ตัวบทไม่มีชื่อ — ประโยคแรก: སངས་རྒྱས་ཀྱི་ཆོས་གསལ་ཞིང་ཡངས་པ་སྣང་བརྒྱད་ཅེས་བྱ་བའི་མདོ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐๑ · หน้า 235b

༄༅། །སངས་རྒྱས་ཀྱི་ཆོས་གསལ་ཞིང་ཡངས་པ་སྣང་བརྒྱད་ཅེས་བྱ་བའི་མདོ། བམ་པོ་གཅིག་གོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་

གིས་ཐོས་པ་དུས་གཅིག་ན། རིན་པོ་ཆེ་ཁང་པ་བརྩེགས་པའི་ནང་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་ཏེ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་དང་། ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པས་བཅོམ་ལྡན་འདས་ལ་མཆོད་ཅིང་བསྟོད་ནས། ཚོགས་མང་པོའི་

ནང་ནས་བྱང་ཆུབ་སེམས་དཔའ་ཐོགས་པ་མེད་པས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛམ་བུའི་གླིང་གི་སེམས་ཅན་རྣམས་སྐྱེ་ཤི་འཁོར་བ་ཐོག་མ་མེད་པ་ནས་འཁོར་ན། སེམས་ཅན་ཤེས་པ་དང་ལྡན་པ་ནི་ཉུང་།

མི་ཤེས་པ་ནི་མང་། ཚུལ་ཁྲིམས་སྲུང་བ་ནི་ཉུང་། ཚུལ་ཁྲིམས་མི་སྲུང་བ་ནི་མང་། བརྩོན་འགྲུས་ཅན་ནི་ཉུང་། ཡངས་ཤིང་གཡེང་བ་ནི་མང་། ཚེ་རིང་བ་ནི་ཉུང་། ཚེ་ཐུང་བ་ནི་མང་། ལོངས་སྤྱོད་དང་ལྡན་པ་ནི་ཉུང་། ལོངས་སྤྱོད་ཆུང་བ་ནི་མང་། བདེ་སྐྱིད་

เล่ม ๑๐๑ · หน้า 236a

པ་ནི་ཉུང་། སྡུག་བསྔལ་བ་ནི་མང་། བླ་མའི་བཅས་བཀའ་དང་ནན་ཏུར་ནི་ཕྱིར་ཞིང་ཕྱུང་། འོག་མ་ནི་སྡུག་བསྔལ་བརྒྱད་ལས་ཐར་མི་མྱོང་། ཆོས་མ་ཡིན་པ་ལ་ནི་ཡིན་ཞེས་ཟེར་ཏེ། ལོག་པར་ལྟ་བའི་སླད་དུ་སེམས་ཅན་མང་པོ་ཚེ་ཐུང་ཞིང་ཡེ་འདྲོག་

གིས་འགུམ་པ་དང་། སྡུག་བསྔལ་མང་པོ་ལས་ཐར་བར་བགྱི་ཞིང་ཕོངས་པ་རྣམས་བཟློག་པར་ཅི་གནང་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐོགས་པ་མེད་པ་དགེའོ་དགེའོ། །བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་སེམས་ཅན་མང་པོ་ལ་ཕན་པ་དང་།

སྙིང་རྗེའི་ཕྱིར་ཞུས་པ་ངས་བཤད་ཀྱིས་ཉོན་ཅིག །སྔོན་གྱི་སངས་རྒྱས་མང་པོས་ཀྱང་བཤད་པ་ཡིན་ནོ། །ད་ལྟར་ངས་ཀྱང་བཤད་ཀྱིས་ཉོན་ཅིག །མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བཤད་པའི་རིགས་སོ། །ཡང་སེམས་ཅན་གྱི་ནང་ན་མི་ལས་བཙུན་པ་མེད་

དེ། མིའི་ལུས་ཐོབ་ན་ཡང་ལེགས་པའི་དཔལ་ནི་སྤྱོད་མི་ནུས། ཡང་དག་པའི་ལྟ་བ་ལས་ནི་འགལ། སྒྱུ་དང་ལྷ་མ་ཡིན་ལ་སོགས་པ་ནི་སྡིག་པའི་རྣམ་པ་མང་པོས་བྱས་པས་སྣང་བརྒྱད་འདི་ཡི་དམ་དུ་བྱས་ཏེ་བཏོན་ན། དེའི་སྡིག་པ་དང་མི་དགེ་བའི་ལས་ཐམས་ཅད་ལས་ཐར་

བར་འགྱུར་རོ། །ཚེ་འཕེལ་ཞིང་ཡེ་འདྲོག་གིས་མི་ཚུགས་པར་འགྱུར་ཏེ། ཡོན་ཏན་དང་ལྡན་པར་འགྱུར་རོ། །ཚེ་ཟད་ན་ཡང་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་རོ། །མི་ལ་ལ་ཞིག་ལེགས་པའི་ཆོས་མི་སྤྱོད་པས་ནད་མང་པོ་དང་། ལྟས་ངན་སྣ་ཚོགས་འབྱུང་སྟེ།

ཤིན་ཏུ་སྡུག་བསྔལ་ཆེ་བ་ལས་དགེ་བའི་བཤེས་གཉེན་དང་ཕྲད་དེ། སྣང་བརྒྱད་འདི་ལན་གསུམ་བཀླགས་ན་ནད་མང་པོ་ཡང་སོས། ལྟས་ངན་སྣ་ཚོགས་ཀྱིས་ཀྱང་མི་སྡིག་གོ། །མཚམས་མེད་པ་ལྔའི་སྡིག་པ་ཡང་འབྱུང་པར་འགྱུར་རོ། །བྱམས་པ་དང་། སྙིང་རྗེ་དང་།

དགའ་བ་དང་། བཏང་སྙོམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱང་ཐོབ་པར་འགྱུར་རོ། །གང་ལ་ལ་ཞིག་ཕོ་སྨོས་མཚུངས་ཏེ། མཁར་ལན་ཞིག་གཡོ་བར་སེམས་ན་སྣང་བརྒྱད་ཀྱི་ཡི་གེ་འདི་ལན་གསུམ་བཀླགས་ན་རྩིག་པ་སློང་བ་དང་། སྒོ་གདོད་པ་དང་།

เล่ม ๑๐๑ · หน้า 236b

ཁྲོན་པ་རྐོ་བ་དང་། ཐབ་འཛུགས་པ་དང་། གཏུན་དང་། རང་ཐག་འཆའ་བ་དང་། རང་ཐག་འཆའ་བ་ཡང་རུང་། བང་མཛོད་དང་ཕྱུགས་ཀྱི་ར་བ་བརྩིག་ཀྱང་རུང་། ཤར་ནུབ་ལྷོ་བྱང་གི་ཕྱོགས་མཚམས་ཀྱི་ལྷ་དང་། གཟའ་དང་། རྒྱུ་སྐར་ངན་པ་དང་། དགྲ་

དང་། ཞིང་གཡང་དང་། སེར་པོ་གཟིག་གི་མཇུག་མ་འདྲ་བ་དང་། ས་གཉན་རྣམས་དང་། ས་སྣ་ལྔའི་ལྷ་དང་། འབྲུག་སྔོན་པོ་དང་། སྟག་སྐྱ་བོ་དང་། བྱ་དམར་མོ་དང་། རུ་སྦལ་ནག་པོ་དང་། གབ་རྩེ་དྲུག་གིས་བཀབ་ཅིང་བརྗོད་དུ་མི་རུང་བའི་ལས་

ཐམས་ཅད་བྱེད་པ་ཡང་ཐམས་ཅད་གཅོད་པ་དང་། དྲག་པོ་དང་། ལེགས་ཉེས་བྱེད་པ་དང་། གང་བ་དང་། མཉམ་པ་དང་། རྟག་པ་དང་། གཅིག་ཏུ་འཛིན་པ་དང་། གྱེས་པ་དང་། མཉན་པ་དང་། གྲུབ་པ་དང་། སྡུད་པ་དང་། སའི་བདག་པོ་དང་། ནག་པོ་

དང་། ཉེ་ནག་པོ་དང་། ལྷ་དང་། ཀླུ་དང་། འདྲེ་གདོན་ཐམས་ཅད་འབྱོལ་ཞིང་འབྲོས་སོ། །སོ་ནམ་བྱའོ་ཅོག་དང་། ལམ་ཉེ་ཞིང་གར་འགྲོ་ཡང་རུང་། སྣང་བརྒྱད་ལན་གསུམ་བཀླགས་ན་ཡུལ་བྱེས་གཉིས་སུ་ཉེས་པ་མེད་ཅིང་མྱུར་དུ་འཁོར་ཏེ། བུ་ཚ་ཕ་མ་ལ་སྲི་ཞུ་ཆེ་

བ་དང་། ཕྱུག་བཙན་པ་དང་། བདེ་ལེགས་སུ་འགྱུར་རོ། །དགོན་པའམ་གཅན་གཟན་གྱི་ནང་དུ་སོང་ན་ཡང་ཀླུ་དང་གཅན་གཟན་རྣམས་འབྱོལ་ཞིང་རང་འབྲོས་སོ། །ཁ་མཆུ་དང་བཙོན་དུ་བཟུང་ན་ཡང་མྱུར་དུ་རང་ཐར་རོ། །མེའི་ནང་དུ་སོང་ན་ཡང་མེས་མི་ཚུགས། ཆུའི་ནང་

དུ་སོང་ན་ཡང་ཆུས་མི་ཚུགས་སོ། །མཚོན་དང་དགྲས་མི་ཚུགས་སོ། །དུག་རྣམས་ཀྱང་ཁ་ཟས་བདུད་རྩི་བཞིན་དུ་འགྱུར་ཏེ། དུག་གིས་མི་ཚུགས་སོ། །སྣང་བརྒྱད་ཀྱི་ཡི་གེ་འདི་བུ་ཕོ་མོ་གང་གིས་ཕ་མ་ལ་སྡིག་ཏུ་དོགས་པའི་ཕྱིར་ལན་གསུམ་བཀླགས་ན་ཕ་མ་མནར་མེད་པ་

ལས་ཐར་ཏེ་མཐོ་རིས་སུ་སྐྱེའོ། །སྣང་བརྒྱད་ཀྱི་ཡི་གེ་འདི་གང་ན་གནས་པ་ན་བྱང་ཆུབ་སེམས་དཔའ་བརྒྱད་དང་། ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པས་མཆོད་པ་སྣ་ཚོགས་ཀྱིས་བརྒྱན་ཏེ་མཆོད་དོ། །

เล่ม ๑๐๑ · หน้า 237a

ཆོས་ཀྱི་མདོ་འདི་བཀླགས་ཤིང་རྒྱས་པར་བཤད་ན་དེ་བཞིན་གཤེགས་པའི་སྐུ་ཡིན་པར་བལྟའོ། །མིག་གིས་གཟུགས་སྣ་ཚོགས་འབྱེད་པའོ། །གཟུགས་ཉིད་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །རྣ་བས་སྒྲ་སྣ་ཚོགས་ཐོས་པའོ། །སྒྲ་ཉིད་སྟོང་པའོ། །སྟོང་

བ་ཉིད་སྒྲའོ། །སྣས་དྲི་སྣ་ཚོགས་ཚོར་བའོ། །དྲི་ཉིད་སྟོང་བའོ། །སྟོང་བ་ཉིད་དྲིའོ། །ལྕེས་རོ་སྣ་ཚོགས་འབྱེད་པའོ། །རོ་ཉིད་སྟོང་པའོ། །སྟོང་པ་ཉིད་རོའོ། །ལུས་ཀྱིས་རེག་བྱ་སྣ་ཚོགས་འབྱེད་པའོ། །རེག་བྱ་ཉིད་སྟོང་པའོ། །སྟོང་པ་ཉིད་རེག་བྱའོ། །ཡེ་ཤེས་ནི་སྟོང་

པའོ། །སྟོང་བ་ཉིད་ཀྱང་ཡེ་ཤེས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཐོགས་པ་མེད་པའི་བྱང་ཆུབ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །མི་ཚེ་གཅིག་ལ་སྐྱེ་ཞིང་འཆི་བ་ལས་དཀའ་བ་མ་མཆིས་ན། སྐྱེ་བའི་ཚེ་ཡང་ཉི་མ་མ་བདམས་པར་སྐྱེ། འཆི་བའི་ཚེ་ཡང་ཉི་མ་མ་བདམས་པར་

འཆི་ན་ཤི་བའི་འོག་ཏུ་ཤིང་གཏོར་བགྱིད་པའི་ཚེ་དུས་བཟང་ངན་མ་བདམས་ནས་ཤིང་བགྱིས་ན་ཉེས་པ་མང་པོ་འབྱུང་སྟེ། རབས་ཆད་པ་དང་། དབུལ་ཕོངས་པ་དང་། ཁ་མཆུ་མང་པོ་འབྱུང་ན་འདི་ཅིའི་སླད་དུ་འབྱུང་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་

ཅན་ཤིང་གཏོར་བྱེད་པའི་ཕྱིར་དྲིས་པ་ཤིན་ཏུ་དགེའོ། །ཡང་གནམ་ས་གཉིས་ནི་ཤིས། ཉི་ཟླ་གཉིས་ནི་དགེ་ཞིང་སྣང་། མིའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ནི་ཤིན་ཏུ་བྱམས་ཤིང་སྙིང་རྗེ་ཆེ་སྟེ། སེམས་ཅན་ཀུན་ལ་བུ་གཅིག་པ་བཞིན་དུ་མཉམ་པར་བལྟས་ཤིང་། ཡུལ་ཆོས་བཟང་པོ་

བསྟན་ན་མི་དགེ་བའི་ལྷ་མ་སྲིན་དང་། ཡི་དགས་ཀུན་པོས་ཤིང་མཆོད་པས། འདྲེ་གདོན་གྱི་རྣམ་པ་རྣམས་མི་ཟས་བཟང་པོ་ཞིམ་པོ་བདར་བས་ཆགས་ཏེ། མི་ལ་ནི་སྡུག་བསྔལ་སྣ་ཚོགས་འབྱུང་། དམ་པའི་ཆོས་ལ་ནི་ཡིད་མ་ཆེས། འདྲེ་གདོན་གྱི་ཆོས་ལ་ནི་སྲོག་གིས་མཆོད་ནས། དམར་

གསུམ་དབྲལ་དུ་ཟ་བ་ལ་ནི་ཡིད་ཆེས་ཏེ་ལོག་པར་བལྟས་ཤིང་སྤྱད་པས་རབས་ཆད་པ་དང་། དབུལ་ཕོངས་པ་དང་། ཉེས་པ་སྣ་ཚོགས་འབྱུང་ངོ་། །བུ་ཕོ་མོ་འབྱུང་བའི་ཚེ་སྣང་བརྒྱད་ལན་གསུམ་བཀླགས་ན་བུ་བཙའ་སླ། ཡིད་གཞུངས་མཚན་དང་ལྡན། མིའམ་ཅི་ལ་སོགས་པས་མདངས་

เล่ม ๑๐๑ · หน้า 237b

མི་འཕྲོག་ཅིང་། ཡེ་འདྲོག་གིས་འཆི་བར་མི་བྱེད་དོ། །དུས་ལ་བབ་སྟེ་ཤི་བར་གྱུར་ན་ཡང་སྣང་བརྒྱད་ལན་གསུམ་བཀླགས་ན་ཕྱི་མ་ལ་གནོད་པ་སྣ་གཅིག་ཀྱང་མི་འབྱུང་ངོ་། །ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། །དགྲ་བཅོམ་ཐམས་ཅད་ཟག་པ་ཟད། །སངས་

རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །ཤིད་བྱེད་པ་ཡང་ཡོ་བྱད་ཅི་འབྱོར་པ་དང་། ནམ་ནུས་པ་ན་སྣང་བརྒྱད་ལན་གསུམ་བཀླགས་ནས་ཤིད་བྱས་ན་ཤི་བ་ཡང་མཐོ་རིས་སུ་སྐྱེའོ། །བུ་ཚ་དང་གཉེན་རྣམས་ཀྱང་ཕྱུག་བཙན་པར་འོང་ངོ་། །མ་ཆད་པ་ཡང་ཤར་ལྷོ་ནུབ་བྱང་འདྲི་ཞིང་བརྟག་མི་དགོས་ཀྱིས།

ས་གར་བདེ་བ་དང་། མི་གར་དགའ་བར་ལྷ་བཙུན་ཡང་དེར་དགའ་ཡིས། དྷརྨ་ལན་གསུམ་བཀླགས་ཏེ་མ་ཆད་པ་དེར་བརྩིགས་ན་ནམ་དུ་ཡང་ཉེས་པ་མེད་དེ། སྒོ་ནི་ཕྱུག་མི་ནི་དར་ཞིང་བཀྲ་ཤིས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བཙལ་

བའི་ཉི་མ་ཤིན་ཏུ་དགེ། །བདུར་བའི་ཉི་མ་ཡོངས་སུ་བཟང་། །གསོན་གཤིན་ཆེད་དུ་འདི་བཀླགས་ན། །བསོད་ནམས་ཆེན་པོ་ཐོབ་པར་འགྱུར། །ཡི་གེ་འདི་བཀླགས་ཤིང་ཤིད་བྱས་ན་ལོ་སྟོང་གི་བར་དུ་ཕྱུག་བཙན་པར་འོང་ངོ་། །དེའི་ཚེ་སེམས་ཅན་ཕལ་མང་བོ་བདུན་ཁྲི་བདུན་

སྟོང་སྙེད་སེམས་ནི་གྲོལ་ཡིད་ནི་བདེ་སྟེ། ཆོས་ཀྱི་མིག་རྡུལ་མེད་ཅེས་པ་ཐོབ་ཅིང་སྤྱད་ཅིང་། ཡང་བཅོམ་ལྡན་འདས་མི་གཉེན་བགྱིད་པ་སྔར་འཕྲོད་འཕྲོད་མི་འདྲ་ལ་ཕྱིས་ཉི་མ་བདམས་ཏེ་གདོད་གཉེན་བགྱིད་ན། གཉེན་བགྱིས་པའི་འོག་ཏུ་ཕྱུག་ཅིང་བཙན་པ་ནི་ཉུང་། དབུལ་ཞིང་

ཕོངས་པ་ནི་མང་། ལོག་པར་ལྟ་བར་ནི་མཚུངས་པ། ཅིའི་ཕྱིར་ན་ཐ་དད་པར་མཆིས། བཅོམ་ལྡན་འདས་ཕལ་མང་པོ་ལ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནམ་ནི་སྟངས། ས་ནི་འབྱལ། ཟླ་བ་ནི་ཕོ། ཉི་མ་ནི་མོ། གནམ་ས་གཉིས་ནི་

འབྱོར་ན་རྩི་ཤིང་ཐམས་ཅད་སྐྱེའོ། །ཉི་ཟླ་གཉིས་ཉིན་རེས་ཀྱིས་འཁོར་ན་དུས་བཞི་ཚིགས་བརྒྱད་མངོན་པར་སྣང་ངོ་། །མེ་ཆུ་གཉིས་ཚོགས་ན་སྐྱེ་བ་ཐམས་ཅད་དུས་བཞིན་དུ་འབྱུང་ངོ་། །ཕོ་མོ་གཉིས་འདུམ་ཞིང་འབྱོར་ན་བུ་ཚ་མཛངས་སུ་སྐྱེའོ། །དགེ་བ་སྤྱོད་ཅིང་མི་ལུས་ཐོབ་པ་ནི་

เล่ม ๑๐๑ · หน้า 238a

སེན་མོའི་སྟེང་དུ་རྡུལ་ཆགས་པ་དང་འདྲའོ། །མི་དགེ་བ་སྤྱོད་ཅིང་ཡི་དགས་དང་བྱོལ་སོང་དང་། སེམས་ཅན་དམྱལ་བ་མང་པོར་སྐྱེ་བར་འགྱུར་བ་ནི་ས་གཞི་དང་འདྲ་བར་མང་པོར་འགྱུར་རོ། །གཉེན་བྱེད་པའི་ཚེ་དང་། བུ་བཙའ་བའི་ཚེ་སྣང་བརྒྱད་ལན་གསུམ་

བཀླགས་ན་དེའི་དགེ་བའི་རྩ་བ་གཅིག་གིས་གཅིག་བསྐྱེད་ནས་སྲིད་ཀྱི་སྒོ་ནི་མཐོ། མི་ནི་བཙན། བུ་ཚ་ནི་འཕན་ཞིང་མཛངས་ལ་སྲི་ཞུ་ཆེ། ལེགས་པའི་དཔལ་དང་ལྡན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་རྣམས་བཞེངས་པའི་མཚན་ལ་བྱང་ཆུབ་སེམས་དཔའ་བླ་ན་

མེད་པ་དང་། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་། བྱང་ཆུབ་སེམས་དཔའ་སྤྱན་རྣམ་པར་དག་པ་དང་། བྱང་ཆུབ་སེམས་དཔའ་རི་བོའི་དཔལ་དང་། བྱང་ཆུབ་སེམས་དཔའ་སྐྱབས་ཆེན་དང་། བྱང་ཆུབ་སེམས་དཔའ་འཁོར་ལོའི་རྒྱལ་པོ་དང་། བྱང་ཆུབ་

སེམས་དཔའ་དྲི་མ་དག་པ་དང་། བྱང་ཆུབ་སེམས་དཔའ་མཐུན་སྦྱོར་དང་བརྒྱད་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བདག་ཅག་གི་སྔ་མ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཐོས་པའི་སྔགས་ཀྱི་སྙིང་པོ་བརྗོད་ཅིང་གསོལ་ན། བྱིན་གྱིས་བརླབ་ཏུ་གསོལ།

ཨོཾ་ཨཱ་ཀ་ནི། ནི་ཀ་ནི། ཨཱ་པཱི་ལ། མན་དྷ་ལེ། མན་དྷ་ལེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་བཀའ་དང་གསང་སྔགས་འདི་ལས་ལོག་པ་དང་། འདའ་བ་ཞིག་མཆིས་ན་མགོ་ཚལ་པ་བདུན་དུ་འགས་ཤིང་ལུས་ཀྱི་ཡན་ལག་ཚིག་པར་འགྱུར་རོ། །ཡང་ཐོགས་པ་མེད་པའི་བྱང་

ཆུབ་སེམས་དཔས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡི་གེ་འདི་ཇི་ལྟར་སྣང་བརྒྱད་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣང་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལ། བརྒྱད་ཅེས་བྱ་བ་ནི་བྱེ་བྲག་འབྱེད་པའོ། །ཐེག་པ་ཆེན་པོའི་མདོ་བྱ་བ་བྱེད་པའི་

གཞུང་སྣང་ཞིང་ཤེས་ཏེ་རྣམ་པར་ཤེས་པའི་རྒྱུ་རྐྱེན་གཅིག་གིས་གཅིག་སྟོང་པས་ཡི་གེ་དང་ཆོས་སུ་ཡོད་དེ། མིང་སྣང་བརྒྱད་ཀྱི་ཡི་གེ་ཞེས་བྱའོ། །མིག་གཟུགས་རྣམ་པར་ཤེས་པ་ཡིན། རྣ་བ་སྒྲ་རྣམ་པར་ཤེས་པ་ཡིན། སྣ་དྲི་རྣམ་པར་ཤེས་པ་ཡིན། ལྕེ་རོ་རྣམ་པར་ཤེས་པ་

เล่ม ๑๐๑ · หน้า 238b

ཡིན། ལུས་རེག་བྱ་རྣམ་པར་ཤེས་པ་ཡིན། ཡིད་བྱེ་བྲག་འབྱེད་པའི་རྣམ་པར་ཤེས་པ་ཡིན། སྔ་མ་དྲུག་ཤེས་ཤིང་འབྲེལ་པར་ཤེས་པ་ནི་ཐ་མི་དད་དེ་ཀུན་གཞི་རྣམ་པར་ཤེས་པ་དང་བརྒྱད་དོ། །རྣམ་པར་ཤེས་པ་བརྒྱད་ཀྱི་རྩ་བ་དང་། དངོས་པོ་སྟོང་ཞིང་ཞི་བ་ཡིན་ཏེ། དེར་

དམིགས་ན་མིག་གི་རྣམ་པར་ཤེས་པ་ནི་སྣང་བའི་བྱང་ཆུབ་སེམས་དཔའོ། །རྣ་བའི་རྣམ་པར་ཤེས་པ་ནི་སྒྲ་གྲག་པའི་བྱང་ཆུབ་སེམས་དཔའོ། །སྣ་ནི་དྲི་སྣ་ཚོགས་འབྱེད་པའི་བྱང་ཆུབ་སེམས་དཔའོ། །ལྕེ་ནི་རོ་རྟོག་པའི་བྱང་ཆུབ་སེམས་དཔའོ། །ལུས་ནི་འཇམ་རྩུབ་

འབྱེད་པའི་རྣམ་པར་སྣང་མཛད་དོ། །རྣམ་པར་སྣང་མཛད་ནི་མཆོག །གཙང་རྣམ་པར་སྣང་མཛད་དང་། མེ་ལོང་ལྟ་བུའི་རྣམ་པར་སྣང་མཛད་དང་། འོད་རྣམ་པར་སྣང་མཛད་དང་། ཡིད་མི་གཡོ་བར་ཡང་དག་པར་ཤེས་པའོ། །སེམས་ནི་རྣམ་པར་དམིགས་པའི་དབྱིངས་སོ། །

ཀུན་གཞི་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཐར་པ་ཆེན་པོ་སྟེ། སངས་རྒྱས་ཀྱི་ཆོས་སོ། །མཚན་ནི་སྟོང་པའི་མཛོད་ཅེས་བྱའོ། །མི་ལ་ལ་ཞིག་ཁྱིམ་སར་བ་བརྩིག་གམ། ཁྱིམ་སར་པར་ཞུགས་ཏེ་བཀྲ་ཤིས་པར་འདོད་ན་སྣང་བརྒྱད་ལན་གསུམ་བཀླགས་ན་བཀྲ་ཤིས་པར་འགྱུར་རོ། །

སྣང་བརྒྱད་ཡི་གེར་བྲིས*་སམ། བཀླགས་སམ། ཁ་ཏོན་དུ་བཏོན་ན། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །ཆོས་ཀྱི་མདོ་འདི་བཤད་པའི་ཚེ་དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ་དང་། མི་དྲུག་ཁྲི་དྲུག་སྟོང་

གིས་ཆོས་ཟག་པ་མེད་པའི་གཟུངས་ཐོབ་བོ། །ས་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །གྲངས་མེད་པའི་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། མི་དང་མི་མ་ཡིན་པ་ལ་སོགས་ཏེ། ཆོས་ཀྱི་མིག་

གཙང་མ་ཐོབ་བོ། །བྱང་ཆུབ་སེམས་དཔའི་ཆོས་བྱེད་དོ། །སེམས་ཅན་ཕལ་བ་བརྒྱད་ཁྲི་ཆིག་སྟོང་གིས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ལ་སོགས་པ་ཐམས་ཅད་ཀྱིས་བཅོམ་

เล่ม ๑๐๑ · หน้า 239a

ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་སྣང་བརྒྱད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด