འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ད་ཤ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱར་མི་ཏཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓๒ · หน้า 260a
འབྱོར་དེ་བཞིན་དུ་གཟུགས་ཀྱིས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུགས་པར་མི་བྱེད་ལ། སྟོང་པ་ཉིད་ཀྱིས་ཀྱང་གཟུགས་རྣམ་པར་འཁྲུགས་པར་མི་བྱེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་གྱིས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུགས་པར་མི་བྱེད་ལ། སྟོང་པ་
ཉིད་ཀྱིས་ཀྱང་རྣམ་པར་ཤེས་པ་རྣམ་པར་འཁྲུགས་པར་མི་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་གྱིས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུགས་པར་མི་བྱེད་ལ། སྟོང་པ་ཉིད་ཀྱིས་ཀྱང་བྱང་ཆུབ་ཀྱི་བར་རྣམ་པར་འཁྲུགས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་
དག་ལ་འདི་ནི་སྟོང་ངོ་། །འདི་ནི་མི་སྟོང་ངོ་སྙམ་དུ་རྣམ་པར་རྟོག་པར་བྱེད་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས་རང་བཞིན་གྱི་ལེའུ་ཞེས་བྱ་སྟེ་སུམ་ཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་
ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟར་ཆོས་ཀྱི་མཚན་ཉིད་ལེགས་པར་རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ལགས་སམ། རབ་འབྱོར་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་རྣམ་པ་ནི་གང་དག་ལགས། རྟགས་ནི་གང་དག་ལགས། མཚན་མ་ནི་གང་དག་ལགས། བདག་ཅག་གིས་ཇི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལགས་པར་འཚལ་བར་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱིས་པ་སོ་སོའི་སྐྱེ་བོའི་ས་གང་ཡིན་པ་དང་། ཉན་ཐོས་ཀྱི་ས་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་ས་གང་ཡིན་པ་དང་། དེ་བཞིན་གཤེགས་
པའི་ས་གང་ཡིན་པའི་ས་བཤད་པ་དེ་དག་ཐམས་ཅད་ནི་ཆོས་ཀྱི་དེ་བཞིན་ཉིད་དེ། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་ལ་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་དེ་བཞིན་ཉིད་དེ། ཆོས་ཀྱི་དེ་བཞིན་ཉིད་དེ་ལ་འཇུག་པར་བྱེད་
เล่ม ๓๒ · หน้า 260b
ལ། དེ་བཞིན་ཉིད་དེ་ཆོས་ཀྱི་དེ་བཞིན་ཉིད་ལ་མི་རྟོག་སྟེ། རྣམ་པར་མི་རྟོག་པ་ཁོ་ནའི་ཚུལ་གྱིས་དེ་བཞིན་ཉིད་ལ་འཇུག་གོ། །དེ་ལ་ཞུགས་ནས་ཀྱང་དེའི་དེ་བཞིན་ཉིད་གང་ཡིན་པ་དེ་ཤེས་ནས། དེ་བོར་ཏེ་འདི་ནི་ཆོས་ཀྱི་དེ་བཞིན་ཉིད་མ་ཡིན་ནོ་སྙམ་དུ་ཆོས་གང་ལ་ཡང་ཐེ་ཚོམ་མི་ཟ་
ཞིང་། དེ་བཞིན་ཉིད་འདི་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དོ་སྙམ་མོ། །དེ་ནི་བྱུང་རྒྱལ་དུ་སྨྲ་བ་མ་ཡིན་ཏེ། ཚིག་དོན་དང་ལྡན་པ་ཁོ་ནར་སྨྲའི་དོན་དང་མི་ལྡན་པར་ནི་མ་ཡིན་ནོ། །གཞན་གྱིས་བྱས་པ་དང་མ་བྱས་པ་ལ་
མི་ལྟ་ཞིང་། ལེགས་པར་གསུངས་པ་ཚོལ་བ་ཡིན་ཏེ། རབ་འབྱོར་རྣམ་པ་དང་རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་ལྡོག་པ་ཡིན་པར་རིག་པར་བྱའོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་རྣམ་པ་གང་
དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་སྟོན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ནི་རྣམ་པ་མེད་པ། རྟགས་མེད་པ་མཚན་མ་མེད་པ་ཡིན་ནོ། །
གསོལ་པ། གལ་ཏེ་ཆོས་ཐམས་ཅད་རྣམ་པ་མ་མཆིས་པ། རྟགས་མ་མཆིས་པ་མཚན་མ་མ་མཆིས་པ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་དག་ལས་ཕྱིར་ལྡོག་ན། ཕྱིར་མི་ལྡོག་པར་སྟོན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལས་ཕྱིར་ལྡོག་པ་ཡིན་ཞིང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་ཕྱིར་ལྡོག་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་སྟོན་
ཏོ། །རབ་འབྱོར་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོ་སོའི་སྐྱེ་བོའི་ས་ལས་ཕྱིར་ལྡོག་པ་དང་། ཉན་ཐོས་ཀྱི་ས་ལས་ཕྱིར་ལྡོག་པ་དང་། རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལྡོག་པ་དེའི་ཚེ་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་གང་གི་ཚེ་བྱང་
เล่ม ๓๒ · หน้า 261a
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མི་ལྡོག་པ་དང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལས་ཕྱིར་མི་ལྡོག་པ་དང་། ནང་སྟོང་པ་ཉིད་ལས་ཕྱིར་མི་ལྡོག་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལས་ཕྱིར་མི་ལྡོག་པ་དང་། དེ་བཞིན་དུ་སྦྱར་
ཏེ། སངས་རྒྱས་ཀྱི་ཆོས་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལས་ཕྱིར་མི་ལྡོག་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་སྦྱོང་དང་། བྲམ་ཟེ་འདི་
དག་ནི་ཤེས་པར་བྱ་བ་ཤེས་ཤིང་མཐོང་བར་བྱ་བ་མཐོང་བའམ། ཡང་དག་པའི་ལྟ་བ་འདོགས་པར་བྱེད་པའོ། །ཞེས་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་དང་། བྲམ་ཟེ་དག་གི་ངོར་ལྟ་བ་དེ་ནི་གནས་མེད་དེ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཐེ་ཚོམ་བསྐྱེད་པར་མི་བྱེད་དེ། ཚུལ་
ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པར་གྱུར་པ་མ་ཡིན་ནོ། །ལྟ་བ་ངན་པར་མི་ལྟུང་ངོ་། །དགེ་མཚན་དང་། བཀྲ་ཤིས་ལ་དག་པར་མི་འཛིན་ཏོ། །ལྷ་གཞན་དག་ལ་ཕྱག་འཚལ་བར་མི་བྱེད་ཅིང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། མར་མེ་དང་།
བདུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་དེ་དག་ལ་སྦྱིན་པའམ། བྱ་བར་མི་སེམས་པ་སྟེ། རབ་འབྱོར་རྣམ་པ་དང་། རྟགས་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རིགས་དམན་པ་དང་།
རིགས་ངན་དུ་མི་སྐྱེ་སྟེ། འདི་ལྟ་སྟེ། གདོལ་པའི་རིགས་རྣམས་སམ། གཡུང་པོའི་རིགས་རྣམས་སམ། སྨྱིག་མ་མཁན་གྱི་རིགས་རྣམས་སམ། དེ་ལས་གཞན་པའི་རིགས་ངན་རྣམས་སམ། མི་ཁོམ་པ་བརྒྱད་པོ་དག་གི་བར་རྣམས་སུ་མི་སྐྱེ། བུད་མེད་ཀྱི་དངོས་པོ་ཡོངས་སུ་མི་
འཛིན་ཏེ། རབ་འབྱོར་རྣམ་པ་དང་རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་
เล่ม ๓๒ · หน้า 261b
བླངས་ནས་གནས་ཏེ། དེ་བདག་གིས་ཀྱང་སྲོག་གཅོད་པ་སྤངས་ཤིང་། གཞན་དག་ཀྱང་སྲོག་གཅོད་པ་སྤོང་བ་སྒྲུབ་པ་ཡང་དག་པར་འཛིན་དུ་འཇུག་པ་ཡིན། སྲོག་གཅོད་པ་སྤོང་བ་སྒྲུབ་པའི་བསྔགས་པ་ཡང་རྗོད་པ་ཡིན། གཞན་གང་དག་སྲོག་གཅོད་པ་སྤངས་པ་དེ་དག་གི་
བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། བདག་གིས་ཀྱང་ལོག་པར་ལྟ་བའི་བར་དུ་སྤངས་ཤིང་། གཞན་དག་ཀྱང་ལོག་པར་ལྟ་བ་སྤོང་བ་སྒྲུབ་པ་ཡང་དག་པར་འཛིན་དུ་འཇུག་པ་ཡིན། ལོག་པར་ལྟ་བ་སྤོང་བ་སྒྲུབ་པའི་བསྔགས་པ་ཡང་
རྗོད་པ་ཡིན། གཞན་གང་དག་ལོག་པར་ལྟ་བ་སྤངས་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་བྱེད་པ་ཡིན་ཏེ། རབ་འབྱོར་རྣམ་པ་དང་རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་
འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྨི་ལམ་ན་ཡང་མི་དགེ་བ་བཅུའི་ལས་ཀྱི་ལམ་ཀུན་ཏུ་མི་སྤྱོད་ན་སད་པ་ན་ལྟ་ཅི་སྨོས་ཏེ། རབ་འབྱོར་རྣམ་པ་དང་རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྟག་ཏུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། རྟག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཏེ། སྦྱིན་པ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྒོམ་ལ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྒོམ་སྟེ། རབ་འབྱོར་རྣམ་པ་དང་རྟགས་དང་།
མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་ཀྱི་སྦྱིན་པ་སྦྱིན་པ་ན། འདི་སྙམ་དུ་ཆོས་ཀྱི་སྦྱིན་པ་འདིས་སེམས་
เล่ม ๓๒ · หน้า 262a
ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག་སྙམ་དུ་བསམས་ནས། དེས་ཆོས་ཀྱི་སྦྱིན་པ་དེ་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ལ། དེ་ཡང་མི་དམིགས་
པའི་ཚུལ་གྱིས་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་རྣམ་པ་དང་རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་
ཆོས་ཟབ་མོ་རྣམས་ལ་སོམ་ཉི་དང་ཡིད་གཉིས་དང་ཐེ་ཚོམ་མེད་དོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཅིའི་སླད་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཟབ་མོ་རྣམས་ལ་སོམ་ཉི་དང་། ཡིད་གཉིས་དང་ཐེ་ཚོམ་མ་མཆིས་པ་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་གང་ལ་དེ་སོམ་ཉི་དང་ཡིད་གཉིས་དང་། ཐེ་ཚོམ་ཟ་བར་འགྱུར་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདི་ལྟ་སྟེ། གཟུགས་སམ།
ཚོར་བའམ། འདུ་ཤེས་སམ་འདུ་བྱེད་རྣམས་སམ། རྣམ་པར་ཤེས་པའམ། དེ་བཞིན་དུ་སྦྱར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་རྣམ་པ་དང་རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུས་ཀྱི་ལས་འཇམ་པ་དང་ལྡན་པ་ཡིན་ངག་གི་ལས་འཇམ་པ་དང་། ཡིད་ཀྱི་ལས་འཇམ་པ་དང་ལྡན་པ་ཡིན། སེམས་
ཅན་ཐམས་ཅད་ལ་ཡང་ཞེ་འགྲས་པའི་སེམས་མེད་པ་ཡིན་ཏེ། རབ་འབྱོར་རྣམ་པ་དང་རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་
เล่ม ๓๒ · หน้า 262b
སེམས་དཔའ་ཆེན་པོ་ནི་རྟག་ཏུ་བྱམས་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན། དེ་བཞིན་དུ་བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ། རབ་འབྱོར་རྣམ་པ་དང་རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྒྲིབ་པ་ལྔ་དང་ལྷན་ཅིག་མི་གནས་སོ། །ལྔ་པོ་དག་གང་ཞེ་ན། འདི་ལྟ་སྟེ། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་།
གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་དང་། ལྷན་ཅིག་མི་གནས་ཏེ། རབ་འབྱོར་རྣམ་པ་དང་རྟགས་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་བག་ལ་ཉལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དེ། རབ་འབྱོར་རྣམ་པ་དང་། རྟགས་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་
ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འགྲོའམ་ལྡོག་ཀྱང་རུང་འཁྲུལ་པའི་སེམས་ཀྱིས་འགྲོ་བའམ། ལྡོག་པར་མི་བྱེད་ཀྱི་དེ་འགྲོའམ། ལྡོག་ན་ཡང་དྲན་པ་ཉེ་བར་གཞག་བཞིན་དུ་འགྲོའམ། ལྡོག་པར་བྱེད་དེ། དྲན་བཞིན་ཁོ་ནར་
འགྲོའམ་ལྡོག་པར་བྱེད་དོ། །དྲན་པ་བཞིན་ཁོ་ནར་འཆག་པའམ། འགྲེང་བའམ། འདུག་པའམ། ཉལ་བར་བྱེད་དོ། །གྱ་ཚོམ་དུ་རྐང་པ་ས་ལ་མི་འཇོག །གྱ་ཚོམ་དུ་རྐང་པ་ས་ལ་མི་འདེག་གི་དྲན་བཞིན་ཁོ་ནར་རྐང་པ་ས་ལ་འཇོག་ཅིང་དྲན་བཞིན་ཁོ་ནར་རྐང་
པ་ས་ལ་འདེག་ལ་མཐོང་བཞིན་དུ་སའི་ཕྱོགས་སུ་འགྲོ་སྟེ། རབ་འབྱོར་རྣམ་པ་དང་། རྟགས་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་
เล่ม ๓๒ · หน้า 263a
སེམས་དཔའ་ཆེན་པོའི་གོས་ཀྱི་སྤྱོད་པ་ནི་སྨད་དུ་མེད་པ་ཡིན། རྟག་ཏུ་གཙང་སྦྲ་ཅན་ཡིན་ཞིང་དྲི་ང་བ་མེད་ལ། དེ་ནད་ཉུང་བ་དང་རྡུལ་དང་། དྲི་མ་དང་བྲལ་བ་ཡིན་ཏེ། རབ་འབྱོར་རྣམ་པ་དང་། རྟགས་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ལུས་ལ་ནི་མིར་གྱུར་པ་རྣམས་ཀྱི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་གང་དག་ཡོད་ཅིང་ལུས་དེ་ཉིད་ལ་ཟ་བ་དེ་དག་མེད་དོ། །
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་གང་དག་ཡིན་པ་དེ་དག་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་དང་། འཇིག་རྟེན་ཐམས་ཅད་ལས་རབ་མཆོག་ཏུ་གྱུར་པ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེའི་ལུས་ལ་སྲིན་བུའི་
རིགས་དེ་དག་མེད་དོ། །རབ་འབྱོར་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་དགེ་བའི་རྩ་བ་དེ་དག་ཤིན་ཏུ་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེས་རྒྱ་ཆེར་ལུས་དང་། ངག་དང་ཡིད་ཡོངས་སུ་དག་པ་ཡོངས་སུ་
འཛིན་ཏོ། །གྲང་བ་དང་། དྲོ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཉི་མ་དང་། རླུང་དང་། ཤ་སྦྲང་གི་རེག་པ་དག་བཟོད་པ་ཡིན་ཏེ། རབ་འབྱོར་རྣམ་པ་དང་། རྟགས་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་
ལྡོག་པར་སྟོན་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ལུས་ཡོངས་སུ་དག་པ་དེ་གང་ལགས། ངག་ཡོངས་སུ་དག་
པ་གང་ལགས། ཡིད་ཡོངས་སུ་དག་པ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་དགེ་བའི་རྩ་བ་དེ་དག་རྣམ་
เล่ม ๓๒ · หน้า 263b
པར་འཕེལ་བ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་མི་དྲང་བ་དང་། གྱ་གྱུ་དང་། ངག་གི་མི་དྲང་བ་དང་། གྱ་གྱུ་དང་། སེམས་ཀྱི་མི་དྲང་བ་དང་། གྱ་གྱུ་རྣམས་ཡོངས་སུ་བྱང་བར་བྱེད་དེ། དེ་ཇི་ལྟར་ལུས་ཀྱིས་ལེགས་
པར་སྤྱད་པ་རྣམ་པ་གསུམ་སྤྱོད་པ་དང་། ངག་གིས་ལེགས་པར་སྤྱད་པ་རྣམ་པ་བཞི་སྤྱོད་པ་དང་། ཡིད་ཀྱིས་ལེགས་པར་སྤྱད་པ་རྣམ་པ་གསུམ་སྤྱོད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། ཡིད་ཡོངས་
སུ་དག་པ་ཡིན་ནོ། །དེ་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། ཡིད་ཡོངས་སུ་དག་པ་དང་ལྡན་པ་དེས་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་ཀྱང་འདའ་བར་བྱེད་ཅིང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཡང་འཇུག་ལ། ཡང་དག་པའི་
མཐའ་མངོན་སུམ་དུ་ཡང་མི་བྱེད་དོ། །རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་དེའི་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། ཡིད་ཡོངས་སུ་དག་པ་ཡིན་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་པ་དང་རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་གདུ་བ་མ་ཡིན། ཆོས་གོས་དང་། བསོད་སྙོམས་དང་། མལ་
ཆ་དང་། སྟན་ལ་གདུ་བ་མ་ཡིན། སྦྱངས་པའི་ཡོན་ཏན་བཅུ་གཉིས་པོ་དག་ཡང་དག་པར་བླངས་ནས་གནས་ཏེ། རབ་འབྱོར་རྣམ་པ་དང་། རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་
གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ནམ་ཡང་སེར་སྣའི་སེམས་མི་སྐྱེད། འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་དང་། ལེ་ལོའི་སེམས་དང་། རྣམ་པར་གཡེངས་པའི་སེམས་དང་། རྨོངས་པའི་སེམས་མི་སྐྱེད་དེ། རབ་འབྱོར་རྣམ་པ་དང་།
เล่ม ๓๒ · หน้า 264a
རྟགས་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བློ་བརྟན་པ་ཡིན་ནོ། །དེ་ནི་གུས་པར་བྱས་ནས་གཞན་ལས་ཆོས་ཉན་ཏེ། གང་ཅི་ཉན་ཀྱང་རུང་། དེ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱོར་བར་བྱེད་དོ། །འཇིག་
རྟེན་པའི་ལས་གང་དག་ཡིན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། འབད་པ་མེད་པ་ཁོ་ནར་ཤེས་ལ། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱོར་བར་བྱེད་ཅིང་། གང་ཆོས་ཀྱི་དབྱིངས་དང་མི་འབྱོར་པའི་ཆོས་དེ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་གི་
དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྱོར་པར་ཡང་དག་པར་རྗེས་སུ་མཐོང་སྟེ། རབ་འབྱོར་རྣམ་པ་དང་རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གལ་ཏེ་ཕྱིར་མི་ལྡོག་པའི་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་མདུན་དུ་བདུད་སྡིག་ཅན་གྱིས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་མངོན་པར་སྤྲུལ་ནས། སེམས་ཅན་དམྱལ་བ་རེ་རེར་ཡང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དང་། བྱང་ཆུབ་སེམས་དཔའ་འབུམ་ཕྲག་མང་པོ་ཞིག་
བསྟན་ཏེ། དམྱལ་བའི་མེས་བསྲེག་ཅིང་བཙོ་བ་དང་། བསྐོལ་བ་དང་། སྡུག་བསྔལ་མི་བཟད་པ་དྲག་པོ་རྩུབ་པའི་ཚོར་བ་དག་མྱོང་བར་མངོན་དུ་སྤྲུལ་ཏེ་བསྟན་ལ། བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ལུང་བསྟན་པ་ཤ་སྟག་སྟེ། འདི་དག་སེམས་ཅན་དམྱལ་བ་འདི་དག་ཏུ་སྐྱེས་སོ། །ཀྱེ་ཁྱོད་ཀྱང་དེ་བཞིན་གཤེགས་པས་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལས་ཕྱིར་མི་ལྡོག་པར་ལུང་བསྟན་པ་ནི་སེམས་ཅན་དམྱལ་བར་འགྱུར་དུ་ཟད་ན། ཀྱེ་ད་དུང་ཡང་ཁྱོད་ཀྱིས་བྱང་ཆུབ་ཀྱི་སེམས་འདི་ཐོང་ཤིག་དང་། དེ་ལྟར་ན་ཁྱོད་སེམས་ཅན་དམྱལ་བ་འདི་དག་ནས་ཐར་བར་འགྱུར་ཞིང་། ཕྱིས་འདིར་
เล่ม ๓๒ · หน้า 264b
སྐྱེ་བར་མི་འགྱུར་ལ་འདི་ནས་ཤི་འཕོས་ནས་ཀྱང་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་ཟེར་ཡང་། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་སེམས་གཞན་ཉིད་དུ་འགྱུར་བ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་
ལས་མི་དགེ་བ་རྣམས་ཀྱི་འབྲས་བུ་ནི་མི་སྡུག་པ་ཡིན་པར་དེས་ཆོས་ཀྱི་མཚན་ཉིད་ལེགས་པར་རྟོགས་པའི་ཕྱིར་དང་། དེ་བཞིན་གཤེགས་པ་དེ་དག་ནི་ཆོས་ཀྱི་གཏེར་ཐུགས་རྗེ་ཆེན་པོ་དང་ལྡན་པ། འབྱུང་པོ་ཐམས་ཅད་ལ་ཕན་པར་བཞེད་པ་ཡིན་པས། བརྫུན་གསུང་བ་མ་ཡིན་པའི་ཕྱིར་
རོ། །རབ་འབྱོར་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དམྱལ་བ་རྣམས་སམ། དུད་འགྲོ་རྣམས་སམ། ཡི་དགས་རྣམས་སུ་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དེ། རབ་འབྱོར་རྣམ་པ་དང་
རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་ཀྱིས་འོངས་ཏེ། འདི་སྐད་དུ་སྔོན་ཁྱོད་ཀྱིས་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་
པར་བྱའོ། །འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་པར་བྱའོ། །འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་ཐོས་པ་གང་ཡིན་པ་དེ་ཐམས་ཅད་ནི་ཁྱོད་ཀྱིས་ལོག་པར་ཐོས་པ་
ཡིན་གྱིས། དེ་ཐམས་ཅད་སླར་བཤགས་པར་གྱིས་ཤིག །ཁྱོད་ཀྱིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐུགས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ།
དམ་པའི་ཆོས་གནས་པའི་བར་དེའི་དགེ་བའི་རྩ་བ་གང་དག་ཡིན་པའི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་བར་བྱས་པ་ཐམས་ཅད་སླར་བཤགས་པར་གྱིས་ཤིག །སླར་ཐོང་ཤིག་ཁྱོད་དང་དེ་དག་ནི་ལོག་པའོ། །ཀྱེ་དགེ་བའི་རྩ་བ་དེ་དག་སླར་འཆགས་ཤིང་གཏོང་ལ་ཁོ་བོའི་ཚིག་
เล่ม ๓๒ · หน้า 265a
ལྟར་བྱེད་ན་ནི་དེ་ལྟར་ན་ཁྱོད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཁྱོད་ཀྱིས་དེ་སྐད་ཐོས་པ་གང་ཡིན་པ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། དེ་སྙན་དངགས་སུ་བྱས་པ་ཡིན་གྱི། ཁོ་བོ་ཁྱོད་
ལ་སྟོན་པ་གང་ཡིན་པ་དེ་ནི་ཡང་དག་པར་ན། སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེས་ཟེར་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་འཁྲུག་ཅིང་ནེམ་ནུར་བྱེད་ལ། ཐེ་ཚོམ་ཟ་ན་བྱང་ཆུབ་སེམས་དཔའ་དེ་ནི་དེ་བཞིན་གཤེགས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་
བསྟན་པ་མ་ཡིན་པར་རིག་པར་བྱ་སྟེ། དེ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པ་མ་ཡིན་ནོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བདུད་སྡིག་ཅན་གྱིས་འདུན་པ་ཟློག་པ་ན་མི་འཁྲུག་ཅིང་ནེམ་ནུར་མི་བྱེད་ལ། ཐེ་ཚོམ་མི་ཟ་སྟེ། དེའི་ཚིག་ལ་ཡིད་ཆེས་
པར་མི་བྱེད། གཞན་ལ་ཡིད་ཆེས་པར་མི་བྱེད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དང་། དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་གཞན་གྱི་དྲིང་མི་འཇོག་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར་དཔེར་ན་དགྲ་བཅོམ་པ་ཟག་པ་ཟད་པ་ནི་ཆོས་རྣམས་མངོན་སུམ་དུ་མཐོང་བའི་ཕྱིར། ནམ་ཡང་གཞན་སུ་ལ་ཡང་ཡིད་ཆེས་པར་མི་བྱེད་ཅིང་། བདུད་སྡིག་ཅན་
གྱིས་ཀྱང་མི་འཕྲོགས་པ་ཡིན་ན། གཞན་གྱིས་ལྟ་ཅི་སྨོས། རབ་འབྱོར་དེ་བཞིན་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་གཞན་སུ་ལ་ཡང་ཡིད་ཆེས་པར་མི་བྱེད་ལ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བདུད་སྡིག་ཅན་གྱིས་ཀྱང་མི་རྫི་
ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནོ། །དེ་ནི་སུ་ལ་ཡང་ཡིད་ཆེས་པར་མི་བྱེད་དེ། དེ་བཞིན་གཤེགས་པ་རྣམས་ལ་ཡང་དད་པས་མི་འགྲོ་ན། གཞན་དགེ་སྦྱོང་དང་བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་རྣམས་སམ། བདུད་
เล่ม ๓๒ · หน้า 265b
སྡིག་ཅན་ལ་ཡིད་ཆེས་པར་ལྟ་ག་ལ་བྱེད་དེ། དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་གང་ལ་ཡིད་ཆེས་པར་བྱ་བའི་གཟུགས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་། །དེ་བཞིན་དུ་གང་ལ་ཡིད་ཆེས་པར་བྱ་བའི་ཚོར་
བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་དུ་གང་ལ་ཡིད་ཆེས་པར་བྱ་བའི་གཟུགས་ཀྱི་དེ་བཞིན་ཉིད་དང་། ཚོར་བའི་དེ་བཞིན་ཉིད་དང་། འདུ་ཤེས་ཀྱི་དེ་བཞིན་ཉིད་དང་། འདུ་བྱེད་རྣམས་ཀྱི་དེ་བཞིན་
ཉིད་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་སྦྱར་ཏེ། གང་ལ་ཡིད་ཆེས་པར་བྱ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཏེ། རབ་འབྱོར་རྣམ་པ་དང་རྟགས་
དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་འོངས་ཏེ། བྱང་ཆུབ་སེམས་དཔའ་ལ་འདི་སྐད་དུ་འདི་ནི་འཁོར་བའི་སྤྱོད་པ་ཡིན་གྱི། འདི་བྱང་ཆུབ་སེམས་
དཔའི་སྤྱོད་པ་ནི་མ་ཡིན་གྱིས། ཀྱེ་ཁྱོད་ཀྱིས་འདི་ཉིད་དུ་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས་ཟེར་ཞིང་། དེ་བྱང་ཆུབ་སེམས་དཔའ་དེ་ལ་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལྟར་བཅོས་པ་སྟོན་ལ་ལམ་ལྟར་བཅོས་པ་དེ་ཡང་འཁོར་བའི་སྤྱོད་པ་འཇིག་རྟེན་པའི་ལམ་གྱིས་བསྡུས་
པ་སྟེ། ཡང་ན་རུས་གོང་དུ་འདུ་ཤེས་པ་དང་། རྣམ་པར་སྔོས་པ་དང་། རྣམ་པར་རྣགས་པ་དང་། རྣམ་པར་བམ་པ་དང་། རྣམ་པར་དམར་བ་དང་། རྣམ་པར་ཟོས་པའི་འདུ་ཤེས་སམ། ཡང་ན་བྱམས་པའམ། ཡང་ན་སྙིང་རྗེའམ། ཡང་ན་དགའ་བའམ། ཡང་ན་བཏང་
སྙོམས་སམ། ཡང་ན་བསམ་གཏན་དང་པོའམ། ཡང་ན་བསམ་གཏན་བཞི་པའི་བར་རམ། ཡང་ན་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟོན་པར་བྱེད་ཅིང་། ཚེ་དང་ལྡན་པ་ལམ་འདི་དང་ནན་ཏན་འདིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པར་འགྱུར་ཞིང་། དགྲ་བཅོམ་
เล่ม ๓๒ · หน้า 266a
པའི་བར་རམ། རང་བྱང་ཆུབ་འཐོབ་པར་འགྱུར་གྱིས། ཀྱེ་ཁྱོད་ཀྱིས་འདི་ཉིད་དུ་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཕྱིས་འཁོར་བ་ན་སྤྱོད་པའི་སྡུག་བསྔལ་དེ་དག་མྱོང་བར་གྱུར་ཏ་རེ། ཡང་ན་གལ་ཏེ་ཁྱོད་གཟུགས་ཅན་གྱི་ལུས་མི་འདོད་དམ། ཡོངས་སུ་མི་གཟུང་
བར་སེམས་ན། འདི་ཉིད་དུ་སྐྱེ་མཆེད་རྣམས་ཡོངས་སུ་སྦྱོངས་ཤིག་ཅེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་དེ་སྐད་བརྗོད་ཀྱང་། རབ་འབྱོར་གལ་ཏེ་སེམས་མི་འཁྲུག་ཅིང་མི་གཡོ་ལ། གོང་དུ་ཡང་འདི་སྙམ་དུ་བདག་ལ་ལམ་ལྟར་བཅོས་པ་གང་རྒྱུན་དུ་ཞུགས་པའི་
འབྲས་བུ་ཡང་མངོན་སུམ་དུ་བྱེད་པར་མི་འགྱུར་ཞིང་། དགྲ་བཅོམ་པའི་འབྲས་བུའི་བར་དུ་མངོན་སུམ་དུ་བྱེད་པར་མི་འགྱུར་ལ། རང་བྱང་ཆུབ་ཀྱང་མངོན་སུམ་དུ་བྱེད་པར་ཡང་མི་འགྱུར་བའི་ལམ་ལྟར་བཅོས་པ་སྟོན་པའི་དགེ་སློང་འདི་ནི་བདག་ལ་གཅེས་སྤྲས་བྱེད་པ་ཡིན་ནོ་སྙམ་དུ་
སེམས་སོ། །གོང་དུ་ཡང་བདག་ལ་ཆགས་པ་དེ་སྟོན་པའི་དགེ་སློང་འདི་ནི་བདག་ལ་གཅེས་སྤྲས་བྱེད་པ་ཡིན་ཏེ། ཆགས་པའི་གནས་དེ་ཤེས་ནས། ཐེག་པ་གསུམ་པོ་ཀུན་ལ་བསླབ་པར་བྱའོ་སྙམ་ནས་དགའ་བ་སྐྱེའོ། །བདུད་སྡིག་ཅན་གྱིས་དེ་དགའ་བར་རིག་ནས། དེ་ལ་འདི་
སྐད་ཅེས་ཀྱེ་རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གྱི་
གསོ་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱས་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་དྲུང་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྒོམ་ཞིང་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་
དུ་ཡང་ཡོངས་སུ་བསྒོམས་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ལ་བཀུར་སྟི་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་ཀྱི་ཆེད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་
เล่ม ๓๒ · หน้า 266b
པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། དེ་བཞིན་དུ་
དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། དེ་
བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་སྤྱོད་པས། ཇི་ལྟར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་གནས་པར་བགྱི་ཞེས་ཡོངས་སུ་ཞུས་ཤིང་དྲིས་པ་རྣམས་ལྟ་བར་འདོད་དམ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་བཤད་པ་ལ་དེ་ཁོ་ན་བཞིན་དུ་
གནས་ཏེ། དེ་ཁོ་ན་བཞིན་དུ་སྤྱད་དེ་ཁོ་ན་བཞིན་དུ་རྣལ་འབྱོར་དུ་བྱས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། དེ་ལྟར་གདམས་པ་དང་དེ་ལྟར་རྗེས་སུ་བསྟན་པ་དང་།
དེ་ལྟར་སློབ་པ་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ད་དུང་མ་ཐོབ་ན། ཁྱོད་ལྟ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཚང་རྒྱ་བར་ལྟ་ག་ལ་འགྱུར་ཞེས་ན་དེ་སྐད་བརྗོད་ན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་གཞན་དུ་མི་འགྱུར་ཞིང་།
ཡིད་དངང་བར་མི་འགྱུར་ལ། གང་དུ་ཡང་ཆགས་པ་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་འཐོབ་པར་མི་འགྱུར། རང་བྱང་ཆུབ་ཀྱི་བར་དུ་ཡང་འཐོབ་པར་མི་འགྱུར་བའི་ཆགས་པ་བདག་ལ་སྟོན་པའི་དགེ་སློང་འདི་ནི་བདག་ལ་གཅེས་སྤྲས་བྱེད་པ་ཡིན་ནོ་སྙམ་ནས་
དགའ་བ་སྐྱེའོ། །དེ་ནས་བདུད་སྡིག་ཅན་གྱིས་བྱང་ཆུབ་སེམས་དཔའ་དེའི་སེམས་ཞུམ་པ་མེད་པ་ཉིད་དུ་ཤེས་ནས། སྐད་ཅིག་དེ་ཉིད་ལས་ཕྱོགས་དེ་ཉིད་དུ་དགེ་སློང་རབ་ཏུ་མང་པོ་དག་ཅིག་མངོན་པར་སྤྲུལ་ནས། དགེ་སློང་འདི་དག་ནི་དགྲ་བཅོམ་པ་ཟག་པ་ཟད་པ་ཉོན་མོངས་
เล่ม ๓๒ · หน้า 267a
པ་མེད་པ་ཤ་སྟག་སྟེ། གང་དག་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ལས་དེ་དག་ཉན་ཐོས་ཉིད་དུ་གནས་པར་གྱུར་ཏོ། །དེ་བས་ན་ཁྱོད་ལྟ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་
བར་ལྟ་ག་ལ་འགྱུར་ཞེས་བསྟན་ཀྱང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་དུ་ཀྱེ་མ་འདི་ནི་བདུད་སྡིག་ཅན་ལམ་ལྟར་བཅོས་པ་སྟོན་པ་དང་། སྤྲུལ་པ་ཡིན་ནོ་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་སྙམ་སྟེ། གོང་དུ་ཡང་དེ་འདི་སྙམ་དུ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་བར་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་སྤྱོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བ་དེ་ནི་གནས་མེད་ལ་གོ་
སྐབས་མ་ཡིན་ཏེ། དེ་ནི་གནས་མེད་དོ་སྙམ་དུ་སེམས་ན། རབ་འབྱོར་རྣམ་པ་དང་རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ནི་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་ཞིག་དེ་བཞིན་གཤེགས་པས་ཇི་སྐད་གསུངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་དང་མ་བྲལ་ཞིང་། སེམས་ཅན་རྣམས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཡང་དག་པར་འཛིན་དུ་འཇུག་
པར་བྱེད་འཇོག་པར་བྱེད། འགོད་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་དང་ལྡན་པ་ནི་ཕྱིར་མི་ལྡོག་པ་ཡིན་པར་སྟོན་ཏོ་སྙམ་མོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་སེམས་ཏེ།
เล่ม ๓๒ · หน้า 267b
བྱང་ཆུབ་སེམས་དཔའ་གང་ཞིག་བདུད་ཀྱི་ལས་རྣམས་རིག་ཅིང་རྟོགས་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། བདུད་ཀྱི་ལས་དེ་དག་གང་ཞེ་ན་འདི་ལྟ་སྟེ། ཡུལ་ལྔ་པོ་དག་ལ་ལྷག་པར་ཆགས་ཤིང་སྨོན་ལ། དེ་ལྟར་ཕ་རོལ་ཏུ་
ཕྱིན་པ་རྣམས་ལ་མངོན་པར་མི་བརྩོན་པ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པ་ཡིན་པར་སྟོན་ཏོ་སྙམ་མོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་
དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན་གང་ལས་ཕྱིར་མི་ལྡོག་ཅེས་བགྱི་བའི་གྲངས་སུ་མཆི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་ན། ཕྱིར་མི་ལྡོག་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་འདུ་ཤེས་ལས་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ནི་ཕྱིར་མི་ལྡོག་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་བཞིན་དུ་སྦྱར་ཏེ། སྐྱེ་མཆེད་ཀྱི་འདུ་ཤེས་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་འདུ་ཤེས་དང་། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ཀྱི་འདུ་ཤེས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱི་འདུ་ཤེས་དང་། ནང་སྟོང་པ་ཉིད་ཀྱི་འདུ་ཤེས་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་འདུ་ཤེས་དང་། དྲན་པ་ཉེ་བར་གཞག་པའི་འདུ་ཤེས་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་འདུ་
ཤེས་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སའི་འདུ་ཤེས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འདུ་ཤེས་ལས་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཕྱིར་
เล่ม ๓๒ · หน้า 268a
མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ཏེ། དེ་ཆོས་ཕྲ་རབ་ཙམ་ཡང་མི་དམིགས་ལ་མི་དམིགས་པས་ཆོས་གང་ཡང་མངོན་པར་འདུ་མི་བྱེད་དོ། །
མངོན་པར་འདུ་མི་བྱེད་པས་ཆོས་གང་ཡང་མི་སྐྱེད་དེ། དེའི་ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པ་ཞེས་བྱ་བར་སྟོན་ཏོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གན་
དུ་འོངས་ནས་མོས་པ་ཟློག་ཅིང་། འདི་སྐད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདི་ནི་ནམ་མཁའ་དང་མཚུངས་ཤིང་དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པའོ། །ཆོས་འདི་དག་ཀྱང་ནམ་མཁའ་དང་མཚུངས་ཤིང་། དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་
གི་མཚན་ཉིད་ཀྱིས་སྟོང་པའོ། །ནམ་མཁའ་དང་མཚུངས་ཤིང་དངོས་པོ་མེད་པའི་ངོ་བོ་ཉིད་དེ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི་གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་དུ་མངོན་པར་རྫོགས་པར་འཚང་
རྒྱ་བར་བྱ་བའི་ཆོས་དེ་གང་ཡང་མི་དམིགས་ཏེ། ཆོས་འདི་དག་ཐམས་ཅད་ནི་ནམ་མཁའ་དང་མཚུངས་ཤིང་དངོས་པོ་མེད་པའི་ངོ་བོ་ཉིད་དེ་རང་གི་མཚན་ཉིད་ཀྱིས་སྟོང་པས། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་
ཞེས་བྱ་བ་འདི་ནི་ཁྱོད་ཉོན་མོངས་ཤིང་དོན་མེད་པར་འགྱུར་བ་སྟེ། དེ་སྐད་བསྟན་པ་འདི་ནི་བདུད་ཀྱི་ལས་སོ། །འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་མ་ཡིན་ནོ། །རིགས་ཀྱི་བུ་ཡིད་ལ་བྱེད་པ་དེ་དག་ཐོང་ཤིག །ཁྱོད་ལ་ཡུན་རིང་པོར་གནོད་པ་དང་།
སྡུག་བསྔལ་བ་དང་། ལོག་པར་ལྟུང་བར་གྱུར་ཏ་རེ་ཞེས་ཟེར་ན། དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་ཚིག་དེ་དག་ཐོས་ནས་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། གང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་འབྲལ་བར་བྱེད་པ་འདི་དག་ནི་བདུད་ཀྱི་
เล่ม ๓๒ · หน้า 268b
ལས་ཏེ། འདི་ལྟར་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་ཤིང་དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་མོད་ཀྱི། དེ་དག་སེམས་ཅན་རྣམས་ཀྱིས་མི་ཤེས་མ་མཐོང་ཞིང་། ཁོང་དུ་མ་ཆུད་ཀྱིས་དེའི་ཕྱིར་བདག་གིས་ནམ་མཁའ་དང་མཚུངས་ཤིང་དངོས་པོ་
མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པའི་གོ་ཆ་བགོས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ཏེ། སེམས་ཅན་རྣམས་ལ་ངེས་པར་འབྱུང་བའི་ཆོས་བསྟན་པར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་
འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ། །རང་བྱང་ཆུབ་ལ་དགོད་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་དུ་བསམས་ཤིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
རྣམས་ཀྱིས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཆོས་དེ་དག་ཐོས་ན་སེམས་བརྟན་པར་བྱའོ། །སེམས་མི་གཡོ་བར་བྱའོ་སེམས་མི་འཕྲོགས་པར་བྱའོ། །དེ་སེམས་བརྟན་པ་དང་། སེམས་མི་གཡོ་བ་དང་། སེམས་མི་འཕྲོགས་པ་དེ་དག་དང་ལྡན་པས་ཕ་རོལ་ཏུ་
ཕྱིན་པ་དྲུག་པོ་དག་ལ་སྤྱོད་ན་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་སུམ་ཅུ་གཉིས་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་
ལྡན་འདས་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱིར་མི་ལྡོག་པ་ཞེས་བགྱིའམ་འོན་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ནི་ཕྱིར་ལྡོག་པ་ཞེས་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་
སྩལ་ཏོ། །རབ་འབྱོར་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་མི་ལྡོག་པ་ཞེས་བྱའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་ལྡོག་པ་ཞེས་བྱའོ། །རབ་འབྱོར་གྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་མི་ལྡོག་
เล่ม ๓๒ · หน้า 269a
པ་ཞེས་བགྱི། ཇི་ལྟར་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་ལྡོག་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལས་ལོག་
པ་དེ་ནི། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ་ཕྱིར་མི་ལྡོག་པ་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལས་མི་ལྡོག་པ་དེ་ནི་རབ་འབྱོར་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཡིན་ཏེ། ཕྱིར་ལྡོག་པ་ཞེས་བྱའོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱ་སྟེ། རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དང་ལྡན་
པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་སྡིག་ཅན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་པར་མི་ནུས་སོ། །རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་ན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། །དེ་
བཞིན་དུ་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་ལ་སྙོམས་པར་འཇུག་གོ། །དེ་བཞིན་དུ་སྦྱར་ཏེ། འདོད་ན་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པའི་བར་དག་ལ་སྙོམས་པར་འཇུག་གོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་ལ་སྙོམས་པར་
འཇུག་གོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་ལ་སྙོམས་པར་འཇུག་གོ། །དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སྙོམས་པར་འཇུག་གོ། །མངོན་པར་ཤེས་པ་ལྔ་མངོན་པར་སྒྲུབ་བོ། །དེ་འདོད་ན་བསམ་གཏན་བཞི་པོ་དག་
ལ་སྙོམས་པར་འཇུག་སྟེ། བསམ་གཏན་དེ་དག་གི་དབང་གིས་ཀྱང་མི་སྐྱེའོ། །དེ་བཞིན་དུ་ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྙོམས་པར་འཇུག་སྟེ། དེ་དག་གི་དབང་གིས་ཀྱང་མི་སྐྱེའོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་
เล่ม ๓๒ · หน้า 269b
དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་སྟེ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ངོ་། །དེ་བཞིན་དུ་འདུ་ཤེས་
དང་། ཚོར་བ་འགོག་པའི་སྙོམས་པར་འཇུག་པའི་བར་ལ་སྙོམས་པར་འཇུག་སྟེ། འགོག་པའི་འབྲས་བུ་མངོན་སུམ་དུ་ཡང་མི་བྱེད་ཅིང་། ཡོངས་སུ་མི་འཛིན་ཏོ། །དེ་འདོད་ན་ལུས་གང་འདོད་པའི་ལུས་དེ་དག་ཡོངས་སུ་འཛིན་ཏོ། །ལུས་ཡོངས་སུ་བཟུང་བ་དེས་སེམས་ཅན་
རྣམས་ཀྱི་དོན་བྱེད་དོ། །རབ་འབྱོར་རྣམ་པ་དང་། རྟགས་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུགས་ལྷུར་ལེན་
པ་མ་ཡིན། མཚན་མ་ལྷུར་ལེན་པ་མ་ཡིན། གཡོག་འཁོར་ལྷུར་ལེན་པ་མ་ཡིན། སྦྱིན་པ་ལྷུར་ལེན་པ་མ་ཡིན། ཚུལ་ཁྲིམས་ལྷུར་ལེན་པ་མ་ཡིན། བཟོད་པ་ལྷུར་ལེན་པ་མ་ཡིན། བརྩོན་འགྲུས་ལྷུར་ལེན་པ་མ་ཡིན། བསམ་གཏན་ལྷུར་ལེན་པ་མ་ཡིན། ཤེས་
རབ་ལྷུར་ལེན་པ་མ་ཡིན། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལྷུར་ལེན་པ་མ་ཡིན། མངོན་པར་ཤེས་པ་ལྷུར་ལེན་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་ལྷུར་ལེན་པ་མ་ཡིན། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
བཅྭ་བརྒྱད་ཀྱི་བར་ལྷུར་ལེན་པ་མ་ཡིན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལྷུར་ལེན་པ་མ་ཡིན། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་ལྷུར་ལེན་པ་མ་ཡིན། སངས་རྒྱས་ལ་བལྟ་བ་ལྷུར་ལེན་པ་མ་ཡིན། དགེ་བའི་རྩ་བ་ལྷུར་ལེན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།
རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་ཞིང་ནམ་མཁའ་དང་མཚུངས་པར་ཡང་དག་པར་རྗེས་སུ་མཐོང་ཞིང་གང་ཞིག་ལྷུར་ལེན་པ་བསྐྱེད་པ་དང་། གང་དུ་བསྐྱེད་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བའི་
เล่ม ๓๒ · หน้า 270a
ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་ཞིང་། ནམ་མཁའ་དང་མཚུངས་པར་ཡང་དག་པར་རྗེས་སུ་མཐོང་བའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དེ་དང་ལྡན་པས་སྤྱོད་ལམ་བཞིས་འགྲོའམ། ལྡོག་གམ། འགྲེང་ངམ། འདུག་གམ་ཉལ་ཡང་རུང་སྟེ། ཇི་བཞིན་དུ་འགྲོ་བ་དང་འོང་བ་དང་། འགྲེང་བ་དང་འདུག་པ་དང་ཉལ་བར་བྱེད་དེ། རབ་
འབྱོར་རྣམ་པ་དང་། རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གལ་ཏེ་ཁྱིམ་ན་གནས་ན་ཡང་ཐབས་ལ་
མཁས་པས། སེམས་ཅན་རྣམས་ཀྱི་དོན་དུ་འདོད་པའི་ཡོན་ཏན་ལྔ་ཉེ་བར་བཟུང་ནས་སེམས་ཅན་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་དེ། འདི་ལྟ་སྟེ། ཟས་འདོད་པ་རྣམས་ལ་ནི་ཟས་སྐོམ་འདོད་པ་རྣམས་ལ་ནི་སྐོམ་སྦྱིན་པར་བྱེད་དོ། །མིའི་ཡོ་བྱད་གང་ཡང་རུང་བ་དག་གི་བར་དུ་
སྦྱིན་པར་བྱེད་དོ། །དེ་བདག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །དེ་ལྟར་གོང་མ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་བར་དུ་སྦྱར་བར་བྱའོ། །རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཁྱིམ་དུ་གནས་ན་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྤྲུལ་པའི་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་འཛམ་བུའི་གླིང་ཡོངས་སུ་བཀང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་
སྦྱིན་པ་སྦྱིན་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། རྫུ་འཕྲུལ་གྱི་སྟོབས་ཀྱིས་སྤྲུལ་པའི་རིན་པོ་ཆེ་རྣམ་པ་སྣ་ཚོགས་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་ཡོངས་སུ་བཀང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་ཀྱང་འདོད་
เล่ม ๓๒ · หน้า 270b
པ་དག་ལ་ཡོངས་སུ་མི་སྤྱོད་ཅིང་རྟག་ཏུ་ཚངས་པར་སྤྱོད་པ་ཡིན་ཏེ། མི་གཙང་བ་དང་དྲི་ང་བ་མེད་དོ། །དེ་ནམ་ཡང་སུ་ལ་ཡང་ཕ་རོལ་ལ་བརྙས་པ་དང་། ཁྱད་དུ་གསོད་པ་གང་དག་གིས་ཕ་རོལ་མི་དགའ་བར་འགྱུར་བའི་ཕ་རོལ་ལ་བརྙས་པ་དང་། ཁྱད་དུ་གསོད་པ་མི་བྱེད་དེ།
རབ་འབྱོར་རྣམ་པ་དང་། རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་བསྟན་ཏོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་ནས། བསྲུང་བ་དང་། ཡོངས་སུ་བསྐྱབ་པའི་ཕྱིར་གནོད་སྦྱིན་ལག་ན་རྡོ་རྗེ་རྟག་ཏུ་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་ཕྱི་བཞིན་འབྲང་བར་འགྱུར་ཏེ། བླ་ན་མེད་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངའི་ཕྱི་བཞིན་འབྲང་བ་བཞིན་ནོ། །དེ་བཞིན་དུ་སྦྱར་ཏེ། རྡོ་རྗེའི་རིགས་ལྔ་བརྒྱའི་བར་དུ་ཡང་བསྲུང་བ་དང་ཡོངས་སུ་བསྐྱབ་པའི་ཕྱིར་རྟག་ཏུ་རྒྱུན་མི་འཆད་པར་ཕྱི་བཞིན་དུ་འབྲང་སྟེ། དེ་ལ་མི་རྣམས་སམ། མི་མ་ཡིན་པ་རྣམས་ཀྱིས་
ནམ་ཡང་གནོད་པར་བྱེད་མི་ནུས་ཏེ། དེ་ལ་འཇིག་རྟེན་ན་ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ནམ་ཡང་ཆོས་དང་འཐུན་པར་ཐུབ་པ་མེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བྱང་ཆུབ་ཡིད་ལ་བྱེད་པ་
ལས་དེའི་སེམས་རྣམ་པར་གཡེང་བར་མི་འགྱུར་རོ། །ནམ་ཡང་དེ་དབང་པོ་མ་ཚང་བར་མི་འགྱུར་ཏེ། འདི་ལྟ་སྟེ། མིག་གི་དབང་པོ་དང་། ལུས་ཀྱི་དབང་པོའི་བར་དུ་མ་ཚང་བར་མི་འགྱུར་རོ། །ནམ་དུ་ཡང་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་དང་བྲལ་བར་མི་འགྱུར་རོ། །ལྔ་
གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དེ་ནི་སྐྱེས་བུ་དམ་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་
เล่ม ๓๒ · หน้า 271a
ཆེན་པོ་ཇི་ལྟར་ན་སྐྱེས་བུ་དམ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་སེམས་རྣམ་པར་རྟོག་པ་ལྔ་དང་སྒྲིབ་པ་ལྔ་པོ་དག་གིས་ནམ་ཡང་རྫོགས་པའི་བྱང་ཆུབ་ལས་རྣམ་པར་གཡེང་བར་
མི་འགྱུར་བ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་དམ་པ་ཡིན་ཏེ། རབ་འབྱོར་རྣམ་པ་དང་། རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་
ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བྱང་ཆུབ་ཀྱི་སེམས་དེ་དང་ལྡན་པ་ནི་བུད་མེད་རྣམས་འགུགས་པར་བྱེད་པའི་གསང་སྔགས་དང་། སྨན་དང་། སྦྱར་སྨན་དང་། གཞན་ལ་འཁུ་བའི་རང་བཞིན་གང་དག་ཡིན་པ་དེ་དག་ཐམས་
ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྦྱོར་ཞིང་། སྲོག་གི་ཕྱིར་ཡང་བུད་མེད་འགུགས་པའི་ཐབས་གང་ཡང་རུང་བ་སྦྱོར་བར་མི་བྱེད་དེ། སྐྱེས་པའམ། བུད་མེད་དམ། ཁྱེའུ་འམ། བུ་མོ་དག་ལ་བུ་ཕོར་འགྱུར་རོ་ཞེ་འམ། བུ་མོར་འགྱུར་རོ་ཞེའམ། རིགས་འཕན་
པར་འགྱུར་རོ་ཞེའམ་ཚེ་རིང་བར་འགྱུར་རོ་ཞེའམ་ཚེ་ཐུང་བར་འགྱུར་རོ་ཞེས་ཆོ་འཕྲུལ་དག་གིས་འགུགས་པར་མི་བྱེད་ཅིང་སུ་ལ་ཡང་ཕུང་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་
རྣམས་ལ་སེམས་ཅན་གྱི་མཚན་མ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ན། ལོག་པར་འཚོ་བའི་མཚན་མ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྡིག་པའི་ལས་རྣམས་བྱེད་པར་འགྱུར་བ་དེ་ནི་གནས་མེད་དོ། །དེས་ན་དེའི་འཚོ་བ་ཡོངས་སུ་དག་པ་ཡིན་ཏེ། རབ་འབྱོར་རྣམ་པ་དང་རྟགས་
དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་རྣམ་པ་དང་། རྟགས་དང་། མཚན་མ་གང་དག་དང་ལྡན་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་སྟོན་པའི་
เล่ม ๓๒ · หน้า 271b
རྣམ་པ་དང་། རྟགས་དང་མཚན་མ་དེ་དག་བསྟན་གྱིས་དེ་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །བཙུན་པ་དེ་ལྟར་འཚལ་ལོ་ཞེས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །
རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ནི། རྫོགས་པའི་བྱང་ཆུབ་ཀྱི་ཡིད་ལ་བྱེད་པ་དག་དང་མ་བྲལ་བས་ཕུང་པོའི་སྦྱོར་བ་དག་ལ་བརྩོན་པར་མི་གནས་ཁམས་དང་སྐྱེ་མཆེད་ཀྱི་སྦྱོར་བ་དག་ལ་བརྩོན་པར་མི་གནས་སོ། །
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྟོང་པ་ཉིད་དུ་ལེགས་པར་བསྒོམས་པ་ཡིན་ཞིང་། ལེགས་པར་ཡིད་ལ་བྱས་པའི་ཕྱིར་རོ། །དེ་རྒྱལ་པོའི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །དེ་
ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སྟོང་པ་ཉིད་ལ་ལེགས་པར་གནས་པས་ཆོས་གང་ལ་ཡང་ངན་པའམ། མཆོག་ཏུ་གྱུར་པ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་ཆོམ་རྐུན་གྱི་གཏམ་གྱི་སྦྱོར་བ་ལ་ཡང་བརྩོན་པར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རང་
གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་ཡང་། ཆོས་གང་ལ་ཡང་བསྡུ་བའམ། དབྲོག་པ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་དམག་གི་གཏམ་གྱི་སྦྱོར་བ་ལ་ཡང་བརྩོན་པར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རང་བཞིན་གྱིས་སྟོང་པ་
ཉིད་ལ་ལེགས་པར་གནས་པས། ཆོས་གང་ལ་ཡང་ཉུང་ངུ་ཉིད་དུའམ། མང་པོ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་སངས་རྒྱས་ཀྱི་གཏམ་གྱི་སྦྱོར་བ་ལ་ཡང་བརྩོན་པར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་
ལེགས་པར་གནས་པས་ཆོས་གང་ལ་ཡང་སྩོགས་པ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་འཁོར་གྱི་གཏམ་གྱི་སྦྱོར་བ་ལ་ཡང་བརྩོན་པར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ནམ་མཁའ་སྟོང་པ་
เล่ม ๓๒ · หน้า 272a
ཉིད་ལ་ལེགས་པར་གནས་པས། ཆོས་གང་ལ་ཡང་བསྡུ་བའམ། མི་བསྡུ་བ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་དུད་འགྲོའི་གཏམ་གྱི་སྦྱོར་བ་ལ་ཡང་བརྩོན་པར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དེ་ཡང་དག་པའི་
མཐའ་ལ་ལེགས་པར་གནས་པས། ཆོས་ཐམས་ཅད་ལ་བསྡུ་བའམ། མི་བསྡུ་བ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་ཆོས་གང་ལ་ཡང་འཕེལ་བའམ་འབྲི་བ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་བདག་དང་སེམས་ཅན་དང་སྐྱེ་བ་པོ་དང་། སྲོག་དང་ཤེས་པ་པོ་དང་།
མཐོང་བ་པོའི་བར་གྱི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་སྲོག་མེད་པ་དང་། སེམས་ཅན་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་སྣ་ཚོགས་ཀྱི་གཏམ་གྱི་སྦྱོར་བ་ལ་ཡང་བརྩོན་པར་མི་གནས་སོ། །དེ་
ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལེགས་པར་གནས་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དང་ནམ་ཡང་མི་འབྲལ་བའི་ཕྱིར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ་ནམ་ཡང་སེར་སྣའི་སྦྱོར་བ་ལ་བརྩོན་པར་མི་གནས་
སོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། འཆལ་པའི་ཚུལ་ཁྲིམས་ཀྱི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ་འཁྲུག་པ་དང་ཁྲོ་བའི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ།
ལེ་ལོའི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ་རྣམ་པར་གཡེང་བའི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། འཆལ་པའི་ཤེས་རབ་ཀྱི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །དེ་ཆོས་ཐམས་ཅད་
སྟོང་པ་ཉིད་ལ་སྤྱོད་ཅིང་ཆོས་འདོད་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་དོན་ཀྱང་བྱེད་དོ། །ཆོས་ཀྱི་དབྱིངས་ལ་སྤྱོད་ཅིང་། ཆོས་ཐ་དད་པའི་བསྔགས་པ་རྗོད་པ་མ་ཡིན་ནོ། །དེ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་
เล่ม ๓๒ · หน้า 272b
བཤེས་གཉེན་དུ་འདོད་པ་ཡིན་ཏེ། བཤེས་གཉེན་དུ་འདོད་པ་དེས་ཆོས་ཐོས་ནས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་སེམས་ཅན་གང་དག་ཡིན་པ་དེ་དག་ལ་ཆོས་དེ་སྟོན་ཅིང་མོས་པར་བྱེད་དོ། །ཆོས་དེ་བསྟན་ཅིང་མོས་པར་བྱས་ནས་སེམས་ཅན་དེ་དག་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་གོ་འཛུད་དོ་འགོད་དོ། །དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བལྟ་བ་དང་། མཆོད་པ་དང་བསྙེན་བཀུར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་གང་ན་བཞུགས་ཤིང་གཞེས་
པ་དེར་སྐྱེས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་ཞིང་འདི་ལྟ་སྟེ། རྫོགས་པའི་བྱང་ཆུབ་ཡིད་ལ་བྱེད་པའི་ཡིད་ལ་བྱེད་པ་དེ་དག་གིས་ཉིན་མཚན་དུ་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཕལ་ཆེར་འདོད་པའི་ཁམས་དང་ལྡན་པའི་ཡིད་ལ་བྱ་བ་དག་བསྐྱེད་ནས། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་གནས་ཏེ། གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མངོན་དུ་གྱུར་ཅིང་
མཐོང་བའི་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྨོན་ལམ་གྱི་དབང་གིས་སྐྱེ་བ་དང་། དེ་བཞིན་དུ་བསམ་གཏན་དང་པོ་བསྐྱེད་ཅིང་། བསམ་གཏན་བཞི་པའི་བར་དུ་བསྐྱེད་ནས་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེའོ། །རབ་འབྱོར་རྣམ་པ་དང་རྟགས་དང་། མཚན་མ་དེ་དག་དང་
ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནས། དངོས་པོ་མེད་པའི་ངོ་བོ་
ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་སྤྱོད་པ་དེ་འདི་སྙམ་དུ་བདག་ནི་ཕྱིར་མི་ལྡོག་པའམ། ཕྱིར་མི་ལྡོག་པ་མ་ཡིན་ནོ་སྙམ་དུ་དེ་ཐེ་ཚོམ་རྣམ་པ་ཐམས་ཅད་དུ་མི་སྐྱེའོ། །དེ་ཅིའི་ཕྱིར་
เล่ม ๓๒ · หน้า 273a
ཞེ་ན། དེ་རང་གི་ས་ལ་ཐེ་ཚོམ་མེད་དེ། རང་གི་ས་ལ་ཐེ་ཚོམ་མེད་པས། ཆོས་རྣམས་ཤིན་ཏུ་ཡོངས་སུ་ཤེས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཕྱིར་མི་ལྡོག་པའམ། ཕྱིར་མི་ལྡོག་པ་མ་ཡིན་པའི་ཆོས་ཕྲ་རབ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་
བའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་རྒྱུན་དུ་ཞུགས་པའི་གང་ཟག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དེ་ལ་སོམ་ཉི་མེད་ཅིང་ཐེ་ཚོམ་མི་ཟའོ། །རབ་འབྱོར་དེ་བཞིན་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཕྱིར་མི་ལྡོག་པའི་ས་དེ་ལ་སོམ་ཉི་མེད་ཅིང་
ཐེ་ཚོམ་མི་ཟའོ། །དེ་ཕྱིར་མི་ལྡོག་པའི་ས་དེ་ལ་གནས་ནས། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་དག་ཀྱང་ཤེས་ཏེ། བདུད་ཀྱི་ལས་ཀྱི་དབང་དུ་ཡང་མི་འགྲོའོ། །བདུད་
ཀྱི་ལས་ཐམས་ཅད་ཤེས་ནས་ཀྱང་རྣམ་པར་འཇོམས་སོ། །རྣམ་པར་འཐོར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མཚམས་མེད་པ་བྱེད་པའི་མི་ནི་འཆི་ཀའི་བར་དུ་ཡང་རྟག་ཏུ་མཚམས་མེད་པའི་སེམས་དང་མི་འབྲལ་ཞིང་། དེའི་མཚམས་མེད་པའི་སེམས་དེ་རྗེས་སུ་འབྲང་
སྟེ། མཚམས་མེད་པའི་སེམས་དེ་ནི་ཐབས་ཐམས་ཅད་ཀྱིས་ཀྱང་གཞིལ་བར་མི་ནུས་ཤིང་། དེའི་ཀུན་ནས་ལྡང་བའི་སེམས་དེ་ནི་འཆི་ཀའི་བར་དུ་ཡང་རྗེས་སུ་འབྲང་ངོ་། །རབ་འབྱོར་དེ་བཞིན་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་སེམས་དེ་ཡང་
ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ནས་མི་གཡོ་སྟེ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ཟློག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྷ་དང་མི་
དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལས་འདས་ནས་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་ཏེ། རང་གི་ས་ལ་གནས་ནས་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་རྣམས་ཀྱིས་དམ་པའི་ཕ་རོལ་ཏུ་ཕྱིན་པས་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད། སེམས་ཅན་རྣམས་ཀྱང་ཡོངས་
เล่ม ๓๒ · หน้า 273b
སུ་སྨིན་པར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་ལ་བལྟ་བ་དང་ཕྱག་བྱ་བ་དང་། དམ་པའི་ཆོས་ཀྱང་མཉན་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་
ལ་དགེ་བའི་རྩ་བ་རྣམས་སྐྱེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡོངས་སུ་འདྲི་བར་བྱེད། ཡོངས་སུ་ཞུ་བར་བྱེད། བསྙེན་བཀུར་བྱེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བསྟན་པའི་བདུད་ཀྱི་ལས་གང་དག་ཡིན་པ་དེ་དག་ཀྱང་ཁོང་དུ་ཆུད་དེ། བདུད་ཀྱི་ལས་
སྐྱེས་ཤིང་བྱུང་བ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དང་། ཐབས་ལ་མཁས་པས་ཡང་དག་པའི་མཐའ་ལ་སྦྱོར་བར་བྱེད་ཅིང་དེ་རང་གི་ས་ལ་ནམ་ཡང་ནེམ་ནུར་མེད་ཅིང་། ཐེ་ཚོམ་མི་ཟ་ལ་ཡིད་གཉིས་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དེ་ཡང་དག་པའི་
མཐའ་ལ་ནེམ་ནུར་དང་། ཡིད་གཉིས་དང་ཐེ་ཚོམ་མི་ཟ་ཞིང་ཡང་དག་པའི་མཐའ་ལ་གཅིག་གམ་གཉིས་སུ་རྣམ་པར་མི་རྟོག་སྟེ། དེ་ལྟར་ཤེས་པས་དེ་ཚེ་བརྗེས་ནས་ཀྱང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་སེམས་མི་སྐྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་
ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཆོས་གང་ཡང་སྐྱེ་བའམ། འགག་པའམ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་སྲིད་པ་ལས་འདས་ནས་ཀྱང་འདི་སྙམ་དུ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྙམ་མམ། འོན་ཏེ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་
ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ས་ལ་དེ་ལྟར་གནས་པ་དེ་ནི་གཞན་གྱི་དྲིང་མི་འཇོག་པ་ཡིན། སེམས་ཅན་ཐམས་ཅད་ཀྱིས་མི་ཐུབ་པ་ཡིན་ནོ། །དེ་ཅིའི་ཕྱིར་
เล่ม ๓๒ · หน้า 274a
ཞེ་ན། རབ་འབྱོར་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གནས་པ་ནི་མི་འཕྲོགས་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་ཏེ། རབ་འབྱོར་གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཅན་
སངས་རྒྱས་ཀྱི་ཆ་བྱད་ཀྱིས་འོངས་ནས། འདི་སྐད་དུ་ཀྱེ་རིགས་ཀྱི་བུ་ཁྱོད་ཚེ་འདི་ཉིད་ལ་ཉོན་མོངས་པ་ཐམས་ཅད་ཟད་པའི་དགྲ་བཅོམ་པ་ཉིད་ཐོབ་པར་གྱིས་ཤིག །ཁྱོད་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །
སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ཁྱོད་ཀྱིས་མ་ཐོབ་བོ། །རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་དང་ལྡན་ན། བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་རྣམ་པ་དེ་དག་དང་རྟགས་དེ་དག་དང་། མཚན་མ་དེ་དག་ཀྱང་ཁྱོད་ལ་མེད་དོ་ཞེས་ཟེར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྒྲ་དེ་ཐོས་ནས་མི་ཞུམ་མི་འགོང་ཞིང་དེའི་སེམས་གཞན་དུ་མི་འགྱུར་ལ་ཡིད་
སྐྲག་པར་མི་འགྱུར་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་སྙམ་དུ་རིག་པར་བྱའོ། །དེ་
ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དེ་འདི་སྙམ་དུ་ཆོས་གང་དག་དང་ལྡན་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་དག་བདག་ལ་ཡོད་དོ་སྙམ་དུ་
སེམས་པའི་ཕྱིར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་དྲུང་དུ་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་ཀྱིས་འོངས་ནས་འདི་སྐད་ཅེས་ཁྱོད་ཉན་ཐོས་སམ། རང་སངས་རྒྱས་སུ་གྱིས་ཤིག །ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཅི་
เล่ม ๓๒ · หน้า 274b
ཞིག་བྱ་ཞེས་ཟེར་ཞིང་། རྣམ་གྲངས་དུ་མས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱིས་ཡང་དག་པར་འཛིན་དུ་འཇུག་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་དུ་འདི་ནི་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་མ་ཡིན་གྱི། ཀྱེ་མ་
འདི་ནི་བདུད་དམ་བདུད་སྡིག་ཅན་གྱིས་སྤྲུལ་པའི་མི་ཞིག་བདག་གི་གན་དུ་འོངས་ནས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱིས་འཛིན་དུ་འཇུག་པ་ཡིན་གྱི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ཡང་དག་པར་འཛིན་དུ་འཇུག་པར་མི་མཛད་དོ་སྙམ་དུ་སེམས་ན། རབ་འབྱོར་རྣམ་པ་དང་རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱའོ། །རབ་
འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཤིན་ཏུ་རྒྱས་པའི་མདོ་སྡེ་དག་ཀློག་ཅིང་ཁ་ཏོན་དུ་བྱེད་པའི་དྲུང་དུ་བདུད་དམ་བདུད་སྡིག་ཅན་གྱིས་བྱིན་གྱིས་བརླབས་པའི་མི་ཞིག་འོངས་ནས་འདི་སྐད་ཅེས། ཀྱེ་རིགས་ཀྱི་བུ་གང་ལ་ཁྱོད་སྤྱོད་པའི་མདོ་སྡེ་དེ་དག་ནི་དེ་བཞིན་
གཤེགས་པས་བཤད་པའི་ཤིན་ཏུ་རྒྱས་པའི་མདོ་སྡེ་མ་ཡིན། ཉན་ཐོས་ཀྱིས་བཤད་པ་མ་ཡིན་གྱི་བདུད་ཀྱིས་བཤད་པ་དང་གཞན་མུ་སྟེགས་ཅན་གྱིས་བཤད་པ་ཡིན་ཏེ། དེ་དག་ནི་ཤིན་ཏུ་རྒྱས་པའི་མདོ་སྡེ་མ་ཡིན་ནོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་དེས་ཀྱེ་མ་གང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་འབྲལ་བར་བྱེད་ཅིང་བྱང་ཆུབ་ཀྱི་ལམ་ལས་འདུན་པ་ཟློག་པར་བྱེད་པ་འདི་ནི་བདུད་དམ་བདུད་སྡིག་ཅན་གྱིས་བྱིན་གྱིས་བརླབས་པའི་མི་ཞིག་ཡིན་ནོ་སྙམ་དུ་རིག་པར་བྱེད་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཕྱིར་མི་ལྡོག་པའི་ས་ལ་གནས་
เล่ม ๓๒ · หน้า 275a
པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དང་། རྟགས་དང་། མཚན་མ་གང་དག་ཡིན་པའི་རྣམ་པ་དང་། རྟགས་དང་། མཚན་མ་དེ་དག་དེ་
ལ་ཡོད་ཅིང་སྣང་བའི་ཕྱིར་རོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཆེད་དུ་བདག་གི་སྲོག་ཀྱང་ཡོངས་སུ་གཏོང་བར་བྱེད་ལ། ཆོས་དེ་ནི་ཡོངས་སུ་མི་གཏོང་ངོ་། །དེ་ཅིའི་
ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་སེམས་ཏེ། དམ་པའི་ཆོས་ཡོངས་སུ་གཟུང་བ་བྱས་ན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པར་འགྱུར། དེ་དག་གི་དམ་པའི་ཆོས་ཀྱང་ཡོངས་སུ་གཟུང་
བར་བྱས་པར་འགྱུར་རོ་སྙམ་པའི་ཕྱིར་རོ། །དེ་ལ་ཆོས་གང་གི་ཆེད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྲོག་ཀྱང་ཡོངས་སུ་གཏོང་བར་བྱེད་ལ། ཆོས་དེ་ནི་ཡོངས་སུ་མི་གཏོང་བ་གང་ཞེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཆོས་ཐམས་ཅད་སྟོང་ཞེས་སྟོན་པ་སྟེ། དེ་ལ་མི་བླུན་པོ་ཁ་ཅིག་ནི་འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པའི་བསྟན་པ་མ་ཡིན། འདི་ནི་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བའི་ལམ་མ་ཡིན་ནོ་
ཞེས་ཕྱིར་ཟློག་པར་བྱེད་ཅིང་ཕྱིར་རྒོལ་ཏེ། རབ་འབྱོར་དམ་པའི་ཆོས་དེའི་ཆེད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་སྲོག་ཀྱང་ཡོངས་སུ་གཏོང་བར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་གང་དག་མ་འོངས་པ་ན་འབྱུང་བ་དེ་དག་གི་ནང་དུ་བདག་ཀྱང་གྲངས་སུ་ཆུད་པར་བྱའོ། །བདག་ཀྱང་དེར་ལུང་བསྟན་པར་བྱའོ། །ཆོས་དེའི་ཆེད་དུ་བདག་གི་སྲོག་ཀྱང་ཡོངས་སུ་གཏང་བར་བྱའོ་སྙམ་དུ་སེམས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་
เล่ม ๓๒ · หน้า 275b
སེམས་དཔའ་ཆེན་པོ་དེས་དོན་གྱི་དབང་འདི་མཐོང་བས་དམ་པའི་ཆོས་ཀྱི་ཆེད་དུ་རང་གི་སྲོག་ཀྱང་ཡོངས་སུ་གཏོང་བར་བྱེད་དོ། །རབ་འབྱོར་རྣམ་པ་དང་། རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་
པ་ཡིན་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་བསྟན་པའི་ཆོས་དེ་ལ་སོམ་ཉི་མེད་ཅིང་ཐེ་ཚོམ་མི་ཟ་སྟེ། ཆོས་
དེ་ལ་ཡིད་གཉིས་གཅིག་ཙམ་ཡང་མི་སྐྱེད་དོ། །ཆོས་དེ་ཐོས་ཀྱང་འཛིན་ཏོ། །བཟུང་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཆུད་ཟ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུངས་རབ་
ཏུ་ཐོབ་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གཟུངས་གང་ཐོབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་དེ་བཞིན་གཤེགས་པས་གསུངས་པའི་
མདོ་སྡེ་རྣམས་ཆབ་མི་འཚལ་བར་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མི་ཟད་པའི་ཟ་མ་ཏོག་གི་གཟུངས་ཤིན་ཏུ་ཐོབ་པ་དང་། དེ་བཞིན་དུ་རྒྱ་མཚོའི་ཕྱག་རྒྱ་དང་། པད་མ་བཀོད་པའི་གཟུངས་ཤིན་ཏུ་ཐོབ་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་རྣམས་ཐོས་ནས་ཆུད་ཟ་བར་མི་བྱེད་དོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་
ཁོ་ན་ཐོས་ནས་སོམ་ཉི་མ་མཆིས་ཤིང་ཐེ་ཚོམ་མི་འཚལ་ལ། གོང་དུ་ཡང་འཛིན་པར་བགྱིད་ཅིང་ཚུལ་བཞིན་ཡིད་ལ་བགྱིད་པའི་བར་དུ་བགྱིད་ལ། ཆབ་མི་འཚལ་བར་བགྱིད་དུ་བས་ཀྱི། ཉན་ཐོས་ཀྱིས་བཤད་པ་རྣམས་ལ་མ་ལགས་སམ། ལྷས་བཤད་
เล่ม ๓๒ · หน้า 276a
པ་རྣམས་ལ་མ་ལགས་སམ། ཀླུས་བཤད་པ་རྣམས་ལ་མ་ལགས་སམ། གནོད་སྦྱིན་གྱིས་བཤད་པ་རྣམས་ལ་མ་ལགས་སམ། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅིའམ་ལྟོ་འཕྱེ་ཆེན་པོས་བཤད་པའི་མདོ་
སྡེ་རྣམས་ཐོས་ནས་ཀྱང་སོམ་ཉི་མ་མཆིས་ཤིང་ཐེ་ཚོམ་མི་འཚལ་ལ། གོང་དུ་ཡང་འཛིན་པར་བགྱིད་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་སྐད་དང་སྒྲ་
དང་། བརྡ་དང་། བསྙད་པ་དང་། བརྗོད་པ་ཐམས་ཅད་ལ་སོམ་ཉི་མེད་ཅིང་ཐེ་ཚོམ་མི་ཟ་ལ་ཡིད་གཉིས་མེད་པ་ཡིན་ནོ། །སྐད་དང་། སྒྲ་དང་། བརྡ་དང་། བསྙད་པ་དང་། བརྗོད་པ་རྣམས་ཐོས་མ་ཐག་ཏུ་འཛིན་ཅིང་ཆུད་ཟ་བར་མི་བྱེད་དོ། །དེ་དག་གི་
དོན་ཀྱང་དེ་ཁོ་ན་ཉིད་དུ་ཤེས་ཏེ། གཟུངས་འདི་དག་ཤིན་ཏུ་ཐོབ་པའི་ཕྱིར་རོ། །རབ་འབྱོར་རྣམ་པ་དང་། རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཁྲི་པ་ལས། ཕྱིར་མི་ལྡོག་པའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་ཆོས་དེ་ལྟ་བུ་དང་ལྡན་པ་གང་ལ་གནས་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ལམ་གྱི་རྣམ་པ་ནི་ཇི་ལྟ་བུ་ཞིག་ལགས། སངས་རྒྱས་བཅོམ་
ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། རྣམ་པར་ཐར་
เล่ม ๓๒ · หน้า 276b
པའི་སྒོ་གསུམ་དང་། སྟོང་པ་ཉིད་བཅུ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་
བརྒྱད་ཀྱི་བར་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་ཡིན་ཏེ། རབ་འབྱོར་དེ་ལྟ་མོད་ཀྱི་ཆོས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་ཡིན་ནོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས་གང་ལ་བསླབས་ནས། བླ་
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་མི་བྱ་བའི་ཆོས་འགའ་ཞིག་ཡོད་སྙམ་མམ། རབ་འབྱོར་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་བསླབ་པར་མི་བྱ་བའི་ཆོས་འདི་ནི་འགའ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་ཐམས་ཅད་ལ་མ་བསླབས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ནུས་པ་མེད་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་
སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ལགས་ན་འདི་ལྟ་སྟེ། ཆོས་གང་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པ་
འམ། ཟག་པ་དང་བཅས་པའམ། ཟག་པ་མ་མཆིས་པའམ། འདུས་བྱས་སམ། འདུས་མ་བྱས་སམ། སོ་སོའི་སྐྱེ་བོའི་ཆོས་སམ། རྒྱུན་དུ་ཞུགས་པའི་ཆོས་སམ། ལན་ཅིག་ཕྱིར་འོང་བའི་ཆོས་སམ། ཕྱིར་མི་འོང་བའི་ཆོས་སམ། དགྲ་བཅོམ་
པའི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཞེས་བགྱི་བར་འདི་ནས་སམ། འདིས་སམ། འདི་ཞེས་རིག་པར་བགྱི་བ་གང་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་ལ་ཐ་དད་དུ་བགྱིད་
เล่ม ๓๒ · หน้า 277a
ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་། །རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་སྟོང་པ་མ་ཡིན་དུ་ཟིན་ན། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གང་ཡང་འདི་སྐད་ཅེས་གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་ན་འདི་ལྟ་སྟེ། ཆོས་གང་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་
བར་དུ་འདི་ནས་སམ་འདིས་སམ། འདི་ཞེས་རིག་པར་བྱ་བ་གང་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་ལ་ཐ་དད་དུ་བྱེད་ཅེས་ཟེར་བ་ནི། རབ་འབྱོར་གལ་ཏེ་སེམས་ཅན་དེ་དག་གིས་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པར་དེ་ལྟར་ཤེས་
ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ལ་བསླབས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་སེམས་ཅན་དེ་དག་གིས་ཆོས་ཐམས་ཅད་སྟོང་པར་མི་ཤེས་པ་དེའི་ཕྱིར། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ལ་བསླབས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་། སངས་རྒྱས་ནས་ཀྱང་ཆོས་རྣམ་པར་གཞག་པ་བྱས་ནས། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱོར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་གང་ལ་སློབ་པས་ཐོག་མ་ཉིད་དུ་འདི་ལྟར་བརྟག་པར་བྱ་སྟེ། མངོན་པར་ཞེན་པ་མ་གཏོགས་པར་འདི་ལ་ཆོས་གང་ངོ་བོ་ཉིད་ཀྱིས་དམིགས་པ་ནི་འགའ་ཡང་མེད་དེ། འདིར་བདག་གིས་ཆོས་
เล่ม ๓๒ · หน้า 277b
རྣམས་ཀྱི་ངོ་བོ་ཉིད་ལ་བརྟགས་ནས་ཆོས་གང་ཡང་མ་དམིགས་ན། ཅིའི་ཕྱིར་བདག་ཆོས་རྣམས་ལ་མངོན་པར་ཞེན་པར་བྱ་སྙམ་དུ་བརྟག་པར་བྱའོ། །རབ་འབྱོར་ད་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་ངོ་བོ་ཉིད་ལ་རྟོག་ན། ཡང་ན་ཕ་རོལ་ཏུ་ཕྱིན་
པ་དྲུག་གམ། ཡང་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནམ། ཡང་ན་རྒྱུན་དུ་ཞུགས་པའི་འབྲས་བུའམ། ཡང་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཡང་ན་ཕྱིར་མི་འོང་བའི་འབྲས་བུའམ། ཡང་ན་དགྲ་བཅོམ་པ་ཉིད་དམ། ཡང་ན་རང་
བྱང་ཆུབའམ། ཡང་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབའམ། ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་སྟེ། སྟོང་པ་ཉིད་ནི་སྟོང་པ་ཉིད་ལ་མངོན་པར་ཞེན་
པ་མེད་པའི་ཕྱིར་ཏེ། སྟོང་པ་ཉིད་ཀྱང་དམིགས་སུ་མེད་ན། སྟོང་པ་ཉིད་ལ་མངོན་པར་ཞེན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་གནས་སོ། །བསླབ་པ་
གང་ལ་བསླབས་ཤིང་བསླབ་པ་གང་ལ་གནས་ནས། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་རྣམ་པར་ལྟ་བར་བྱེད་དེ། འདི་དག་གང་ལ་སྤྱོད་ཅེས་བལྟས་ན་ཡོད་པ་མ་ཡིན་པ་ལ་འཛིན་པའོ། །ཡོད་པ་མ་ཡིན་པ་ལ་འཛིན་པ་ལ་སྤྱོད་པའི་སེམས་ཅན་དེ་དག་མཐོང་ནས་
ཀྱང་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་དག་ནི་ཡོད་པ་མ་ཡིན་པ་ལ་འཛིན་པ་ལས་དགྲོལ་སླ་བ་དག་གོ་སྙམ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཐབས་ལ་མཁས་པས་སེམས་ཅན་དེ་དག་ཡོད་པ་མ་ཡིན་པ་ལ་འཛིན་པ་དེ་དང་བྲལ་བར་བྱེད་དོ། །
བྲལ་ནས་ཀྱང་ཆོས་དྲུག་ལ་འཇུག་པར་བྱེད་དེ། འདི་སྐད་ཅེས་ཀྱེ་སེམས་ཅན་དག་སྦྱིན་པ་དག་བྱིན་ཅིག་དང་། ཁྱོད་ལོངས་སྤྱོད་རྣམས་དང་བྲལ་བར་མི་འགྱུར་རོ། །ལོངས་སྤྱོད་དེ་དག་གིས་ཀྱང་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་ཅུང་ཟད་ཀྱང་མེད་དོ། །དེ་
เล่ม ๓๒ · หน้า 278a
བཞིན་དུ་ཚུལ་ཁྲིམས་སྲུངས་ཤིག །བཟོད་པ་སྒྲུབས་ཤིག །དེ་བཞིན་དུ་བརྩོན་འགྲུས་རྩོམས་ཤིག །དེ་བཞིན་དུ་བསམ་གཏན་རྣམས་ལ་སྙོམས་པར་ཞུགས་ཤིག །དེ་བཞིན་དུ་ཤེས་རབ་སྒོམས་ཤིག །དེ་དག་གིས་རློམ་སེམས་སུ་ཡང་
མ་བྱེད་ཅིག །དེ་དག་ལ་སྙིང་པོ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པར་གྱིས་ཤིག །དེས་རློམ་སེམས་སུ་ཡང་མ་བྱེད་ཅིག །དེ་བཞིན་དུ་དགྲ་བཅོམ་པ་ཉིད་ཀྱི་བར་ལ་གནས་པར་གྱིས་ཤིག །དེས་རློམ་སེམས་སུ་ཡང་མ་
བྱེད་ཅིག །དེ་བཞིན་དུ་རང་བྱང་ཆུབ་ལ་གནས་པར་གྱིས་ཤིག །དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་གྱིས་ཤིག །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གནས་པར་གྱིས་ཤིག །དེ་དག་གིས་རློམ་སེམས་སུ་ཡང་མ་
བྱེད་ཅིག །དེ་དག་ལ་སྙིང་པོ་ཅུང་ཟད་ཀྱང་མེད་དོ་ཞེས་སྟོན་ཏེ། དེ་སེམས་ཅན་དེ་དག་ལ་དེ་སྐད་འདོམས་དེ་སྐད་རྗེས་སུ་སྟོན་ཅིང་དེ་བྱང་ཆུབ་ཀྱི་ལམ་ལ་སྤྱོད་དེ། ཆོས་གང་ལ་ཡང་མངོན་པར་ཞེན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་
ཀྱི་ཕྱིར་གང་གིས་དེ་དག་མངོན་པར་ཞེན་པར་འགྱུར་བ་དང་། གང་དུ་དེ་དག་མངོན་པར་ཞེན་པར་འགྱུར་བ་དང་། གང་དེ་དག་མངོན་པར་ཞེན་པར་འགྱུར་བ་དེ་དག་གི་ངོ་བོ་ཉིད་མེད་དེ། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་སྤྱོད་ཅིང་། ཆོས་གང་ལ་ཡང་མི་གནས་པ་སྟེ། དེ་ཡང་གནས་པ་མེད་པའི་ཚུལ་གྱིས་གནས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ་དེ་ལ་ཡང་མི་གནས་སོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་
ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ་དེ་ལ་ཡང་མི་གནས་སོ། །དེ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ། དེ་ལ་ཡང་མི་
เล่ม ๓๒ · หน้า 278b
གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བསམ་གཏན་ནི་ངོ་བོ་ཉིད་ཀྱིས་སྟོང་ལ་གང་སྙོམས་པར་འཇུག་པ་དེ་ཡང་སྟོང་ཞིང་། རྣམ་པ་གང་དག་ཡིན་པའི་རྣམ་པ་དེ་དག་ཀྱང་སྟོང་པའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་བཞི་པའི་བར་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་
བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་ཡང་སྙོམས་པར་འཇུག་སྟེ་དེ་དག་ལ་ཡང་མི་གནས་སོ། །དེ་བཞིན་དུ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་སྙོམས་པར་འཇུག་པ་དགུ་ལ་ཡང་
སྙོམས་པར་འཇུག་སྟེ་དེ་དག་ལ་ཡང་མི་གནས་སོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་འཐོབ་སྟེ་དེ་ལ་ཡང་མི་གནས་སོ། །དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཡང་འཐོབ་སྟེ་དེ་ལ་ཡང་མི་གནས་སོ། །དེ་བཞིན་དུ་རང་བྱང་ཆུབ་ཀྱང་འཐོབ་སྟེ་དེ་ལ་ཡང་མི་གནས་
སོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ཏེ། འབྲས་བུ་དེ་དག་ངོ་བོ་ཉིད་ཀྱིས་མེད་པ་དང་། དེ་གང་ལ་གནས་པ་དེ་ཙམ་གྱིས་ཆོག་པར་འཛིན་པར་མི་བྱེད་པའོ། །དེ་འདི་སྙམ་དུ་སེམས་ཏེ། བདག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པར་མི་བྱ་བ་དག་གིས་དེ་
ལ་གནས་པར་མི་བྱའོ། །དེ་བཞིན་དུ་རང་སངས་རྒྱས་ཀྱི་སའི་བར་ལ་གནས་པར་མི་བྱའོ་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་ཐེ་ཚོམ་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །
ཆོས་དེ་དག་ཀྱང་འདི་ཉིད་ལ་ཡོད་དོ་སྙམ་དུ་སེམས་པའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་དང་པོ་བསྐྱེད་ཕྱིན་ཆད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་མ་གཏོགས་པར་ནམ་ཡང་སེམས་གང་ཡང་རུང་བ་མ་བསྐྱེད་
དོ། །ས་དང་པོ་ནས་བཟུང་སྟེ་ས་བཅུ་པའི་བར་དུ་ཡང་དེ་བཞིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་འབའ་ཞིག་གོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་མི་གཡེང་བའི་ཡིད་ཀྱིས་ལུས་སམ་ངག་གམ། ཡིད་ཀྱིས་རྣམ་པ་གང་དང་གང་
เล่ม ๓๒ · หน้า 279a
གནོན་པ་ནི་ཐམས་ཅད་དུ་ཡང་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་གནས་ནས། བྱང་ཆུབ་ཀྱི་ལམ་ལ་རྣམ་པར་གཡེང་བ་མི་སྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་
པ་བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་མ་སྐྱེས་པ་ལགས་ན། བཙུན་པ་བཅོམ་ལྡན་འདས་ཅི་ལམ་སྐྱེས་པས་བྱང་ཆུབ་འཐོབ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། ཅི་ལམ་མ་སྐྱེས་པས་བྱང་ཆུབ་འཐོབ་
ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། འོ་ན་ཅི་ལམ་སྐྱེས་པ་ཡང་མ་ལགས། མ་སྐྱེས་པ་ཡང་མ་ལགས་པས་བྱང་ཆུབ་འཐོབ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །
གསོལ་པ། བཙུན་པ་བཅོམ་ལྡན་འདས་འོ་ན་གང་གིས་བྱང་ཆུབ་འཐོབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་ནི་ལམ་གྱིས་ཀྱང་མི་འཐོབ་ལ། ལམ་མ་ཡིན་པས་ཀྱང་མི་འཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་ཉིད་ལམ་ཡིན་ལ། ལམ་ཉིད་
བྱང་ཆུབ་ཡིན་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་ཉིད་ལམ་ལགས་ལ། ལམ་ཉིད་བྱང་ཆུབ་ལགས་ན། དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་དེ་ཐོབ་པ་ཉིད་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཡང་དང་ཡང་བསྟན་པ་མཛད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ཇི་
སྙམ་དུ་སེམས། སངས་རྒྱས་ཀྱིས་བྱང་ཆུབ་འཐོབ་བམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སངས་རྒྱས་ཉིད་ཀྱང་བྱང་ཆུབ་ལགས་ལ། བྱང་ཆུབ་ཉིད་ཀྱང་སངས་རྒྱས་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
เล่ม ๓๒ · หน้า 279b
རབ་འབྱོར་གང་ཡང་འདི་སྐད་ཅེས་གལ་ཏེ་བྱང་ཆུབ་ཉིད་ལམ་ཡིན་ལ། ལམ་ཉིད་ཀྱང་བྱང་ཆུབ་ཡིན་ན། བྱང་ཆུབ་སེམས་དཔས་བྱང་ཆུབ་ཐོབ་པ་ཉིད་མ་ཡིན་ནམ་ཞེས་ཟེར་བ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས།
དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་
རྫོགས་པར་བྱས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། སངས་རྒྱས་ནས་བར་དེར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་དེ་བཞིན་གཤེགས་པ་ཞེས་སྟོན་
ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་
ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། སྲིད་པ་ཐ་མའི་བར་དུ་གཞན་དག་གི་ལུས་ཀྱི་གནས་ངན་ལེན་དང་། ངག་གི་གནས་ངན་ལེན་དང་། ཡིད་ཀྱི་གནས་ངན་ལེན་ཡོངས་སུ་དག་
པར་བྱེད་དོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་གནས་ངན་ལེན་གང་ལགས། ངག་གི་གནས་ངན་ལེན་གང་ལགས། ཡིད་ཀྱི་གནས་ངན་ལེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲོག་གཅོད་པ་དང་། མ་བྱིན་པར་
ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དེ་ནི་ལུས་ཀྱི་གནས་ངན་ལེན་ཡིན་ནོ། །བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་པ་གང་ཡིན་པ་དེ་ནི་ངག་གི་གནས་ངན་ལེན་ཡིན་ནོ། །བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དེ་ནི་ཡིད་ཀྱི་གནས་ངན་ལེན་ཡིན་ནོ།། །།
เล่ม ๓๒ · หน้า 280a
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་སུམ་ཅུ་གསུམ་པ། རབ་འབྱོར་གཞན་ཡང་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་དག་པ་གང་ཡིན་པ་དེ་ནི་ལུས་ཀྱི་གནས་ངན་ལེན་དང་། ངག་གི་གནས་ངན་ལེན་ཡིན་ནོ། །སེར་
སྣའི་སེམས་གང་ཡིན་པ་དང་། འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་དང་། འཁྲུག་པའི་སེམས་དང་། ལེ་ལོའི་སེམས་དང་། མཉམ་པར་མ་བཞག་པའི་སེམས་དང་། འཆལ་པའི་ཤེས་རབ་ཀྱི་སེམས་གང་ཡིན་པ་དེ་ནི་ཡིད་ཀྱི་གནས་ངན་ལེན་ཡིན་ནོ། །
རབ་འབྱོར་གཞན་ཡང་དྲན་པ་ཉེ་བར་གཞག་པ་བཞི་དང་བྲལ་བའི་སེམས་གང་ཡིན་པ་དང་། དེ་བཞིན་དུ་ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་
པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་བྲལ་བའི་སེམས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་གནས་ངན་ལེན་དང་། ངག་གི་གནས་ངན་ལེན་དང་། ཡིད་ཀྱི་གནས་ངན་ལེན་ཡིན་ནོ། །རབ་
འབྱོར་གཞན་ཡང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འདོད་པ་དང་། དེ་བཞིན་དུ་དགྲ་བཅོམ་པ་ཉིད་ཀྱི་བར་དང་། རང་བྱང་ཆུབ་ཀྱི་བར་ལ་འདོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་གནས་ངན་ལེན་དང་། ངག་གི་གནས་ངན་
ལེན་དང་། ཡིད་ཀྱི་གནས་ངན་ལེན་ཡིན་ནོ། །རབ་འབྱོར་གཞན་ཡང་གཟུགས་ཀྱི་འདུ་ཤེས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་འདུ་ཤེས་དང་། དེ་བཞིན་དུ་མིག་གི་འདུ་ཤེས་དང་། རྣ་བ་དང་། སྣ་
དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུ་ཤེས་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་བར་གྱི་འདུ་ཤེས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་གནས་ངན་ལེན་དང་། ངག་གི་
เล่ม ๓๒ · หน้า 280b
གནས་ངན་ལེན་དང་། ཡིད་ཀྱི་གནས་ངན་ལེན་ཡིན་ནོ། །རབ་འབྱོར་གཞན་ཡང་མིག་གི་ཁམས་ཀྱི་འདུ་ཤེས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་གྱི་འདུ་ཤེས་དང་། འདོད་པའི་ཁམས་ཀྱི་འདུ་ཤེས་དང་། གཟུགས་ཀྱི་ཁམས་
ཀྱི་འདུ་ཤེས་དང་། གཟུགས་མེད་པའི་ཁམས་ཀྱི་འདུ་ཤེས་དང་། སྐྱེས་པའི་འདུ་ཤེས་དང་། བུད་མེད་ཀྱི་འདུ་ཤེས་དང་། ཁྱེའུའི་འདུ་ཤེས་དང་། བུ་མོའི་འདུ་ཤེས་དང་། དགེ་བའི་ཆོས་ཀྱི་འདུ་ཤེས་དང་། མི་དགེ་བའི་ཆོས་ཀྱི་འདུ་ཤེས་
དང་། ལུང་དུ་བསྟན་པའི་ཆོས་ཀྱི་འདུ་ཤེས་དང་། ལུང་དུ་མ་བསྟན་པའི་ཆོས་ཀྱི་འདུ་ཤེས་དང་། ཟག་པ་དང་བཅས་པའི་ཆོས་ཀྱི་འདུ་ཤེས་དང་། ཟག་པ་མེད་པའི་ཆོས་ཀྱི་འདུ་ཤེས་དང་། འཇིག་རྟེན་པའི་ཆོས་ཀྱི་འདུ་ཤེས་དང་། འཇིག་རྟེན་ལས་
འདས་པའི་ཆོས་ཀྱི་འདུ་ཤེས་དང་། འདུས་བྱས་ཀྱི་ཆོས་ཀྱི་འདུ་ཤེས་དང་། འདུས་མ་བྱས་ཀྱི་ཆོས་ཀྱི་འདུ་ཤེས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་གནས་ངན་ལེན་དང་། ངག་གི་གནས་ངན་ལེན་དང་། ཡིད་ཀྱི་གནས་ངན་
ལེན་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ། གནས་ངན་ལེན་དེ་དག་ཐམས་ཅད་ཡོངས་སུ་སྤངས་ནས། འདོད་པ་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་དེ། འདི་ལྟ་སྟེ། ཟས་འདོད་པ་
རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། བཞོན་པ་འདོད་པ་རྣམས་ལ་ནི་བཞོན་པ། མིའི་ཡོ་བྱད་གང་ཡང་རུང་བའི་བར་དག་འདོད་པ་རྣམས་ལ་ནི་མིའི་ཡོ་བྱད་གང་ཡང་རུང་བའི་བར་དག་སྦྱིན་པར་བྱེད་དོ། །གཞན་དག་ཀྱང་སྦྱིན་པ་ཡང་དག་
པར་འཛིན་དུ་འཇུག་གོ། །འཛུད་དོ། །འགོད་དོ། །དགེ་བའི་རྩ་བ་ཐམས་ཅད་ཀྱང་ཡོངས་སུ་བཟླུམས་ནས་དང་བའི་ཡིད་ཀྱིས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་ཡོངས་སུ་སྔོ་བར་བྱེད་དོ། །རབ་
เล่ม ๓๒ · หน้า 281a
འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ནས། དཀོན་མཆོག་གསུམ་ལ་དབུལ་བར་འབུལ་ཏེ། ཕུལ་ནས་ཀྱང་བདག་གི་
དགེ་བའི་རྩ་བ་འདིས་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པར་གྱུར་ཅིག་ཅེས་དགའ་བའི་ཡིད་ཀྱིས་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་
ལྷ་དང་མིའི་རོལ་མོའི་སྒྲ་དག་གིས་མཆོད་དེ། མཆོད་ནས་ཀྱང་དགེ་བའི་རྩ་བ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བདག་གི་དགེ་བའི་རྩ་བ་འདིས་སངས་རྒྱས་ཀྱི་ཞིང་དེ་ན་ལྷའི་རོལ་མོའི་སྒྲ་རྟག་ཏུ་འབྱུང་བར་གྱུར་ཅིག་ཅེས་དེ་ལྟར་ཡོངས་སུ་སྔོ་བར་
བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷའི་སྤོས་རྣམས་ཀྱིས་ཡོངས་སུ་བཀང་ནས་དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་
ལ་རྟག་ཏུ་དབུལ་བ་ཕུལ་ཏེ། ཕུལ་ནས་ཀྱང་དགེ་བའི་རྩ་བ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བདག་གི་དགེ་བའི་རྩ་བ་འདིས་སངས་རྒྱས་ཀྱི་ཞིང་དེར་ལྷའི་སྤོས་ཀྱི་དྲི་རྟག་ཏུ་འབྱུང་བར་གྱུར་ཅིག་ཅེས་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དོ། །རབ་
འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་རྣམས་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་དང་། དེ་བཞིན་གཤེགས་པའི་ཉན་ཐོས་
རྣམས་ལ་ཟས་རོ་བརྒྱ་དང་ལྡན་པ་འབུལ་བར་བྱེད་ཅིང་། ཕུལ་ནས་ཀྱང་བདག་གི་དགེ་བའི་རྩ་བ་འདིས་སངས་རྒྱས་ཀྱི་ཞིང་དེ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པའི་སངས་རྒྱས་པ་དང་། སེམས་ཅན་ཐམས་ཅད་ལྷའི་ཞལ་ཟས་
เล่ม ๓๒ · หน้า 281b
རོ་བརྒྱ་དང་ལྡན་པར་གྱུར་ཅིག་ཅེས་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་གཤེགས་པའི་
མཆོད་རྟེན་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་རྣམས་དང་། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ལ་ལྷའི་དང་། མིའི་བྱུག་པ་རྣམས་འབུལ་བར་བྱེད་དེ། ཕུལ་ནས་ཀྱང་བདག་གི་དགེ་བའི་རྩ་བ་འདིས་སངས་རྒྱས་ཀྱི་ཞིང་
དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པའི་སངས་རྒྱས་དང་། སེམས་ཅན་ཐམས་ཅད་ལྷའི་བྱུག་པ་དང་ལྡན་པར་གྱུར་ཅིག་ཅེས་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཡིད་ལས་བྱུང་བ། བརྣག་པས་བསྐྱེད་པ། འདོད་པའི་ཡོན་ཏན་ལྔ་པོ་དག་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་སངས་རྒྱས་རྣམས་དང་། དེ་བཞིན་གཤེགས་པའི་ཉན་ཐོས་
རྣམས་ལ་འབུལ་བར་བྱེད་དེ། ཕུལ་ནས་ཀྱང་བདག་གི་དགེ་བའི་རྩ་བ་འདིས་སངས་རྒྱས་ཀྱི་ཞིང་དེ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པའི་སངས་རྒྱས་དང་། སེམས་ཅན་ཐམས་ཅད་ཀྱི་འདོད་པའི་ཡོན་ཏན་ལྔ་པོ་དག་ཡིད་ལས་བྱུང་
བ། བརྣག་པས་བསྐྱེད་པ་ཡིད་དུ་འོང་བར་གྱུར་ཅིག་ཅེས་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་སྙམ་དུ་སེམས་ཏེ། བདག་གིས་ཀྱང་བསམ་གཏན་
དང་པོ་ལ་སྙོམས་པར་འཇུག་པར་བྱ། སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་དང་པོ་ལ་ཡང་དག་པར་འཛིན་དུ་གཞུག་པར་བྱ། གཟུད་པར་བྱ། དགོད་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། བདག་གིས་ཀྱང་བསམ་གཏན་བཞི་པའི་བར་དག་ལ་སྙོམས་པར་
เล่ม ๓๒ · หน้า 282a
འཇུག་པར་བྱ། སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་བཞི་པ་ཡང་དག་པར་འཛིན་དུ་འཇུག་པར་བྱ། གཟུད་པར་བྱ། དགོད་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་
བཞིའི་བར་དག་ལ་གཟུད་པར་བྱ། དགོད་པར་བྱའོ། །དེ་བཞིན་དུ་བདག་གིས་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གཟུད་པར་བྱ། དགོད་པར་བྱའོ། །
བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཅི་ནས་ཀྱང་སེམས་ཅན་ཐམས་ཅད་བསམ་གཏན་བཞི་དང་མི་འབྲལ་བར་བྱའོ། །ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་
དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་དང་མི་འབྲལ་བར་བྱའོ་སྙམ་དུ་སེམས་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །དེ་བྱང་ཆུབ་
དེ་ལ་སྤྱོད་པས་དེའི་བསམ་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བདག་ཀྱང་དགེ་བའི་ཆོས་ཐམས་ཅད་དང་ལྡན་པར་འགྱུར་རོ། །གཞན་དག་ཀྱང་དགེ་བའི་ཆོས་ཐམས་ཅད་དང་ལྡན་པ་ཡང་དག་པར་འཛིན་དུ་འཇུག་གོ། །འཛུད་དོ། །འགོད་
དོ། །དེ་སེམས་ཅན་དེ་དག་ལ་རང་གི་ལུས་གཟུགས་བཟང་བ་ཡང་སྟོན་ཏོ། །དེའི་རྒྱུ་ཡང་བརྗོད་དོ། །སེམས་ཅན་དེ་དག་གིས་མཐོང་ནས་འདོད་པ་སྐྱེད་དེ། དེ་འདྲ་བ་ཁོ་ནའི་རྒྱུའི་སྤྱོད་པ་ལ་འཇུག་ཅིང་། སེམས་ཅན་དེ་དག་འདི་ལྟ་སྟེ། བསོད་ནམས་ཀྱི་སྟོབས་ཡོངས་
སུ་བཟུང་བས་མཐར་གྱིས་དེ་འདྲ་བའི་ལུས་གཟུགས་བཟང་བ་མངོན་པར་འགྲུབ་བོ། །དེས་སེམས་ཅན་གང་དག་ཡོངས་སུ་སྨིན་པར་བྱས་པ་དེ་དག་ཐམས་ཅད་ཀྱང་དེ་ཉིད་དང་ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་རོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་
เล่ม ๓๒ · หน้า 282b
མེད་པའི་སྒྲ་འབྱུང་བ་ཡང་ན་ནང་གི་སྒྲ་མིད་པ་དང་། མཆུ་དང་། སོ་དང་། ལྕེ་དང་། རྐན་ལ་སོགས་པའི་འབད་པས་བསྐྱེད་པ་རྣམས་སམ། ཡང་ན་ཕྱི་རོལ་གྱི་སྒྲ་རླུང་གིས་བསྐྱོད་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་སྒྲ་
འབྱུང་བ་ཇི་ལྟར་ཆོས་དེ་དག་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་དང་། ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་སྟེ། གང་གི་ཕྱིར་སྟོང་པ་དེའི་ཕྱིར་དེ་དག་ལ་མཚན་མ་མེད་དོ། །གང་ལ་མཚན་མ་མེད་པ་དེ་ལ་སྨོན་པ་མེད་དེ། འགྲེང་ཡང་རུང་། འདུག་ཀྱང་
རུང་། ཉལ་ཡང་རུང་། འཆག་ཀྱང་རུང་། ཉིན་མཚན་དུ་ཆོས་བསྟན་པ་འདི་ལྟ་བུ་འབྱུང་བ་མ་གཏོགས་པར་དེའི་སངས་རྒྱས་ཀྱི་ཞིང་དེ་ཡོངས་སུ་དག་པར་མ་གྱུར་པ་གང་ན། ངན་སོང་གསུམ་གདགས་པ་ཡོད་པ་དང་། ལྟ་བར་གྱུར་པ་རྣམས་སམ། འདོད་
ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་སམ། ཉན་ཐོས་དང་། རང་སངས་རྒྱས་དག་གམ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་རྣམས་གདགས་པ་ཡོད་པ་དང་། དེ་བཞིན་དུ་ངར་འཛིན་པ་དང་། ང་ཡིར་འཛིན་
པ་དང་། ཡོངས་སུ་འཛིན་པ་དང་། བག་ལ་ཉལ་བ་དང་། ཀུན་ནས་དཀྲིས་པ་རྣམས་དང་། འབྲས་བུ་གདགས་པ་ཡོད་པའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཤིང་།
བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཐོབ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་ཐམས་ཅད་དེའི་བསྔགས་པ་བརྗོད་པར་འགྱུར་རོ། །སེམས་ཅན་གང་དག་གིས་དེ་བཞིན་གཤེགས་པ་དེའི་མིང་
ཐོས་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རང་གིས་སངས་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེས་ཆོས་སྟོན་པ་ན་ཆོས་འདི་ནི་ཆོས་མ་ཡིན་ནོ་ཞེས་སེམས་ཅན་གང་ཡང་ཆོས་དེ་ལ་ཐེ་ཚོམ་ཟ་བར་མི་འགྱུར་རོ། །དེ་ཅིའི་
เล่ม ๓๒ · หน้า 283a
ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ཆོས་གང་ཡང་མེད་པར་སེམས་ཅན་དེ་དག་གིས་དེ་བཞིན་དུ་ཤེས་པའི་ཕྱིར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་
དག་པར་བྱེད་དོ། །རབ་འབྱོར་གཞན་ཡང་སེམས་ཅན་གང་དག་མི་དགེ་བའི་རྩ་བ་རྣམས་དང་ལྡན་ཞིང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་རྣམས་ལ་དགེ་བའི་རྩ་བ་མ་བསྐྱེད་པ། སྡིག་པའི་གྲོགས་པོས་ཟིན་པ་དག་དང་། གང་
དག་དམ་པའི་ཆོས་ཐོས་ན། ལྟ་བའི་རྣམ་པ་གང་དག་གིས་ཞུམ་པར་འགྱུར་བ་འདི་ལྟ་སྟེ། བདག་ཏུ་ལྟ་བ་དང་། ཆད་པར་ལྟ་བ་དང་། འདི་ལྟ་སྟེ། རྟག་པ་དང་། ཆད་པ་གཉིས་ཀྱི་བར་ལ་གནས་ཏེ། ཡོད་དོ་ཞེས་བདག་གིས་ཀྱང་ལོག་པར་འཛིན་པ་བཟུང་
ལ། གཞན་དག་ཀྱང་ལོག་པར་འཛིན་དུ་འཇུག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པ་དག་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འདུ་ཤེས་ཤིང་། ཡང་དག་པར་རྫོགས་པའི་སངས་རྒྱས་དག་ལ་ཡང་དག་པར་རྫོགས་པའི་སངས་
རྒྱས་མ་ཡིན་པར་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཆོས་སུ་སྨྲ་ཞིང་དམ་པའི་ཆོས་ཡོངས་སུ་སྤོང་བ་དེ་དག་དམ་པའི་ཆོས་ཡོངས་སུ་སྤངས་ནས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་
ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དེ་དག་ལ་ཕན་གདགས་པའི་ཕྱིར་སེམས་ཅན་དམྱལ་བ་དེར་སོང་ནས། སེམས་ཅན་དེ་དག་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་དག་དང་ཕྲལ་ནས། དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་ཤི་འཕོས་ཏེ་མི་རྣམས་
དང་སྐལ་བ་མཉམ་པར་སྐྱེའོ། །དེར་སྐྱེས་པ་རྣམས་ནི་ཡང་དག་པ་ཉིད་དུ་ངེས་པའི་ཚོགས་ལ་འགོད་པར་བྱེད་དེ། ཅི་ནས་ཀྱང་ཡང་ངན་སོང་རྣམས་སུ་མི་ལྟུང་ཞིང་དེ་ཉིད་དང་ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཞིང་འདིར་སྐྱེ་བར་འགྱུར་བ་དེ་ལྟར་ཡོངས་སུ་འགོད་པར་བྱེད་དེ།
เล่ม ๓๒ · หน้า 283b
རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཅི་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེར་སེམས་ཅན་དེ་དག་དེར་སྐྱེས་ནས་འདི་ལྟ་སྟེ། འཇིག་རྟེན་པ་རྣམས་སམ། འཇིག་རྟེན་ལས་འདས་པ་རྣམས་སམ། ཟག་པ་དང་བཅས་པ་རྣམས་སམ།
ཟག་པ་མེད་པ་རྣམས་སམ། འདུས་བྱས་རྣམས་སམ། འདུས་མ་བྱས་རྣམས་སམ། ཆོས་གང་ལ་ཡང་ཡིད་གཉིས་ཟ་བར་མི་འགྱུར་བ་ནས། སེམས་ཅན་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བའི་བར་དུ་དེ་ལྟར་
སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པ་ཉིད་ཀྱི་ཚོགས་ལ་ངེས་པ་ལགས་སམ།
འོན་ཏེ་ཉན་ཐོས་ཀྱི་ཚོགས་ལ་ངེས་པ་ལགས་སམ། འོན་ཏེ་རང་སངས་རྒྱས་ཀྱི་ཚོགས་ལ་ངེས་པ་ལགས་སམ། བཙུན་པ་བཅོམ་ལྡན་འདས་ཚོགས་གང་ལ་ངེས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ནི་ཉན་ཐོས་ཀྱི་ཚོགས་ལ་ངེས་པ་མ་ཡིན། རང་སངས་རྒྱས་ཀྱི་ཚོགས་ལ་ངེས་པ་མ་ཡིན་གྱི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚོགས་ལ་ངེས་པ་ཡིན་ནོ། །གསོལ་པ། བཙུན་
པ་བཅོམ་ལྡན་འདས་ཅི་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་པ་ཞེས་བགྱིའམ། འོན་ཏེ་སྲིད་པ་ཐ་མ་པ་ངེས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཡང་ངེས་པ་ཡིན་ནོ། །ཕྱིར་མི་ལྡོག་པ་དང་སྲིད་པ་ཐ་མ་པ་ཡང་ངེས་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཅི་ཡང་དག་པ་ཉིད་དུ་ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་
เล่ม ๓๒ · หน้า 284a
བར་འགྱུར་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། བརྒྱད་པའམ། རྒྱུན་དུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བ་
འམ། ཕྱིར་མི་འོང་བའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་ངན་སོང་རྣམས་སུ་སྐྱེ་བར་འགྱུར་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཡང་དང་པོ་སེམས་བསྐྱེད་ཕྱིན་ཆད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། དེ་བཞིན་དུ་ཚུལ་ཁྲིམས་སྲུང་། བཟོད་པ་སྒྲུབ། དགེ་བའི་ཆོས་རྣམས་ལ་བརྩོན་འགྲུས་རྩོམ། བསམ་གཏན་རྣམས་ལ་སྙོམས་པར་འཇུག །ཤེས་རབ་སྒོམ་ཞིང་
མི་དགེ་བའི་ཆོས་ཐམས་ཅད་སྤངས་ནས་གནས་པ་དེ། ངན་སོང་དུ་སྐྱེ་བའམ། ལྷ་ཚེ་རིང་པོའི་ནང་དུ་སྐྱེ་བའི་གནས་མེད་དོ། །གང་ན་དགེ་བའི་ཆོས་རྣམས་མི་སྤྱོད་པ་མཐའ་འཁོབ་པ་རྣམས་ཀྱི་ནང་དུའམ། ཀླ་ཀློའི་མི་རྣམས་ཀྱི་ནང་དུ་སྐྱེ་བའམ། ལོག་པར་ལྟ་བའི་
ཁྱིམ་རྣམས་སམ། མཐའ་འཁོབ་པའི་མི་རྣམས་ཀྱི་ནང་དུ་སྐྱེ་བའམ། འཁོར་བཞི་པོ་འདི་ལྟ་སྟེ། དགེ་སློང་གི་འཁོར་རམ། དགེ་སློང་མའི་འཁོར་རམ། དགེ་བསྙེན་གྱི་འཁོར་རམ། དགེ་བསྙེན་མའི་འཁོར་གང་དུ་འབྱུང་བར་མི་འགྱུར་བ་དེར་སྐྱེ་བར་འགྱུར་བ་དེ་
ནི་གནས་མེད་དོ། །གང་ན་སངས་རྒྱས་ཀྱི་སྒྲའམ། ཆོས་ཀྱི་སྒྲའམ། དགེ་འདུན་གྱི་སྒྲ་མི་གྲག་པའམ། བྱ་བ་མེད་པ་དང་ལྟ་བའི་སྒྲ་གྲག་པར་འགྱུར་བ་དེར་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དེ། རབ་འབྱོར་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ནི་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་འདུག་པ་དེ་ནི་གནས་མེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་
เล่ม ๓๒ · หน้า 284b
ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དུ་མ་དང་ལྡན་པ་ལགས་ན། ཅིའི་སླད་དུ་དུད་འགྲོའི་སྐྱེ་གནས་སུ་སྐྱེ་ཞིང་། དེ་བཞིན་གཤེགས་པས་ཉིད་ཀྱི་
སྐྱེས་པའི་རབས་དེ་དག་འཁོར་བཞི་པོ་དག་གི་མདུན་དུ་བསྟན་པ་མཛད། དགེ་བའི་རྩ་བ་དེ་ལྟ་བུ་དེ་དག་ནི་སླད་རོལ་དུ་གྱུར་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མི་དགེ་བའི་ལས་ཀྱིས་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བའི་ལུས་ཡོངས་སུ་འཛིན་པ་མ་ཡིན་གྱི། ལུས་གང་གིས་དོན་བྱེད་ནུས་པའི་ལུས་དེ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ཡོངས་སུ་འཛིན་ཏོ། །རབ་འབྱོར་བྱང་ཆུབ་
སེམས་དཔའ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ཐབས་ལ་མཁས་པ་གང་དང་ལྡན་པ་དང་། གསད་པ་གང་དག་ཡིན་པའི་གན་དུ་འགྲོ་ཞིང་། དེ་དག་དང་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པ་དང་། གསད་པ་དེ་དག་
ལ་རྣམ་པར་འཚེ་བར་ཡང་མི་བྱེད་པའི་ཐབས་ལ་མཁས་པ་དེ་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ལ་ཅིག་ཡོད་དམ། རབ་འབྱོར་རྣམ་གྲངས་དེས་ན་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པ་ནི་སྙིང་རྗེ་ཆེན་
པོ་ཡོངས་སུ་རྫོགས་པར་བྱེད་ཅིང་། སེམས་ཅན་གྱི་དོན་གྱི་ཕྱིར་དུད་འགྲོའི་སྐྱེ་གནས་སུ་སྐྱེ་ཡང་དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་སྐྱོན་རྣམས་ཀྱིས་ཀྱང་མི་གོས་པ་དེ་ལྟར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་
འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་ཆོས་གང་དག་ལ་གནས་ནས། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་ལུས་རྣམས་ཡོངས་སུ་འཛིན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
เล่ม ๓๒ · หน้า 285a
པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་དག་ཡོངས་སུ་རྫོགས་པར་བྱ་བ་དེ་དག་གང་ཞེ་ན། རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་པས། རབ་
འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དང་པོ་སེམས་བསྐྱེད་པ་ཁོ་ན་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་དགེ་བའི་ཆོས་གང་ཡོངས་སུ་རྫོགས་པར་མི་བྱ་བ་གང་ཡང་མེད་དེ། གང་མ་རྫོགས་པར་དེ་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ནི་གནས་མེད་དོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་
པར་བྱ་བ་ལ་བསླབ་པར་བྱའོ། །དེ་དེ་ལ་བསླབས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར། ཉོན་མོངས་པ་དང་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཀྱང་སྤོང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་
སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀར་པོའི་ཆོས་ཐམས་ཅད་དང་ལྡན་པ་ནས། འཕགས་པའི་ཡེ་ཤེས་ཀྱི་བར་དང་ལྡན་པ་ཇི་ལྟར་ངན་སོང་རྣམས་སུ་སྐྱེ་ལགས། དེ་སྐད་ཅེས་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་འཕགས་པ་དང་། ཟག་པ་མེད་པ་ཡིན་ནམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བཙུན་
པ་བདེ་བར་གཤེགས་པ་དེ་དེ་ལྟ་ལགས་ཏེ། །དེ་བཞིན་གཤེགས་པ་ནི་འཕགས་པ་དང་། ཟག་པ་མི་མངའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་
เล่ม ๓๒ · หน้า 285b
སྲོག་ཆགས་ཀྱི་ལུས་ཞིག་མངོན་པར་སྤྲུལ་ཏེ་མངོན་པར་སྤྲུལ་ནས་ཀྱང་སངས་རྒྱས་ཀྱི་མཛད་པ་བྱེད་དམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་
དུད་འགྲོའི་སྐྱེ་གནས་པ་ཡིན་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ལམ་ཟག་པ་མེད་པའི་ཡེ་ཤེས་
དང་ལྡན་པ་ཡང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལུས་གང་གིས་འགྲོ་བ་ལྔ་པོ་དག་ཏུ་ཅི་རིགས་པར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་ལྟ་བུའི་ལུས་བསམས་བཞིན་དུ་ཡོངས་སུ་འཛིན་ཏོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། དཔེར་ན་དགྲ་བཅོམ་
པས་དགྲ་བཅོམ་པ་ཟག་པ་ཟད་པ་ཞིག་མངོན་པར་སྤྲུལ་ཏེ། མངོན་པར་སྤྲུལ་ནས་དགྲ་བཅོམ་པའི་ལས་རྣམས་བྱེད་དུ་བཅུག་ན། ལས་དེ་དག་གིས་འཁོར་བཞི་པོ་དག་དགའ་བ་སྐྱེད་དམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཟག་པ་མེད་པའི་ཡེ་ཤེས་དང་ལྡན་པ་ཡང་ལུས་གང་གིས་སེམས་ཅན་རྣམས་ཀྱི་དོན་སྤྱོད་པ་བྱེད་པའི་ལུས་དེ་ལྟ་བུ་ཡོངས་སུ་འཛིན་ཏེ། ལུས་
ཡོངས་སུ་བཟུང་བ་དེས་སྡུག་བསྔལ་གྱི་ཚོར་བ་མྱོང་བར་ཡང་མི་འགྱུར་ལ། དེ་དང་མཐུན་པའི་སྐྱོན་གྱིས་ཀྱང་མི་གོས་སོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་
གླང་པོ་ཆེའི་གཟུགས་སྟོན་ཏམ། རྟའི་གཟུགས་སམ། གླང་གི་གཟུགས་སྟོན་ཏམ། སྲོག་ཆགས་ཀྱི་རྣམ་པ་གཞན་དག་ཀྱང་སྟོན་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་དེས་བསྟན་པ་དེ་གླང་པོ་ཆེར་འགྱུར་བའམ།
เล่ม ๓๒ · หน้า 286a
རྟའམ། གླང་ངམ། སྲོག་ཆགས་ཀྱི་རྣམ་པ་གཞན་དག་ཏུ་འགྱུར་སྙམ་མམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་འཕགས་པ་ཟག་པ་མེད་པའི་ཡེ་ཤེས་དང་ལྡན་པ་ཡང་ལུས་ཇི་ལྟ་བུས་སེམས་ཅན་རྣམས་ཀྱི་དོན་བྱེད་པའི་ལུས་དེ་ལྟ་བུ་བསམས་བཞིན་དུ་སྟོན་ཀྱང་། དེ་དང་ལྡན་པའི་ཡིད་ལ་བྱེད་པས་ཀྱང་མི་གོས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་
གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཡེ་ཤེས་དང་ལྡན་པ་འདི་ལྟར་ལུས་གང་དང་གང་གིས་སེམས་ཅན་རྣམས་ཀྱི་དོན་བགྱིད་རྔོ་ཐོགས་པའི་ལུས་དེ་དང་དེ་ཡོངས་སུ་འཛིན་པ་ནི་ཐབས་ལ་
མཁས་པ་ཆེན་པོ་ལགས་ན། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་དག་ལ་གནས་ནས། ཐབས་ལ་མཁས་པ་འདི་ལྟ་བུ་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། ཐབས་ལ་མཁས་པ་འདི་ལྟ་བུ་འདི་བྱེད་དེ། ཐབས་ལ་མཁས་པ་དེས་ཕྱོགས་བཅུ་དག་ཏུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ནས། སེམས་ཅན་དེ་དག་གི་དོན་བྱེད་ཀྱང་དེ་དག་ལ་འདོད་པ་མི་སྐྱེད་དོ། །
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་འདོད་པར་བྱེད་པའམ། གང་ལ་འདོད་པར་བྱེད་པའི་ཆོས་དེ་དག་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། སྟོང་པ་ཉིད་ནི་འདོད་པར་མི་
བྱེད་ཅིང་སྟོང་པ་ཉིད་ལ་འདོད་པར་བྱེད་པ་སུ་ཡང་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་སྟོང་པ་ཉིད་ལ་སྟོང་པ་ཉིད་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་འདི་ནི་མི་དམིགས་པ་སྟོང་པ་ཉིད་ཡིན་ཏེ། དེ་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་
เล่ม ๓๒ · หน้า 286b
ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་
གཡོས་སོ། །ལྡེག་རབ་ཏུ་ལྡེག་གོ། །ཀུན་ཏུ་རབ་ཏུ་ལྡེག་གོ། །ཤར་ཕྱོགས་མཐོ་ན། ནུབ་ཕྱོགས་དམའོ། །ནུབ་ཕྱོགས་མཐོ་ན། ཤར་ཕྱོགས་དམའོ། །ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའོ། །བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའོ། །དབུས་མཐོ་
ན་མཐའ་དམའོ། །མཐའ་མཐོ་ན་དབུས་དམའོ། །སྟེང་གི་བར་སྣང་ལ་ཡང་ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ལྷའི་སིལ་སྙན་བསྒྲགས་སོ། །ལྷ་བྱེ་བ་དག་གིས་ཀྱང་ལྷའི་མེ་ཏོག་ཨུད་པ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོའི་མེ་ཏོག་གི་ཆར་
ཆེན་པོ་ཕབ་བོ། །འདི་ལྟ་སྟེ། ལོང་བ་རྣམས་ཀྱིས་མིག་རྙེད་པ་དང་། འོན་པ་རྣམས་ཀྱིས་ཐོས་པ་རྙེད་པ་དང་། སྨྱོན་པ་རྣམས་ཀྱིས་དྲན་པ་རྙེད་པ་དང་། སེམས་རྣམ་པར་གཡེངས་པ་རྣམས་ཀྱིས་མཉམ་པར་གཞག་པ་རྙེད་པ་དང་། སིལ་སྙན་བྱེ་བ་
ཕྲག་འབུམ་ཡང་མ་དཀྲོལ་བར་སྒྲ་བྱུང་བར་གྱུར་ཏེ། རྨད་དུ་བྱུང་བའི་ཆོས་དུ་མ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །ལྷ་དང་མི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་སྙེད་དག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སེམས་
ཅན་འཛམ་བུའི་གླིང་གི་རྡུལ་ཕྲ་རབ་སྙེད་དག་ནི་འདི་ལྟ་སྟེ། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་སྟེ། ཆོས་མངོན་པར་རྟོགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ནི་མི་སྐྱེ་བའི་ཆོས་ལ་
བཟོད་པ་ཐོབ་པར་གྱུར་ཏོ། །སེམས་ཅན་དུ་མ་ནི་ཏིང་ངེ་འཛིན་དང་། གཟུངས་དང་། ས་ཐོབ་པར་གྱུར་ཏོ། །སེམས་ཅན་དཔག་ཏུ་མེད་པ་གྲངས་མེད་པ་དག་ནི་ངན་སོང་གསུམ་པོ་དག་ནས་ཤི་འཕོས་ནས། ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་སོ། །ཐམས་
เล่ม ๓๒ · หน้า 287a
ཅད་དང་ལྡན་པའི་འཁོར་དེས་ཀྱང་དགེ་སློང་ཤ་ར་དྭ་ཏིའི་བུ་དང་། རབ་འབྱོར་གྱིས་ཞུས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་ཉིད་ཚིག་དང་ཡི་གེའི་འབྲུ་ལྷག་ཆད་མེད་པ་འདི་དག་གིས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་
གི་བྱེ་མ་སྙེད་དག་ཕྱོགས་བཅུ་ཀུན་ཏུ་མཐོང་ངོ་། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་ཨ་ལ་ལ་སེམས་ཅན་དཔག་ཏུ་མེད་གྲངས་མེད། བསམ་གྱིས་མི་ཁྱབ་མཚུངས་པ་མེད་པ་དག་གིས་ཆོས་མངོན་པར་རྟོགས་པར་གྱུར་པ་འདི་ནི་འཇིག་རྟེན་དུ་སངས་
རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་གཉིས་པ་ཡིན་ནོ། །ཞེས་དེ་ལྟ་བུའི་སྒྲ་དེ་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་བྱུང་བར་གྱུར་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས་མངོན་པར་བྱང་
ཆུབ་པའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སེམས་ཅན་གྱི་རིས་ན་སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཟབ་མོ་བཤད་པ་འདི་ལ་དད་པ་མི་སྐྱེད། དགའ་བ་དང་། དང་བ་དང་། ལྷག་པའི་བསམ་པས་མོས་པ་མི་སྐྱེད་ཅིང་། ལུས་དང་སེམས་ཀྱིས་ཀྱང་ཚོགས་པ་སྩོལ་བར་མི་བགྱིད་ལ། འཁོར་དེ་ནས་ཀྱང་མཆི་བར་བགྱིད་ཅིང་། གོང་དུ་ཡང་སྤོང་ལ་
སྤོང་བར་བགྱིད་པ་འགའ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སེམས་ཅན་གྱི་རིས་ན་སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བཤད་པ་འདི་ལ་དད་པ་མི་སྐྱེད་ཅིང་། དགའ་བ་དང་། དང་བ་དང་།
ལྷག་པའི་བསམ་པས་མོས་པ་མི་སྐྱེད་ལ། ལུས་དང་སེམས་ཀྱིས་ཚོགས་པ་སྦྱིན་པར་མི་བྱེད་ཅིང་འཁོར་དེ་ནས་འགྲོ་བར་བྱེད་པ་དེ་ནི་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པའི་ཚེ་
เล่ม ๓๒ · หน้า 287b
སོང་བར་གྱུར་ལ། ད་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་པ་ན་འགྲོ་བར་བྱེད་ཅིང་། ལུས་དང་སེམས་ཀྱིས་ཀྱང་ཚོགས་པ་སྦྱིན་པར་མི་བྱེད་དེ། ཤེས་རབ་འཆལ་བར་འགྱུར་བའི་ལས་སོགས་པར་བྱེད་དོ། །དེ་ཤེས་རབ་འཆལ་
བར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤོང་བར་བྱེད་དེ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཀག་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་
རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་བཀག་པར་འགྱུར་རོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤོང་བའི་ལས་བྱས་ཤིང་བསགས་པ་དེས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་སོགས་སོ། །དེ་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་
དེས་ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་འབུམ་ཕྲག་མང་པོ་དང་། ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་སེམས་ཅན་དམྱལ་བ་རྣམས་སུ་བཙོ་བར་འགྱུར་རོ། །དེ་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་རོ། །མེས་འཇིག་
པ་འབྱུང་བར་འགྱུར་རོ། །མེས་འཇིག་པ་བྱུང་ནས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སེམས་ཅན་དམྱལ་བ་ཆེན་པོར་འབྱུང་བར་འགྱུར་ཏེ། དེར་སྐྱེ་བར་འགྱུར་རོ། །དེར་ཡང་ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་འབུམ་ཕྲག་མང་
པོ་དང་། ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་སྲེག་པར་འགྱུར་ཏེ། སེམས་ཅན་དམྱལ་བ་ཆེན་པོ་དེ་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་ཏེ། དེར་སོང་ནས་ཀྱང་ཡང་མེས་འཇིག་པ་འབྱུང་བར་འགྱུར་རོ། །མེས་འཇིག་པ་བྱུང་
ནས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སེམས་ཅན་དམྱལ་བ་ཆེན་པོར་འབྱུང་བར་འགྱུར་ཞིང་དེ་དེར་སྐྱེ་བར་འགྱུར་ཏེ། དེར་ཡང་ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོའི་བར་དུ་སྲེག་པར་འགྱུར་རོ། །སེམས་ཅན་དམྱལ་བ་ཆེན་པོ་དེ་ནས་ཀྱང་སེམས་ཅན་
เล่ม ๓๒ · หน้า 288a
དམྱལ་བ་ཆེན་པོར་འགྲོ་བར་འགྱུར་ཏེ། དེ་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་སོང་ནས་ཀྱང་ཡང་མེས་འཇིག་པ་འབྱུང་བར་འགྱུར་ཏེ། མེས་འཇིག་པ་བྱུང་ནས་ཀྱང་ལས་ཀྱི་རླུང་གིས་ཤར་ཕྱོགས་སུ་ཕངས་པར་འགྱུར་ཞིང་
ཕྱོགས་མཚམས་ཀྱི་བར་དུ་ཡང་ཕངས་པར་འགྱུར་རོ། །དེ་ནས་དེར་སྐྱེས་ནས་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་རོ། །དེར་ཡང་མེས་འཇིག་པ་འབྱུང་བར་འགྱུར་ཏེ། མེས་འཇིག་པ་བྱུང་ནས་དེ་ནས་ཀྱང་ཤི་འཕོས་ཏེ།
ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ཡང་སྐྱེ་བར་འགྱུར་ཞིང་། ཡང་སེམས་ཅན་དམྱལ་བ་ཆེན་པོ་ནས་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་ཏེ། དེར་ཡང་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་
པོར་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་ཏེ། ཇི་སྲིད་དུ་མེས་འཇིག་པ་འབྱུང་བ་དེ་སྲིད་དུ་སེམས་ཅན་དམྱལ་བ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །མེས་འཇིག་པ་བྱུང་ནས་ཀྱང་དེ་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་འདིར་སྐྱེ་བར་འགྱུར་ཏེ། ཕྱོགས་
བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་སུ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ཇི་ལྟར་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་དང་སྐལ་བ་མཉམ་པར་འགྱུར་བ་དེ་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་སྐྱེ་བར་འགྱུར་
ཏེ། དེ་དེར་སྐྱེས་ནས་ཀྱང་ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་གཤིན་རྗེའི་འཇིག་རྟེན་པའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེར་གཤིན་རྗེའི་འཇིག་རྟེན་པའི་སྡུག་བསྔལ་ཟད་པར་བྱས་ནས། འདི་ལྟ་སྟེ། དམུས་ལོང་གི་ཁྱིམ་རྣམས་སུའམ། གདོལ་པའི་ཁྱིམ་
རྣམས་སུའམ། གཡུང་པོའི་ཁྱིམ་རྣམས་སུ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ལོང་བའམ། ཞར་བའམ། སྒུར་པོའམ། ལྕེ་མེད་པའམ། ལག་པ་མེད་པའམ། རྐང་པ་མེད་པའམ། རྣ་བ་མེད་པའམ། མཛེ་ཅན་
เล่ม ๓๒ · หน้า 288b
ནམ། ཤ་བཀྲ་ཅན་ནམ། ཡན་ལག་མ་ཚང་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གང་ན་སངས་རྒྱས་ཀྱི་སྒྲ་མི་གྲག་པ་དང་། ཆོས་ཀྱི་སྒྲ་མི་གྲག་པ་དང་། དགེ་འདུན་གྱི་སྒྲ་མི་གྲག་པར་འགྱུར་བ་དེར་རྟག་ཏུ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་
དེ་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དང་། ཡང་དག་པར་བླངས་པ་རྫོགས་པའི་འབྲས་བུ་ཡོངས་སུ་ཚང་བ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་
མཚམས་མ་མཆིས་པ་ནི་ལྔ་ལགས་ལ། འདི་ལྟ་སྟེ། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བགྱིས་ཤིང་བསགས་པ་འདི་ནི་དྲུག་པར་གྱུར་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་ཟག་དེ་ནི་མཆོག་ཏུ་གྱུར་པ་ཞེས་མི་བྱའི། ཤིན་
ཏུ་སྨད་པ་ཞེས་བྱའོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་ཅིང་སྟོན་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟློག་པར་སེམས་ཤིང་། འདི་སྐད་ཅེས་འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པའི་བསྟན་པ་མ་ཡིན། འདི་ནི་དེ་བཞིན་གཤེགས་
པས་གསུངས་པ་མ་ཡིན་གྱིས། ཁྱེད་དང་བདག་ཅག་གིས་དེ་ལ་བསླབ་པར་མི་བྱའོ་ཞེས་ཀྱང་ཟེར་ཞིང་། བདག་ཉིད་ཀྱིས་ཀྱང་སྤོང་བར་བྱེད། སེམས་ཅན་མང་པོ་དག་ཀྱང་དེ་ལས་འབྱེད་པར་བྱེད་དེ། དེ་རང་གི་སེམས་ཀྱི་རྒྱུད་ལ་ཡང་གནོད་པར་བྱེད་དེ། གཞན་གྱི་
སེམས་ཀྱི་རྒྱུད་ལ་ཡང་གནོད་པར་བྱ་བར་སེམས་ཏེ། དེ་རང་གི་སེམས་ཀྱི་རྒྱུད་ཀྱང་དུག་ཅན་དུ་བྱས་ནས། གཞན་གྱི་སེམས་ཀྱི་རྒྱུད་ཀྱང་དུག་ཅན་དུ་བྱ་བར་སེམས་ཏེ། བདག་ཉིད་ཀྱང་མཐོ་རིས་དང་ཐར་པའི་བདེ་བ་ལས་ཉམས་པར་གྱུར་ལ། གཞན་དག་ཀྱང་མཐོ་རིས་
དང་ཐར་པའི་ལམ་དག་ལས་ཉམས་པར་བྱ་བར་སེམས། བདག་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་མི་ཤེས་ཤིང་ཁོང་དུ་མི་ཆུད་དེ། སྤང་བར་བྱ་བར་སེམས་ལ། གཞན་དག་ཀྱང་དེ་བཞིན་དུ་འཛིན་དུ་འཇུག་པར་བྱེད་ན། ཀུན་དགའ་བོ་ང་ནི་གང་
เล่ม ๓๒ · หน้า 289a
ཟག་དེ་ལྟ་བུ་དག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྒྲོགས་པར་ཡང་རྗེས་སུ་ཡི་མི་རང་ཞིང་ང་ནི་དེ་དག་ཐོས་པར་ཡང་མངོན་པར་མི་དགའ་ན་མཐོང་བ་ལྟ་ཅི་སྨོས་ཏེ། ལྷན་ཅིག་གནས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་
བོ་གང་ཟག་དེ་ལྟ་བུ་དག་ནི་དམ་པའི་ཆོས་སུན་པར་བྱེད་པ་ཡིན་ཏེ། ཤིང་རུལ་ལྟ་བུ་དང་། ནག་པོའི་ཕྱོགས་པ་དག་ཡིན་ནོ། །ཀུན་དགའ་བོ་གང་དག་གང་ཟག་དེ་ལྟ་བུ་དག་མཉན་པར་བྱ་བར་སེམས་པ་དེ་དག་ཀྱང་མི་ཚུལ་བའི་ཕོངས་པར་འགྱུར་རོ། །ཀུན་དགའ་བོ་གང་ལ་ལ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུན་པར་བྱེད་པའི་གང་ཟག་དེ་ནི་མཐར་ཐུག་པ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། དམ་པའི་ཆོས་སུན་པར་བྱེད་པའི་སྐྱོན་ཆགས་པ་དེ་ནི་སེམས་ཅན་དམྱལ་བ་པ་དང་། དུད་འགྲོའི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པའི་གང་ཟག་ཡིན་ནོ། །
གསོལ་པ། བཙུན་པ་བཅོམ་ལྡན་འདས་དམ་པའི་ཆོས་སུན་པར་བགྱིད་པའི་གང་ཟག་ངན་སོང་དུ་སྐྱེས་པ་དེའི་ལུས་ཀྱི་ཚད་བཅོམ་ལྡན་འདས་ཀྱིས་བཀའ་མ་སྩལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དམ་པའི་ཆོས་སུན་པར་བྱེད་པའི་
གང་ཟག་ངན་སོང་དུ་སྐྱེས་པ་དེའི་ལུས་ཀྱི་ཚད་བརྗོད་པ་ཞོག་ཤིག །དེ་ཅིའི་ཕྱིར་ཞེ་ན། དམ་པའི་ཆོས་སུན་པར་བྱེད་པའི་གང་ཟག་དེའི་ལུས་ཀྱི་ཚད་ཐོས་ན། ཁ་ནས་ཁྲག་སྐྱུག་པའམ། འཆི་བར་འགྱུར་བའམ། འཆི་བ་ལ་ཐུག་པ་ཙམ་གྱི་སྡུག་བསྔལ་དུ་འགྱུར་ཏེ།
དེ་ཐོས་ནས་མྱ་ངན་གྱི་ཟུག་རྔུ་སྙིང་ལ་ཟུག་པ་དང་། སྐམ་པ་དང་རྙིས་པར་གྱུར་ན་མི་རུང་ཞེས། དམ་པའི་ཆོས་སུན་པར་བྱེད་པའི་གང་ཟག་དེའི་ལུས་ཀྱི་ཚད་འདི་ལྟ་བུར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྐབས་དབྱེ་བ་མ་མཛད་དོ། །དེ་
ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དམ་པའི་ཆོས་སུན་པར་བགྱིད་པ་ངན་སོང་དུ་སྐྱེས་པའི་ལུས་ཅི་འདྲ་བ་ཞིག་ཏུ་འགྱུར་ཞིང་། ལུས་ཅི་འདྲ་བ་ཞིག་ཡོངས་སུ་འཛིན་པར་འགྱུར་ལགས། བཅོམ་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด