འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ད་ཤ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱར་མི་ཏཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๓๒ · หน้า 202b

མི་རྟོག་པ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཡིན་ན། འགྲོ་བ་ལྔའི་འཁོར་བའི་འཁོར་ལོ་འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་ཀྱི་འཇིག་རྟེན་དང་། ལྷའི་འཇིག་རྟེན་དང་། མིའི་འཇིག་རྟེན་དུ་བཅས་

པ་ཐ་དད་པ་འདི་ཅི་ལས་གྱུར། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སུ་རྣམ་པར་དབྱེ་བ་འདི་ཅི་ལས་

གྱུར། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སེམས་ཅན་གང་དག་ཕྱིན་ཅི་ལོག་གིས་ཀུན་ནས་བསླང་བའི་ལུས་སམ། ངག་གམ། ཡིད་ཀྱིས་ལས་མངོན་པར་འདུ་བྱེད་པ་དེ་དག་ནི་འདུན་པའི་རྩ་བ་

ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་བཟུང་བས་འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་དང་མིའི་གཟུགས་ཀྱི་སྐྱེ་མཆེད་དེ་ལྟ་བུ་དེ་དག་མངོན་པར་འགྲུབ་པར་བྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་འདི་སྐད་དུ་རྒྱུན་དུ་ཞུགས་པ་རྣམས་

སུ་རྣམ་པར་དབྱེ་བ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བར་དུ་རྣམ་པར་དབྱེ་བ་འདི་དག་ཅི་ལས་གྱུར་ཅེས་སྨྲས་པ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྒྱུན་དུ་ཞུགས་པ་ནི་རྣམ་པར་མི་རྟོག་པ་ཡིན་ཞིང་། རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་

རྣམ་པར་མི་རྟོག་པ་ཡིན་ནོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་དང་། རང་བྱང་ཆུབ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་

རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྣམ་པར་མི་རྟོག་པ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་འདས་པའི་དུས་ན་བྱུང་བར་གྱུར་པ་དེ་དག་ཀྱང་རྣམ་པར་རྟོག་པ་མི་མངའ་བར་

เล่ม ๓๒ · หน้า 203a

འགྱུར་ཞིང་། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་དག་ཡིན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བ་དེ་དག་ཀྱང་རྣམ་པར་རྟོག་པ་མི་མངའ་བར་འགྱུར་ཞིང་། རྟོག་པ་དང་རྣམ་པར་རྟོག་པ་

ཐམས་ཅད་སྤངས་པ་དག་ཡིན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་ད་ལྟ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་བཞུགས་ཤིང་གཞེས་ལ། ཆོས་སྟོན་པ་དེ་དག་ཀྱང་རྣམ་པར་རྟོག་པ་མི་མངའ་བར་བཞུགས་ཤིང་རྣམ་

པར་རྟོག་པ་ཐམས་ཅད་སྤངས་པ་ཡིན་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། འདི་ལྟར་རྣམ་པར་མི་རྟོག་པའི་དེ་བཞིན་ཉིད་ཚད་མར་བྱས་ཤིང་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཡང་དག་པའི་མཐའ་དང་། རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཚད་མར་བྱས་ནས། ཆོས་ཐམས་ཅད་རྣམ་པར་

རྟོག་པ་མེད་པ་དེ་ལྟར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་རྣམ་པར་མི་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། རྣམ་པར་མི་རྟོག་པའི་ཆོས་ཐམས་ཅད་

མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ཅི་སྙིང་པོའི་ཆོས་ལ་སྤྱོད་དམ། འོན་ཏེ་སྙིང་

པོ་མེད་པའི་ཆོས་ལ་སྤྱོད་པ་ཡིན། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི། སྙིང་པོ་མེད་པའི་ཆོས་ལ་སྤྱོད་པ་

ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྙིང་པོ་མེད་པ་ཡིན། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་

เล่ม ๓๒ · หน้า 203b

ཕྱིན་པ་ནི་སྙིང་པོ་མེད་པ་ཡིན། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྙིང་པོ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྙིང་པོ་མེད་པ་ཉིད་ཀྱང་མི་དམིགས་ཤིང་ཡང་

དག་པར་རྗེས་སུ་མི་མཐོང་ན། སྙིང་པོ་དམིགས་པའམ། མཐོང་བར་ལྟ་ག་ལ་འགྱུར། སྙིང་པོ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་བར་དུ་མི་དམིགས་ཤིང་། ཡང་དག་པར་རྗེས་སུ་མི་མཐོང་བ་ནས། སྙིང་པོ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་ཤིང་ཡང་

དག་པར་རྗེས་སུ་མི་མཐོང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་པའམ། མཐོང་བར་ལྟ་ག་ལ་འགྱུར་བའི་ཕྱིར་རོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷའི་བུ་རབ་ཏུ་མང་པོ་དག་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་

དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་པ་དང་། ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡང་སྤྱོད་ལ་དོན་དེ་ལ་སྤྱོད་པ་ན་ཡང་ཡང་དག་པའི་མཐའ་མངོན་སུམ་དུ་མ་བྱས་པས། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་

གནས་པར་མི་འགྱུར་བ་དེ་དག་ནི་ཕྱག་བྱ་བར་འོས་པ་ཡིན་ཏེ། རྣམ་གྲངས་དེས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཆོས་ཐམས་ཅད་མཉམ་པ་ཉིད་འདི་དག་མངོན་སུམ་དུ་མི་བྱེད་པ་དེ་དག་ནི་ཕྱག་བྱ་བར་འོས་པ་ཡིན་ནོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷ་དེ་དག་ལ་འདི་

སྐད་ཅེས་སྨྲས་སོ། །ཀྱེ་ལྷའི་བུ་དག་གང་དགེ་བའི་ཆོས་མཉམ་པ་ཉིད་གང་མངོན་སུམ་དུ་བྱས་པས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བའི་ཆོས་མཉམ་པ་ཉིད་འདི་དག་མངོན་སུམ་དུ་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་དེ་དག་གི་ངོ་མཚར་གཅིག་དཀའ་བ་བྱེད་པ་མ་ཡིན་

གྱི། ལྷའི་བུ་དག་གང་སེམས་ཅན་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་ཚད་མེད་པ་དག་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་གོ་ཆ་གྱོན་པར་བྱེད་ལ། གང་དག་ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་བའི་སེམས་ཅན་དེ་དག་ཀྱང་ཤིན་ཏུ་མི་དམིགས་པ་ནི་དེ་དག་གི་མཆོག་ཏུ་དཀའ་བ་བྱེད་པ་ཡིན་ཏེ།

เล่ม ๓๒ · หน้า 204a

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སེམས་ཅན་ཐམས་ཅད་གདུལ་བར་འདོད་པར་སེམས་ཏེ་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས། སེམས་ཅན་ཐམས་ཅད་གདུལ་བར་བྱའོ་སྙམ་ནས་གོ་ཆ་བགོས་པ་དེ་དག་ནི་ནམ་མཁའ་

གདུལ་བར་འདོད་པར་སེམས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་དབེན་པའི་ཕྱིར་སེམས་ཅན་དབེན་པར་བལྟ་བར་བྱ་བ་དང་། དེ་བཞིན་དུ་ནམ་མཁའ་སྟོང་པ་ཉིད་ཀྱི་ཕྱིར་སེམས་ཅན་སྟོང་པ་ཉིད་དུ་བལྟ་བར་བྱ་བ་དང་། ནམ་མཁའ་སྙིང་པོ་མེད་པའི་ཕྱིར་སེམས་ཅན་སྙིང་པོ་མེད་པ་ཉིད་དུ་བལྟ་

བར་བྱ་བའི་ཕྱིར་ཏེ། ལྷའི་བུ་དག་རྣམ་གྲངས་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཡོད་པ་མ་ཡིན་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་སྙིང་རྗེ་ཆེན་པོའི་གོ་ཆ་གྱོན་པ་རྣམས་ནི་དཀའ་བ་བྱེད་པ་ཡིན་ནོ། །གང་ཞིག་སེམས་ཅན་རྣམས་ཀྱི་ཆེད་དུ་སྙིང་རྗེ་ཆེན་པོའི་གོ་ཆ་བགོ་

བར་སེམས་པ་དེ་ནི་ནམ་མཁའ་དང་འཐབ་པར་འདོད་དུ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་བགོས་པ་དེས་ནི་གང་དག་གི་དོན་དུ་གོ་ཆ་བགོས་པའི་སེམས་ཅན་དེ་དག་ཀྱང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་དབེན་པའི་ཕྱིར་གོ་ཆ་དབེན་པར་བལྟ་བར་བྱ་བའི་

ཕྱིར་རོ། །གལ་ཏེ་དེ་སྐད་བཤད་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ཞུམ་ཞིང་ཀུན་ཏུ་མི་ཞུམ་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་དབེན་པ་གང་ཡིན་པ་དེ་སེམས་ཅན་དབེན་པ་ཉིད་ཡིན་པ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་

ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དབེན་པ་གང་ཡིན་པ་དེ་སེམས་ཅན་དབེན་པ་ཉིད་ཡིན་པ་དང་། དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དབེན་པ་གང་ཡིན་པ་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་དབེན་པ་ཉིད་ཡིན་པ་དང་། དེ་བཞིན་དུ་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་གོང་མ་བཞིན་དུ་སྦྱར་བར་བྱ་བའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དབེན་པ་ཉིད་དུ་བསྟན་པ་ན། སེམས་མི་ཞུམ་མི་འགོང་ཞིང་མི་སྐྲག་མི་དངང་ལ་དངང་བར་མི་འགྱུར་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་

เล่ม ๓๒ · หน้า 204b

ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཞུམ་པར་མི་འགྱུར་བ་ཡིན། གསོལ་པ། བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་མ་མཆིས་

པའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཞུམ་པར་མི་འགྱུར་བ་ལགས་སོ། །དེ་བཞིན་དུ་ཆོས་ཐམས་ཅད་དབེན་པའི་སླད་དུ་དང་། ཞི་བའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་

འདི་ལ་ཞུམ་པར་མི་འགྱུར་ཏེ། བཙུན་པ་བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཞུམ་པར་མི་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་གང་དག་གིས་ཞུམ་པར་

འགྱུར་བའམ། གང་ཞིག་ཞུམ་པར་འགྱུར་བ་དང་། གང་དུ་ཞུམ་པར་འགྱུར་བའི་ཆོས་ཐམས་ཅད་དམིགས་སུ་མ་མཆིས་པའི་སླད་དུའོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་དེ་སྐད་བཤད་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྱིད་ལུག་པ་མ་མཆིས་ཤིང་། མི་ཞུམ་མི་འགོང་

ཀུན་ཏུ་མི་འགོང་སྟེ། མི་སྐྲག་མི་དངང་ལ་དངང་བར་མི་འགྱུར་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གང་ཞིག་ཞུམ་པར་འགྱུར་བ་དང་། གང་གིས་ཞུམ་པར་འགྱུར་བ་དང་། གང་དུ་ཞུམ་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་དམིགས་སུ་

མ་མཆིས་པའི་སླད་དུའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ལ་ནི་དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པ་དང་། སྐྱེ་དགུའི་བདག་པོ་དང་བཅས་པའི་ལྷ་རྣམས་རྟག་ཏུ་ཕྱག་བགྱིད་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་

འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ལ་ནི། དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པའི་ལྷ་རྣམས་དང་།

เล่ม ๓๒ · หน้า 205a

སྐྱེ་དགུའི་བདག་པོ་དང་བཅས་པའི་ལྷ་རྣམས་ཉི་ཚེས་རྟག་ཏུ་ཕྱག་བྱེད་པར་འགྱུར་བར་མ་ཟད་ཀྱི། རབ་འབྱོར་མངོན་པར་འཕགས་པའི་ལྷ་འདི་ལྟ་སྟེ། དགེ་རྒྱས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། གནས་གཙང་མའི་ལྷ་གང་དག་ཡིན་པ་དེ་དག་

ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ལ་རྟག་ཏུ་ཕྱག་འཚལ་བར་བྱེད་དོ། །རབ་འབྱོར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་ཚད་མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་

ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་གཞེས་ལ་ཆོས་སྟོན་པ་གང་དག་ཡིན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །

དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་རྟག་ཏུ་དགོངས་པར་མཛད་དོ། །རབ་འབྱོར་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་ཉིད་དུ་ཞུགས་པར་གཟུང་བར་བྱའོ། །རབ་འབྱོར་གལ་ཏེ་

འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་ཡོད་པ་དེ་སྙེད་བདུད་སྡིག་ཅན་དུ་གྱུར་ལ། བདུད་རེ་རེས་ཀྱང་བདུད་སྡིག་ཅན་དེ་སྙེད་མངོན་པར་སྤྲུལ་ཏེ། དེ་དག་ཐམས་ཅད་བྱུང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ཆད་བྱ་བར་མི་ནུས་སོ། །ཡང་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཉིས་དང་ལྡན་ན་བདུད་ཐམས་ཅད་ཀྱིས་མི་ཐུལ་བ་ཡིན་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཆོས་

เล่ม ๓๒ · หน้า 205b

ཐམས་ཅད་ལ་སྟོང་པ་ཉིད་དུ་རྣམ་པར་བལྟ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཉིས་དང་ལྡན་ན། བདུད་ཐམས་ཅད་ཀྱིས་མི་ཐུལ་བ་ཡིན་ནོ། །གཉིས་གང་ཞེ་ན། འདི་ལྟ་སྟེ།

ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པ་ཡིན་ཏེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ལྷ་དེ་དག་འོང་བར་སེམས་ཏེ། ཉེ་བར་འོངས་ནས་ཀྱང་བསྙེན་བཀུར་བྱེད་པར་འགྱུར། ཡོངས་སུ་ཞུ་བ་དང་།

ཡོངས་སུ་འདྲི་བ་བྱེད་པར་འགྱུར་ལ། ཀྱེ་རིགས་ཀྱི་བུ་ཁྱོད་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་གནས་པ་དང་། མཚན་མ་མེད་པའི་གནས་པ་དང་། སྨོན་པ་མེད་པའི་གནས་པ་འདི་དག་ཉིད་ཀྱིས་གནས་པར་གྱིས་ཤིག་དང་། རིགས་ཀྱི་བུ་ཁྱོད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྟར་ཁྱོད་གནས་པ་འདིས་གནས་ན། གནས་མེད་པ་རྣམས་ཀྱི་གནས་དང་། གླིང་མེད་པ་རྣམས་ཀྱི་གླིང་དང་། མུན་པ་ན་འདུག་པའི་སེམས་ཅན་རྣམས་ཀྱི་སྣང་བ་བྱེད་པར་འགྱུར་བའི་ཕྱིར་རོ་ཞེས་སྤྲོ་བ་སྐྱེད་པར་འགྱུར་

རོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རིགས་ཀྱི་བུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་འདིས་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད། གྲངས་མེད་ཚད་མེད་པ་དག་ན། སངས་

རྒྱས་བཅོམ་ལྡན་འདས་བཞུགས་ཤིང་གཞེས་ལ་ཆོས་སྟོན་པ། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་བ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་མིང་དང་། རུས་ཡོངས་སུ་རྗོད་ཅིང་ཆོས་སྟོན་ལ། ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་

པ་མཛད་པའི་ཕྱིར་རོ། །རབ་འབྱོར་དཔེར་ན། ང་ད་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེ་ཏོག་གི་མིང་དང་། རུས་ཡོངས་སུ་རྗོད་ཅིང་ཆོས་སྟོན་ལ། ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པ་མཛད་པ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ཏོར་ཅན་གྱི་

เล่ม ๓๒ · หน้า 206a

མིང་དང་རུས་ཡོངས་སུ་རྗོད་ཅིང་ཆོས་སྟོན་ལ། ཆེད་དུ་བརྗོད་པ་ཆེད་དུ་རྗོད་པ་དང་། ང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

འདི་ཉིད་ལ་བརྟེན་ནས་ཚངས་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་མིང་དང་། རུས་ཡོངས་སུ་རྗོད་ཅིང་ཆོས་སྟོན་ལ། ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་པ་བཞིན་ནོ། །རབ་འབྱོར་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་

འདས་བཞུགས་ཤིང་གཞེས་ལ་ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་གང་དག་ཡིན་པ་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་དེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བརྩམས་ཏེ། ཚངས་པར་སྤྱད་པ་སྤྱོད་པ་དེ་དག་གི་མིང་དང་། རུས་

ཡོངས་སུ་རྗོད་ཅིང་ཆོས་སྟོན་ལ། ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པར་མཛད་དོ། །དེ་བཞིན་དུ་སྦྱར་ཏེ། ལྷོ་ཕྱོགས་ན་གང་དག་ཡིན་པ་དང་། ནུབ་ཕྱོགས་ན་གང་དག་ཡིན་པ་དང་། བྱང་ཕྱོགས་ན་གང་དག་ཡིན་པ་དང་། ཕྱོགས་མཚམས་བཞིན་གང་དག་ཡིན་པ་དང་། འོག་གི་ཕྱོགས་ན་གང་དག་ཡིན་པ་

དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་ཤིང་གཞེས་ལ་ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་གང་དག་ཡིན་པ་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་དེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་འདི་ཉིད་ལས་བརྩམས་ཏེ། ཚངས་པར་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་མིང་དང་རུས་ཡོངས་སུ་རྗོད་ཅིང་ཆོས་སྟོན་ལ། ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པར་མཛད་དོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་

བཅོམ་ལྡན་འདས་བཞུགས་པ་གང་དག་ཡིན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་བྱེད་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་

เล่ม ๓๒ · หน้า 206b

མཁྱེན་པ་ཉིད་ཀྱང་རྗེས་སུ་འཐོབ་པར་འགྱུར་བ་དེ་དག་གི་མིང་དང་རུས་ཀྱང་ཡོངས་སུ་རྗོད་ཅིང་ཆོས་སྟོན་ལ། ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དེ་ལྟར་དཀའ་བ་བྱེད་པ་ཡིན་ཏེ། འདི་ལྟར་སངས་རྒྱས་ཀྱི་གདུང་རྒྱུན་

མི་གཅད་པར་བྱ་བར་ཞུགས་པ་ཡིན་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཅི་རེ་ཞིག་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལགས་སམ།

འོན་ཏེ་ཕྱིར་མི་ལྡོག་པ་རྣམས་ཀྱི་ལགས་སམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གི་མིང་དང་རུས་ཡོངས་སུ་རྗོད་ཅིང་ཆོས་སྟོན་ལ། ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པར་མཛད་དོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་

ཏོ། །རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ཡང་ཡོད་དོ། །ཕྱིར་མི་ལྡོག་པ་ཡང་ཡོད་དོ། །རབ་འབྱོར་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་

མོ་འདི་ལ་སྤྱོད་པ་ཡང་ཡོད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དེ་དག་གི་མིང་དང་རུས་ཡོངས་སུ་རྗོད་ཅིང་ཆོས་སྟོན་ལ། ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པར་མཛད་དོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་

གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ཅིང་དེ་བཞིན་གཤེགས་པ་དེའི་རྗེས་སུ་སློབ་པའི་ཚུལ་གྱིས་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཡིན་ཏེ། སངས་རྒྱས་བཅོམ་

ལྡན་འདས་རྣམས་ནི་དེ་དག་གི་མིང་དང་། རུས་ཡོངས་སུ་རྗོད་ཅིང་ཆོས་སྟོན་ལ། ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པར་མཛད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཤིན་ཏུ་

เล่ม ๓๒ · หน้า 207a

མོས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་མ་ཐོབ་པ་རྣམས་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་མ་ཐོབ་པ་རྣམས་དང་། ཆོས་ཐམས་ཅད་གསོག་དང་། གསོ་བ་དང་། ཡ་མ་བརླ་དང་། སྙིང་པོ་མེད་པ་དག་ཡིན་ནོ་ཞེས་མོས་ལ། མི་སྐྱེ་བའི་ཆོས་ལ་

བཟོད་པ་ནི་མ་ཐོབ་པ་དག་སྟེ། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་མིང་དང་རུས་ཡོངས་སུ་རྗོད་ཅིང་ཆོས་སྟོན་ལ། ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པར་མཛད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་

ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཡིན་ཏེ། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་གི་མིང་དང་རུས་ཡོངས་སུ་རྗོད་ཅིང་ཆོས་སྟོན་

ལ། ཆེད་དུ་བརྗོད་པ་ཡང་ཆེད་དུ་རྗོད་པར་མཛད་པ་དེ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པ་ཡིན་ཏེ། དེ་ལ་གནས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཟབ་མོ་འདི་བཤད་པ་ན་དོན་ཐོས་ནས་ནེམ་ནུར་མེད་ལ། ཐེ་ཚོམ་མི་ཟ་སྟེ། རྨོངས་པར་མི་འགྱུར་ལ། འདི་ནི་དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་དེ་བཞིན་ནོ་སྙམ་དུ་དེ་ལྟར་ཡིད་རྣམས་ཀྱིས་སེམས་པར་གྱུར་ན། དེ་དག་ནི་དམ་པའི་ཆོས་ཐོས་པའི་སེམས་དང་བ་དེ་ཡང་རིམ་གྱིས་དེ་བཞིན་གཤེགས་

པ་མི་འཁྲུགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེར་ཐོས་པར་འགྱུར་རོ། །ཐོས་ནས་ཀྱང་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་ལ། དེར་གནས་ནས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པར་འགྱུར་ཏེ།

རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་པ་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་དེ་ལྟར་གཅེས་སྤྲས་བྱེད་པ་ཡིན་ན། གང་དག་ཀློག་པ་དང་། འཆང་བ་དང་། དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བྱང་ཆུབ་

เล่ม ๓๒ · หน้า 207b

སེམས་དཔའ་དེ་དག་ནི་མྱུར་དུ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་ཞིང་། མྱུར་བ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་འདི་ལྟར་དེ་བཞིན་ཉིད་ལ་གནས་ནས་ཆོས་གང་ཡང་མི་དམིགས་ཤིང་

མ་མཆིས་ན། དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་གནས་ནས་མྱུར་དུ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། བཙུན་པ་བཅོམ་ལྡན་འདས་གང་གི་ཚེ་དེ་བཞིན་ཉིད་

མ་གཏོགས་པར་ཆོས་གང་ཡང་དམིགས་སུ་མ་མཆིས་པ་དེའི་ཚེ། སུ་ཞིག་དེ་བཞིན་ཉིད་འདི་ལ་གནས་པར་འགྱུར་བའམ། སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའམ། སུ་ཞིག་དེ་བཞིན་ཉིད་ལ་གནས་ནས། སེམས་ཅན་རྣམས་ལ་ཆོས་

སྟོན་པར་འགྱུར་ཏེ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་ཉིད་ཀྱང་དམིགས་སུ་མ་མཆིས་པ་ལགས་ན། སུ་ཞིག་དེ་བཞིན་ཉིད་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། དེ་བཞིན་ཉིད་ཁོ་ན་ལ་གནས་ནས། ཆོས་སྟོན་པ་ལྟ་སྨོས་ཀྱང་ཅི་

འཚལ་ཏེ། དེ་ནི་གནས་མ་མཆིས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གང་ཡང་འདི་སྐད་དུ་དེ་བཞིན་ཉིད་མ་གཏོགས་པར་ཆོས་གང་ལ་ཡང་དམིགས་སུ་མ་མཆིས་ན། སུ་ཞིག་དེ་བཞིན་ཉིད་ལ་གནས་པར་

འགྱུར་བའམ། སུ་ཞིག་དེ་བཞིན་ཉིད་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའམ། སུ་ཞིག་དེ་བཞིན་ཉིད་ལ་གནས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར་ཏེ། དེ་བཞིན་ཉིད་ཀྱང་དམིགས་སུ་མ་མཆིས་ན། སུ་ཞིག་དེ་

བཞིན་ཉིད་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། དེ་བཞིན་ཉིད་ལ་གནས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དེ་ནི་གནས་མ་མཆིས་ལགས་སོ་ཞེས་ཟེར་བ་ནི། རབ་འབྱོར་དེ་དེ་བཞིན་

เล่ม ๓๒ · หน้า 208a

ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རབ་འབྱོར་དེ་བཞིན་ཉིད་མ་གཏོགས་པར་གང་ཞིག་དེ་བཞིན་ཉིད་ལ་གནས་པར་འགྱུར་བའམ། གང་ཞིག་དེ་བཞིན་ཉིད་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་

ཞིག་དེ་བཞིན་ཉིད་ལ་གནས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་པའི་ཆོས་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དེ་བཞིན་ཉིད་ལ་ནི་སྐྱེ་བ་མེད། འགག་པ་མེད། གཞན་དུ་འགྱུར་བ་དམིགས་སུ་མེད་དེ། རབ་འབྱོར་ཆོས་གང་ལ་སྐྱེ་བ་མེད། འགག་པ་མེད།

གཞན་དུ་འགྱུར་བ་དམིགས་སུ་མེད་པའི་ཆོས་དེ་ལ་སུ་ཞིག་གནས་པར་འགྱུར། སུ་ཞིག་ཆོས་དེ་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སུ་ཞིག་ཆོས་དེ་ལ་གནས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར་ཏེ། དེ་ནི་

གནས་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་ལགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་རྣམས་ནི་

དཀའ་བ་བགྱིད་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་དེ་བཞིན་ཉིད་ཅེས་བགྱི་བའི་ཆོས་ནི་གང་ཡང་དམིགས་སུ་མ་མཆིས་ལ། ཆོས་གང་དེ་བཞིན་ཉིད་ལ་གནས་པ་ཡང་གང་ཡང་མ་མཆིས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་

འཚང་རྒྱ་བར་འགྱུར་བའི་ཆོས་ཀྱང་གང་ཡང་མ་མཆིས། གང་སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར་བའི་ཆོས་ཀྱང་གང་ཡང་མ་མཆིས་ཏེ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དེ་ལྟར་ཉེ་བར་རྟོག་ཅིང་སྒོམ་

པར་བགྱིད་ཀྱང་ཆོས་འདི་ལ་ཞུམ་པར་ཡང་མི་འགྱུར་ལ། དེ་དག་ཆོས་འདི་དག་ལ་ནེམ་ནུར་རམ། རྨོངས་པར་ཡང་མི་འགྱུར་བའི་སླད་དུའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་ཁྱོད་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

เล่ม ๓๒ · หน้า 208b

གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དག་ཆོས་འདི་དག་ལ་ཉེ་བར་རྟོག་པར་བགྱིད་ཀྱང་ཆོས་འདི་དག་ལ་ནེམ་ནུར་རམ། རྨོངས་པར་ཡང་མི་འགྱུར་བ་ནི་དཀའ་བ་བགྱིད་པ་ལགས་སོ་ཞེས་སྨྲས་པ་ནི། ཀཽ་ཤི་ཀ་ཆོས་ཐམས་ཅད་སྟོང་པ་ལ་སུ་ཞིག་འདིར་ནེམ་ནུར་རམ། རྨོངས་པར་འགྱུར།

དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ནི་ཆོས་གང་དང་གང་ཁོ་ན་སྟོན་པ་དེ་དང་དེ་ཐམས་ཅད་སྟོང་པ་ཉིད་ཁོ་ན་ལས་བརྩམས་ནས་སྟོན་ལ། ཆོས་གང་ལ་ཡང་ཐོགས་པ་མེད་དེ། དཔེར་ན་བར་སྣང་ལ་མདའ་

འཕངས་པ་ནི་གང་དུ་ཡང་ཐོགས་པ་མེད་དོ། །དེ་བཞིན་དུ་བཙུན་པ་རབ་འབྱོར་ཡང་ཆོས་གང་ལ་ཡང་ཐོགས་པ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། རྗེས་སུ་ཡི་རང་བའི་ལེའུ་ཞེས་བྱ་སྟེ། ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་

འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་པ་ན། ཀུན་ཏུ་འཛིན་པའི་སེམས་མི་སྐྱེ། སྦྱིན་པ་དེ་སྦྱིན་པ་ན་སེར་སྣའི་སེམས་མི་སྐྱེ་ལ། སྦྱིན་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་ལུས་ཀྱི་ལས་ཉེ་བར་གནས་པ་

ཡིན། དེ་བཞིན་དུ་བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཉེ་བར་གནས་པ་ཡིན་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་པ་ན། ལེན་པ་པོ་དག་གིས་ཡང་དག་པ་མ་ཡིན་པའི་

เล่ม ๓๒ · หน้า 209a

བརྒྱད་བཀག་པ་དག་དང་། ཡང་དག་པ་མ་ཡིན་པའི་ཚིག་རྣམས་ཀྱིས་སྤྱོས་བརྒྱད་ཀྱང་། སེམས་ཞུམ་པ་ཉིད་དུ་མི་འགྱུར་ལ། ལེན་པ་པོ་བསམ་པ་ངན་པ་ཅན་མཚང་འདྲུ་བ་དེ་དག་ལ་སེམས་སྡང་བར་ཡང་མི་བྱེད་ཀྱི། དེ་དག་ཉིད་ལ་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་

སྐྱེད་པར་བྱེད་ཅིང་། སྙན་པར་སྨྲ་བར་བྱེད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་དག་སྦྱིན་པ་ན། ལེན་པ་པོ་རྣམས་ཀྱིས་ཡང་དག་

པ་མ་ཡིན་པའི་བརྒྱད་བཀག་པ་དག་དང་། ཡང་དག་པ་མ་ཡིན་པའི་ཚིག་རྣམས་ཀྱིས་སྤྱོས་བརྒྱད་ན་ཡང་སྦྱིན་པ་དེ་ལ་བཟོད་པ་ཁོ་ན་ཡིན་ཏེ། གང་ཞིག་ལས་ཅི་འདྲ་བར་བྱེད་པར་འགྱུར་བ་དེ། དེ་འདྲ་བའི་འབྲས་བུ་ཐོབ་པར་འགྱུར་བ་ལས་བདག་གིར་བྱ་བ་ཉིད་ཤེས་པས་དེ་དེ་ལྟར་གཏོང་བའི་བློ་

ཁོ་ན་དང་། ཡོངས་སུ་གཏོང་བའི་བློར་འགྱུར་ལ། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ལ་སྦྱིན་པ་རྒྱ་ཆེར་སྦྱིན་པ་ཁོ་ནར་བྱའོ་སྙམ་ནས། དེས་ལུས་དང་སེམས་ཀྱི་བརྩོན་འགྲུས་ཡང་དག་པར་བསྐྱེད་ནས་རྟག་ཏུ་སྦྱིན་པ་སྦྱིན་པ་ཁོ་ནར་བྱེད་པ་ཡིན་ཏེ། རབ་འབྱོར་

དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་

ནས། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེ་འགྲས་པ་མེད་པའི་སེམས་ཀྱིས་ལེན་པ་དག་ལ་སྦྱིན་པ་སྦྱིན་པ་ན། ཡུལ་རྣམས་སུ་ཡོངས་སུ་

เล่ม ๓๒ · หน้า 209b

སྔོ་བར་མི་བྱེད། འདོད་པའི་ཁམས་སུ་ཡོངས་སུ་སྔོ་བར་མི་བྱེད། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་ཡོངས་སུ་སྔོ་བར་མི་བྱེད། ཉན་ཐོས་ཀྱི་སར་ཡོངས་སུ་སྔོ་བར་མི་བྱེད། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོ་བར་མི་བྱེད་ཀྱི། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་

བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབའ་ཞིག་ཏུ་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་

བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་པ་ན།

དེ་དག་ལ་རྟག་ཏུ་སྒྱུ་མའི་བློ་ཁོ་ན་ཉེ་བར་གནས་ཏེ། དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་དེས་སེམས་ཅན་གང་ལ་ཡང་ཕན་པའམ། གནོད་པར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཅིང་། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་

འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། དེའི་ལུས་སམ། ངག་གམ། སེམས་ཀྱི་བསོད་ནམས་མངོན་པར་འདུ་བྱེད་པ་གང་ཡིན་པའི་མངོན་པར་འདུ་

เล่ม ๓๒ · หน้า 210a

བྱེད་པ་དེས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མཆོག་ཏུ་འཛིན་པར་མི་བྱེད་ཅིང་། སྲོག་གི་ཕྱིར་ཡང་སེམས་ཅན་རྣམས་སྲོག་དང་བྲལ་བར་མི་བྱེད་དོ། །མ་བྱིན་པར་ལེན་པར་ཡང་མི་བྱེད་དོ། །མི་ཚངས་པར་སྤྱོད་པར་མི་བྱེད་དོ། །བརྫུན་གྱི་ཚིག་མི་སྨྲའོ། །ཕྲ་མ་

མི་ཟེར་རོ། །ཚིག་རྩུབ་པོ་མི་སྨྲའོ། །ཚིག་ཀྱལ་པ་ཅན་དུ་མི་འགྱུར་རོ། །བརྣབ་སེམས་ཅན་དུ་མི་འགྱུར་རོ། །གནོད་སེམས་ཅན་དུ་མི་འགྱུར་རོ། །ལོག་པར་ལྟ་བར་མི་འགྱུར་རོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ནས། སྦྱིན་པ་གང་སྦྱིན་པར་བྱེད་པ་འདི་ལྟ་སྟེ། ཟས་འདོད་པ་

རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། བཞོན་པ་འདོད་པ་རྣམས་ལ་ནི་བཞོན་པ། གོས་འདོད་པ་རྣམས་ལ་ནི་གོས། ཕྲེང་བ་འདོད་པ་རྣམས་ལ་ནི་ཕྲེང་བ། བྱུག་པ་འདོད་པ་རྣམས་ལ་ནི་བྱུག་པ། མལ་ཆ་འདོད་པ་རྣམས་ལ་ནི་མལ་ཆ། རྟེན་འདོད་པ་རྣམས་ལ་ནི་རྟེན། མར་མེ་

འདོད་པ་རྣམས་ལ་ནི་མར་མེ། དེ་བཞིན་དུ་སྦྱར་ཏེ། འདོད་པ་རྣམས་ལ་ཡོ་བྱད་ཐམས་ཅད་སྦྱིན་པར་བྱེད་པ་དང་། དེ་བཞིན་དུ་འདོད་པ་རྣམས་ལ་མིའི་ཡོ་བྱད་གང་ཡང་རུང་བ་དག་སྦྱིན་པར་བྱེད་ཅིང་། སྦྱིན་པ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ཅིང་། ཅི་ནས་ཀྱང་ཡོངས་སུ་སྔོ་བ་དེས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་བ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས།

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་དྲུང་དུ་གལ་ཏེ་སེམས་ཅན་ཐམས་ཅད་ལྷགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་གནས་པའི་ཡན་ལག་དང་ཉིང་ལག་རྣམས་བཅད་དེ་ཕྱོགས་དང་ཕྱོགས་མཚམས་སུ་དོང་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་བསྐྱེད་པ་གཅིག་ཙམ་ཡང་འཁྲུག་པར་མི་འགྱུར་ཞིང་། གནོད་སེམས་སུ་བྱེད་པར་མི་འགྱུར་ཏེ། དེ་འདི་སྙམ་དུ་འདི་ལྟར་སེམས་ཅན་

เล่ม ๓๒ · หน้า 210b

ཐམས་ཅད་ཀྱིས་བདག་གི་ཡན་ལག་དང་ཉིང་ལག་རྣམས་བཅད་ནས། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དོང་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་པ་ཡིན་ཏེ། ལུས་རྣག་ཅན་ཡོངས་སུ་གཏང་བ་འདིས་སངས་རྒྱས་ཀྱི་སྐུ་རྡོ་རྗེའི་རང་བཞིན་བཟང་པོ་བདག་གིས་ཐོབ་པར་བྱའོ་སྙམ་དུ་སེམས་ཏེ། རབ་

འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། འདི་ལྟར་སྙིང་

རྗེ་ཆེན་པོའི་གོ་ཆ་གྱོན་པར་བྱེད་དེ། བདག་གིས་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་འཇིགས་པ་མི་བཟད་པ་ལས་བསྒྲལ་བར་བྱ། འཆི་བ་མེད་པའི་དབྱིངས་ལ་དགོད་པར་བྱའོ་སྙམ་ནས། ནམ་དུ་ཡང་ལུས་དང་སེམས་ཀྱི་བརྩོན་འགྲུས་མི་གཏོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བསམ་

གཏན་དང་པོ་ལ་སྙོམས་པར་འཇུག་པར་བྱེད། དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པར་བྱེད་ཅིང་། དེ་བཞིན་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། འགོག་པའི་སྙོམས་པར་འཇུག་པའི་བར་ལ་སྙོམས་པར་

འཇུག་པར་བྱེད་མོད་ཀྱི། སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པའི་ཕྱིར། རེ་ཞིག་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ལ། ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་ཀྱི། དེ་འདི་སྙམ་དུ་སེམས་ཏེ། ཀྱེ་འདི་ལ་བདག་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས།

སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་འཇིགས་པ་མི་བཟད་པ་ལས་བསྒྲལ་བར་བྱ། འཆི་བ་མེད་པའི་དབྱིངས་ལ་ཡང་དགོད་པར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བསམ་གཏན་གྱི་ཕ་རོལ་ཏུ་

เล่ม ๓๒ · หน้า 211a

ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་མི་འདའ་བ་མ་གཏོགས་པར་ཆོས་དགེ་བའམ། མི་དགེ་བའམ། ལུང་

དུ་བསྟན་པའམ། ལུང་དུ་མ་བསྟན་པའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། འདུས་བྱས་སམ། འདུས་མ་བྱས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོའི་གྲངས་སུ་ཆུད་པའམ། དངོས་པོ་མེད་པའི་

གྲངས་སུ་ཆུད་པའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་གང་ཡང་ཡོད་པའམ། མེད་པ་ཉིད་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དེས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་སྟེ། རབ་

འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་ཉི་ཤུ་བདུན་པ། དེ་ནས་བཅོམ་ལྡན་འདས་

ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་འདི་ལ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་དྲུང་དུ་སེམས་ཅན་ཐམས་ཅད་ལྷགས་ནས། སྡིག་པ་ཅན་གྱི་ཚིག་ཡང་དག་པ་མ་ཡིན་པ་དག་གིས་བརྒྱད་བཀག་སྟེ། ཡན་ལག་དང་ཉིང་ལག་རྣམས་བཅད་པར་གྱུར་ན་

ཡང་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སེམས་ཅན་འདི་དག་ནི་སྡུག་བསྔལ་བར་གྱུར་པ། ནད་ཀྱིས་ཐེབས་པ། མགོན་མེད་པ་དག་སྟེ། བདག་གིས་སེམས་ཅན་དེ་དག་ཐམས་ཅད་ལ་རྟག་ཏུ་སྦྱིན་པ་སྦྱིན་པ་ཁོ་ནར་བྱའོ་སྙམ་ནས། ཟས་འདོད་པ་རྣམས་ལ་ནི་ཟས་སྦྱིན་པར་བྱེད།

เล่ม ๓๒ · หน้า 211b

སྐོམ་འདོད་པ་རྣམས་ལ་ནི་སྐོམ་སྦྱིན་པར་བྱེད་པ་ནས། དེ་བཞིན་དུ་སྦྱར་ཏེ། མིའི་ཡོ་བྱད་འདོད་པ་རྣམས་ལ་ནི་མིའི་ཡོ་བྱད་གང་ཡང་རུང་བའི་བར་དག་སྦྱིན་པར་བྱེད་ཅིང་། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཡོངས་སུ་བསྡོམས་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། མི་དམིགས་པའི་ཚུལ་

གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ། དེ་ཡང་ཇི་ལྟར་ཡོངས་སུ་སྔོ་ཞེ་ན། འདི་ལ་སུ་ཞིག་ཡོངས་སུ་སྔོ་བར་བྱེད་པའམ། གང་དུ་ཡོངས་སུ་སྔོ་བར་བྱེད་པའི་བློ་རྣམ་པ་གཉིས་སུ་ཡང་མི་འཇུག་པ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་

རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སྲོག་གི་ཕྱིར་ཡང་

སེམས་ཅན་འགའ་ཡང་སྲོག་དང་འབྲལ་བར་མི་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ལོག་པར་ལྟ་བའི་བར་དུ་མི་འགྱུར་རོ། །ནམ་དུ་ཡང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་དེའི་སེམས་མི་འཇུག་གོ། །དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། ཅི་ནས་ཀྱང་སུ་ཞིག་ཡོངས་སུ་སྔོ་བར་བྱེད་པའམ། གང་དུ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གཉིས་སུ་ཡང་མི་འཇུག་པ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་

ཕྱིན་པ་ལ་གནས་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས།

เล่ม ๓๒ · หน้า 212a

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། འདི་ལྟར་བདག་རེ་ཞིག་དཔག་ཚད་དམ། དཔག་ཚད་བརྒྱའམ། དཔག་ཚད་སྟོང་དུ་སོང་ངམ། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་

གཅིག་ཏུ་ཡང་སོང་བ་ནས། འཇིག་རྟེན་གྱི་ཁམས་འབུམ་དུ་ཡང་སོང་ནས། ཐ་ན་སེམས་ཅན་འགའ་ཙམ་ཡང་བསླབ་པའི་གཞི་བརྒྱད་པོ་དག་ལ་གཞག་པར་བྱའོ། །དེ་བཞིན་དུ་རིགས་ཀྱི་སའི་ཆོས་དང་། བརྒྱད་པའི་ཆོས་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་

ཀྱི་བར་དང་། རང་སངས་རྒྱས་ཉིད་ཀྱི་བར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་བཀོད་ནས། དགེ་བའི་རྩ་བ་དེ་ཐམས་ཅད་ཡོངས་སུ་བསྡོམས་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་

བར་བྱེད་དེ། ཅི་ནས་ཀྱང་སུ་ཞིག་ཡོངས་སུ་སྔོ་བར་བྱེད་པའམ། གང་དུ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གཉིས་སུ་ཡང་མི་འཇུག་པ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བརྩོན་འགྲུས་ཀྱི་ཕ་རོལ་

ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་

འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་

གཏན་དང་པོ་བསྒྲུབས་ཏེ་གནས་པ་དང་། དེ་བཞིན་དུ་སྦྱར་ཏེ། བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་པ་དང་། དེ་བཞིན་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་བར་དང་། ཚོར་བ་དང་། འདུ་ཤེས་འགོག་པའི་བར་ལ་སྙོམས་པར་འཇུག་ཅིང་། སེམས་དང་སེམས་ལས་བྱུང་བའི་ཆོས་

เล่ม ๓๒ · หน้า 212b

དགེ་བའི་རྩ་བ་བྱུང་ངོ་ཅོག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། ཅི་ནས་ཀྱང་སུ་ཞིག་ཡོངས་སུ་སྔོ་བར་བྱེད་པའམ། གང་དུ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གཉིས་སུ་ཡང་མི་འཇུག་པ་དེ་ལྟར་ཡོངས་སུ་སྔོ་བར་

བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་

ཕྱིན་པ་ལ་གནས་ནས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། གང་གི་ཚེ་ཆོས་རྣམས་ལ་འདི་ལྟ་སྟེ། དབེན་

པའི་རྣམ་པའམ། ཞི་བའི་རྣམ་པའམ། ཟད་པའི་རྣམ་པའམ། འགོག་པའི་རྣམ་པར་རྗེས་སུ་ལྟ་ཞིང་གནས་ལ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་མ་ཐོབ་ཀྱི་བར་དུ་ཆོས་ཐམས་ཅད་ཞི་བར་མངོན་སུམ་དུ་མི་བྱེད་དོ། །དེ་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་

པ་ལས་ལངས་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། སེམས་ཅན་ཐམས་ཅད་ལ་བདེ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

འཛིན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་ནས།

เล่ม ๓๒ · หน้า 213a

ནམ་དུ་ཡང་དགེ་བའི་ཆོས་བཙལ་བའི་བརྩོན་འགྲུས་མི་འདོར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྩོན་པ་མི་གཏོང་སྟེ། དེ་སེམས་ཅན་རྣམས་ཀྱི་ཆེད་དུ་དཔག་ཚད་བརྒྱའམ། དཔག་ཚད་སྟོང་ངམ། དཔག་ཚད་འབུམ་འམ། དཔག་ཚད་བྱེ་བ་ཕྲག་འབུམ་དུ་སོང་།

དེ་བཞིན་དུ་འཇིག་རྟེན་གྱི་ཁམས་གཅིག་ཏུ་ཡང་སོང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་འབུམ་དུ་ཡང་སོང་ནས། སེམས་ཅན་གཅིག་ཙམ་ཡང་ཐེག་པ་གསུམ་པོ་ལས་ཐེག་པ་གང་ཡང་རུང་བ་ལ་འཇོག་པར་བྱེད་དོ། །དགེ་བའི་རྩ་བ་དེ་ཡང་ཐམས་ཅད་བསྡོམས་ཏེ། སེམས་ཅན་ཐམས་

ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། ཅི་ནས་ཀྱང་སུ་ཞིག་ཡོངས་སུ་སྔོ་བར་བྱེད་པའམ། གང་དུ་ཡོངས་སུ་བསྔོ་བའི་སེམས་རྣམ་པ་གཉིས་སུ་ཡང་མི་འཇུག་པ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་ཚུལ་

ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་

བདག་ཀྱང་སྲོག་གཅོད་པ་སྤོང་བར་བྱེད་ལ། གཞན་དག་ཀྱང་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་ཅིང་། སྲོག་གཅོད་པ་སྤོང་བའི་བསྔགས་པ་ཡང་རྗོད་པར་བྱེད་ལ། གཞན་གང་དག་སྲོག་གཅོད་པ་སྤོང་བ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །དེ་བཞིན་དུ་

སྦྱར་ཏེ། བདག་ཀྱང་ལོག་པར་ལྟ་བའི་བར་དུ་སྤོང་བར་བྱེད་ལ། གཞན་དག་ཀྱང་ལོག་པར་ལྟ་བ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་ཅིང་། ལོག་པར་ལྟ་བ་སྤོང་བའི་བསྔགས་པ་ཡང་རྗོད་པར་བྱེད་ལ། གཞན་གང་དག་ལོག་པར་ལྟ་བ་སྤོང་བ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་

เล่ม ๓๒ · หน้า 213b

དགའ་བར་བྱེད་དོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་འདོད་པའི་ཁམས་དོན་དུ་མི་གཉེར། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དོན་དུ་མི་གཉེར། ཉན་ཐོས་ཀྱིས་དོན་དུ་མི་གཉེར། རང་སངས་རྒྱས་ཀྱིས་དོན་དུ་མི་གཉེར་གྱི། དགེ་བའི་རྩ་བ་དེ་དག་ཐམས་ཅད་བསྡོམས་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་

བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། ཅི་ནས་ཀྱང་སུ་ཞིག་ཡོངས་སུ་སྔོ་བའམ། གང་དུ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གཉིས་སུ་ཡང་མི་འཇུག་པ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་

ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་མིའམ་མི་མ་

ཡིན་པ་དག་ལྷགས་ནས། ཡན་ལག་དང་ཉིང་ལག་ཐམས་ཅད་བཅད་དེ། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དོང་ན་ཡང་། དེ་འདི་སྙམ་དུ་བདག་གིས་ཡན་ལག་དང་ཉིང་ལག་རྣམས་གཅོད་པར་བྱེད་པའམ། འབིགས་པར་བྱེད་པ་སུ་ཞིག་ཡིན་སྙམ་དུ་མི་སེམས་ཀྱི། འདི་སྙམ་དུ་འདི་

ལྟར་བདག་གིས་དེ་དག་གི་ཆེད་དུ་ལུས་འདི་བཟུང་བ་ཡིན་ན་བདག་གི་དྲུང་དུ་ལྷགས་ཏེ། ཡན་ལག་དང་ཉིང་ལག་ཐམས་ཅད་བཅད་ནས་འདོང་བར་བྱེད་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་འབའ་ཞིག་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཀྱི་ཚུལ་གྱི་རང་བཞིན་ལེགས་པར་ཡིད་ལ་

བྱས་པའི་ཕྱིར་ཏེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོ་བར་མི་བྱེད་ཀྱི། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབའ་ཞིག་ཏུ་ཡོངས་སུ་སྔོ་བར་བྱེད་དེ། ཅི་ནས་

เล่ม ๓๒ · หน้า 214a

ཀྱང་སུ་ཞིག་ཡོངས་སུ་སྔོ་བར་བྱེད་པའམ། གང་དུ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གཉིས་སུ་ཡང་མི་འཇུག་པ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་

སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་

པོ་བསྒྲུབས་ཏེ་གནས་པ་དང་། དེ་བཞིན་དུ་བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་པ་དང་། ཚད་མེད་པ་བཞིའི་བར་དང་། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པའི་བར་དུ་བསྒྲུབས་ཏེ་གནས་མོད་ཀྱི། དེ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་

འཇུག་པ་དེ་དག་གི་རྣམ་པར་སྨིན་པར་ཡང་མི་འཛིན་ཏེ། གཞན་དུ་ན་གང་དུ་སེམས་ཅན་རྣམས་འདུལ་བར་འགྱུར་བ་དེར་སེམས་ཅན་དེ་དག་གི་དོན་དུ་སྐྱེས་ཏེ། དེས་སེམས་ཅན་དེ་དག་བསྡུ་བའི་དངོས་པོ་བཞིས་བསྡུས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་

རྣམས་ལ་བསྙེན་བཀུར་བྱ་བ་དང་། དགེ་བའི་རྩ་བ་དག་བསྐྱེད་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་བྱེད་ལ། དགེ་བའི་རྩ་བ་བསམ་གཏན་དག་ལས་བརྟེན་ཏེ་བྱུང་བ་དང་། སངས་རྒྱས་ལ་བསྐྱེད་པའི་བར་དེ་དག་ཐམས་ཅད་བསྡོམས་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་

དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། ཅི་ནས་ཀྱང་སུ་ཞིག་ཡོངས་སུ་སྔོ་བར་བྱེད་པའམ། གང་དུ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གཉིས་སུ་ཡང་མི་འཇུག་པ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་

เล่ม ๓๒ · หน้า 214b

དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མིང་དུ་ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་དུ་སྦྱིན་པའི་

ཕ་རོལ་ཏུ་ཕྱིན་པའི་དངོས་པོ་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མིང་དུ་

ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་དངོས་པོ་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་མིང་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་

དུ་དངོས་པོ་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མིང་དུ་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མིང་དུ་ཡང་དག་པར་རྗེས་

སུ་མི་མཐོང་ངོ་། །ཆོས་ཐམས་ཅད་དངོས་པོ་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། ཆོས་གང་ལ་ཡང་གནས་པར་མི་བྱེད་དེ། ཇི་ལྟར་སྨྲས་པ་དེ་བཞིན་བྱེད་པ་ཡིན་ནོ། །དེས་དགེ་བའི་རྩ་བ་དེ་ཐམས་ཅད་ཡོངས་སུ་བསྡོམས་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས།

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། ཅི་ནས་ཀྱང་དེ་ལ་སུ་ཞིག་ཡོངས་སུ་སྔོ་བར་བྱེད་པའམ། གང་དུ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གཉིས་སུ་ཡང་མི་འབྱུང་བ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་

เล่ม ๓๒ · หน้า 215a

ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་

དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་དང་། དེ་བཞིན་དུ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་སྔ་ནས་ནུབ་པས་

སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་པ་དང་། དེ་བཞིན་དུ་ཚད་མེད་པ་བཞི་དང་། ཚོར་བ་དང་། འདུ་ཤེས་འགོག་པའི་སྙོམས་པར་འཇུག་པའི་བར་དུ་བསྒྲུབས་ཏེ་གནས་སོ། །དེ་བསམ་

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ནས། རྣམ་པར་མ་གཡེངས་པའི་སེམས་ཀྱིས་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་དོ། །དེ་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པ་དེ་ཡང་སྦྱིན་པར་བྱེད་དེ། དེ་བདག་ཀྱང་རྟག་ཏུ་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པ་སྦྱིན་པར་བྱེད་ལ། གཞན་

དག་ཀྱང་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་། རྟག་ཏུ་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པའི་བསྔགས་པ་རྗོད་ལ། གཞན་གང་དག་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པ་སྦྱིན་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་

བར་བྱེད་ལ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོ་བར་མི་བྱེད་ཀྱི། དགེ་བའི་རྩ་བ་དེ་དག་ཐམས་ཅད་ཡོངས་སུ་བསྡོམས་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

เล่ม ๓๒ · หน้า 215b

འབའ་ཞིག་ཏུ་ཡོངས་སུ་སྔོ་བར་བྱེད་དེ། ཅི་ནས་ཀྱང་སུ་ཞིག་ཡོངས་སུ་སྔོ་བར་བྱེད་པའམ། གང་དུ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གཉིས་སུ་ཡང་མི་འཇུག་པ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་

ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི་ནམ་དུ་ཡང་འདོད་ཆགས་དང་ལྡན་པའི་སེམས་མི་སྐྱེད། ཞེ་སྡང་དང་ལྡན་པའི་སེམས་དང་། གཏི་མུག་དང་ལྡན་པའི་སེམས་མི་སྐྱེད། རྣམ་པར་འཚེ་བ་དང་ལྡན་པ་

དང་། སེར་སྣ་དང་ལྡན་པ་དང་། འཆལ་པའི་ཚུལ་ཁྲིམས་དང་ལྡན་པའི་སེམས་མི་སྐྱེད་ཀྱི། གཞན་དུ་ན་རྒྱུན་ཁོ་ནར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་ལྷན་ཅིག་གནས་ལ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་

སུ་སྔོ་བར་མི་བྱེད་པར་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཡོངས་སུ་བསྡོམས་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། ཅི་ནས་ཀྱང་སུ་ཞིག་ཡོངས་སུ་སྔོ་བར་བྱེད་པའམ། གང་དུ་ཡོངས་སུ་བསྔོ་

བའི་བློ་རྣམ་པ་གཉིས་སུ་ཡང་མི་འཇུག་པ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་

བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

เล่ม ๓๒ · หน้า 216a

པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། གཟུགས་ལ་དབུ་བ་རྡོས་པ་ལྟ་བུར་སོ་སོར་རྟོག་པར་བྱེད་དོ། །དེ་བཞིན་དུ་ཚོར་བ་ལ་ཆུ་བུར་ལྟ་བུ་དང་། འདུ་ཤེས་ལ་སྨིག་རྒྱུ་ལྟ་བུ་དང་། འདུ་བྱེད་རྣམས་ལ་ཆུ་ཤིང་ལྟ་བུ་དང་། རྣམ་པར་ཤེས་པ་ལ་སྒྱུ་མ་ལྟ་

བུར་སོ་སོར་རྟོག་པར་བྱེད་དོ། །དེ་དེ་ལྟར་སོ་སོར་རྟོག་པ་ན་འདུ་བྱེད་ཐམས་ཅད་སྟོང་པ་ལ་འདི་ལ་གནོད་པར་བྱ་བའམ། བཅད་པར་བྱ་བའམ། དབུག་པར་བྱ་བ་ནི་གང་ཡིན། སུ་ཞིག་འབིགས་པར་བྱེད་པའམ། གཅོད་པར་བྱེད་དེ། གཟུགས་ནི་སུའི་ཡིན། ཚོར་བ་ནི་སུའི་ཡིན། འདུ་ཤེས་

ནི་སུའི་ཡིན། འདུ་བྱེད་རྣམས་ནི་སུའི་ཡིན། རྣམ་པར་ཤེས་པ་ནི་སུའི་ཡིན། གང་ལ་བརྒྱད་བཀག་པའམ། སྤྱོས་པ་བྱས་པས་གནོད་སེམས་སྐྱེད་པར་བྱེད་པ་འདི་ལ་བརྒྱད་བཀག་པའམ། སྤྱོས་པའམ། གནོད་སེམས་སྐྱེད་པར་བྱེད་པ་སུ་ཞིག་ཡིན་སྙམ་དུ་རྟག་ཏུ་ཕུང་པོ་ལྔ་པོ་དག་

ལ་སྙིང་པོ་མེད་པའི་འདུ་ཤེས་ཉེ་བར་གནས་ཏེ། དགེ་བའི་རྩ་བ་དེ་ཡང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོ་བར་མི་བྱེད་ཀྱི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། ཅི་ནས་

ཀྱང་སུ་ཞིག་ཡོངས་སུ་སྔོ་བར་བྱེད་པའམ། གང་དུ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གཉིས་སུ་ཡང་མི་འཇུག་པ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་

ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་མཚན་མར་བཟུང་ནས། རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་པ་དག་རྒྱ་ཆེར་སྦྱར་

เล่ม ๓๒ · หน้า 216b

བར་བྱའོ། །ལྷའི་རྣ་བ་མིའི་ལས་འདས་པས་འདི་ལྟ་སྟེ། ལྷའི་དང་མིའི་སྒྲ་རྣམ་པ་དུ་མའི་བར་དག་ཐོས་སོ། །དེ་བཞིན་དུ་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་སེམས་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། བླ་ན་མེད་པའི་སེམས་ཞེས་བྱ་བའི་བར་དུ་ཡང་དག་

པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པ་དག་རྒྱ་ཆེར་སྦྱར་བར་བྱའོ། །དེ་བཞིན་དུ་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བའི་བར་དག་མཐོང་ངོ་། །དེ་མངོན་པར་ཤེས་པ་ལྔ་པོ་དེ་དག་ལ་གནས་ནས། སངས་

རྒྱས་བཅོམ་ལྡན་འདས་རྣམས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བ་དང་། དགེ་བའི་རྩ་བ་དག་སྐྱེད་པ་དང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་ལ། དགེ་བའི་

རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབའ་ཞིག་ཏུ་ཡོངས་སུ་སྔོ་བར་བྱེད་དེ། ཅི་ནས་ཀྱང་སུ་ཞིག་ཡོངས་སུ་སྔོ་བར་བྱེད་པའམ། གང་དུ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གཉིས་སུ་ཡང་མི་འཇུག་པ་དེ་ལྟར་ཡོངས་སུ་སྔོ་བར་

བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་

ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། གཟུགས་མི་དམིགས་སོ། །དེ་

བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་བར་དུ་མི་དམིགས་སོ། །དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་སོ། །འདུས་བྱས་ཀྱི་ཁམས་མི་དམིགས་སོ། །འདུས་མ་བྱས་ཀྱི་ཁམས་མི་དམིགས་སོ། །

เล่ม ๓๒ · หน้า 217a

དེ་ལྟར་ཆོས་ཐམས་ཅད་ལ་མངོན་པར་འདུ་མི་བྱེད་ན། ཆོས་གང་ལའང་མངོན་པར་འདུ་མི་བྱེད་དོ། །མངོན་པར་འདུ་མི་བྱེད་ན། ཆོས་གང་ཡང་ལེན་པར་མི་བྱེད། མི་ལེན་པར་ཡང་མི་བྱེད་དོ། །སྐྱེ་བར་ཡང་མི་བྱེད། འགག་པར་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་

འབྱོར་འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་གནས་པ་ཉིད་དང་། ཆོས་ཀྱི་དབྱིངས་ནི་གནས་པ་ཉིད་ཡིན་པས་དེ་ལ་ནི་སྐྱེ་བའང་མེད། འགག་པ་ཡང་མེད་ལ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་རྣམ་པར་མ་གཡེངས་པས་རྟག་ཏུ་བསྒྲུབས་ནས་གནས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་

འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་

འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ནང་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་མི་དམིགས་སོ། །ཕྱི་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་མི་དམིགས་སོ། །ཕྱི་ནང་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་མི་དམིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སྟོང་

པ་ཉིད་སྟོང་པ་ཉིད་མི་དམིགས་སོ། །ཆེན་པོ་སྟོང་པ་ཉིད་ལ་ཆེན་པོ་སྟོང་པ་ཉིད་མི་དམིགས་སོ། །དོན་དམ་པ་སྟོང་པ་ཉིད་ལ་དོན་དམ་པ་སྟོང་པ་ཉིད་མི་དམིགས་སོ། །འདུས་བྱས་སྟོང་པ་ཉིད་ལ་འདུས་བྱས་སྟོང་པ་ཉིད་མི་དམིགས་སོ། །འདུས་མ་བྱས་སྟོང་པ་ཉིད་ལ་འདུས་མ་བྱས་སྟོང་པ་ཉིད་མི་དམིགས་

སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་མཐའ་ལས་འདས་པ་སྟོང་པ་ཉིད་མི་དམིགས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མི་དམིགས་སོ། །དོར་བ་མེད་པ་སྟོང་པ་ཉིད་ལ་དོར་བ་མེད་པ་སྟོང་པ་ཉིད་མི་དམིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཆོས་

เล่ม ๓๒ · หน้า 217b

ཐམས་ཅད་སྟོང་པ་ཉིད་མི་དམིགས་སོ། །རང་བཞིན་སྟོང་པ་ཉིད་ལ་རང་བཞིན་སྟོང་པ་ཉིད་མི་དམིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་རང་གི་མཚན་ཉིད་སྟོང་པ་ཉིད་མི་དམིགས་སོ། །མི་དམིགས་པ་སྟོང་པ་ཉིད་ལ་མི་དམིགས་པ་སྟོང་པ་ཉིད་མི་དམིགས་སོ། །དེ་བཞིན་དུ་དངོས་པོ་མེད་པ་སྟོང་

པ་ཉིད་ལ་དངོས་པོ་མེད་པ་སྟོང་པ་ཉིད་མི་དམིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་ཏེ། སྟོང་པ་ཉིད་དེ་དག་ལ་གནས་ནས། གཟུགས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་

བར་མི་དམིགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །དེ་བཞིན་དུ་འཕགས་

པའི་ལམ་ཡན་ལག་བརྒྱད་པའི་བར་དུ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །འདུས་བྱས་ཀྱི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་

དམིགས་སོ། །འདུས་མ་བྱས་ཀྱི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །དེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ནི་འདོད་པ་རྣམས་ལ་སྦྱིན་པ་གང་དང་གང་སྦྱིན་ཡང་རུང་ཟས་སམ། སྐོམ་འམ། མིའི་ཡོ་བྱད་གང་ཡང་རུང་བའི་བར་དག་སྦྱིན་པར་བྱེད་ཅིང་།

དེའི་སྦྱིན་པ་དེ་ཡང་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། སུ་ཞིག་སྦྱིན་པར་བྱེད་པའམ། གང་ལ་སྦྱིན་པར་བྱ་བའམ། གང་སྦྱིན་པར་བྱ་བ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ལ། དེ་ཐམས་ཅད་སྟོང་པ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །

གནས་པ་འདིས་གནས་པ་དེ་ལ་ནི་རྟག་ཏུ་སེར་སྣའི་སེམས་དག་གམ། ཀུན་ཏུ་འཛིན་པའི་སེམས་ཀྱི་གོ་སྐབས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་རྣམ་པར་རྟོག་པ་

เล่ม ๓๒ · หน้า 218a

དེ་དག་ཐམས་ཅད་མི་འབྱུང་བའི་ཕྱིར་རོ། །ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནམ་དུ་ཡང་སེར་སྣའི་སེམས་སམ། ཀུན་ཏུ་འཛིན་པའི་སེམས་མི་འབྱུང་བ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་པ་དེ་ལ་ཡང་དེ་བཞིན་ནོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། སྦྱིན་

པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སེམས་ཀྱི་གོ་སྐབས་ཀྱང་མི་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་དེ་དག་མི་དམིགས་ལ།

དེས་ལུས་དང་ངག་དང་། སེམས་ཀྱི་ཚུལ་ཁྲིམས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དེ་ཡང་མི་དམིགས་པའི་ཕྱིར་རོ། །དེ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སྲོག་གཅོད་པ་སྤངས་ནས། སྲོག་

གཅོད་པ་ལས་ཕྱིར་ལྡོག་པ་ཡིན། སྲོག་གཅོད་པ་སྤོང་བའི་བསྔགས་པ་ཡང་རྗོད་ཅིང་། གཞན་དག་ཀྱང་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་ལ། གཞན་གང་དག་སྲོག་གཅོད་པ་སྤོང་བ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །དེ་བཞིན་དུ་སྦྱར་

ཏེ། བདག་ཀྱང་ལོག་པར་ལྟ་བའི་བར་དུ་སྤོང་བར་བྱེད་ཅིང་། ལོག་པར་ལྟ་བ་སྤོང་བའི་བསྔགས་པ་ཡང་རྗོད་ལ། གཞན་དག་ཀྱང་ལོག་པར་ལྟ་བ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་ལ། གཞན་གང་དག་ལོག་པར་ལྟ་བ་སྤོང་བ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་

เล่ม ๓๒ · หน้า 218b

བྱེད་དོ། །དེ་ཚུལ་ཁྲིམས་དེས་ཀྱང་འདི་ལྟ་སྟེ། འདོད་པ་ན་སྤྱོད་པའམ། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་གང་ལ་ཡང་དོན་དུ་གཉེར་བ་མེད་ཀྱི། གཞན་དུ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ཁོ་ན་

དོན་དུ་གཉེར་ཞིང་གནས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། རྗེས་སུ་འཐུན་

པའི་བཟོད་པ་སྐྱེས་ཏེ། བཟོད་པ་དེ་ཐོབ་ན་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་འདི་ལ་སྐྱེ་བའམ། འགག་པའམ། སྐྱེ་བའམ། རྒ་བའམ། འཆི་བའམ། སྤྱོ་བའམ། བརྒྱད་བཀག་པའམ། བཅད་པའམ། དབུག་པའམ། གནོད་པའམ། གསད་པའམ། བཅིང་བར་བྱ་བ་

གང་ཡང་མེད་དོ་སྙམ་མོ། །དེ་ལྟ་བུའི་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་གན་དུ་གལ་ཏེ་སེམས་ཅན་ཐམས་ཅད་ལྷགས་ནས། སྤྱོས་སམ། བརྒྱད་བཀག་པའམ། བོང་བའམ། དབྱིག་པའམ། མཚོན་གྱིས་བསྣུན་ཏམ། ཡན་ལག་དང་ཉིང་ལག་ཐམས་

ཅད་བཅད་ན་ཡང་དེའི་སེམས་གཞན་དུ་མི་འགྱུར་གྱི། དེ་འདི་སྙམ་དུ་སེམས་ཏེ། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་ཏེ། ཀྱེ་འདི་ལ་ཆོས་གང་ཡང་ཆོས་གང་ལ་ཡང་སྤྱོ་བའམ། བརྒྱད་བཀག་པའམ། བཅད་པའམ། དབུག་པའམ། གནོད་པའམ། གསོད་པའམ། བཅིང་

བར་བྱ་བ་མེད་དོ་སྙམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་

เล่ม ๓๒ · หน้า 219a

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས།

བརྩོན་པ་མི་གཏོང་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། ཅི་ནས་ཀྱང་སེམས་ཅན་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པར་བྱེད་པ་ནས། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་འགོད་པར་བྱེད་པ་དེ་ལྟ་དེ་ལྟར་ཆོས་སྟོན་པར་བྱེད་ལ། ཅི་ནས་ཀྱང་འདུས་བྱས་ཀྱི་ཁམས་ལ་

ཡང་མི་འགོད། འདུས་མ་བྱས་ཀྱི་ཁམས་ལ་ཡང་མི་འགོད་པ་དེ་ལྟ་དེ་ལྟར་འགོད་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་

པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་པར་དེ་ལས་གཞན་པའི་ཏིང་ངེ་འཛིན་ཉན་ཐོས་ཀྱི་ཏིང་ངེ་འཛིན་རྣམས་སམ། རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་རྣམས་སམ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་

གང་དག་ཡིན་པ་དེ་དག་ཐམས་ཅད་ལ་སྙོམས་པར་འཇུག་པར་བྱེད་དོ། །དེ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ལ་གནས་ནས། རྣམ་པར་ཐར་པ་བརྒྱད་པོ་དག་ལ་ལུགས་དང་འཐུན་པ་དང་། ལུགས་དང་མི་འཐུན་པར་སྙོམས་པར་འཇུག་ཅིང་ལྡང་ངོ་། །བརྒྱད་གང་ཞེ་ན། འདི་

ལྟ་སྟེ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་

เล่ม ๓๒ · หน้า 219b

ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་

ཐར་པ་བཞི་པའོ། །རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་

ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་

གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པ་སྟེ། རྣམ་པར་ཐར་པ་བརྒྱད་པོ་འདི་དག་ལ་ལུགས་དང་འཐུན་པ་དང་།

ལུགས་དང་མི་འཐུན་པར་སྙོམས་པར་འཇུག་ཅིང་ལྡང་ངོ་། །དེ་བཞིན་དུ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དག་ལ་ལུགས་དང་འཐུན་པ་དང་། ལུགས་དང་མི་འཐུན་པར་སྙོམས་པར་འཇུག་ཅིང་ལྡང་ངོ་། །དགུ་གང་ཞེ་ན། འདི་ལྟ་སྟེ། བསམ་གཏན་བཞི་དང་།

གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འདུ་ཤེས་དང་། ཚོར་བ་འགོག་པ་སྟེ་དགུ་པོ་དེ་དག་གོ། །དེ་རྣམ་པར་ཐར་པ་བརྒྱད་པོ་དེ་དག་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་སོ་སོར་ཕྱེ་ནས། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་

འཛིན་ལ་སྙོམས་པར་འཇུག་གོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་

เล่ม ๓๒ · หน้า 220a

ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ནས། ཡིད་བདེ་བ་དང་།

ཡིད་མི་བདེ་བ་ཡང་སྔ་ནས་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་། དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་ལ་སྙོམས་པར་འཇུག་གོ། །

དེ་ནས་འདུ་ཤེས་དང་། ཚོར་བ་འགོག་པ་ལ་སྙོམས་པར་འཇུག་གོ། །འགོག་པའི་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་དེ་ལས་ལངས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་

པར་འཇུག་པ་ལས་ལངས་ནས། དེ་བཞིན་དུ་སྦྱར་ཏེ། བསམ་གཏན་དང་པོའི་བར་ལ་སྙོམས་པར་ཞུགས་པར་གནས་པ་སྟེ། རབ་འབྱོར་འདི་ནི་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་ཏེ། ཏིང་ངེ་འཛིན་དེ་ལ་གནས་ནས། ཆོས་ཐམས་ཅད་མཉམ་པ་ཉིད་

རྗེས་སུ་འཐོབ་བོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྡུ་བའི་ལེའུ་

སྟེ། ཉི་ཤུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་དབྱེར་མ་མཆིས་ཤིང་མཚན་མ་མ་མཆིས་ཏེ། རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་

སྒོམ་པ་ཇི་ལྟར་ཡོངས་སུ་རྫོགས་པར་འགྱུར་ལགས། འདི་དག་ཇི་ལྟར་ཐ་དད་པར་གདགས་ལགས། ཆོས་འདི་དག་ལས་ཐ་དད་དུ་དབྱེ་བ་ཇི་ལྟར་མཆིས་ལགས། བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུས་པའི་ཆོས་རྣམས་ལ་ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་

เล่ม ๓๒ · หน้า 220b

པ་མཆིས་ལགས། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་ལྟར་གོང་མ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཇི་

ལྟར་མཆིས་ལགས། བཙུན་པ་བཅོམ་ལྡན་འདས་མཚན་ཉིད་མ་མཆིས་པའི་ཆོས་ཐམས་ཅད་ལ་ཇི་ལྟར་མཚན་ཉིད་གཅིག་པར་གདགས་པར་མཛད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་

ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། དེ་བཞིན་དུ་བྲག་ཅ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་

ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ཏེ། སེམས་ཅན་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད། དེ་བཞིན་དུ་ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན་དག་ལ་སྙོམས་པར་འཇུག་པར་བྱེད། ཤེས་རབ་སྒོམ་པར་བྱེད་

དོ། །རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ནི་མཚན་ཉིད་མེད་པའོ། །དེ་བཞིན་དུ་བྲག་ཅ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ནི་མཚན་ཉིད་མེད་པའོ། །རབ་འབྱོར་དེ་ཅིའི་

ཕྱིར་ཞེ་ན། རྨི་ལམ་ལ་ནི་ངོ་བོ་ཉིད་ཅི་ཡང་མེད་ལ། བྲག་ཅ་དང་། མིག་ཡོར་དང་། སྨིག་རྒྱུ་དང་། སྒྱུ་མ་དང་། སྤྲུལ་པ་ལ་ནི་ངོ་བོ་ཉིད་ཅི་ཡང་མེད་པའི་ཕྱིར་རོ། །ཆོས་གང་ལ་ངོ་བོ་ཉིད་མེད་པ་དེ་ལ་ནི་མཚན་ཉིད་ཀྱང་མེད་དོ། །གང་ལ་མཚན་ཉིད་མེད་པ་དེ་ནི་འདི་ལྟ་སྟེ། མཚན་

ཉིད་མེད་པར་མཚན་ཉིད་གཅིག་གོ། །རབ་འབྱོར་དེ་ལྟ་བས་ན་རྣམ་གྲངས་དེས་ན། ཁྱོད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མེད་པ་དང་། སྦྱིན་པ་པོའི་མཚན་ཉིད་མེད་པ་དང་། ལེན་པ་པོའི་མཚན་ཉིད་མེད་པར་དེ་ལྟར་རིག་པར་བྱའོ། །གང་གིས་དེ་ལྟར་ཤེས་ནས་སྦྱིན་པ་སྦྱིན་པར་

เล่ม ๓๒ · หน้า 221a

བྱེད་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་མི་འདའོ། །

དེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་གནས་ནས། བསམ་གཏན་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་

པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་ནང་སྟོང་པ་ཉིད་ཡོངས་སུ་

རྫོགས་པར་བྱེད་དོ། །དེ་བཞིན་དུ་ཕྱི་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་ནས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མངོན་པར་ཤེས་པ་ལྔ་

དང་། གཟུངས་ཀྱི་སྒོ་ལྔ་བརྒྱ་དང་། ཏིང་ངེ་འཛིན་གྱི་སྒོ་ལྔ་བརྒྱ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་

སུ་རྫོགས་པར་བྱེད་དོ། །རྣམ་པར་སྨིན་པ་ལས་བྱུང་བ། འཕགས་པ་ཟག་པ་མེད་པའི་ཆོས་དེ་དག་ལ་གནས་ནས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང་། ཡོ་བྱད་ཐམས་

ཅད་ཀྱིས་ཀྱང་བཀུར་སྟི་བྱེད་དོ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་ཡང་བྱེད་དོ། །སེམས་ཅན་གང་དག་སྦྱིན་པས་བསྡུ་བར་བྱ་བ་དེ་དག་ནི་སྦྱིན་པས་སྡུད་པར་བྱེད་དོ། གང་དག་ཚུལ་ཁྲིམས་དང་། གང་དག་བཟོད་པ་དང་། གང་དག་བརྩོན་འགྲུས་དང་། གང་དག་བསམ་གཏན་དང་།

เล่ม ๓๒ · หน้า 221b

གང་དག་ཤེས་རབ་ཀྱིས་བསྡུ་བར་བྱ་བ་དེ་དག་ནི་ཤེས་རབ་ཀྱིས་སྡུད་པར་བྱེད་དོ། །སེམས་ཅན་གང་དག་དགེ་བའི་རྩ་བ་ཐམས་ཅད་ཀྱིས་བསྡུ་བར་བྱ་བ་དེ་དག་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱིས་སྡུད་པར་བྱེད་དེ། ཆོས་ཐམས་ཅད་ཀྱི་དབང་ཕྱུག་དང་ལྡན་པ་ནི་འཁོར་བ་ལེན་པར་བྱེད་མོད་ཀྱི།

འཁོར་བའི་ཉེས་པས་ཀྱང་མི་གོས་སོ། །སེམས་ཅན་རྣམས་ཀྱི་ཆེད་དུ་ལྷ་དང་མི་རྣམས་ཀྱི་ཕུན་སུམ་ཚོགས་པ་དག་འཛིན་ཅིང་ལེན་པར་བྱེད་དེ། དེ་དག་དང་ལྡན་པས་སེམས་ཅན་དེ་དག་བསྡུ་བའི་དངོས་པོ་དག་གིས་སྡུད་པར་བྱེད་ལ། ཆོས་ཐམས་ཅད་མཚན་ཉིད་མེད་པར་ཡང་

དག་པར་ཤེས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱའོ་སྙམ་དུ་སེམས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཤེས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་བོ། །རབ་འབྱོར་

གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་བྲག་ཅ་ལྟ་བུ་དང་། མིག་ཡོར་

ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་

པོ་ལྔ་པོ་དག་ཤེས་ནས། མཚན་ཉིད་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་བྲག་ཅ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ཤེས་ནས།

མཚན་ཉིད་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཉམས་པ་དང་། སྐྱོན་མེད་པ་དང་། མ་འདྲེས་པ་དང་། ནག་ནོག་མེད་པ་དང་། མཆོག་ཏུ་འཛིན་པ་མེད་པ་དང་། དབང་འབྱོར་པ་དང་། མཁས་པས་བསྔགས་པ་དང་། ཤིན་ཏུ་རྫོགས་པ་དང་། ཤིན་ཏུ་ལེགས་

เล่ม ๓๒ · หน้า 222a

པར་བླངས་པ་དང་། འཕགས་པ་ཟག་པ་མེད་པའི་ལམ་དུ་གཏོགས་པའི་འཇིག་རྟེན་ལས་འདས་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་གནས་ནས་ཡང་དག་པར་བླང་བ། བརྡ་ཅན་གྱི་ཚུལ་ཁྲིམས་སྲུང་བར་བྱེད་དོ། །དེ་བཞིན་དུ་ཆོས་ཉིད་ཀྱིས་ཐོབ་པ་དང་།

སྡོམ་པའི་ཚུལ་ཁྲིམས་དང་བཅས་པའི་ཚུལ་ཁྲིམས་དང་། ཀུན་ཏུ་སྤྱོད་པའི་ཚུལ་ཁྲིམས་སྲུང་བར་བྱེད་དོ། །དེ་ཚུལ་ཁྲིམས་དེ་ལྟ་བུ་དང་ལྡན་ཡང་ཚུལ་ཁྲིམས་འདིས་བདག་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེའམ། དེ་བཞིན་དུ་བྲམ་

ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེའམ། དེ་བཞིན་དུ་ཚུལ་ཁྲིམས་འདིས་བདག་ཁམས་ཀྱི་རྒྱལ་པོར་གྱུར་ཅིག་ཅེའམ། དེ་བཞིན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་པའི་བདག་པོར་གྱུར་

ཅིག་ཅེའམ། དེ་བཞིན་དུ་ཚུལ་ཁྲིམས་འདིས་བདག་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེའམ། དེ་བཞིན་དུ་སུམ་ཅུ་རྩ་གསུམ་པ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་

དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེའམ། དེ་བཞིན་དུ་ཚུལ་ཁྲིམས་འདིས་བདག་རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་ཉིད་ཀྱི་འབྲས་བུའམ། བྱང་

ཆུབ་སེམས་དཔའི་སྐྱོན་མེད་པའམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་ཐོབ་པར་གྱུར་ཅིག་སྙམ་དུ་ཆོས་གང་ལ་ཡང་མཆོག་ཏུ་འཛིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མཚན་ཉིད་མེད་པའི་ཆོས་ཐམས་ཅད་ལ་ཤིན་ཏུ་བརྟན་པར་གནས་པའི་ཕྱིར་ཏེ།

མཚན་ཉིད་མེད་པའི་ཆོས་ཀྱིས་མཚན་ཉིད་མེད་པའི་ཆོས་མི་འཐོབ་ཅིང་། མཚན་ཉིད་མི་འདྲ་བའི་ཆོས་ཀྱིས་ཀྱང་མཚན་ཉིད་མི་འདྲ་བའི་ཆོས་མི་འཐོབ་ལ། མཚན་ཉིད་མེད་པའི་ཆོས་ཀྱིས་ཀྱང་མཚན་ཉིད་མི་འདྲ་བའི་ཆོས་མི་འཐོབ་ཅིང་། མཚན་ཉིད་མི་འདྲ་བའི་ཆོས་ཀྱིས་ཀྱང་

เล่ม ๓๒ · หน้า 222b

མཚན་ཉིད་མེད་པའི་ཆོས་མི་འཐོབ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མཚན་ཉིད་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ཤིང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་

པ་ལ་ཞུགས་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་བོ། །དེ་ནས་རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་ལྔ་འཐོབ་བོ། །གཟུངས་ཀྱི་སྒོ་ལྔ་བརྒྱ་དང་། ཏིང་ངེ་འཛིན་གྱི་སྒོ་ལྔ་བརྒྱ་ཡང་འཐོབ་ཅིང་། སོ་སོ་ཡང་དག་པར་རིག་པ་བཞི་ཡང་འཐོབ་བོ། །དེ་ནས་སངས་

རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་ལ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །དེ་ནས་འགྲོ་བ་ལྔའི་འཁོར་བ་ན་རྒྱུ་མོད་ཀྱི། འཁོར་

བའི་སྐྱོན་རྣམས་ཀྱིས་ཀྱང་མི་གོས་སོ། །དཔེར་ན་སྤྲུལ་པའི་སྐྱེས་བུ་ནི་འགྲེང་བ་དང་། འདུག་པ་དང་། འགྲོ་བ་དང་། འཆག་པ་དང་། ཉལ་བར་ཡང་བྱེད་མོད་ཀྱི། ལས་ཀྱི་ཡོན་ཏན་དང་། སྐྱོན་དེ་དག་གིས་ཀྱང་མི་གོས་ལ། སེམས་ཅན་གྱི་དོན་ཡང་བྱེད་དེ། སེམས་

ཅན་དང་སེམས་ཅན་དུ་གདགས་པ་ཡང་མི་དམིགས་སོ། །དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་ཞི་བ་ཞེས་བྱ་བས་ཆོས་ཀྱི་འཁོར་ལོ་བསྐོར་ནས། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བྱ་བ་

འགའ་ཡང་མི་དམིགས་ཏེ། དེ་སྤྲུལ་པ་ཞིག་མངོན་པར་སྤྲུལ་ནས། ཚེའི་འདུ་བྱེད་རྣམས་བཏང་སྟེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་

དང་། སེམས་ཅན་དུ་གདགས་པ་ཡང་མི་དམིགས་མོད་ཀྱི། སེམས་ཅན་རྣམས་ཀྱི་དོན་ཡང་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་

เล่ม ๓๒ · หน้า 223a

པར་བྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་ཉི་ཤུ་བརྒྱད་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་

པོ་ལྔ་པོ་དག་ལ་གནས། སྤྲུལ་པ་ལྟ་བུའི་བར་གྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཉིས་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

རྫོགས་པར་བྱེད་དེ། གཉིས་གང་ཞེ་ན། དང་དུ་ལེན་པའི་བཟོད་པ་དང་། ཆོས་རྟོགས་པའི་བཟོད་པའོ། །དེ་ལ་དང་དུ་ལེན་པའི་བཟོད་པ་ཞེས་བྱ་བ་ནི། གང་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ་ལ་གལ་ཏེ་སེམས་ཅན་ཐམས་ཅད་ལྷགས་ཏེ། ཚིག་ངན་པ་དག་གིས་སྤྱོས་ཤིང་བརྒྱད་བཀག་གམ། བོང་བའམ། དབྱུག་པའམ། མཚོན་ཆའམ། ལག་ཆ་དག་གིས་བསྣུན་ན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་

ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་འདོད་པ་དེས། འཁྲུག་པར་འགྱུར་བ་དང་ལྡན་པའམ། གནོད་སེམས་དང་ལྡན་པའི་སེམས་བསྐྱེད་པ་འགའ་ཙམ་ཡང་བསྐྱེད་པར་མི་བྱ་བར་སེམས་ཅན་དེ་དག་ཉིད་ལ་ཀྱེ་མ་སེམས་ཅན་འདི་དག་ནི་ཉོན་མོངས་པའི་ནད་ཀྱིས་གཟིར་བ་དག་སྟེ།

ལྷག་པར་སྙིང་རྗེ་བྱ་ཞིང་བདག་གིས་སྡིག་པ་ཅན་གྱི་སེམས་ནི་བསྐྱེད་པར་མི་བྱའི། བདག་ཉིད་ཀྱིས་དགྲར་གྱུར་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་བཟུང་བར་ཟད་དོ་སྙམ་དུ་དེ་ལྟར་སོ་སོར་རྟོག་ཅིང་། བྱམས་པ་དང་། སྙིང་རྗེ་བྱེད་ན། དེ་ནི་དང་དུ་ལེན་པའི་བཟོད་པ་ཞེས་

བྱའོ། །ཆོས་རྟོགས་པ་ལ་བཟོད་པ་གང་ཞེ་ན། ཇི་ལྟར་ཡོད་པ་དེ་དག་ཀྱང་དོན་དམ་པར་མི་དམིགས་ན། འདི་ལ་སུ་ཞིག་བདག་ལ་ཚིག་ངན་པ་དག་གིས་གཤེ་བར་བྱེད་པའམ། བརྒྱད་བཀག་པར་བྱེད་པའམ། སུ་ཞིག་བདག་ལ་དབྱུག་པས་བརྡེག་པར་བྱེད། མཚོན་

เล่ม ๓๒ · หน้า 223b

གྱིས་འདེབས་པར་བྱེད། ལྕག་གིས་གཞུ་བར་བྱེད་དེ། འདུ་བྱེད་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ། གསོག་དང་། གསོབ་དང་། ཡ་མ་བརླ་དང་། ནམ་མཁའ་ལྟ་བུ་དག་ཡིན་ཏེ། བདག་དང་། སེམས་ཅན་དང་། སྐྱེ་བ་པོ་དང་། སྲོག་དང་། གང་ཟག་དང་། ཤེད་

ལས་སྐྱེས་དང་། ཤེད་བུ་དང་བྲལ་བ་དག་ཡིན་ལ། རྣམ་པར་རྟོག་པ་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ། ཀུན་ཏུ་རྟོག་པ་ལས་བྱུང་བ་ཡིན་ན། འདི་ལ་སུ་ཞིག་བདག་ལ་གཤེ་བའམ་བསྣུན་པར་བྱེད་དེ། བདག་གིས་ནི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་དང་། དོན་དམ་པ་སྟོང་པ་ཉིད་

ཀྱི་ཕྱིར་དེ་ལྟར་རྣམ་པར་བརྟག་པ་མི་བྱའོ་སྙམ་དུ་སེམས་ན། དེ་ནི་ཆོས་རྟོགས་པ་ལ་བཟོད་པ་ཞེས་བྱ་སྟེ། བཟོད་པ་དེ་གཉིས་ལ་སྒོམ་ཞིང་ཉེ་བར་རྟོག་ལ། རྣམ་པར་དཔྱོད་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ལ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བྱེད་དོ། །དེ་སྐད་

ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་ཇི་ལྟ་བུ་ལགས། འདིའི་ཚད་ནི་ཅི་ཙམ་ཞིག་ལགས། འདིའི་ཤེས་པ་ནི་གང་ལགས། དེ་སྐད་ཅེས་གསོལ་པ་

དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་སྡིག་པ་ཅན་གྱི་ཆོས་རྡུལ་ཙམ་ཡང་མི་སྐྱེ་ཞིང་། དེ་ལ་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་ཡང་མི་འབྱུང་ལ། རྨི་

ལམ་ལྟ་བུའི་འདུ་བྱེད་ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བཟོད་པ་དང་། སྤྲུལ་པ་ལྟ་བུའི་བར་གྱི་འདུ་བྱེད་ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བཟོད་པ་ཐོབ་སྟེ། དེས་ན་དེ་ནི་མི་སྐྱེ་བ་ལ་བཟོད་པ་ཞེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་

དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཉན་ཐོས་ཀྱི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་གང་ལགས་པ་དང་། རང་སངས་རྒྱས་ཀྱི་གང་ལགས་པ་དང་། བྱང་ཆུབ་སེམས་དཔའི་མི་སྐྱེ་བའི་ཆོས་ལ་བཟོད་པ་གང་ལགས་པའི་བཟོད་པ་གསུམ་པོ་

เล่ม ๓๒ · หน้า 224a

འདི་དག་ལ་ཁྱད་པར་རམ། ཐ་དད་དུ་བགྱི་བ་ཅི་མཆིས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་རྒྱུན་དུ་ཞུགས་པའི་ཤེས་པ་དང་། སྤོང་བ་གང་ཡིན་པ་

དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་གང་ཡིན་པ་དང་། ཕྱིར་མི་འོང་བའི་གང་ཡིན་པ་དང་། དགྲ་བཅོམ་པའི་ཤེས་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་

པའོ། །རང་སངས་རྒྱས་ཀྱི་ཤེས་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་སྟེ། ཉན་ཐོས་ཀྱི་བཟོད་པ་དང་། རང་སངས་རྒྱས་ཀྱི་བཟོད་པ་དང་། བྱང་ཆུབ་སེམས་དཔའི་བཟོད་པའི་ཁྱད་པར་ནི་དེ་ཡིན་ནོ། །ཐ་དད་དུ་དབྱེ་བ་ནི་

དེ་ཡིན་ནོ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་དེ་ལྟ་བུ་དེ་དང་ལྡན་པ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །དེ་བཟོད་པ་དེ་ལ་གནས་ནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དེ། ལམ་

གྱི་རྣམ་པ་ཤེས་པ་ཉིད་དེ་དང་ལྡན་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་ལྔ་དང་ཡང་བྲལ་བར་མི་འགྱུར་རོ། །

མངོན་པར་ཤེས་པ་དེ་དག་དང་ལྡན་པ་ནི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡང་བསྙེན་བཀུར་བྱེད་ལ། ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་བྱེད་ཅིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དེ། སངས་

རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །དེ་ནས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱས་ནས། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་

เล่ม ๓๒ · หน้า 224b

རྫོགས་པར་འཚང་རྒྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། མཚན་ཉིད་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་དང་། སྤྲུལ་པ་ལྟ་བུའི་བར་གྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། ལུས་དང་སེམས་ཀྱི་བརྩོན་འགྲུས་རྩོམ་པར་བྱེད་དོ། །དེ་ལུས་ཀྱི་བརྩོན་འགྲུས་ཀྱིས་རྫུ་འཕྲུལ་

མངོན་པར་བསྒྲུབས་ཏེ། རྫུ་འཕྲུལ་དེ་དང་ལྡན་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང་། ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟིར་བྱེད་ལ་སེམས་ཅན་རྣམས་ཀྱི་དོན་ཀྱང་བྱེད།

སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །དེ་ལུས་ཀྱི་བརྩོན་འགྲུས་དེས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། ཐེག་པ་གསུམ་པོ་དག་ལ་སྦྱོར་ཞིང་འཛུད་དེ་རབ་ཏུ་འགོད་དོ། །སེམས་ཀྱི་བརྩོན་འགྲུས་ཟག་པ་མེད་པའི་ལམ་གྱི་ཡན་ལག་དང་། ལམ་དུ་

གཏོགས་པ་དང་ལྡན་པས་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་

སྒོ་གསུམ་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་

རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །དེ་ཡོངས་སུ་རྫོགས་

เล่ม ๓๒ · หน้า 225a

ནས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བར་འགྱུར་རོ། །དེ་སྤངས་ཤིང་མཚན་ཉིད་མེད་པ་ཡོངས་སུ་གྲུབ་པ་ཡོངས་སུ་རྫོགས་ལ་སྙོམས་པར་འཇུག་པའི་མཐུ་བསྒྲུབས་ནས། ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ། རྣམ་པ་བཅུ་གཉིས་སུ་

བསྐོར་བ་སྐོར་བར་འགྱུར་ཏེ། དེ་བསྐོར་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོ་བར་འགྱུར། རབ་ཏུ་གཡོ་བར་འགྱུར། ཀུན་ཏུ་རབ་ཏུ་གཡོ་བར་འགྱུར། འགུལ་བར་འགྱུར། རབ་ཏུ་འགུལ་བར་འགྱུར། ཀུན་ཏུ་རབ་ཏུ་འགུལ་བར་འགྱུར།

ལྡེག་པར་འགྱུར། རབ་ཏུ་ལྡེག་པར་འགྱུར། ཀུན་ཏུ་རབ་ཏུ་ལྡེག་པར་འགྱུར་ཞིང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བས་ཁྱབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྒྲ་སྐད་འབྱུང་

བར་འགྱུར་ཏེ། དེས་སྒྲ་ཐོས་པར་བྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་གང་དག་འཁོད་པ་དེ་དག་གིས་ཀྱང་སྒྲ་དེ་ཐོས་པར་འགྱུར་ཏེ། དེ་དག་ཐམས་ཅད་ཐེག་པ་གསུམ་པོ་དག་ལས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་དེ་ལྟར་གཅེས་སྤྲས་བྱེད་པ་ཡིན་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་ཏེ། རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་བོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

རྫོགས་པར་བྱེད་དོ། །སྤྲུལ་པ་ལྟ་བུའི་བར་གྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་རྨི་ལམ་ལྟ་བུ་ནས། སྤྲུལ་པ་ལྟ་བུའི་བར་གྱི་

เล่ม ๓๒ · หน้า 225b

ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གི་བར་ལ་ཉེ་བར་གནས་ནས། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བསམ་གཏན་དང་པོ་བསྒྲུབས་

ཏེ་གནས་པ་ནས། བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་སོ། །བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་བསྒྲུབས་ཏེ་གནས་སོ། །སྟོང་

པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་པར་བྱེད་དོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་དང་། གློག་ལྟ་བུའི་ཏིང་ངེ་འཛིན་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མ་གཏོགས་པར་ཏིང་ངེ་འཛིན་གང་ཡང་རུང་བ་ཉན་ཐོས་

ཀྱི་ཏིང་ངེ་འཛིན་ཏམ། རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཏམ། ཏིང་ངེ་འཛིན་གྱི་ཚོགས་གཞན་གང་ཡང་རུང་བ་དེ་དག་ཐམས་ཅད་ལུས་ཀྱིས་ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་ལ། ཏིང་ངེ་འཛིན་དེ་དག་དང་། ཏིང་ངེ་འཛིན་དེ་དག་གི་འབྲས་བུ་ཡང་མྱོང་བར་མི་བྱེད་དོ། །དེ་ཅིའི་

ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཏིང་ངེ་འཛིན་གྱི་མཚན་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཤེས་པའི་ཕྱིར་ཏེ། ཇི་ལྟར་མཚན་ཉིད་མེད་པའི་ཆོས་ཀྱིས་མཚན་ཉིད་མེད་པའི་ཆོས་ཀྱི་རོ་མྱོང་བར་མི་བྱེད་ཅིང་། དངོས་པོ་མེད་པས་དངོས་པོ་མེད་

པའི་རོ་མྱོང་བར་མི་བྱེད་དེ། རོ་མྱོང་བར་མི་བྱེད་པས་ན་ཏིང་ངེ་འཛིན་གང་གི་དབང་གིས་ཀྱང་འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་སུ་སྐྱེ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཁམས་མི་དམིགས་པས་ན། གང་

སྙོམས་པར་འཇུག་པ་དང་། ཅིས་སྙོམས་པར་འཇུག་པ་དེ་ཐམས་ཅད་ཀྱང་མི་དམིགས་པའི་ཕྱིར་རོ། །ཆོས་ཐམས་ཅད་མ་དམིགས་པས། མཚན་ཉིད་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དེས་ཉན་

เล่ม ๓๒ · หน้า 226a

ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་འདའ་བར་བྱེད་དོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་འདའ་བར་

བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ནང་སྟོང་པ་ཉིད་ལ་ལེགས་པར་བསླབས་ཤིང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་ལ་ལེགས་པར་བསླབས་པ་ཡིན་ཏེ། སྟོང་པ་ཉིད་དེ་དག་ལས་

ཆོས་འགའ་ཡང་མི་དམིགས་ལ། དེ་དག་གིས་གནས་པས་ན། གང་ལ་གནས་ན་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པར་འགྱུར་བའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་འཐོབ་པར་འགྱུར་བའི་

ཆོས་འགའ་ཡང་མི་དམིགས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་སྟོང་པ་ཉིད་དུ་སེམས་སོ། །དེ་སྟོང་པ་ཉིད་དེ་དག་དང་ལྡན་པས་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་གོ། །གསོལ་པ། བཙུན་

པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྐྱོན་ནི་གང་ལགས། སྐྱོན་མ་མཆིས་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དམིགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་སྐྱོན་ཡིན་ནོ། །དམིགས་པ་མེད་པ་ཐམས་ཅད་ནི་བྱང་ཆུབ་སེམས་

དཔའི་སྐྱོན་མེད་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་དམིགས་པ་ནི་གང་ལགས། དམིགས་པ་མ་མཆིས་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པའོ། །

རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པའོ། །དེ་བཞིན་དུ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་བྱང་ཆུབ་སེམས་དཔའི་དམིགས་

เล่ม ๓๒ · หน้า 226b

པའོ། །དེ་བཞིན་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ནི་བྱང་ཆུབ་སེམས་དཔའི་དམིགས་པའོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་བྱང་ཆུབ་སེམས་དཔའི་དམིགས་པའོ། །དམིགས་པ་མེད་པ་

ནི་གང་ལ་ཆོས་དེ་དག་རྒྱུ་བ་མེད་པ་སྟེ། འདི་ལྟ་སྟེ། གང་ལ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། དེ་བཞིན་དུ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། དེ་བཞིན་དུ་གཟུགས་དང་།

སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་དང་། དེ་བཞིན་དུ་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། དེ་བཞིན་དུ་རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་

རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་

དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་དང་། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ནས། དེ་བཞིན་དུ་སྦྱར་

ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དང་། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་དེ་དག་དམིགས་སུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་བརྗོད་དུ་མེད་ལ། དེ་བཞིན་དུ་ཚོར་

བའི་གང་ཡིན་པ་དང་། འདུ་ཤེས་ཀྱི་གང་ཡིན་པ་དང་། འདུ་བྱེད་རྣམས་ཀྱི་གང་ཡིན་པ་དང་། རྣམ་པར་ཤེས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་བརྗོད་དུ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་བརྗོད་དུ་མེད་པའི་

เล่ม ๓๒ · หน้า 227a

ཕྱིར་ཏེ། བསམ་གཏན་དང་སྙོམས་པར་འཇུག་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད་ལ། དེ་དག་གི་དབང་གིས་ཀྱང་མི་སྐྱེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་སྐྱེ་བར་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །

སྐྱེ་བ་གང་ལ་གནས་ནས། ལས་གང་དག་མངོན་པར་འདུས་བྱས་པས། འགྲོ་བ་ལྔའི་འཁོར་བར་ལྟུང་བའི་ལས་རྣམས་མངོན་པར་འདུ་བྱེད་པ་དེ་ནི་གནས་མེད་དེ། གཞན་དུ་ན་སྒྱུ་མ་ལྟ་བུའི་འདུ་བྱེད་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གནས་ནས། རྟག་ཏུ་སེམས་ཅན་

རྣམས་ཀྱི་དོན་བྱེད་མོད་ཀྱི། སེམས་ཅན་ངོ་བོ་ཉིད་ཀྱིས་མི་དམིགས། སྒྱུ་མ་ཡང་མི་དམིགས་སོ། །དེས་སེམས་ཅན་དང་། སྒྱུ་མ་མི་དམིགས་པས་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དེ། རབ་འབྱོར་དེ་

ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། འདི་ལྟ་སྟེ། དམིགས་སུ་མེད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་བྱེད་དོ། །རབ་འབྱོར་གཞན་ཡང་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ནས། སྤྲུལ་པའི་བར་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་གནས་ནས། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ནས། ཆོས་

ཐམས་ཅད་སྤྲུལ་པ་ལྟ་བུའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

པ་ན། ཇི་ལྟར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ནས། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུའི་བར་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་

เล่ม ๓๒ · หน้า 227b

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྨི་ལམ་རྨི་བ་མ་ཡིན། རྨི་ལམ་རྨི་བ་པོ་ཡང་མ་ཡིན་ནོ། །བྲག་ཅ་ཐོས་པ་མ་ཡིན། བྲག་ཅ་ཉན་པ་པོ་ཡང་མ་ཡིན་ནོ། །མིག་ཡོར་མཐོང་བ་ཡང་མ་ཡིན། མིག་ཡོར་མཐོང་བ་པོ་ཡང་མ་ཡིན་ནོ། །དེ་བཞིན་དུ་སྨིག་རྒྱུ་དང་། སྒྱུ་མ་དང་། སྤྲུལ་པ་

མཐོང་བ་པོ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྨི་ལམ་དང་། དེ་བཞིན་དུ་བྲག་ཅ་དང་། མིག་ཡོར་དང་། སྨིག་རྒྱུ་དང་། སྒྱུ་མ་དང་། སྤྲུལ་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཕྱིན་ཅི་ལོག་ཡིན་ཏེ། རབ་འབྱོར་དགྲ་བཅོམ་པ་ཟག་པ་ཟད་པ་ནི་རྨི་ལམ་རྨི་བ་མ་ཡིན། རྨི་

ལམ་རྨི་བ་པོ་ཡང་མ་ཡིན་ནོ། །དེ་བཞིན་དུ་སྤྲུལ་པ་མཐོང་བ་ཡང་མ་ཡིན། སྤྲུལ་པ་མཐོང་བ་པོའི་བར་དུ་མ་ཡིན་ཞིང་། དེ་བཞིན་དུ་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྨི་ལམ་རྨི་བ་མ་ཡིན།

རྨི་ལམ་རྨི་བ་པོ་ཡང་མ་ཡིན་ལ། སྤྲུལ་པ་མཐོང་བ་མ་ཡིན། སྤྲུལ་པ་མཐོང་བ་པོའི་བར་དུ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་ཡོངས་སུ་མ་གྲུབ་པ། ཡང་དག་པར་མ་བྱུང་བ་ཡིན་ན། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དངོས་པོའི་འདུ་ཤེས་ཅན་དུ་འགྱུར་བའམ། ཡོངས་སུ་གྲུབ་པའི་འདུ་ཤེས་ཅན་ནམ། ཡང་དག་པར་བྱུང་བའི་འདུ་ཤེས་ཅན་ནམ། ཡང་དག་པའི་འདུ་ཤེས་ཅན་དུ་ལྟ་ག་ལ་འགྱུར་ཏེ། དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་

ཏེ་ཆོས་འགའ་ཞིག་གི་ངོ་བོ་ཉིད་དམིགས་སམ། དེ་བཞིན་དུ་ཡོངས་སུ་གྲུབ་པའམ། ཡང་དག་པར་བྱུང་བ་དམིགས་ན། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་

གཟུགས་ལ་མི་ཆགས་སོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་ལ་མི་ཆགས་སོ། །དེ་བཞིན་དུ་འདོད་པའི་ཁམས་ལ་མི་ཆགས་སོ། །གཟུགས་ཀྱི་ཁམས་ལ་མི་ཆགས་སོ། །གཟུགས་མེད་པའི་ཁམས་ལ་མི་ཆགས་སོ། །དེ་བཞིན་དུ་བསམ་གཏན་དང་། རྣམ་པར་

เล่ม ๓๒ · หน้า 228a

ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ལ་མི་ཆགས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་ལ་མི་ཆགས་སོ། །རྣམ་པར་ཐར་པའི་སྒོ་གསུམ་ལ་མི་ཆགས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མི་ཆགས་སོ། །

དེ་ས་དང་པོ་ཡོངས་སུ་རྫོགས་པར་བྱེད་ལ། དེ་ལ་འདུན་པའི་འདོད་ཆགས་ཀྱང་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ས་དང་པོ་དེ་ཡང་མི་དམིགས་ན། དེ་ལ་འདུན་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ས་བཅུའི་བར་དུ་ཡོངས་སུ་

རྫོགས་པར་བྱེད་དོ། །དེ་ལ་འདུན་པའི་འདོད་ཆགས་ཀྱང་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ས་བཅུ་པའི་བར་དེ་དག་མ་དམིགས་ན། དེ་ལ་འདུན་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྤྱོད་ལ། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་དེ་མི་དམིགས་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ཀྱི་ནང་དུ་འདུས་པར་མཐོང་ལ། ཆོས་དེ་དག་ཀྱང་མ་དམིགས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་དང་། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ལ་བྱེ་བྲག་ཅི་ཡང་མེད་དོ། །ཆོས་ཀྱི་དབྱིངས་བསྟན་པ་དང་། ཡང་དག་པའི་མཐའ་བསྟན་པས་ཆོས་ཐམས་ཅད་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །

དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་དབྱེར་མ་མཆིས་པ་ལ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་བསྟན་པའམ། ལུང་དུ་མ་བསྟན་པའི་ཆོས་རྣམས་ཇི་ལྟར་རྣམ་པར་གཞག་

ལགས། དེ་བཞིན་དུ་ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཇི་ལྟར་རྣམ་པར་གཞག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་

เล่ม ๓๒ · หน้า 228b

འབྱོར་འདི་ཇི་སྙམ་དུ་སེམས། ཅི་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་དགེ་བའམ། མི་དགེ་བའམ། ལུང་དུ་བསྟན་པའམ། ལུང་དུ་མ་བསྟན་པའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་ལས་

འདས་པའམ། འདུས་བྱས་སམ། འདུས་མ་བྱས་སམ། དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ཡང་དག་པར་རྫོགས་པའི་བྱང་ཆུབ་

ཀྱི་བར་གྱི་ཆོས་འགའི་བརྗོད་པ་ཡང་ཡོད་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་ཐ་དད་པ་མ་ཡིན་པ། མཚན་ཉིད་མེད་

པ། སྐྱེ་བ་མེད་པ། འགག་པ་མེད་པ་དེ་ལྟར་རིག་པར་བྱའོ། །རབ་འབྱོར་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་ཀྱང་འདི་ལྟ་སྟེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པའམ། འདུས་བྱས་སམ།

འདུས་མ་བྱས་སམ། རྒྱུན་དུ་ཞུགས་པའི་འབྲས་བུའམ། དེ་བཞིན་དུ་སྦྱར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཆོས་འགའི་ངོ་བོ་ཉིད་ཀྱང་མ་དམིགས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་མཁས་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་མཁས་པ་ནི་བྱང་ཆུབ་ཀྱི་

ལམ་ཡོངས་སུ་དག་པར་བྱེད། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ནས། ཅི་ནས་

เล่ม ๓๒ · หน้า 229a

ཀྱང་སེམས་ཅན་རྣམས་ཕྱིས་ས་གསུམ་དུ་རྒྱུ་བར་མི་འགྱུར་བར་འདུལ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མཚན་ཉིད་མེད་པའི་ཚུལ་གྱིས་བསླབ་པར་བྱའོ། །དེ་སྐད་ཅེས་བཀའ་

སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཆོས་རྣམས་རྨི་ལམ་ལྟ་བུ་དང་དངོས་པོ་མ་མཆིས་པ། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་དང་། རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་འདི་ལྟ་སྟེ། འདི་དག་ནི་

དགེ་བའི་ཆོས་རྣམས་སོ། །འདི་དག་ནི་མི་དགེ་བའི་ཆོས་རྣམས་སོ། །འདི་དག་ནི་ལུང་དུ་བསྟན་པ་དག་གོ། །འདི་དག་ནི་ལུང་དུ་མ་བསྟན་པ་དག་གོ། །འདི་དག་ནི་ཟག་པ་དང་བཅས་པ་དག་གོ། །འདི་དག་ནི་ཟག་པ་མ་མཆིས་པ་དག་གོ། །འདི་དག་ནི་འཇིག་རྟེན་པ་དག་གོ། །

འདི་དག་ནི་འཇིག་རྟེན་ལས་འདས་པ་དག་གོ། །འདི་དག་ནི་འདུས་བྱས་དག་གོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་རྣམས་སོ། །ཆོས་འདི་དག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་བ་དག་གོ། །འདི་དག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་

བྱེད་པར་འགྱུར་བ་དག་གོ། །འདི་དག་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་བ་དག་གོ། །འདི་དག་ནི་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་བ་དག་གོ། །འདི་དག་ནི་རང་བྱང་ཆུབ་ཏུ་འགྱུར་བ་དག་གོ། །ཆོས་འདི་དག་ནི་བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་དག་གོ་ཞེས་ཇི་ལྟར་རྣམ་པར་གཞག་པར་འགྱུར་ལགས། དེ་བཞིན་དུ་རྨི་ལམ་ལྟ་བུའི་ཆོས་རྣམས་དང་། བྲག་ཅ་ལྟ་བུའི་ཆོས་རྣམས་དང་། མིག་ཡོར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། གཞི་མ་མཆིས་པ་དང་། དངོས་པོ་མ་

མཆིས་པ་དང་། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་དང་། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ། འདི་དག་ནི་དགེ་བའི་ཆོས་རྣམས་སོ། །འདི་དག་ནི་མི་དགེ་བའི་ཆོས་རྣམས་སོ་ཞེས་བགྱི་བ་ནས། ཆོས་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

เล่ม ๓๒ · หน้า 229b

འགྱུར་བ་དག་གོ་ཞེས་བགྱི་བའི་བར་དུ་ཇི་ལྟར་རྣམ་པར་གཞག་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ནི། རྨི་ལམ་དམིགས་

རྨི་ལམ་རྨི་བ་པོ་ཡང་དམིགས་སོ། །དེ་བཞིན་དུ་སྤྲུལ་པ་དམིགས། སྤྲུལ་པ་མཐོང་བ་པོའི་བར་དུ་ཡང་དམིགས་སོ། །དེ་རྨི་ལམ་དང་། རྨི་ལམ་རྨི་བ་པོ་ཡང་དམིགས་པ་ནས། དེ་བཞིན་དུ་སྤྲུལ་པ་དང་། སྤྲུལ་པ་མཐོང་བ་པོའི་བར་དུ་དམིགས་པས་ལུས་དང་། ངག་

དང་། ཡིད་ཀྱིས་ཕྱིན་ཅི་ལོག་ཏུ་གཏོགས་པ་མི་དགེ་བའི་འདུ་བྱེད་རྣམས་ཀྱང་མངོན་པར་འདུ་བྱེད་དོ། །ལུས་དང་། ངག་དང་། ཡིད་ཀྱིས་དགེ་བའི་འདུ་བྱེད་རྣམས་ཀྱང་མངོན་པར་འདུ་བྱེད་དོ། །དེ་བཞིན་དུ་ལུས་དང་། ངག་དང་། ཡིད་ཀྱིས་བསོད་ནམས་དང་། བསོད་

ནམས་མ་ཡིན་པ་དང་། མི་གཡོ་བའི་འདུ་བྱེད་རྣམས་ཀྱང་མངོན་པར་འདུ་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འདུས་བྱས་ལ་སྟོང་པ་ཉིད་གཉིས་ཀྱིས་བརྟགས་ནས། སྟོང་པ་ཉིད་གཉིས་པོ་དེ་ཉིད་ལ་གནས་ཏེ། བྱིས་པ་

སོ་སོའི་སྐྱེ་བོ་རྣམས་ལ་ཆོས་སྟོན་ཏོ། །སྟོང་པ་ཉིད་གཉིས་པོ་གང་ལ་གནས་ཏེ་སྟོན་ཅེ་ན། འདི་ལྟ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལའོ། །ཆོས་ཅི་སྐད་སྟོན་ཅེ་ན། འདི་ལྟ་སྟེ། གཟུགས་དེ་ནི་བདག་དང་བདག་གིས་སྟོང་ངོ་། །དེ་

བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བདག་དང་བདག་གིས་སྟོང་ངོ་། །དེ་བཞིན་དུ་སྐྱེ་མཆེད་འདི་དག་ནི་བདག་དང་བདག་གིས་སྟོང་ངོ་། །དེ་བཞིན་དུ་ཁམས་རྣམས་ནི་བདག་དང་བདག་གིས་སྟོང་ངོ་། །ཀྱེ་ཕུང་པོ་རྣམས་ནི་རྨི་ལམ་

ལྟ་བུ་ནས། སྤྲུལ་པའི་བར་ལྟ་བུའོ། །སྐྱེ་མཆེད་དེ་དག་ནི་རྨི་ལམ་ལྟ་བུ་ནས། སྤྲུལ་པའི་བར་ལྟ་བུའོ། །ཁམས་འདི་དག་ནི་སྤྲུལ་པའི་བར་དག་ལྟ་བུ་སྟེ། ཀྱེ་འདི་དག་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ནི་ཅི་ཡང་མེད་དོ། །འདི་ལ་རྨི་ལམ་མམ། རྨི་ལམ་རྨི་བ་པོ་

เล่ม ๓๒ · หน้า 230a

འགའ་ཡང་མེད་དོ། །བྲག་ཅ་འམ། བྲག་ཅ་ཉན་པ་པོའམ། མིག་ཡོར་རམ། མིག་ཡོར་མཐོང་བ་པོའམ། དེ་བཞིན་དུ་སྨིག་རྒྱུ་དང་། སྒྱུ་མ་དང་། སྤྲུལ་པ་མཐོང་བ་པོ་ཡང་མེད་དེ། ཆོས་ཐམས་ཅད་ནི་དངོས་པོ་མེད་པ་དང་དངོས་པོ་མེད་པའི་

ངོ་བོ་ཉིད་ཡིན་ནོ། །ཁྱེད་ནི་ཕུང་པོ་མེད་པ་ལ་ཕུང་པོར་འདུ་ཤེས་པར་འགྱུར། ཁམས་མེད་པ་ལ་ཁམས་སུ་འདུ་ཤེས་པ་དང་། སྐྱེ་མཆེད་རྣམས་མེད་པ་ལ་སྐྱེ་མཆེད་དུ་འདུ་ཤེས་པར་ཟད་དོ། །ཆོས་འདི་དག་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱིན་ཅི་ལོག་ལས་

སྐྱེས་པ་དང་། ལས་ཀྱི་རྣམ་པར་སྨིན་པས་ཡོངས་སུ་ཟིན་པ་ཡིན་ན། འདི་ལ་ཁྱེད་དངོས་པོ་མེད་པའི་ཆོས་རྣམས་ལ་དངོས་པོར་འདུ་ཤེས་པའི་རྒྱུ་གཞན་གང་ཡིན་ཞེས་སྟོན་པར་བྱེད་ཅིང་། སེམས་ཅན་སེར་སྣ་ཅན་གང་དག་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཐབས་ལ་མཁས་པ་དེས་སེར་སྣ་དེ་ལས་བཟློག་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱེད་དོ། །སེམས་ཅན་དེ་དག་གི་སྦྱིན་པ་ཡོངས་སུ་གཏོང་བ་དེ་ཡང་ལོངས་སྤྱོད་ཆེན་པོ་ཉིད་དུ་འགྱུར་རོ། །དེ་ལས་ཀྱང་བཟློག་ནས། ཚུལ་ཁྲིམས་ལ་སྦྱོར་བར་བྱེད་

དོ། །དེ་དག་གི་ཚུལ་ཁྲིམས་ཡང་དག་པར་བླང་བ་དེ་ཡང་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །དེས་ཀྱང་བཟློག་ནས། ཏིང་ངེ་འཛིན་དག་ལ་སྦྱོར་བར་བྱེད་དེ། དེ་དག་གི་ཏིང་ངེ་འཛིན་དེ་དག་ཀྱང་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་དང་པོ་ལས་

བཟློག་ནས། བསམ་གཏན་གཉིས་པ་ལ་རབ་ཏུ་འགོད་པར་བྱེད་དོ། །བསམ་གཏན་གཉིས་པ་ལས་བཟློག་ནས། བསམ་གཏན་གསུམ་པ་ལ་རབ་ཏུ་འགོད་པར་བྱེད་དོ། །བསམ་གཏན་གསུམ་པ་ལས་བཟློག་ནས། བསམ་གཏན་བཞི་པ་ལ་རབ་ཏུ་འགོད་པར་

བྱེད་དོ། །བསམ་གཏན་བཞི་པ་ལས་བཟློག་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་རབ་ཏུ་འགོད་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཅི་རིགས་པར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་རབ་ཏུ་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด