འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ད་ཤ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱར་མི་ཏཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓๒ · หน้า 113b
རབ་འབྱོར་མ་ཡིན་ནོ། །སྨྲས་པ། ཀཽ་ཤི་ཀ་དེ་བཞིན་དུ་གོང་མ་བཞིན་དུ་སྦྱར་ཏེ། འདི་ལྟ་སྟེ། མི་འགྲུབ་པ་དང་། ངལ་བའི་སྐལ་བ་ཅན་དུ་འགྱུར་བར་ཟད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་
འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རེ་ཤིག་རྨི་ལམ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། བྲག་ཅ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཆོས་རྣམས་དེ་ལྟར་ཡོངས་སུ་ཤེས་པ་ཡིན། དེ་ཤེས་ནས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད་པ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གཟུགས་སུ་རློམ་སེམས་སུ་མི་བྱེད། གཟུགས་ཀྱིས་རློམ་སེམས་སུ་མི་བྱེད། གཟུགས་ཀྱི་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད་ཅིང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་
རྣམས་དང་། རྣམ་པར་ཤེས་པར་རློམ་སེམས་སུ་མི་བྱེད། རྣམ་པར་ཤེས་པས་རློམ་སེམས་སུ་མི་བྱེད། རྣམ་པར་ཤེས་པའི་རློམ་སེམས་སུ་མི་བྱེད། རྣམ་པར་ཤེས་པ་ལ་རློམ་སེམས་སུ་མི་བྱེད་ལ། དེ་བཞིན་དུ་གོང་མ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་
དུ་རློམ་སེམས་སུ་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་རློམ་སེམས་སུ་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རློམ་སེམས་སུ་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རློམ་སེམས་སུ་མི་བྱེད་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་རྣམས་རྨི་ལམ་ལྟ་བུ་ནས། ཆོས་རྣམས་སྤྲུལ་པ་ལྟ་བུའི་བར་དུ་ཡོངས་སུ་ཤེས་པ་ཡིན་ཏེ། དེ་ཤེས་ནས་རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་གྱི་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་
เล่ม ๓๒ · หน้า 114a
སུ་མི་བྱེད་པ་ནས། སྤྲུལ་པའི་བར་དུ་རློམ་སེམས་སུ་མི་བྱེད། སྤྲུལ་པས་རློམ་སེམས་སུ་མི་བྱེད། སྤྲུལ་པའི་རློམ་སེམས་སུ་མི་བྱེད། སྤྲུལ་པ་ལ་ཡང་རློམ་སེམས་སུ་མི་བྱེད་པ་ཡིན་ནོ། །དེ་ནས་སངས་རྒྱས་ཀྱི་མཐུས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
འདི་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་རྣམས་དང་། ཚངས་འཁོར་རྣམས་
དང་། ཚངས་པ་ཆེན་པོ་རྣམས་དང་། འོད་གསལ་གྱི་ལྷ་རྣམས་ནས། གནས་གཙང་མའི་བར་གྱི་ལྷ་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ལྷའི་མེ་ཏོག་དག་དང་། ལྷའི་ཙན་དན་གྱི་ཕྱེ་མ་དག་དང་། སྤོས་ཀྱི་ཕྱེ་མ་དག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གཏོར་ནས་བཅོམ་
ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེ་ལོགས་སུ་དོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དེ་དག་དང་། གནས་གཙང་མའི་བར་གྱི་ལྷ་དེ་དག་གིས་སངས་རྒྱས་ཀྱི་མཐུས་ཤར་ཕྱོགས་
ན་སངས་རྒྱས་སྟོང་རྣམ་པ་འདི་དག་ཉིད་ཀྱིས་ཆོས་སྟོན་ཅིང་། མིང་འདི་ཞེས་བྱ་བ་འདི་ལྟ་སྟེ། དགེ་སློང་རབ་འབྱོར་ཅེས་བྱ་བ་ཤ་སྟག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡོངས་སུ་ཞུ་བར་བྱེད་ལ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཤ་སྟག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་
ཉིད་ཡོངས་སུ་ཞུ་བར་བྱེད་པ་དག་མཐོང་བར་གྱུར་ཏོ། །དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། འོག་གི་ཕྱོགས་དང་། སྟེང་གི་ཕྱོགས་དང་། དེ་བཞིན་དུ་ཕྱོགས་མཚམས་བཞི་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་སྟོང་སྟོང་མཐོང་
བར་གྱུར་ཏེ། གོང་མ་བཞིན་དུ་སྦྱར་ཏེ། རྒྱ་ཆེར་ཐམས་ཅད་དུ་སྦྱར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
เล่ม ๓๒ · หน้า 114b
མངོན་པར་རྫོགས་པར་སངས་རྒྱས་ནས། ས་ཕྱོགས་འདི་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པར་འགྱུར་རོ། །བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱང་ས་ཕྱོགས་འདི་ཉིད་དུ་འབྱུང་བར་འགྱུར་ཞིང་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པར་འགྱུར་རོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་བཅུ་དགུ་པ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་རྣམ་པ་གང་དག་དང་། རྟགས་
གང་དག་དང་། མཚན་མ་གང་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། གཟུགས་རྟག་ཅེས་བྱ་བ་དང་།
མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་སྟོང་ཞེས་བྱ་བ་དང་། མི་སྟོང་
ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་ཞི་ཞེས་བྱ་བ་དང་། མ་
ཞི་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་ཀུན་ནས་ཉོན་མོངས་ཞེས་བྱ་བ་དང་། རྣམ་པར་བྱང་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་སྐྱེ་ཞེས་བྱ་བ་
เล่ม ๓๒ · หน้า 115a
དང་། འགག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་དངོས་པོ་ཡོད་ཅེས་བྱ་བ་དང་། དངོས་པོ་མེད་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་གཙང་ཞེས་བྱ་བ་དང་། མི་གཙང་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་
བཅིངས་ཞེས་བྱ་བ་དང་། གྲོལ་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་ཇི་ལྟ་བ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བཅིངས་ཞེས་བྱ་བ་དང་། གྲོལ་ཞེས་བྱ་བའི་བར་དུ་ཆོས་སྟོན་པར་མི་འགྱུར་རོ། །གཟུགས་འདས་ཞེས་
བྱ་བ་དང་། མ་འོངས་ཞེས་བྱ་བ་དང་། ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདས་ཞེས་བྱ་བ་དང་། མ་འོངས་ཞེས་བྱ་བ་དང་། ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མི་
འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འདས་ཞེས་བྱ་བ་དང་། མ་འོངས་ཞེས་བྱ་བ་དང་། ད་ལྟར་བྱུང་ཞེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། གཟུགས་ཤིན་ཏུ་རྣམ་པར་དག་ཅེས་བྱ་བ་དང་། ཤིན་ཏུ་རྣམ་པར་མ་དག་
ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་ཅེས་བྱ་བ་དང་། ཤིན་ཏུ་རྣམ་པར་མ་དག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་ཅེས་བྱ་བ་དང་། ཤིན་ཏུ་རྣམ་པར་མ་དག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ནི་ཡོངས་སུ་དག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་
เล่ม ๓๒ · หน้า 115b
ཤེས་པ་ཡོངས་སུ་དག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན། གཟུགས་ཡོངས་སུ་དག་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། དེ་བཞིན་དུ་ཚོར་བ་དང་། འདུ་
ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་
པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་གཟུགས་ཡོངས་སུ་དག་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་
བ་མེད་པའི་ཕྱིར། རྣམ་པར་ཤེས་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ནམ་མཁའ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན། ནམ་མཁའ་ཡོངས་སུ་དག་པའི་
སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར། ནམ་མཁའ་ཡོངས་
སུ་དག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་གཟུགས་གོས་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གོས་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་གོས་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་གཟུང་དུ་མེད་
เล่ม ๓๒ · หน้า 116a
པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །དེ་བཞིན་དུ་ནམ་མཁའ་ལ་ཐ་སྙད་གདགས་སུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར་དཔེར་ན་ནམ་མཁའ་ལ་བྲག་ཅ་གཉིས་ཀྱི་སྒྲ་
གྲག་པ་དེ་བཞིན་དུ། རབ་འབྱོར་ནམ་མཁའ་ལ་ཐ་སྙད་གདགས་སུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་ནམ་མཁའ་དམིགས་སུ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལ་ཅི་ཡང་དམིགས་སུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་
མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་།
ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་།
ཀུན་ཆུབ་པར་བགྱིད་པ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་ལ་ནི། བཙུན་པ་བཅོམ་ལྡན་འདས་མིག་ནད་འབྱུང་བར་མི་འགྱུར། རྣ་བའི་ནད་འབྱུང་བར་མི་འགྱུར། སྣ་ནད་འབྱུང་བར་མི་འགྱུར། ལྕེ་ནད་འབྱུང་བར་མི་འགྱུར། ཡན་ལག་མ་ཚང་བར་མི་
เล่ม ๓๒ · หน้า 116b
འགྱུར། ལུས་ཧ་ཅང་འཁོགས་པར་མི་འགྱུར། གཤིས་ངན་དུ་འགུམ་པར་མི་འགྱུར་ལགས་སོ། །འདི་ལྟ་སྟེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནས། གནས་གཙང་མའི་བར་གྱི་ལྷ་དག་དང་། ལྷ་སྟོང་ཕྲག་མང་པོ་དག་ཀྱང་དེའི་སླད་བཞིན་དུ་འབྲང་བར་འགྱུར་
ལགས་སོ། །ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། ཚེས་བཅྭ་ལྔ་ལ་གང་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཆོས་སྟོན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་བགྱིད་པ་དང་། འཆད་པར་ལྷའི་ཚོགས་མང་པོ་མཆི་བར་འགྱུར་ཞིང་། བསོད་ནམས་དཔག་ཏུ་མ་
མཆིས། གྲངས་མ་མཆིས་ཚད་མ་མཆིས། བསམ་གྱིས་མི་ཁྱབ་གཞལ་དུ་མ་མཆིས་པ་མང་པོ་དག་ཀྱང་བསྐྱེད་པར་འགྱུར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་
དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། ཚེས་བཅྭ་ལྔ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པ་དང་། འཆད་པར་བྱེད་པ་ན་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད། གྲངས་མེད་
ཚད་མེད། བསམ་གྱིས་མི་ཁྱབ་གཞལ་དུ་མེད་པ་མང་པོ་དག་བསྐྱེད་པར་འགྱུར་ཞིང་། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པ་དང་། འཆད་པར་བྱེད་པ་ན་ལྷའི་འཁོར་མདུན་དུ་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་འདི་ནི་རིན་པོ་ཆེ་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལ་རིན་པོ་ཆེ་ནི་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་དམྱལ་བར་འགྲོ་བ་ལས་ཡོངས་སུ་ཐར་བར་བྱེད་པ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མི་དབུལ་པོ་དང་།
གནོད་སྦྱིན་དབུལ་པོ་དང་། ཀླུ་དབུལ་པོ་ལས་ཡོངས་སུ་ཐར་བར་བྱེད་པ་ཡིན་ནོ། །གཞན་ཡང་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྦྱིན་པར་བྱེད་པ་དང་། དེ་བཞིན་དུ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། ཁྱིམ་བདག་གི་རིགས་ཤིང་སཱ་
เล่ม ๓๒ · หน้า 117a
ལ་ཆེན་པོ་ལྟ་བུ་རྣམས་དང་། ཚོང་དཔོན་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སྦྱིན་པར་བྱེད་པ་དང་། དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་སྦྱིན་པར་བྱེད་པ་དང་། དེ་བཞིན་དུ་སྦྱར་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་
རྣམས་ཀྱི་ནང་དུ་སྐྱེ་བ་སྦྱིན་པར་བྱེད་པ་དང་། དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་སྦྱིན་པར་བྱེད་པ་དང་། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་སྦྱིན་པར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་རྒྱ་ཆེར་བསྟན་ཏེ། དེ་ལ་བསླབས་ནས། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་འཇིག་རྟེན་ན་ཡོད་པ་དང་། དེ་བཞིན་
དུ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་། ཚོང་དཔོན་གྱི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་། དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་པ་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་
ཀྱི་བར་དག་འཇིག་རྟེན་ན་ཡོད་པ་དང་། དེ་བཞིན་དུ་ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་པའི་མདུན་ན་འདོན་རྣམས་དང་། ཚངས་འཁོར་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་ཆེན་རྣམས་དང་། འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་།
འོད་གསལ་རྣམས་དང་། དགེ་བ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ལྷ་རྣམས་འཇིག་རྟེན་ན་ཡོད་པ་དང་། དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཡོད་པ་
དང་། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཇིག་རྟེན་ན་ཡོད་པར་འགྱུར་བ་དང་། རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་
เล่ม ๓๒ · หน้า 117b
ཏུ་ཕྱིན་པ་དེ་ལ་ནི་བསམ་གཏན་བཞི་བསྟན་པ་ཡོད་པ་དང་། དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་བསྟན་པ་ཡོད་པ་དང་། དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཡོད་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་
པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཡོད་པས་དེ་བཞིན་དུ་ནང་སྟོང་པ་ཉིད་བསྟན་པ་ཡོད་པ་དང་། ཕྱི་སྟོང་པ་ཉིད་བསྟན་པ་ཡོད་པ་དང་། དེ་བཞིན་དུ་སྦྱར་
ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་བསྟན་པ་ཡོད་པ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྟན་པ་ཡོད་པ་དང་། གོང་མ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསྟན་པ་ཡོད་དེ། དེ་ལ་བསླབས་ནས་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་ན་ཡོད་པའི་ཕྱིར་ཏེ། དེས་ན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ནི་སྐྱེ་བའམ། འགག་པ་
འམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། ཡོངས་སུ་གཟུང་བར་བྱ་བའམ། གཏང་བར་བྱ་བའི་ཆོས་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་
བྱང་བའམ། ཡོངས་སུ་གཟུང་བར་བྱ་བའམ། གཏང་བར་བྱ་བ་དེ་མེད་པའི་ཕྱིར་རོ། །རབ་འབྱོར་རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ནི་དགེ་བའམ། མི་དགེ་བའམ། ལུང་བསྟན་དུ་ཡོད་པའམ། ལུང་བསྟན་དུ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་
ལས་འདས་པའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའམ། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་གང་ཡང་དམིགས་སུ་མེད་དེ། རབ་འབྱོར་རྣམ་གྲངས་དེས་ན། རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དམིགས་སུ་མེད་པ་ཡིན་ནོ། །རབ་འབྱོར་རིན་
เล่ม ๓๒ · หน้า 118a
པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གིས་ཀྱང་གོས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གང་དག་གིས་རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་གོས་པར་འགྱུར་བའི་ཆོས་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དེ་ལྟར་ཡང་ཀུན་ཏུ་མི་འཛིན་ཅིང་། དེ་ལྟར་ཡང་རྣམ་པར་རྟོག་པར་མི་བྱེད་ལ། དེ་ལྟར་ཡང་སྤྲོས་པར་མི་བྱེད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ཏེ། སངས་རྒྱས་བཅོམ་
ལྡན་འདས་རྣམས་ལ་བཀུར་སྟི་དང་། རི་མོ་དང་། མཆོད་པ་བྱེད་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཞིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ན། སེམས་ཅན་འབུམ་དག་ཀྱང་ཡོངས་སུ་སྨིན་པར་བྱེད་ལ། སངས་རྒྱས་
ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་པར་འགྱུར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་སྟོན་པར་བྱེད་པའམ། མི་སྟོན་པར་བྱེད་པའམ། འཛིན་པར་བྱེད་པའམ། སྦྱིན་པར་བྱེད་པའམ། སྐྱེ་བར་བྱེད་པའམ། འགག་པར་བྱེད་པ་
འམ། ཀུན་ནས་ཉོན་མོངས་པར་བྱེད་པའམ། རྣམ་པར་བྱང་བར་བྱེད་པའམ། འགྲིབ་པའམ། འཕེལ་བར་བྱེད་པར་འགྱུར་བ་མ་ཡིན་ནོ། །འདས་པ་ཡང་མ་ཡིན། མ་འོངས་པ་དང་། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་དེ་ནི། འདོད་པའི་ཁམས་ནས་འགྲོ་བར་བྱེད་པ་མ་ཡིན། འདོད་པའི་ཁམས་སུ་འཇོག་པར་བྱེད་པ་མ་ཡིན་ནོ། །གཟུགས་ཀྱི་ཁམས་ནས་འགྲོ་བར་བྱེད་པ་མ་ཡིན། གཟུགས་ཀྱི་ཁམས་སུ་འཇོག་པར་བྱེད་པ་མ་ཡིན་ནོ། །གཟུགས་མེད་པའི་ཁམས་ནས་
འགྲོ་བར་བྱེད་པ་མ་ཡིན། གཟུགས་མེད་པའི་ཁམས་སུ་འཇོག་པར་བྱེད་པ་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན།
เล่ม ๓๒ · หน้า 118b
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན་ནོ། །
ནང་སྟོང་པ་ཉིད་སྦྱིན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན་ནོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྦྱིན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན། རྒྱུན་དུ་ཞུགས་པའི་འབྲས་བུ་སྦྱིན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན་ནོ། །
དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་སྦྱིན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན། རང་བྱང་ཆུབ་སྦྱིན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་
སྦྱིན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྦྱིན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སྦྱིན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་
མ་ཡིན་ནོ། །རྒྱུན་དུ་ཞུགས་པའི་ཆོས་རྣམས་སྦྱིན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན་ནོ། །དགྲ་བཅོམ་པའི་བར་གྱི་ཆོས་རྣམས་སྦྱིན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ཆོས་རྣམས་སྦྱིན་པར་བྱེད་པ་མ་ཡིན།
འདོར་བར་བྱེད་པ་མ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་སྦྱིན་པར་བྱེད་པ་མ་ཡིན། འདོར་བར་བྱེད་པ་མ་ཡིན་ནོ། །རབ་འབྱོར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདུས་བྱས་ཀྱི་ཁམས་འདོར་བར་བྱེད་པ་མ་ཡིན། འདུས་མ་བྱས་
ཀྱི་ཁམས་སྦྱིན་པར་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་གནས་པ་ཉིད་དང་། ཆོས་ཀྱི་དབྱིངས་ནི་གནས་པ་ཉིད་ཡིན་པའི་ཕྱིར་རོ། །
เล่ม ๓๒ · หน้า 119a
ཡང་ཆོས་ཀྱི་དབྱིངས་དེ་ནི་བརྗེད་ངས་པ་མེད་པ་དང་། ཡོངས་སུ་མི་ཉམས་པར་འགྱུར་བར་བྱེད་པ་ཡིན་ནོ། །དེ་ནས་ལྷའི་བུ་སྟོང་ཕྲག་མང་པོ་དག་ནམ་མཁའི་དཀྱིལ་ན་འཁོད་ཅིང་གཞའི་སྒྲ་རིང་ཞེས་བཏོན་ནས། ལྷའི་མེ་ཏོག་ཨུད་པ་ལ་དང་། པད་
མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གཏོར་ཏེ། ཚིག་འདི་སྐད་ཅེས་ཨ་ལ་ལ་འཛམ་བུ་གླིང་དུ་ཆོས་ཀྱི་འཁོར་ལོ་ལན་གཉིས་པ་བསྐོར་བ་མཐོང་ངོ་ཞེས་འཛེར་ཏོ། །དེར་ལྷའི་བུ་སྟོང་ཕྲག་དུ་མ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་
ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་དང་པོ་མ་ཡིན་ནོ། །གཉིས་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་
ཆོས་གང་ཡང་བསྐོར་བར་བྱ་བའི་ཕྱིར་རམ། ལྡོག་པར་བྱ་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་
གང་ཡང་བསྐོར་བར་བགྱི་བའམ། ལྡོག་པར་བགྱི་བའི་སླད་དུ་ཉེ་བར་གནས་པ་མ་ལགས་པའི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པས་སྟོང་ངོ་། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་། དེ་བཞིན་དུ་ནང་སྟོང་པ་ཉིད་ནི། ནང་སྟོང་པ་ཉིད་ཀྱིས་སྟོང་། ཕྱི་སྟོང་པ་ཉིད་ནི་ཕྱི་སྟོང་པ་ཉིད་ཀྱིས་སྟོང་། ཕྱི་ནང་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་།
དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་། དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པས་
เล่ม ๓๒ · หน้า 119b
སྟོང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུས་སྟོང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱིས་སྟོང་། སོ་སོའི་སྐྱེ་བོ་ནི་སོ་སོའི་སྐྱེ་བོས་སྟོང་། རྒྱུན་དུ་
ཞུགས་པའི་འབྲས་བུ་ནི། རྒྱུན་དུ་ཞུགས་པའི་འབྲས་བུས་སྟོང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུས་སྟོང་། ཕྱིར་མི་འོང་བའི་འབྲས་བུ་ནི། ཕྱིར་མི་འོང་བའི་འབྲས་བུས་སྟོང་། དགྲ་བཅོམ་པ་ཉིད་ནི་དགྲ་བཅོམ་པ་ཉིད་
ཀྱིས་སྟོང་། རང་བྱང་ཆུབ་ནི་རང་བྱང་ཆུབ་ཀྱིས་སྟོང་། བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ནི། བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་སྟོང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་
ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལགས་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ཡང་ཆོས་ཐམས་ཅད་ཀྱིས་
སྟོང་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་། ཆོས་ཀྱི་འཁོར་ལོ་སྐོར་བར་བགྱིད་ཀྱང་སྐོར་བར་བགྱིད་པའམ།
ལྡོག་པར་བགྱིད་པའི་ཆོས་གང་ཡང་མ་མཆིས་ཏེ། ཆོས་གང་གིས་ཀྱང་ཆོས་གང་ཡང་ཡང་དག་པར་རྗེས་སུ་མཐོང་བའམ། སྐོར་བར་བགྱིད་པ་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སྟོང་པ་ཉིད་ལ་ཆོས་གང་ཡང་སྐོར་བར་བགྱིད་པའམ། ལྡོག་
པར་བགྱིད་པའི་ཆོས་ནི་འགའ་ཡང་དམིགས་སུ་མ་མཆིས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཆོས་ཐམས་ཅད་གཏན་མངོན་པར་མ་གྲུབ་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སྟོང་པ་ཉིད་ནི་ཆོས་གང་ཡང་སྐོར་བར་བགྱིད་པའམ། ལྡོག་པར་བགྱིད་
เล่ม ๓๒ · หน้า 120a
པ་མ་ལགས། མཚན་མ་མ་མཆིས་པ་ནི་ཆོས་གང་ཡང་སྐོར་བར་བགྱིད་པའམ། ལྡོག་པར་བགྱིད་པ་མ་ལགས། སྨོན་པ་མ་མཆིས་པ་ནི་ཆོས་གང་ཡང་སྐོར་བར་བགྱིད་པའམ། ལྡོག་པར་བགྱིད་པ་མ་ལགས་པའི་སླད་དུ་སྟེ། གང་དེ་ལྟར་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་རྗོད་པ་དང་། འཆད་པ་དང་། འདོགས་པ་དང་། འཇོག་པ་དང་། རྣམ་པར་འབྱེད་པ་དང་། རྣམ་པར་འགྲེལ་པ་དང་། གསལ་བར་བགྱིད་པ་དང་། འཇུག་པར་བགྱིད་པ་དང་། འཆད་པར་བགྱིད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ཡོངས་སུ་
དག་པ་ལགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་འདི་ནི་སུས་ཀྱང་བཤད་པ་མ་མཆིས་ལ་བསྟན་པ་ཡང་མ་མཆིས་ཏེ། སུས་ཀྱང་དྲིས་པ་ཡང་མ་མཆིས། སུས་ཀྱང་མངོན་སུམ་དུ་བགྱིད་པ་ཡང་མ་མཆིས་ལགས་སོ། །དེ་ལ་ནི་གང་ཡང་མྱ་ངན་ལས་འདས་པ་མ་
མཆིས་ཏེ། ཆོས་བསྟན་པ་འདི་ལ་ནི་ཡོན་གནས་སུ་བགྱི་བ་གང་ཡང་མ་མཆིས་ལགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། བྱེད་པ་པོ་དང་། བྱེད་པ་པོ་མེད་པའི་ལེའུ་ཞེས་བྱ་སྟེ། བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་
པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའ་མཐའ་ཡས་པ་ཉིད་ཀྱི་ཕྱིར་རོ། །བཙུན་
པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཉམ་པ་ཉིད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་དབེན་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྫི་བ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་
เล่ม ๓๒ · หน้า 120b
རོལ་ཏུ་ཕྱིན་པ་འདི་ནི་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིང་མེད་པ་དང་། ལུས་མེད་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ནམ་མཁའ་ལྟ་བུ་ལགས་སོ། །བཀའ་སྩལ་པ། དབུགས་དབྱུང་བ་དང་།
རྔུབ་པ་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་བརྗོད་དུ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། རྟོག་པ་དང་། དཔྱོད་པ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིང་མ་
མཆིས་པ་ལགས་སོ། །བཀའ་སྩལ་པ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཕུང་པོ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཆི་བ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ།
ཆོས་ཐམས་ཅད་ནི་འོང་བ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་འཕྲོགས་པ་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་ནི་གཟུང་དུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་བས་པ་ལགས་སོ། །
བཀའ་སྩལ་པ། ཆོས་ཐམས་ཅད་གཏན་ཟད་ཅིང་བྱང་བའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྐྱེ་བ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་འགག་པ་མེད་པ་དང་། སྐྱེ་བ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་
ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱེད་པ་པོ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཤེས་པ་པོ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་བེམས་པོ་ཉིད་ཡིན་པའི་
ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་འཕོ་བ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། འཆི་འཕོ་བ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་འཇིག་པ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ།
เล่ม ๓๒ · หน้า 121a
ཆོས་ཐམས་ཅད་འཇིག་པ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྨི་ལམ་ལྟ་བུ་ལགས་སོ། །བཀའ་སྩལ་པ། རྨི་ལམ་མཐོང་བ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་
ནི་བྲག་ཅ་ལྟ་བུ་ལགས་སོ། །བཀའ་སྩལ་པ། སྒྲ་དང་རྣ་བ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིག་ཡོར་ལྟ་བུ་ལགས་སོ། །བཀའ་སྩལ་པ། མེ་ལོང་དང་བཞིན་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་
ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྨིག་རྒྱུ་ལྟ་བུ་ལགས་སོ། །བཀའ་སྩལ་པ། ཆུ་འབབ་པ་དམིགས་སུ་མེད་པའི་ཕྱིར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྒྱུ་མ་ལྟ་བུ་ལགས་སོ། །བཀའ་སྩལ་པ། དངོས་པོ་མེད་པ་དམིགས་སུ་
མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཉོན་མོངས་པ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་བྱང་བ་མ་
མཆིས་པ་ལགས་སོ། །བཀའ་སྩལ་པ། ཉོན་མོངས་པ་ཐམས་ཅད་མེད་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་གོས་པ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། གོས་པ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་
འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྤྲོས་པ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། སྤྲོས་པ་ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་རློམ་སེམས་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། རློམ་སེམས་
ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཡོ་བ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདོད་ཆགས་དང་བྲལ་
เล่ม ๓๒ · หน้า 121b
བ་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཀུན་ནས་ལྡང་བ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །བཙུན་པ་
བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞི་བ་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་ཀྱི་མཚན་མ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདོད་ཆགས་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། འདོད་ཆགས་དམིགས་སུ་
མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཞེ་སྡང་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཞེ་སྡང་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཏི་མུག་མ་མཆིས་པ་ལགས་སོ། །བཀའ་སྩལ་
པ། མི་ཤེས་པའི་མུན་པ་ཐམས་ཅད་རྣམ་པར་སེལ་བའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཉོན་མོངས་པ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཀུན་ཏུ་རྟོག་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་
པ་འདི་ནི་སེམས་ཅན་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། སེམས་ཅན་ཡོད་པ་མ་ཡིན་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྤང་དུ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་ཀུན་ནས་ལྡང་བ་མེད་པའི་ཕྱིར་
རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་གཉིས་དམིགས་སུ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། མཐའ་གཉིས་རྣམ་པར་སྤངས་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཐ་མི་དད་པ་ལགས་སོ། །བཀའ་སྩལ་
པ། ཆོས་ཐམས་ཅད་འབྲེལ་བ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ནག་ནོག་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་རོ། །བཙུན་པ་
เล่ม ๓๒ · หน้า 122a
བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་མི་རྟོག་པ་ལགས་སོ། །བཀའ་སྩལ་པ། རྣམ་པར་རྟོག་པ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མ་མཆིས་པ་ལགས་སོ། །བཀའ་
སྩལ་པ། ཆོས་ཐམས་ཅད་ཀྱི་ཚད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆགས་པ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་ཆགས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་
ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་རྟག་པ་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་འཇིག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྡུག་བསྔལ་བ་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་སྐྱོ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །
བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོང་པ་ཉིད་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་
ཅད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཚན་ཉིད་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་ལྡོག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ནང་སྟོང་པ་ཉིད་
ལགས་སོ། །བཀའ་སྩལ་པ། ནང་གི་ཆོས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕྱི་སྟོང་པ་ཉིད་ལགས་སོ། །བཀའ་སྩལ་པ། ཕྱིའི་ཆོས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་
ཏུ་ཕྱིན་པ་འདི་ནི་ཕྱི་ནང་སྟོང་པ་ཉིད་ལགས་སོ། །བཀའ་སྩལ་པ། ཕྱི་ནང་གི་ཆོས་རྣམས་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ལགས་སོ། །བཀའ་སྩལ་པ། སྟོང་པ་ཉིད་སྟོང་པ་ཉིད་དམིགས་
เล่ม ๓๒ · หน้า 122b
སུ་མེད་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་པོ་སྟོང་པ་ཉིད་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོན་དམ་པ་སྟོང་པ་ཉིད་
ལགས་སོ། །བཀའ་སྩལ་པ། དོན་དམ་པ་སྟོང་པ་ཉིད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདུས་བྱས་སྟོང་པ་ཉིད་ལགས་སོ། །བཀའ་སྩལ་པ། འདུས་བྱས་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་
པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདུས་མ་བྱས་སྟོང་པ་ཉིད་ལགས་སོ། །བཀའ་སྩལ་པ། འདུས་མ་བྱས་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ལགས་སོ། །
བཀའ་སྩལ་པ། མཐའ་ལས་འདས་པ་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལགས་སོ། །བཀའ་སྩལ་པ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་
པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་དོར་བ་མ་མཆིས་པ་སྟོང་པ་ཉིད་ལགས་སོ། །བཀའ་སྩལ་པ། དོར་བ་མེད་པ་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་རང་བཞིན་སྟོང་པ་ཉིད་ལགས་
སོ། །བཀའ་སྩལ་པ། འདུས་མ་བྱས་ཀྱི་ཆོས་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ལགས་སོ། །བཀའ་སྩལ་པ། ནང་དང་ཕྱིའི་ཆོས་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་
ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ལགས་སོ། །བཀའ་སྩལ་པ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཆོས་རྣམས་དབེན་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལགས་སོ། །
เล่ม ๓๒ · หน้า 123a
བཀའ་སྩལ་པ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་དྲན་པ་ཉེ་བར་གཞག་པ་ལགས་སོ། །བཀའ་སྩལ་པ། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་
དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡང་དག་པའི་སྤོང་བ་ལགས་སོ། །བཀའ་སྩལ་པ། དགེ་བ་དང་མི་དགེ་བའི་ཆོས་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྫུ་འཕྲུལ་
གྱི་རྐང་པ་ལགས་སོ། །བཀའ་སྩལ་པ། རྫུ་འཕྲུལ་གྱི་རྐང་པ་བཞི་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་དབང་པོ་ལགས་སོ། །བཀའ་སྩལ་པ། དབང་པོ་ལྔ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་
ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོབས་ལགས་སོ། །བཀའ་སྩལ་པ། སྟོབས་ལྔ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་ཀྱི་ཡན་ལག་ལགས་སོ། །བཀའ་སྩལ་པ། བྱང་ཆུབ་ཀྱི་ཡན་ལག་བདུན་
དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་འཕགས་པའི་ལམ་ལགས་སོ། །བཀའ་སྩལ་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་
ནི་སྟོང་པ་ལགས་སོ། །བཀའ་སྩལ་པ། སྟོང་པའི་རྣམ་པ་དང་། དབེན་པའི་རྣམ་པ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཚན་མ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། ཞི་བའི་རྣམ་པ་ཉིད་ཡིན་པའི་ཕྱིར་
རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྨོན་པ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། སྨོན་ལམ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྣམ་པར་ཐར་པ་ལགས་སོ། །བཀའ་སྩལ་པ། རྣམ་
เล่ม ๓๒ · หน้า 123b
པར་ཐར་པ་བརྒྱད་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྙོམས་པར་འཇུག་པ་ལགས་སོ། །བཀའ་སྩལ་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་
ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྦྱིན་པ་ལགས་སོ། །བཀའ་སྩལ་པ། སེར་སྣ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚུལ་ཁྲིམས་ལགས་སོ། །བཀའ་སྩལ་པ། འཆལ་པའི་ཚུལ་ཁྲིམས་དམིགས་སུ་མེད་
པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་བཟོད་པ་ལགས་སོ། །བཀའ་སྩལ་པ། གནོད་སེམས་དང་། བཟོད་པ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་བརྩོན་འགྲུས་ལགས་སོ། །བཀའ་
སྩལ་པ། ལེ་ལོ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་བསམ་གཏན་ལགས་སོ། །བཀའ་སྩལ་པ། རྣམ་པར་གཡེངས་པའི་སེམས་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་
ནི་ཤེས་རབ་ལགས་སོ། །བཀའ་སྩལ་པ། འཆལ་པའི་ཤེས་རབ་དམིགས་སུ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོབས་བཅུ་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་ཀྱིས་མི་བརྫི་བའི་ཕྱིར་རོ། །བཙུན་པ་བཅོམ་
ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་འཇིགས་པ་བཞི་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་ཀྱིས་བརྫི་བ་མེད་པའི་ཕྱིར་དང་། ལམ་གྱི་རྣམ་པ་ཤེས་པ་དེ་ལ་ཞུམ་པ་མེད་པ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་སོ་སོ་ཡང་
དག་པར་རིག་པ་ལགས་སོ། །བཀའ་སྩལ་པ། ཤེས་པ་ཐམས་ཅད་ལ་ཆགས་པ་མེད་ཅིང་ཐོགས་པ་མེད་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྙིང་རྗེ་ཆེན་པོ་ལགས་སོ། །བཀའ་སྩལ་པ། སེམས་ཅན་ཐམས་ཅད་ཡོངས་སུ་མ་
เล่ม ๓๒ · หน้า 124a
བཏང་བ་ཉིད་ཀྱི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལགས་སོ། །བཀའ་སྩལ་པ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་
རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་བཞིན་གཤེགས་པ་ལགས་སོ། །བཀའ་སྩལ་པ། སྐད་ཐམས་ཅད་དུ་དེ་བཞིན་དུ་གསུང་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་རང་བྱུང་ལགས་སོ། །
བཀའ་སྩལ་པ། ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཕྱིར་རོ། །བཙུན་པ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་
པའི་ཕྱིར་རོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འདོད་པ་ན་སྤྱོད་པའི་ལྷ་རྣམས་དང་གཟུགས་ན་སྤྱོད་པའི་ལྷ་གང་དག་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལྷའི་མེ་ཏོག་དང་། སྤོས་དང་། རྒྱ་སྤོས་དང་། སྤྲི་ཀ་དང་། ཨ་ཀ་རུ་ནག་པོའི་ཕྱེ་
མ་དག་འཐོར་ཞིང་། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་
ལྷ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ལགས་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་མཚན་ཉིད་ཇི་ལྟ་བུ་ལགས། དེ་སྐད་ཅེས་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་ནོ། །ལྷ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་མཚན་མ་མེད་པའི་མཚན་ཉིད་དང་། སྨོན་
เล่ม ๓๒ · หน้า 124b
པ་མེད་པའི་མཚན་ཉིད་ཡིན་ནོ། །ལྷ་དག་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་དང་། སྐྱེ་བ་མེད་པའི་མཚན་ཉིད་དང་། འགག་པ་མེད་པའི་མཚན་ཉིད་དང་། ཀུན་ནས་ཉོན་མོངས་པ་མེད་པའི་མཚན་ཉིད་དང་།
རྣམ་པར་བྱང་བ་མེད་པའི་མཚན་ཉིད་དང་། དངོས་པོ་མེད་པའི་མཚན་ཉིད་ཡིན་ནོ། །ལྷ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་མཚན་ཉིད་དེ་ལྟ་བུ་ཡིན་ཡང་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་དོན་དུ་མིང་དང་། བརྡ་དང་། གདགས་པ་དང་། ཐ་སྙད་ཀྱིས་
ཐ་སྙད་དུ་འདོགས་པར་མཛད་དེ། ལྷ་དག་དེ་དག་དོན་དམ་པར་ནི་མ་ཡིན་ཏེ། ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་དཀྲུག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་དེའི་མཚན་ཉིད་
ཁོ་ན་ཡིན་པའི་ཕྱིར་རོ། །ལྷ་དག་དེ་བཞིན་དུ་མཚན་ཉིད་ཀྱིས་མཚན་ཉིད་རབ་ཏུ་མི་ཤེས། མཚན་ཉིད་ཀྱིས་མཚན་ཉིད་མེད་པ་ཡང་རབ་ཏུ་མི་ཤེས། མཚན་ཉིད་མེད་པས་མཚན་ཉིད་རབ་ཏུ་མི་ཤེས། མཚན་ཉིད་མེད་པས་མཚན་ཉིད་མེད་པ་ཡང་རབ་ཏུ་མི་ཤེས་ཏེ།
ལྷ་དག་དེ་ལྟར་ན་མཚན་ཉིད་དང་། མཚན་ཉིད་མེད་པ་དང་། མཚན་ཉིད་ཀྱི་མཚན་ཉིད་དང་། དེ་དག་གཉི་ག་གང་གིས་ཤེས་པར་འགྱུར་བ་དང་། གང་ཤེས་པར་འགྱུར་བ་མི་སྲིད་པའི་ཕྱིར་རོ། །ལྷ་དག་མཚན་ཉིད་དེ་དག་ནི་གཟུགས་ཀྱིས་མངོན་པར་འདུས་བྱས་པ་མ་
ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ཀྱིས་མངོན་པར་འདུས་བྱས་པ་མ་ཡིན། རྣམ་པར་ཤེས་པས་མངོན་པར་འདུས་བྱས་པ་མ་ཡིན། ནང་སྟོང་པ་ཉིད་ཀྱིས་མངོན་པར་འདུས་བྱས་པ་མ་ཡིན། ཕྱི་སྟོང་པ་ཉིད་ཀྱིས་མངོན་པར་འདུས་བྱས་པ་མ་ཡིན། ཕྱི་
ནང་སྟོང་པ་ཉིད་ཀྱིས་མངོན་པར་འདུས་བྱས་པ་མ་ཡིན། དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་མངོན་པར་འདུས་བྱས་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་ནས། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་
เล่ม ๓๒ · หน้า 125a
མངོན་པར་འདུས་བྱས་པ་མ་ཡིན་ནོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་མི་རྣམས་སམ། མི་མ་ཡིན་པ་རྣམས་སམ། ཟག་པ་དང་བཅས་པ་རྣམས་སམ། ཟག་པ་མེད་པ་རྣམས་སམ། འཇིག་རྟེན་པ་རྣམས་སམ། འཇིག་རྟེན་ལས་འདས་
པ་རྣམས་སམ། འདུས་བྱས་རྣམས་སམ། འདུས་མ་བྱས་རྣམས་ཀྱང་མ་ཡིན་ནོ། །ཡང་ལྷ་དག་གང་ལ་ལ་ཞིག་འདི་སྐད་དུ་ནམ་མཁའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེས་ཟེར་ན། ཅི་ཁྱེད་དེ་ལ་ཡང་དག་པར་སྨྲ་བས་ཡང་དག་པར་སྨྲ་སྙམ་འམ། གསོལ་པ།
བཅོམ་ལྡན་འདས་ནམ་མཁའི་མཚན་ཉིད་ལགས་སོ་ཞེས་ཡང་དག་པར་མི་སྨྲ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་ནམ་མཁའ་ནི་འདུས་མ་བགྱིས་ལགས་པའི་སླད་དུ་མཚན་ཉིད་གང་དང་ཡང་ལྡན་པ་ཡང་མ་ལགས། མི་ལྡན་པ་ཡང་མ་ལགས་
ཏེ། མ་མཆིས་ཤིང་དམིགས་སུ་མ་མཆིས་པའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷ་དག་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་
རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཀྱི་མཚན་ཉིད་ཀྱི་དབྱིངས་ནི་གནས་པ་ཉིད་ཡིན་ཏེ། དེ་ཡང་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པས་དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་
སྐད་ཅེས་བཀའ་སྩལ་པ་དང་། ལྷ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མཚན་ཉིད་གང་དག་མངོན་པར་རྫོགས་པར་སངས་རྒྱས་པས། ཆོས་རྣམས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ཆགས་པ་མ་མཆིས་པ་
གཟིགས་པ་འཇུག་པ་དང་། དེ་བཞིན་གཤེགས་པས་མཚན་ཉིད་གང་ལ་གནས་ནས། ཆགས་པ་ཐམས་ཅད་ལས་འདས་པའི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མངོན་པར་རྫོགས་པར་སངས་རྒྱས་ཤིང་། དེ་བཞིན་གཤེགས་པས་མངོན་པར་རྫོགས་
เล่ม ๓๒ · หน้า 125b
པར་སངས་རྒྱས་པའི་མཚན་ཉིད་འདི་དག་ནི་ཟབ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། གང་ལ་སྤྱད་པས་དེ་བཞིན་གཤེགས་པ་སྔོན་གྱི་སྐུ་ཚེ་རབས་དག་ཏུ་བྱང་ཆུབ་སེམས་དཔར་གྱུར་པས་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལྔ་བརྙེས་ཤིང་། སྐུ་ཚེ་
འདི་ལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་མཚན་ཉིད་ཐམས་ཅད་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ངོ་མཚར་ལགས་སོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་ཐུགས་སུ་ཆུད་པ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མཚན་ཉིད་
ཐུགས་སུ་ཆུད་པ་དང་། དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཐུགས་སུ་ཆུད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཐུགས་སུ་ཆུད་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་མཚན་ཉིད་ཐུགས་སུ་ཆུད་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་དེ་དག་ལ་འདི་སྐད་
ཅེས་བཀའ་སྩལ་ཏོ། །ལྷ་དག་གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བ་སྟེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་བཞིན་དུ་ཚོར་བ་ནི་མྱོང་བའི་མཚན་ཉིད། འདུ་ཤེས་ནི་འཛིན་པའི་མཚན་ཉིད། འདུ་བྱེད་
རྣམས་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད། རྣམ་པར་ཤེས་པ་ནི་སོ་སོར་རྣམ་པར་རིག་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གཏོང་བའི་མཚན་ཉིད་དེ།
เล่ม ๓๒ · หน้า 126a
དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གདུང་བ་མེད་པའི་མཚན་ཉིད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཁྲུག་པ་མེད་པའི་མཚན་ཉིད། བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྫི་བ་མེད་པའི་མཚན་ཉིད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་གཡེང་བའི་མཚན་ཉིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་
མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །བསམ་གཏན་བཞི་དང་། དེ་བཞིན་དུ་ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ནི་ཉེ་བར་ཞི་བའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་
པར་རྫོགས་པར་སངས་རྒྱས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་ངེས་པར་འབྱིན་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་རྣམ་པར་
གྲོལ་བའི་མཚན་ཉིད། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་འཛིན་པ་མེད་པའི་མཚན་ཉིད། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ནི་དོན་དུ་གཉེར་བ་མེད་པའི་མཚན་ཉིད། བཏང་སྙོམས་ནི་འདུ་བྱེད་པ་མེད་པའི་མཚན་ཉིད། རྣམ་པར་ཐར་པ་བརྒྱད་ནི་མི་
འཕྲོགས་པའི་མཚན་ཉིད། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཐུབ་པ་མེད་པའི་མཚན་ཉིད། མི་འཇིགས་པ་བཞི་ནི་ཞུམ་པ་མེད་པའི་མཚན་ཉིད། སྙིང་རྗེ་ཆེན་པོ་ནི་སྙིང་བརྩེ་བའི་མཚན་ཉིད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ནི་ཟིལ་གྱིས་མི་ནོན་
པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་ལ་སྒྲིབ་པ་མེད་པའི་མཚན་ཉིད་དེ། དེ་བཞིན་གཤེགས་པས་མཚན་ཉིད་མེད་
เล่ม ๓๒ · หน้า 126b
པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ལྷ་དག་དེ་ལྟར་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པས་དེས་ན་དེ་བཞིན་གཤེགས་པ་ཡེ་ཤེས་ཆགས་པ་མེད་པར་གཟིགས་པ་ཞེས་བྱའོ།། །།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་ཉི་ཤུ་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
རྣམས་སྐྱེད་པ་དང་། སྟོན་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཉེ་བར་བརྟེན་ནས་གནས་སོ། །ཉེ་བར་བརྟེན་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་དེ་ལ་བཀུར་སྟིར་མཛད། བླ་མར་མཛད། རི་མོར་
མཛད། མཆོད་པར་མཛད་དེ། རབ་འབྱོར་དེ་ལྟར་ན་དམ་པའི་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་དེ་བཞིན་གཤེགས་པ་བཀུར་སྟིར་མཛད། བླ་མར་མཛད། རི་མོར་མཛད། མཆོད་པར་མཛད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་འབྱུང་ལ། དེ་བཞིན་གཤེགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་ཡིན་པའི་ཕྱིར་རོ། །རབ་འབྱོར་
གང་ཞིག་དེ་བཞིན་གཤེགས་པ་ནི་བྱས་པ་གཟོ་བ་དང་། བྱས་པ་ཚོར་བའོ་ཞེས་ཡང་དག་པར་སྨྲ་བས་སྨྲས་ན། དེ་ནི་བྱས་པ་གཟོ་བ་དང་། བྱས་པ་ཚོར་བར་ཡང་དག་པར་སྨྲ་བས་སྨྲས་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་བྱས་པ་གཟོ་བ་དང་།
བྱས་པ་ཚོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་ཐེག་པ་གང་གིས་བྱོན་པ་དང་། དེ་བཞིན་གཤེགས་པ་ལམ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཐེག་པ་དེ་དང་། ལམ་དེ་ལ་དེ་བཞིན་གཤེགས་
เล่ม ๓๒ · หน้า 127a
པ་རྒྱུན་ཁོ་ནར་བཀུར་སྟིར་མཛད། བླ་མར་མཛད། རི་མོར་མཛད། མཆོད་པ་མཛད་ཅིང་། དེ་བཞིན་དུ་རྗེས་སུ་འཛིན་ཅིང་། རྗེས་སུ་སྐོར་བར་མཛད་པ་སྟེ། རབ་འབྱོར་དེ་ནི་དེ་བཞིན་གཤེགས་པའི་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་ཡིན་པར་
བལྟ་བར་བྱའོ། །རབ་འབྱོར་གཞན་ཡང་བྱེད་པ་པོ་མེད་པའི་ཕྱིར་དེ་བཞིན་གཤེགས་པས་དམ་པའི་ཆོས་བྱས་པ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་བཞིན་དུ་ལུས་མེད་པའི་ཕྱིར་ཆོས་ཐམས་ཅད་བྱས་པ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ།
རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས། མངོན་པར་རྫོགས་པར་སངས་རྒྱས་པ་འདི་ཡང་དེ་བཞིན་གཤེགས་པའི་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས། དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ལ་བྱས་པ་མེད་པར་མཁྱེན་པ་འཇུག་ཅིང་རང་བཞིན་དང་བརྡས་ནི་མ་ཡིན་ཏེ། རབ་འབྱོར་རྣམ་གྲངས་དེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་སྐྱེད་པ་
དང་། འཇིག་རྟེན་རྣམས་སྟོན་པར་བྱེད་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་འདི་སྐད་དུ་ཆོས་ཐམས་ཅད་ནི་ཤེས་པ་
མེད་པ་དང་། མིག་མེད་པའོ། །ཞེས་བཀའ་སྩལ་ལགས་ན། འོ་ན་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་རྣམས་སྐྱེད་པ་དང་། འཇིག་རྟེན་རྣམས་སྟོན་པར་བགྱིད་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་
པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ཤེས་པ་མེད་པ་དང་། མིག་མེད་པའོ། །ཞེས་ཇི་སྐད་སྨྲས་པ་བཞིན་ནོ། །རབ་འབྱོར་ཇི་ལྟར་ན་ཆོས་ཐམས་ཅད་ཤེས་པ་མེད་པ་དང་། མིག་མེད་པ་ཡིན་ཞེ་ན། རབ་འབྱོར་
เล่ม ๓๒ · หน้า 127b
ཆོས་ཐམས་ཅད་ནི་རྟེན་པ་མེད་ཅིང་ཁོངས་སུ་གཏོགས་པ་མ་ཡིན་ནོ། །རབ་འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ཤེས་པ་མེད་པ་དང་། མིག་མེད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་རྣམས་སྐྱེད་པ་དང་། འཇིག་
རྟེན་རྣམས་སྟོན་པར་བྱེད་པ་ཡིན་ནོ། །དེ་ཡང་གཟུགས་མ་མཐོང་བའི་ཕྱིར་སྟོན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མ་མཐོང་བའི་ཕྱིར་སྟོན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་
གོང་མ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་མཐོང་བའི་ཕྱིར་སྟོན་པར་བྱེད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་རྣམས་སྐྱེད་པ་དང་། འཇིག་རྟེན་རྣམས་སྟོན་པར་བྱེད་པ་ཡིན་ནོ། །གསོལ་པ། བཙུན་པ་
བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་མ་མཐོང་བའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པར་བགྱིད་པ་ལགས། དེ་བཞིན་དུ་ཇི་ལྟར་ན་ཚོར་བ་དང་། ཇི་ལྟར་ན་འདུ་ཤེས་དང་། ཇི་ལྟར་ན་འདུ་བྱེད་རྣམས་དང་། ཇི་ལྟར་ན་རྣམ་པར་ཤེས་པ་མ་མཐོང་བའི་སླད་
དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པར་བགྱིད་པ་ལགས། དེ་བཞིན་དུ་གོང་མ་བཞིན་དུ་སྦྱར་ཏེ། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་མཐོང་བའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པར་བགྱིད་པ་ལགས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་གཟུགས་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་ན། དེ་ལྟར་ན་གཟུགས་མ་མཐོང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་འདི་ལྟར་ཚོར་བ་ལ་དམིགས་པ་དང་། འདུ་
ཤེས་ལ་དམིགས་པ་དང་། འདུ་བྱེད་རྣམས་ལ་དམིགས་པ་དང་། རྣམ་པར་ཤེས་པ་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་ན། དེ་ལྟར་ན་རྣམ་པར་ཤེས་པ་མ་མཐོང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གོང་མ་བཞིན་དུ་
เล่ม ๓๒ · หน้า 128a
སྦྱར་ཏེ། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་ན། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་མཐོང་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པར་བྱེད་པ་ཡིན་ཏེ། རབ་
འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་བཞིན་གཤེགས་པ་རྣམས་སྐྱེད་པ་དང་། འཇིག་རྟེན་རྣམས་སྟོན་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཇིག་རྟེན་རྣམས་ལ་ཕུང་པོ་ལྔ་པོ་སྟོང་ངོ་ཞེས་རྗོད་པར་བྱེད་དོ། །
དེ་བཞིན་དུ་འཇིག་རྟེན་རྣམས་ལ་སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་སྟོང་ངོ་ཞེས་རྗོད་དོ། །དེ་བཞིན་དུ་འཇིག་རྟེན་རྣམས་ལ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་བཞི་སྟོང་ངོ་ཞེས་རྗོད་དོ། །དེ་བཞིན་དུ་འཇིག་རྟེན་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་དང་། ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ཀྱི་རྩ་བ་འཇིག་ཚོགས་ལ་ལྟ་བ་སྟོང་ངོ་ཞེས་རྗོད་དོ། །དེ་བཞིན་དུ་འཇིག་རྟེན་རྣམས་ལ་སྦྱིན་པའི་ཕ་
རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་སྟོང་ངོ་ཞེས་རྗོད་དོ། །དེ་བཞིན་དུ་འཇིག་རྟེན་རྣམས་ལ་ནང་སྟོང་པ་ཉིད་སྟོང་ངོ་ཞེས་རྗོད་དོ། །དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྟོང་ངོ་ཞེས་རྗོད་དོ། །དེ་བཞིན་དུ་
འཇིག་རྟེན་རྣམས་ལ་དྲན་པ་ཉེ་བར་གཞག་པ་བཞི་སྟོང་ངོ་ཞེས་རྗོད་དོ། །དེ་བཞིན་དུ་གོང་མ་བཞིན་དུ་སྦྱར་ཏེ། འཇིག་རྟེན་རྣམས་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་སྟོང་ངོ་ཞེས་རྗོད་དོ། །འཇིག་རྟེན་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
སྟོང་ངོ་ཞེས་རྗོད་དེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་རྣམས་སྐྱེད་པ་དང་། འཇིག་རྟེན་རྣམས་ལ་སྟོན་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
เล่ม ๓๒ · หน้า 128b
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས་འཇིག་རྟེན་རྣམས་ལ་ཕུང་པོ་ལྔ་སྟོང་ངོ་ཞེས་སྟོན་ཏེ། འཇིག་རྟེན་ཡང་སྟོང་ངོ་ཁོང་དུ་ཆུད་ཅིང་རིག་ལ། ཀུན་ཏུ་ཤེས་ཤིང་འཇིག་རྟེན་དག་ལ་ཡང་དེ་ཁོ་ན་བཞིན་དུ་རྗོད་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་རྣམས་སྐྱེད་པ་དང་། འཇིག་རྟེན་རྣམས་ལ་སྟོན་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་
འཇིག་རྟེན་སྟོང་ངོ་ཞེས་སྟོན་པར་བྱེད་དོ། །འཇིག་རྟེན་སྟོང་པར་སྟོན་པ་དེ་གང་ཞེ་ན། ཕུང་པོ་ལྔའི་འཇིག་རྟེན་དེ་སྟོང་པར་སྟོན་ཏོ། །དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་ཀྱི་འཇིག་རྟེན་དེ་སྟོང་པར་སྟོན་ཏོ། །དེ་བཞིན་དུ་ཁམས་བཅྭ་བརྒྱད་ཀྱི་འཇིག་རྟེན་དེ་སྟོང་པར་སྟོན་
ཏོ། །དེ་བཞིན་དུ་གོང་མ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འཇིག་རྟེན་དེ་སྟོང་པར་སྟོན་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་རྣམས་སྐྱེད་པ་དང་། འཇིག་རྟེན་རྣམས་སྟོན་པར་བྱེད་པ་
ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འཇིག་རྟེན་བསམ་གྱིས་མི་ཁྱབ་པར་སྟོན་པར་བྱེད་དོ། །འཇིག་རྟེན་གང་ཞིག་བསམ་གྱིས་མི་ཁྱབ་པ་ཡིན་ཞེ་ན།
འདི་ལྟ་སྟེ། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་ཀྱི་འཇིག་རྟེན་བསམ་གྱིས་མི་ཁྱབ་པར་སྟོན་ཏོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འཇིག་རྟེན་བསམ་གྱིས་མི་ཁྱབ་པར་སྟོན་ཏེ། རབ་འབྱོར་དེ་ལྟར་
ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་རྣམས་སྐྱེད་པ་དང་། འཇིག་རྟེན་རྣམས་སྟོན་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་
เล่ม ๓๒ · หน้า 129a
ལ་འཇིག་རྟེན་ཞི་ཞེས་བྱ་བ་དང་། ངོ་བོ་ཉིད་ཀྱིས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ཞི་ཞེས་བྱ་བ་ནས། སྟོང་ཞེས་བྱ་བའི་བར་དུ་སྟོན་པ་དེ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལྔ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཞི་ཞེས་བྱ་བར་སྟོན་ཏོ། །
དེ་བཞིན་དུ་ཕུང་པོ་ལྔ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ངོ་བོ་ཉིད་ཀྱིས་སྟོང་ཞེས་བྱ་བར་སྟོན་ཏེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་རྣམས་སྐྱེད་པ་དང་། འཇིག་རྟེན་རྣམས་སྟོན་པར་བྱེད་པ་ཡིན་ནོ། །རབ་འབྱོར་
གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འཇིག་རྟེན་འདི་ལ་འཇིག་རྟེན་དུ་འདུ་ཤེས་པ་མེད་པ་དང་། འཇིག་རྟེན་ཕ་རོལ་ལ་འཇིག་རྟེན་དུ་འདུ་ཤེས་པ་མེད་པར་འཇིག་རྟེན་གྱི་
འདུ་ཤེས་སྟོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་གང་དག་གིས་འཇིག་རྟེན་འདིར་འདུ་ཤེས་པའམ། འཇིག་རྟེན་ཕ་རོལ་ཏུ་འདུ་ཤེས་པར་འགྱུར་བའི་ཆོས་རྣམས་མེད་ཅིང་དམིགས་སུ་མེད་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་།
བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཛད་པ་ཆེན་པོས་ཉེ་བར་གནས་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་
མཛད་པ་བསམ་གྱིས་མི་ཁྱབ་པ་དང་། མཛད་པ་དཔག་ཏུ་མ་མཆིས་པས་ཉེ་བར་གནས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཛད་པ་ཆེན་
པོས་ཉེ་བར་གནས་པ་ཡིན་ཞིང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཛད་པ་བསམ་གྱིས་མི་ཁྱབ་པ་དང་། མཛད་པ་གཞལ་དུ་མེད་པ་དང་། མཛད་པ་མི་མཉམ་པ་དང་། མཉམ་པས་ཉེ་བར་གནས་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་
เล่ม ๓๒ · หน้า 129b
ཏུ་ཕྱིན་པ་འདི་མཛད་པ་ཆེན་པོ་དང་། མཛད་པ་མི་མཉམ་པ་དང་མཉམ་པའི་བར་གྱིས་ཉེ་བར་གནས་པ་ཡིན་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཛད་པ་ཆེན་པོ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། སེམས་ཅན་
ཐམས་ཅད་བསྐྱབ་པར་བྱ་བའི་དོན་དང་། ཡོངས་སུ་མི་གཏང་བར་བྱ་བའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉེ་བར་གནས་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཛད་པ་བསམ་གྱིས་མི་ཁྱབ་པས་ཉེ་བར་གནས་པ་ཡིན་ཞེ་ན། རབ་
འབྱོར་བསམ་གྱིས་མི་ཁྱབ་པ་ནི་འདི་ལྟ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ཡིན་ཏེ། རབ་འབྱོར་རྣམ་གྲངས་འདིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པས་ཉེ་བར་གནས་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཛད་པ་གཞལ་དུ་མེད་པས་ཉེ་བར་གནས་པ་ཡིན་ཞེ་ན། རབ་འབྱོར་
འགྲོ་བ་ལྔ་པོ་དག་ན། སེམས་ཅན་དུ་བསྡུ་བར་བསྡུས་པ་ལ་གང་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དམ། དེ་བཞིན་གཤེགས་པ་ཉིད་དམ། རང་བྱུང་བ་ཉིད་དམ། ཐམས་ཅད་མཁྱེན་པ་ཉིད་བསམ་པའམ། གཞལ་བར་ནུས་པའི་སེམས་ཅན་ནི་འགའ་
ཡང་མེད་ལ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུ་ཡིན་ཏེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཛད་པ་གཞལ་དུ་མེད་པས་ཉེ་བར་གནས་པ་
ཡིན་ནོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཛད་པ་དཔག་ཏུ་མེད་པས་ཉེ་བར་གནས་པ་ཡིན་ཞེ་ན། རབ་འབྱོར་དཔག་ཏུ་མེད་པ་ནི་འདི་ལྟ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་བ་ཉིད་དང་།
เล่ม ๓๒ · หน้า 130a
ཐམས་ཅད་མཁྱེན་པ་ཉིད་ཡིན་ཏེ། རབ་འབྱོར་འགྲོ་བ་ལྔ་པོ་དག་ན་སེམས་ཅན་དུ་བསྡུ་བར་བསྡུས་པ་ལ། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། མཉམ་པའི་སེམས་ཅན་ནི་འགའ་ཡང་མེད་
ན། ལྷག་པ་ལྟ་ག་ལ་ཡོད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རབ་ཏུ་ཕྱེ་བ་ཡིན་ཏེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཛད་པ་དཔག་ཏུ་མེད་པ་ནས། མཛད་པ་མི་མཉམ་པ་དང་། མཉམ་པའི་བར་གྱིས་ཉེ་བར་གནས་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་
གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཅི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མ་མཆིས་པ་དང་། དཔག་ཏུ་མ་
མཆིས་པ་དང་། མི་མཉམ་པ་དང་མཉམ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། རབ་འབྱོར་འདི་ནི་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། འདི་ལྟ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དང་།
དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་དོ། །རབ་འབྱོར་འདི་ནི་གཞལ་དུ་མེད་པ་ཡིན་ཏེ། འདི་ལྟ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་
པ་ཉིད་ཡིན་ནོ། །རབ་འབྱོར་འདི་ནི་དཔག་ཏུ་མེད་པ་ཡིན་ཏེ། འདི་ལྟ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །རབ་འབྱོར་འདི་ནི་མི་མཉམ་པ་དང་མཉམ་པ་ཡིན་ཏེ།
เล่ม ๓๒ · หน้า 130b
འདི་ལྟ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་གཟུགས་ཀྱང་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་།
མི་མཉམ་པ་དང་མཉམ་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་། མི་མཉམ་པ་དང་མཉམ་པ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་
སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་བསམ་གྱིས་མི་ཁྱབ་པ་ནས། མི་མཉམ་པ་དང་མཉམ་པའི་བར་དུ་ཡིན་ནོ། །རབ་འབྱོར་ཆོས་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པ་ནས། མི་མཉམ་པ་དང་མཉམ་པའི་བར་དུ་ཡིན་ཏེ། དེ་དག་ལ་ནི་སེམས་དང་
སེམས་ལས་བྱུང་བའི་ཆོས་རྣམས་མེད་ཅིང་མི་དམིགས་སོ། །རབ་འབྱོར་གཟུགས་ཀྱང་བསམ་གྱིས་མི་ཁྱབ་པ་ནས། མི་མཉམ་པ་དང་མཉམ་པའི་བར་དུ་ཡིན་ཏེ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་
ཡང་བསམ་གྱིས་མི་ཁྱབ་པ་ནས། མི་མཉམ་པ་དང་མཉམ་པའི་བར་དུ་ཡིན་ཏེ་མེད་དོ། །རབ་འབྱོར་དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་བསམ་གྱིས་མི་ཁྱབ་པ་ནས། མི་མཉམ་པ་དང་མཉམ་པའི་བར་དུ་ཡིན་ཏེ་མེད་དོ། །དེ་སྐད་
ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཅིའི་སླད་དུ། གཟུགས་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མ་མཆིས་པ་དང་། དཔག་ཏུ་མ་མཆིས་པ་དང་། མི་མཉམ་
པ་དང་མཉམ་པ་ལགས་ཏེ་མ་མཆིས་པ་ལགས། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མ་མཆིས་པ་དང་། དཔག་ཏུ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པའི་བར་དུ་ལགས་ཏེ་
เล่ม ๓๒ · หน้า 131a
མ་མཆིས་པ་ལགས། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསམ་གྱིས་མི་ཁྱབ་པ་ནས། མི་མཉམ་པ་དང་མཉམ་པའི་བར་དུ་ལགས་ཏེ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
གཟུགས་ལ་ཡང་ཚད་མེད་དེ། དེའི་ཕྱིར་གཟུགས་བསམ་གྱིས་མི་ཁྱབ་པ་ནས། མི་མཉམ་པ་དང་མཉམ་པའི་བར་དུ་ཡིན་ཏེ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ཚད་མེད་དེ། དེའི་ཕྱིར་
རྣམ་པར་ཤེས་པ་ཡང་བསམ་གྱིས་མི་ཁྱབ་པ་ནས། མི་མཉམ་པ་དང་མཉམ་པའི་བར་དུ་ཡིན་ཏེ་མེད་དོ། །རབ་འབྱོར་དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་ཚད་མེད་དེ། དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བསམ་གྱིས་མི་ཁྱབ་
པ་ནས། མི་མཉམ་པ་དང་མཉམ་པའི་བར་དུ་ཡིན་ཏེ་མེད་དོ། །གསོལ་པ། ཅིའི་སླད་དུ་གཟུགས་ཚད་མ་མཆིས་པ་ལགས། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཚད་མ་མཆིས་པ་ལགས། དེ་བཞིན་དུ་སྦྱར་ཏེ། རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཚད་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་བསམ་གྱིས་མི་ཁྱབ་པ་ནས། མི་མཉམ་པ་དང་མཉམ་པའི་བར་དུ་ཡིན་ཏེ། དེའི་ཕྱིར་གཟུགས་ལ་ཚད་མེད་དོ། །རབ་འབྱོར་དེ་བཞིན་དུ་
གོང་མ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསམ་གྱིས་མི་ཁྱབ་པ་ནས། མི་མཉམ་པ་དང་མཉམ་པའི་བར་དུ་ཡིན་ཏེ། དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཚད་མེད་དོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། བསམ་གྱིས་མི་ཁྱབ་པ་
ནས། མི་མཉམ་པ་དང་མཉམ་པའི་བར་གང་ཡིན་པ་དེ་ལ་གཟུགས་དམིགས་སུ་ཡོད་སྙམ་འམ། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་སུ་ཡོད་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་མཆིས་ལགས་སོ། །
เล่ม ๓๒ · หน้า 131b
རབ་འབྱོར་རྣམ་གྲངས་དེས་ན། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ནས། མི་མཉམ་པ་དང་མཉམ་པའི་བར་དུ་ཡིན་ནོ། །རབ་འབྱོར་འདི་དག་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ཆོས་རྣམས་ཡིན་ཏེ། འདི་ལྟ་སྟེ། བསམ་གྱིས་མི་ཁྱབ་པ་དང་། གཞལ་
དུ་མེད་པ་དང་། དཔག་ཏུ་མེད་པ་དང་། མི་མཉམ་པ་དང་མཉམ་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའི་ཆོས་རྣམས་ནི་བསམ་གྱིས་མི་ཁྱབ་པ། བསམ་པ་དང་བྲལ་བ། གཞལ་དུ་མེད་པ། གཞལ་བ་དང་བྲལ་བ། དཔག་ཏུ་མེད་པ། དཔག་པ་དང་བྲལ་བ། མི་
མཉམ་པ་དང་མཉམ་པ། མི་མཉམ་པ་དང་མཉམ་པ་དང་བྲལ་བ་ཡིན་ནོ། །རབ་འབྱོར་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་དེ་ནི་བསམ་གྱིས་མི་ཁྱབ་པའི་ཚིག་བླ་དགས་ཡིན་ནོ། །གཞལ་དུ་མེད་པ་ཞེས་བྱ་བ་དེ་ནི་གཞལ་དུ་མེད་པའི་ཚིག་བླ་དགས་ཡིན་ནོ། །དཔག་ཏུ་
མེད་པ་ཞེས་བྱ་བ་དེ་ནི་དཔག་ཏུ་མེད་པའི་ཚིག་བླ་དགས་ཡིན་ཏེ། རབ་འབྱོར་རྣམ་གྲངས་དེས་ཀྱང་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ཆོས་རྣམས་ནི་བསམ་གྱིས་མི་ཁྱབ་པ་ནས། མི་མཉམ་པ་དང་མཉམ་པའི་བར་དུ་ཡིན་ནོ། །རབ་འབྱོར་དཔེར་ན་ནམ་མཁའ་
ནི་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་མཉམ་པ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཆོས་རྣམས་ནི་བསམ་གྱིས་མི་ཁྱབ་པ་དང་། མི་མཉམ་པ་དང་མཉམ་པ་དག་ཡིན་ཏེ། དེ་དག་ཀྱང་ལྷ་དང་། མི་དང་། ལྷ་མ་
ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བསམ་པའམ། གཞལ་བའམ། བགྲང་བར་མི་ནུས་སོ། །དེ་བཞིན་དུ་དཔག་ཏུ་མེད་པ་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ཆོས་རྣམས་ཡིན་ནོ། །དེ་བཞིན་གཤེགས་པའི་ཆོས་རྣམས་བསམ་གྱིས་མི་
ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་། མི་མཉམ་པ་དང་མཉམ་པའི་ལེའུ་འདི་བཤད་པ་ན་དགེ་སློང་ལྔ་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་ཉིས་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་
เล่ม ๓๒ · หน้า 132a
རྣམ་པར་གྲོལ་ལོ། །དགེ་བསྙེན་དྲུག་བརྒྱ་དང་། དགེ་བསྙེན་མ་སུམ་བརྒྱ་ནི་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ཉིས་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། དེ་དག་ཀྱང་བསྐལ་པ་བཟང་པོ་འདི་
ཉིད་ལ་ལུང་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། ཡོན་ཏན་གྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་ལགས་ཤིང་། བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བགྱི་བ་ཆེན་པོས་ཉེ་བར་གནས་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བགྱི་བ་གཞལ་དུ་མ་མཆིས་པ་
དང་། བགྱི་བ་དཔག་ཏུ་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པའི་བགྱི་བས་ཉེ་བར་གནས་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་
སྨྲས་པ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་ཆེན་པོས་ཉེ་བར་གནས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་མཉམ་པ་དང་མཉམ་པའི་བར་གྱི་བྱ་བས་ཉེ་བར་གནས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་
ཕ་རོལ་ཏུ་ཕྱིན་པ་ལྔ་འདུས་པ་དང་། ནང་སྟོང་པ་ཉིད་འདུས་པ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་འདུས་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་འདུས་པ་དང་། དེ་བཞིན་དུ་སྦྱར་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་འདུས་པ་དང་། དེ་བཞིན་
གཤེགས་པའི་སྟོབས་བཅུ་འདུས་པ་དང་། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་འདུས་པའི་ཕྱིར་རོ། །རབ་འབྱོར་དཔེར་ན་རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བ་ཡུལ་གྱི་མི་ལ་སྤྱོད་པ་ཐོབ་པའི་རྒྱལ་
เล่ม ๓๒ · หน้า 132b
པོའི་དགོས་པ་དང་། རྒྱལ་པོའི་བྱ་བ་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་བཀའ་ལ་གཏོགས་པའི་མི་ལ་ཡོད་ཅིང་། བློན་པོ་ཆེན་པོའི་མི་ལ་ཡོད་པ་ཡིན་ཏེ། རྒྱལ་པོ་ནི་བྱ་བ་དེ་དག་ལ་སྙིང་ལས་ཆུང་བ་དང་། ཁུར་བོར་བ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཉན་ཐོས་ཀྱི་ཆོས་
རྣམས་སམ། རང་སངས་རྒྱས་ཀྱི་ཆོས་རྣམས་སམ། བྱང་ཆུབ་སེམས་དཔའི་ཆོས་རྣམས་སམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་གང་དག་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ནི་དེ་དག་གི་བྱ་བ་བྱེད་པ་ཡིན་ནོ། །རབ་འབྱོར་དེ་ལྟ་བས་ན་རྣམ་གྲངས་དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱ་བ་ཆེན་པོས་ཉེ་བར་གནས་པ་ཡིན་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་མཉམ་པ་དང་མཉམ་པར་བྱ་བའི་བར་དང་། གཟུགས་ལ་ཡོངས་སུ་འཛིན་
པ་མེད་ཅིང་མངོན་པར་ཞེན་པ་མེད་པ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མེད་ཅིང་མངོན་པར་ཞེན་པ་མེད་པ་དང་། དེ་བཞིན་དུ་གོང་མ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཀྱི་བར་ལ་ཡོངས་སུ་འཛིན་པ་མེད་ཅིང་། མངོན་པར་ཞེན་པ་མེད་པར་ཉེ་བར་གནས་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་འདི་གཟུགས་ལ་ཡོངས་སུ་འཛིན་པ་མ་མཆིས་ཤིང་མངོན་པར་ཞེན་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་ཚོར་བ་དང་། ཇི་ལྟར་ན་འདུ་ཤེས་དང་། ཇི་ལྟར་ན་འདུ་བྱེད་རྣམས་དང་། ཇི་ལྟར་ན་རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མ་མཆིས་ཤིང་།
མངོན་པར་ཞེན་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡོངས་སུ་འཛིན་པ་མ་མཆིས་ཤིང་། མངོན་པར་ཞེན་པ་མ་མཆིས་པར་ཉེ་བར་གནས་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་
เล่ม ๓๒ · หน้า 133a
ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཅི་ཁྱོད་ཀྱིས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་གཟུང་བའམ། མངོན་པར་ཞེན་པར་བྱ་བའི་གཟུགས་དེ་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཙུན་པ་
བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་ཁྱོད་ཀྱིས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་གཟུང་བའམ། མངོན་པར་ཞེན་པར་བྱ་བའི་ཚོར་བ་དེ་དང་། འདུ་ཤེས་དེ་དང་། འདུ་བྱེད་དེ་དག་དང་། རྣམ་པར་
ཤེས་པ་དེ་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་ཁྱོད་ཀྱིས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་གཟུང་བའམ། མངོན་པར་ཞེན་པར་བྱ་བའི་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དེ་ཡང་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རབ་འབྱོར་ངས་
ཀྱང་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་གཟུང་བའམ། མངོན་པར་ཞེན་པར་བྱ་བ་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་བཞིན་དུ་ངས་ཀྱང་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་གཟུང་བའམ། མངོན་པར་ཞེན་པར་བྱ་བའི་ཚོར་བ་དེ་དང་།
འདུ་ཤེས་དེ་དང་། འདུ་བྱེད་དེ་དག་དང་། རྣམ་པར་ཤེས་པ་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །རབ་འབྱོར་དེ་བཞིན་དུ་ངས་ཀྱང་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་གཟུང་བའམ། མངོན་པར་ཞེན་པར་བྱ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་
བར་དུ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་ལ་ཡོངས་སུ་གཟུང་བར་མི་བྱ། མངོན་པར་ཞེན་པར་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་
เล่ม ๓๒ · หน้า 133b
ཉིད་ཀྱི་བར་ལ་ཡོངས་སུ་གཟུང་བར་མི་བྱ། མངོན་པར་ཞེན་པར་མི་བྱའོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་ཅིང་
མཐོང་བར་དཀའ་ལ་རྟོགས་པར་དཀའ་སྟེ། བརྟག་པར་མི་ནུས་ཤིང་རྟོག་གེའི་སྤྱོད་པ་མ་ལགས་ལ། ཞིབ་ཞིབ་མོ་བརྟགས་པའི་མཁས་པ་དང་། མཛངས་པས་རིག་པར་བགྱི་བ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་མོས་པར་གྱུར་པ་དེ་དག་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བགྱི་བ་བགྱིས་པ་དང་། དགེ་བའི་རྩ་བ་དག་བསྐྲུན་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དག་ལགས་སོ། །བཙུན་པ་བཅོམ་ལྡན་
འདས་གང་གི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་མཆིས་པ་དེ་དག་ཐམས་ཅད་དད་པས་རྗེས་སུ་འབྲང་བར་གྱུར་ཅིང་། དེ་བཞིན་དུ་ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་།
ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དག་ཏུ་གྱུར་ཀྱང་དེ་དག་གི་ཤེས་པ་གང་ལགས་པ་དང་། སྤོང་བ་གང་ལགས་པ་བས་ནི་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཉིན་གཅིག་ཙམ་ཞིག་བཟོད་པའམ། འདོད་པའམ། འཇལ་
བའམ། ཉེ་བར་རྟོག་པར་བགྱིད་ན། དེའི་ཤེས་པ་དང་། སྤོང་བ་དེ་ཉིད་ཆེས་མང་བ་ལགས་ཀྱི་སྔ་མ་དད་པས་རྗེས་སུ་འབྲང་བ་ནས། རང་སངས་རྒྱས་ཀྱི་བར་དེ་དག་གི་ཤེས་པ་དང་། སྤོང་བ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དད་པས་རྗེས་སུ་འབྲང་བ་
རྣམས་ཀྱི་ཤེས་པ་དང་། སྤོང་བ་གང་ལགས་པ་དང་། དེ་བཞིན་དུ་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤོང་བ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལགས་པའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ན་
เล่ม ๓๒ · หน้า 134a
སྤྱོད་པའི་ལྷ་དེ་དག་དང་། གཟུགས་ན་སྤྱོད་པའི་ལྷ་དེ་དག་ལ་བཀའ་སྩལ་པ། ལྷ་དག་ལེགས་སོ་ལེགས་སོ། །དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ལྷ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་མོ་འདི་ཐོས་ཤིང་ཐོས་ནས་ཀྱང་མོས་པར་འགྱུར་ལ། མོས་ནས་ཀྱང་ཡི་གེར་འདྲིའམ། ཡི་གེར་འདྲིར་འཇུག་པའམ། དེ་བཞིན་དུ་འཆང་ཞིང་སྟོན་པ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་སུ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱེད་ན།
རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཆེས་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་ང་སྨྲའི། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་རྣམས་སམ། རིགས་ཀྱི་བུ་མོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་མདོ་སྡེ་
གཞན་དག་ལ་བསྐལ་པའམ། བསྐལ་པ་ལས་ལྷག་པར་སྤྱོད་པས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དག་འདི་ལྟར་དད་པས་རྗེས་སུ་འབྲང་བ་རྣམས་ནས། དགྲ་བཅོམ་པའི་བར་དག་དང་། རང་སངས་རྒྱས་རྣམས་ཀྱི་ཆོས་གང་ལ་བསླབ་པར་བྱ་བ་དང་། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་གང་ལ་བསླབས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཡང་དག་ཕུལ་གྱི་ཆོས་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་རྒྱ་ཆེར་བསྟན་པའི་ཕྱིར་རོ། །དེ་ནས
འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་གཞལ་དུ་མ་མཆིས་པ་དང་། ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་མ་མཆིས་པ་དང་། ཕ་རོལ་ཏུ་ཕྱིན་པ་མི་མཉམ་པ་དང་མཉམ་པ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབས་ནས།
เล่ม ๓๒ · หน้า 134b
དད་པས་རྗེས་སུ་འབྲང་བ་རྣམས་དང་། བརྒྱད་པ་རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་
དབྱིངས་སུ་ངེས་པར་འབྱུང་ལགས་སོ། །འདི་ལ་བསླབས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་
མྱ་ངན་ལས་འདའ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ནི་བྲི་བའམ། གང་བར་མངོན་པ་མ་མཆིས་ལགས་སོ། །ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་ལྷ་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ། རྗེས་སུ་ཡི་རངས་ནས་
བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཐད་ནས་དོང་ངོ་། །དེ་དག་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་རྫུ་འཕྲུལ་གྱིས་དོང་ནས་མི་སྣང་བར་གྱུར་ཏོ། །དེ་ལ་འདོད་པ་ན་སྤྱོད་པའི་ལྷ་
དེ་དག་ནི་འདོད་པའི་ཁམས་སུ་འཁོད་དོ། །གཟུགས་ན་སྤྱོད་པའི་ལྷ་གང་དག་ཡིན་པ་དེ་དག་ནི་གཟུགས་ཀྱི་ཁམས་སུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་
ཐེག་པ་པའི་གང་ཟག་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས། ཐོས་མ་ཐག་ཏུ་མོས་པར་འགྱུར་ཞིང་གོང་དུ་ཡང་ཡི་གེར་འདྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པར་བགྱིད་པ་ནས། རྟག་ཏུ་ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་བར་དུ་བགྱིད་པ་ཞིག་
ལགས་ན། དེ་གང་ནས་ཤི་འཕོས་ནས་འདིར་སྐྱེས་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་
เล่ม ๓๒ · หน้า 135a
འདི་ཐོས་ནས། ཐོས་མ་ཐག་ཏུ་མོས་པར་འགྱུར་ཞིང་། གོང་དུ་ཡང་ཡི་གེར་འདྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པར་བྱེད་པ་དང་། རྟག་ཏུ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱེད་པ་དང་། གང་ལས་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཟབ་མོ་འདི་ཐོས་པའི་ཕྱི་བཞིན་དུ་རྟག་ཏུ་རྗེས་སུ་འབྲང་བར་འགྱུར་ཏེ། རབ་འབྱོར་དཔེར་ན་བ་དྲུས་མ་བེའུ་སར་པའི་རྗེས་སུ་འབྲང་བར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས། ཐོས་མ་
ཐག་ཏུ་མོས་པར་འགྱུར་ཞིང་། གོང་དུ་ཡང་ཡི་གེར་འདྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པར་བྱེད་པ་དང་། རྟག་ཏུ་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱེད་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེ་ནི་མི་རྣམས་ཀྱི་ནང་ཁོ་ན་ནས་ཤི་
འཕོས་ནས་མི་རྣམས་ཀྱི་ནང་དུ་སྐྱེས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེས་སྔོན་གྱི་ཚེ་རབས་དག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས། བཟུང་ཞིང་བཅངས་ལ། ཀུན་ཆུབ་པར་བྱས་པ་ནས།
ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱས་པ་ཡིན་ཞིང་། གོང་དུ་ཡང་ཡི་གེར་བྲིས་ཏེ། གླེགས་བམ་དུ་ཆུད་པར་བྱས་ནས། མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། མར་མེ་དང་། བདུག་པ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་།
བ་དན་དག་གིས་བཀུར་སྟིར་བྱས་ཤིང་། དེ་བཞིན་དུ་བཙུན་པར་བྱས། རི་མོར་བྱས་ཏེ། དེ་དགེ་བའི་རྩ་བ་དེས་མི་ཁོམ་པ་བརྒྱད་རྣམ་པར་སྤངས་ནས། མི་རྣམས་ཀྱི་ནང་དུ་སྐྱེས་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་
རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་ཡོན་ཏན་དེ་དག་ཉིད་དང་ལྡན་ལ། སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱིས་ནས། དེ་ནས་
เล่ม ๓๒ · หน้า 135b
ཤི་འཕོས་ཏེ་འདིར་སྐྱེས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས། ཐོས་མ་ཐག་ཏུ་མོས་པར་བགྱིད་ལ། མོས་ནས་ཀྱང་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་སྩོལ་བ་དང་། དེ་བཞིན་དུ་འཛིན་པ་དང་། འཆང་བ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་
པར་འགྱུར་བ་ལྟ་མཆིས་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་སངས་རྒྱས་བཅོམ་
ལྡན་འདས་རྣམས་ལ་བསྙེན་བཀུར་བྱས་ནས། དེ་དེ་ནས་ཤི་འཕོས་ནས་འདིར་སྐྱེས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་ཐོས་མ་ཐག་ཏུ་མོས་པར་བྱེད་ལ། མོས་ནས་ཀྱང་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། དེ་བཞིན་དུ་འཛིན་པ་དང་།
འཆང་བ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱེད་པ་ཡང་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེས་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ལ། དེ་བཞིན་དུ་བཟུང་ཞིང་བཅངས་ཏེ། ཀུན་ཆུབ་པར་བྱས་པ་ནས། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱས་པ་ཡིན་ཏེ། དེ་དགེ་བའི་རྩ་བ་དེས་དེ་ནས་ཤི་འཕོས་ནས་འདིར་སྐྱེས་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་
བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་གིས་དགའ་ལྡན་གྱི་ལྷའི་རིས་དག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཤིང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་བར་དུ་བྱས་པ་དེ། དེ་ཚུན་ཆད་ལས་མི་དགེ་བ་བསགས་པ་ཟད་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཐོས་པའི་དགེ་བའི་རྩ་བ་དེ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པའི་རྒྱུས་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་པ་དེ་ཡང་ཡོན་ཏན་དེ་དག་ཉིད་དང་ལྡན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་
เล่ม ๓๒ · หน้า 136a
གང་ཟག་དགའ་ལྡན་གྱི་གནས་སུ་སྐྱེས་པ་དེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་དྲིས་ཤིང་ཡོངས་སུ་ཞུས་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་
ཟག་གང་གིས་སྔོན་གྱི་ཚེ་རབས་དག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ལ། ཆོས་གསལ་བར་སྟོན་པ་དེ་ལ་མ་དྲིས་ཤིང་ཡོངས་སུ་མ་ཞུས་པ་འདིར་སྐྱེས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་
འདི་ཉིད་ལ་སོམ་ཉི་ཉིད་དུ་གྱུར་ཅིང་། ཐེ་ཚོམ་ཉིད་དུ་གྱུར་ཏེ། སེམས་ཞུམ་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པས་སྔོན་གྱི་ཚེ་རབས་དག་ཏུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་
པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་གྱི་ཟབ་མོ་འདི་ཐོས་ལ། ཆོས་གསལ་བར་སྟོན་པ་དེ་ལ་མ་དྲིས་ཤིང་ཡོངས་སུ་མ་ཞུས་པ་འདིར་སྐྱེས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན།
སོམ་ཉི་ཉིད་དུ་གྱུར་ཅིང་། ཐེ་ཚོམ་ཉིད་དུ་གྱུར་ཏེ། སེམས་ཞུམ་པ་ཉིད་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་གིས་སྔོན་གྱི་ཚེ་རབས་དག་ཏུ་ནང་སྟོང་པ་ཉིད་དང་། དེ་བཞིན་དུ་ཕྱི་སྟོང་པ་ཉིད་དང་། དེ་བཞིན་དུ་ཕྱི་ནང་སྟོང་པ་ཉིད་དང་།
དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་འདི་ཐོས་ལ། ཆོས་གསལ་བར་སྟོན་པ་དེ་ལ་མ་དྲིས་ཤིང་ཡོངས་སུ་མ་ཞུས་པ་འདིར་སྐྱེས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལ་སོམ་ཉི་ཉིད་དུ་གྱུར་
ཅིང་ཐེ་ཚོམ་ཉིད་དུ་གྱུར་ཏེ། སེམས་ཞུམ་པ་ཉིད་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་གིས་སྔོན་གྱི་ཚེ་རབས་དག་ཏུ་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་
เล่ม ๓๒ · หน้า 136b
དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་
གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ཐོས་ལ། ཆོས་གསལ་བར་སྟོན་པ་དེ་ལ་མ་དྲིས་ཤིང་ཡོངས་སུ་མ་ཞུས་པ་འདིར་སྐྱེས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་མོ་འདི་ཉིད་ལ་སོམ་ཉི་ཉིད་དུ་གྱུར་ཅིང་། ཡིད་རྟུལ་བ་ཉིད་དང་། ཐེ་ཚོམ་ཉིད་དུ་གྱུར་ཏེ། སེམས་ཞུམ་པ་ཉིད་དུ་འགྱུར་རོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་ཉི་ཤུ་གཅིག་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་
ཐེག་པ་པའི་གང་ཟག་གང་གིས་སྔོན་གྱི་ཚེ་རབས་དག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ལ། འདི་ལྟ་སྟེ། ཉི་མ་གཅིག་གམ། གཉིས་སམ། གསུམ་འམ། བཞིའམ། ཉི་མ་ལྔར་ཡང་ཉམས་སུ་མ་བླངས་ཤིང་མ་བསྒོམས་པ་ནི་འདི་ལྟ་སྟེ། ཉི་མ་གཅིག་
གམ། གཉིས་སམ། གསུམ་འམ། བཞིའམ། ཉི་མ་ལྔར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་འཕྲོགས་པར་མི་འགྱུར་གྱི། དེའི་འོག་ཏུ་ནི་ཐེ་ཚོམ་གྱིས་འཕྲོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ནན་ཏན་སྙིང་པོར་མི་བྱེད་པའི་གང་ཟག་
ནི་ཆོས་དེ་དག་མ་བསྒོམས་ཤིང་ནན་ཏན་མ་བྱས་པས་དེ་ལྟར་འགྱུར་བའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེ་ནི་ཐེག་པ་ལ་ཞུགས་ནས་རིང་པོ་མ་ལོན་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་མ་ཡིན་པ་དང་། སངས་རྒྱས་
མང་པོ་ལ་བསྙེན་བཀུར་བྱས་པ་མ་ཡིན་པ་དེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་མ་བྲིས་ཤིང་མ་བཟུང་ལ། མ་བཅངས་ཏེ། ཀུན་ཏུ་ཆུབ་པར་མ་བྱས་པ་དང་། མ་ཀླགས་པ་དང་། ཁ་ཏོན་དུ་མ་བྱས་པ་དང་། ལུང་མ་མནོས་པ་དང་། ཚུལ་བཞིན་དུ་ཡིད་
เล่ม ๓๒ · หน้า 137a
ལ་མ་བྱས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཡང་མ་བསླབས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་
ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་པ་ཡིན་པ་དང་། དེ་བཞིན་དུ་ནང་སྟོང་པ་ཉིད་ལ་མ་བསླབས་པ་ནས། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མ་བསླབས་པ་དང་། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ལ་མ་
བསླབས་པ་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་
སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་མ་བསླབས་པར་རིག་པར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་
འདི་ཡི་གེར་མི་འདྲི་ཞིང་། ཡི་གེར་འདྲིར་མི་འཇུག་པ་དང་། མི་འཛིན་པ་དང་། མི་འཆང་བ་དང་། ཀུན་ཆུབ་པར་མི་བྱེད་པ་དང་། མི་ཀློག་པ་དང་། ཁ་ཏོན་དུ་མི་བྱེད་པ་དང་། ལུང་མི་ནོད་པ་དང་། ཚུལ་བཞིན་དུ་ཡིད་ལ་མི་བྱེད་པ་དེ། ཇི་སྐད་བསྟན་པའི་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཉམས་སུ་མི་ལེན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིས་སེམས་ཅན་ལ་ཡང་ཕན་མི་འདོགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སེམས་ཅན་རྣམས་ཡང་དག་པར་འཛིན་དུ་མི་འཇུག་ན། དེ་ནི་ས་གཉིས་པོ་འདི་ལྟ་སྟེ།
ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་མ་བྲིས་ཤིང་། ཡི་གེར་འདྲིར་མ་བཅུག །མ་བཟུང་། མ་བཅངས། ཀུན་ཆུབ་པར་མ་བྱས། མ་ཀླགས། ཁ་
เล่ม ๓๒ · หน้า 137b
ཏོན་དུ་མ་བྱས། ལུང་མ་མནོས། ཚུལ་བཞིན་དུ་ཡིད་ལ་མ་བྱས་ལ། དེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཇི་སྐད་བསྟན་པ་ལ་ནན་ཏན་དུ་མ་བྱས་པའི་ཕྱིར་རོ། །རབ་འབྱོར་དཔེར་ན་རྒྱ་མཚོའི་གྲུའམ། གྲུ་བོ་ཆེ་ཆག་ཅིང་ཞིག་ན། དེ་ན་མི་གང་དག་འཚོ་
བར་འདོད་པ་དག་ཤིང་ལེབ་དག་གམ། ཤིང་དག་གམ། རྐྱལ་པ་དག་གམ། མི་རོ་དག་ལ་མི་འཇུ་ཞིང་། འཛིན་པར་མི་བྱེད་པ་དེ་དག་ནི། རྒྱ་མཚོའི་ཕ་རོལ་གྱི་འགྲམ་དུ་མ་ཕྱིན་པ་ཁོ་ནར་འཆི་བའི་དུས་བྱེད་པར་འགྱུར་རོ། །རབ་འབྱོར་དཔེར་ན་རྒྱ་མཚོའི་གྲུའམ།
གྲུ་བོ་ཆེ་ཆག་ཅིང་ཞིག་ན། དེ་ན་མི་གང་དག་འཚོ་བར་འདོད་པ་དག་ཤིང་ལེབ་དག་གམ། ཤིང་དག་གམ། རྐྱལ་པ་དག་གམ། མི་རོ་དག་ལ་འཇུ་ཞིང་འཛིན་པར་བྱེད་པ་དེ་དག་ནི་བདེ་བ་དང་། བདེ་ལེགས་སུ་མ་སྨས་མ་ཉམས་པར་རྒྱ་མཚོའི་འགྲམ་དུ་གནས་པར་རིག་
པར་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དད་པ་ཙམ་དང་། དགའ་བ་ཙམ་དང་ལྡན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་མི་འདྲི་ཞིང་། ཡི་གེར་འདིར་
མི་འཇུག་པ་དང་། མི་འཛིན་པ་དང་། མི་འཆང་བ་དང་། ཀུན་ཆུབ་པར་མི་བྱེད་པ་དང་། མི་ཀློག་པ་དང་། ཁ་ཏོན་དུ་མི་བྱེད་པ་དང་། ལུང་ནོད་པར་མི་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་མི་བྱེད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ཇི་སྐད་བསྟན་པ་ལ་
ནན་ཏན་དུ་མི་བྱེད་པ་དེ་དག་ནི། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མ་ཕྱིན་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་མངོན་སུམ་དུ་བྱེད་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་དག་དད་པ་དང་། བཟོད་པ་དང་། རབ་ཏུ་
དགའ་བ་དང་། དང་བ་དང་། ལྷག་པའི་བསམ་པ་དང་། འདོད་པ་དང་། མོས་པ་དང་། གཏོང་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་བརྩོན་པ་མི་གཏོང་བ་ཡོད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡང་ཡི་གེར་འདྲི་ཞིང་། དེ་བཞིན་དུ་
เล่ม ๓๒ · หน้า 138a
འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པར་བྱེད་པ་དང་། ཀློག་པ་དང་། ཁ་ཏོན་དུ་བྱེད་པ་དང་། ལུང་ནོད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ཇི་སྐད་བསྟན་པ་ལ་ནན་ཏན་དུ་བྱེད་ན། དེ་ལྟར་
ན་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་དག་གི་དད་པ་དེ་དང་། བཟོད་པ་དེ་དང་། དང་བ་དེ་དང་། ལྷག་པའི་བསམ་པ་དེ་དང་། འདོད་པ་དེ་དང་། མོས་པ་དེ་དང་། གཏོང་བ་དེ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྩོན་པ་མི་གཏོང་བ་དེ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་དེ་ནི་འཕེལ་ཞིང་ཤིན་ཏུ་རྒྱས་པར་འགྱུར་ལ། དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཉམས་པར་མི་འགྱུར་རོ། །དེ་དག་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས། སངས་རྒྱས་
ཀྱི་ཞིང་དག་ཀྱང་ཡོངས་སུ་དག་པར་བྱས་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་གཞན་ཡང་དཔེར་ན་སྐྱེས་པའམ། བུད་མེད་ཅིག་བུམ་པ་སོ་མ་བཏང་བས་ཆུ་བཅུ་བར་སེམས་ན། སྐྱེས་པ་
འམ། བུད་མེད་དེ་ནི་མི་མཁས་པའི་རང་བཞིན་ཅན་དུ་རིག་པར་བྱ་སྟེ། བུམ་པ་སོ་མ་བཏང་བ་དེ་ནི་རིང་པོ་མི་ཐུབ་པར་འགྱུར་ཏེ། མྱུར་དུ་ས་ཐ་མལ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བུམ་པ་དེ་སོ་མ་བཏང་བ་ཉིད་ཀྱི་ཕྱིར་དང་། སྙི་བའི་ཕྱིར་རོ། །རབ་
འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གཞན་དག་ཀྱང་དད་པ་དང་། བཟོད་པ་དང་། དང་བ་དང་། ལྷག་པའི་བསམ་པ་དང་། འདོད་པ་དང་། མོས་པ་དང་། གཏོང་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྩོན་པ་མི་གཏོང་
བ་ཡོད་དུ་ཟིན་ཀྱང་། འོན་ཀྱང་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་། ཐབས་ལ་མཁས་པ་དང་བྲལ་ན། དེ་དག་དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་།
เล่ม ๓๒ · หน้า 138b
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་བྲལ་བ་དང་། དེ་བཞིན་དུ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་བྲལ་ཞིང་། ཐབས་ལ་མཁས་པ་དང་བྲལ་བ་དང་། དེ་བཞིན་དུ་དེ་དག་དྲན་པ་ཉེ་བར་
གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་བྲལ་བ་དང་། ཐབས་ལ་མཁས་པ་དང་བྲལ་བ་དང་། དེ་བཞིན་དུ་སྦྱར་ཏེ། དེ་དག་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་
ཀྱི་བར་དུ་བསྒོམ་པ་དང་བྲལ་ཞིང་། ཐབས་ལ་མཁས་པ་དང་བྲལ་བར་འགྱུར་ཏེ། དེ་ལྟར་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པ་དང་བྲལ་བ་དང་། ཐབས་ལ་མཁས་པ་དང་བྲལ་ན། དེ་དག་ནི་བར་མ་དོ་ཁོ་ནར་ཚུལ་མ་ཡིན་པས་ཆོས་དེ་དག་ལས་ཉམས་པར་འགྱུར་རོ། །རབ་འབྱོར་
བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེ་དག་གི་བར་མ་དོ་ཁོ་ནར་ཚུལ་མ་ཡིན་པས་ཆོས་དེ་དག་ལས་ཉམས་པར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་སམ། རང་སངས་རྒྱས་ཀྱི་སའོ། །རབ་འབྱོར་དཔེར་ན་སྐྱེས་པའམ། བུད་མེད་ཅིག་གིས་བུམ་པ་སོ་བཏང་བས་
འདི་ལྟ་སྟེ། ཆུ་ཀླུང་ངམ། འབབ་ཆུའམ། མཚོའམ། མཚེའུ་འམ། ལྟེང་ཀའམ། ཁྲོན་པ་ནས་ཆུ་ཆུ་ན། སྐྱེས་པའམ། བུད་མེད་དེར་ཆུ་ཆུ་བ་དེ་ནི་མཁས་པའི་རང་བཞིན་ཅན་དུ་རིག་པར་བྱ་སྟེ། བུམ་པ་དེ་ནི་ཤིན་ཏུ་ཆུར་བཅུག་ཀྱང་ཞིག་པར་མི་འགྱུར་ཏེ།
སྐྱེས་པའམ། བུད་མེད་དེས་ནི་གར་དགའ་བར་བུམ་པ་དེས་ཆུ་བཅུ་བར་ནུས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་དག་ལ་དད་པ་དང་། བཟོད་པ་དང་། དང་བ་དང་། ལྷག་པའི་བསམ་པ་དང་། འདོད་པ་དང་། མོས་པ་དང་། གཏོང་བ་
དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྩོན་པ་མི་གཏོང་བ་ཡང་ཡོད་ལ། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡང་མ་བྲལ་བ་དང་། ཐབས་ལ་མཁས་པ་དང་ཡང་མ་བྲལ་བར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། རབ་འབྱོར་དེ་ལས་གཞན་
เล่ม ๓๒ · หน้า 139a
པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་རིག་པར་བྱ་ཞིང་། དེ་བཞིན་དུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་ཟིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་འདི་
ལྟ་སྟེ། བར་མ་དོ་ཁོ་ནར་ཚུལ་མ་ཡིན་པས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཆོས་དེ་དག་ལས་ཉམས་པར་མི་འགྱུར་ཏེ། མ་སྨས་མ་ཉམས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་
དཔེར་ན་རྒྱ་མཚོའི་གྲུ་བཅོས་ལེགས་མ་བྱས་པར་རྫས་ཀྱིས་ཀུན་ཏུ་བཀང་ནས། རྒྱ་མཚོ་རྒལ་བར་བྱེད་ན། རབ་འབྱོར་དེའི་ཕྱིར་རྒྱ་མཚོའི་ཚོང་པ་དེ་ལས་གཞན་པ་མཁས་པའི་རང་བཞིན་ཅན་རྣམས་ཀྱིས་གྲུ་འདི་བདེ་བ་དང་། བདེ་ལེགས་སུ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་
ཏེ། གྲུ་འདི་ནི་བར་མ་དོ་ཁོ་ནར་རྒྱ་མཚོར་འཇིག་པར་འགྱུར་ལ། གྲུ་ཡང་གཞན་དུ་སྣོད་དང་རྫས་ཀྱང་གཞན་དུ་ཐབས་ལ་མི་མཁས་པའི་ཚོང་པ་ཡང་གཞན་དུ་འགྱུར་ཏེ། ཚུལ་མ་ཡིན་པས་ཉམ་ཉེས་སུ་འགྱུར་བར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་བྱེད་པའི་ཚོང་པ་
ཐབས་ལ་མི་མཁས་པ་དེ་དག་ནི་གནོད་པ་ཆེན་པོ་དང་ལྡན་པར་འགྱུར་ཞིང་། རིན་པོ་ཆེ་ཆེན་པོ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་དག་ལ་དད་པ་དང་། བཟོད་པ་དང་། དང་བ་དང་།
ལྷག་པའི་བསམ་པ་དང་། འདོད་པ་དང་། མོས་པ་དང་། གཏོང་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྩོན་པ་མི་གཏོང་བ་ཡོད་ཀྱང་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དང་། ཐབས་ལ་མཁས་པ་དང་བྲལ་ན། དེའི་ཕྱིར་བྱང་ཆུབ་
เล่ม ๓๒ · หน้า 139b
སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་གིས་རིགས་ཀྱི་བུ་དེ་དག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་
ཡོངས་སུ་མ་ཟིན་པ་དང་། དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་གིས་ཡོངས་སུ་མ་ཟིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེ་དག་ནི་བར་མ་དོ་ཁོ་ནར་ཚུལ་མ་ཡིན་པས་ཆོས་དེ་དག་ལས་
ཉམས་པར་འགྱུར་ཞིང་གནོད་པ་ཆེན་པོ་དང་ལྡན་པ་དང་། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་དཀོན་མཆོག་རིན་པོ་ཆེ་ཆེན་པོ་དག་ལས་ཡོངས་སུ་ཉམས་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་
ཀྱི་བར་མ་དོར་ཚུལ་མ་ཡིན་པས་ཆོས་དེ་དག་ལས་ཉམས་པར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ཡིན་ནོ། །རབ་འབྱོར་དཔེར་ན་རྒྱ་མཚོའི་ཚོང་པ་མཁས་པ་མཁས་པའི་རང་བཞིན་ཅན་ཞིག་གིས་རྒྱ་མཚོའི་གྲུ་དེ་ལེགས་
པར་བཙེམས་ཤིང་། ལེགས་པར་བཅོས། ལེགས་པར་བྱས་ལ། ལེགས་པར་བྱི་དོར་བྱ་བ་བྱས་ནས། རྒྱ་མཚོར་འཇུག་པར་བྱེད་ལ། བཅུག་ནས་ཀྱང་སྣོད་རྫས་སྣ་ཚོགས་བརྫངས་པར་གྱུར་ན། རབ་འབྱོར་དེའི་ཕྱིར་རྒྱ་མཚོའི་ཚོང་པ་དེ་ལས་གཞན་པ་མཁས་
པའི་རང་བཞིན་ཅན་རྣམས་ཀྱིས་གྲུ་འདི་ནི་རྒྱ་མཚོར་འཇིག་པར་མི་འགྱུར་ཏེ། ཚོང་པ་མཁས་པའི་རང་བཞིན་ཅན་དེ་དག་གླིང་གང་དུ་འདོད་པར་གྲུ་འདི་བདེ་བ་དང་། བདེ་ལེགས་སུ་ཕྱིན་པར་འགྱུར་བར་རིག་པར་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་
གང་ཟག་དེ་དག་ལ་དད་པ་དང་། བཟོད་པ་དང་། དང་བ་དང་། ལྷག་པའི་བསམ་པ་དང་། འདོད་པ་དང་། མོས་པ་དང་། གཏོང་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྩོན་པ་མི་གཏོང་བ་ཡང་ཡོད་ལ། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་
เล่ม ๓๒ · หน้า 140a
ཕྱིན་པ་དང་ཡང་མ་བྲལ་བ་དང་། ཐབས་ལ་མཁས་པ་དང་མ་བྲལ་བར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་གྱུར་ན། རབ་འབྱོར་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་རིགས་ཀྱི་བུ་དེ་དག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་
དང་། དེ་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་དང་། དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་
གྱིས་ཡོངས་སུ་ཟིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཚུལ་མ་ཡིན་པས། ཆོས་དེ་དག་ལས་ཉམས་པར་མི་འགྱུར་ཏེ། མ་སྨས་མ་ཉམས་པར་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་རིག་པར་བྱའོ། །རབ་འབྱོར་དཔེར་ན་སྐྱེས་བུ་ལ་ལ་ཞིག་སྐྱེས་ནས་ལོ་ཉིས་སྟོང་ལོན་ཏེ། རྒས་ཤིང་འཁོགས་ལ་གཏུགས་པ་ཞིག་དེའི་ལུས་ལ་ཡང་འདི་ལྟ་སྟེ། རླུང་ལས་གྱུར་པའམ། མཁྲིས་པ་ལས་གྱུར་པ་
འམ། བད་ཀན་ལས་གྱུར་པའམ། འདུས་པ་ལས་གྱུར་པའམ། ནད་གང་ཡང་རུང་བ་ཞིག་བྱུང་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཅི་མི་དེ་གཅིག་པུ་ཁྲི་དེ་ལས་ལྡང་བར་ནུས་སྙམ་འམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཅི་སྟེ་མི་དེ་ལྡང་རྔོ་ཐོགས་སུ་ལགས་
ཀྱང་དེས་ནི་རྒྱང་གྲགས་གཅིག་གམ། གཉིས་སམ། གསུམ་འམ། དེ་ལས་ལྷག་པའི་ཤུལ་དུ་མཆི་བའི་རྔོ་མི་ཐོགས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་འདི་ལྟར་མི་དེ་ནི་རྒས་པ་དང་། བྲོ་ནད་ཀྱིས་ཉམ་སྨད་པའི་སླད་དུའོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་ཅི་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེ་དག་ལ་དད་པ་དང་། བཟོད་པ་དང་། དང་བ་དང་། ལྷག་པའི་བསམ་པ་དང་། འདོད་པ་དང་། མོས་པ་དང་། གཏོང་བ་དང་། བླ་ན་མེད་པ་ཡང་དག་པར་
เล่ม ๓๒ · หน้า 140b
རྫོགས་པའི་བྱང་ཆུབ་ཏུ་བརྩོན་པ་མི་གཏོང་བ་ཡོད་དུ་ཟིན་ཀྱང་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་། ཐབས་ལ་མཁས་པ་དང་བྲལ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་གཞན་དག་གིས་ཀྱེ་མ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་བསམ་གཏན་གྱི་ཕ་
རོལ་ཏུ་ཕྱིན་པ་དང་། དེ་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་པ་དང་། དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་
ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་མ་ཟིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེ་དག་ནི་འདི་ལྟ་སྟེ། ཚུལ་མ་ཡིན་པས་བར་མ་དོ་ཁོ་ནར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཆོས་དེ་དག་ལས་ཉམས་པར་འགྱུར་
རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་དང་བྲལ་བའི་ཕྱིར་རོ། །རབ་འབྱོར་དཔེར་ན་མི་ལ་ལ་ཞིག་སྐྱེས་ནས་ལོ་ཉིས་སྟོང་ལོན་ཏེ། རྒས་ཤིང་འཁོགས་ལ་གཏུགས་པ་དེ་ཉིད་དེའི་ལུས་ལ་ཡང་འདི་ལྟ་སྟེ། རླུང་ལས་
གྱུར་པའམ། མཁྲིས་པ་ལས་གྱུར་པའམ། བད་ཀན་ལས་གྱུར་པའམ། འདུས་པ་ལས་གྱུར་པའི་ནད་གང་ཡང་རུང་བ་ཞིག་བྱུང་ལ། དེ་ཡང་ཁྲི་དེ་ལས་ལྡང་བར་འདོད་པ་དང་། མི་སྟོབས་དང་ལྡན་པ་གཉིས་ཤིག་ལྷགས་ནས། གློ་གཡས་གཡོན་ནས་བརྟེན་
ཏེ། དེ་ལ་འདི་སྐད་དུ་ཀྱེ་སྐྱེས་བུ་ཚུར་ཤོག །ཁྱོད་གར་དགའ་བ་དང་། སེམས་གར་འདོད་པ་དང་། གར་དགའ་བར་ཁོ་བོ་ཅག་གིས་བརྟེན་པས་ཇི་སྲིད་དུ་གནས་སུ་མ་ཕྱིན་གྱི་བར་དུ་ཁྱོད་འགྱེལ་དུ་དོགས་པ་ཅུང་ཟད་ཀྱང་མི་འབྱུང་ངོ་ཞེས་ཟེར་བ་དེ་བཞིན་དུ། རབ་འབྱོར་
བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་དག་ལ་དད་པ་དང་། བཟོད་པ་དང་། དང་བ་དང་། ལྷག་པའི་བསམ་པ་དང་། འདོད་པ་དང་། མོས་པ་དང་། གཏོང་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་བརྩོན་པ་མི་གཏོང་བ་ཡོད་ལ།
เล่ม ๓๒ · หน้า 141a
དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དང་། ཐབས་ལ་མཁས་པ་དང་མ་བྲལ་བ་ཡིན་ན། དེའི་ཕྱིར་དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རིགས་ཀྱི་བུ་དེ་དག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་དུ་བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ནས། དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་ཟིན་པར་
རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་བར་མ་དོ་ཁོ་ནར་ཆོས་དེ་དག་ལས་ཉམས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་མ་བྲལ་བའི་ཕྱིར་རོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཐབས་ལ་མི་མཁས་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཁ་ཅིག་དང་པོ་ཉིད་དུ་
ཐབས་ལ་མི་མཁས་པས་སྦྱིན་པ་དག་སྦྱིན་པར་བྱེད་དོ། །དེ་བཞིན་དུ་ཐབས་ལ་མི་མཁས་པས་ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན་ལ་མཉམ་པར་འཇོག་པར་བྱེད། ཐབས་ལ་མི་མཁས་པས་ཤེས་རབ་
སྒོམ་པར་བྱེད་ཅིང་། དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་སྦྱིན་པ་དག་སྦྱིན་པར་བྱེད་པའོ། །སྦྱིན་པ་ནི་འདི་དག་སྦྱིན་པར་བྱའོ། །འདི་དག་ལ་ནི་སྦྱིན་པ་དག་སྦྱིན་པར་བྱའོ། །དེ་བཞིན་དུ་བདག་ཅག་ནི་ཚུལ་ཁྲིམས་སྲུང་བའོ། །བདག་ཅག་ནི་ཚུལ་ཁྲིམས་
དང་ལྡན་པའོ། །བདག་ཅག་ནི་བཟོད་པ་སྒྲུབ་པར་བྱེད་པའོ། །བདག་ཅག་ནི་བཟོད་པ་དང་ལྡན་པའོ། །བདག་ཅག་ནི་བརྩོན་འགྲུས་རྩོམ་པའོ། །བདག་ཅག་ནི་བརྩོན་འགྲུས་དང་ལྡན་པའོ། །བདག་ཅག་ནི་བསམ་གཏན་ལ་སྙོམས་པར་འཇུག་པར་བྱེད་པའོ། །བདག་
เล่ม ๓๒ · หน้า 141b
ཅག་ནི་བསམ་གཏན་དང་ལྡན་པའོ། །བདག་ཅག་ནི་ཤེས་རབ་སྒོམ་པའོ། །བདག་ཅག་ནི་ཤེས་རབ་དང་ལྡན་པའོ་སྙམ་དུ་སེམས་ཤིང་། དེ་དག་སྦྱིན་པ་རློམ་སེམས་སུ་བྱེད། སྦྱིན་པ་དེས་རློམ་སེམས་སུ་བྱེད། སྦྱིན་པ་ལ་རློམ་སེམས་སུ་བྱེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་
དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དེ་རློམ་སེམས་སུ་བྱེད། ཤེས་རབ་དེས་རློམ་སེམས་སུ་བྱེད། ཤེས་རབ་ལ་རློམ་སེམས་སུ་བྱེད་དོ། །དེ་དག་ནི་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པར་ལྟུང་བའི་སྦྱིན་པ་དང་། ཚུལ་
ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་རྣམས་ཀྱིས་འཁོར་བ་ཉིད་རྣམ་པར་འཕེལ་བར་བྱེད་དོ། །དེ་དག་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དག་ལས་ཡོངས་སུ་མི་འགྲོལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་
འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ནི་རྣམ་པར་རྟོག་པ་དེ་དག་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའི་ཕྱིར་རོ། །རབ་འབྱོར་གང་གི་ཚེ་བྱང་
ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དག་སྦྱིན་པ་སྦྱིན་པར་བྱེད་པ་ན། དམིགས་པའི་ཕ་མཐའ་མི་ཤེས་ན་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་པ་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒོམ་པ་དང་། བརྩོན་འགྲུས་རྩོམ་པ་
དང་། བསམ་གཏན་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་སྒོམ་པ་ན་དམིགས་པའི་ཕ་མཐའ་མི་ཤེས་ན། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་ཡོངས་སུ་མ་ཟིན་ན། རྣམ་པ་ཐམས་ཅད་མཁྱེན་
เล่ม ๓๒ · หน้า 142a
པ་ཉིད་ཀྱིས་ཡོངས་སུ་མ་ཟིན་པ་ཡིན་ཏེ། དེ་དག་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དག་ཐབས་ལ་མི་མཁས་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་
ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཐབས་ལ་མཁས་པ་དག་ཡིན་ཏེ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀུན་ཏུ་འཛིན་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་
གང་ཟག་དག་དང་པོ་ཉིད་དུ་ཐབས་ལ་མཁས་པས་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པར་མ་ལྷུང་བའི་སེམས་ཀྱིས་སྦྱིན་པ་དག་སྦྱིན་པར་བྱེད་དོ། །དེ་བཞིན་དུ་ཐབས་ལ་མཁས་པས་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པར་མ་ལྷུང་བའི་སེམས་ཀྱིས་ཤེས་
རབ་ཀྱི་བར་དུ་སྒོམ་པར་བྱེད་དོ། །སྦྱིན་པ་དེ་དག་སྦྱིན་པ་ན་འདི་སྙམ་དུ་བདག་ཅག་ནི་སྦྱིན་པ་དག་སྦྱིན་པར་བྱེད་པའོ། །སྦྱིན་པ་ནི་འདི་དག་སྦྱིན་པར་བྱའོ། །སློང་བ་འདི་དག་ལ་ནི་སྦྱིན་པར་བྱའོ། །དེ་བཞིན་དུ་བདག་ཅག་ནི་ཚུལ་ཁྲིམས་སྲུང་བར་བྱེད་པའོ། །བདག་ཅག་ནི་
ཚུལ་ཁྲིམས་དང་ལྡན་པའོ། །བདག་ཅག་ནི་བཟོད་པ་སྒྲུབ་པར་བྱེད་པའོ། །བདག་ཅག་ནི་བཟོད་པ་དང་ལྡན་པའོ། །བདག་ཅག་ནི་བརྩོན་འགྲུས་རྩོམ་པར་བྱེད་པའོ། །བདག་ཅག་ནི་བརྩོན་འགྲུས་དང་ལྡན་པའོ། །བདག་ཅག་ནི་བསམ་གཏན་ལ་མཉམ་པར་
འཇོག་པར་བྱེད་པའོ། །བདག་ཅག་ནི་བསམ་གཏན་དང་ལྡན་པའོ། །བདག་ཅག་ནི་ཤེས་རབ་སྒོམ་པར་བྱེད་པའོ། །བདག་ཅག་ནི་ཤེས་རབ་དང་ལྡན་པའོ་སྙམ་དུ་མི་སེམས་ཏེ། དེ་དག་ནི་སྦྱིན་པ་དེ་ལ་རློམ་སེམས་སུ་མི་བྱེད། སྦྱིན་པ་དེས་རློམ་སེམས་སུ་མི་བྱེད།
སྦྱིན་པས་རློམ་སེམས་སུ་མི་བྱེད། སྦྱིན་པ་ལ་རློམ་སེམས་སུ་མི་བྱེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་དེ་དང་། བཟོད་པ་དེ་དང་། བརྩོན་འགྲུས་དེ་དང་། བསམ་གཏན་དེ་དག་དང་། ཤེས་རབ་དེ་ལ་རློམ་སེམས་སུ་མི་བྱེད། ཤེས་རབ་དེས་རློམ་སེམས་སུ་མི་བྱེད།
เล่ม ๓๒ · หน้า 142b
ཤེས་རབ་ཀྱིས་རློམ་སེམས་སུ་མི་བྱེད། ཤེས་རབ་ལ་རློམ་སེམས་སུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་མེད་དེ། དེས་ན་རློམ་སེམས་སུ་མི་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
རྣམ་པར་རྟོག་པ་དེ་དག་མེད་དེ། དེས་ན་རློམ་སེམས་སུ་མི་བྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་འདི་ནི་ཕ་རོལ་ཏུ་ཕྱིན་པ་
མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་མངོན་པར་ཤེས་པ་དང་། དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ་བཞིན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་ལེགས་པར་
ཡོངས་སུ་ཟིན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལེགས་པར་ཡོངས་སུ་ཟིན་པ་ཡིན་ནོ། །ལེགས་པར་ཡོངས་སུ་ཟིན་པའི་ཕྱིར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་བར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་འགྱུར་རོ། །རབ་འབྱོར་
དེ་ལྟར་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཐབས་ལ་མཁས་པ་ཡིན་ཏེ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཀུན་ཏུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་
འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་དང་པོ་པས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི་ལགས། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་
ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་
เล่ม ๓๒ · หน้า 143a
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འདོད་པ་དང་། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་
ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པ་དང་། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན་དག་བསྟེན་པར་བྱ་ཞིང་བསྙེན་བཀུར་བྱའོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པར་འགྱུར་ཏེ། རིགས་ཀྱི་བུ་ཚུར་ཤོག །སེམས་ཅན་རྣམས་ལ་སྦྱིན་པ་གང་
ཅི་གཏོང་ཡང་རུང་། དེ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱོས་ལ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོས་ཤིག །ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་གཟུགས་སུ་མ་རྟོག་ཤིག་དེ་
བཞིན་དུ་ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པར་མ་རྟོག་ཤིག །དེ་བཞིན་དུ་ཚུལ་ཁྲིམས་གང་ཅི་སྲུང་ཡང་རུང་། བཟོད་པ་གང་ཅི་སྒོམ་ཡང་རུང་། བརྩོན་འགྲུས་གང་ཅི་རྩོམ་ཡང་རུང་། བསམ་གཏན་གང་ཅི་ལ་སྙོམས་པར་
འཇུག་ཀྱང་རུང་། ཤེས་རབ་གང་ཅི་སྒོམ་ཡང་རུང་། དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱོས་ལ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོས་ཤིག །དེ་བཞིན་དུ་ཁྱོད་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་དེ་གཟུགས་སུ་མ་རྟོག་ཤིག །དེ་བཞིན་དུ་ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པར་མ་རྟོག་ཤིག །ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་མ་རྟོག་ཤིག །
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด