འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཀུ་ཤ་ལ་མཱུ་ལ་སཾ་པ་རི་གྲ་ཧ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๔๘ · หน้า 32a

མངོན་པར་འདུ་མཛད་པ་ཆེན་པོ་འདི་ཀུན་ཏུ་གདའ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་འདི་ནི་དེ་བཞིན་གཤེགས་

པའི་མ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡིན་ནོ། །ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ཀྱི་ཕྱོགས་ཆར་འཇིག་རྟེན་གྱི་

ཁམས་གྲངས་མེད་དཔག་ཏུ་མེད་པ་དག་འདས་པ་ན། འཇིག་རྟེན་གྱི་ཁམས་མཚན་གྱི་གཟི་བརྗིད་རྒྱལ་པོ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་མ་མེད་པའི་ང་རོ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་

གཞེས་པའི་འཇིག་རྟེན་གྱི་ཁམས་དེ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། བྱང་ཆུབ་སེམས་དཔའ་དེའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་འདི་སྣང་

ངོ་། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བས་དགེ་བའི་རྩ་བ་ཇི་སྙེད་ཅིག་བསགས་ཤིང་དགེ་བའི་རྩ་བ་གང་དག་བསགས་པས་བྱང་

ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་པར་སྨིན་པར་ཡོངས་སུ་སྦྱང་བ་དེ་ལྟ་བུ་དེ་དག་ཀུན་དུ་གདའ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་

བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་དོན་དེ་དྲི་བར་སེམས་པ་ནི་ལེགས་སོ་ལེགས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་མཐུ་ཁོ་ནས་ཁྱོད་ཀྱི་སྤོབས་པ་དེ་ཡང་སྐྱེས་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་དེའི་ཕྱིར་ཉོན་ཅིག་དང་ངས་ཁྱོད་ལ་བཤད་དོ། །བྱང་ཆུབ་སེམས་དཔའ་སེམས་

เล่ม ๔๘ · หน้า 32b

དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བས་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བྱང་ཆུབ་ཀྱི་སྙིང་པོ་དམ་པ་ན་བཞུགས་པ་ཇི་སྙེད་བྱུང་བ་ལ། སྔོན་ཐོག་མར་ཆོས་བསྐུལ་བ་བྱས་ཤིང་གསོལ་བ་བྱས་ཏེ། འདིས་སྔོན་

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཚོགས་ཀྱི་དགེ་བའི་རྩ་བ་དག་བསྐྱེད་དེ། དེ་དག་གི་ཐད་དུ་སོང་ནས་ཁ་ཅིག་ལ་ནི་ཚངས་པར་གྱུར་པས་བསྐུལ་བ་བྱས་ཤིང་གསོལ་བ་བཏབ་བོ། །དེ་དག་གི་ཐད་དུ་སོང་ནས་ཁ་ཅིག་ལ་ནི་བརྒྱ་བྱིན་དུ་གྱུར་པ་དང་། ཁ་ཅིག་ལ་ནི་

འཁོར་ལོས་སྒྱུར་བར་གྱུར་པ་དང་། ཁ་ཅིག་ལ་ནི་རྒྱལ་པོ་དྲང་སྲོང་དུ་གྱུར་པས་བསྐུལ་བ་བྱས་ཤིང་གསོལ་བ་བཏབ་བོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ང་ཐོག་མར་མངོན་པར་རྫོགས་པར་སངས་རྒྱས་ནས་ཚངས་པ་ཆེན་པོས་སེམས་ཅན་ལས་ཀྱི་སྒྲིབ་པ་ཆུང་ངུ་དང་

ལྡན་པ་དག་མཆིས་ཏེ། ཆོས་མ་ཐོས་པ་དག་ལས་ཉམས་ཤིང་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་བགྱིད་པར་ཡང་འགྱུར་ན། བཅོམ་ལྡན་འདས་ཆོས་བསྟན་དུ་གསོལ། བདེ་བར་གཤེགས་པ་ཆོས་བསྟན་དུ་གསོལ་ཞེས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཕྱིར་

བསྐུལ་ཅིང་གསོལ་བ་བཏབ་པ་དེ་བཞིན་དུ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བས་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་བྱུང་བ་ལ་བཅོམ་ལྡན་འདས་ཆོས་བསྟན་དུ་གསོལ། བཅོམ་ལྡན་འདས་ཆོས་

ཀྱི་འཁོར་ལོ་བསྐོར་དུ་གསོལ་ཞེས་བསྐུལ་ཅིང་གསོལ་བ་བཏབ་བོ། །འདིས་དགེ་བའི་རྩ་བ་གང་དག་བསགས་པ་དེ་དག་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པ་མ་གཏོགས་པར་གང་དུ་ཡང་ཡོངས་སུ་མ་བསྔོས་ཏེ། ཤ་ར་དྭ་ཏིའི་བུ་དེའི་ཕྱིར་དོན་དེ་རབ་ཏུ་གྲུབ་པར་བྱ་

བའི་ཕྱིར་ཁྱོད་ལ་དཔེ་བྱ་སྟེ། ཤ་ར་དྭ་ཏིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་དེ་ནི་གདན་ཟླ་བ་ཐེར་འབུམ་དང་། ཉི་མ་ཐེར་འབུམ་རྒྱུ་ཞིང་གླིང་ཆེན་པོ་བཞི་པའི་འཁོར་རྒྱ་མཚོ་ཆེན་པོ་ཐེར་འབུམ་ཕྲག་བཞི་དང་། གླིང་བཞི་པ་ཐེར་འབུམ་ཕྲག་བཞི་དང་། གླིང་

เล่ม ๔๘ · หน้า 33a

ཁྲག་ཁྲིག་ཕྲག་བདུན་ཅུ་དང་། འཁོར་རིའི་རྒྱལ་པོ་རི་རབ་ཐེར་འབུམ་དང་། ནང་གི་ཁོར་ཡུག་ཐེར་འབུམ་ཡོད་པ་སྟེ། ཤ་ར་དྭ་ཏིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ནི་ཡོངས་སུ་བརྟག་པ་བཟུང་ན་འདི་ལྟ་སྟེ། དཔེར་ན་རྒྱ་

མཚོ་ཆེན་པོ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དང་ལྡན་པ་བཞིན་དུ་འཕང་དུའང་དེ་ཙམ་དུ་གྱུར་ལ། ཤ་ར་དྭ་ཏིའི་བུ་དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཡུངས་འབྲུས་གང་བར་གྱུར་ཏེ། དེ་ལ་སྟོབས་དང་ལྡན་ཞིང་མཐུ་དང་བརྩོན་འགྲུས་ཐོབ་པའི་མི་ལ་ལ་

ཞིག་བྱུང་ལ། དེས་ཡུངས་འབྲུའི་ཕུང་པོ་ཆེན་པོ་དེ་ལས་སྤར་གང་བླངས་ནས་ཕྱོགས་བཞིར་གཏོར་ཏེ། དེ་ཡང་རླུང་གིས་མངོན་པར་དེད་ལ། གང་ཡུངས་འབྲུ་རེ་རེ་ནས་བླངས་ཏེ་འཇིག་རྟེན་གྱི་ཁམས་རེ་རེར་འཕངས་ན། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། ཡུངས་

ཀར་གྱི་འབྲུ་རེ་རེས་བཟུང་བའི་འཇིག་རྟེན་གྱི་ཁམས་དེ་དག་ཇི་སྙེད་དུ་འགྱུར། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཔག་ཏུ་མ་མཆིས་ལགས་སོ། །བདེ་བར་གཤེགས་པ་

དཔག་ཏུ་མ་མཆིས་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཁྱོད་མོས་པར་བྱ། ཁོང་དུ་ཆུད་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་ཡུངས་འབྲུས་ཡོངས་སུ་ཟིན་པའི་འཇིག་རྟེན་གྱི་ཁམས་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་གྲོང་ཁྱེར་ཆེན་པོ་གཅིག་ཏུ་གྱུར་ལ། གྲོང་ཁྱེར་ཆེན་པོ་དེའི་

ཆུ་ཞེང་དུ་ཇི་ཙམ་དུ་གྱུར་པར་འཕང་དུ་འང་དེ་ཙམ་དུ་གྱུར་ཏེ། དེའི་རབ་སྲ་ཞིང་བརྟན་ཏེ་མི་ཕྱེད་ལ་མི་ཤིགས་པ་དག་ཀྱང་དེ་ཙམ་དུ་གྱུར་ལ། ཤ་ར་དྭ་ཏིའི་བུ་གྲོང་ཁྱེར་ཆེན་པོ་དེ་ཡང་འདི་ལྟ་སྟེ་དཔེར་ན། འབྲུའི་སྣོད་བྱུར་བུར་གྱུར་པ་བཞིན་དུ་བྱེ་མས་གང་བར་གྱུར་ན། ཤ་ར་དྭ་ཏིའི་

བུ་འདི་ཇི་སྙམ་དུ་སེམས། བྱེ་མའི་ཕུང་པོ་དེ་དག་ཇི་ཙམ་དུ་འགྱུར། གསོལ་པ། བཅོམ་ལྡན་འདས་དཔག་ཏུ་མ་མཆིས་ལགས་སོ། །བདེ་བར་གཤེགས་པ་གྲངས་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཁྱོད་མོས་པར་བྱ།

เล่ม ๔๘ · หน้า 33b

ཁོང་དུ་ཆུད་པར་བྱ་སྟེ། རྩིས་མཁན་ནམ། རྩིས་མཁན་ཆེན་པོ་དག་གིས་བྱེ་མའི་ཕུང་པོ་དག་གི་ཚད་གཟུང་བར་ནི་ནུས་ཀྱང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བས་ཐོག་མ་མངོན་པར་རྫོགས་པར་སངས་

རྒྱས་ཏེ་བྱང་ཆུབ་ཀྱི་སྙིང་པོ་དམ་པ་ན་བཞུགས་པ་གང་དག་མཉེས་པར་བྱས་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་ཞེས་བསྐུལ་ཅིང་གསོལ་བ་བཏབ་པའི་དེ་བཞིན་གཤེགས་པ་དེ་དག་གི་ཚད་གཟུང་བར་ནི་མི་ནུས་སོ། །དེ་བས་ཆེས་མང་བའི་སངས་རྒྱས་

བཅོམ་ལྡན་འདས་རྣམས་ལ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཆོས་ཀྱི་འཁོར་ལོ་དག་བྱས་ཏེ་ཕུལ་བ་དང་། དེ་བས་ཆེས་མང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མེ་ཏོག་གི་འཁོར་ལོ་དག་དང་། སྤོས་ཀྱི་འཁོར་ལོ་དག་ཕུལ་བ་ཡང་རེ་ཞིག་བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་མ་བསྔོས་ན། སངས་རྒྱས་བཅོམ་ལྡན་འདས་དག་ལ་གསེར་དངུལ་དང་། ཤིང་ལས་བྱས་པ་རྣམ་པ་སྣ་ཚོགས་ཀྱིས་ཤིན་ཏུ་བརྒྱན་པའི་འཁོར་ལོ་གཞན་དག་ཕུལ་བ་ལྟ་ཅི་སྨོས་ཏེ་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་

འདས་དག་ལ་དེ་དག་དབུལ་བ་ན་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་དང་། ཡང་དང་ཡང་དུ་གསོལ་བ་གདབ་པའི་ཕྱིར་ཡོངས་སུ་བསྔོས་སོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཀྱི་རྩལ་གྱིས་རྣམ་པར་

གནོན་པའི་ཁྱུ་མཆོག་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེའི་ཚེ་རྒྱལ་པོ་རྣམ་པར་བསྒྲགས་པའི་སྟོབས་ཀྱིས་འབར་བ་ཞེས་བྱ་བ་ཞིག་བྱུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་མིའི་སྐྱེ་དགུའི་འཁོར་ལོས་སྒྱུར་བའི་དབང་ཕྱུག་ལ་དབང་བྱེད་

དོ། །དེ་གང་གི་ཚེ་བཙུན་མོའི་འཁོར་ཏམ། སྐྱེད་མོས་ཚལ་ན་འདུག་པར་གྱུར་ཀྱང་རུང་སྟེ། འདོད་པའི་ཡོན་ཏན་དག་གིས་དགའ་བར་འདོད་དམ། རྩེ་བར་འདོད་དམ། དགའ་མགུར་སྤྱོད་པར་འདོད་ན་དེ་ལ་བཙུན་མོའི་འཁོར་དེ་གླུ་གར་དང་རོལ་མོ་འདོད་པ་དང་ལྡན་པ་

เล่ม ๔๘ · หน้า 34a

དག་བྱེད་ཅིང་། དེའི་ཚེ་དེས་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པའི་སྒྲ་ཐོས་སོ། །དེའི་ཚེ་དེ་འདོད་པའི་ཡོན་ཏན་དག་ལས་ཡིད་བྱུང་བར་གྱུར་ཏེ། མ་ཆགས་པའི་ཡིད་དང་། སྐྲག་པའི་ཡིད་དང་། སྐྱོ་བའི་ཡིད་དང་ལྡན་པས་དེ་བཞིན་

གཤེགས་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་པ་དང་། འོངས་པ་དེ་ལ་བཅོམ་ལྡན་འདས་དེས་སྔོན་གྱི་དགེ་བའི་རྩ་བ་གླེང་བ་མཛད་དེ། དེས་དེ་ཐོས་ནས་འདི་

སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་དེ་ནི་འདི་ལྟར་སྒྲིབ་པ་མི་མངའ་བའི་ཡེ་ཤེས་གཟིགས་པ་དང་ལྡན་ཏེ། བཅོམ་ལྡན་འདས་དེ་ནི་དུས་དེ་སྲིད་འདས་ཀྱང་དགེ་བའི་རྩ་བ་དག་ཐུགས་སུ་ཆུད་ཀྱི། བདག་གིས་ནི་དེ་ལས་དགེ་བའི་རྩ་བ་གཅིག་ཀྱང་མི་ཤེས་སོ་སྙམ་

མོ། །འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་སྙེད་ལ། འདོད་པའི་ཡོན་ཏན་གྱི་སྦག་པས་སྦགས་པ། རྒྱལ་སྲིད་ཀྱི་སྦག་པས་སྦགས་པ། དབང་ཕྱུག་གིས་སྦགས་པ་བདག་གིས་དགེ་བའི་རྩ་བ་དག་བྱས་ཤིང་བྱས་ནས་ཀྱང་མངོན་པར་མི་ཤེས་ལ། བྱང་ཆུབ་ཏུ་

ཡང་ཡོངས་སུ་མ་བསྔོས་སུ་ཟིན་ཀྱང་གང་ད་ལྟར་བདག་དགེ་བའི་རྩ་བ་གང་ངེས་པར་མངོན་པར་འདུ་བྱེད་པ་དེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡོངས་སུ་བསྔོ་བར་གྱུར་ཅིག །གང་དང་གང་དུ་སོ་སོར་སྐྱེ་བ་དང་། གང་དང་གང་དུ་སྐྱེ་བ་དང་། སངས་རྒྱས་ཀྱི་ཞིང་གང་དང་གང་

དུ་འགྲོ་བར་གྱུར་པ་ཐམས་ཅད་དུ་སེམས་ཅན་དེ་དག་ལ་རང་རང་གི་སྒྲ་མངོན་པར་བརྗོད་པས་སྒྲ་འབྱིན་པར་གྱུར་ཅིག །དེ་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱིས་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པའི་སྒྲ་ཐོས་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་དེ་

དག་ན་རྩྭ་དང་། ནགས་ཚལ་གང་དག་ཡོད་པ་དག་ཐ་ན་སོར་བཞི་ཙམ་པ་དག་ཀྱང་རུང་སྟེ། ཐམས་ཅད་ལས་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པའི་སྒྲ་འབྱུང་བར་གྱུར་ཅིག །སྒྲ་དེ་ཡང་སེམས་ཅན་ཐམས་ཅད་ཀྱིས་ཐོས་པར་གྱུར་ཅིག །ཚོགས་ཀྱི་དགེ་

เล่ม ๔๘ · หน้า 34b

བའི་རྩ་བ་དེ་ཐམས་ཅད་ཀྱང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པའི་ཁྱུ་མཆོག་གི་ཡེ་ཤེས་ཇི་འདྲ་བ་དེ་ལྟ་བུའི་ཐེག་པ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱའོ་ཞེས་རྒྱལ་པོ་རྣམ་པར་བསྒྲགས་པའི་སྟོབས་

ཀྱིས་འབར་བས་དེ་ལྟར་རིག་ནས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་དེའི་སྤྱན་སྔར་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དུ་བདག་དབང་ཕྱུག་ལ་དབང་བགྱིད་པའི་རྣམ་པར་རྒྱལ་བ་ན་བདག་གི་བདོག་པ་གང་ཅི་ཡང་རུང་། དེ་ཐམས་ཅད་སངས་

རྒྱས་ལ་སོགས་པ་འཕགས་པའི་དགེ་འདུན་གྱིས་ལོངས་སྤྱད་པའི་སླད་དུ་ཕུལ་ལགས་སོ། །ཕུལ་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་བསྒྲགས་པའི་སྟོབས་ཀྱིས་འབར་བ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་རབ་ཏུ་བྱུང་བར་རིག་ནས་རྒྱལ་པོ་དེའི་

དཔུང་གི་ཚོགས་ཡན་ལག་བཞི་པ་ཡང་རྗེས་སུ་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་བར་རིག་ནས་རྒྱལ་པོའི་བཙུན་མོའི་འཁོར་ལས་ཁྲག་ཁྲིག་ཕྲག་བཞི་བཅུ་རབ་ཏུ་བྱུང་ངོ་། །དེ་དག་རབ་ཏུ་བྱུང་བར་རིག་ནས་གྲོང་མི་དང་། ཡུལ་མི་དག་ཀྱང་རྗེས་སུ་རབ་ཏུ་བྱུང་ངོ་། །

ཤ་ར་དྭ་ཏིའི་བུ་མདོར་ན་ཁྲག་ཁྲིག་ཕྲག་བརྒྱད་ཅུ་རྗེས་སུ་རབ་ཏུ་བྱུང་སྟེ། དེ་དག་དེ་ལྟར་རབ་ཏུ་བྱུང་མ་ཐག་ཏུ་བརྩོན་འགྲུས་བརྩམས་པས་གནས་སོ། །དགེ་བའི་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པས་དེ་དག་རིང་པོ་མ་ཐོགས་པ་ཉིད་དུ་མངོན་པར་ཤེས་པ་ལྔ་སྐྱེས་སོ། །

དེ་དག་རང་གི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱི་སྟོབས་དང་། ལུས་དེ་ཉིད་དང་། སྐྱེ་བ་དེ་ཉིད་ཀྱིས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གང་གའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ་བཅོམ་ལྡན་འདས་ཆོས་བསྟན་དུ་གསོལ།

བདེ་བར་གཤེགས་པ་ཆོས་བསྟན་དུ་གསོལ་ཞེས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཅིང་གསོལ་བ་བཏབ་བོ། །དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། སྟེང་གི་ཕྱོགས་དང་། དེ་བཞིན་དུ་འོག་གི་ཕྱོགས་དང་། དེ་བཞིན་དུ་ཕྱོགས་

เล่ม ๔๘ · หน้า 35a

མཚམས་རྣམས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ་བཅོམ་ལྡན་འདས་ཆོས་བསྟན་དུ་གསོལ། བདེ་བར་གཤེགས་པ་ཆོས་བསྟན་དུ་གསོལ་ཞེས་ཆོས་ཀྱི་འཁོར་ལོ་

བསྐོར་བར་བསྐུལ་ཅིང་གསོལ་བ་བཏབ་བོ། དེ་ཕྱིན་ཆད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་བསྒྲགས་པའི་སྟོབས་ཀྱིས་འབར་བ་དེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་པར་ནམ་ཡང་མ་སྐྱེས་ཤིང་མངལ་དུ་སྐྱེ་བ་ནམ་ཡང་ཡོངས་སུ་མ་བཟུང་ངོ་། །

སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སོང་བའི་སངས་རྒྱས་ཀྱི་ཞིང་དེ་ན་ཡལ་གའམ། འདབ་མའམ། ལོ་མའམ། ཤིང་ལྗོན་པའམ། ནགས་ཚལ་གང་དག་ཡོད་པ་དེ་དག་ཐམས་ཅད་ལས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་

དག་གྲག་གོ། །འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་གང་དག་འཁོད་པ་དེ་དག་ཀྱང་དེའི་ཚེ་རང་རང་གི་སྒྲ་རབ་ཏུ་བརྗོད་དེ། ཕན་ཚུན་སྒྲ་ཐོས་ཤིང་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པའི་སྒྲ་ཐོས་སོ། །ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་དེ་བཞིན་

གཤེགས་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པའི་ཁྱུ་མཆོག་རྒྱལ་པོ་དེ་ལས་སྔོན་གྱི་ཚོགས་ཀྱི་དགེ་བའི་རྩ་བ་ཐོས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་ཏུ་ཡོངས་སུ་བསྔོས་ཤིང་ལུས་ཐོབ་པ་དེས་ཀྱང་མངོན་པར་ཤེས་པ་རྣམས་སོ་སོར་ཐོབ་ལ། ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པས་ཀྱང་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ནས། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་

དམ་པ་ན་བཞུགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཅིང་གསོལ་བ་བཏབ་ལ། དེ་བཞིན་དུ་ཕྱོགས་བཅུ་ཐམས་ཅད་དུ་སོང་ནས་རྒྱས་པར་བྱས་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་བསྒྲགས་པའི་སྟོབས་ཀྱིས་འབར་བ་ཞེས་

เล่ม ๔๘ · หน้า 35b

བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན། ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་

འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚན་

མ་མེད་པའི་ང་རོ་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཞིང་། བཅོམ་ལྡན་འདས་དེས་པད་མ་ཆེན་པོ་འདི་ཡང་བསྐུར་བ་ལགས་ན་བཅོམ་ལྡན་འདས་བཞེས་སུ་

གསོལ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས་པད་མ་ཆེན་པོ་དེ་བཞེས་ཏེ། བཞེས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་

ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཅི་སངས་རྒྱས་ཀྱི་ཞིང་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚན་མ་མེད་པའི་ང་རོ་དེ་སྟོབས་དང་ལྡན་ནམ། བསྙུན་མི་མངའ་འམ། འགྱུར་བ་མི་མངའ་འམ། བདེ་བར་རེག་པ་

ལ་གནས་སམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚན་མ་མེད་པའི་ང་རོ་དེ་སྟོབས་དང་ལྡན་ཞིང་བསྙུན་མི་མངའ་ལ་འགྱུར་བ་མི་མངའ་སྟེ། བདེ་བར་རེག་པ་ལ་གནས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དེར་ནི་འདི་ལྟ་

เล่ม ๔๘ · หน้า 36a

སྟེ། གསུམ་ཡོངས་སུ་དག་པ་དང་ལྡན་པའི་སེམས་ཅན་ཡོངས་སུ་དག་པ་དག་འདུས་ལགས་ཏེ། གསུམ་པོ་གང་ཞེ་ན། བདེན་པར་ཡོངས་སུ་བསྔོ་བའི་ཕྱིར་དགེ་བའི་རྩ་བ་ཡོངས་སུ་དག་པ་དང་། སྨོན་ལམ་གྱིས་ཚུལ་ཁྲིམས་ཚད་མ་མཆིས་

པ་ཡོངས་སུ་དག་པ་དང་། ཆོས་ཐམས་ཅད་མི་དམིགས་པའི་ལྷག་མཐོང་གིས་ཡོངས་སུ་བསྔོ་བའི་ཕྱིར་ལྟ་བ་ཚད་མ་མཆིས་པ་ཡོངས་སུ་དག་པའོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དེ་ན་ཚུལ་ཁྲིམས་ཉམས་པའམ། ལྟ་བ་ཉམས་པའམ། ཆོ་ག་

ཉམས་པའི་སེམས་ཅན་གང་ཡང་མ་མཆིས་ལགས་སོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དེ་ན་ཉམས་པ་གསུམ་པོ་དག་གི་མིང་ཡང་མི་གདའ་ལགས་སོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་དེ་ལས་བརྩམས་ན་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ནི་

དགུམ་པའི་རིབ་མ་དང་འདྲ་སྟེ། གཅིག་ལ་གཅིག་འགུམས་པར་བགྱིད་པ་ལགས་ཀྱིས། བཅོམ་ལྡན་འདས་ཚུར་གཤེགས་འཇིག་རྟེན་གྱི་ཁམས་དེར་གཤེགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་

ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་དེར་ཅི་ཞིག་བྱ་སྟེ། འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཉིད་དུ་སེམས་ཅན་རྣམས་ལ་ཆོས་བསྟན་པས་ཆོག་གོ། །བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་

མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བས་ལན་གཉིས་སུ་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚུར་གཤེགས་འཇིག་རྟེན་གྱི་ཁམས་དེར་གཤེགས་སོ། །འཇིག་རྟེན་གྱི་ཁམས་དེར་གལ་ཏེ་བཅོམ་ལྡན་འདས་མི་གཤེགས་ན་ནི་བདག་གིས་རང་གི་རྫུ་འཕྲུལ་གྱི་

སྟོབས་དང་། སེམས་ཀྱི་སྨོན་ལམ་གྱི་མཐུས་འཇིག་རྟེན་གྱིས་ཁམས་འདི་སུག་པར་བཞག་སྟེ། ནམ་མཁའ་ལས་འཇིག་རྟེན་གྱི་ཁམས་དེར་གཞག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཐུ་

เล่ม ๔๘ · หน้า 36b

ཡང་དག་པར་བསྟན་པའི་ཕྱིར་དང་། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡང་དག་པར་བསྐྱེད་པའི་ཕྱིར་དང་། ཡིད་དང་བར་བྱ་བའི་ཕྱིར་བཏང་སྙོམས་སུ་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བས་སྟོང་གསུམ་གྱི་སྟོང་ཆེན་

པོའི་འཇིག་རྟེན་གྱི་ཁམས་འདི་འདི་ལྟ་སྟེ། དཔེར་ན་རྫ་མཁན་ནམ། རྫ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་རྫ་མཁན་གྱི་འཕང་ལོ་ལ་དབྱུག་གུས་བཙུགས་པ་འཁོར་བར་བྱེད་ཅིང་། མིག་ཀྱང་སྦྲིད་པར་བྱེད་པ་དེ་བཞིན་དུ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་

རྟེན་གྱི་ཁམས་དེ་ཡོངས་སུ་བསྒྱུར་ནས་མངོན་པར་བཏེག་གོ། །དེ་ནས་འཇིག་རྟེན་གྱི་ཁམས་དེ་མངོན་པར་བཏེག་ཅིང་ཀུན་ཏུ་འཁྲུགས་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འདི་

ཁྲིད་ལགས་སོ། །བདེ་བར་གཤེགས་པ་འཇིག་རྟེན་གྱི་ཁམས་འདི་ཁྲིད་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣར་སྙན་པ་དང་། སྙན་ཅིང་འཇེབས་པ་དང་། དགའ་བར་བྱེད་པ་དང་། མཉན་པར་འོས་པ་དང་། ཡིད་དུ་འོང་བ་དང་། ཕོ་བྲང་འཁོར་སྐྱོང་གི་སྐད་

དང་། སྐྱེ་བོ་མང་པོ་དགའ་བ་དང་། ཟབ་པ་དང་། མ་ཚང་བ་མེད་པ་དང་། ཤིན་ཏུ་རྣམ་པར་རིག་པར་བྱེད་པ་ཡེ་ཤེས་ཀྱི་རྗེས་སུ་འཇུག་པའི་ཚིག་གིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་ང་ལ་དབང་མེད་དོ་ཞེས་དེ་སྐད་ཅེས་བཀའ་

སྩལ་ནས། བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གོ་བར་མཛད་དོ། །དེ་ལྟར་དེའི་ཚེ་སེམས་ཅན་གང་དག་འཇིག་ཚོགས་ལ་ལྟ་བ་ཀུན་ཏུ་ཆགས་པ་དང་། འཇིག་ཚོགས་ལ་ལྟ་བ་ལ་གནས་པ་དང་། འཇིག་ཚོགས་ལ་རྟེན་པ་དེ་

དག་ཐམས་ཅད་དེའི་ཚེ་སྐྱོ་བར་གྱུར་ཅིང་སྐྱོ་བ་ཐོབ་བོ། །དེ་ལྟར་འཁོར་བཞི་པོ་དག་གིས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་ཅིང་ཆོས་སྟོན་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་ཆོས་ཀྱི་གདན་ལ་

เล่ม ๔๘ · หน้า 37a

བཞུགས་ཤིང་ཆོས་སྟོན་པ། མི་མཇེད་ཀྱི་བདག་པོ་ཚངས་པ་བཞིན་དུ་ཚངས་པས་ཡོངས་སུ་བསྐོར་ཏེ་ཚངས་པའི་གདན་ལ་བཞུགས་ཤིང་ཆོས་སྟོན་པ་མཐོང་ངོ་། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་

ཀྱི་འཁོར་ལོ་བསྐོར་བས་སངས་རྒྱས་ཀྱི་ཞིང་གཞན་ཡང་ཡང་དག་པར་བསྟན་པ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་པས་རླུང་གི་དཀྱིལ་འཁོར་ཆེན་པོ་མངོན་པར་སྤྲུལ་པ་མཛད་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་

འདུ་བྱ་བ་མངོན་པར་འདུ་མཛད་དོ། །ཅི་ནས་སངས་རྒྱས་ཀྱི་ཞིང་དེ་དག་ཕན་ཚུན་ཐུག་པར་མཛད་དོ། །འཇིག་རྟེན་གྱི་ཁམས་དེ་དག་ཀྱང་ཁོང་སྟོང་དུ་གྱུར་ཅིང་བུ་ག་བྱུང་བར་གྱུར་ཏེ། སོ་སོར་ཞིག་ཅིང་རབ་ཏུ་རྣམ་པར་ཞིག་གོ། །དེ་ལྟར་དེའི་ཚེ་དེ་བཞིན་གཤེགས་

པའི་ཆོ་འཕྲུལ་ཆེན་པོ་དེ་ལྟ་བུ་དེ་ཡང་དག་པར་བསྟན་པ་ན་འཇིག་རྟེན་གྱི་ཁམས་འདི་ན་གང་དག་ལྟ་བའི་འདུ་ཤེས་ཅན། རྟག་པ་དང་ཐེར་ཟུག་གི་འདུ་ཤེས་ཅན་ཚངས་པའམ། ཚངས་པ་ཆེན་པོ་དེ་དག་ནི་རང་རང་གི་ཚངས་པའི་གནས་ཞིག་ཅིང་། རབ་ཏུ་རྣམ་པར་ཞིག་

ལ་འདི་ལྟ་སྟེ། དཔེར་ན་ཆུའི་ཕུང་པོ་ཆེན་པོས་དབུ་བ་རྡོས་པ་ཆེན་པོ་བསྐྱེད་ན་མངོན་པར་འཇིག་པ་དང་། རླུང་གི་ཕུང་པོ་ཆེན་པོས་གཏོར་ན་རྡུལ་དུ་འགྱུར་ཞིང་རབ་ཏུ་འཇིག་པ་དེ་བཞིན་དུ་ཚངས་པ་དེ་དག་རང་རང་གི་གནས་སུ་དོང་ནས་རྡུལ་དུ་འགྱུར་ཞིང་འཇིག་པ་དག་

མཐོང་ངོ་། །མཐོང་ནས་ཀྱང་ཤས་ཆེར་སྐྱོ་བར་གྱུར་ཏོ། །དེ་དག་སྐྱོ་བར་གྱུར་ནས་བཅོམ་ལྡན་འདས་ཉག་གཅིག་ལ་ཕྱག་འཚལ་ཞིང་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་ངས་

སྔོན་ཡང་བསྟན་པ་ཡིན་ལ། ད་ཡང་བསྟན་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཡོངས་སུ་སྦག་པས་ཡོངས་སུ་སྦགས་པའོ། །ཤ་ར་དྭ་ཏིའི་བུ་ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་སྙིང་པོ་མེད་པ་ཉིད་ཀྱི་ཕྱིར་དང་། སྒྱུ་མ་ལྟ་བུའི་ཕྱིར་དབུ་བ་

เล่ม ๔๘ · หน้า 37b

རྡོས་པ་ལྟ་བུར་གཟུང་དུ་མེད་པའོ། །ཤ་ར་དྭ་ཏིའི་བུ་ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཕྱིན་ཅི་ལོག་ཏུ་ཀུན་བརྟགས་པའི་ཕྱིར་སྒྱུ་མ་ལྟ་བུའོ། །ཤ་ར་དྭ་ཏིའི་བུ་ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ནམ་མཁའ་ལ་ཀུན་དུ་རྒྱུག་པའི་ཀུན་དུ་རྟོགས་པས་ཡོངས་སུ་བཅད་པའི་ཕྱིར་

སྨིག་རྒྱུ་ལྟ་བུའོ། །ཤ་ར་དྭ་ཏིའི་བུ་ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་དངོས་པོར་གཟུང་དུ་མེད་པའི་ཕྱིར་མིག་ཡོར་ལྟ་བུའོ། །ཤ་ར་དྭ་ཏིའི་བུ་ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ནམ་མཁའི་ཀུན་དུ་རྟོག་པའི་ལས་ཀྱིས་ཀུན་ནས་བསླང་བའི་ཕྱིར་བྲག་ཅ་ལྟ་བུའོ། །ཤ་ར་དྭ་

ཏིའི་བུ་འཇིག་རྟེན་གནས་པ་འདི་ཇི་ལྟ་བ་བཞིན་དུ་ཤ་ར་དྭ་ཏིའི་བུ་འཇིག་རྟེན་གནས་པ་འདི་ཕྱིན་ཅི་ལོག་ཏུ་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ། །ཤ་ར་དྭ་ཏིའི་བུ་ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་གསོག་ཡིན་ཏེ། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་

ཆགས་པ་མེད་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ། །ཤ་ར་དྭ་ཏིའི་བུ་འཇིག་རྟེན་འདི་ནི་རོ་མྱང་བ་མེད་པ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་མེད་པའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ངས་མངོན་པར་མཁྱེན་ཏེ། དེ་ལྟར་ངས་བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བདག་ཉིད་མངོན་པར་མཁྱེན་ཏོ། །ཤ་ར་དྭ་ཏིའི་བུ་ངས་འཇིག་རྟེན་འདི་ཇི་ལྟ་བ་བཞིན་དུ་མངོན་པར་མཁྱེན་པ་དེ་བཞིན་དུ་འཇིག་རྟེན་ཀུན་འབྱུང་བ་དང་། འཇིག་རྟེན་འགོག་པར་འགྱུར་བའི་ལམ་ཡང་

མངོན་པར་མཁྱེན་ཏེ། ཤ་ར་དྭ་ཏིའི་བུ་ད་ལྟར་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བདག་ཉིད་མངོན་པར་མཁྱེན་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལ་འཇིག་རྟེན་གང་ཞེ་ན། ཤ་ར་དྭ་ཏིའི་བུ་འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔ་དག་གོ། །

ལྔ་གང་ཞེ་ན། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །ཤ་ར་དྭ་ཏིའི་བུ་དེ་ལ་གཟུགས་ཀྱི་ཕུང་པོ་གང་ཞེ་ན། ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་ཕུང་པོ་ནི་དེ་བཞིན་གཤེགས་

เล่ม ๔๘ · หน้า 38a

པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་སྤངས་པ་སྟེ། དེ་ལ་ངས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་ཀྱི་ཕུང་པོ་གང་སྤངས་པ་དེ་ནི་སེམས་ཅན་རྣམས་གང་འདས་པ་དང་། གང་མ་འོངས་པ་དང་། གང་

ད་ལྟར་བྱུང་བ་དེ་ཐམས་ཅད་ནི་གཟུགས་ཀྱི་ཕུང་པོ་མ་ཡིན་ནོ་ཞེས་དེ་སྐད་ཅེས་སྨྲ་བར་གྱུར་ན་མི་རུང་སྟེ། ཤ་ར་དྭ་ཏིའི་བུ་དེ་ལ་དེ་བཞིན་གཤེགས་པ་ནི་ནང་ངམ། ཕྱི་རོལ་ལམ། ཆེན་པོའམ། ཆུང་ངུའམ། བཟང་པོའམ། ངན་པའམ། གང་དག་རྒྱང་རིང་བའམ།

གང་དག་ཐག་ཉེ་བ་དུས་གསུམ་དུ་བསྡུས་པ་དེ་དག་ཐམས་ཅད་ནི་གཟུགས་ཀྱི་ཕུང་པོ་སྟེ། མཚན་ཉིད་མེད་དོ་ཞེས་བསྟན་ཏོ། །དཔེར་ན་ནམ་མཁའི་ཕུང་པོ་ནི་རླུང་གི་རྣམ་པ་དང་། ཆུའི་རྣམ་པ་དང་། མེའི་རྣམ་པ་དང་། སའི་རྣམ་པ་ཡིན་པ་དེ་བཞིན་དུ་གཟུགས་ཀྱི་

ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོར་བརྗོད་པར་བྱའོ། །ཤ་ར་དྭ་ཏིའི་བུ་ཅིའི་ཕྱིར་འདི་སྐད་ཅེས་གཟུགས་ཀྱི་ཕུང་པོ་ཞེས་བྱ་ཞེ་ན། ཤ་ར་དྭ་ཏིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་

མུན་པར་གྱུར་པ་སྟེ། དེ་དག་ལུས་ལ་གཟུགས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དང་། ཇི་སྙེད་པ་རབ་ཏུ་མི་ཤེས་པས་བདག་གཟུགས་ཡིན་ནོ། །གཟུགས་བདག་གི་ཡིན་ནོ་ཞེས་རྣམ་པར་རྟོག་པར་བྱེད་ལ། བདག་གོ་ཞེས་ཀྱང་ཀུན་དུ་ཤེས་ཤིང་གནས་པར་བྱེད་དེ།

དེ་དག་དེ་ལྟར་ཀུན་དུ་ཤེས་ཤིང་གནས་པར་བྱེད་ལ། རློམ་སེམས་སུ་བྱེད་པས་དངོས་པོ་དེ་ལ་ཡོངས་སུ་སྲེད་པ་སྐྱེད་པར་བྱེད་དེ། ཤ་ར་དྭ་ཏིའི་བུ་དངོས་པོའི་ཚུལ་ཤེས་པ་དེ་ནི་དེ་ལྟ་མ་ཡིན་ནོ། །དེ་དག་ནི་དེ་ལྟར་མིག་དང་གཟུགས་དངོས་པོ་མེད་དོ་ཞེས་ཤེས་པ་མི་སྐྱེད་དེ། དེ་

ལྟར་མེད་པའི་ཆོས་རྣམས་ཡོངས་སུ་གཟུང་ནས་བྱིས་པ་རྣམས་རྟོགས་པ་སྐྱེད་པར་བྱེད་དོ། །རྟོག་པ་སྐྱེས་པའི་བྱིས་པ་དེ་དག་ནི་དངོས་པོ་དེ་ལ་འཇུག་པར་འགྱུར་ཞིང་། དེ་དག་གི་ཉེས་པའི་ཁམས་དག་ཀྱང་སྐྱེ་བར་འགྱུར་རོ། །དེ་ལྟར་དངོས་པོ་མེད་པ། སྤྱོད་ཡུལ་པ།

เล่ม ๔๘ · หน้า 38b

ཁ་དོག་དང་བྲལ་བ་སྤྱོད་ཡུལ་པ། ཁ་དོག་མེད་པ། སྤྱོད་ཡུལ་པ་དེ་དག་ནི་ཤས་ཆེར་རྨོངས་པར་འགྱུར་རོ། །རྨོངས་པ་དེ་དག་ནི་ཞིང་ལས་བྱེད་པར་འགྱུར་ཞིང་། མཚོན་ཆ་སྣ་ཚོགས་ཀྱིས་འདེབས་པ་ལྷུར་ལེན་པར་ཡང་འགྱུར་རོ། །དེ་དག་གི་མངོན་པར་འདུ་བྱེད་པ་

དེ་ནི་རྨོངས་པ་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པས་ནི་དངོས་པོ་མཉམ་པ་ཉིད་ཀྱིས་ལྟ་བ་མཉམ་པ་ཉིད་རྗེས་སུ་སངས་རྒྱས་ཤིང་། དེ་རྗེས་སུ་སངས་རྒྱས་པས་ཡང་དག་པའི་ལྟ་བ་འདོགས་པར་མངོན་པར་མཛད་དེ། ལྟ་བ་དེ་ནི་མཉམ་པ་ཡིན་པས་དེས་ན་ཡང་

དག་པའི་ལྟ་བ་ཞེས་བྱའོ། །ཡང་དག་པར་བརྩོན་པ་རྣམས་དང་། ཡང་དག་པར་རྣམ་པར་གྲོལ་བ་རྣམས་ཀྱི་ལྟ་བ་དེ་ནི་ཡང་དག་པར་ཞུགས་པ་ཡིན་པས་དེས་ན་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་ངས་ཡང་དག་པའི་ལྟ་བ་གང་བཤད་པ་དེ་ནི་སྒྲས་བསྟན་པར་

མི་ནུས་ཏེ། བསྟན་པར་བཟོད་པར་དཀའ་བ་ཡིན། ཤ་ར་དྭ་ཏིའི་བུ་དེ་ལ་སྒྲུབས་ཤིག་དང་བསྒྲུབས་ན་ཁྱེད་ཅག་ཀྱང་མུན་པ་མེད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་ཆོས་ཀྱི་ཕུང་པོ་འདི་ནི་འཁོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་ལྡན་པ་ཞེས་བྱའོ། །འདི་ནི་འདུས་

བྱས་དང་། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ཏེ། ཆོས་ཀྱི་ཚུལ་ཡང་དེ་ཡིན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བསྟན་པ་འདི་བཤད་པ་ན་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་བདུན་ནི་ཆོས་རྣམས་

ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །འདོད་པ་ན་སྤྱོད་པའི་ལྷ་ཁྲག་ཁྲིག་ཀྱང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །མིའི་སྐྱེ་དགུའི་སེམས་ཅན་དཔག་ཏུ་མེད་པ་དག་ཀྱང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་

མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །འཛམ་བུའི་གླིང་པ་བྱེ་བ་བརྒྱ་ཕྲག་ཇི་སྙེད་ཡོད་པ་དང་། དེ་དག་གི་ནང་ན་བྱང་ཆུབ་སེམས་དཔའ་གང་དག་གནས་པ་དེ་དག་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སེམས་ཅན་དཔག་ཏུ་མེད་པ་དག་གིས་ནི་བླ་ན་མེད་

เล่ม ๔๘ · หน้า 39a

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་ཕྱིར་བསྡུ་བ་མཛད་དོ། །དེ་ནས་འཁོར་བཞི་པོ་དང་། ཚངས་པའི་འཁོར་དེ་དང་། འདོད་པ་ན་སྤྱོད་པའི་ལྷའི་འཁོར་དང་།

གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་ཇི་ལྟར་གནས་པ་བཞིན་དུ་མཐོང་ངོ་། །དེ་ནས་དེའི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་

པོ་སྟན་ལས་ལངས་ཏེ། ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཇི་ཙམ་དུ་ཤིན་ཏུ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འདི་དང་། བཅོམ་ལྡན་འདས་ཀྱང་མངོན་པར་བཏེག་ནས་འཇིག་རྟེན་གཞན་དུ་

བཞག་ལགས་ཀྱང་། དེའི་ཚེ་བདག་གིས་མཚན་མ་ཡང་མ་འཚལ་ཅིང་། རྫུ་འཕྲུལ་གྱི་མིང་ཡང་མི་དྲན་ལགས་ན་རྫུ་འཕྲུལ་མངོན་པར་འགྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་བདག་ནི་འདི་སྙམ་དུ་སེམས་ལགས་ཏེ། ཨ་ལ་ལ་བྱང་ཆུབ་སེམས་དཔའ་

དེ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ནི་ངོ་མཚར་རོ་སྙམ་ལགས་སོ། །བཅོམ་ལྡན་འདས་བདག་གིས་དུས་འགྱུར་བ་ཡང་གློ་བར་མ་ཆུད་ཅིང་བདག་ཅག་ཡུན་ཇི་སྲིད་ནས་དྲངས་པའམ། ཡུན་ཇི་སྲིད་ནས་ཁྲིད་པ་ཡང་སྐད་ཅིག་གཅིག་དང་། ཐང་ཅིག་གཅིག་ཙམ་ཡང་གློ་

བར་མ་ཆུད་ལ། ཡུད་ཙམ་གཅིག་ཀྱང་རྗེས་སུ་མི་དྲན་ལགས་ཀྱང་བདག་ནི་འདི་སྙམ་སེམས་ལགས་ཏེ། རེ་ཞིག་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་དེ་ཡང་དེ་ལྟ་བུ་ལགས་ན་དེ་བཞིན་གཤེགས་པའི་ལྟ་སྨོས་ཅི་འཚལ་སྙམ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་

เล่ม ๔๘ · หน้า 39b

ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ལ་བཀའ་སྩལ་པ་མཽད་གལ་གྱི་བུ་ཁྱོད་འཇིག་རྟེན་གྱི་ཁམས་འདི་དྲངས་ཤིང་ཀུན་དུ་དྲངས་པའམ། དེ་བཞིན་གཤེགས་པ་ཁྲིད་ཅིང་ཀུན་དུ་ཁྲིད་དོ་སྙམ་དུ་སེམས་ན། མཽད་གལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱའོ། །མཽད་གལ་གྱི་བུ་དེ་བཞིན་

གཤེགས་པའི་ཆོས་གོས་ཀྱི་གྲྭ་ཙམ་ཡང་བསྒུལ་བའི་བདག་པོར་གྱུར་པ་གཞན་དགེ་སྦྱོང་ངམ། བྲམ་ཟེའམ། ཉན་ཐོས་སམ། རང་སངས་རྒྱས་སམ་ལྷ་ནས་ལྟོ་འཕྱེ་ཆེན་པོའི་བར་དུ་ཡང་ངས་ཡང་དག་པར་རྗེས་སུ་མ་མཐོང་ན་དེ་བཞིན་གཤེགས་པ་མངོན་པར་འདེགས་པར་ནུས་པར་འགྱུར་བ་

ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །མཽད་གལ་གྱི་བུ་རེ་ཞིག་ལྷ་དང་བཅས་པའི་འཇིག་རྟེན་ལྟ་ཞོག་གི །མཽད་གལ་གྱི་བུ་ཡོངས་སུ་བརྟག་པ་བཟུང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གཟུགས་ཅན་ནམ། གཟུགས་ཅན་མ་

ཡིན་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ཡང་མ་ཡིན་འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་ཇི་སྙེད་ཡོད་པ་སེམས་ཅན་དུ་གདགས་པས་གདགས་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་མིའི་ལུས་ཐོབ་པར་གྱུར་ཏེ། མིའི་

ལུས་ཐོབ་ནས་རབ་ཏུ་བྱུང་བར་གྱུར་ལ། རབ་ཏུ་བྱུང་བ་དེ་དག་ཐམས་ཅད་ཀྱིས་དགྲ་བཅོམ་པ་ཉིད་རྗེས་སུ་ཐོབ་པར་གྱུར་ཅིང་མངོན་པར་ཤེས་པ་དྲུག་མངོན་དུ་བྱས་པར་གྱུར་ལ། མཽད་གལ་གྱི་བུ་དཔེར་ན་ད་ལྟར་ཁྱོད་བཞིན་དུ་རྫུ་འཕྲུལ་གྱི་སྟོབས་དེ་ལྟ་བུ་དང་ཡང་ལྡན་པར་གྱུར་ན།

མཽད་གལ་གྱི་བུ་འདི་ཇི་སྙམ་དུ་སེམས། རྫུ་འཕྲུལ་དང་ལྡན་པ་འདུས་པ་དེ་མང་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །མཽད་གལ་གྱི་བུ་ཉན་ཐོས་དེ་དག་གིས་སྟོང་གི་འཇིག་རྟེན་གྱི་ཁམས་ལག་པ་གཅིག་གིས་བླངས་ཤིང་། སྟོང་གཉིས་

པ་དང་། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱང་ལག་པ་གཅིག་གིས་བླངས་ནས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འཆག་པར་གྱུར་ཀྱང་། རྫུ་འཕྲུལ་དམ་པ་ཐོབ་པ་དེ་ལྟ་བུ་དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་ཆོས་གོས་ནམ་མཁའ་ལ་འདུག་

เล่ม ๔๘ · หน้า 40a

པའི་གྲྭ་གཅིག་ཀྱང་བསྒུལ་བར་མི་ནུས་སོ། །མཽད་གལ་གྱི་བུ་ཁྱོད་དང་འདྲ་བ་དེ་སྙེད་འདུས་པ་ལྟ་ཞོག་གི །མཽད་གལ་གྱི་བུ་གལ་ཏེ་འདིར་སེམས་ཅན་ལ་ལ་ཞིག་སྐྱེས་པར་གྱུར་ཅིང་། འདི་ལྟ་སྟེ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་

ཁམས་དེ་བཞིན་གཤེགས་པས་བྱིན་གྱིས་མ་བརླབས་པ་ཁའི་རླུང་གཅིག་གིས་རྣམ་པར་འཐོར་བར་བྱེད། རྡུལ་དུ་རློག་པར་བྱེད། རྣམ་པར་འཇོམས་པར་བྱེད་པའི་རྫུ་འཕྲུལ་དེ་ལྟ་བུ་དང་ལྡན་པར་གྱུར་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལས་བྱུང་

བའི་རྡུལ་དེས་ཀྱང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀུན་ཏུ་ནོག་ནོག་པོར་གྱུར་ཅིང་། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་བྱུང་བའི་རྡུལ་དེ་དེས་ཕྱིར་ཡང་བརྟུལ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སོ་སོར་བཞག་པར་གྱུར་

ན། མཽད་གལ་གྱི་བུ་འདི་སྙམ་དུ་སེམས། འོ་ན་སེམས་ཅན་དེ་རྫུ་འཕྲུལ་གྱི་ཕ་རོལ་དུ་ཕྱིན་པ་ཐོབ་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་

རྟེན་གྱི་ཁམས་འདི། འདི་ལྟ་སྟེ། དཔེར་ན་བུ་རམ་ཤིང་གི་ཚལ་ལམ། འདམ་བུའི་ཚལ་ལམ། སྐམ་སའི་འདམ་བུའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་བཞིན་དུ་སེམས་ཅན་དེ་ལྟ་བུ་དག་གིས་གང་བར་གྱུར་ཀྱང་མཽད་གལ་གྱི་བུ་སེམས་ཅན་རྫུ་འཕྲུལ་དམ་པའི་

ཕ་རོལ་ཏུ་སོན་པ་དེ་ལྟ་བུ་དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་ཆོས་གོས་ཀྱི་གྲྭ་ཙམ་ཡང་བསྒུལ་བར་མི་ནུས་ན་དེ་བཞིན་གཤེགས་པ་མངོན་པར་གདེགས་པར་བྱ་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །མཽད་གལ་གྱི་བུ་དེ་བཞིན་གཤེགས་པ་གནས་དེ་ཉིད་དུ་གནས་

ཤིང་སེང་གེའི་གདན་དེ་ཉིད་ལ་བཞུགས་ནས། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་གཡོ་བར་མཛད། ཀུན་དུ་གཡོ་བར་མཛད། ཀུན་དུ་རབ་ཏུ་གཡོ་བར་མཛད་ཀྱང་སེམས་ཅན་

เล่ม ๔๘ · หน้า 40b

དེ་དག་འདི་སྙམ་དུ་བདག་ཅག་འཇིག་རྟེན་གྱི་ཁམས་གཞན་དུ་ཁྲིད་དོ། །ཀུན་དུ་ཁྲིད་དོ་སྙམ་འམ། ཀྱེ་མ་འཇིག་རྟེན་གྱི་ཁམས་འདི་འཇིག་གོ་འཆགས་སོ་སྙམ་དུ་མི་སེམས་སོ། །དེ་དག་འདི་སྙམ་དུ་ཀྱེ་མོ་འཇིག་རྟེན་གྱི་ཁམས་འདི་འཐོར་རོ། །རྣམ་པར་འཇིག་

གོ་སྙམ་དུ་མི་སེམས་ཏེ། སེམས་ཅན་དེ་དག་ལ་འདུལ་བའི་དབང་གིས་ཁ་ཅིག་ལ་ནི་སངས་རྒྱས་ཀྱི་གཟུགས་ཀྱིས་མཚན་མ་མེད་པའི་ཚུལ་དག་གིས་ཆོས་སྟོན་ཏེ། ཉན་ཐོས་དང་། ལྷ་དང་། མི་དང་། ཀླུ་དང་། ཁྱེའུ་དང་། བུ་མོའི་གཟུགས་ཀྱིས་ཀྱང་

དེ་བཞིན་ནོ། །མཽད་གལ་གྱི་བུ་སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པ་དང་། རྫུ་འཕྲུལ་ཁྱུ་མཆོག་དུ་གྱུར་པ་ཇི་སྙེད་པ་དེ་སྙེད་ཀྱི་ཆོས་ཀྱི་རྣམ་གྲངས་དག་ལ་ཁྱོད་ཡིད་ཆེས་པར་གྱིས་ཤིག །ཕྱོགས་བཅུ་ཐམས་ཅད་དུ་ཡང་དེ་བཞིན་ནོ། །

མཽད་གལ་གྱི་བུ་གལ་ཏེ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཤེས་པ་ལྟ་ན་དེ་ལ་ཡང་ཁྱོད་སྤོབས་པར་མི་འགྱུར་རོ། །མཽད་གལ་གྱི་བུ་ངས་དགེ་སློང་ཀུན་དགའ་བོ་ལ་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། དེ་

ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེའི་གཟུངས་ཀྱི་སྒོ་དག་བསྟན་ཀྱང་། མཽད་གལ་གྱི་བུ་དགེ་སློང་ཀུན་དགའ་བོས་ནི་དེ་

བཞིན་གཤེགས་པའི་སྤྱོད་ཡུལ་ཀུན་ཤེས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། མཽད་གལ་གྱི་བུ་དེ་བཞིན་གཤེགས་པའི་ཡི་གེ་གཅིག་ཀྱང་ཉན་ཐོས་ཐམས་ཅད་ཀྱིས་བསྐལ་པའམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་འབུམ་དུའང་ཀུན་

ཤེས་པའམ། བསམ་པའམ། ཀུན་ཆུབ་པར་མི་ནུས་པའི་ཕྱིར་ཏེ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལྟ་ཅི་སྨོས། མཽད་གལ་གྱི་བུ་དེ་ལ་དེ་བཞིན་གཤེགས་པ་དམིགས་པ་དང་། སྤྱོད་པ་དང་། སྤྱོད་ལམ་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ལ་འདོམས་

เล่ม ๔๘ · หน้า 41a

པར་མཛད་ཅིང་། སེམས་ཅན་རྣམས་ལ་ཆོས་སྟོན་པར་མཛད་ཀྱང་། མཽད་གལ་གྱི་བུ་དེ་བཞིན་གཤེགས་པའི་ཆོས་གོས་གསོལ་བ་ལས་སེམས་ཅན་ཇི་སྙེད་ཀྱི་དོན་མཛད་པ་དང་། དེ་ལས་ཆོས་བསྟན་པ་ཇི་ལྟ་བུ་འབྱུང་བ་ཡང་ཉན་ཐོས་ཐམས་ཅད་ཀྱིས་

ཀུན་ཤེས་པར་མི་ནུས་ཏེ། མཽད་གལ་གྱི་བུ་དེ་ལ་ཡང་ཁྱོད་སྤོབས་པར་མི་འགྱུར་ན་དེ་བཞིན་གཤེགས་པའི་སྤྱོད་ཡུལ་རབ་ཏུ་ཤེས་པ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་པད་མ་ཆེན་པོ་དེ་བཞེས་ནས། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་བཟང་སྐྱོང་ལ་སོགས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་གྲོང་ཁྱེར་ཡོངས་སུ་སྐྱོང་བར་བྱེད་པ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་ཀྱིས་དེ་བཞིན་གཤེགས་པའི་ཆོས་ཀྱི་གཏེར་དེ་བསྲུང་བའམ། སྦ་བའམ།

དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཀུན་ཤེས་པའམ། བརྗོད་པའམ། བསྟན་པའམ། ཡང་དག་པར་རབ་ཏུ་བསྟན་པར་ནུས་སམ། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་རྔོ་ཐོགས་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་དག་དེའི་ཕྱིར་ཁྱེད་ཀྱིས་

ཆོས་གང་དང་གང་ཁོ་ན་སྟོན་པ་དེ་ཐམས་ཅད་དེ་བཞིན་གཤེགས་པའི་གཏེར་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་རྣམ་པར་བལྟས་ནས་བསྟན་པར་བྱའོ། །རིགས་ཀྱི་བུ་དག་གང་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་

རྫོགས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་གྲུབ་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་གྲུབ་པ་ཡང་དག་པར་བརྗོད་པས་བརྗོད་པ་དེས་ན་རིགས་ཀྱི་བུ་དག་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དེ་ཡང་དག་པར་བརྗོད་པས་བརྗོད་པར་བྱའོ། །རིགས་ཀྱི་བུ་དག་གང་དུ་དམིགས་

པ་མཐོང་བ་དེར་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་རྣམ་པར་བལྟས་ནས་ངེས་པར་བསྟན་པར་བྱའོ། །དེ་བཞིན་གཤེགས་པས་ཆོས་བསྟན་པ་དེ་ནི་གང་དུ་སེམས་ཅན་གྱི་སྤྱོད་པ་མཐོང་བ་དེར་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་རྣམ་པར་བལྟས་ནས་སེམས་ཅན་དེ་

เล่ม ๔๘ · หน้า 41b

དག་གི་སྤྱོད་པ་དེ་བཞིན་གཤེགས་པས་ཆོས་བསྟན་པའི་སྤྱོད་པས་དེ་དག་རྣམ་པར་བཟློག་པར་བྱ་བའི་ཕྱིར་བསྟན་པ་མ་ཡིན་ནོ། །གང་དག་དེ་བཞིན་གཤེགས་པས་མཁྱེན་པའི་དབང་པོ་སྟོང་ཕྲག་དགུ་བཅུ་རྩ་དགུ་ནི་འདོད་ཆགས་སྤྱོད་པ་རྣམས་ཀྱི་སྤྱོད་པ་དེ་དག་དང་།

ཞེ་སྡང་སྤྱོད་པ་རྣམས་དང་། གཏི་མུག་སྤྱོད་པ་རྣམས་ཀྱི་སྤྱོད་པ་དེ་དག་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བཅོས་མ་སྤྱོད་པ་རྣམས་ཀྱི་སྤྱོད་པ་དེ་དག་དང་། འདོད་ཆགས་དང་། ཞེ་སྡང་སྤྱོད་པ་རྣམས་ཀྱི་སྤྱོད་པ་དེ་དག་དང་། འདོད་ཆགས་དང་།

ཞེ་སྡང་བཅོས་མ་སྤྱོད་པ་རྣམས་ཀྱི་སྤྱོད་པ་དེ་དག་དང་། འདོད་ཆགས་དང་། གཏི་མུག་སྤྱོད་པ་རྣམས་ཀྱི་སྤྱོད་པ་དེ་དག་དང་། འདོད་ཆགས་དང་། གཏི་མུག་བཅོས་མ་སྤྱོད་པ་རྣམས་ཀྱི་སྤྱོད་པ་དེ་དག་དང་། ཞེ་སྡང་དང་། གཏི་མུག་སྤྱོད་པ་རྣམས་ཀྱི་སྤྱོད་

པ་དེ་དག་དང་། ཞེ་སྡང་དང་། གཏི་མུག་བཅོས་མ་སྤྱོད་པ་རྣམས་ཀྱི་སྤྱོད་པ་དེ་དག་དང་། བསམ་པ་ཡོངས་སུ་སྦྱོང་བར་བྱེད་པའི་དབང་པོ་དེ་དག་དང་། དངོས་པོ་སྒྲུབ་པའི་ཡོངས་སུ་སྦྱོང་བར་བྱེད་པའི་དབང་པོ་དེ་དག་དང་། སྲིད་པ་སྒྲུབ་པ་ཡོངས་སུ་སྦྱོང་བར་བྱེད་

པའི་དབང་པོ་དེ་དག་དང་། སྦྱོར་བ་ལས་བྱུང་བའི་དབང་པོ་དེ་དག་དང་། ལས་བྱེད་པ་སྒྲུབ་པ་ཡོངས་སུ་སྦྱོང་བར་བྱེད་པའི་དབང་པོ་དེ་དག་དང་། ནག་པོའི་ཆོས་སློང་བར་བྱེད་པའི་དབང་པོ་དེ་དག་དང་། དཀར་པོའི་ཆོས་ཀུན་ནས་སློང་བར་བྱེད་པའི་དབང་པོ་དེ་དག་དང་། གནག་

ཅིང་དཀར་བའི་ཆོས་སློང་བར་བྱེད་པའི་དབང་པོ་དེ་དག་དང་། ལམ་གྱི་རྗེས་སུ་འཐུན་པར་བྱེད་པའི་དབང་པོ་དེ་དག་དང་། ཞི་གནས་ཀྱི་རྗེས་སུ་འཐུན་པའི་དབང་པོ་དེ་དག་དང་། ལྷག་མཐོང་གི་རྗེས་སུ་འཐུན་པའི་དབང་པོ་དེ་དག་དང་། ཟད་པའི་རྗེས་སུ་འཐུན་པའི་དབང་

པོ་དེ་དག་དང་། སྐྱེ་བའི་རྗེས་སུ་འཐུན་པར་བྱེད་པའི་དབང་པོ་དེ་དག་དང་། བདེན་པའི་རྗེས་སུ་འཐུན་པའི་དབང་པོ་དེ་དག་གོ། །མཽད་གལ་གྱི་བུ་དེ་ལ་སྔོན་གྱི་སྤྱོད་པའི་ཚོགས་དང་ལྡན་པའི་དབང་པོ་སྟོང་ཕྲག་ཉི་ཤུ་ནི་གང་གིས་ཁ་དོག་ནག་པོའམ། དཀར་ཤམ་མམ། མདོག་

เล่ม ๔๘ · หน้า 42a

བཟང་པོའམ། མདོག་མི་སྡུག་པའམ། གྱོལ་པོའམ། ལག་སོར་རྡུམ་པོའམ། ཞ་བོའམ། འོན་པའམ། ཞར་བའམ། ལྕེ་མེད་པ་སྒྲུབ་པར་བྱེད་པ་ནག་པོའམ། གནག་ཅིང་དཀར་བའི་ལས་ཀུན་ནས་སློང་བར་བྱེད་པ་དག་གོ། །སྔོན་གྱི་

སྤྱོད་པའི་ཚོགས་དང་ལྡན་པའི་དབང་པོ་སྟོང་ཕྲག་ཉི་ཤུ་ནི་གང་གིས་དབྱིབས་རིང་པོའམ། ཐུང་ངུའམ། སྐེམ་པོའམ། སྦོམ་པོའམ། བར་མ་སྒྲུབ་པར་བྱེད་པའི་ལས་ཀུན་ནས་སློང་བར་བྱེད་པ་དག་གོ། །གང་དག་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་

དང་། ཡིད་ཀྱི་དབང་པོ་འགྱུར་བ་རྣམས་ཀྱི་སྦྱོར་བ་ལ་གནས་ཤིང་སྔོན་གྱི་ལས་མངོན་པར་སྒྲུབ་པའི་དབང་པོ་སྟོང་ཕྲག་ཉི་ཤུ་ནི་འདོད་ཆགས་པའམ། ཞེ་སྡང་བའམ། གཏི་མུག་པའམ། འདོད་ཆགས་དང་བྲལ་བའམ། ཞེ་སྡང་དང་བྲལ་བའམ། གཏི་མུག་

དང་བྲལ་བ་ཡིན་ནོ། །སྐྱེ་བའི་འབྲས་བུ་མངོན་པར་འགྲུབ་པའི་དབང་པོ་སྟོང་ཕྲག་སུམ་ཅུ་ནི་འཆི་བའི་དུས་བྱེད་པ་ཡིན་ནོ། །དེ་དག་ནི་འགྱུར་བ་མངོན་པར་གྲུབ་པའམ། མཚན་མ་མངོན་པར་འགྲུབ་པ་ན་སྣང་བར་གྱུར་ཏེ། ཡན་ལག་རྣམས་འགྲེ་ལྡོག་པ་དང་། དབང་

པོ་འགྱུར་བ་དང་། ཡན་ལག་གི་ཚིགས་དག་འཆད་ཅིང་གནད་དག་འཇིག་པ་ན་མདོག་མི་སྡུག་པ་ཉིད་དུ་སྣང་བ་དེ་དག་ནི་མགུལ་སྒྲ་ངར་ངར་པོས་འགགས་པ་ཡིན་པར་ཤེས་པར་བྱ་སྟེ། དེ་ནི་སེམས་ཅན་དམྱལ་བའི་སྐྱེ་གནས་སམ། དུད་འགྲོའི་སྐྱེ་གནས་སམ།

གཤིན་རྗེའི་འཇིག་རྟེན་དུ་འདྲེན་པར་བྱེད་ཅིང་། སངས་རྒྱས་རྣམས་མངོན་དུ་བྱ་བའི་ཕྱིར་མི་རྣམས་ཀྱི་ནང་དུའམ། ལྷ་རྣམས་ཀྱི་ནང་དུའམ། འཇིག་རྟེན་གྱི་ཁམས་གཞན་དུ་སྐྱེ་བའམ། ཟག་པ་ཟད་པ་མངོན་དུ་བྱེད་པར་འདྲེན་པར་བྱེད་པའོ། །དེ་ལ་དབང་པོ་

སྟོང་ཕྲག་བདུན་ཅུ་རྩ་བདུན་ནི་དགེ་བའི་རྩ་བའི་རྣམ་པ་ལ་མོས་པ་ལས་བལྟ་བར་བྱའོ། །དབང་པོ་སྟོང་ཕྲག་ཉི་ཤུ་ནི་མི་དགེ་བའི་རྩ་བའི་རྣམ་པ་ཡོངས་སུ་འདྲེན་པར་བྱེད་པ་དག་སྟེ། འཆི་བའི་དུས་བྱེད་པའི་ཡིན་པར་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་གཏེར་དེ་

เล่ม ๔๘ · หน้า 42b

ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཏེ། དེ་བཞིན་གཤེགས་པ་དག་དེ་ལ་གནས་ནས་ཆོས་རྣམ་པར་འགྲེལ་པར་མཛད་ཅིང་ཟད་པར་ཡང་མི་འགྱུར་ལ་ངོམས་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །རྫུ་འཕྲུལ་མངོན་པར་འདུ་མཛད་པའི་ཆེ་བའི་བདག་ཉིད་ཀྱི་

བསྔགས་པ་བརྗོད་པའི་ལེའུ་ཞེས་བྱ་སྟེ་གཉིས་པའོ།། །།དེའི་ཚེ་འཁོར་དེ་ཉིད་དུ་བརྟན་པའི་བློ་གྲོས་གཞོན་ནུར་གྱུར་པ་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟན་པའི་བློ་གྲོས་གཞོན་ནུར་གྱུར་པ་སྟན་

ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་སྒོ་འདི་དག་ལས་བདག་གིས་རྙེད་པ་རྙེད་ལགས་ཏེ། བཅོམ་ལྡན་འདས་དེའི་སླད་དུ་

ཅི་ཙམ་དུ་ཆོས་དེ་ཉིད་ཡོངས་སུ་གྲུབ་པར་བགྱི་བའི་དོན་དུ་ཆོས་ཀྱི་སྒོ་འདི་ལ་སྤྱད་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་དེང་སླན་ཆད་འདི་ལྟ་སྟེ། ཆོས་དེ་དག་ཡོངས་སུ་བཙལ་བ་དང་། ཡོངས་སུ་གྲུབ་པར་བགྱི་བའི་སླད་དུ་དེ་ལྟ་བུའི་གོ་ཆ་

བགོས་པའི་སླད་དུ་སྟེ། སླད་ཀྱིས་ཀྱང་སླད་མའི་ཚེ་སླད་མའི་དུས་ན་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཆོས་ཀྱི་གཏེར་དེ་ཐོས་ཀྱི་བར་དུ་བརྩོན་འགྲུས་དོར་བར་ཡང་མི་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་བརྟན་པའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བརྟན་པའི་བློ་གྲོས་ཁྱོད་ངའི་ཡེ་ཤེས་ཆེན་པོ་བསྐལ་པ་བྱེ་བ་གྲངས་མེད་པས་ཡང་དག་པར་བསྒྲུབ་པ་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་ཞིང་མངོན་པར་བརྩོན་པར་བྱེད་པ་ནི་ལེགས་སོ་ལེགས་སོ། །བརྟན་པའི་བློ་

གྲོས་ཁྱོད་ཡང་ལེགས་སོ། །བརྟན་པའི་བློ་གྲོས་ཡོངས་སུ་བརྟག་པ་བཟུང་སྟེ། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་ཅན་མ་ཡིན་པའམ།

เล่ม ๔๘ · หน้า 43a

འདུ་ཤེས་ཅན་ཡང་མ་ཡིན། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སྐད་ཅིག་གཅིག་དང་། ཐང་ཅིག་དང་། ཡུད་ཙམ་ཅིག་ལ་མིའི་ལུས་ཐོབ་པར་གྱུར་ཏེ། དེ་ནས་གང་སེམས་ཅན་དེ་དག་ལ་བདེ་བའི་ཡོ་བྱད་ཐམས་

ཅད་ཉེ་བར་སྒྲུབ་པར་བྱེད་པའི་མི་ལ་ལ་ཞིག་བྱུང་བར་གྱུར་ལ། དེ་ནས་མི་དེས་སེམས་ཅན་དེ་དག་ལག་པ་ཡ་གཅིག་གིས་བླངས་ནས་བསྐལ་པའམ། བསྐལ་པ་ལས་ལྷག་པར་འཛིན་པར་བྱེད་ཅིང་། དེའི་ཚེ་སེམས་ཅན་དེ་དག་གཟུགས་རྣམས་སམ། སྒྲ་རྣམས་

སམ། དྲི་རྣམས་སམ། རོ་རྣམས་སམ། རེག་བྱ་རྣམས་ལ་སེམས་སྐྱེས་པར་གྱུར་ན་ཡང་དེ་ནས་མི་དེས་དེ་དག་ཐམས་ཅད་ཉེ་བར་སྦྱིན་པར་བྱེད་ལ། སེམས་ཅན་དེ་དག་གི་བཤང་བའམ་གཅི་བ་ཡང་ལག་པ་ཅིག་ཤོས་ཀྱིས་བླངས་ནས་འཇིག་རྟེན་གྱི་ཁམས་

གཞན་དུ་འདོར་བར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་དྲི་མི་ཞིམ་པར་གྱུར་ན་མི་རུང་ངོ་སྙམ་དུ་སེམས་ན། བརྟན་པའི་བློ་གྲོས་འདི་ཇི་སྙམ་དུ་སེམས། འོ་ན་མི་དེས་སེམས་ཅན་དེ་དག་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་པར་འགྱུར་རམ་

གསོལ་པ། བཅོམ་ལྡན་འདས་མི་དེས་བདེ་བའི་ཡོ་བྱད་ཤིན་ཏུ་མང་པོས་རིམ་གྲོ་བགྱི་བ་ལགས་སོ། །བཀའ་སྩལ་པ། བརྟན་པའི་བློ་གྲོས་མི་དེས་སེམས་ཅན་དེ་དག་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་སོ་སོར་རིམ་གྲོ་བྱས་ལ། རིགས་ཀྱི་བུའམ། རིགས་ཀྱི་

བུ་མོ་གང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་། ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཉན་པ་ལ་

མོས་པར་འགྱུར་ལ་སངས་རྒྱས་ཀྱི་ཡེ་ཤེས་ཡེ་ཤེས་ཆེན་པོ་དེ་ཡང་དག་པར་བསྒྲུབས་ནས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤང་བའི་ཕྱིར་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་

เล่ม ๔๘ · หน้า 43b

བདེ་བ་དང་། འཁྲུག་པ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་དུ་ཆོས་བསྟན་པར་བྱའོ་སྙམ་སྟེ། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱེད་པ་དང་ལྡན་པས་དེ་ཡོངས་སུ་ཚོལ་བ་ན་ཚིག་བཞི་པའི་ཚིགས་སུ་

བཅད་པ་གཅིག་ཙམ་ཞིག་རྙེད་པར་གྱུར་ན། བརྟན་པའི་བློ་གྲོས་སེམས་ཅན་ལ་བདེ་བའི་རིམ་གྲོས་སོ་སོར་རིམ་གྲོ་བྱས་པའི་བསོད་ནམས་ཀྱི་ཕུང་པོ་འདི་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། སྟོང་གི་ཆའི་བར་དུ་ཡང་མི་བཟོད་

ཅིང་། གྲངས་དང་། ཆ་དང་། བགྲང་བ་དང་། རྒྱུ་དང་། དཔེའི་ཆར་ཡང་མི་བཟོད་དོ།། །།བམ་པོ་བཞི་པ། བརྟན་པའི་བློ་གྲོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སེམས་ཅན་རྣམས་ལ་བདེ་བའི་ཡོ་བྱད་ཇི་ལྟ་བུས་

སོ་སོར་རིམ་གྲོ་བྱས་པ་ནི་དེ་བཞིན་གཤེགས་པས་སོ་སོར་མཁྱེན་ཏེ། བརྟན་པའི་བློ་གྲོས་གནས་འདི་ལ་ངའི་ཉན་ཐོས་བདེན་པ་མཐོང་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ལ་ཡང་དག་པར་ཞུགས་པ་མ་གཏོགས་པར་སུ་ཞིག་

མངོན་པར་ཡིད་ཆེས་པར་བྱེད། བརྟན་པའི་བློ་གྲོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདག་ཅག་གིས་སེམས་ཅན་གནས་མེད་པ་རྣམས་ཀྱི་གནས་སུ་འགྱུར་བར་བྱ། སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་འགྱུར་བར་བྱ། སེམས་ཅན་གླིང་མེད་པ་རྣམས་

ཀྱི་གླིང་དུ་འགྱུར་བར་བྱ། སེམས་ཅན་དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་དུ་འགྱུར་བར་བྱ་ཞིང་། བདག་ཅག་གིས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་ཡེ་ཤེས་ཆེན་པོ་དེ་ཡང་དག་པར་བསྒྲུབ་པར་བྱ། སེམས་ཅན་ཚད་མེད་གྲངས་མེད་པ་དག་ཟག་པ་

མེད་པའི་ཆོས་རྣམས་ལ་ཡང་དག་པར་སྦྱར་བར་བྱའོ་སྙམ་ནས་དེ་ལྟ་བུའི་གོ་ཆ་གྱོན་པར་བྱེད་པ་ཡིན་ཡང་། གལ་ཏེ་སེམས་ཅན་དེ་དག་ལ་སྔ་དྲོའི་དུས་སུ་རིན་པོ་ཆེའི་ཕུང་པོ་རི་རབ་དང་མཉམ་པ་དག་ཉེ་བར་སྦྱིན་དགོས་པར་གྱུར་ཅིང་། དེ་བཞིན་དུ་ཉི་མའི་གུང་གི་དུས་དང་།

เล่ม ๔๘ · หน้า 44a

ཕྱེ་མ་རེད་ཀྱི་དུས་དང་། ཉིན་མཚན་དུ་ཡང་རུང་སྟེ། རིན་པོ་ཆེའི་ཕུང་པོ་རི་རབ་དང་མཉམ་པ་དག་ཉེ་བར་སྦྱིན་དགོས་པར་གྱུར་ལ། སེམས་ཅན་དེ་དག་དེ་ལྟ་བུས་ཚིམ་པར་ཡང་མི་འགྱུར་ཞིང་། འདི་ལྟར་རྐྱེན་དེ་དག་གིས་ལོག་པར་ལྟུང་བར་

འགྲོ་བ་དག་ཏུ་འགྱུར་བའི་གནས་དག་ཀྱང་ཡོད་ན། ཀྱེ་བདག་ཅག་གིས་སེམས་ཅན་དེ་དག་འདི་ལྟར་རེ་ཞིག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་བཀང་བ་འདི་ལ་མཆིལ་མ་ལྟ་བུའི་འདུ་ཤེས་སྐྱེད་པར་འགྱུར་བ་དེ་ལྟ་བུའི་ཆོས་ཡོངས་སུ་བཙལ་

བར་བྱའོ་སྙམ་ན་རྫས་བསགས་པ་ཐ་ཆད་གཞན་ལ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཁས་པ་ནི་རིན་པོ་ཆེའི་ཕུང་པོ་དེ་ལ་འདི་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རྩ་བ་ཡིན། སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་རྩ་བ་ཡིན་

དུད་འགྲོའི་སྐྱེ་གནས་ཀྱི་སྡུག་བསྔལ་གྱི་རྩ་བ་ཡིན། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་གྱི་རྩ་བ་ཡིན་ཞིང་ལས་ཀྱི་ཀུན་ནས་སློང་བ་རྣམ་པ་དུ་མའི་རྩ་བ་ཡིན་ནོ་ཞེས་དེ་ལྟ་བུས་རབ་ཏུ་རྣམ་པར་སོགས་པར་བྱེད་དེ། དེ་ལས་དེ་མྱ་ངན་ལས་འདས་པའི་སེམས་ཐོབ་

ཅིང་རིན་པོ་ཆེའི་ཕུང་པོ་དེ་ལ་མི་ལྟ་བར་འགྱུར་རོ། །མཁས་པ་ནི་རིན་པོ་ཆེའི་ཕུང་པོ་དེ་ལ་འདི་ནི་རིན་པོ་ཆེའི་ཕུང་པོ་མ་ཡིན་གྱི། འདི་ནི་སེམས་ཅན་དམྱལ་བའི་ཕུང་པོ་ཡིན་ཏེ། དེ་ལ་ལྷག་པར་ཞེན་པའི་སེམས་ཅན་རྣམས་ནི་ལོག་པར་ལྟུང་བར་འགྲོ་བར་འགྱུར་རོ་སྙམ་དུ་

དེ་ལྟ་བུར་སོ་སོར་རྟོག་པར་བྱེད་དོ། །བརྟན་པའི་བློ་གྲོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་ལྟ་ཞོག་གི །བརྟན་པའི་བློ་གྲོས་ཡོངས་སུ་བརྟག་པ་བཟུང་སྟེ། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་

ཇི་སྙེད་ཡོད་པ་དང་། དེ་བཞིན་དུ་ཕྱོགས་བཅུ་ཀུན་དུ་འཇིག་རྟེན་གྱི་ཁམས་ཇི་སྙེད་ཡོད་པ་དེ་དག་ན་སེམས་ཅན་གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ཡང་མ་ཡིན། འདུ་ཤེས་ཅན་

เล่ม ๔๘ · หน้า 44b

མ་ཡིན་པའང་མ་ཡིན་པ་དག་ཡོད་པ་དང་སེམས་ཅན་གྱི་ཁམས་སུ་གདགས་པས་གདགས་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཅིང་། སེམས་ཅན་དེ་དག་ལ་བདེ་བར་བྱ་བའི་ཕྱིར་གང་སེམས་བསྐྱེད་མ་ཐག་ཏུ་སེམས་ཅན་དེ་དག་ལ་

གཟུགས་རྣམས་སམ། སྒྲ་རྣམས་སམ། དྲི་རྣམས་སམ། རོ་རྣམས་སམ། རེག་བྱ་རྣམས་ཀྱི་བདེ་བའི་ཡོ་བྱད་ཉེ་བར་སྒྲུབ་པར་བྱེད་པའི་མི་ལ་ལ་ཞིག་བྱུང་བར་གྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་ཕྲག་པའམ། མགོ་བོས་བླངས་ནས་བསྐལ་པའམ། བསྐལ་

པ་ལས་ལྷག་པར་འཛིན་པར་བྱེད་ལ། སེམས་ཅན་དེ་དག་སྤྱོད་ལམ་ཇི་ལྟ་བུས་དེ་ལ་འདུག་པར་འདོད་པ་དེ་ལྟ་བུས་ཀྱང་འདུག་པར་གྱུར་ཅིང་། སེམས་ཅན་དེ་དག་གི་བཤང་གཅི་ཡང་ལག་པ་ཡ་གཅིག་གིས་བླངས་ནས་འཇིག་རྟེན་གྱི་ཁམས་གཞན་དུ་འདོར་ན་བརྟན་པའི་

བློ་གྲོས་འདི་ཇི་སྙམ་དུ་སེམས། འོ་ན་མི་དེས་སེམས་ཅན་དེ་དག་ལ་བདེ་བའི་ཡོ་བྱད་མང་པོས་སོ་སོར་རིམ་གྲོ་བྱས་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མི་དེས་བདེ་བའི་ཡོ་བྱད་མང་པོས་རིམ་གྲོ་བགྱིས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། བརྟན་པའི་བློ་གྲོས་ཁྱོད་མོས་པར་བྱ། ཁོང་དུ་ཆུད་པར་བྱ་སྟེ། མི་དེས་བདེ་བའི་ཡོ་བྱད་དེ་ལྟ་བུས་རིམ་གྲོ་བྱས་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་སེམས་ཅན་ཐམས་ཅད་བསྐྱབ་པ་དང་ལྡན་པའི་སེམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། འདི་ལྟ་སྟེ། གང་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་འགྱུར་བའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་མཉན་པར་བྱ་བའི་ཕྱིར་ཐ་ན་བྱང་

ཆུབ་སེམས་དཔའི་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པར་གྱུར་ཅིང་། བྱང་ཆུབ་སེམས་དཔའི་ཆོས་ཡོངས་སུ་བཙལ་བའི་ཕྱིར་རམ། དེ་ལ་བརྩོན་པར་བྱ་བའི་ཕྱིར་གོམ་པ་འདོར་བ་གཅིག་གིས་འགྲོ་བར་ཡང་བྱེད་ན། བརྟན་པའི་བློ་གྲོས་དགེ་བའི་རྩ་བ་དེ་ནི་བླ་ན་མེད་པ་

เล่ม ๔๘ · หน้า 45a

ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་བར་མ་དོར་ཟད་པའམ། ཡོངས་སུ་གཏུགས་པར་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། བརྟན་པའི་བློ་གྲོས་བདེ་བའི་ཡོ་བྱད་འདི་ལ་བདེ་བའི་ཡོ་བྱད་སྔ་མ་དེས་བརྒྱའི་ཆར་ཡང་

ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བ་ཕྲག་འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། བརྟན་པའི་བློ་གྲོས་བདེ་བའི་ཡོ་བྱད་སྔ་མ་དེ་ཐམས་ཅད་ནི་

རྫས་ལས་བྱུང་བ་དང་བཅས་པ་ཡིན་ཏེ། ཤིན་ཏུ་མཐར་ཐུག་པར་མི་འགྱུར་ཞིང་། ཤིན་ཏུ་ཡོངས་སུ་བྱང་བར་མི་འགྱུར་ལ། བརྟན་པའི་བློ་གྲོས་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པས་ནི་ཚུལ་ཁྲིམས་རྣམ་པར་འཕེལ་བར་འགྱུར། ཏིང་ངེ་འཛིན་རྣམ་པར་

འཕེལ་བར་འགྱུར། ཤེས་རབ་རྣམ་པར་འཕེལ་བར་འགྱུར། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་འགྱུར། ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་སྨིན་པར་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བའི་ཕྱིར་ཏེ། དེའི་ཕྱིར་དེ་

བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མང་དུ་ཐོས་པ་ལ་རག་ལས་པར་བསྟན་པ་ཡིན་ནོ། །བརྟན་པའི་བློ་གྲོས་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་འདི་ལྟ་སྟེ། འདམ་བུའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་

གྱི་ཞིང་ངམ། འོད་མའི་ཚལ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་ལ་ལ་ཞིག་གིས་ཇི་སྲིད་འཚོའི་བར་དུ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས་

མཆོད་པ་བྱས་ཤིང་། ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། གདན་དང་། བསྙུན་གྱི་གསོས་སྨན་དང་། ཡོ་བྱད་དག་གིས་བསྙེན་བཀུར་བྱས་ལ། དེ་བཞིན་གཤེགས་པ་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། སོ་སོ་སོ་སོར་ཁོར་ཡུག་

เล่ม ๔๘ · หน้า 45b

ཏུ་དཔག་ཚད་དང་ལྡན་པའི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་གདུགས་བསྒྲེང་བ་དང་། སྟེགས་བུས་བརྒྱན་པ། བསྐལ་པར་གནས་པའི་སྣང་བ་ཀུན་དུ་འབར་རབ་ཏུ་འབར་བའི་མར་མེ་དང་། མཆོད་ཡོན་དག་གིས་བརྒྱན་པ་དག་བྱས་པར་གྱུར་ན། བརྟན་

པའི་བློ་གྲོས་འདི་ཇི་སྙམ་དུ་སེམས། འོ་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་བསོད་ནམས་ཀྱི་ཕུང་པོ་གྲངས་མ་མཆིས་དཔག་ཏུ་མ་མཆིས་པ་

སྐྱེད་ལགས་སོ། །བརྟན་པའི་བློ་གྲོས་ཁྱོད་མོས་པར་བྱ། ཁོང་དུ་ཆུད་པར་བྱ་སྟེ། གང་མི་དེས་ཇི་སྐད་བཤད་པའི་བསོད་ནམས་ཀྱི་ཕུང་པོ་དེ་ལྟ་བུ་སོགས་པར་བྱེད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་

འདི་ལྟ་སྟེ། གང་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་སྨིན་པར་འགྱུར་བའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་མདོ་སྡེ་དེ་ལྟ་བུ་དག་མཉན་པ་དང་། བསྟན་པ་དང་། བཀླག་པ་དང་། ཀུན་ཆུབ་པར་བྱ་བའི་ཕྱིར་ཡོངས་སུ་བཙལ་བ་ལ་བརྩོན་པར་

བྱེད་ན། བརྟན་པའི་བློ་གྲོས་བསོད་ནམས་ཀྱི་ཕུང་པོ་འདི་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བ་ཕྲག་འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་

དོ། །བརྟན་པའི་བློ་གྲོས་དེ་ལྟ་བས་ན་ཁྱོད་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་མདོ་སྡེ་དེ་ལྟ་བུ་དེ་དག་མཉན་པ་དང་། བཟུང་བ་དང་། བཀླག་པ་དང་། ཀུན་ཆུབ་པར་བྱ་བའི་ཕྱིར་གོ་ཆ་གྱོན་པར་སེམས་ན་བརྟན་པའི་བློ་གྲོས་བསོད་ནམས་ཀྱི་ཕུང་པོ་དེའི་ཚད་ང་མི་སྨྲའོ། །ཡོངས་སུ་གཏུགས་

པར་ཡང་ང་མི་སྨྲ། ཡོངས་སུ་ཟད་པར་ཡང་ང་མི་སྨྲའོ། །བརྟན་པའི་བློ་གྲོས་ཁྱོད་སེམས་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་དེའི་དཔེ་ཙམ་ཐོས་པའམ། ཕྱོགས་ཙམ་ཁོང་དུ་ཆུད་པར་འདོད་ན་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཡང་ཐོས་པའམ། ཡིད་ཆེས་པར་ནུས་སམ། གསོལ་

เล่ม ๔๘ · หน้า 46a

པ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་མཐུས་རྔོ་ཐོགས་ལགས་སོ། །བཀའ་སྩལ་པ། བརྟན་པའི་བློ་གྲོས་འདི་ཇི་སྙམ་དུ་སེམས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཆེ་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་

ལྟ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྟན་པའི་བློ་གྲོས་འདི་ཇི་སྙམ་དུ་སེམས། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཡུངས་འབྲུས་ཡོངས་སུ་གང་བར་གྱུར་ཅིང་། ཡུངས་འབྲུ་དེ་དག་ཇི་སྙེད་ཡོད་པ་དེ་སྙེད་ཁོ་ནའི་སྟོང་གསུམ་གྱི་

སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཀྱི་བྲེ་བོ་དག་ཡོད་པར་གྱུར་ལ། དེ་དག་ཀྱང་བྱེ་མ་དག་གིས་སོ་སོར་གང་བར་གྱུར་ན། བརྟན་པའི་བློ་གྲོས་འདི་ཇི་སྙམ་དུ་སེམས། བྱེ་མའི་ཕུང་པོ་དེ་མང་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། །བརྟན་པའི་བློ་གྲོས་གལ་ཏེ་བྱེ་མའི་ཕུང་པོ་དེ་ལག་པས་བླངས་ནས་ཕྱོགས་བཞིར་འདོར་བར་བྱེད་པའི་མི་ལ་ལ་ཞིག་བྱུང་བར་གྱུར་ལ། དེ་འཕངས་ནས་དེ་མ་ཐག་ཏུ་གང་དག་བྱེ་མའི་ཕུང་པོ་དེ་ལས་བྱེ་མའི་འབྲུ་རེ་རེ་འཇིག་རྟེན་གྱི་ཁམས་རེ་རེར་འཕེན་

པར་བྱེད་པའི་རླུང་དག་མངོན་པར་བྱུང་བར་གྱུར་ན། བརྟན་པའི་བློ་གྲོས་འདི་ཇི་སྙམ་དུ་སེམས། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་དེ་དག་ཇི་སྙེད་ཡོད་པར་འགྱུར། ཕྱོགས་ཐམས་ཅད་དུ་ཡང་དེ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་དཔག་ཏུ་མ་མཆིས་ལགས་སོ། །

བདེ་བར་གཤེགས་པ་དཔག་ཏུ་མ་མཆིས་ལགས་སོ། །བཀའ་སྩལ་པ། བརྟན་པའི་བློ་གྲོས་ཁྱོད་མོས་པར་བྱ། བརྟན་པའི་བློ་གྲོས་ཁྱོད་ཁོང་དུ་ཆུད་པར་བྱ་སྟེ། བརྟན་པའི་བློ་གྲོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྤྱོད་ལམ་གྱི་དཔག་

ཏུ་མེད་པ། ལམ་གྱིས་དཔག་ཏུ་མེད་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་དཔག་ཏུ་མེད་པ། རྫུ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པས་དཔག་ཏུ་མེད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དཔག་ཏུ་མེད་པ་སྟེ། བརྟན་པའི་བློ་གྲོས་དེ་བཞིན་གཤེགས་པ་ནི་བཞེད་ན། འཇིག་རྟེན་གྱི་

เล่ม ๔๘ · หน้า 46b

ཁམས་དེ་དག་ཏུ་གོམ་པ་གཅིག་གིས་གཤེགས་པར་མཛད་ཀྱང་དེ་བཞིན་གཤེགས་པའི་སྤྱོད་ལམ་རྣམ་པར་འཁྲུག་པར་ཡང་མི་འགྱུར་ལ། དེ་བཞིན་གཤེགས་པས་ད་དུང་རྫུ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་ཐམས་ཅད་ཀུན་ཏུ་བསྟན་པ་ཡང་མ་ཡིན་ནོ། །སེ་གོལ་གཏོགས་

པ་ཙམ་གཅིག་གིས་ཀྱང་བྱེ་མའི་ཕུང་པོ་དེ་དག་ཇི་སྙེད་ཡོད་པ་དེ་སྙེད་ཁོ་ནའི་འཇིག་རྟེན་གྱི་ཁམས་དག་ཏུ་གོམ་པས་གཤེགས་པ་གཅིག་གིས་གཤེགས་པར་མཛད་དོ། །སེ་གོལ་གཏོགས་པ་ཙམ་གྱི་ཚུལ་དེས་ཀྱང་ཤར་ཕྱོགས་སུ་གཤེགས་པ་ནས། ཕྱོགས་བཅུར་

གཤེགས་པའི་བར་གྱིས་ཞག་གཅིག་གམ། ཟླ་བ་ཕྱེད་དམ། ཟླ་བ་གཅིག་ནས་ལོ་གཅིག་གི་བར་དུའམ། ལོ་བརྒྱ་ནས་ལོ་སྟོང་ངམ། ལོ་འབུམ་གྱི་བར་དུ་གཤེགས་པར་མཛད་ཅིང་། ཕྱོགས་རེ་རེར་ཡང་ལོ་བྱེ་བ་ཕྲག་འབུམ་གྱི་བར་དུ་གཤེགས་པར་མཛད་དོ། །བརྟན་

པའི་བློ་གྲོས་འོ་ན་དེ་ལྟར་འཇིག་རྟེན་གྱི་ཁམས་དེ་དག་ཇི་སྙེད་ཡོད་པར་དེ་བཞིན་གཤེགས་པས་བྱོན་པའི་འཇིག་རྟེན་གྱི་ཁམས་དེ་དག་མང་བ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྟན་པའི་བློ་གྲོས་གལ་ཏེ་

བསོད་ནམས་ཀྱི་ཕུང་པོ་དེ་གཟུགས་ཅན་ཞིག་ཏུ་གྱུར་ན་ནི་རེ་ཞིག་འཇིག་རྟེན་གྱི་ཁམས་དེ་སྙེད་དུ་ཡང་མི་ཤོང་སྟེ་ཕལ་ཆེར་ལྷག་པར་འགྱུར་རོ། །བརྟན་པའི་བློ་གྲོས་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསོད་ནམས་ཀྱི་ཕུང་པོ་

གྲངས་མེད་པ་དེ་རབ་ཏུ་མཁྱེན་ཏེ། དཔག་ཏུ་མེད་པ། བགྲང་དུ་མེད་པ། ཚད་མེད་པ། བརྗོད་དུ་མེད་པ། བགྲང་བ་ལས་འདས་པ་རབ་ཏུ་མཁྱེན་ཏོ། །བརྟན་པའི་བློ་གྲོས་གང་གིས་བསོད་ནམས་ཀྱི་ཕུང་པོ་དེ་ཤེས་པར་ནུས་པའི་ཡི་གེའི་གྲངས་སམ། ཡིག་འབྲུའི་གྲངས་

སམ། བགྲང་བའི་གྲངས་དེ་ངས་རབ་ཏུ་མི་ཤེས་ཏེ། གཞན་དུ་ན་གྲངས་མེད་པའི་གྲངས་ཁོ་ན་དང་། དཔག་ཏུ་མེད་པའི་གྲངས་ཁོ་ནར་འགྱུར་བར་ཟད་དོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་དམ་པའི་ཆོས་ཡོངས་སུ་ཚོལ་བའི་བསོད་ནམས་ཀྱི་བསྔགས་པ་བརྗོད་པའི་

เล่ม ๔๘ · หน้า 47a

ལེའུ་ཞེས་བྱ་སྟེ་གསུམ་པའོ།། །།དེའི་ཚེ་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་འདས་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་འཇིག་རྟེན་གྱི་ཁམས་རྣམ་པར་བསྒྲགས་པའི་སྒྲ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

པར་རྫོགས་པའི་སངས་རྒྱས་ལྷུན་པོའི་ཕུང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷུན་པོའི་ཕུང་པོ་དེས་ཀྱང་བྱང་ཆུབ་སེམས་དཔའ་འོད་ཀྱི་དཀྱིལ་འཁོར་གཟི་བརྗིད་

ཕུང་པོ་ཞེས་བྱ་བ་ངའི་འོག་ཏུ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་གོ། །བྱང་ཆུབ་སེམས་དཔའ་འོད་ཀྱི་དཀྱིལ་འཁོར་གཟི་བརྗིད་ཕུང་

པོས་སྣང་བ་ཆེན་པོ་དེ་མཐོང་སྟེ་གསུང་བསལ་བའི་སྒྲ་དེ་ཡང་ཐོས་ཤིང་ས་གཡོས་པ་ཆེན་པོ་དེ་ཡང་ཀུན་དུ་ཤེས་ནས་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་པོའི་ཕུང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་དེ་དང་། གསུང་

བསལ་བའི་སྒྲ་དེ་དང་། དོག་ས་གཡོས་པ་དེ་སུའི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་པོའི་ཕུང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཀྱི་དཀྱིལ་འཁོར་གཟི་བརྗིད་ཕུང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་

འཇིག་རྟེན་གྱི་ཁམས་འདི་ནས་ནུབ་ཕྱོགས་ཀྱི་ཕྱོགས་ཆར་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་འདས་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་ཀྱང་སྟོན་ཏོ། །བྱང་ཆུབ་སེམས་དཔའ་དཔེ་མེད་པ་སེམས་པ་ཞེས་བྱ་བ་དག་ཡོད་དེ་འཁོར་དེར་འདུས་པར་གྱུར་ནས་འཁོད་དོ། །

เล่ม ๔๘ · หน้า 47b

རིགས་ཀྱི་བུ་ཕྱོགས་བཅུར་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་གོ་ཆ་གང་དག་གིས་སྐྱེས་བུ་དམ་པ་དེ་དག་གོ་ཆ་བགོས་པའི་གོ་ཆ་དེ་ལྟ་བུ་དག་གིས་སྟོང་སྟེ། རིགས་ཀྱི་བུ་སྐྱེས་བུ་དམ་པ་དེ་ལྟ་བུ་དག་ཐོས་པ་ཡང་མཆོག་ཏུ་རྙེད་པར་དཀའ་ན་བལྟ་བའམ། བསྙེན་བཀུར་

བྱ་བ་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་འོད་ཀྱི་དཀྱིལ་འཁོར་གཟི་བརྗིད་ཕུང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་

དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་པ་དེ་དག་ཀྱང་བལྟ་བའི་སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བདག་མཆི་བར་བགྱིའོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་དུས་ལ་ད་བབ་པར་ཤེས་ན་སོང་

ལ། བཅོམ་ལྡན་འདས་དེ་ལ་པད་མ་བདུན་པོ་འདི་དག་ཀྱང་ཕུལ་ཏེ་ཕུལ་ནས་ཀྱང་། བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་ལྷུན་པོའི་ཕུང་པོ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ།

ཞེས་སྙུན་གསོལ་ལོ་ཞེས་དེ་སྐད་ཅེས་གསོལ་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཀྱི་དཀྱིལ་འཁོར་གཟི་བརྗིད་ཕུང་པོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྷུན་པོའི་ཕུང་པོ་དེ་ལ་རྣམ་པར་བལྟས་ཏེ། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་

འཚལ་ནས་བཅོམ་ལྡན་འདས་དེའི་ཐད་ནས་སོང་ངོ་། །བྱང་ཆུབ་སེམས་དཔའི་འོད་ཀྱི་དཀྱིལ་འཁོར་གཟི་བརྗིད་ཕུང་པོ་དེ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་ལག་པ་བསྐུམ་པ་རྐྱོང་བར་བྱེད་པའམ། ལག་པ་བརྐྱང་བ་སྐུམ་པར་བྱེད་པའི་སྐད་ཅིག་དེས་འཇིག་རྟེན་

གྱི་ཁམས་རྣམ་པར་བསྒྲགས་པའི་སྒྲ་ནས་མི་སྣང་བར་གྱུར་ཏེ། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འདུག་གོ། །དེ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་

เล่ม ๔๘ · หน้า 48a

གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་ལྷུན་པོའི་ཕུང་པོ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་

རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཞིང་། བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་དེས་པད་མ་འདི་དག་ཀྱང་བསྐུར་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་པད་མ་དེ་དག་བཞེས་ཏེ་བཞེས་ནས་ཀྱང་བཀའ་སྩལ་པ། འོད་ཀྱི་དཀྱིལ་འཁོར་གཟི་བརྗིད་ཕུང་

པོ་ཅི་བཅོམ་ལྡན་འདས་དེ་སྙུན་མི་མངའའམ། སྟོབས་དང་ལྡན་ནམ། འགྱུར་བ་མི་མངའའམ། བདེ་བར་རེག་པ་ལ་གནས་སམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ན་སྙུན་མི་མངའ་ཞིང་སྟོབས་དང་ལྡན་ཏེ་འགྱུར་བ་མི་མངའ་ལ་

བདེ་བར་རེག་པ་ལ་གནས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མ་ཕམ་པ་ལ་མ་ཕམ་པ་ཁྱོད་ཀྱིས་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་པད་མ་འདི་དག་གིས་དགེ་བའི་རྩ་བ་དག་སྐྱེད་ཅིག་ཅེས་པད་མ་དེ་དག་བྱིན་ནོ། །དེ་ནས་

བྱང་ཆུབ་སེམས་དཔའ་མ་ཕམ་པས་པད་མ་ཆེན་པོ་བདུན་པོ་དེ་དག་བླངས་ནས་བཟང་སྐྱོང་ལ་སོགས་པ་བྱང་ཆུབ་སེམས་དཔའ་དཔེ་མེད་པ་སེམས་པ་དག་ལ་བྱིན་ཏེ། འདི་ལྟ་སྟེ། དཀོན་མཆོག་འབྱུང་གནས་དང་། དེད་དཔོན་བཟང་པོ་དང་། ཡོན་ཏན་སྦས་དང་། འདམ་

བུས་བྱིན་དང་། དབང་པོས་བྱིན་དང་། ཆུ་ལྷ་དང་། སྟོབས་བཟངས་དང་། བླ་མའི་བློ་གྲོས་དང་། ཁྱད་པར་བློ་གྲོས་དང་། འཕེལ་བའི་བློ་གྲོས་དང་། མཐོང་བ་དོན་ཡོད་དང་། ལེགས་པར་ཡང་དག་ཞུགས་དང་། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་དང་། རྟག་ཏུ་བརྩོན་

དང་། བརྩོན་པ་མི་གཏོང་བ་དང་། ཉི་མའི་སྙིང་པོ་དང་། འགྲོ་བ་འཛིན་དང་། ས་འཛིན་དང་། ལེགས་པར་གནས་པའི་བློ་གྲོས་དང་། མཐའ་ཡས་བློ་གྲོས་དང་། འཇིག་རྟེན་གསུམ་རྣམ་པར་གནོན་དང་། མཐའ་ཡས་རྣམ་པར་གནོན་དང་། དཔག་མེད་རྣམ་པར་གནོན་

เล่ม ๔๘ · หน้า 48b

དང་། དམིགས་པ་ཐམས་ཅད་སྟོན་པའི་ཁྱུ་མཆོག་དང་། བརྟན་པའི་བློ་གྲོས་དང་། མཐའ་ཡས་བརྩོན་འགྲུས་དང་། དཔག་ཡས་རྣམ་པར་གནོན་དང་། དོན་ཡོད་བརྩོན་འགྲུས་དང་། སེང་གེའི་བརྩོན་འགྲུས་རྩལ་གྱིས་འགྲོ་དང་། དོན་ཡོད་གོམ་པའི་རྩལ་གྱིས་འགྲོ་དང་

དགའ་བའི་སྤོབས་པ་དང་། སྤོབས་པ་རྣོན་པོ་དང་། སྤོབས་པ་ཟབ་པ་དང་། སྤོབས་པ་མཐའ་ཡས་དང་། སྤོབས་པ་དཔག་མེད་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། པད་མའི་སྙིང་པོ་དང་། མཐའ་ཡས་གླང་པོ་ཆེ་དང་། སྤར་འཆུམས་མ་ཡིན་དང་། ཆོས་

འཕགས་དང་། ལག་ན་རིན་ཆེན་དང་། རིན་ཆེན་ལག་པ་དང་། དོན་ཡོད་དཔལ་དང་། མི་གཡོས་རྣམ་པར་གནོན་དང་། མྱ་ངན་མེད་པ་དང་། མྱ་ངན་བྲལ་དང་། ཐ་མི་དད་པར་སྤྱོད་པར་ཡང་དག་ཞུགས་དང་། བརྩོན་འགྲུས་སྐྱོ་མེད་དང་། མངལ་འགྱུར་དང་། བུད་མེད་འགྱུར་དང་།

སྐྱེས་པ་འགྱུར་དང་། སེམས་ཅན་འགྱུར་དང་། དྲ་བ་ཅན་གྱི་འོད་དང་། མཐའ་ཡས་སྙིང་པོ་དང་། སངས་རྒྱས་ཕྱག་ན་པད་མ་སྐྱེས་དང་། ལག་ན་པད་མ་དང་། སྤོས་ཀྱི་གླང་པོ་ཆེ་དང་། དོན་གྲུབ་དང་། སེང་གེའི་ལེགས་པར་བརྟགས་པའི་གོ་ཆ་དང་། དོན་ཡོད་གོ་ཆ་དང་།

མ་སྨད་པའི་གོ་ཆ་དང་། ཀུན་འགྱུར་བའི་གོ་ཆ་དང་། སྤྱོད་པ་ཟབ་པའི་གོ་ཆ་དང་། འགྱུར་བ་སྐྱོ་བ་མེད་པའི་གོ་ཆ་དང་། མེ་ཏོག་རབ་གཏོར་དང་། མེ་ཏོག་རིན་ཆེན་དང་། དོན་ཡོད་མིང་སྒྲོལ་དང་། དོན་ཡོད་མིང་སྒྲོགས་དང་། དམིགས་པ་ཀུན་གྱི་གོ་ཆ་བགོས་དང་། འགྲོ་བ་

ཀུན་འགྱུར་བའི་གོ་ཆ་བགོས་དང་། སྤྱོད་པ་ཟབ་པའི་གོ་ཆ་བགོས་དང་། འགྱུར་བ་སྐྱོ་བ་མེད་པའི་གོ་ཆ་བགོས་དང་། རྟག་ཏུ་རབ་ཏུ་དགའ་བའི་གོ་ཆ་བགོས་དང་། རྟག་ཏུ་གདུང་བའི་གོ་ཆ་བགོས་དང་། མི་ལྟ་བའི་གོ་ཆ་བགོས་དང་། དཔལ་མ་ཉམས་པའི་གོ་ཆ་བགོས་དང་།

དྲག་ཤུལ་འཆང་དང་། དགའ་བའི་སྡེ་དང་། བཟང་པོའི་སྡེ་དང་། དགའ་བའི་ལྷ་དང་། དགའ་བྱེད་དང་། བྱང་ཆུབ་ཡན་ལག་རྟོགས་དང་། སངས་རྒྱས་དང་མ་བྲལ་བའི་གོ་ཆ་བགོས་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་གོ་ཆ་བགོས་དང་། འཁོར་ལོ་ཐོགས་པ་མེད་པའི་གོ་

เล่ม ๔๘ · หน้า 49a

ཆ་བགོས་དང་། ཐམས་ཅད་ཡོངས་སུ་གཏོང་བའི་གོ་ཆ་བགོས་དང་། མ་བླངས་པའི་གོ་ཆ་བགོས་དང་། རྣམ་པར་མ་འཁྲུགས་པའི་གོ་ཆ་བགོས་དང་། སངས་རྒྱས་ཀྱི་གདུང་རྒྱུན་མི་གཅོད་པའི་གོ་ཆ་བགོས་དང་། ཟླ་བ་སྣང་དང་། ཡོན་ཏན་དཔལ་སྣང་དང་།

དེད་དཔོན་དང་། དེད་དཔོན་ཆེན་པོ་དང་། མཆོག་གི་ཚོགས་ཅན་དང་། མཆོག་གི་བཀོད་པ་དང་། རིན་པོ་ཆེའི་བཀོད་པ་དང་། དོན་ཀུན་འགྲུབ་དང་། དོན་དཔལ་དང་། འདྲེན་པའི་དཔལ་དང་། འདྲེན་པའི་རྒྱལ་མཚན་དང་། ངེས་པར་འདྲེན་དང་། ཞི་བ་དང་། རབ་ཏུ་

བྱེད་དང་། སངས་རྒྱས་བཟང་པོ་དང་། ཤིན་ཏུ་དགའ་བ་དང་། རྒྱལ་དགའ་དང་། དབང་པོ་ཐུལ་དང་། རྒྱལ་བའི་སྡེ་དང་། གཞོམ་ཐུལ་དང་། བདུད་འཇོམས་དང་། དགྲ་འཇོམས་དང་། དགྲ་ལ་ཞེ་འགྲས་མེད་དང་། ཕྱོགས་སུ་རྣམ་པར་བསྒྲགས་དང་། རྣམ་པར་

བསྒྲགས་པའི་རྒྱལ་པོ་དང་། ནོར་འཕེལ་དང་། བཤེས་གཉེན་དང་། བཤེས་གཉེན་ལྷ་དང་། བཤེས་གཉེན་འཕེལ་དང་། གདུགས་གཅིག་པ་དང་། རིན་ཆེན་གདུགས་དང་། རྒྱུ་སྐར་བཟང་པོ་དང་། ཆོས་དང་། ཆོས་ལྷ་དང་། དྲི་མེད་དང་། དཔའ་བོ་དྲི་མེད་དང་

དཔའ་བའི་རྩལ་གྱིས་འགྲོ་དང་། མཐའ་ཡས་རྩལ་གྱིས་འགྲོ་དང་། དོན་ཡོད་རྩལ་གྱིས་འགྲོ་དང་། གོམ་པ་མེད་ཀྱིས་རྣམ་པར་གནོན་དང་། ཤིན་ཏུ་རྩལ་གྱིས་རྣམ་པར་གནོན་དང་། ཐ་མི་དད་པར་སྤྱོད་པ་དང་། དེ་དག་དང་། བྱང་ཆུབ་སེམས་དཔའ་གཞན་ཡང་

བདུན་ཁྲི་བདུན་སྟོང་ལ་རྒན་རབས་དག་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་པད་མ་བདུན་པོ་འདི་དག་བྱིན་པ་ཡིན་ཏེ། རིགས་ཀྱི་བུ་དག་ཁྱེད་ཅག་གིས་པད་མ་ཆེན་པོ་འདི་དག་ལོངས་ཤིག་དང་། ཐམས་ཅད་གྱུར་ནས་བཅོམ་ལྡན་

འདས་ལ་དབུལ་བར་བྱ། ཐམས་ཅད་གྱུར་ནས་རང་རང་གི་ཐབས་ལ་མཁས་པ་གསལ་བར་བྱའོ། །ཞེས་པད་མ་བདུན་པོ་དེ་དག་བྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་བདུན་ཁྲི་བདུན་སྟོང་པོ་དེ་དག་གིས་པད་མ་དེ་དག་བླངས་ནས་རང་རང་གི་ཐབས་ལ་མཁས་པ་གསལ་

เล่ม ๔๘ · หน้า 49b

བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ཐུགས་བརྩེ་བའི་ཕྱིར་པད་མ་ཆེན་པོ་བདུན་པོ་དེ་དག་བཞེས་ཏེ། བཞེས་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་ལ་

བཀའ་སྩལ་པ། མ་ཕམ་པ་དེ་བཞིན་གཤེགས་པ་ནི་ད་ལྟར་ཁྱེད་ཀྱི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་རྟུལ་བར་མཛད། མཆོག་ཏུ་རྟུལ་བར་མཛད་དོ། །མ་ཕམ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་མཆོག་

ཏུ་རྙེད་པར་དཀའོ། །མ་ཕམ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཤིན་ཏུ་མཆོག་ཏུ་རྙེད་པར་དཀའོ། །དེ་ཅིའི་ཕྱིར་ཞེ་ན། མ་ཕམ་པ་སངས་རྒྱས་ཀྱི་ཆོས་དེ་དག་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ངེས་པར་བྱུང་བའི་ཕྱིར་རོ། །མ་ཕམ་པ་གལ་ཏེ་སྔོན་ངས་བྱང་ཆུབ་ཏུ་

སེམས་བསྐྱེད་པར་མ་གྱུར་ན། མ་ཕམ་པ་འོ་ན་ད་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་སྐྱེ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་འདི་ཇི་སྙམ་དུ་སེམས། གལ་ཏེ་སྔོན་ངས་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ན། འོ་ན་ད་ལྟར་མི་འཇིགས་པ་བཞི་སྐྱེ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བཀའ་སྩལ་པ། མ་ཕམ་པ་འདི་ཇི་སྙམ་དུ་སེམས། གལ་ཏེ་སྔོན་ངས་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ན། འོ་ན་ད་ལྟར་འཇིག་རྟེན་དུ་དེ་བཞིན་གཤེགས་པའི་བྱམས་པ་ཆེན་པོ་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བཀའ་སྩལ་པ། མ་ཕམ་པ་འདི་ཇི་སྙམ་དུ་

སེམས། གལ་ཏེ་སྔོན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ན། འོ་ན་ད་ལྟར་འཇིག་རྟེན་དུ་སྙིང་རྗེ་ཆེན་པོ་འབྱུང་བར་འགྱུར་རམ། དེ་བཞིན་དུ་འཇིག་རྟེན་དུ་དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་འབྱུང་བར་འགྱུར་རམ།

เล่ม ๔๘ · หน้า 50a

གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བཀའ་སྩལ་པ། མ་ཕམ་པ་འདི་ཇི་སྙམ་དུ་སེམས། གལ་ཏེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ན། འོ་

ན་ད་ལྟར་འཇིག་རྟེན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བཀའ་སྩལ་པ། མ་ཕམ་པ་འདི་ཇི་སྙམ་དུ་སེམས། གལ་ཏེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ངས་བླ་ན་མེད་

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ན། འོ་ན་ད་ལྟར་འཇིག་རྟེན་དུ་དེ་བཞིན་གཤེགས་པའི་དོན་ཡོད་རྣམ་པར་གནོན་པ་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བཀའ་སྩལ་པ། མ་ཕམ་པ་འདི་ཇི་སྙམ་དུ་

སེམས། གལ་ཏེ་སྔོན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ན། འོ་ན་ད་ལྟར་འཇིག་རྟེན་དུ་དེ་བཞིན་གཤེགས་པའི་སེང་གེའི་སྟབས་སུ་འགྲོ་བ་ཉིད་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བཀའ་

སྩལ་པ། མ་ཕམ་པ་འདི་ཇི་སྙམ་དུ་སེམས། གལ་ཏེ་སྔོན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ན། འོ་ན་ད་ལྟར་འཇིག་རྟེན་དུ་དེ་བཞིན་གཤེགས་པའི་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟ་བ་ཉིད་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་

ལྡན་འདས་དེ་མ་ལགས་སོ། །བཀའ་སྩལ་པ། མ་ཕམ་པ་འདི་ཇི་སྙམ་དུ་སེམས། གལ་ཏེ་སྔོན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ན། འོ་ན་ད་ལྟར་འཇིག་རྟེན་དུ་དེ་བཞིན་གཤེགས་པའི་སེང་གེ་ལྟར་བསྒྱིངས་པ་ཉིད་

འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བཀའ་སྩལ་པ། མ་ཕམ་པ་འདི་ཇི་སྙམ་དུ་སེམས། གལ་ཏེ་སྔོན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ན། འོ་ན་ད་ལྟར་འཇིག་རྟེན་དུ་དེ་བཞིན་

เล่ม ๔๘ · หน้า 50b

གཤེགས་པའི་སྤྱི་གཙུག་བལྟར་མི་མཐོང་བ་ཉིད་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བཀའ་སྩལ་པ། མ་ཕམ་པ་འདི་ཇི་སྙམ་དུ་སེམས། གལ་ཏེ་སྔོན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ན།

འོ་ན་ད་ལྟར་འཇིག་རྟེན་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བཀའ་སྩལ་པ། མ་ཕམ་པ་འདི་ཇི་སྙམ་དུ་སེམས། གལ་ཏེ་སྔོན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་

བསྐྱེད་པར་མ་གྱུར་ན། འོ་ན་ད་ལྟར་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བཀའ་སྩལ་པ། མ་ཕམ་པ་འདི་ཇི་སྙམ་དུ་སེམས། གལ་ཏེ་སྔོན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ན། འོ་ན་ད་ལྟར་འཇིག་རྟེན་དུ་ཆོས་ཀྱི་མུར་འགྲམ་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བཀའ་སྩལ་པ། མ་ཕམ་པ་འདི་ཇི་སྙམ་དུ་སེམས། གལ་ཏེ་སྔོན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ན། འོ་ན་ད་ལྟར་འཇིག་རྟེན་དུ་ཉན་ཐོས་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བཀའ་སྩལ་པ། མ་ཕམ་པ་དེ་ལྟ་བས་ན་གང་དག་སངས་རྒྱས་ཀྱི་ཆོས་རྣམས་ཇི་སྙེད་ཡོད་

པ་དེ་དག་ཐམས་ཅད་ནི་སེམས་དང་པོ་བསྐྱེད་པ་ལ་རག་ལས་པ་ཡིན་ནོ། །མ་ཕམ་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྙེད་པར་དཀའ་བའི་ཕྱིར་དེ་བཞིན་གཤེགས་པ་རྙེད་པར་དཀའ་བ་ཡིན་ནོ། །མ་ཕམ་པ་འདི་ལྟ་སྟེ། དཔེར་ན་མར་མེད་པས་མར་གྱི་སྙིང་གུའི་རྒྱུན་འཆད་

པར་འགྱུར་བ་དེ་བཞིན་དུ། མ་ཕམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་མེད་པར་དེ་བཞིན་གཤེགས་པ་མངོན་པར་འགྲུབ་པར་མི་འགྱུར་རོ། །མ་ཕམ་པ་འདི་ལྟ་སྟེ། དཔེར་ན་མར་ཡོད་པས་མར་གྱི་སྙིང་གུའི་རྒྱུན་མི་འཆད་པར་འགྱུར་བ་དེ་བཞིན་དུ། མ་ཕམ་པ་འཇིག་རྟེན་

เล่ม ๔๘ · หน้า 51a

ན་བྱང་ཆུབ་སེམས་དཔའ་ཡོད་པས་འཇིག་རྟེན་དུ་དེ་བཞིན་གཤེགས་པ་འབྱུང་བར་འགྱུར་རོ། །མ་ཕམ་པ་འདི་ལྟ་སྟེ། དཔེར་ན་ས་བོན་ཡོད་པས་མྱུ་གུ་འབྱུང་བར་འགྱུར་བ་དེ་བཞིན་དུ། མ་ཕམ་པ་བྱང་ཆུབ་སེམས་དཔའ་ཡོད་པས་དེ་བཞིན་གཤེགས་

པ་འབྱུང་བར་འགྱུར་རོ། །མ་ཕམ་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྙེད་པར་དཀའ་བ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་རྙེད་པར་དཀའ་བ་ཉིད་དོ། །མ་ཕམ་པ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ན་གང་དག་རིན་ཐང་མེད་པར་གྱུར་པའི་ནོར་བུ་རིན་པོ་ཆེ་དེ་དག་ནི་ཉུང་གི་གང་

དག་རིན་ཐང་ཡོད་པར་གྱུར་པ་དེ་དག་ནི་ཆེས་མང་བ་དེ་བཞིན་དུ། མ་ཕམ་པ་སེམས་ཅན་གྱི་རིས་ན་གང་དག་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་གནས་པའི་སེམས་ཅན་དེ་དག་ནི་ཉུང་ངུ་འབྱུང་གི །གང་དག་དེ་ལས་གཞན་པའི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་

དང་ལྷན་ཅིག་གནས་པའི་སེམས་ཅན་དེ་དག་ནི་ཆེས་མང་དུ་འབྱུང་བར་འགྱུར་རོ། །མ་ཕམ་པ་དེ་ལྟ་བས་ན་སེམས་བསྐྱེད་པ་དེ་དག་ནི་རྙེད་པར་དཀའ་ཞིང་མཆོག་ཏུ་རྙེད་པར་དཀའོ། །སེམས་བསྐྱེད་པ་དེ་དག་ནི་རྙེད་པར་དཀའ་ཞིང་མཆོག་ཏུ་རྙེད་པར་དཀའ་བའི་ཕྱིར་ཨུ་དུམ་

བཱ་རིའི་མེ་ཏོག་དང་མཚུངས་སོ། །སེམས་བསྐྱེད་པ་དེ་དག་ནི་རིན་ཐང་མེད་པའི་ཕྱིར་རིན་པོ་ཆེ་དང་མཚུངས་སོ། །སེམས་བསྐྱེད་པ་དེ་དག་ནི་ཤིན་ཏུ་འཕགས་པའི་ཕྱིར་རི་རབ་དང་མཚུངས་སོ། །སེམས་བསྐྱེད་པ་དེ་དག་ནི་རབ་ཏུ་གཡོ་བ་མེད་པའི་ཕྱིར་ནམ་མཁའ་དང་

མཚུངས་སོ། །སེམས་བསྐྱེད་པ་དེ་དག་ནི་གཏིང་དཔག་དཀའ་བའི་ཕྱིར་རྒྱ་མཚོ་ལྟ་བུའོ། །མ་ཕམ་པ་སེམས་བསྐྱེད་པ་དེས་ནི་རིན་པོ་ཆེས་བཀང་བའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཟོད་དོ། །མ་ཕམ་པ་གལ་ཏེ་སེམས་བསྐྱེད་པ་དེ་དག་ནི་གཟུགས་ཅན་

དུ་གྱུར་ན་ནི་དེ་དག་ཕྱག་བྱ་བའི་འོས་ཡིན་ཏེ། མ་ཕམ་པ་ལྷ་དང་བཅས་པའི་འཇིག་རྟེན་འབུམ་ཕྲག་དུ་མས་བསྲུངས་པར་འགྱུར་རོ། །མ་ཕམ་པ་དེ་ལྟ་བས་ན་བྱང་ཆུབ་ཀྱི་སེམས་དེ་བསྐྱེད་པའི་ཕྱིར་རྣལ་འབྱོར་དུ་བྱ། སྤྲོ་བར་བྱ། མཐུ་ཡོད་པར་བྱ། གསལ་བར་བྱ།

เล่ม ๔๘ · หน้า 51b

སྤོབས་པར་བྱ། འཐུན་པར་བྱ། འདུན་པར་བྱའོ། །མ་ཕམ་པ་སེམས་བསྐྱེད་པ་དེ་ཡང་གང་ཞེ་ན། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། དེ་ནི་བགྲང་བའམ། གཞལ་བར་མི་ནུས་སོ། །མ་ཕམ་པ་འོན་ཀྱང་སེམས་བསྐྱེད་པ་དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཉེ་བར་འཇལ་

བ་ཙམ་དང་། དཔེ་ཙམ་ཞིག་བརྗོད་པར་བྱའོ། །མ་ཕམ་པ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་ཚད་མེད་གྲངས་མེད་པ། རྒྱ་ཆེན་པོ་བྱུང་བ་དེའི་ཚེ་དེའི་དུས་ན་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་

བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བདེ་བའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །མ་ཕམ་པ་བཅོམ་ལྡན་འདས་དེའི་ཚེའི་ཚད་ནི་

ལོ་བརྒྱད་ཁྲི་བཞི་སྟོང་དུ་གྱུར་ཏོ། །མ་ཕམ་པ་བཅོམ་ལྡན་འདས་དེའི་ཉན་ཐོས་འདུས་པ་གཅིག་ནི་དགྲ་བཅོམ་པ་བྱེ་བ་ཕྲག་བདུན་ཅུ་རྩ་དྲུག་བྱུང་བར་གྱུར། འདུས་པ་གཉིས་པ་ནི་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་བྱུང་བར་གྱུར། འདུས་པ་གསུམ་པ་ནི་བྱེ་བ་ཕྲག་བརྒྱར་ཚང་བ་

བྱུང་བར་གྱུར་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། མཉམ་པ་ཉིད་ཀྱི་ཤེས་པས་རྣམ་པར་གྲོལ་བ་ཤ་སྟག་གོ། །མ་ཕམ་པ་

དེའི་དུས་ན་རྒྱལ་པོའི་ཕོ་བྲང་ཤིན་ཏུ་མཐོང་ཞེས་བྱ་བར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་སེང་གེའི་དཔལ་ཞེས་བྱ་བ་བྱུང་བར་གྱུར་ཏོ། །རྒྱལ་པོ་སེང་གེའི་དཔལ་དེའི་བཙུན་མོ་དམ་པ་མཆོག་ལས་བུ་གཉིས་མཚེ་མར་བྱུང་བར་གྱུར་ཏེ། གཅིག་ནི་མྱ་ངན་མེད་ཅེས་བྱ།

ཅིག་ཤོས་ནི་མྱ་ངན་བྲལ་ཞེས་བྱའོ། །མ་ཕམ་པ་དེའི་དུས་ན་ཁྱེའུ་དེ་གཉིས་སྐྱེས་ནས་ལོ་བདུན་ལོན་པ་འདྲ་ཞིང་གཉི་ག་ཁང་བཟངས་ན་འདུག་པར་གྱུར་ཏེ། དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་བདེ་བའི་རྒྱལ་པོ་ཉན་ཐོས་ཀྱི་ཚོགས་དང་ཐབས་ཅིག་ཏུ་རྒྱལ་པོའི་ཕོ་བྲང་ཤིན་ཏུ་མཐོང་

เล่ม ๔๘ · หน้า 52a

བར་གཤེགས་པ་མཐོང་ངོ་། །དེ་ནས་ཁྱེའུ་མྱ་ངན་མེད་ཀྱིས་ཕུ་བོ་མྱ་ངན་བྲལ་ལ་སྨྲས་པ། མྱ་ངན་བྲལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་ཐག་རིང་པོ་ཁོ་ན་ནས་ཚུར་གཤེགས་པ་གཟིགས་སམ། སྨྲས་པ།

ནུ་བོ་མཐོང་ངོ་། །སྨྲས་པ། མྱ་ངན་བྲལ་བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་དེ་ཅི་འདྲ་བ་དེ་ལྟ་བུ་ཁོ་ནར་འགྱུར་བར་བགྱིའོ། །དེ་ནས་ཁྱེའུ་མྱ་ངན་མེད་ཀྱིས་ཕུ་བོ་མྱ་ངན་བྲལ་དེ་ལ་ཚིགས་སུ་བཅད་

པ་དག་གིས་སྨྲས་པ། མགོན་པོ་ཆེན་པོ་མི་ཡི་མཆོག །དགེ་སློང་དགེ་འདུན་མདུན་བདར་བ། །བདེ་བའི་རྒྱལ་པོ་ཚུར་གཤེགས་ལ། །མྱ་ངན་བྲལ་བ་ཁྱོད་གཟིགས་ཤིག །མི་ཡི་ཁྱུ་མཆོག་དེ་འདྲ་བར། །བདག་ནི་འགྱུར་བ་ཁོ་ནར་བགྱི། །བདག་ལ་བྱང་ཆུབ་སེམས་

སྐྱེས་ཏེ། །འཇིགས་ལས་འགྲོ་བ་ཐར་བར་བགྱི། །འགྲོ་འདི་ཆགས་རྒྱགས་ཞེ་སྡང་དང་། །ཆགས་པས་སྡུག་བསྔལ་ལས་བགྱིད་དེ། །བགྱིས་ནས་དམྱལ་བའི་གཡང་སར་ལྟུང་། །ངན་འགྲོ་དག་ལས་དེ་ཐར་བགྱི། །འཇིག་རྟེན་འདྲེན་པ་འཇིག་རྟེན་ན། །ཨུ་དུམ་བཱ་རའི་མེ་ཏོག་

བཞིན། །རྙེད་དཀའ་མཆོག་ཏུ་རྙེད་དཀའ་ཡིས། །ཁྱོད་ཀྱིས་འདུན་པ་བསྐྱེད་པར་མཛོད། །དེ་ནས་ཁྱེའུ་མྱ་ངན་བྲལ་གྱིས་ནུ་བོ་ལ་ཚིགས་སུ་བཅད་པ་དག་གིས་སླར་སྨྲས་པ། མང་པོ་ཚིག་ཏུ་སྨྲ་བྱེད་ཀྱང་། །ཚིག་གིས་གྲུབ་པ་ཡོད་མ་ཡིན། །བདག་ནི་སྒྲུབ་ལ་གནས་པས་ན། །

ཅི་ཡང་རབ་ཏུ་སྨྲ་མི་བྱ། །མང་པོ་རབ་ཏུ་སྨྲ་བྱེད་ཀྱང་། །ལུས་ཀྱིས་བྱེད་པ་ཡོད་མ་ཡིན། །དེ་ཡི་འབྲས་བུ་མི་སྣང་བས། །བརྫུན་གྱི་ཚིག་ཏུ་སྨྲ་བ་ཉིད། །གལ་ཏེ་ཚིག་གིས་ཐོབ་འགྱུར་ན། །བདག་འོད་རིར་ཆེན་དཀྲིས་པར་འགྱུར། །ཡོན་ཏན་ཉམས་པ་དེ་ཀུན་ཀྱང་། །ཚིག་

གིས་རྒྱལ་བ་རྣམས་སུ་འགྱུར། །དེ་ནས་ཁྱེའུ་མྱ་ངན་མེད་ཀྱིས་ཁྱེའུ་མྱ་ངན་བྲལ་ལ་ཚིགས་སུ་བཅད་པ་དག་གིས་སླར་སྨྲས་པ། བདག་ཉིད་ཡིན་གྱི་གཞན་མིན་པར། །གང་ཕྱིར་དེ་འདྲ་སྨྲ་བྱེད་ཅིང་། །དེ་ཕྱིར་ཅི་ཡང་མི་སྨྲ་བ། །སེམས་དེ་སེར་སྣ་ཅན་གྱི་ལགས། །བདག་གིས་

เล่ม ๔๘ · หน้า 52b

སེམས་ཅན་འགྲོན་དུ་གཉེར། །བདག་ནི་ཀུན་ཏུ་བགེད་པར་བགྱིད། །བདག་ལ་སེར་སྣ་གཞར་མ་མཆིས། །སྲོག་ཆགས་འདྲེན་པ་རྣམས་སུ་ཤོག །མཁས་པ་བྱུང་བར་གྱུར་པ་རྣམས། །དེ་དག་ཚིག་ཏུ་སྨྲ་མི་བྱེད། །ཚིག་མང་རབ་ཏུ་སྨྲས་ནས་སུ། །ཇི་ལྟར་དོན་བཞིན་བྱེད་

མ་ཡིན། །དེ་དག་སྔོན་ཆད་ཉིད་ནས་ཀྱང་། །སེར་སྣའི་སེམས་དང་ལྡན་པར་གྱུར། །དེས་ན་འབྱུང་བར་འགྱུར་ཞིག་གམ། །འོན་ཏེ་མི་འབྱུང་ཚིག་ཏུ་སྨྲ། །དེ་ནས་ཁྱེའུ་མྱ་ངན་བྲལ་གྱིས་ནུ་བོ་མྱ་ངན་མེད་ལ་ཚིགས་སུ་བཅད་པས་སླར་སྨྲས་པ། གཅིག་ཏུ་གྱུར་ནས་སོང་བྱས་ཏེ། །

ནུ་བོ་ཁྱོད་དང་ཁོ་བོ་ཡི། །སེམས་བསྐྱེད་པ་ནི་གང་ཆེ་ཞེས། །མགོན་པོ་དེ་ལ་ཞུ་བར་བྱ། །དེ་ནས་ཁྱེའུ་མྱ་ངན་བྲལ་ཁང་བཟངས་ཀྱི་སྟེང་དེ་ནས་བབས་ཏེ། ནོར་བུ་ལས་བྱས་པའི་མཆིལ་ལྷམ་ཐོགས་ཤིང་གོས་བྱེ་བ་རི་བ་ཡང་ཐོགས་ནས། དེ་བཞིན་གཤེགས་པ་བདེ་བའི་རྒྱལ་པོ་

ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཁྱེའུ་མྱ་ངན་མེད་ཀྱིས་ནི་ཁང་བཟངས་གྱི་སྟེང་དེ་ཉིད་ནས་བདག་ཉིད་བོར་རོ། །དེ་ནས་ཁྱེའུ་མྱ་ངན་མེད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདེ་བའི་རྒྱལ་

པོ་དེ་ག་ལ་བ་དེར་སོང་ངོ་། །ཁྱེའུ་དེས་ཀྱང་གོས་རིན་པོ་ཆེ་དང་། གཙུག་གི་ནོར་བུ་ཡང་ཐོགས་པར་གྱུར་ཏེ། ཁྱེའུ་དེས་གོས་དེ་དང་གཙུག་གི་ནོར་བུ་དེ་བཅོམ་ལྡན་འདས་དེ་ལ་ཕུལ་བ་དང་། བཅོམ་ལྡན་འདས་དེས་ཁྱེའུ་མྱ་ངན་མེད་ཀྱི་ལག་པ་ནས་བཞེས་སོ། །ཁྱེའུ་མྱ་ངན་བྲལ་ནི་

ཕྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོན་གྱི་ཁྱེའུ་མྱ་ངན་མེད་ནི་ཆེས་སྔར་སོན་ཏོ། །དེས་ཁྱེའུ་མྱ་ངན་མེད་དེ་བཞིན་གཤེགས་པ་བདེ་བའི་རྒྱལ་པོའི་སྤྱན་སྔ་ན་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་སྨྲས་པ། མྱ་ངན་མེད་ཁྱོད་ལམ་གང་ནས་ཆེས་སྔར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་

ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོའི་ཐད་དུ་སོང་། །དེས་སྨྲས་པ། ཕུ་བོ་ཁང་བཟངས་དེ་ཉིད་ནས་བཅོམ་ལྡན་འདས་ག་ལ་བ་དེར་བདག་ཉིད་བོར་ཏེ། བདག་ནི་ལུས་མ་སྣད་མ་སྨས་པ་ཁོ་ནར་བཅོམ་ལྡན་འདས་ག་ལ་བ་དེར་མཆིས་སོ། །དེ་ནས་ཁྱེའུ་མྱ་ངན་བྲལ་

เล่ม ๔๘ · หน้า 53a

གྱིས་ཁྱེའུ་མྱ་ངན་མེད་ལས་ལན་ཐོས་ནས། བཅོམ་ལྡན་འདས་དེ་ལ་མཆིལ་ལྷམ་དེ་གཉིས་དང་། གོས་རིན་པོ་ཆེ་དེ་ཕུལ་ནས་དེའི་ཚེ་ཚིགས་སུ་བཅད་དེ་གསོལ་པ། ལམ་ངན་ནས་ནི་འགྲོ་མ་འགྱུར། །འཇིག་རྟེན་འདྲེན་པ་མཐོང་གྱུར་ཅིག །སངས་

རྒྱས་ཀྱིས་ནི་གང་བསྟན་པའི། །ལམ་ལ་རྟག་ཏུ་བསྟེན་པར་ཤོག །དེ་ནས་ཁྱེའུ་མྱ་ངན་མེད་ཀྱིས་ཀྱང་ཕུ་བོ་ལ་ཚིགས་སུ་བཅད་པ་དག་གིས་སྨྲས་པ། །གང་དག་ལུས་དང་དེ་བཞིན་དུ། །སྲོག་གི་དབང་པོ་སྲུང་བྱེད་པ། །དེ་དག་རྟག་ཏུ་ལམ་ཚོལ་འགྱུར། །ཕུ་བོ་དེ་ནི་ཁྱོད་བཞིན་

ནོ། །གང་དག་རྟག་ཏུ་བདེ་བ་དོན་གཉེར་བ། །དེ་དག་གཞན་གྱི་བདེ་བ་ཚོལ་མི་བྱེད། །ལུས་སྲོག་དབང་པོ་བོར་ནས་གཞན་དུ་ནི། །སྡུག་བསྔལ་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར། །མི་རྣམས་ཀྱི་ནི་རྒྱ་ཆེན་དོན་ཀྱང་བྱ། །སྡུག་བསྔལ་དྲ་བ་ལས་ནི་ཡོངས་སྒྲོལ་བྱ། །

ལམ་འདི་ཉིད་དེ་སངས་རྒྱས་མཐོང་བ་འདི། །སངས་རྒྱས་མཐོང་ནས་ཕྱི་ནས་ལམ་མ་ཚོལ། །བདག་ཅག་ལམ་ནས་བདེ་བར་འགྲོ་བྱ་ཞེས། །མ་རྟོགས་མི་མཁས་གཞན་དག་རློམ་སེམས་འགྱུར། །དེ་ནས་ལམ་ངན་ལམ་དེར་འགྲོ་བར་འགྱུར། །དེ་དག་གིས་ནི་ཡང་དག་

ལམ་མི་ཤེས། །ལམ་ངན་འགྲོ་བ་དོན་དམ་བློ་ཅན་རྣམས། །ལམ་ལ་དེ་ནི་ལམ་ངན་ཞེས་འཇུག་པ། །དེ་ནི་རྟག་ཏུ་བདུད་ཀྱི་འཆིང་བས་ཟིན། །དེ་འདྲ་དེ་ནི་ལམ་མཆོག་འདི་ལས་རིང་། །རྟག་ཏུ་སངས་རྒྱས་དག་དང་ཕྲད་གྱུར་ཅིག ། རྟག་པར་རྒྱུན་ཏུ་ངུར་སྨྲིག་གྱོན་པར་ཤོག །

རྟག་ཏུ་ཚངས་པར་སྤྱོད་པ་ཐོབ་གྱུར་ཅིག །སྐྱེས་ནས་ཤིན་ཏུ་སེམས་ཅན་དོན་བྱེད་ཤོག །དམ་ཆོས་སྤྱོད་ལ་རྟག་ཏུ་གནས་གྱུར་ཅིག །རྟག་ཏུ་ཆོས་ཀྱང་ཀུན་ཏུ་འཛིན་པར་ཤོག །རྟག་ཏུ་རྒྱལ་བ་རྣམས་ཀྱི་ཆོས་བཟུང་ནས། །རྟག་ཏུ་སྲོག་ཆགས་རྣམས་ལ་ཕན་བྱེད་ཤོག །

རྟག་ཏུ་བརྩོན་འགྲུས་བརྟན་པོར་རྩོམ་གྱུར་ཅིག །ཐོས་པའི་ཆོས་རྣམས་ཆུད་ཟ་མ་གྱུར་ཅིག །དུས་རྣམས་ཀུན་ཏུ་མཉམ་པར་འཇོག་གྱུར་ཅིག །ཡོན་ཏན་རྣམས་ཀྱིས་རྟག་ཏུ་བརྒྱན་པར་ཤོག །མ་ཕམ་པ་དེ་ནས་ཁྱེའུ་མྱ་ངན་མེད་དང་། ཁྱེའུ་མྱ་ངན་བྲལ་གྱིས་ཚིགས་སུ་བཅད་

เล่ม ๔๘ · หน้า 53b

པ་དེ་དག་སྨྲས་ནས། དེ་བཞིན་གཤེགས་པ་བདེ་བའི་རྒྱལ་པོའི་ཐད་དུ་ཁྱིམ་ནས་ཁྱིམ་མེད་པར་འཐུན་པར་རབ་ཏུ་བྱུང་ངོ་། །དེ་ལྟར་དེ་དག་རབ་ཏུ་བྱུང་མ་ཐག་ཏུ་གཅིག་ལ་གཅིག་སྨྲས་པ། བདག་ཆེས་ཐོག་མར་དེ་བཞིན་གཤེགས་པར་འགྱུར་བར་བྱའོ། །དེ་ནས་དགེ་སློང་

མྱ་ངན་མེད་ཀྱིས་དགེ་སློང་མྱ་ངན་བྲལ་ལ་སྨྲས་པ། མྱ་ངན་བྲལ་ཁྱོད་ཀྱིས་བདག་ཆེས་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་དེ་སྐད་ཅེས་སྨྲས་ན། ཁྱོད་ཀྱིས་སེམས་ཇི་ལྟ་བུ་ཞིག་བསྐྱེད། དེས་སྨྲས་པ། མྱ་

ངན་མེད་འདིར་བདག་གིས་ནི་གལ་ཏེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་སེམས་ཅན་རེ་རེའི་དོན་གྱི་ཕྱིར་སེམས་ཅན་དམྱལ་བ་རྣམས་སུ་བསྐལ་པ་འབུམ་དུ་སྨིན་པར་གྱུར་ནའང་དེའི་ཚེ་ཡང་བྱང་ཆུབ་ཀྱི་སེམས་དོར་བར་མི་བྱའོ་

སྙམ་སྟེ། མྱ་ངན་མེད་བདག་གིས་སེམས་དེ་ལྟ་བུ་བསྐྱེད་དོ། །མྱ་ངན་མེད་འོན་ཀྱང་བདག་གིས་གལ་ཏེ་བདག་གི་མགོ་བོར་ཤར་ཕྱོགས་དང་། དེ་བཞིན་དུ་ཕྱོགས་ཐམས་ཅད་ནས་ལ་ལ་ཞིག་འོངས་ཏེ། བཤང་བའི་ཆང་བུའམ། མེའི་རིལ་ལུའམ། རྡུལ་གྱི་རིལ་ལུའམ། བཤང་

བའི་བུམ་པའམ། མེའི་བུམ་པའམ། རྡུལ་གྱི་བུམ་པ་ཞིག་བཞག་ཀྱང་གཞི་དེ་ལས་བདག་གིས་གནོད་སེམས་སུ་མི་བྱ། ཞེ་སྡང་བསྐྱེད་པར་མི་བྱ། སེམས་ཁྲོས་པས་མི་དེ་ལ་རྣམ་པར་བལྟ་བར་མི་བྱ། སེམས་ཁྲོས་པ་དང་ལྡན་པས་དེ་ལ་ངས་གནོད་པ་ཅི་བྱས་ཞེས་དེ་སྐད་ཅེས་ཀྱང་སྨྲ་བར་

མི་བྱ་སྟེ། ཕྱིར་རྒོལ་བ་སུ་གང་གིས་ལས་དེ་བརྩམས་པའི་སེམས་ཅན་དེ་ཉིད་ཀྱི་དོན་གྱི་ཕྱིར་བདག་གིས་ཕ་རོལ་དུ་ཕྱིན་པ་དག་ལ་སྤྱད་པར་བྱ་སྟེ། དེས་གང་བྱས་པའི་ལས་དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་རྩོམ་པ་ཡིན། ལས་དེ་ནི་སངས་རྒྱས་ཀྱི་ཆོས་རྩོམ་པ་ཡིན་ཏེ། གལ་ཏེ་བདག་གིས་

རྐྱེན་དག་བྱུང་བ་ན་སེམས་མཉམ་པར་མ་བཞག་ན། བདག་གིས་བཟོད་པའི་ཕ་རོལ་དུ་ཕྱིན་པ་ཇི་ལྟར་ཡོངས་སུ་རྫོགས་པར་བྱེད་པར་འགྱུར། བདག་ལ་གནོད་སེམས་ཀྱི་རྐྱེན་དག་མ་བྱུང་བར་ནི་ཡ་མཚན་ཅིར་འགྱུར་ཏེ། དེ་ལྟ་བས་ན་སེམས་ཅན་དེ་དག་ཉིད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་

เล่ม ๔๘ · หน้า 54a

དང་། ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་དོན་གྱི་ཕྱིར་གོ་ཆ་བགོ་བར་བྱའོ་སྙམ་ནས་བཟོད་པའི་གོ་ཆ་དེ་ལྟ་བུ་བགོས་སོ། །གལ་ཏེ་གནོད་སེམས་སུ་བྱེད་པའི་སེམས་ཅན་དེ་དག་ལ་ཡང་གནོད་སེམས་སུ་བྱས་ན་བདག་ལ་ཁྱད་པར་དུ་འཕགས་པ་ཅི་ཞིག་འབྱུང་བར་འགྱུར་

ཏེ། མྱ་ངན་མེད་བདག་གིས་དེ་ལྟ་བུ་དེ་ལྟ་བུའི་གོ་ཆ་བགོས་སོ། །དེ་ནས་དགེ་སློང་མྱ་ངན་མེད་ཀྱིས་དགེ་སློང་མྱ་ངན་བྲལ་ལ་འདི་སྐད་ཅེས་སྨྲས་སོ། །ཕུ་བོ་ཁྱོད་ཀྱིས་གང་གིས་གོ་ཆ་བགོས་པའི་སེམས་དེ་ཁྱོད་ཀྱིས་གཟིགས་སམ། སྨྲས་པ། གལ་ཏེ་སེམས་མེད་པར་གྱུར་ན་

ནི་གོ་ཆ་བགོས་པ་དེ་ལྟ་བུ་མེད་པར་འགྱུར་ལ། གོ་ཆ་དེ་ཡང་མེད་ན་ནི་རབ་ཏུ་བསྟན་པ་ཡང་མེད་པར་འགྱུར་ཏེ། མྱ་ངན་མེད་གང་གི་ཕྱིར་སེམས་དེ་ཡོད་པ་དེའི་ཕྱིར་གོ་ཆ་དེ་རབ་ཏུ་བསྟན་པ་ཡང་ཡོད་དོ། །དེ་ནས་དགེ་སློང་མྱ་ངན་མེད་ཀྱིས་དགེ་སློང་མྱ་ངན་བྲལ་ལ་འདི་སྐད་ཅེས་སྨྲས་སོ། །

ཇི་ལྟར་སེམས་དེ་ཡོད་པ་དེ་བཞིན་དུ་གོ་ཆ་ཡང་ཡོད་དོ་ཞེས་དེ་སྐད་ཅེས་ཁྱོད་མ་གསུང་ཤིག །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་བྲལ་སེམས་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་བས་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་གྱི་སེམས་སྒྱུ་མ་ལྟ་བུ་ལ་ཡོད་པའམ། མེད་པ་

ཡང་མེད་དོ། །མྱ་ངན་བྲལ་གང་ཡོད་པའམ། མེད་པ་དེ་ནི་ལྟ་བ་དེ་ཡིན་ཏེ། གང་དེ་ལྟ་བུའི་ལྟ་བ་དེ་ནི་ལོག་པར་ལྟ་བའོ། །གང་ལོག་པར་ལྟ་བ་དེ་ནི་ལམ་གོལ་བ་ཡིན་ཞིང་ལམ་མ་ཡིན་ལ། དེ་བྱང་ཆུབ་ཀྱི་ལམ་མ་ཡིན་པས་དེའི་བྱང་ཆུབ་དེ་ཐག་རིང་བ་ཡིན་ཞིང་བྱང་ཆུབ་དེ་ཐག་ཉེ་བ་

མ་ཡིན་ལ། དེའི་བྱང་ཆུབ་བགྲོད་པར་དཀའ་བ་ཡིན་ཏེ། མྱ་ངན་བྲལ་དེ་ལྟ་བས་ན་དེ་དག་ཐམས་ཅད་ནི་སྤྲོས་པ་ཡིན་ནོ། །གང་དག་ཆོས་སྤྲོས་པ་དང་ལྡན་པ་དང་། ཆོས་རློམ་སེམས་དང་ལྡན་པ་དེ་དག་ནི་བྱང་ཆུབ་སེམས་དཔས་བསྟེན་པར་བྱ་བ་མ་ཡིན་ནོ། །བྱང་ཆུབ་སེམས་

དཔས་བསྟེན་པར་བྱ་བའི་ཆོས་ཀྱང་གང་ཞེ་ན། བྱང་ཆུབ་སེམས་དཔས་ཆོས་གང་ཡང་བསྟེན་པར་བྱ་བ་མ་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་བསྟེན་པར་གྱུར་ན་ནི་ཆོས་མ་ཡིན་པ་རྣམས་བསྟེན་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་

เล่ม ๔๘ · หน้า 54b

ལ་མངོན་པར་ཞེན་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་གཞི་མེད་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔས་དེ་ལྟར་རློམ་སེམས་སུ་བྱེད་ན། དེ་ཡང་ཆོས་མ་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་རློམ་སེམས་མེད་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་

དཔའ་དེ་ལྟར་གནས་པར་བྱེད་ན། དེ་ཡང་ཆོས་མ་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་གནས་མེད་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་ལྟར་མོས་པར་བྱེད་ན། དེ་ཡང་ཆོས་མ་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་མོས་པ་མེད་པའི་ཕྱིར་རོ། །གལ་

ཏེ་བྱང་ཆུབ་སེམས་དཔའ་དེ་ལྟར་རབ་ཏུ་ཤེས་པར་བྱེད་ན། དེ་ཡང་ཆོས་མ་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་མཚན་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་ལྟར་ཁོང་དུ་ཆུད་པར་བྱེད་ན། དེ་ཡང་ཆོས་མ་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་

ཆུབ་ནི་འགྱུར་བ་མེད་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔས་དེ་ལྟར་མངོན་དུ་བྱའོ་སྙམ་ནས་དེ་ལྟར་སྒོམ་པར་བྱེད་ན། དེ་ཡང་ཆོས་མ་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་མེད་པའི་ཕྱིར་དང་། བྱང་ཆུབ་དེ་ནི་ཡི་གེ་མེད་པའི་ཕྱིར་རོ། །དེ་ནས་དགེ་སློང་མྱ་ངན་བྲལ་གྱིས་

དགེ་སློང་མྱ་ངན་མེད་ལ་འདི་སྐད་ཅེས་སྨྲས་སོ། །མྱ་ངན་མེད་བྱང་ཆུབ་དེ་མེད་དམ་ཅི་ན། དེའི་ཕྱིར་དེ་སྐད་སྟོན། ཇི་སྟེ་མྱ་ངན་བྲལ་ཡོད་ཅིང་བདག་ཡོད་ན་ནི་བྱང་ཆུབ་ཀྱང་ཡོད་དོ། །དགེ་སློང་མྱ་ངན་མེད་ཀྱིས་སྨྲས་པ། ཕུ་བོ་ཁྱོད་སྤྲོས་པ་མེད་པའི་བྱང་ཆུབ་ལ་བྱང་ཆུབ་ཡོད་ཅེའམ། མེད་

ཅེས་རྣམ་པར་མ་རྟོག་ཤིག །དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་སྤྲོས་པ་དེ་ནི་བྱང་ཆུབ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་སྤྲོས་པ་མེད་པའི་ཕྱིར་ཏེ། འདི་ནི་ཚུལ་ཡིན་ནོ། །ཡང་ན་ཇི་ཙམ་དུ་སྤྲོས་པ་དེ་ཙམ་དུ་བྱང་ཆུབ་བོ། །མྱ་ངན་བྲལ་གྱིས་སྨྲས་པ། ནུ་བོ་ཇི་ཙམ་

དུ་སྤྲོས་པ་དེ་བྱང་ཆུབ་བོ། ཞེས་སྨྲས་པ་དེའི་དོན་བདག་གིས་མི་ཤེས་སོ། །དེ་ནས་དགེ་སློང་མྱ་ངན་མེད་ཀྱིས་ཕུ་བོ་ལ་སྨྲས་པ། ཕུ་བོ་དེའི་ཕྱིར་གཉི་ག་འགྲོགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདེ་བའི་རྒྱལ་པོ་ག་ལ་བ་དེར་འདོང་ངོ་། །དེ་ནས་དེ་གཉིས་

เล่ม ๔๘ · หน้า 55a

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདེ་བའི་རྒྱལ་པོ་དེ་ག་ལ་བ་དེར་དོང་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་གཉིས་ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་། བཅོམ་ལྡན་འདས་དེ་ལ་གཏམ་ཀུན་ཏུ་

བརྗོད་པ་དེ་ཇི་སྙེད་བྱུང་བ་དེ་ཐམས་ཅད་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དེས་དགེ་སློང་མྱ་ངན་མེད་ལ་མྱ་ངན་མེད་ལེགས་སོ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ཀྱང་། དགེ་སློང་མྱ་ངན་བྲལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མྱ་ངན་བྲལ་

དེ་དེ་བཞིན་ཏེ། ཇི་ཙམ་དུ་སྤྲོས་པ་དེ་ནི་བྱང་ཆུབ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྤྲོས་པ་ཐམས་ཅད་ནི་དབེན་པ་ཡིན་པའི་ཕྱིར་ཏེ། བྱང་ཆུབ་དེ་ཡང་དབེན་པ་ཡིན་ནོ། །དབེན་པ་ཉིད་ཀྱང་གང་ཞེ་ན། སྤྲོས་པ་གང་ཡིན་པའོ། །སྤྲོས་པ་གང་ཞེ་ན། རྟོག་པ་སྟེ། གཟུགས་སྤྲོས་

པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྤྲོས་པ་དང་། ཚུལ་ཁྲིམས་སྤྲོས་པ་དང་། ཏིང་ངེ་འཛིན་སྤྲོས་པ་དང་། འདོད་པ་ཆུང་བ་ཉིད་སྤྲོས་པ་དང་། ཆོག་ཤེས་པ་ཉིད་སྤྲོས་པ་དང་། དགང་སླ་བ་ཉིད་སྤྲོས་པ་དང་། མ་འདྲེས་པ་ཉིད་སྤྲོས་

པའོ། །སྤྲོས་པ་དེ་ཡང་གང་ལས་བྱུང་ཞེ་ན། ཀུན་ཏུ་རྟོག་པ་ལས་བྱུང་སྟེ། གཟུགས་ཀྱི་ཀུན་ཏུ་རྟོག་པ་ནས་ཏིང་ངེ་འཛིན་གྱི་ཀུན་ཏུ་རྟོག་པའི་བར་དུ་ཀུན་དུ་རྟོག་པ་ཇི་སྙེད་ཡོད་པ་སྤྲོས་པ་ཡང་དེ་སྙེད་དོ། །དེ་ལ་ཀུན་ཏུ་རྟོག་པ་གང་ཡིན་པ་དེ་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་ཀུན་ཏུ་རྟོག་པ་ནི་

གཟུགས་ཅན་མ་ཡིན་པའོ། །ཀུན་ཏུ་རྟོག་པ་གང་ཡིན་པ་དེ་ནི་རྟོག་པ་མེད་པའོ། །ཀུན་ཏུ་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་མ་ཡིན་པ་ནས་ཆོག་ཤེས་པ་ཉིད་ཀྱི་བར་དུའང་མ་ཡིན་ནོ། །བྱང་ཆུབ་ནི་གཟུགས་སྟོང་པ་ཉིད་དོ། །བྱང་ཆུབ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་སྟོང་པ་

ཉིད་དོ། །དེ་བཞིན་དུ་བྱང་ཆུབ་དེ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། འདོད་པ་ཆུང་བ་ཉིད་དང་། ཆོག་ཤེས་པ་ཉིད་དང་། དགང་སླ་བ་ཉིད་དང་། གསོ་སླ་བ་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་ནི་གཅིག་པའང་མ་ཡིན་ཐ་དད་པའང་མ་ཡིན་ཏེ། བྱང་ཆུབ་དེ་ནི་དེ་ཡིན་ནོ། །

เล่ม ๔๘ · หน้า 55b

དེ་ནས་དགེ་སློང་མྱ་ངན་བྲལ་གྱིས་ཆོས་ཀྱི་རྣམ་གྲངས་དེ་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །སེམས་གང་གིས་བྱང་ཆུབ་སེམས་དཔའ་ཞེས་བརྗོད་པའི་བྱང་ཆུབ་ཀྱི་སེམས་དེ་ཡང་རབ་ཏུ་ཤེས་སོ། །དེ་ལྟར་དགེ་སློང་མྱ་ངན་མེད་དང་། དགེ་སློང་མྱ་ངན་བྲལ་དེ་ལྟར་ཆོས་

རྣམས་ལ་ལྷག་མཐོང་དང་། དེ་ལྟར་ཆོས་རྣམས་རབ་ཏུ་ཤེས་པ་དང་། དེ་ལྟར་ཆོས་རྣམས་ལ་མོས་པས་ལོ་བརྒྱད་ཁྲི་བཞི་སྟོང་དུ་ནམ་ཡང་རྨུགས་པ་དང་། གཉིད་ཀྱིས་མ་ནོན་ཅིང་ནམ་ཡང་བརྩོན་འགྲུས་མ་བཏང་སྟེ། གཞན་དུ་ན་རྟག་ཏུ་འཆག་པ་ལ་མངོན་པར་བརྩོན་པ་

འབའ་ཞིག་ཏུ་གྱུར་པ་ནི་མ་གཏོགས་སོ། །ནམ་ཡང་འདོད་ཆགས་ཀྱི་སེམས་མ་བསྐྱེད། ཞེ་སྡང་གི་སེམས་མ་བསྐྱེད། གཏི་མུག་གི་སེམས་མ་བསྐྱེད་དོ། །དེ་གཉིས་དེ་ནས་ཤི་འཕོས་ནས་འོག་གི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དཔུང་མགོ་ཟླུམ་པ་ཞེས་བྱ་བའི་

སངས་རྒྱས་ཀྱི་ཞིང་སངས་རྒྱས་ཀྱི་ཞིང་སྟོང་གི་རྗེས་སུ་འཐུན་པ་ཞེས་བྱ་བར་སྐྱེས་ཏེ། དེར་ཡང་བརྩོན་འགྲུས་བརྩོམ་པ་ཡང་དག་པར་བླངས་ནས་གནས་པར་གྱུར་ཏོ། །མ་ཕམ་པ་རྣམ་གྲངས་དེས་བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་བརྒྱད་མཉེས་པར་

བྱས་སོ། །སྐྱེ་བ་ཐམས་ཅད་དུ་ཡང་རབ་ཏུ་བྱུང་སྟེ། ཐམས་ཅད་དུ་ཡང་བརྩོན་འགྲུས་བརྩམས་པ་དག་གིས་གནས་སོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་མེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚོགས་མཆོག་བཀོད་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་མྱ་ངན་བྲལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་

གཤེགས་པ་མཆོག་གི་ཚོགས་ཅན་ཞེས་བྱ་བ་བྱུང་བར་གྱུར་ཏེ། མ་ཕམ་པ་དེ་དག་གི་གསུང་རབ་དེ་ཡང་རྒྱ་ཆེན་པོར་གྱུར་ཏོ། །མ་ཕམ་པ་དེ་བཞིན་གཤེགས་པ་དེ་དག་ནི་ཚེ་ཡང་དཔག་ཏུ་མེད་པར་གྱུར་ཏོ། །མ་ཕམ་པ་བྱང་ཆུབ་སེམས་དཔའི་སེམས་གང་ཡིན་པ་དེ་ནི་གང་དུ་

เล่ม ๔๘ · หน้า 56a

ཡང་བསྐུར་བ་མ་ཡིན། གང་ནས་ཀྱང་བླངས་པ་མ་ཡིན། བསྐྱེད་པ་མ་ཡིན། བཀག་པ་མ་ཡིན། གནས་པ་མ་ཡིན། རྒྱུན་ཆད་པ་མ་ཡིན། སོང་བ་མ་ཡིན། འོངས་པ་མ་ཡིན་ནོ། །མ་ཕམ་པ་སེམས་དེ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་གཉི་

ག་ཡང་མཆོག་ཏུ་རྙེད་པར་དཀའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །འཇིག་རྟེན་སྣང་བྱེད་རྣམས་ནི་དཀོན། །ཨུ་དུམ་བཱ་རའི་མེ་ཏོག་བཞིན། །འཇིག་རྟེན་དུ་ནི་རེས་འགའ་འབྱུང་། །

གང་དག་བྱང་ཆུབ་ཕྱིར་ཞུགས་པའི། །བྱང་ཆུབ་སེམས་དཔའ་སེམས་དེའང་དཀོན། །དཔའ་བོ་ཡི་ནི་སེམས་དེ་ཡང་། །འཇིག་རྟེན་དུ་ནི་རེས་འགའ་འབྱུང་། །དེ་ལྟ་བས་ན་དེ་འདྲ་བའི། །དག་པའི་སེམས་དེ་བསྐྱེད་ནས་སུ། །སངས་རྒྱས་དག་གི་སྟོབས་རྣམས་དང་། །

དེ་བཞིན་མི་འཇིགས་རྣམས་ཀྱང་སྣང་། །དེ་ལས་སེང་གེའི་སྒྲ་སྒྲོགས་དང་། །དྲང་སྲོང་སྨྲ་བར་ང་ཡིས་སུ། །ཡང་དག་འཁོར་ལོ་བསྐོར་བ་བཞིན། །ཆོས་ཀྱི་འཁོར་ལོའང་དེ་བཞིན་ནོ། །ང་ཡི་མ་འདྲེས་བཅོ་བརྒྱད་ཆོས། །མ་ཚང་མེད་པ་གང་ཡིན་དང་། །སངས་

རྒྱས་རྣམས་ཀྱི་མཚན་གང་ཡིན། །དེ་དག་ཀྱང་ནི་འདིར་ལྟོས་ཤིག །རྨོངས་པ་མེད་པས་གཤེགས་པ་དང་། །གླང་པོ་ཆེ་ཡི་གཟིགས་སྟངས་དང་། །སྤྱི་གཙུག་བལྟར་མི་མཐོང་བ་ཡང་། །སེམས་དེ་ལས་ནི་རབ་ཏུ་ལྟོས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་དང་། །ཏིང་འཛིན་

ཕ་རོལ་ཕྱིན་པ་དང་། །ཤེས་རབ་ཕ་རོལ་ཕྱིན་པ་དང་། །བྱང་ཆུབ་སེམས་དེའང་འདི་ལས་ལྟོས། །སངས་རྒྱས་ཆོས་རྣམས་རབ་བསྟན་པའི། །ཆོས་གཞན་གང་དག་ཡིན་པ་ཡང་། །དེ་དག་ཐམས་ཅད་སེམས་དེ་དང་། །དང་པོའི་སེམས་ལ་གནས་པ་ཡིན། །ཉན་

ཐོས་ཚུལ་ཁྲིམས་གང་ཡིན་དང་། །ཉན་ཐོས་ཏིང་འཛིན་གང་ཡིན་དང་། །ཤེས་རབ་ཕུང་པོ་རྫུ་འཕྲུལ་གང་། །དེ་དག་ཐམས་ཅད་འདིར་ལྟོས་ཤིག །སྔོན་ཆད་སེམས་ནི་བསྐྱེད་པ་དེ། །གལ་ཏེ་འཇུག་པ་མ་ཡིན་ན། །བླ་ན་མེད་པའི་ཡེ་ཤེས་ཀྱང་། །འཇུག་པར་

เล่ม ๔๘ · หน้า 56b

འགྱུར་བ་ག་ལ་ཡིན། །སངས་རྒྱས་ཆོས་རྣམས་མཐོང་མིན་ན། །ཐོས་པར་ཡང་ནི་ག་ལ་འགྱུར། །འཇིག་རྟེན་དུ་ནི་ཉན་ཐོས་རྣམས། །འབྱུང་བར་སྲིད་པ་མ་ཡིན་ནོ། །རྫོགས་པའི་རང་སངས་རྒྱས་གང་དག །གནས་ནས་མྱ་ངན་འདས་པ་ཡི། །དགེ་བའི་གོ་ཆ་

དེ་ཡང་ནི། །སེམས་དེ་ཉིད་ལས་བལྟ་བར་བྱོས། །སེམས་ཅན་བདེ་བ་གང་ཅི་ཡང་རུང་། །འཇིག་རྟེན་པའམ་འཇིག་རྟེན་འདས། །ཐམས་ཅད་ཀྱང་ནི་སེམས་དེ་དང་། །དང་པོའི་སེམས་ལ་གནས་པ་ཡིན། །སེམས་དེའི་རྣམ་པར་སྨིན་པ་ནི། །རྒྱ་ཆེན་ཡིན་ཏེ་

དེ་མཐོང་ན། །བསྐལ་པ་བྱེ་ཕྲག་སྟོང་དུ་ཡང་། །དེ་ནི་ཟད་པར་མི་འདོད་དོ། །སྐྱེ་བ་དང་ནི་འཇིག་ལྡན་ལ། །རྐྱེན་རྣམས་ཀྱིས་ནི་བསྐྱེད་གྱུར་པ། །སེམས་ཀྱིས་དངོས་པོ་སྟོང་པ་ཡི། །རྣམ་པར་སྨིན་པ་ཅི་འདྲ་ལྟོས། །རྐྱེན་རྣམས་ཀྱིས་ནི་སེམས་བསྐྱེད་ལ། །སེམས་

དེའང་དངོས་པོ་མེད་པ་སྟེ། །དངོས་པོ་མེད་དང་ལྡན་སེམས་ཀྱིས། །རྣམ་པར་སྨིན་པ་ཅི་འདྲ་ལྟོས། །དམིགས་པར་བྱ་བ་དེ་དག་གིས། །སེམས་ནི་ནམ་ཡང་མི་སྐྱེ་སྟེ། །གང་གི་བསྔགས་པ་མི་ཉམས་པའི། །དེ་ཡི་རྣམ་སྨིན་ཉིད་ལ་ལྟོས། །བརྟན་པའི་བློ་ཅན་མི་ཞིག་

གིས། །དེ་འདྲའི་སེམས་ནི་རབ་ཤེས་ནས། །རྟག་ཏུ་ཐེག་པ་དམ་པ་ལ། །གནས་པ་སུ་ཞིག་ཆུད་ཟར་འགྱུར། །གང་དག་མིག་དང་གཟུགས་གནས་ཤིང་། །ཚོར་བ་དང་ནི་འདུ་ཤེས་གནས། །འདུ་བྱེད་ལ་ཡང་གནས་ནས་སུ། །བདག་ཉིད་རྣམ་ཤེས་མ་བྱས་པ། །བློ་

གྲོས་ངན་པས་ནམ་མཁའ་ལ། །ཀུན་དུ་བརྟགས་པས་འདག་སྙམ་པ། །ཡུན་རིང་དག་པར་མ་གྱུར་པས། །སྲིད་པར་མི་མཁས་རྣམས་སུ་འགྱུར། །དེ་ཕྱིར་སེམས་ནི་གསོབ་དང་གསོག །ཡོད་པ་མིན་པར་རབ་ཤེས་ནས། །དེ་ལ་སྙིང་པོར་མི་བཟུང་སྟེ། །དེ་དག་ངོ་

བོ་ཉིད་ཀྱིས་སྟོང་། །བརྟེན་ནས་སེམས་ནི་བསྐྱེད་གྱུར་པ། །ནམ་ཡང་ཆུད་ཟར་མི་འགྱུར་ཞིང་། །གང་དག་དེ་ཡི་རྐྱེན་ཡིན་པ། །དེ་དག་ངོ་བོ་ཉིད་ཀྱིས་སྟོང་། །ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས། །དེ་དག་ལ་ནི་སྒྲུབ་པ་མེད། །ཆོས་རྣམས་ཐམས་ཅད་བརྟགས་

เล่ม ๔๘ · หน้า 57a

པ་སྟེ། །རང་བཞིན་དེ་ལྟར་རབ་ཏུ་བསྟན། །གང་དག་དེ་ལྟར་རབ་ཤེས་པ། །དེ་དེ་བྱང་ཆུབ་ལུང་བསྟན་གྱི། །དེ་དག་གཟུགས་ཀྱིས་ལུང་མ་བསྟན། །ཚོར་བས་ཀྱང་ནི་ལུང་མ་བསྟན། །འདུ་ཤེས་འདུ་བྱེད་རྣམས་ཀྱིས་མིན། །རྣམ་ཤེས་ཀྱིས་

ཀྱང་ལུང་མ་བསྟན། །འདི་ལ་ཆོས་རྣམས་མི་དམིགས་ཀྱང་། །དེ་དག་ལུང་མ་བསྟན་པའང་མིན། །གང་དག་འདི་ལ་ཆོས་ཐམས་ཅད། །མཚན་མེད་དེ་འདྲའི་ཤེས་ལྡན་ཞིང་། །ཤེས་པས་རློམ་སེམས་མི་བྱེད་པ། །དེ་དག་བྱང་ཆུབ་ལུང་བསྟན་ཏོ། །བཟོད་པ་

འདི་འདྲ་དེ་སྐྱེས་པ། །བློ་གྲོས་བསྟན་པས་བཟོད་དུ་ཟད། །བོང་བའི་ཆད་པས་མཚོན་ཆད་ལ། །དེ་དག་མི་མཇེད་ཅན་དུ་འགྱུར། །གང་དག་བཟོད་པ་དེ་འདྲ་བ། །ལེགས་པར་སྐྱེས་པར་གྱུར་པ་དག །དེ་དག་རྙེད་དང་བཀུར་སྟི་བཟོད། །དེ་ནི་རྙེད་པས་རློམ་སེམས་

མེད། །དེ་འདྲ་བ་ཡི་བཟོད་པ་དེ། །མཁས་པ་རྣམས་ཀྱིས་གནོད་པ་ཡིན། །མཐའ་གཉིས་ཟིལ་གྱིས་མནན་ནས་སུ། །མཁས་རྣམས་དབུ་མས་སྤྱོད་པར་བྱེད། །དེ་ཕྱིར་བཟོད་པ་བསྟེན་པར་བྱ། །ངོ་བོ་ཉིད་ཀྱིས་ཆོས་སྟོང་པ། །དེ་ནི་བྱང་ཆུབ་ལམ་ཡིན་ཏེ། །

ངས་ཀྱང་དེ་ནི་བསྟེན་པ་ཡིན། །བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྔགས་པའི་ལེའུ་ཞེས་བྱ་སྟེ་བཞི་པའོ།། །།བམ་པོ་ལྔ་པ། དེའི་ཚེ་ཤར་ཕྱོགས་ཀྱི་ཕྱོགས་ཆར་འཇིག་རྟེན་གྱི་ཁམས་གྲངས་མེད་པ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་འདས་པ་ན་འཇིག་རྟེན་གྱི་ཁམས་

བློ་གྲོས་རབ་གནས་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའི་རིགས་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་ནམ་མཁའི་རིགས་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བས་སྣང་བ་དེ་མཐོང་སྟེ། གསུང་བསལ་བའི་སྒྲ་དེ་ཡང་ཐོས་སོ། །

เล่ม ๔๘ · หน้า 57b

དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའི་རིགས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསུང་བསལ་བའི་སྒྲ་གྲག་པ་དེ་དང་། འོད་གདའ་བ་དེ་སུའི་ལགས། དེ་སྐད་

ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནམ་མཁའི་རིགས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་

འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་

ཀྱི་ཆོས་ཀྱང་སྟོན་ཏོ། །གསུང་བསལ་བའི་སྒྲ་གྲག་པ་དེ་དང་། འོད་སྣང་བ་དེ་ནི་བཅོམ་ལྡན་འདས་དེའི་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་ཟླ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེའི་ཐད་དུ་འཇིག་རྟེན་གྱི་

ཁམས་མི་མཇེད་དེར་བདག་མཆི་བར་བགྱིའོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེའི་དུས་ལ་ད་བབ་པར་ཤེས་ན་སོང་ཤིག །དེ་ནས་བཅོམ་ལྡན་འདས་དེས་སྐབས་ཕྱེ་ནས་བྱང་ཆུབ་སེམས་དཔའ་ཟླ་བས་བཅོམ་ལྡན་འདས་དེ་ལ་རྣམ་པར་བལྟས་ཏེ། བཅོམ་

ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་འགྲོ་བར་ཆས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནམ་མཁའི་རིགས་དེས་བྱང་ཆུབ་སེམས་དཔའ་ཟླ་བའི་ལག་པར་ལག་པ་ལྟ་བུའི་མེ་ཏོག་ཀུ་མུ་ད་བྱིན་ཏེ། འདི་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་

ཀྱིས་ལག་པ་ལྟ་བུའི་མེ་ཏོག་ཀུ་མུ་ད་འདི་བཅོམ་ལྡན་འདས་དེ་ལ་ཕུལ་ལ། བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་ནམ་མཁའི་རིགས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་

เล่ม ๔๘ · หน้า 58a

གསོལ་ལོ་ཞེས་དེ་སྐད་ཅེས་ཀྱང་གསོལ་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་ཟླ་བས་བཅོམ་ལྡན་འདས་དེའི་ལྟར་མཉན་ཏེ། ལེགས་སོ་ཞེས་གསོལ་ནས་སོང་སྟེ། དེ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་

འདས་ག་ལ་བ་དེར་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་ལག་པ་བསྐུམ་པ་རྐྱོང་བར་བྱེད་པའམ། ལག་པ་བརྐྱང་བ་སྐུམ་པར་བྱེད་པའི་སྐད་ཅིག་དེས་སོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་ཟླ་བས་ཕྱིན་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་

འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་ནམ་མཁའི་རིགས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ།

སྟོབས་དང་བདེ་བ་ལ་རེག་པར་གནས་སམ་ཞེས་སྙུན་གསོལ་ཞིང་། བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་དེས་ལག་པ་ལྟ་བུའི་ཀུ་མུ་ད་འདི་ཡང་བསྐུར་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཟླ་བའི་ལག་པ་ནས་ལག་པ་ལྟ་བུའི་ཀུ་མུ་ད་དེ་བཞེས་ཏེ། བཞེས་

ནས་ཀྱང་བཀའ་སྩལ་པ། ཟླ་བ་ཅི་བཅོམ་ལྡན་འདས་དེ་སྙུན་མི་མངའ་འམ། སྟོབས་དང་ལྡན་ནམ། བདེ་བ་དང་ལྡན་ནམ། འགྱུར་བ་མི་མངའ་འམ། བདེ་བར་རེག་པ་ལ་གནས་སམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །དེའི་ཚེ་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་

བཞི་ཁྲི་འདས་པ་ན་འཇིག་རྟེན་གྱི་ཁམས་སའི་སྙིང་པོ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་བསྒྲགས་པའི་སྟོབས་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་རྣམ་པར་བསྒྲགས་པ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་རྣམ་པར་བསྒྲགས་པས་སྣང་བ་ཆེན་པོ་དེ་མཐོང་སྟེ། གསུང་བསལ་བའི་སྒྲ་

เล่ม ๔๘ · หน้า 58b

དེ་ཡང་ཐོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་རྣམ་པར་བསྒྲགས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་བསྒྲགས་པའི་སྟོབས་ཀྱི་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་

ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་དེ་དང་། གསུང་བསལ་བའི་སྒྲ་དེ་སུའི་ལགས། དེ་ནས་བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་དེ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་

བཞི་ཁྲི་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་སེམས་ཅན་ཐམས་ཅད་

ཀྱི་བསམ་པ་ཡང་དག་པར་ཚིམ་པར་བྱེད་པའི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་ཀྱང་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་

བ་དང་། དཔེ་མེད་པ་སེམས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་བལྟ་བའི་སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་བདག་མཆི་བར་བགྱིའོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་དུས་ལ་ད་བབ་པར་ཤེས་ན་སོང་ཤིག །དེ་ནས་བཅོམ་ལྡན་

འདས་དེས་སྐབས་ཕྱེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་རྣམ་པར་བསྒྲགས་པས་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ཏེ། འཇིག་རྟེན་གྱི་ཁམས་མི་མཇེད་ག་ལ་བ་དེར་ཆས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོ་དེས་ཙན་དན་དམར་པོའི་ཐུམ་པོ་

བྱིན་ནས། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་ལ་འདི་ཕུལ་ཏེ། ཕུལ་ནས་ཀྱང་ངའི་ཚིག་གིས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ། ཞེས་སྙུན་གསོལ་ཅིག །དེ་ནས་བྱང་ཆུབ་

เล่ม ๔๘ · หน้า 59a

སེམས་དཔའ་ཡེ་ཤེས་རྣམ་པར་བསྒྲགས་པས་མཉན་ནས་ལེགས་སོ་ཞེས་གསོལ་ཏེ། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་ལག་པ་བསྐུམ་པ་རྐྱོང་བར་བྱེད་པའམ། ལག་པ་བརྐྱང་བ་སྐུམ་པར་བྱེད་པའི་སྐད་ཅིག་དང་། ཐང་ཅིག་དང་།

ཡུད་ཙམ་དེས་འཇིག་རྟེན་གྱི་ཁམས་འདིར་འོངས་སྟེ་། དེ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་

གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་རྣམ་པར་བསྒྲགས་པའི་སྟོབས་ཀྱི་རྒྱལ་པོ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཞིང་། བཅོམ་ལྡན་འདས་ལ་

བཅོམ་ལྡན་འདས་དེས་ཙན་དན་དམར་པོའི་ཐུམ་པོ་འདི་ཡང་བསྐུར་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཞེས་ཏེ། བཞེས་ནས་ཀྱང་བཀའ་སྩལ་པ། ཡེ་ཤེས་རྣམ་པར་བསྒྲགས་པ་ཅི་བཅོམ་ལྡན་འདས་དེ་སྙུན་མི་མངའ་འམ། སྟོབས་དང་ལྡན་ནམ། འགྱུར་བ་མི་མངའ་འམ།

གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །དེའི་ཚེ་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་སུམ་ཁྲི་དགུ་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་ཟླ་བ་འཕགས་པའི་འོད་ཟེར་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་འོད་ཟེར་རབ་ཏུ་བཏང་བ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་འོད་ཀྱི་དཀྱིལ་འཁོར་ཅན་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །བྱང་ཆུབ་སེམས་དཔའ་འོད་ཀྱི་

དཀྱིལ་འཁོར་ཅན་གྱིས་སྣང་བ་ཆེན་པོ་དེ་མཐོང་སྟེ། གསུང་བསལ་བའི་སྒྲ་དེ་ཡང་ཐོས་སོ། །དེ་ནས་བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཀྱི་དཀྱིལ་འཁོར་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་དེ་དང་། གསུང་བསལ་

เล่ม ๔๘ · หน้า 59b

སྒྲ་གྲག་པ་དེ་སུའི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་ཀྱི་དཀྱིལ་འཁོར་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་ཀྱི་དཀྱིལ་འཁོར་ཅན་ནུབ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་སུམ་ཁྲི་དགུ་སྟོང་

འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་

གྲངས་ཀྱི་ཆོས་ཀྱང་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཀྱི་དཀྱིལ་འཁོར་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་

དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་བལྟ་བའི་སླད་དུ་འཇིག་རྟེན་གྱི་ཁམས་དེར་བདག་མཆི་བར་བགྱིའོ། །བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེའི་དུས་ལ་ད་བབ་པར་ཤེས་ན་སོང་ཤིག །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་

ཟེར་རབ་ཏུ་བཏང་བས་བྱང་ཆུབ་སེམས་དཔའ་འོད་ཀྱི་དཀྱིལ་འཁོར་ཅན་ལ་པད་མ་ཆེན་པོ་གཅིག་བྱིན་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་ལ་པད་མ་ཆེན་པོ་འདི་ཕུལ་ལ། བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་འོད་ཟེར་རབ་ཏུ་བཏང་བ་གནོད་པ་ཆུང་ངམ། ཉམ་ང་

བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ལོ་ཞེས་དེ་སྐད་ཅེས་གསོལ་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་འོད་ཀྱི་དཀྱིལ་འཁོར་ཅན་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བསྐོར་བ་བྱས་ནས། འདི་ལྟ་སྟེ་དཔེར་

ན། སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་ཞེས་བྱ་བ་ནས་རྒྱས་པར་སྐད་ཅིག་དེས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་ཏེ། དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་བཅོམ་ལྡན་

เล่ม ๔๘ · หน้า 60a

འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་འོད་ཟེར་རབ་ཏུ་བཏང་བ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ། ཞེས་སྙུན་

གསོལ་ཞིང་། བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་དེས་པད་མ་ཆེན་པོ་འདི་ཡང་བསྐུར་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཞེས་ཏེ། བཞེས་ནས་ཀྱང་བྱང་ཆུབ་སེམས་དཔའ་འོད་ཀྱི་དཀྱིལ་འཁོར་ཅན་ལ་བཀའ་སྩལ་པ། འོད་ཀྱི་དཀྱིལ་འཁོར་ཅན་ཅི་བཅོམ་ལྡན་

འདས་སྙུན་མི་མངའ་འམ། སྟོབས་དང་ལྡན་ནམ། བདེ་བ་དང་ལྡན་ནམ། འགྱུར་བ་མི་མངའ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །དེའི་ཚེ་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་སུམ་ཁྲི་བརྒྱད་སྟོང་འདས་པ་ན་འཇིག་རྟེན་གྱི་

ཁམས་འདྲེན་པའི་རྒྱལ་མཚན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངེས་པར་འདྲེན་པའི་རྒྱལ་མཚན་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏེ། བཅོམ་ལྡན་འདས་དེས་ཀྱང་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་གོ་ཆ་མཐའ་ཡས་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་གོ་ཆ་མཐའ་ཡས་ཀྱིས་སྣང་བ་ཆེན་པོ་དེ་དང་། ས་གཡོ་བ་ཆེན་པོ་དེ་ཡང་མཐོང་སྟེ། མཐོང་ནས་ཀྱང་

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འདྲེན་པའི་རྒྱལ་མཚན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཀྱི་སྣང་བ་དེ་དང་དོག་ས་གཡོ་བ་དེ་དང་། གསུང་བསལ་བའི་སྒྲ་དེ་སུའི་ལགས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིན་པོ་ཆེའི་གོ་ཆ་མཐའ་ཡས་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་སུམ་ཁྲི་བརྒྱད་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

เล่ม ๔๘ · หน้า 60b

པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡང་དག་པར་ཚིམ་པར་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་ཀྱང་སྟོན་ཏེ། འོད་ཀྱི་སྣང་བ་དེ་དང་། གསུང་

བསལ་བའི་སྒྲ་དེ་ནི་དེའི་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་གོ་ཆ་མཐའ་ཡས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། བྱང་ཆུབ་

སེམས་དཔའ་དེ་དག་ཀྱང་བལྟ་བའི་སླད་དུ་འཇིག་རྟེན་གྱི་ཁམས་དེར་བདག་མཆི་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེའི་དུས་ལ་ད་བབ་པར་ཤེས་ན་སོང་ཤིག །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངེས་པར་འདྲེན་པའི་རྒྱལ་མཚན་གྱིས་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་གོ་ཆ་མཐའ་ཡས་ཀྱི་ལག་པར་ཀ་ཤི་ཀའི་གོས་གཅིག་བྱིན་ཏེ། ཁྱོད་ཀྱིས་བཅོམ་ལྡན་འདས་དེ་ལ་ཀ་ཤི་ཀའི་གོས་འདི་ཕུལ་ལ། ངའི་ཚིག་གིས་གནོད་

པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་གོ་ཆ་མཐའ་ཡས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་

ཏེ་སོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་གོ་ཆ་མཐའ་ཡས་འཇིག་རྟེན་གྱི་ཁམས་འདྲེན་པའི་རྒྱལ་མཚན་ནས་མི་སྣང་བར་གྱུར་ཏེ་འཇིག་རྟེན་གྱི་ཁམས་མི་མཇེད་དུ་འདུག་གོ། །དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་

ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་གོ་ཆ་མཐའ་ཡས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด