་བུ་

เล่ม ๒ · หน้า 28a

རྒྱན་ཅན་དང་། གཞན་ཡང་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཅིང་གདུགས་དང་། རྒྱལ་མཚན་དང་། བ་དན་དག་བཙུགས་སོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་ལེགས་མཐོང་ཆེན་པོ་བཙུན་མོའི་འཁོར་གྱིས་བསྐོར་ནས་སོ་གའི་དུས་

ལ་བབ་པ་ན་མེ་ཏོག་གི་ཤིང་རྣམས་ཁ་འབུས་ཤིང་ངང་པ་དང་། ཀྲུང་ཀྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། བྱ་ཀོ་ཀི་ལ་དང་། ཤང་ཤང་དེའུ་སྐད་འབྱིན་པའི་ཚལ་གསེབ་ཏུ་སྐྱེད་མོས་ཚལ་གྱི་གཞིར་སོང་ནས། དེ་སྐྱེད་མོས་ཚལ་ན་འཁྱམ་

པ་ལས་དགྲ་བཅོམ་པའི་མཆོད་རྟེན་དེ་མཐོང་ངོ་། །དེ་ནས་སྐྱེད་མོས་ཚལ་སྲུང་བའི་མི་ལ་སྨྲས་པ། ཀྭའི་ནང་རྗེ་འདི་ཅི་ཡིན། དེས་སྨྲས་པ། ལྷ་བདག་གིས་ནི་མ་འཚལ་ཏེ། འོན་ཀྱང་འདིའི་དོན་ནི་བཙུན་མོས་འཚལ་ཏོ། །དེ་ནས་དེས་བཙུན་མོའི་

འཁོར་རྣམས་ལ་སྨྲས་པ་དང་། དེ་དག་གིས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷ་མི་འཇིགས་པ་སྩལ་དུ་གསོལ། དེས་སྨྲས་པ། དེ་བཞིན་དུ་སྦྱིན་ནོ། །དེ་དག་གིས་སྐབས་དེ་རྒྱས་པར་སྨྲས་པ་དང་། རྒྱལ་པོས་སྨྲས་པ། ཁྱེད་ཅག་གིས་བུ་

རྒྱལ་སྲིད་ལ་མངོན་པར་དགའ་ན་དེ་ཁོ་བོ་ལ་མ་གསོལ་བ་བཟང་པོ་མ་ཡིན་བ་ཞིག་བྱས་སོ། །གལ་ཏེ་གསོལ་བར་གྱུར་པ་དང་ཁོ་བོ་དེ་ཁོ་ན་ལ་རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་འགྱུར་བ་ཞིག །འོན་ཀྱང་ངས་བདག་ཉིད་ཆེན་པོ་དེ་མྱ་ངན་ལས་འདས་

པར་གྱུར་ཀྱང་གདུགས་དང་། ཅོད་པན་དང་། ཐོར་ཚུགས་གདགས་སོ་ཞེས་དེ་ནས་དེས་བུ་ལ་བྱམས་པས་རང་སངས་རྒྱས་ཀྱི་མཆོད་རྟེན་དེ་ལ་གདུགས་དང་། ཅོད་པན་དང་། ཐོར་ཚུགས་རྣམས་བཏགས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་

དེའི་དུས་ཀྱི་རྒྱལ་པོ་ཆེན་པོ་ལེགས་མཐོང་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །གང་ཡང་ངས་དེ་ན་བུ་ལ་བྱམས་པས་རང་སངས་རྒྱས་ཀྱི་མཆོད་རྟེན་དེ་ལ་གདུགས་དང་། ཅོད་པན་དང་། ཐོར་ཚུགས་བཏགས་ཏེ། ལས་དེའི་རྣམ་པར་སྨིན་པས་ངས་འཁོར་ལོས་སྒྱུར་བའི་རྒྱལ་

เล่ม ๒ · หน้า 28b

པོ་ཉིས་སྟོང་ལྔ་བརྒྱ་བྱས་སོ། །ལས་དེ་ཁོ་ནའི་ལྷག་མས་ད་ལྟར་ང་མངོན་པར་རྫོགས་པར་བྱང་ཆུབ་པ་ན་ལྷ་དང་མི་རྣམས་ཀྱིས་རྩིབས་བརྒྱ་དང་ལྡན་པའི་གདུགས་ཉིས་སྟོང་ལྔ་བརྒྱ་དབུའི་གཙུག་གི་སྟེང་དུ་བཟུང་བར་གྱུར་ཏོ། །གལ་ཏེ་ངས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་རྟོགས་

པར་མ་གྱུར་ན་གཞན་དུ་ཡང་ངས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིས་སྟོང་ལྔ་བརྒྱ་བྱེད་པར་འགྱུར་རོ། །དེ་ལྟ་བས་ན་ངའི་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཅན་གང་ཡིན་པ་དེ་ངས་ཉན་ཐོས་རྣམས་ཀྱི་ལོངས་སྤྱོད་དུ་རྣམ་པར་སྨིན་པར་བསྔོས་ཏེ། གལ་ཏེ་མུ་ཏིག་བྲེ་གང་

གིས་འབྲས་བྲེ་གང་ཁུགས་ཀྱང་འོན་ཀྱང་ངའི་ཉན་ཐོས་རྣམས་ནི་བསོད་སྙོམས་ཀྱིས་ཕོངས་པར་མི་འགྱུར་རོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས་བརྩལ་བར་བྱ་སྟེ། དགེ་སློང་

དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ལུས་འཕགས་མའི་བུ་ཡུལ་མ་

ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་གྲུ་ཟམ་འཛུགས་སུ་བཅུག་པ་དང་། ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་ཀྱང་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཕྱིར་གྲུ་ཟམ་བཙུགས་སོ། །ཀླུ་རྣམས་ཀྱིས་བསམས་པ། བདག་ཅག་ཀླུ་རྣམས་ནི་རྣམ་པར་ལྟུང་བའི་ལུས་ཅན་ཡིན་པས་

མ་ལ་བདག་ཅག་གིས་གདེངས་ཀའི་ཟམ་པས་བཅོམ་ལྡན་འདས་ཆུ་བོ་གང་གཱ་བསྒྲལ་བར་བྱའོ་སྙམ་ནས་དེ་རྣམས་ཀྱིས་གདེངས་ཀའི་ཟམ་པ་བཙུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཅག་ལས་གང་

ཞིག་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་གྲུ་ཟམ་ལས་ཆུ་བོ་གང་གཱ་རྒལ་བར་སྤྲོ་བ་དེ་ནི་དེ་ལས་རྒོལ་ཅིག །གང་ཞིག་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་གྲུ་ཟམ་བཙུགས་པ་ལས་སྤྲོ་བ་གང་ཡིན་པ་དེ་ཡང་དེ་ལས་རྒོལ་ཅིག །ང་ཡང་

เล่ม ๒ · หน้า 29a

དགེ་སློང་ཀུན་དགའ་བོ་དང་ཐབས་ཅིག་ཀླུ་རྣམས་ཀྱི་གདེངས་ཀའི་ཟམ་པ་ལས་ཆུ་བོ་གང་གཱ་བརྒལ་བར་བྱའོ། །དེ་ན་ཁ་ཅིག་ནི་ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲའི་གྲུ་ཟམ་ལས་རྒལ་ཏོ། །ཁ་ཅིག་ནི་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་

ཀྱི་གྲུ་ཟམ་ལས་རྒལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཐབས་ཅིག་ཏུ་ཀླུ་རྣམས་ཀྱི་གདེངས་ཀའི་ཟམ་པ་ལས་རྒལ་ཏོ། །དེ་ནས་དགེ་བསྙེན་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཁ་ཅིག་ཟམ་པ་བཙུགས་ནས་ཆུ་བྲན་བོར་ཏེ་རྒྱ་མཚོ་

རྒལ། །སྐྱེ་བོ་རྣམས་ནི་གཟིངས་འཆའ་མཁས་པའི་སྐྱེ་བོ་རྣམས་ཆུ་རྒལ། །སངས་རྒྱས་བཅོམ་ལྡན་བྲམ་ཟེ་རྒལ་བར་གྱུར་ནས་སྐམ་ལ་བཞུགས། །དགེ་སློང་དག་འདིར་ཁྲུས་བྱེད་ཉན་ཐོས་རྣམས་ནི་གཟིངས་འཆའོ། །གལ་ཏེ་ཀུན་ན་ཆུ་ཡོད་ན། །ཁྲོན་པའི་

ཆུས་ནི་ཅི་ཞིག་བྱ། །སྲེད་པའི་རྩ་བ་བཅད་ནས་ནི། །སུ་ཞིག་སྤྱོད་པ་ཚོལ་བར་བྱེད། །བཅོམ་ལྡན་འདས་ཀྱིས་ས་ཕྱོགས་གཞན་ཞིག་ན་མཐོ་ཞིང་མཐོ་བའི་ས་ཕྱོགས་ཞིག་གཟིགས་སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་

དགའ་བོ་ཁྱོད་རྒྱལ་པོ་སྒྲ་ཆེན་འཛིན་གྱི་ལྷའི་མཆོད་སྡོང་སྲིད་དུ་འདོམ་སྟོང་ཡོད་ལ་སྦོམས་སུ་འདོམ་དྲུག་བཅུ་ཡོད་པ། ཐམས་ཅད་གསེར་ལས་བྱས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ཞིག་ཡོད་དེ། སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ནས་ཆུ་བོ་གང་གཱའི་

ནང་དུ་བོར་བ་གང་ཡིན་པ་དེ་ལྟ་བར་འདོད་དམ། བཅོམ་ལྡན་འདས་དེ་ལྟ་བའི་དུས་ལ་བབ་ལགས་སོ། །བདེ་བར་གཤེགས་པ་དེའི་ཚོད་ལ་བབ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་གང་མཆོད་སྡོང་དེ་བསྒྲེང་ན་དགེ་སློང་རྣམས་ལྟ་བར་འགྱུར་ལགས་སོ། །དེ་ནས་བཅོམ་

ལྡན་འདས་ཀྱིས་འཁོར་ལོ་དང་བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པ་དང་། དྲ་བས་འབྲེལ་པ། བསོད་ནམས་བརྒྱ་ཕྲག་དུ་མས་བསྐྱེད་པ། འཇིགས་པ་རྣམས་དབུགས་འབྱིན་པར་མཛད་པའི་ཕྱག་གིས་ས་ལ་རེག་པར་མཛད་པ་དང་། ཀླུ་རྣམས་ཀྱིས་བསམས་པ།

เล่ม ๒ · หน้า 29b

བཅོམ་ལྡན་འདས་ཅིའི་ཕྱིར་ས་ལ་རེག་པར་མཛད་སྙམ་ན། མཆོད་སྡོང་གཟིགས་པར་བཞེད་པར་མཐོང་ངོ་། །དེ་ནས་དེ་དག་གིས་བསྒྲེང་བ་དང་། དགེ་སློང་རྣམས་ཀྱིས་མཆོད་སྡོང་བལྟ་བར་བརྩམས་སོ། །ཚེ་དང་ལྡན་པ་ལེགས་ལྡན་ནི་འདོད་པ་ཆུང་བ་ཡིན་

པས་མཐའ་གཅིག་ཏུ་སོང་ནས་ཕྱག་དར་ཁྲོད་པ་དག་འཚེམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མཆོད་སྡོང་ནུབ་པར་འགྱུར་གྱིས་རྟགས་ཟུང་ཤིག་ཅེས་པ་ལས་དེ་ནུབ་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་

འདས་ལ་དགེ་སློང་རྣམས་ཀྱིས་ཞུས་པ། བཙུན་པ་དགེ་སློང་རྣམས་མཆོད་སྡོང་ལ་ལྟ་བར་བགྱིད་ན། ཚེ་དང་ལྡན་པ་ལེགས་ལྡན་ནི་འདོད་པ་ཆུང་བས་མཐའ་གཅིག་ཏུ་མཆིས་ནས་ཕྱག་དར་ཁྲོད་པ་འཚེམ་པ་ལ་གཟིགས། ཅི་ལགས་རེ་ཞིག་འདོད་ཆགས་དང་བྲལ་

བའི་སླད་དུའམ། འོན་ཏེ་སྔོན་བསྟེན་པའི་སླད་དུ་ལགས། གལ་ཏེ་རེ་ཞིག་འདོད་ཆགས་དང་བྲལ་བའི་སླད་དུ་ལགས་ན་ནི་གཞན་ཡང་འདོད་ཆགས་དང་བྲལ་བ་ཞིག་མཆིས་ལགས་སོ། །འོན་ཏེ་སྔོན་བསྟེན་པའི་སླད་དུ་ལགས་ན་ནི། འདིས་གང་དུ་བསྟེན་ལགས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདོད་ཆགས་དང་བྲལ་བའི་ཕྱིར་ཡང་ཡིན་ལ་སྔོན་ཡང་བསྟེན་པའི་ཕྱིར་ཡང་ཡིན་ནོ། །འདིས་སྔོན་གང་དུ་བསྟེན་ལགས། དགེ་སློང་དག་སྔོན་བྱུང་བ་རྒྱལ་པོ་རབ་སྒྲོགས་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ལྷའི་དབང་པོ་བརྒྱ་

བྱིན་དང་གྲོགས་པོར་གྱུར་ཏོ། །དེ་བུ་འདོད་ཀྱང་བུ་མེད་ནས་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་སྟེ་ནོར་རྫས་མང་པོ་ཞིག་བསགས་ན་བདག་ལ་བུ་མེད་པས་བདག་ཤིན་རྒྱལ་པོའི་གདུང་རྒྱུད་ཆད་པར་འགྱུར་རོ་སྙམ་མོ། །དེ་ནས་བརྒྱ་བྱིན་གྱིས་མཐོང་

ནས་དྲིས་པ། གྲོགས་པོ་ཁྱོད་ཅིའི་ཕྱིར་ལག་པ་ལ་འགྲམ་པ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག །དེས་སྨྲས་པ། ཀཽ་ཤི་ཀ་ནོར་རྫས་འདི་སྙེད་ཅིག་བསགས་ན་བདག་ལ་བུ་མེད་པས་བདག་ཤི་ནས་རྒྱལ་པོ་གདུང་རྒྱུད་ཆད་པར་འགྱུར་བས་སོ། །བརྒྱ་བྱིན་གྱིས་སྨྲས་པ།

เล่ม ๒ · หน้า 30a

གྲོགས་པོ་ཁྱོད་སེམས་ཁོང་དུ་ཆུད་པར་མ་བྱེད་ཅིག །གལ་ཏེ་ལྷའི་བུ་འགའ་ཞིག་འཆི་འཕོའི་ཆོས་བྱུང་བར་གྱུར་ན། དེ་ཁྱོད་ཀྱི་བུར་བསྐོ་བར་བྱའོ། །ཆོས་ཉིད་ཀྱིས་ལྷའི་བུ་འཆི་འཕོའི་ཆོས་འབྱུང་བ་ལ་ནི་སྔ་ལྟས་ལྔ་འབྱུང་བར་འགྱུར་ཏེ། གོས་མ་

རྙིངས་པ་རྣམས་རྙིངས་པར་འགྱུར་བ་དང་། མེ་ཏོག་གི་ཕྲེང་བ་མ་རྙིངས་པ་རྣམས་རྙིངས་པར་འགྱུར་བ་དང་། ལུས་ལས་དྲི་མི་ཞིམ་པ་འབྱུང་བ་དང་། མཆན་ཁུང་ནས་རྔུལ་འཛག་པ་དང་། རང་གི་སྟན་ལ་མི་དགའ་བར་འགྱུར་བའོ། །ཇི་ཙམ་ན་ལྷའི་བུ་ཞིག་ལ་སྔ་ལྟས་

ལྔ་བྱུང་བར་གྱུར་ནས་དེ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་རྒྱལ་པོ་རབ་སྒྲོགས་ཀྱི་བཙུན་མོ་དམ་པའི་མངལ་དུ་ཉིང་མཚམས་སྦྱོར་ཅིག །དེས་སྨྲས་པ། ཀཽ་ཤི་ཀ་དེ་ནི་བག་མེད་པའི་གནས་ཡིན་ཏེ། ཀཽ་ཤི་ཀ་རྒྱལ་པོ་རྣམས་ནི་ཉེས་པ་མང་པོ་བྱེད་པ་

ཡིན་པས་ཆོས་མ་ཡིན་པས་རྒྱལ་སྲིད་བྱས་ནས་སེམས་ཅན་དམྱལ་བར་གཞོལ་བར་གྱུར་ན་མི་རུང་ངོ་། །བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་ཁྱོད་ལ་ངས་དྲན་པར་བྱའོ། །ཀཽ་ཤི་ཀ་ལྷ་རྣམས་ནི་དགའ་བ་མང་པོས་བག་མེད་པ་ཡིན་ནོ། །གྲོགས་པོ་དེ་ནི་བདེན་ན་

འོན་ཀྱང་ཁོ་བོས་ཁྱོད་ལ་དྲན་པར་བྱའོ། །དེས་རྒྱལ་པོ་རབ་སྒྲོགས་ཀྱི་བཙུན་མོ་དམ་པའི་མངལ་དུ་ཉིང་མཚམས་སྦྱར་ཏོ། །གང་གི་ཉི་མ་ཁོ་ན་ལ་ཉིང་མཚམས་བླངས་པ་དེའི་ཉི་མ་ཁོ་ན་ལ་སྐྱེ་བོའི་ཚོགས་ཆེན་པོས་སྒྲ་ཕྱུང་བར་གྱུར་ཏོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་ནས་

ཁྱེའུ་ཞིག་བཙས་ཏེ་ཞེས་བྱ་བ་ནས། སྣའི་གཟངས་མཐོ་བ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེའི་ཉེ་དུ་དག་འདུས་ཤིང་ཚོགས་ནས་མིང་འདོགས་པར་བྱེད་དེ། ཁྱེའུའི་མིང་ཅིར་གདགས། གཉེན་རྣམས་ཀྱིས་སྨྲས་པ། གང་གི་ཉི་མ་ཁོ་ན་ལ་ཁྱེའུ་འདི་མའི་མངལ་དུ་

ཞུགས་པ་དེའི་ཉི་མ་ཁོ་ན་ལ་སྐྱེ་བོའི་ཚོགས་ཆེན་པོས་སྒྲ་ཕྱུང་བར་གྱུར་པས། དེ་བས་ན་ཁྱེའུའི་མིང་སྒྲ་ཆེན་ཞེས་བྱ་བར་གདགས་སོ་ཞེས་དེའི་མིང་སྒྲ་ཆེན་ཞེས་བྱ་བར་བཏགས་ཏེ། ཁྱེའུ་སྒྲ་ཆེན་མ་མ་བརྒྱད་ལ་རྗེས་སུ་གཏད་ནས་ཞེས་བྱ་བ་ནས་བརྟག་པ་བརྒྱད་དང་། དབྱེ་

เล่ม ๒ · หน้า 30b

བ་དང་། ཀློག་པ་ལ་མཁས་ཤིང་བཤེས་གཉེན་ཅན་དུ་གྱུར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ཅིང་ཡུལ་གྱི་དབང་ཕྱུག་དང་མཐུ་དང་། བརྩོན་འགྲུས་ཐོབ་པ། སའི་དཀྱིལ་འཁོར་ཆེན་པོ་མངོན་པར་ཟིལ་གྱིས་མནན་

ནས་གནས་པ་རྣམས་ཀྱི་བཟོའི་གནས་དང་ལས་ཀྱི་གནས་ཐ་དད་པ་གང་ཡིན་པ་འདི་ལྟ་སྟེ། གླང་པོ་ཆེའི་གཉར་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟའི་ཐབས་དང་། རལ་གྲིའི་ཐབས་དང་། མདའ་གཞུ་དང་། ཕྱིར་བསྣུར་བ་དང་། མདུན་དུ་བསྣུར་བ་

དང་། ལྕགས་ཀྱུས་སྒྱུར་ཐབས་དང་། ཞགས་པས་གདབ་པ་དང་། མདའ་བོ་ཆེ་འཕེན་པ་དང་། དབྱུག་པས་རྡེག་པ་དང་། འཛིན་སྟངས་དང་། གོམ་སྟངས་དང་། གཅོད་པ་དང་། དྲལ་བ་དང་། དབུག་པ་དང་། རྒྱང་ནས་ཕོག་པ་དང་། སྒྲ་གྲག་པར་

ཕོག་པ་དང་། གནད་དུ་ཕོག་པ་དང་། མི་འཆོར་བར་ཕོག་པ་དང་། ཚབས་ཆེ་བ་དག་སྟེ། གནས་ལྔ་པོ་དེ་རྣམས་ལ་ཤིན་ཏུ་བྱང་བར་གྱུར་ཏོ། །ཆོས་ཉིད་ཀྱིས་རེ་ཞིག་ཕ་ཇི་ཙམ་གསོན་གྱི་བར་དུ་བུའི་མིང་མི་གྲག་པ་ཡིན་ནོ། །དུས་གཞན་ཞིག་ན་རྒྱལ་

པོ་རབ་སྒྲོགས་ཤི་ནས་སྒྲ་ཆེན་རྒྱལ་སྲིད་ལ་བཞག་པ་དང་། དེས་ཐ་གི་ཙམ་ཞིག་ཆོས་བཞིན་གྱིས་རྒྱལ་སྲིད་བྱེད་དུ་བཅུག་ནས། དེ་ནས་ཆོས་བཞིན་མ་ཡིན་པས་རྒྱལ་སྲིད་བྱེད་དུ་བཅུག་པར་གྱུར་ཏོ། །དེ་ནས་བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་ཁོ་བོས་ཁྱོད་རྒྱལ་

པོ་རབ་སྒྲོགས་ཀྱི་བུར་བསྐོས་ཏེ་ཆོས་བཞིན་མ་ཡིན་པས་རྒྱལ་སྲིད་མ་བྱེད་ཅིག །སེམས་ཅན་དམྱལ་བར་གཞོལ་བར་གྱུར་ཏ་རེ་ཞེས་མ་བསྒོའམ། དེས་ཐ་གི་ཙམ་ཞིག་ཆོས་བཞིན་གྱིས་རྒྱལ་སྲིད་བྱེད་དུ་བཅུག་ནས་སླར་ཡང་ཆོས་བཞིན་མ་ཡིན་པས་རྒྱལ་སྲིད་བྱེད་དུ་བཅུག་

པར་གྱུར་ཏོ། །ལན་གཉིས་སུ་ཡང་བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་ཁོ་བོས་ཁྱོད་རྒྱལ་པོ་རབ་སྒྲོགས་ཀྱི་བུར་བསྐོས་ཏེ་ཆོས་བཞིན་མ་ཡིན་པས་རྒྱལ་སྲིད་མ་བྱེད་ཅིག །སེམས་ཅན་དམྱལ་བར་གཞོལ་བར་གྱུར་ཏ་རེ་ཞེས་མ་བསྒོའམ། དེས་སྨྲས་པ། ཀཽ་ཤི་

เล่ม ๒ · หน้า 31a

ཀ་བདག་ཅག་རྒྱལ་པོ་རྣམས་ནི་དགའ་བ་མང་པོས་བག་མེད་པས་སྐད་ཅིག་ཏུ་བརྗེད་པར་འགྱུར་གྱིས། བདག་ལ་ཁྱོད་ཀྱིས་མཚན་མ་ཞིག་ཞོག་ཤིག་དང་། བདག་གིས་མཐོང་ནས་ངེས་པར་སྦྱིན་པ་དག་སྦྱིན། བསོད་ནམས་དག་བགྱིའོ། །དེ་

ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ལས་ཐམས་ཅད་པ་ལ་བསྒོ་བ། ལས་ཐམས་ཅད་པ་སོང་ལ་ཁྱོད་ཀྱིས་རྒྱལ་པོ་སྒྲ་ཆེན་གྱི་གནས་སུ་ལྷའི་འཁོར་གྱི་ཁྱམས་དང་། ལྷའི་མཆོད་སྡོང་སྲིད་དུ་འདོམ་སྟོང་ཡོད་ལ། སྦོམས་སུ་འདོམ་དྲུག་བཅུ་ཡོད་པ། ཐམས་ཅད་

གསེར་ལས་བྱས་ཤིང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ཞིག་སྤྲུལ་ཅིག །དེ་ནས་ལྷའི་བུ་ལས་ཐམས་ཅད་པས་རྒྱལ་པོ་སྒྲ་ཆེན་གྱི་གནས་སུ་ལྷའི་འཁོར་གྱི་ཁྱམས་དང་། ལྷའི་མཆོད་སྡོང་སྲིད་དུ་འདོམ་སྟོང་ཡོད་པ། སྦོམས་སུ་འདོམ་དྲུག་བཅུ་ཡོད་པ། ཐམས་ཅད་

གསེར་ལས་བྱས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ཞིག་སྤྲུལ་ཏོ། །དེ་ནས་རྒྱལ་པོ་སྒྲ་ཆེན་གྱིས་མཆོད་སྦྱིན་གྱི་ཁང་པ་རྩིག་ཏུ་བཅུག་ནས་རང་གི་ཞང་པོ་མྱ་ངན་མེད་ཅེས་བྱ་བ་མཆོད་སྡོང་གི་ཞལ་ཏ་བར་བཞག་གོ། །དེ་ནས་མཆོད་སྡོང་ལ་འཛམ་བུའི་

གླིང་ན་གནས་པའི་མི་ཐམས་ཅད་ལྟ་བར་སྤྲོ་བས་ལྷགས་ནས་ཟས་ཟོས་ཤིང་མཆོད་སྡོང་ལྟ་བས་རང་གི་ལས་སྒྲུབ་པར་མི་བྱེད་དོ། །དེ་ནས་ཞིང་ལས་ཀྱི་མཐའ་རྣམས་བར་ཆད་བྱས་པས་རྒྱལ་པོའི་དཔྱ་ཐང་བཞིན་མི་འདུ་བར་གྱུར་ཏོ། །བློན་པོ་རྣམས་ཀྱིས་དཔྱ་ཉུང་ངུ་

ཕུལ་བ་དང་རྒྱལ་པོ་སྒྲ་ཆེན་གྱིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་དཔྱ་ཉུང་ཟད་གཅིག་འབུལ། ལྷ་འཛམ་བུའི་གླིང་ན་གནས་པའི་སྐྱེ་བོའི་ཚོགས་མཆིས་ནས་འཚལ་མ་འཚལ་ཅིང་མཆོད་སྡོང་ལ་ལྟ་ཞིང་མཆིས་ཏེ་རང་གི་ལས་སྒྲུབ་པར་མི་བྱེད་པས་ཞིང་ལས་ཀྱི་མཐའ་

རྣམས་ཀྱི་བར་ཆད་བགྱིས་པས་དཔྱ་ཐང་བཞིན་མི་འདུ་ལགས་སོ། །རྒྱལ་པོས་སྨྲས་པ། མཆོད་སྦྱིན་གྱི་ཁང་པ་དྲོལ་ཅིག །དེ་རྣམས་ཀྱིས་དེ་དྲལ་ན་ཡང་དེ་བཞིན་དུ་སྐྱེ་བོའི་ཚོགས་དེ་རང་རང་གི་རྒྱགས་བླངས་ནས་ཟ་ཞིང་མཆོད་སྡོང་ལ་རྟོག་ཅིང་འདུག་སྟེ། རང་རང་གི་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด