འཕགས་པ་སྙིང་རྗེ་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཀ་རུ་ཎཱ་པུཎྜ་རཱི་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๕๐ · หน้า 271a

རྣམས་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་པ་ནས། ཐེག་པ་གསུམ་པོ་དག་ཀྱང་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་པའི་བར་དུ་བྱས་པས་ན། དེའི་ལས་ཀྱི་འཕྲོས་ད་ལྟར་ང་ཉོན་མོངས་པ་དང་ལྡན་ཞིང་མི་

དགེ་བའི་སྒྲས་ཀུན་ཏུ་ཁྱབ་ལ་མི་དགེ་བའི་རྩ་བ་དང་ལྡན་པའི་སེམས་ཅན་རྣམས་ཀྱིས་ཡོངས་སུ་གང་བའི་སངས་རྒྱས་ཀྱི་ཞིང་འདི་ལྟ་བུ་ན་ཐེག་པ་གསུམ་གྱིས་ཆོས་སྟོན་ཏེ། ངས་ནི་སྔོན་ཇི་ལྟར་སྨོན་ལམ་བཏབ་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་ཞིང་ངས་འདུལ་བའི་

སེམས་ཅན་ཇི་ལྟ་བུ་དག་ཡོངས་སུ་བཟུང་བ་དེ་ལྟ་བུ་ཁོ་ནའི་སྟོབས་དང་། བརྩོན་འགྲུས་དང་། འབད་པས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་དེ་སྨོན་ལམ་ཇི་ལྟ་བུ་བཏབ་ཅིང་། ས་བོན་ཅི་འདྲ་བ་བཏབ་པ་དེ་འདྲ་བའི་སངས་རྒྱས་ཀྱི་ཞིང་ཐོབ་བོ།། །།བམ་པོ་བཅུ་བཞི་

པ། རིགས་ཀྱི་བུ་ཇི་ལྟར་ངས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྦྱིན་པ་ཡོངས་སུ་གཏོང་བ་ཡོངས་སུ་བཏང་བ་ལྟར། སྔོན་གྱི་བྱང་ཆུབ་སེམས་དཔའ་གང་གིས་ཀྱང་དེ་ལྟ་བུའི་སྦྱིན་པ་ཡོངས་སུ་གཏོང་བ་ཡོངས་སུ་མ་བཏང་ལ། ཇི་ལྟར་ངས་བྱང་ཆུབ་སེམས་དཔའི་

སྤྱད་པ་སྤྱོད་པ་ན་སྦྱིན་པ་ཡོངས་སུ་གཏོང་བ་ཡོངས་སུ་བཏང་བ་ལྟར་ཕྱིས་འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་གང་ཡང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེ་ལྟ་བུའི་སྦྱིན་པ་ཡོངས་སུ་གཏོང་བ་ཡོངས་སུ་གཏོང་བར་མི་འགྱུར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མདོར་བསྡུས་ཏེ་

ཁྱོད་ལ་བཤད་པར་བྱའོ། །སྐྱེས་བུ་དམ་པ་བརྒྱད་ནི་མ་གཏོགས་ཏེ། སྐྱེས་བུ་དམ་པ་སས་བྱིན་ཞེས་བྱ་བར་གྱུར་པ་ནི་ལྷོ་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་ཀུན་དབྱངས་ཞེས་བྱ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་

གཤེགས་པ་འདྲེས་སྤོང་འོད་ཟེར་ཞེས་བྱ་བར་གྱུར་ནས་སྐྱེ་དགུ་ཚེ་ལོ་བརྒྱ་པ་རྣམས་ལ་ཆོས་སྟོན་ཅིང་ཞག་བདུན་ན་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཡང་དག་སྐུལ་ཞེས་བྱ་བ་དེ་ནི་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་མི་

เล่ม ๕๐ · หน้า 271b

འཕམ་ཅན་ཞེས་བྱ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྐྱེ་དགུའི་ཚེ་ལོ་བརྒྱ་པ་རྣམས་ལ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་ལྷག་པ་སྙེད་དུ་སངས་རྒྱས་ཀྱི་མཛད་པ་མཛད་ནས་དེའི་ཚེ་དེ་བཞིན་གཤེགས་པ་དེ་བླ་ན་མེད་པའི་

ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདས་ཏེ། ད་དུང་དུ་ཡང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་སྐུ་གདུང་རྣམས་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་སྟོང་པ་དག་ན་སངས་རྒྱས་ཀྱི་མཛད་པ་མཛད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྙིང་པོ་མེ་ཏོག་རྒྱས་

ཞེས་བྱ་བ་ནི་བརྩོན་འགྲུས་དང་། ཡི་དམ་བརྟན་པ་དང་། ཡོངས་སུ་གཏོང་བའི་སྟོབས་ཀྱི་ཤུགས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དེ། དེ་བསྐལ་པ་ཆེན་པོ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་འདས་པའི་འོག་ཏུ་འདི་ནས་བྱང་ཕྱོགས་སུ་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་

ཞིང་རྒྱུ་བཅས་ཡང་དག་འདྲེན་ཅེས་བྱ་བ་ཞིག་འབྱུང་བར་འགྱུར་བ་དེར་སྐྱེས་བུ་དམ་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱུར་བཅས་ནག་

པོ་རྣམ་པར་འཇོམས་པའི་རྒྱལ་པོ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཤེས་རབ་འོད་ཟེར་ཀུན་ནས་འཁྲུགས་འཛིན་ཅེས་བྱ་བའི་སྐྱེས་བུ་དམ་པ་དེ་ནི་བསྐལ་པ་ཆེན་པོ་གཅིག་འདས་ནས་ནུབ་ཕྱོགས་ལོགས་སུ་སྙིགས་མ་ལྔ་

དང་ལྡན་པའི་འཇིག་རྟེན་གྱི་ཁམས་འཇིགས་ལྡན་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་བ་དེར་སྐྱེ་དགུའི་ཚེ་ལོ་བརྒྱ་པའི་ནང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་ཉི་མའི་སྙིང་པོའི་འོད་ཟེར་དྲི་མ་མེད་པའི་དབང་པོ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །ལེགས་དགའ་འདི་ཡང་བསྐལ་པ་བགྲང་བ་ལས་ཡང་དག་པར་འདས་པ་སྙེད་རྫོགས་པའི་འོག་ཏུ། སྟེང་གི་ཕྱོགས་ལོགས་སུ་བསྐལ་པ་ཆེན་པོ་རྩོད་རྙོག་མི་

เล่ม ๕๐ · หน้า 272a

བཟད་ཡང་དག་འཁྲུག་ཅེས་བྱ་བ་ལ་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་འགྱུར་བྱེད་མི་གཙང་བསྩགས་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། ལེགས་དགའ་འདི་སྔོན་གྱི་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་འགྱུར་བྱེད་མི་གཙང་བསྩགས་ཞེས་བྱ་བ་དེར་

སྐྱེ་དགུའི་ཚེ་ལོ་ལྔ་བཅུ་པ་རྣམས་ཀྱི་ནང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་བསམ་ཡས་རྣམ་པར་སྣང་མཛད་ཅེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་ཞིང་། དེ་སྔོན་གྱི་སྨོན་

ལམ་གྱི་དབང་གིས་ལོ་བཅུས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་ཉིད་ཀྱི་ཉིན་མོ་དེ་བཞིན་གཤེགས་པ་དེའི་དམ་པའི་ཆོས་ཀྱང་ནུབ་པར་འགྱུར་ཞིང་ལོ་བཅུའི་བར་དུ་སངས་རྒྱས་ཀྱི་ཞིང་དེ་སྟོངས་པར་འགྱུར་རོ། །དེའི་འོག་

ཏུ་བྱང་ཆུབ་སེམས་དཔའ་རབ་ཏུ་ལག་བརྐྱང་འདི་སྔོན་གྱི་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་འགྱུར་བྱེད་མི་གཙང་བསྩགས་དེར་སྐྱེ་དགུའི་ཚེ་ལོ་སུམ་ཅུ་པ་རྣམས་ཀྱི་ནང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྣམ་པར་སྣང་མཛད་ཅེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་ཞིང་། དེ་ཡང་སྔོན་གྱི་སྨོན་ལམ་གྱི་དབང་གིས་ལོ་བཅུས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས། ཕུང་པོའི་ལྷག་

མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེའི་དམ་པའི་ཆོས་ནི་ལོ་བདུན་དུ་གནས་པར་འགྱུར་རོ། །དེ་ནས་སྐྱེས་བུ་དམ་པ་དེ་གཉིས་ཀྱིས་སྔར་ལུང་བསྟན་པ་ཐོབ་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རོ་མྱོང་

བ་ཐོབ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དགའ་བ་དང་། ཡིད་བདེ་བ་དང་། མཆོག་ཏུ་དགའ་བས་ཏ་ལ་བདུན་སྲིད་ཙམ་དུ་སྟེང་གི་བར་སྣང་ལ་མངོན་པར་འཕགས་ཤིང་ཐལ་མོ་སྦྱར་ཏེ་འཁོད་ནས། བཅོམ་ལྡན་འདས་ལ་དབྱངས་གཅིག་གིས་

เล่ม ๕๐ · หน้า 272b

ཚིགས་སུ་བཅད་དེ་གསོལ་པ། སངས་རྒྱས་ཉི་མ་བཞིན་དུ་ལྷང་ངེ་ཞིང་། །འཇིག་རྟེན་འདི་ན་མངོན་འཕགས་ལྷུན་པོ་འདྲ། །རྣམ་འདྲེན་རྡུལ་བྲལ་རྣམ་དག་སྤྱན་མངའ་བ། །སྣང་གྱུར་བདེ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ནི་བྱང་ཆུབ་དམ་པ་ཚོལ་བ་ན། །

བསྐལ་པ་མང་པོར་ཁྱོད་ཀྱིས་བརྩོན་འགྲུས་བསྒོམས། །ཁྱོད་ཀྱིས་སྔོན་གྱི་རྒྱལ་མང་གང་མཆོད་པ། །འདས་པའི་འདྲེན་པ་དེ་ཡིས་ལུང་མ་བསྟན། །འདོད་ཆགས་སྤངས་པ་ཡོངས་གྲོལ་ཐུགས་མངའ་བ། །ཁྱོད་འདིར་འཇིག་རྟེན་ཀུན་ཏུ་མཛད་པ་མཛད། །ལམ་སྟོར་རྣམས་

ལ་ཆོས་ཀྱང་སྟོན་མཛད་ཅིང་། །སེམས་ཅན་རྣམས་ཀྱང་སྲིད་པའི་མཚོ་ལས་བསྒྲལ། །རང་བྱུང་བསྟན་ལ་བདག་ཅག་རབ་བྱུང་ཞིང་། །དབང་པོ་མཉམ་བཞག་རྒྱལ་བས་བསྟན་པ་ཡི། །སོ་སོར་ཐར་པའི་བསླབ་པ་དེ་བསླབས་ནས། །བདག་ཅག་རྟག་ཏུ་ཁྱོད་དང་ཉེར་གྱུར་

ཅིག །སྲོག་ལ་བརྟེན་པ་མ་མཆིས་ཆོས་འཚལ་ཞིང་། །སྟོན་པར་འདུ་ཤེས་ཆོས་རྣམས་མཉན་བགྱིས་ནས། །རྒྱལ་བས་མངོན་པར་ལུང་བསྟན་དོན་དེ་ཡི། །རོ་མྱོང་དབང་བསྐུར་ས་ཡང་ཐོབ་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སྐྱེས་

བུ་དམ་པ་ལེགས་དགའ་དང་། རབ་ཏུ་ལག་བརྐྱང་ཞེས་བྱ་བ་དེ་གཉིས་དང་། སས་བྱིན་དང་། བརྩོན་འགྲུས་ཡང་དག་སྐུལ་དང་། སྙིང་པོ་མེ་ཏོག་རྒྱས་དང་། ཤེས་རབ་འོད་ཟེར་ཀུན་འཁྲུགས་འཛིན་ཅེས་བྱ་བ་བཞི་དང་། སྐྱེས་བུ་དམ་པ་དྲུག་པོ་དེ་དག་གིས་བྱང་ཆུབ་ཏུ་སེམས་

བསྐྱེད་པ་ལས་ངས་དང་པོ་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པ་དེ་དག་ཉོན་ཅིག །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་དཔག་ཏུ་མེད་པ་འདས་པར་གྱུར་པ་དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་ཞིང་འདི་རྡུལ་མེད་ལྷུན་པོ་སྤོས་ཞེས་བྱ་བར་གྱུར་

ཏེ། རིགས་ཀྱི་བུ་དེའི་ཚེ་བསྐལ་པ་ཆེན་པོ་བྱུང་བ་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་ཅིང་དེ་བཞིན་གཤེགས་པ་སྤོས་ཀྱི་པད་མའི་བསྟན་པ་དམ་པའི་ཆོས་ཀྱི་གཟུགས་བརྙན་དུ་གྱུར་པ་དེའི་ཚེ་དེའི་དུས་ན་ང་འཛམ་བུའི་གླིང་ལས་རྣམ་པར་རྒྱལ་བའི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་

เล่ม ๕๐ · หน้า 273a

ནོར་ངན་ཅེས་བྱ་བར་གྱུར་ཅིང་བུ་ཡང་སྟོང་ཡོད་པར་གྱུར་ནས། ངས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་གོ། །དེ་དག་ཀྱང་དུས་གཞན་ཞིག་ན་མངོན་པར་བྱུང་སྟེ། དེ་བཞིན་གཤེགས་པ་སྤོས་ཀྱི་པད་

མའི་བསྟན་པ་ལ་རབ་ཏུ་བྱུང་ནས་དེ་དག་གིས་དེ་བཞིན་གཤེགས་པ་སྟོབས་ཀྱི་པད་མའི་བསྟན་པ་རྒྱ་ཆེར་འབར་བར་བྱས་སོ། །གང་དག་རབ་ཏུ་མ་བྱུང་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་འདོད་པ་བུ་དྲུག་ཅིག་མ་གཏོགས་ཏེ། ངས་དེ་དག་ལ་ཡང་དང་ཡང་དུ་བསྒོ་བ། ཁྱེད་

ཅག་བསམ་པ་ཇི་ལྟ་བུ་ཞིག་གིས་ན་ཁྱེད་རབ་ཏུ་མི་འབྱུང་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་བྱེད། དེ་དག་གིས་སྨྲས་པ། བདག་ཅག་ནི་རབ་ཏུ་མི་འབྱུང་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་ཟད་པའི་དུས་ཀྱི་མཐར་དམ་པའི་ཆོས་གཟུགས་བརྙན་དུ་གྱུར་པ་ན་རབ་ཏུ་བྱུང་བ་

དེས་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་དག་ཀུན་ཏུ་འཛིན་པར་ཡང་རྔོ་མི་ཐོགས་ལ། དེ་ནོར་བདུན་དང་ཡང་བྲལ་བར་འགྱུར་ཞིང་འཁོར་བའི་འདམ་དུ་བྱིང་ནས། དེས་སླར་རེས་འགའ་ཞིག་ལྷ་དང་མིའི་དཔལ་ཐོབ་པར་བས་ཀྱི། རྟག་ཏུ་ངན་སོང་གསུམ་པོ་དག་ཏུ་ཡོངས་སུ་

འཁྱམ་པར་འགྱུར་ཞིང་། སངས་རྒྱས་ཀྱི་བསླབ་པ་ཡང་དག་པར་འཛིན་པར་མི་འགྱུར་ཏེ། དེའི་སླད་དུ་བདག་ཅག་རབ་ཏུ་མི་འབྱུང་བ་ལགས་སོ། །ངས་ཡང་དེ་དག་ལ་དྲིས་པ། ཁྱེད་ཅག་ཅིའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་བྱེད། དེ་དག་གིས་སྨྲས་པ། གལ་

ཏེ་བདག་ཅག་ལ་འཛམ་བུའི་གླིང་ཐམས་ཅད་སྩལ་ན། དེ་ལྟ་ན་བདག་ཅག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །རིགས་ཀྱི་བུ་ངས་དེ་ཐོས་ནས་མཆོག་ཏུ་དགའ་བའི་ཡིད་ཀྱིས་འདི་སྙམ་དུ་བསམས་ཏེ། ངས་འཛམ་བུའི་གླིང་གི་མི་

ཐམས་ཅད་གསུམ་ལ་སྐྱབས་སུ་འགྲོ་བ་ལ་རབ་ཏུ་བཀོད་ཅིང་འཕགས་པའི་གསོ་སྦྱོང་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་ཡང་ཡང་དག་པར་འཛིན་ཏུ་བཅུག་སྟེ། ཐེག་པ་གསུམ་པོ་དག་ཀྱང་ཡང་དག་པར་འཛིན་དུ་བཅུག་ཟིན་གྱིས། གང་བདག་གིས་འཛམ་བུའི་གླིང་འདི་ཆ་

เล่ม ๕๐ · หน้า 273b

དྲུག་ཏུ་བགོས་ཏེ་བུ་དྲུག་པོ་དག་ལ་བྱིན་ལ་བྱིན་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་གཞུག་ཅིང་བདག་ཀྱང་མངོན་པར་བྱུང་སྟེ། རབ་ཏུ་བྱུང་བར་བྱ་གོར་མ་ཆག་སྙམ་ནས་ངས་དེ་བཞིན་དུ་འཛམ་བུའི་གླིང་ཐམས་ཅད་ཆ་དྲུག་ཏུ་བགོས་ཏེ། བུ་

དྲུག་པོ་དག་ལ་བྱིན་ནས་བདག་ཀྱང་མངོན་པར་བྱུང་སྟེ། རབ་ཏུ་བྱུང་བ་དང་། འཛམ་བུའི་གླིང་གི་རྒྱལ་པོ་དེ་དག་ཀྱང་ཕན་ཚུན་མི་འཐུན་ཞིང་འཐབ་པ་དང་། མཚང་འདྲུ་བ་དང་། འགྱེད་པ་དང་། ནད་དང་། ཕ་རོལ་གྱི་འཁོར་གྱིས་འཁྲུག་པ་དང་། རྩོད་པ་དག་བྱུང་ངོ་། །དེའི་

ཕྱིར་འཛམ་བུའི་གླིང་ཐམས་ཅད་དུ་མུ་གེ་བྱུང་སྟེ། ལོ་ཏོག་རྣམས་ཀྱང་མི་སྐྱེ། ཆར་པ་ཡང་མི་འབབ། ཤིང་ལྗོན་པ་དག་ལས་ཀྱང་ལོ་མ་དང་། མེ་ཏོག་དང་། འབྲས་བུ་དག་མི་སྐྱེ། སྨན་དང་། རྩྭ་དག་ཀྱང་མི་སྐྱེ་བས་རི་དགས་དང་བྱ་རྣམས་ཀྱང་བཀྲེས་པ་དང་སྐོམ་པས་ལུས་རབ་ཏུ་འབར་

ཞིང་ཉམ་ཐག་པར་གྱུར་ཏོ། །དེའི་ཚེ་ན་ང་འདི་སྙམ་དུ་སེམས་ཏེ། ངས་ད་ལྟར་གྱི་ལུས་འདི་ཡོངས་སུ་བཏང་སྟེ། རང་གི་ཤ་དང་ཁྲག་གིས་སེམས་ཅན་རྣམས་ཚིམ་པར་བྱའོ་སྙམ་ནས། དེ་ནས་ངས་གནས་ཡོངས་སུ་སྤངས་ཏེ། ཡུལ་གྱི་དབུས་སུ་སོང་ནས་རི་ཆུ་སྐྱོང་ཞེས་བྱ་བ་ལ་

འཛེགས་ཏེ་སྨོན་ལམ་བཏབ་པ། འདི་ལྟར་རང་གི་ལུས་སྲོག་གཏོང་བ་ནི། །སྙིང་རྗེའི་ཕྱིར་ཏེ་མཐོ་རིས་ཕྱིར་མ་ཡིན། །རི་འདིའི་འཕང་ཙམ་དག་ཏུ་གྱུར་ནས་ནི། །ལྷར་བཅས་འཇིག་རྟེན་དོན་དུ་འགྱུར་བར་ཤོག །འདི་ལྟར་གཟུགས་མཛེས་ཕུན་སུམ་གཏོང་བ་ནི། །བདུད་

ཕྱིར་མ་ཡིན་བརྒྱ་བྱིན་ཚངས་ཕྱིར་མིན། །བདག་གི་ཤ་ཁྲག་མང་པོར་གྱུར་ནས་ནི། །ལྷར་བཅས་འཇིག་རྟེན་དོན་ནི་བྱེད་གྱུར་ཅིག །གང་དག་རི་དང་བྲག་ལ་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་ལྷ་མིན་མི་རྣམས་ཉོན། །སེམས་ཅན་ཕྱིར་ནི་བདག་གིས་བརྩེ་བསྐྱེད་དེ། །རང་གི་ཤ་

ཁྲག་དག་གིས་ཚིམ་པར་བྱ། །གང་གི་ཚེ་ངས་སྨོན་ལམ་དེ་ལྟ་བུ་བཏབ་པ་ན། འཇིག་རྟེན་གསུམ་འཁྲུགས་ཤིང་ས་ཡང་གཡོས། ལྷུན་པོ་ཡང་འགུལ། ལྷའི་ཚོགས་རྣམས་ཀྱང་ངུའོ། །དེ་ནས་ངས་རང་གི་ལུས་རི་ཆུ་སྐྱོང་གི་ཁ་ནས་བོར་བ་དང་། སྨོན་ལམ་གྱི་དབང་གིས་

เล่ม ๕๐ · หน้า 274a

ངའི་ལུས་རིའི་ཚད་ཙམ་དུ་གྱུར་ཅིང་། མགོ་འབུམ་ཕྲག་དུ་མ་ཡོད་པར་གྱུར་ལ། ཁྱོན་དུ་ནི་དཔག་ཚད་བརྒྱ། འཕང་དུ་ཡང་དཔག་ཚད་བརྒྱར་གྱུར་ནས། མི་དང་། རི་དགས་དང་། བྱའི་བར་དག་གིས་ཀྱང་ཤ་དང་ཁྲག་བཟའ་བར་བརྩམས་སོ། །རིགས་ཀྱི་བུ་ངའི་

ལུས་ལ་སེམས་ཅན་དེ་དག་གིས་ཟོས་པ་ན་ཉིན་གཅིག་བཞིན་དུ་ཕྱིར་སྐྱེ་ཞིང་ཁྱོན་དུ་ཡང་དཔག་ཚད་འབུམ། འཕང་དུ་ཡང་དཔག་ཚད་འབུམ་ཡོད་པར་འགྱུར་ལ། ཐམས་ཅད་ནས་མིའི་མགོ་བོ་སྐྲ་དང་། རྣ་བ་དང་། མིག་དང་བཅས་པ། མཆུ་དང་སོ་དང་བཅས་པ། ལྕེ་དང་

བཅས་པའི་ཁ་འབུམ་ཕྲག་དུ་མ་དག་བྱུང་བར་གྱུར་ནས། ཁ་འབུམ་ཕྲག་དུ་མ་པོ་དེ་དག་ནས་མིའི་སྐད་ཀྱིས་སྒྲ་སྒྲོགས་པ། ཀྱེ་སེམས་ཅན་དག་ཅི་འདོད་པ་ལོང་ཤིག །ཀྱེ་ཤ་ཟོ་ཤིག །ཁྲག་འཐུང་ཤིག །མིག་དག་ཁྱེར་ཅིག །རྣ་བ་དང་། སྣ་དང་། སྐྲ་དང་། མཆུ་དང་།

སོ་དང་། ལྕེ་དག་ཁྱེར་ཅིག །གང་འདོད་པ་དང་། གང་གིས་འདོད་པ་དང་། ཇི་སྙེད་འདོད་པས་ལུས་ཚིམ་པར་གྱུར་ཅིག །བསམ་པ་ཡོངས་སུ་རྫོགས་པར་གྱུར་པ་རྣམས་ནི་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག །ཁྱེད་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་འདི་ནི་ཟད་པར་ཡང་མི་འགྱུར་ལ། ཁྱེད་ལ་དད་པས་བྱིན་པར་ཡང་མི་འགྱུར་གྱིས། ཁྱེད་ཅག་མྱུར་བ་ཉིད་དུ་སྲོག་ཟད་པར་ཡང་མ་གྱུར་ཅིག་ཅེས་སྒྲ་སྒྲོགས་པར་བྱེད་དོ། །དེ་ན་སེམས་ཅན་

མཁས་པ་གང་ཡིན་པ་དེ་དག་ལས་ཁ་ཅིག་ནི་ཉན་ཐོས་ཀྱི་ཐེག་པར་སེམས་སྐྱེད་པར་བྱེད། ཁ་ཅིག་ནི་རང་སངས་རྒྱས་ཀྱི་ཐེག་པར་སེམས་སྐྱེད་པར་བྱེད། ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །ཁ་ཅིག་ནི་ལྷ་དང་མིར་སྐྱེ་

བར་སེམས་སྐྱེད་པར་བྱེད་ཅིང་། ཤ་ནི་ཟ། ཁྲག་ནི་འཐུང་ངོ་། །ཁ་ཅིག་གིས་ནི་མིག་དག་ཁྱེར། ཁ་ཅིག་གིས་ནི་རྣ་བ་དག །ཁ་ཅིག་གིས་ནི་སྣ་དག །ཁ་ཅིག་གིས་ནི་མཆུ་དག །ཁ་ཅིག་གིས་ནི་སོ་དག་བླངས་ནས་ཁྱེར་ཏེ་དོང་ཡང་སྨོན་ལམ་གྱི་དབང་གིས་ཤ་བྲི་བར་

เล่ม ๕๐ · หน้า 274b

ཡང་མ་གྱུར། ཡོངས་སུ་ཟད་པར་ཡང་མ་གྱུར་ལ། ཡང་དང་ཡང་ཕྱིར་སྐྱེས་པར་གྱུར་ཏོ། །ལོ་ཁྲིའི་བར་དུ་འཛམ་བུའི་གླིང་གི་མི་ཐམས་ཅད་དང་། གནོད་སྦྱིན་དང་། རི་དགས་དང་། བྱ་རྣམས་ཀྱང་ངའི་ལུས་ཀྱིས་ཚིམ་པར་བྱས་ཏེ། ངས་ལོ་ཁྲི་པོ་དེའི་བར་དུ་གང་གཱའི་ཀླུང་

གི་བྱེ་མ་སྙེད་ཀྱི་མིག་དག་ཡོངས་སུ་བཏང་ངོ་། །ངས་རྒྱ་མཚོ་བཞིའི་ཆུ་སྙེད་ཀྱི་ཁྲག་དག་ཡོངས་སུ་བཏང་ངོ་། །ངས་རི་རབ་སྟོང་སྙེད་ཙམ་གྱི་ཤ་དག་ཡོངས་སུ་བཏང་ངོ་། །ངས་རི་ཁོར་ཡུག་ཙམ་གྱི་ལྕེ་དག་ཡོངས་སུ་བཏང་ངོ་། །ངས་ལྷུན་པོ་དང་གཉའ་ཤིང་འཛིན་ཙམ་གྱི་

རྣ་བ་དག་ཡོངས་སུ་བཏང་ངོ་། །ངས་རི་རབ་ཙམ་གྱི་སྣ་རྒྱ་ཆེན་པོ་དག་ཡོངས་སུ་བཏང་ངོ་། །ངས་བྱ་རྒོད་ཀྱི་ཕུང་པོའི་རི་འདི་ཙམ་གྱི་སོ་དག་ཡོངས་སུ་བཏང་ངོ་། །ངས་དེར་སངས་རྒྱས་ཀྱི་ཞིང་མི་མཇེད་མཐའ་དག་གིས་གཞི་ཙམ་གྱི་རང་གི་པགས་པ་ཡང་ཡོངས་སུ་བཏང་ངོ་། །

རིགས་ཀྱི་བུ་དེ་ལྟར་ལོ་ཁྲིའི་བར་དུ་སྲོག་གཅིག་གིས་རང་གི་ལུས་ཡོངས་སུ་བཏང་བ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ཡོངས་སུ་བཏང་ཞིང་། དེ་ལྟར་སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ཚིམ་པར་བྱས་ཀྱང་ངའི་སེམས་སྐད་ཅིག་གཅིག་ཙམ་ཡང་འགྱོད་

པར་མ་གྱུར་པ་ལ་ལྟོས། དེར་ངས་སྨོན་ལམ་འདི་ལྟ་བུ་ཡང་བཏབ་སྟེ། གལ་ཏེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལྟ་ན། བདག་གི་བསམ་པ་འདི་ཡང་ཡོངས་སུ་རྫོགས་པར་གྱུར་ཅིག །ཇི་ལྟར་བདག་

གིས་གླིང་གཅིག་ཏུ་རང་གི་ལུས་ཀྱིས་སེམས་ཅན་ཐམས་ཅད་ཚིམ་པར་བྱས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྡུལ་མེད་ལྷུན་པོ་སྤོས་འདིའི་གླིང་ཐམས་ཅད་དུ་ཡང་ལོ་སྟོང་ཕྲག་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དེ་ལྟ་བུའི་ལུས་འབྱུང་བར་གྱུར་ཅིག །གླིང་གཅིག་ཏུ་ལོ་ཁྲིའི་བར་དུ་ཇི་

ལྟ་བ་དེ་བཞིན་དུ་གླིང་ཐམས་ཅད་དུ་ཡང་རང་གི་ཤ་དང་། ཁྲག་དང་། པགས་པ་དང་། མིག་དང་། རྣ་བ་དང་། སྣ་དང་། མཆུ་དང་། ལྕེ་དང་། སྐྲ་དག་གིས་སེམས་ཅན་ཐམས་ཅད་ཚིམ་པར་བྱས་ཤིང་ཐེག་པ་གསུམ་པོ་དག་ཡང་དག་པར་འཛིན་དུ་བཅུག་པར་གྱུར་

เล่ม ๕๐ · หน้า 275a

ཅིག །མི་རྣམས་དང་། གནོད་སྦྱིན་དང་། སྲིན་པོ་རྣམས་དང་། དུད་འགྲོའི་སྐྱེ་གནས་ཐམས་ཅད་དང་། གང་དག་ཤ་ཟ་ཞིང་ཁྲག་འཐུང་བ་སོ་སོའི་གནོད་སྦྱིན་རྣམས་དང་། ཐ་ན་གཤིན་རྗེའི་འཇིག་རྟེན་གྱི་བར་དེ་དག་ཀྱང་བདག་གིས་ཚིམ་པར་བྱེད་པར་གྱུར་ཅིག །

ཇི་ལྟར་བདག་གིས་སངས་རྒྱས་ཀྱི་ཞིང་གཅིག་ཏུ་རང་གི་ལུས་ཀྱིས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པར་འགྱུར་བ་དེ་བཞིན་དུ། ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་རང་གི་ཤ་དང་། ཁྲག་དང་། པགས་པ་དང་། མིག་དང་།

ལྕེའི་བར་དག་དང་། དེ་ལྟ་བུའི་ལུས་ཀྱིས་བསྐལ་པ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ཏུ་དེ་ལྟ་བུའི་ལུས་ཐོབ་ནས་རང་གི་ལུས་དང་སྲོག་གིས་སེམས་ཅན་རྣམས་ཚིམ་པར་བྱེད་པར་གྱུར་ཅིག །གལ་ཏེ་བདག་སེམས་ཅན་རྣམས་ཚིམ་པར་བྱ་

བའི་ཕྱིར་རང་གི་ལུས་དེ་ལྟ་བུ་དག་ཡོངས་སུ་གཏོང་བར་མི་བྱེད་དམ། ཇི་ལྟར་བདག་རེ་ཞིང་སེམས་པའི་སྨོན་ལམ་དེ་ལྟ་བུ་ཡོངས་སུ་རྫོགས་པར་མ་གྱུར་ན་བདག་གིས་གང་དག་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གཞན་དང་། གཞན་དག་ན་ཆོས་ཀྱི་འཁོར་ལོ་བསྐོར་ནས་

བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག །བདག་འཁོར་བ་ན་འཁོར་བའི་ཚེ་སངས་རྒྱས་

ཀྱི་སྒྲ་ཐོས་པར་མ་གྱུར་ཅིག །ཆོས་ཀྱི་སྒྲ་ཡང་མི་ཐོས། དགེ་འདུན་གྱི་སྒྲ་ཡང་མི་ཐོས། ཕ་རོལ་ཏུ་ཕྱིན་པའི་སྒྲ་ཡང་མི་ཐོས། བདུད་ཀྱི་དཔུང་ཕམ་པའི་སྒྲ་ཡང་མི་ཐོས། མི་འཇིགས་པའི་སྒྲ་ཡང་མི་ཐོས་པ་ནས། འཁོར་བ་ན་དགེ་བའི་སྒྲའི་བར་ཡང་ཐོས་པར་མི་འགྱུར་

ཞིང་། རྟག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ན་གནས་པར་གྱུར་ཅིག་ཅེས་སྨོན་ལམ་དེ་ལྟ་བུ་ཡང་བཏབ་བོ། །ཇི་ལྟར་སངས་རྒྱས་ཀྱི་ཞིང་འདིའི་གླིང་ཐམས་ཅད་ཀྱི་གླིང་རེ་རེར་ཡང་དེ་ལྟ་བུའི་ལུས་དག་ཡོངས་སུ་བཏང་ཞིང་། རང་གི་ཤ་དང་ཁྲག་གིས་སེམས་

เล่ม ๕๐ · หน้า 275b

ཅན་རྣམས་ཚིམ་པར་བྱས་པ་དེ་བཞིན་དུ་ཕྱོགས་བཅུ་གཞན་གྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་དེ་ལྟ་བུའི་ལུས་དག་ཡོངས་སུ་བཏང་སྟེ། རང་གི་ཤ་དང་ཁྲག་གིས་སེམས་ཅན་རྣམས་ཚིམ་པར་བྱས་སོ། །རིགས་ཀྱི་བུ་དེའི་ཚེ་ངས་རྒྱུན་མ་ཆད་པར་མིག་

དག་ཡོངས་སུ་བཏང་བ་གང་ཡིན་པ་དེ་དག་གི་ཕུང་པོ་ཡང་འཛམ་བུའི་གླིང་འདི་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་མཐར་ཐུག་པའི་ཚད་ཙམ་དུ་གྱུར་ཏེ། དེ་བཞིན་གཤེགས་པའི་ལུས་ཡོངས་སུ་གཏོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ལྟོས། རིགས་ཀྱི་བུ་དེ་ནི་དེ་བཞིན་གཤེགས་

པའི་ལུས་ཡོངས་སུ་གཏོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མདོར་བསྡུས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་དེའི་འོག་ཏུ་བསྐལ་པ་ཚད་མེད་པ་འདས་པ་ན་སངས་རྒྱས་ཀྱི་ཞིང་འདི་ཟླ་བ་རྣམ་པར་སྣང་བ་ཞེས་བྱ་བར་གྱུར་ཏེ། དེ་ཡང་སྙིགས་མ་ལྔ་དང་ལྡན་པར་གྱུར་ཏོ། །ང་

ཡང་འཛམ་བུའི་གླིང་དེར་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྒྲོན་མ་སྣང་བ་ཞེས་བྱ་བར་གྱུར་ནས་ངས་ཇི་སྐད་སྔར་སྨོས་པ་བཞིན་དུ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་དག་ལ་ངེས་པར་སྦྱར་ཏོ། །ཕྱིས་ང་རང་གིས་བལྟ་བའི་ཕྱིར་སྐྱེད་མོས་ཚལ་གྱི་སར་བྱུང་བ་

དང་། དེ་ན་ངས་བཅིང་བ་དམ་པོས་ཕྱིན་ཀ་ལོག་ཏུ་བཅིངས་པའི་མི་ཞིག་མཐོང་ངོ་། །མཐོང་ནས་ཀྱང་ངས་བློན་པོ་རྣམས་ལ་མི་འདིས་ཅི་ཞིག་བྱས་ཞེས་དྲིས་པ་དང་། བློན་པོ་རྣམས་ཀྱིས་ང་ལ་སྨྲས་པ། ལྷ་མི་འདི་ནི་ལྷ་ལ་ནོངས་པ་བགྱིས་པ་ལགས་ཏེ། དགུང་ལོ་གཅིག་

ལ་མི་འདིའི་འབྲུ་དང་། ལོ་ཏོག་ཅི་འཁྲུང་བ་དེ་ལས་དྲུག་ཆ་གཅིག་ལྷའི་ཞལ་སྔར་འབུལ་བ་ལགས་ན། ཇི་ལྟར་ལྷའི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་ཀྱི་མི་དང་། རི་བྲགས་དག་ན་གནས་པའི་འཕངས་ལས་ཀྱི་མཐས་འཚོ་བ་གཞན་དག་འདུ་བའི་སྒོ་འབུལ་བར་བགྱིད་པ་དེ་ལྟར་

མི་འདི་འབུལ་བར་མི་བགྱིད་ལགས་སོ། །དེ་དག་ལ་ངས་འདི་སྐད་ཅེས་སྨྲས་སོ། །མི་འདི་ཐོང་ལ་སུ་ལ་ཡང་མཐུས་ནོར་དང་འབྲུ་དག་མ་སྡུད་ཅིག །དེ་དག་གིས་སྨྲས་པ། ལྷ་འགའ་ཡང་སེམས་ཤིན་ཏུ་དད་པས་འབུལ་བར་མི་བགྱིད་དོ། །གདུགས་གཅིག་བཞིན་དུ་ལྷའི་ཞལ་

เล่ม ๕๐ · หน้า 276a

ཟས་དང་། སྐྱེམས་དང་། ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་གང་ལགས་པ་དང་། ལྷའི་བཙུན་མོའི་འཁོར་དང་། ལྷ་མོ་དང་། ལྷའི་སྲས་རྣམས་དང་། སྲས་མོ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་གང་ལགས་པ་དེ་དག་ཐམས་ཅད་ཀྱང་གཞན་དག་

ལས་འདུ་བ་ལགས་ན། འགའ་ཡང་སེམས་རབ་ཏུ་དང་བས་འབུལ་བར་མི་བགྱིད་ལགས་སོ། །དེ་ནས་ཤིན་ཏུ་ཡིད་མི་བདེ་སྟེ་བསམས་པ། ངས་འཛམ་བུའི་གླིང་ཐམས་ཅད་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་འདི་སུ་ལ་སྦྱིན་པར་བྱ་སྙམ་ནས། ང་ལ་བུ་ལྔ་བརྒྱ་ཡོད་པར་གྱུར་པ་དེ་དག་

ཀྱང་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་། འཛམ་བུའི་གླིང་འདི་ཡང་ཆ་ལྔ་བརྒྱར་བགོས་ཏེ་བུ་རྣམས་ལ་བྱིན་ནས། ང་ཡང་དཀའ་ཐུབ་ཀྱི་ནགས་ཚལ་དུ་སོང་སྟེ། དྲང་སྲོང་གི་རབ་ཏུ་འབྱུང་བས་ཚངས་པར་སྤྱད་པ་སྤྱོད་ཅིང་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དང་ཧ་ཅང་ཡང་མི་

རིང་བའི་ནགས་ཁྲོད་ཅིག་ན་ནགས་ཀྱི་རྩ་བ་དང་འབྲས་བུ་ཟ་ཞིང་། ཤིང་ཨུ་དུམ་བཱ་རའི་དྲུང་ན་བསམ་གཏན་སྒོམ་ཞིང་འདུག་འདུག་ནས་མཐར་གྱིས་མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ཏོ། །ཡང་དེའི་ཚེ་ན་འཛམ་བུའི་གླིང་གི་ཚོང་པ་ལྔ་བརྒྱ་ཞིག་རྒྱ་མཚོ་ཆེན་པོར་ཞུགས་པ་དང་།

དེ་དག་གིས་ཀྱང་དེ་ནས་རིན་པོ་ཆེའི་ཕུང་པོ་མང་དུ་རྙེད་དོ། །དེ་ན་དེད་དཔོན་ཟླ་བ་ཞེས་བྱ་བ་སྐྱེས་བུ་སྐལ་བ་དང་ལྡན་ཞིང་མཛངས་པ་ཞིག་ཡོད་པ་དེས་ཀྱང་ཡིད་བཞིན་གྱི་ནོར་བུ་རྙེད་ནས། དེ་དག་རིན་པོ་ཆེའི་གླིང་དེ་ནས་ནོར་བུ་རིན་པོ་ཆེའི་ཕུང་པོ་རྒྱ་ཆེན་པོ་དང་། ཡིད་བཞིན་གྱི་

ནོར་བུ་དེ་ཁྱེར་ཏེ་ཕྱིར་འཕགས་པ་དང་། དེ་ནས་རྒྱ་མཚོ་ཡང་འཁྲུགས། ཀླུ་རྣམས་ཀྱང་ཁྲོས། གང་དག་དེ་ན་གནས་པའི་ལྷ་རྣམས་ཀྱང་ངུའོ། །དེ་ན་དྲང་སྲོང་དབུགས་འབྱིན་ཅེས་བྱ་བ་བྱང་ཆུབ་སེམས་དཔའ་ཞིག་ཀྱང་སྔོན་གྱི་སྨོན་ལམ་གྱིས་དེར་སྐྱེས་ནས་སེམས་ཅན་ཆེན་

པོ་དེས་འགྲོན་པོ་དེ་དག་བདེ་ཞིང་བཀྲ་ཤིས་པར་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏོ། །སྲིན་པོ་གདུག་པ་ཕྱིར་རྒོལ་ཞིང་གླགས་ལྟ་ལ། སྐབས་ཚོལ་བ་ཞིག་ཀྱང་འགྲོན་པོ་དེ་དག་གི་ཕྱི་བཞིན་རྗེས་སུ་འབྲང་བར་གྱུར་ནས། དེ་ནས་ཞག་བདུན་གྱི་བར་དུ་རླུང་མར་དྲག་པོ་དང་། ཆར་པ་

เล่ม ๕๐ · หน้า 276b

ཆེན་པོ་བབས་ནས། དེས་ཚོང་པ་དེ་དག་ལམ་རབ་ཏུ་སྟོར་ཏེ་ཤིན་ཏུ་སྐྲག་ནས་སྒྲ་ཆེན་པོས་ངུ་ཞིང་ཆོ་ངེས་འདེབས་ལ་སྨྲེ་སྔགས་འདོན་ཅིང་ལྷ་དང་། གུ་ལང་དང་། ཆུ་ལྷ་དང་། ལུས་ངན་ལ་གསོལ་བ་འདེབས་པ་ནས། ཕ་དང་མ་དང་སྡུག་པའི་བུ་རྣམས་ཞེས་བྱ་བའི་

བར་དུ་ངུ་འབོད་པར་བྱེད་པ་ངའི་ལྷའི་རྣ་བས་ཐོས་ནས། ང་ལམ་ཇི་སྲིད་པ་དེར་སོང་སྟེ། ཚོང་པ་དག་ལ་མ་འཇིགས་ཤིག །མ་འཇིགས་ཤིག་དང་། ངས་ཁྱེད་ཅག་ལ་ལམ་བསྟན་པར་བྱ་ཞིང་། འཛམ་བུའི་གླིང་དུ་བདེ་ཞིང་བཀྲ་ཤིས་པར་ཕྱིན་པའི་བར་དུ་བྱའོ་ཞེས་ཚོང་པ་

རྣམས་དབུགས་ཕྱུང་ནས། དེའི་ཚེ་ངས་རས་ཏིལ་མར་གྱིས་བསྐུས་ཏེ་རང་གི་ལག་པ་དཀྲིས་ནས་མེ་འབར་བར་བྱས་ཏེ་བདེན་པའི་ཚིག་བརྗོད་པ། གལ་ཏེ་བདག་གིས་སེམས་ཅན་རྣམས་ཀྱི་དོན་དང་ཕན་པའི་ཕྱིར་ལོ་ཉི་ཤུ་རྩ་དྲུག་ཏུ་ཚངས་པའི་གནས་པ་བཞི་པོ་དག་གིས་

ནགས་ཁྲོད་དུ་གནས་ཏེ། ནགས་ཀྱི་རྩ་བ་དང་། འབྲས་བུ་ཟ་ཞིང་ཀླུ་དང་གནོད་སྦྱིན་བརྒྱད་ཁྲི་བཞི་སྟོང་གིས་སེམས་ཀྱི་རྒྱུད་ཡོངས་སུ་སྨིན་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་པ་ལྟ་ན། བདེན་པ་དང་བདེན་

པའི་ཚིག་དེ་དང་། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དེས་བདག་གི་ལག་པ་འབར་བར་འགྱུར་ཞིང་ཚོང་པ་རྣམས་ཀྱིས་ལམ་རྙེད་པར་གྱུར་ཏེ། འཛམ་བུའི་གླིང་དུ་བདེ་ཞིང་བཀྲ་ཤིས་པར་ཕྱིན་པར་གྱུར་ཅིག་ཅེས་བདེན་པའི་ཚིག་བརྗོད་པ་དང་། ཉིན་མཚན་བདུན་གྱི་བར་དུ་ངའི་

ལག་པ་དེ་འབར་བར་གྱུར་ནས་ཚོང་པ་དེ་དག་འཛམ་བུའི་གླིང་དུ་བཀོད་དོ། །དེར་ངས་སྨོན་ལམ་བཏབ་པ། གལ་ཏེ་གང་གི་ཚེ་འཛམ་བུའི་གླིང་ན་རིན་པོ་ཆེ་མེད་པར་གྱུར་པ་དེའི་ཚེ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་

འགྱུར་བ་ལྟ་ན་བདག་གི་བསམ་པ་འདི་ཡང་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་འཛམ་བུའི་གླིང་དུ་དེད་དཔོན་དུ་གྱུར་ལ་ལན་བདུན་གྱི་བར་དུ་ཡིད་བཞིན་གྱི་ནོར་བུ་བླངས་ཏེ། སངས་རྒྱས་ཀྱི་ཞིང་འདིའི་གླིང་ཐམས་ཅད་ཀྱི་བར་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་མངོན་

เล่ม ๕๐ · หน้า 277a

པར་རབ་ཏུ་འབེབས་པར་གྱུར་ཅིག །དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྟོང་པ་སྙིགས་མ་ལྔ་དང་ལྡན་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་ཇི་ལྟར་སྔར་སྨོས་པ་བཞིན་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་དག་མངོན་པར་རབ་ཏུ་འབེབས་པར་གྱུར་ཅིག་ཅེས་

སྨོན་ལམ་བཏབ་པ་དང་། དེ་བཞིན་དུ་ངའི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཏེ། བསྐལ་པ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་ཀྱི་བར་དུ་ང་དེད་དཔོན་དུ་གྱུར་ནས། སངས་རྒྱས་ཀྱི་ཞིང་སྟོང་པ་སྙིགས་མ་ལྔ་དང་ལྡན་པའི་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་རིན་པོ་ཆེའི་

ཆར་དག་རབ་ཏུ་ཕབ་སྟེ། གླིང་རེ་རེར་ཡང་ལན་བདུན་བདུན་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་དག་མངོན་པར་རབ་ཏུ་ཕབ་བོ། །དེ་ལྟར་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་རིན་པོ་ཆེ་དག་གིས་བསམ་པ་ཡོངས་སུ་རྫོགས་པར་བྱས་ཤིང་ཐེག་པ་གསུམ་པོ་དག་ལ་ཡང་ངེས་པར་སྦྱར་

ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པའི་རིན་པོ་ཆེ་ཡོངས་སུ་གཏོང་བའི་དགེ་བའི་རྩ་བ་རྣམ་པར་སྨིན་པའི་མཚན་ཉིད་ལ་ལྟོས། རིགས་ཀྱི་བུ་གཞན་ཡང་བསྐལ་པ་དཔག་ཏུ་མེད་པ་འདས་པའི་འོག་ཏུ་བསྐལ་པ་མགུ་བྱེད་ཅེས་བྱ་བ་བྱུང་བ་ན་སངས་རྒྱས་ཀྱི་ཞིང་འདི་རབ་རིབ་ཅན་ཞེས་

བྱ་བར་གྱུར་ཏེ། སྙིགས་མ་ལྔ་དང་ལྡན་ཞིང་སྐྱེ་དགུ་ཚེ་ལོ་ལྔ་སྟོང་པར་གྱུར་པ་ན་ང་སྨོན་ལམ་གྱི་དབང་གིས་འཛམ་བུའི་གླིང་འདིར་རིག་བྱེད་འདོན་པའི་བྲམ་ཟེ་ཉི་ཕྲེང་སྤོས་ཞེས་བྱ་བར་གྱུར་ཏེ། དེའི་ཚེ་ན་སེམས་ཅན་རྣམས་ཕལ་ཆེར་རྟག་པར་ལྟ་ཞིང་འཁོན་པ་དང་། ཕ་རོལ་གནོན་

པ་དང་བཅས་ལ། འཐབ་པ་ལ་གནས་པ་དང་བཅས་པར་གྱུར་ཏེ། ངས་སེམས་ཅན་དེ་དག་ལ་ཕ་རོལ་གནོན་པའི་སྟོབས་ཆེན་པོའི་ཤུགས་ཀྱིས་ཕུང་པོ་དགྲ་ལྟ་བུར་གྱུར་པའི་རབ་ཏུ་སྦྱོར་བས་ཆོས་བསྟན་ཏོ། །སྐྱེ་མཆེད་གྲོང་སྟོང་པ་ལྟ་བུར་སོ་སོར་བརྟགས་པ་དང་། རྐྱེན་གྱིས་རྗེས་

སུ་འབྲེལ་བ་སྐྱེ་བ་དང་འཇིག་པ་དང་བཅས་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པའི་ཡིད་ལ་བྱེད་པ་ཡང་བསྟན་ཏེ། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ལ་མངོན་པར་སྦྱར་ནས་ང་ཉིད་ཀྱང་མངོན་པར་

เล่ม ๕๐ · หน้า 277b

ཤེས་པ་ལྔ་དང་ལྡན་པར་གྱུར་ཏེ། དེའི་ཚེ་ན་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་ང་ཡིས་གདམས་ཤིང་རྗེས་སུ་བསྟན་པ་ལ་མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་ཏོ། །དེ་བཞིན་དུ་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་འཐབ་མོ་དང་། རྩོད་པ་དང་།

ཁོན་དུ་འཛིན་པ་དག་སྤངས་ཏེ། ནགས་ཁྲོད་ན་གནས་ཤིང་ནགས་ཁྲོད་ན་རྩ་བ་དང་འབྲས་བུ་ཟ་ལ་བསམ་གཏན་སྒོམ་ཞིང་ཚངས་པའི་གནས་པ་བཞི་པོ་དག་གིས་ཉིན་མཚན་འདའ་བར་བྱེད་དོ། །དེ་ནས་གང་གི་ཚེ་བསྐལ་པ་དེ་ཟད་དུ་ཉེ་བ་ན་སྦྱིན་གནས་དེ་དག་གིས་འཛམ་བུའི་

གླིང་མཐའ་དག་ཁྱབ་པར་གྱུར་ཏོ། །འཐབ་མོ་དང་། འཐབ་པ་དང་། གཡུལ་དང་། འཁོན་པ་དང་། འགྱེད་པ་དང་། རྩོད་པ་དེ་དག་ཀྱང་རབ་ཏུ་ཞི་བར་གྱུར། དུས་མ་ཡིན་པའི་རླུང་དང་། ཆར་པ་དག་ཀྱང་རབ་ཏུ་ཞི། ས་ལ་རྟེན་པའི་ལོ་ཏོག་རྣམས་ཀྱང་ལེགས་པར་སྨིན་ཅིང་

མདངས་དང་ལྡན་པར་གྱུར་ན་དུས་ཀྱི་ཉེས་པས་ནད་སྣ་ཚོགས་ཀྱིས་ཉེན་པ་འབའ་ཞིག་ཏུ་གྱུར་ནས་དེའི་ཚེ་ང་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་གིས་སེམས་ཅན་རྣམས་ཀྱི་ནད་ཞི་བར་བྱེད་མ་ནུས་སོ་སྙམ་ནས། དེའི་ཚེ་ངས་འདི་སྙམ་དུ་བསམས་ཏེ། གང་དག་བདག་གིས་

བརྒྱ་བྱིན་དང་། ཚངས་པ་ཆེན་པོ་དང་། འཇིག་རྟེན་སྐྱོང་དང་། གཞན་ཡང་ལྷའི་དྲང་སྲོང་རྣམས་དང་། ཀླུའི་དྲང་སྲོང་རྣམས་དང་། བརྒྱ་བྱིན་གྱི་དྲང་སྲོང་རྣམས་དང་། མིའི་དྲང་སྲོང་རྣམས་ཀྱང་བསགས་ལ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་སྨན་སྦྱར་བའི་བསྟན་བཅོས་

དག་བསྟན་པར་བྱའོ་སྙམ་ནས་དེའི་ཚེ་ང་རྫུ་འཕྲུལ་གྱིས་སོང་སྟེ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་དང་། ལྷའི་དྲང་སྲོང་རྣམས་དང་། ཀླུའི་དྲང་སྲོང་རྣམས་དང་། བརྒྱ་བྱིན་གྱི་དྲང་སྲོང་རྣམས་དང་། མིའི་དྲང་སྲོང་རྣམས་ལ་བསྒོ་ནས་རི་ལན་ཚྭའི་བདག་པོ་གཅིག་

པ་ཞེས་བྱ་བ་ལན་ཚྭ་སྤྱོད་པའི་རྩེ་མོར་ངེས་པའི་གནས་ཞེས་བྱ་བ་དེར་བསྡུས་ནས་འབྱུང་པོ་ཡང་དག་པར་ཟློག་པ་སོ་སོར་འབྲང་ཞིང་བསྲུང་ལ། རླུང་དང་། མཁྲིས་པ་དང་། བད་ཀན་རབ་ཏུ་ཞི་བར་བྱེད་པའི་བསྟན་བཅོས་དག་རབ་ཏུ་བསྟན་ཏོ། །དེ་བཞིན་དུ་སྦྱར་ཏེ་སེམས་ཅན་དཔག་

เล่ม ๕๐ · หน้า 278a

ཏུ་མེད་གྲངས་མེད་པ་དག་གི་ནད་རྣམས་ཀྱང་རབ་ཏུ་ཞི་བར་བྱས་སོ། །དེར་ངས་ཇི་ལྟར་སྨོན་ལམ་ཆེན་པོ་བཏབ་པ་བཞིན་དུ་ཉི་མ་གཅིག་ལ་ཡང་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་རྣམས་ཀྱི་ཤེས་རབ་སྣང་བར་བྱས་ཤིང་ཐེག་པ་གསུམ་པོ་དག་ལ་ངེས་པར་སྦྱར་ནས་ངན་སོང་གི་

ལམ་རྣམས་ནི་བཅད། མཐོ་རིས་ཀྱི་ལམ་དག་ལ་ནི་རབ་ཏུ་བཀོད་དེ། ནད་སྣ་ཚོགས་རབ་ཏུ་ཞི་བར་བྱས་ཤིང་ཡོངས་སུ་ཐར་བར་བྱས་པ་དང་། དེ་བཞིན་དུ་སེམས་ཅན་དཔག་ཏུ་མེད་པ་དག་ལ་ཡེ་ཤེས་ཀྱི་སྣང་བ་བྱིན་ཏེ། བདེ་བ་ལ་བཀོད་པའི་དགེ་བའི་རྩ་བ་རྣམ་པར་སྨིན་པ་དེས་ན་རིགས་

ཀྱི་བུ་ངའི་སྨོན་ལམ་གྱི་རེ་བ་དེ་ཡོངས་སུ་རྫོགས་སོ། །གང་གི་ཚེ་ངས་ཉི་མ་གཅིག་ལ་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་གི་ངན་སོང་གི་ལམ་རྣམས་བཀག་ཅིང་། མཐོ་རིས་ཀྱི་ལམ་ལ་རབ་ཏུ་བཀོད་དེ། ངས་ནད་པ་རྣམས་ཀྱི་ཡོ་བྱད་ཀྱི་དོན་དང་། སེམས་ཅན་རྣམས་ཀྱི་དོན་

གྱི་ཕྱིར་ལྷའི་དྲང་སྲོང་རྣམས་དང་། གནོད་སྦྱིན་གྱི་ཚོགས་རྣམས་ལྷའི་འཇིག་རྟེན་ལན་ཚྭ་སྤྱོད་པའི་རྩེ་མོར་བསྡུས་ནས་སེམས་ཅན་རྣམས་ཀྱི་ནད་མེད་པ་ལ་མཁས་པ་རབ་ཏུ་བཤད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་རབ་རིབ་ཅན་གྱི་གླིང་ཐམས་ཅད་དུ་ཡང་སྐྱེས་བུའི་རྩལ་དེ་ལྟ་བུ་དག་

བྱས་ཏེ་སེམས་ཅན་རྣམས་ཀྱང་མཐོ་རིས་ཀྱི་ལམ་ལ་རབ་ཏུ་བཀོད་དོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མིའི་དྲང་སྲོང་རྣམས་ཀྱང་བསོགས་ཏེ་དེ་དག་གིས་ཀྱང་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་རིག་པའི་གནས་སྣ་ཚོགས་དག་རབ་ཏུ་བཤད་དོ། །སངས་རྒྱས་ཀྱི་ཞིང་རབ་རིབ་ཅན་

འདིར་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པའི་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་སྐྱེས་བུའི་རྩལ་དེ་ལྟ་བུ་དག་བྱས་ཏེ། སེམས་ཅན་རྣམས་ཀྱང་ཐེག་པ་གསུམ་པོ་དག་ལ་ངེས་པར་སྦྱར་ཅིང་མཐོ་རིས་ཀྱི་ལམ་ལ་རབ་ཏུ་བཀོད་དེ། རིག་པའི་

གནས་སྣ་ཚོགས་དག་རབ་ཏུ་བཤད་ནས་ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱས་ནས་རིགས་ཀྱི་བུ་ངའི་བླ་ན་མེད་པའི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་སོ། །ཡང་སངས་རྒྱས་ཀྱི་ཞིང་རབ་རིབ་ཅན་གྱི་གླིང་ཐམས་ཅད་དུ་ཇི་ལྟར་སྔར་སྨོན་ལམ་བཏབ་པ་བཞིན་དུ་བླ་ན་མེད་པའི་ཡེ་ཤེས་

เล่ม ๕๐ · หน้า 278b

ཀྱིས་སྐྱེས་བུའི་རྩལ་དེ་ལྟ་བུ་དག་བྱས་པ་དེ་བཞིན་དུ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྟོང་པ་སྙིགས་མ་ལྔ་དང་ལྡན་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་ཀྱི་ཞིང་རེ་རེའི་གླིང་ཐམས་ཅད་དུ་ཡང་ངས་ཇི་ལྟར་སྔོན་སྨོན་ལམ་བཏབ་པ་བཞིན་དུ་སྐྱེས་བུའི་རྩལ་དེ་ལྟ་བུ་དག་ཀྱང་བྱས་

ཏེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཤེས་རབ་ཀྱི་ཁྱད་པར་དང་། དེ་བཞིན་གཤེགས་པའི་ལེགས་པར་སྤྱད་པ་གསུམ་གྱི་དགེ་བའི་རྩ་བའི་ས་བོན་དེ་ལ་ལྟོས། དེ་བཞིན་དུ་བསྐལ་པ་གྲངས་མེད་པ་ལས་ཤིན་ཏུ་ལྷག་པ་སྙེད་འདས་པ་ན་དུས་

ངན་པའི་ཚེ་བསྐལ་པ་ཆེན་པོ་ལེགས་བཅས་ཞེས་བྱ་བ་བྱུང་བ་ན་སངས་རྒྱས་ཀྱི་ཞིང་འདི་རྣམ་རྒྱལ་སྒྲ་དབྱངས་ཞེས་བྱ་བར་གྱུར་ཏེ། དེ་ཡང་སྙིགས་མ་ལྔ་དང་ལྡན་པར་གྱུར་ནས་ཤར་ཕྱོགས་ལོགས་སུ་གླིང་བཞི་པ་ལྔ་བཅུ་འདས་པ་ན་འཛམ་བུའི་གླིང་དགའ་བ་ཞེས་བྱ་བ་ཞིག་བྱུང་བར་གྱུར་

ཏེ། དེར་ཡང་ང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྐྱེས་ནས་གླིང་བཞིའི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་ཏོ། །དེར་ཡང་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་

དོ། །ཐེག་པ་གསུམ་པོ་དག་ཀྱང་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །ཐམས་ཅད་སྦྱིན་ཞིང་ཀུན་ལ་སྦྱིན་པར་ཡང་གྱུར་ཏོ། །དེ་ངའི་གན་དུ་སློངས་མོ་པ་དག་འོངས་ནས་འདི་ལྟ་སྟེ་དབྱིག་དང་། གསེར་དང་། ཨན་ད་རྙིལ་དང་། རིན་པོ་ཆེ་མཐོན་ཀ་ཆེན་

པོ་དང་། སྐར་མདོག་དང་། ཆུ་འདང་གི་བར་གྱི་རིན་པོ་ཆེ་སྣ་ཚོགས་སློང་བར་བྱེད་པའི་སློངས་མོ་པ་རྣམས་ཀྱིས་ཀྱང་རིན་པོ་ཆེ་མང་པོ་དེ་སྙེད་ཐོབ་པར་གྱུར་ཏོ། །དེའི་ཚེ་ན་ངས་བློན་པོ་རྣམས་ལ་དྲིས་པ། རིན་པོ་ཆེ་འདི་དག་ག་ལས་བྱུང་། དེ་དག་གིས་སྨྲས་པ། ཀླུའི་རྒྱལ་པོ་

རྣམས་ཀྱིས་གཏེར་དག་བསྟན་ཏེ། འཇིག་རྟེན་དུ་གཏེར་དག་བྱུང་བས་རིན་པོ་ཆེ་རྣམས་ཀྱང་བྱུང་བར་གྱུར་ཏེ། ལྷའི་ཞལ་སྔར་སློངས་མོ་པ་ཇི་ཙམ་མཆིས་པ་དེ་ཙམ་ཉི་ཚེ་ལས་མ་བསྟན་ལགས་སོ། །དེའི་ཚེ་ངས་སྨོན་ལམ་བཏབ་པ། གལ་ཏེ་བདག་སྙིགས་མ་ལྔ་དང་ལྡན་

เล่ม ๕๐ · หน้า 279a

ཞིང་ཉོན་མོངས་པ་དང་། འཐབ་པ་དང་། རྩོད་པ་བདོ་བར་གྱུར་པའི་འཇིག་རྟེན་དུ་སྐྱེ་དགུ་ཚེ་ལོ་བརྒྱ་པ་རྣམས་ཀྱི་ནང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལྟ་ན་དེའི་ཕྱིར་བདག་གི་རེ་བ་འདི་ཡང་ཡོངས་སུ་རྫོགས་པར་གྱུར་

ཅིག །བདག་སངས་རྒྱས་ཀྱི་ཞིང་འདིར་གཏེར་སྟོན་པར་བྱེད་པའི་ཀླུའི་རྒྱལ་པོར་འགྱུར་ཞིང་། སངས་རྒྱས་ཀྱི་ཞིང་རྣམ་རྒྱལ་སྒྲ་དབྱངས་འདིའི་གླིང་ཐམས་ཅད་ཀྱི་གླིང་རེ་རེར་ཡང་སྐྱེ་བ་ལན་བདུན་བདུན་ལེན་པར་གྱུར་ལ། སྐྱེ་བ་རེ་རེ་ཞིང་ཡང་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་

གཏེར་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་སྟོན་ཅིང་གཏོང་བར་གྱུར་ཅིག །འདི་ལྟ་སྟེ་དབྱིག་དང་། གསེར་དང་། ཨན་ད་རྙིལ་དང་། རིན་པོ་ཆེ་མཐོན་ཀ་ཆེན་པོ་དང་། སྐར་མདོག་དང་། ཆུ་འདང་གི་བར་དག་གི་གཏེར་རེ་རེ་ཞིང་ཡང་རྒྱར་དཔག་ཚད་སྟོང་ཡོད་ལ། རིན་པོ་ཆེ་མང་པོས་ཡོངས་

སུ་གང་བ་དག་བྱུང་སྟེ། སེམས་ཅན་རྣམས་ལ་སྟོན་ཅིང་གཏོང་བར་གྱུར་ཅིག །ཇི་ལྟར་སངས་རྒྱས་ཀྱི་ཞིང་འདིར་དཔའ་བོའི་མཐུ་དེ་ལྟ་བུ་དག་བྱེད་པར་འགྱུར་བ་དེ་བཞིན་དུ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་གང་གཱའི་

ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་ཀྱི་ཞིང་རེ་རེའི་གླིང་ཐམས་ཅད་དུ་ཡང་སྔར་ཇི་སྐད་སྨོས་པའི་བར་དག་ལྟ་བུར་སྐྱེ་བ་ལན་བདུན་བདུན་འཛིན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །རིགས་ཀྱི་བུ་གང་གི་ཚེ་ངས་སྨོན་ལམ་དེ་ལྟ་བུ་བཏབ་པ་དེའི་ཚེ་ན་ནམ་མཁའི་དཀྱིལ་ནས་ལྷ་བྱེ་བ་ཁྲག་ཁྲིག་

ཕྲག་འབུམ་གྱིས་བར་སྣང་ལས་མེ་ཏོག་གི་ཆར་རབ་ཏུ་ཕབ་ཅིང་ང་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཐམས་ཅད་སྦྱིན་པ་ལེགས་སོ་ལེགས་སོ། །ཇི་ལྟར་ཁྱོད་ཀྱིས་སྨོན་ལམ་བཏབ་པ་དེ་བཞིན་དུ་ཁྱོད་ཀྱི་རེ་བ་དེ་ཡང་འགྲུབ་པར་འགྱུར་རོ། །ལྷ་རྣམས་ཀྱིས་ནམ་མཁའི་དཀྱིལ་ནས་

རྒྱལ་པོ་ནམ་མཁའི་མིང་ཐམས་ཅད་སྦྱིན་པ་ཞེས་བྱ་བར་བཏགས་པ་སྐྱེ་བོ་ཕལ་པོ་ཆེ་རྣམས་ཀྱིས་ཐོས་སོ། །ཐོས་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་འདི་ལ་གང་ཡོངས་སུ་གཏང་བར་དཀའ་བའི་སྦྱིན་པ་དག་བསླང་བར་བྱ་སྟེ། གལ་ཏེ་ཡོངས་སུ་གཏོང་

เล่ม ๕๐ · หน้า 279b

བར་བྱེད་ན་ནི་དེའི་ཚེ་འདིའི་མིང་ཐམས་ཅད་སྦྱིན་པ་ཞེས་བྱ་བར་འགྱུར་རོ། །ཇི་སྟེ་ཡོངས་སུ་གཏོང་བར་མི་བྱེད་ན་ནི་འདིའི་མིང་ཐམས་ཅད་སྦྱིན་པ་ཞེས་བྱ་བར་ཡང་མི་འགྱུར་རོ་སྙམ་ནས། དེ་ནས་སེམས་ཅན་དེ་དག་གིས་རྒྱལ་པོ་ནམ་མཁའ་ལ་སླས་རྣམས་ཀྱང་བསླངས་བཙུན་མོ་རྣམས་

དང་། བཙུན་མོ་དམ་པ་དང་། བུ་དང་། བུ་མོ་དག་ཀྱང་བསླང་བར་བརྩམས་པ་དང་། དེའི་ཚེ་རྒྱལ་པོ་ནམ་མཁའ་སེམས་རབ་ཏུ་དང་བས་བྱིན་ནོ། །དེ་དག་ཡང་འདི་སྙམ་དུ་སེམས་ཏེ། བཙུན་མོ་ཡོངས་སུ་གཏོང་བ་གང་ཡིན་པ་དེ་ནི་འདི་ལ་དཀའ་བ་མ་ཡིན་གྱིས་བདག་ཅག་གིས་རྒྱལ་

པོ་ནམ་མཁའ་ལ་ཡན་ལག་དང་། ཉིང་ལག་གང་ཡིན་པ་དག་བསླང་བར་བྱ་སྟེ། གལ་ཏེ་སྟེར་ན་ནི་ཐམས་ཅད་སྦྱིན་པ་ཞེས་བྱ་བར་འགྱུར་རོ། །ཇི་སྟེ་མི་སྟེར་ན་ནི་ཐམས་ཅད་སྦྱིན་པ་ཞེས་བྱ་བར་ཡང་མི་འགྱུར་རོ་སྙམ་པ་དང་། དེ་ནས་བྲམ་ཟེ་སྐར་མ་ལ་དགའ་བ་ཞེས་བྱ་བ་དེ་རྒྱལ་

པོ་ནམ་མཁའི་མདུན་དུ་འདུག་སྟེ་སྨྲས་པ། ཐམས་ཅད་སྦྱིན་པ་རྒྱལ་སྲིད་བདག་ལ་སྩོལ་ཅིག །རྒྱལ་པོ་ནམ་མཁའ་དེ་ཐོས་པ་དང་ཡིད་མཆོག་ཏུ་དགའ་སྟེ། བདག་ཉིད་ཀྱིས་བྲམ་ཟེ་ཁྲུས་བྱས་ནས་རྒྱལ་ཐབས་ཀྱི་ཐོད་བཅིངས་ཏེ། རྒྱལ་པོའི་དབང་བསྐུར་བས་དབང་

བསྐུར་ནས། རྒྱལ་སྲིད་ལ་རབ་ཏུ་བཞག་སྟེ་འཛམ་བུའི་གླིང་ཐམས་ཅད་ཕུལ་ནས་སྨོན་ལམ་བཏབ་པ། བདག་གིས་འཛམ་བུའི་གླིང་ཐམས་ཅད་ཡོངས་སུ་བཏང་བས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །གལ་ཏེ་

བདག་གི་རེ་བ་དེ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། གང་བདག་གིས་ད་ལྟར་འཛམ་བུའི་གླིང་ཐམས་ཅད་ཀྱི་རྒྱལ་པོར་བཅུག་པ་འདི་འཛམ་བུའི་གླིང་ཐམས་ཅད་དུ་ཚིག་གིས་དབང་སྒྱུར་ཞིང་ཚེ་རིང་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །

གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་རྒྱལ་ཚབ་ཉིད་དུ་གྱུར་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་ཡང་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །བྲམ་ཟེ་འདོད་པ་ཞེས་བྱ་བ་དེས་ཀྱང་

เล่ม ๕๐ · หน้า 280a

ངའི་རྐང་པ་གཉིས་བསླངས་པ་དང་ང་ཉིད་ཀྱིས་སེམས་རབ་ཏུ་དང་བས་མཚོན་ཆ་རྣོན་པོ་བླངས་ནས། རང་གི་རྐང་པ་གཉིས་བཅད་དེ་བྱིན་ནས་བདག་གིས་བླ་ན་མེད་པ་ཡང་དག་པའི་ཚུལ་ཁྲིམས་ཀྱི་རྐང་པ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ན་བྲམ་ཟེ་ལྟ་བ་

སྲུང་ཞེས་བྱ་བ་དེས་ཀྱང་ངའི་མིག་གཉིས་བསླངས་པ་དང་། ངས་མིག་གཉིས་ཕྱུང་སྟེ་དེ་ལ་བྱིན་ནས་སྔ་མ་བཞིན་དུ་སྦྱར་ཏེ། བླ་ན་མེད་པའི་སྤྱན་ལྔ་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་བོ། །ཡང་རིང་པོ་མ་ལོན་པར་བྲམ་ཟེ་སྒྲ་བཟང་ཞེས་བྱ་བ་དེས་ཀྱང་ངའི་རྣ་བ་གཉིས་བསླངས་པ་དང་།

ང་ཉིད་ཀྱིས་རང་གི་རྣ་བ་གཉིས་བཅད་དེ་དེ་ལ་བྱིན་ནས་བླ་ན་མེད་པའི་སྙན་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་བོ། །འཚོ་བ་པ་ཡང་དག་འཚོ་ཞེས་བྱ་བ་དེས་ཀྱང་ངའི་སྐྱེས་བུའི་དབང་པོ་ཕོ་མཚན་བསླངས་པ་དང་། ང་ཉིད་ཀྱིས་བཅད་དེ་བྱིན་ནས་མདོམས་ཀྱི་སྦ་བའི་མཚན་བླ་ན་མེད་པ་ཐོབ་པར་

བྱ་བའི་ཕྱིར་སྨོན་ལམ་བཏབ་བོ། །གཞན་དག་གིས་ཀྱང་ངའི་ཤ་དང་ཁྲག་དག་བསླངས་པ་དང་། ང་ཉིད་ཀྱིས་བྱིན་ནས་གསེར་གྱི་མདོག་ལྟ་བུའི་མཚན་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་བོ། །གཞན་ཡང་ཀུན་དུ་རྒྱུ་འོ་མ་འཛག་ཅེས་བྱ་བ་དེས་ངའི་ལག་པ་གཉིས་བསླངས་པ་དང་། ང་ཉིད་

ཀྱིས་ལག་པ་གཡས་པས་ལག་པ་གཡོན་པ་བཅད་ནས་གཡས་པ་ཡང་གཅོད་དུ་བཅུག་སྟེ་བྱིན་ནས་དད་པའི་ཕྱག་བླ་ན་མེད་པ་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་བོ། །གང་གི་ཚེ་ངས་ཡན་ལག་དང་ཉིང་ལག་དག་བཅད་པ་དེའི་ཚེ་ལུས་ཁྲག་གིས་ཡོག་བཞིན་དུ་སྨོན་ལམ་བཏབ་པ།

གལ་ཏེ་ཡོངས་སུ་གཏོང་བ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བདག་གི་རེ་བ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན་བདག་གི་ལུས་ཀྱི་ལེན་པ་ཞིག་ཀྱང་གདོན་མི་ཟ་བར་རྙེད་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་དང་། ཁམས་ཀྱི་རྒྱལ་པོ་རྣམས་དང་། བློན་པོ་

དེ་དག་ཀྱང་སྙིང་རྗེ་མེད་ལ། འཕགས་པ་མ་ཡིན་ཞིང་། བྱས་པ་མི་གཟོ་བས་སྨྲས་པ། འདི་ནི་བློ་འཆལ་ཅིང་ཤེས་པ་ཆུང་སྟེ། ཡན་ལག་ཐམས་ཅད་གཏུབས་ཤིང་རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ཉམས་པ་ཡིན་པས་ནད་ཤ་སྣ་གུ་འདི་ཅི་དགོས་ཞེས་ཟེར་ཏེ་དེ་དག་གིས་ང་ཁྱེར་

เล่ม ๕๐ · หน้า 280b

ནས་གྲོང་ཁྱེར་གྱི་ཕྱི་རོལ་དུར་ཁྲོད་ཀྱི་སར་བོར་ཏེ་དོང་ངོ་། །དེར་ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དག་ལྷགས་ནས་ཁྲག་འཇིབ་པར་བྱེད་དོ། །ཁྱི་དང་། ཝ་དང་། བྱ་རྒོད་དག་ཀྱང་ལྷགས་ཏེ་ཤ་འཐོག་པར་བྱེད་དོ། །དེ་ནས་ངས་སེམས་རབ་ཏུ་དང་བས་སྨོན་ལམ་བཏབ་པ། གང་གི་

ཚེ་བདག་གིས་རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ཡོངས་སུ་བཏང་བ་དང་། ལུས་དང་ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་བཏང་བ་ན་སྐད་ཅིག་གཅིག་ཙམ་ཡང་བདག་གིས་སེམས་འགྱོད་པར་མ་གྱུར་ཅིང་ཁྲོ་བ་མ་སྐྱེས་པ་ལྟ་ན། དེའི་ཕྱིར་བདག་གི་རེ་བ་འདི་ཡོངས་སུ་

རྫོགས་པར་གྱུར་ཅིག །བདག་གི་ལུས་འདི་ཤའི་རིར་ཀུན་དུ་གནས་པར་གྱུར་ལ་སེམས་ཅན་གང་སུ་དག་ཤ་ཟ་བ་དང་། ཁྲག་འཐུང་བ་དེ་དག་བདག་གི་ཤ་ཟ་བར་གྱུར་ཅིག །ཁྲག་འཐུང་བར་གྱུར་ཅིག །ཇི་སྲིད་དུ་སེམས་ཅན་རྣམས་ཤ་ཟ་བར་འགྱུར་བ་དང་། ཁྲག་འཐུང་བར་

འགྱུར་བ་དེ་སྲིད་དུ་བདག་གི་སྨོན་ལམ་གྱི་དབང་གིས་ལུས་མཐར་གྱིས་སྐྱེ་བར་འགྱུར་ཞིང་། ལུས་ཀྱི་འཕང་དུ་ནི་དཔག་ཚད་འབུམ་ཡོད་པར་གྱུར་ལ། ཁྱོན་དུ་ནི་དཔག་ཚད་ལྔ་སྟོང་ཡོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། དེར་ངས་ལོ་སྟོང་གི་བར་དུ་རང་གི་ཤ་དང་ཁྲག་གིས་

སེམས་ཅན་རྣམས་ཚིམ་པར་བྱས་སོ། །དེར་ངས་ལྕེ་ཇི་སྙེད་ཡོངས་སུ་བཏང་སྟེ། གཅན་གཟན་དང་བྱ་དག་གིས་ཡོངས་སུ་ཟོས་ནས། ཡང་སྨོན་ལམ་གྱི་དབང་གིས་གཞན་དང་གཞན་དག་ཕྱིར་སྐྱེས་པར་གྱུར་པ་གང་ཡིན་པ་དེ་དག་གི་ཕུང་པོ་ཡང་བྱ་རྒོད་ཀྱི་ཕུང་པོའི་རི་འདིའི་

ཚད་ཙམ་དུ་གྱུར་ཏེ། ལྗགས་ཤིན་ཏུ་རིང་བའི་མཚན་བླ་ན་མེད་པ་ཐོབ་པར་བྱ་བའི་ཕྱིར་ངས་སྨོན་ལམ་ཡང་རྟག་ཏུ་བཏབ་བོ། །དེ་ནས་ང་ཤི་འཕོས་ནས་སྨོན་ལམ་གྱི་དབང་གིས་འཛམ་བུའི་གླིང་ཤིང་པ་ཏ་སྐྱེ་བར་ཀླུ་རྣམས་ཀྱི་ནང་དུ་སྐྱེས་ཏེ་ཀླུའི་རྒྱལ་པོ་གཏེར་སྟོན་ཅེས་བྱ་བར་གྱུར་

ཏོ། །གང་གི་ནུབ་མོ་ཀླུ་རྣམས་ཀྱི་ནང་དུ་སྐྱེས་པ་དེ་ཉིད་ཀྱི་ནུབ་མོ་ངས་དེར་གཏེར་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཀུན་ཏུ་བསྟན་ནས་ང་ཉིད་ཀྱིས་སྒྲ་བསྒྲགས་པ། ཀྱེ་སེམས་ཅན་དག་ཕྱོགས་འདི་ནི་འདི་ལྟ་སྟེ། དབྱིག་དང་། གསེར་དང་། ཆུ་འདང་གི་བར་གྱི་རིན་པོ་ཆེ་སྣ་ཚོགས་ཀྱིས་

เล่ม ๕๐ · หน้า 281a

ཡོངས་སུ་གང་བའི་གཏེར་དག་ཡོད་ཀྱིས། ཀྱེ་སེམས་ཅན་དག་ཁྱེད་ཀྱིས་ལོང་ཤིག །བླངས་ནས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་ཟུང་ཤིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་སེམས་སྐྱེད་ཅིག །ཉན་ཐོས་ཀྱི་ཐེག་པའམ།

རང་སངས་རྒྱས་ཀྱི་ཐེག་པའམ། སངས་རྒྱས་ཀྱི་ཐེག་པར་ཡང་སེམས་སྐྱེད་ཅིག །དེ་ང་ལས་རིན་པོ་ཆེ་ཇི་ཙམ་དགོས་པ་དག་ལོང་ཤིག་ཅེས་ཀྱང་བསྒོ་སྟེ། འཛམ་བུའི་གླིང་ཤིང་པ་ཏ་སྐྱེ་བ་དེར་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཀླུའི་སྐྱེ་བ་ལན་བདུན་བརྗེས་པ་ན། ལོ་བྱེ་བ་

ཁྲག་ཁྲིག་འབུམ་ཕྲག་བདུན་ཅུ་རྩ་བདུན་གྱི་བར་དུ་གཏེར་དཔག་ཏུ་མེད་གྲངས་མེད་པ་དག་བསྟན་ཅིང་རབ་ཏུ་བྱིན་ནོ། །དེ་བཞིན་དུ་དེར་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་ཐེག་པ་གསུམ་པོ་དག་ལ་བཙུད་ཅིང་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་རབ་ཏུ་བཀོད་དེ། རིན་པོ་ཆེ་

རྣམ་པ་སྣ་ཚོགས་དག་གིས་ཚིམ་པར་བྱས་ནས། བླ་ན་མེད་པའི་མཚན་སུམ་ཅུ་རྩ་གཉིས་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་ཡང་བཏབ་བོ། །དེ་བཞིན་དུ་གླིང་གཉིས་པར་ཡང་ཀླུའི་སྐྱེ་བ་ལན་བདུན་བརྗེས་ཏེ་སྐྱེས་བུའི་རྩལ་དེ་ལྟ་བུ་དག་བྱས་སོ། །དེ་བཞིན་དུ་གླིང་གསུམ་པ་ནས་འཇིག་

རྟེན་གྱི་ཁམས་རྣམ་རྒྱལ་སྒྲ་དབྱངས་ཐམས་ཅད་ཀྱི་གླིང་ཀུན་གྱི་བར་དུ་ཡང་སྐྱེས་བུའི་རྩལ་དེ་ལྟ་བུ་དག་བྱས་སོ། །དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྟོང་པ་སྙིགས་མ་ལྔ་དང་ལྡན་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་གླིང་རེ་རེར་ཡང་སྔར་ཇི་སྐད་སྨོས་པའི་བར་བཞིན་དུ་ངས་

ཀླུའི་སྐྱེ་བ་དེ་ལྟ་བུ་ལན་བདུན་བདུན་བླངས་ཤིང་ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བདུན་ཅུ་རྩ་བདུན་བདུན་དུ་སེམས་ཅན་རྣམས་ལ་གཏེར་དཔག་ཏུ་མེད་གྲངས་མེད་པ་དེ་ལྟ་བུ་དག་བསྟན་ཅིང་རབ་ཏུ་བྱིན་ནོ། །རིགས་ཀྱི་བུ་ཇི་ལྟར་དེ་བཞིན་གཤེགས་པ་སྟོབས་དང་བརྩོན་འགྲུས་ཤིན་ཏུ་དྲག་

པོས་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་ཚོལ་བ་ན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ལྟར། སྔར་ཇི་སྐད་སྨོས་པའི་སྐྱེས་བུ་དམ་པ་བརྒྱད་པོ་དེ་དག་མ་གཏོགས་པར་སྔོན་བྱང་ཆུབ་སེམས་དཔའ་གང་གིས་ཀྱང་སྟོབས་དང་བརྩོན་འགྲུས་ཤིན་ཏུ་དྲག་པོ་དེ་ལྟ་བུས་བྱང་ཆུབ་ཀྱི་སྤྱད་པ་མ་སྤྱད་

เล่ม ๕๐ · หน้า 281b

ཅིང་། ད་ལྟར་ཡང་སུ་ཡང་མི་སྤྱོད་ལ། ཕྱིས་འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་འགའ་ཡང་སྟོབས་དང་བརྩོན་འགྲུས་ཀྱི་ཤུགས་དེ་ལྟ་བུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་མི་འགྱུར་བའི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་སྤྱོད་པ་ལ་

ལྟོས། དེའི་ཚེ་བསྐལ་པ་གྲངས་མེད་པ་འདས་ནས་དུས་ངན་པའི་ཚེ་བསྐལ་པ་ཆེན་པོ་ཨུད་པ་ལ་ཞེས་བྱ་བ་བྱུང་བ་ན་སངས་རྒྱས་ཀྱི་ཞིང་འདི་བྱི་རུ་འབྱུང་བ་ཞེས་བྱ་བ་སྟོང་ཞིང་སྙིགས་མ་ལྔ་དང་ལྡན་པར་གྱུར་པའི་ཚེ། གླིང་བཞི་པ་དེར་ང་བརྒྱ་བྱིན་ལེགས་པར་རྣམ་པར་བྱེད་ཅེས་བྱ་

བར་གྱུར་ནས་ངས་འཛམ་བུའི་གླིང་དེ་ན་སེམས་ཅན་རྣམས་མི་དགེ་བ་ལ་དད་ཅིང་སྤྱོད་པར་མཐོང་ངོ་། །མཐོང་ནས་ཀྱང་ངས་བདག་ཉིད་གནོད་སྦྱིན་གྱི་གཟུགས་ཤིན་ཏུ་འཇིགས་འཇིགས་ལྟ་ཞིག་ཏུ་མངོན་པར་སྤྲུལ་ཏེ། འཛམ་བུའི་གླིང་དུ་བབས་ནས་མི་རྣམས་ཀྱི་མདུན་དུ་འདུག་

གོ། །དེ་དག་གིས་ང་མཐོང་ནས་སྐྲག་སྟེ་ང་ལ་དྲིས་པ། ཁྱོད་ལ་ཅི་དགོས་བདག་ཅག་གིས་ཁྱོད་ལ་དབུལ་བར་བགྱིའོ། །ངས་སྨྲས་པ། ཁོ་བོ་ལ་ཁ་ཟས་དག་དགོས་སོ། །དེ་དག་གིས་སྨྲས་པ། ཁྱོད་ཀྱི་ཁ་ཟས་ཇི་ལྟ་བུ་ལགས། ངས་སྨྲས་པ། ཁོ་བོ་ནི་མི་དག་བསད་ཅིང་

ཟ་སྟེ། མི་གང་དག་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་བར་བྱེད་པ་དང་། ལོག་པར་ལྟ་བའི་བར་དག་སྤོང་བར་བྱེད་པ་དེ་དག་ལ་ནི་ང་མི་ཟའོ། །གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་

དང་། ཉན་ཐོས་ཀྱི་ཐེག་པར་སེམས་སྐྱེད་པར་བྱེད་པ་དེ་དག་ལ་ཡང་ང་མི་ཟའོ་ཞེས་སྨྲས་ཏེ། དེ་ན་ང་སེམས་ཅན་དག་སྤྲུལ་ཞིང་ཟ་བ་དེ་མཐོང་བ་ན། སེམས་ཅན་དེ་དག་འཇིགས་པས་ཇི་སྲིད་འཚོ་བའི་བར་དུ་སྲོག་གཅོད་པ་སྤངས་སོ། །མ་བྱིན་པར་ལེན་པ་དང་། ལོག་པར་

ལྟ་བའི་བར་དག་ཀྱང་སྤངས་སོ། །ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་ཐེག་པར། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་ཐེག་པར་སེམས་བསྐྱེད་དེ། གླིང་བཞི་པའི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་

เล่ม ๕๐ · หน้า 282a

ལས་ཀྱི་ལམ་དང་ཐེག་པ་གསུམ་པོ་དག་ལ་རབ་ཏུ་བཀོད་ནས་དེར་ངས་སྨོན་ལམ་བཏབ་པ། གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བདག་གི་རེ་བ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་ཕྱིར་བདག་གིས་སྨོན་ལམ་འདི་ཡང་ཡོངས་སུ་རྫོགས་

པར་གྱུར་ཅིག །ཇི་ལྟར་བདག་གིས་གླིང་བཞི་པའི་སེམས་ཅན་རྣམས་དགེ་བའི་ལམ་རྣམས་ལ་ངེས་པར་སྦྱར་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་ཀྱི་གླིང་བཞི་པ་ཀུན་གྱི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་དེ་ལྟ་བུའི་འཇིགས་པས་བདག་མཐོང་བར་འགྱུར་བ་དང་། བདག་གིས་

ཀྱང་སེམས་ཅན་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་འགོད་ཅིང་ཐེག་པ་གསུམ་པོ་དག་ལ་ཡང་ངེས་པར་སྦྱོར་བར་གྱུར་ཅིག །དེ་བཞིན་དུ་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་སྟོང་པ་སྙིགས་མ་ལྔ་དང་ལྡན་པ་དག་གི་སེམས་ཅན་ཐམས་ཅད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་

ལ་རབ་ཏུ་འགོད་ཅིང་ཐེག་པ་གསུམ་པོ་དག་ལ་ཡང་ངེས་པར་སྦྱོར་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །རིགས་ཀྱི་བུ་ངའི་རེ་བ་དང་སྨོན་ལམ་དེ་བཞིན་དུ་ཡོངས་སུ་རྫོགས་ཏེ་འཇིག་རྟེན་གྱི་ཁམས་བྱི་རུ་འབྱུང་བ་ཐམས་ཅད་ཀྱི་སེམས་ཅན་རྣམས་གནོད་སྦྱིན་གྱི་གཟུགས་ཀྱིས་དགེ་

བའི་ཆོས་རྣམས་ལ་ངེས་པར་བཏུལ་ཏོ། །དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྟོང་པ་སྙིགས་མ་ལྔ་དང་ལྡན་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་ངས་གནོད་སྦྱིན་གྱི་གཟུགས་ཀྱིས་མི་རྣམས་དགེ་བའི་ལམ་གྱི་སྤྱོད་པ་དག་ལ་རབ་ཏུ་བཀོད་དོ། །དེ་ལྟར་ངས་སེམས་ཅན་མང་

པོ་དག་བསྡིགས་ཤིང་དགེ་བའི་སྤྱོད་པ་ལ་རབ་ཏུ་བཀོད་པའི་ལས་ཀྱི་འཕྲོ་དེས་ན། དེ་བར་ང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ནས་བྱང་ཆུབ་ཀྱི་སྙིང་པོར་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྡོ་རྗེའི་གདན་ལ་འདུག་པ་ན་བདུད་སྡིག་ཅན་དམག་གི་ཚོགས་ཆེན་པོ་དང་བཅས་ཏེ་ང་བྱང་ཆུབ་

ལས་རྣམ་པར་བཟློག་པར་བྱ་བའི་ཕྱིར་ཉེ་བར་འོངས་པ་ཡིན་ནོ། །རིགས་ཀྱི་བུ་ངས་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་མདོར་བསྡུས་པ་ནི་དེ་ཡིན་ཏེ། དེའི་ཚེ་ངས་བཟོད་པ་ཟབ་མོ་དང་། གཟུངས་ཟབ་མོ་དང་། ཏིང་ངེ་འཛིན་ཟབ་མོ་དང་། འཇིག་རྟེན་པའི་

เล่ม ๕๐ · หน้า 282b

མངོན་པར་ཤེས་པ་ལྔ་ཡང་ཐོབ་སྟེ་སྐྱེས་བུའི་རྩལ་ཆེན་པོ་དེ་ལྟ་བུ་དག་ཀྱང་བྱས་སོ། །དེ་བཞིན་དུ་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །དེ་བཞིན་དུ་སེམས་ཅན་

དཔག་ཏུ་མེད་གྲངས་མེད་པ་དག་རང་སངས་རྒྱས་ཀྱི་ཐེག་པ་ཡང་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །དེ་བཞིན་དུ་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཉན་ཐོས་ཀྱི་ཐེག་པ་ཡང་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །ངས་ཇི་

སྲིད་དུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ལ་བསྙེན་བཀུར་བྱས་ཏེ། ངས་སངས་རྒྱས་རེ་རེའི་དྲུང་ནས་རྒྱ་མཚོའི་ཆུའི་ཐིགས་པ་སྙེད་ཀྱི་ཡོན་ཏན་དག་ཡོངས་སུ་བཟུང་བ་མ་གཏོགས་པར་ངས་རང་སངས་རྒྱས་

བགྲང་བ་ལས་ཡང་དག་པར་འདས་པ་དག་ལ་ཡང་མཆོད་པ་བྱས་སོ། །དེ་བཞིན་གཤེགས་པའི་ཉན་ཐོས་བགྲང་བ་ལས་ཡང་དག་པར་འདས་པ་དག་ལ་ཡང་མཆོད་པ་བྱས་སོ། །དེ་བཞིན་དུ་ཕ་དང་། མ་དང་། མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་རྣམས་ལ་ཡང་མཆོད་

པ་བྱས་སོ། །ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྙིང་བརྩེ་བས་རང་གི་ཤ་དང་ཁྲག་གིས་སེམས་ཅན་རྣམས་ཚིམ་པར་བྱས་ཏེ། ད་ལྟར་ཡང་རང་གི་ཆོས་རྣམས་ཀྱིས་ཚིམ་པར་བྱས་པ་ཡིན་ནོ། །ཐེག་པ་ཆེན་པོའི་མདོ་སྙིང་རྗེ་པད་མ་དཀར་པོ་ལས་སྦྱིན་པའི་ལེའུ་ཞེས་

བྱ་བ་སྟེ་ལྔ་པའོ།། །།རིགས་ཀྱི་བུ་ཇི་ལྟར་ངས་སངས་རྒྱས་ཀྱི་སྤྱན་གྱིས་ཕྱོགས་བཅུ་ན་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཡོངས་སུ་མྱ་ངན་ལས་འདས་པ་དག་གཟིགས་པ་དེ་དག་ཀྱང་ངས་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །དེ་ལྟར་ངས་དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡང་དག་པར་འཛིན་དུ་བཅུག་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་ཀྱང་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །དེ་བཞིན་དུ་

เล่ม ๕๐ · หน้า 283a

ད་ལྟར་ཤར་ཕྱོགས་ལོགས་ན་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་གྲངས་མེད་པ་དག་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དག་གཟིགས་པ་གང་ཡིན་པ་དེ་དག་ཀྱང་ངས་དང་པོ་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་བར་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་གི་ཕྱོགས་རྣམས་སུ་ཡང་བརྗོད་པར་བྱའོ། །རིགས་ཀྱི་བུ་

ངས་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་ས་ཡ་ཕྲག་དགུ་དང་ཆིག་འབུམ་འདས་པ་ན་འཇིག་རྟེན་གྱི་ཁམས་མེ་ཏོག་ཀུན་དུ་རྒྱས་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཡོན་ཏན་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་

ཀྱང་སྟོན་པ་གཟིགས་ཏེ། བཅོམ་ལྡན་འདས་དེ་ཡང་ངས་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཡང་དག་པར་འཛིན་དུ་བཅུག་ཅིང་བཞག་སྟེ་རབ་ཏུ་གནས་པར་བྱས་སོ། །ངས་དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པའི་བར་དག་ཀྱང་ཡང་དག་པར་འཛིན་དུ་བཅུག་ཅིང་བཞག་སྟེ་རབ་ཏུ་གནས་པར་བྱས་སོ། །དེ་བཞིན་དུ་སྦྱར་ཏེ་ཤར་ཕྱོགས་ལོགས་ན་སངས་རྒྱས་ཀྱི་ཞིང་མངོན་པར་དགའ་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་མི་འཁྲུགས་པ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་འཛམ་བུའི་

ཆུ་ཀླུང་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་ཉི་མའི་སྙིང་པོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་དགའ་བའི་དབང་ཕྱུག་ཅེས་བྱ་བ་ན་དེ་བཞིན་གཤེགས་པ་དགའ་བའི་དབང་ཕྱུག་སྒྲ་དབྱངས་འོད་ཟེར་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཉི་མ་གནས་པ་ཞེས་བྱ་བ་ན་དེ་བཞིན་

གཤེགས་པ་ཡེ་ཤེས་ཉི་མ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་རྒྱལ་བའི་གནས་རབ་ཅེས་བྱ་བ་ན་དེ་བཞིན་གཤེགས་པ་འབྲུག་སྒྲ་བསྒྲགས་པ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡང་དག་འཚོ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་རྡོ་རྗེ་གྲགས་པ་ཞེས་བྱ་བ་དང་། སངས་རྒྱས་

เล่ม ๕๐ · หน้า 283b

ཀྱི་ཞིང་ཤིན་ཏུ་རྡུལ་མེད་ཅེས་བྱ་བ་ན་དེ་བཞིན་གཤེགས་པ་སྟག་གི་འོད་ཟེར་ཅེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་དགའ་མེད་ཅེས་བྱ་བ་ན་དེ་བཞིན་གཤེགས་པ་ཉི་གདུགས་སྙིང་པོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་འཁོན་སྦྱོང་འོད་ཅེས་བྱ་བ་ན་དེ་བཞིན་གཤེགས་པ་གྲགས་པའི་

དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ལྷུན་པོ་འོད་ཅེས་བྱ་བ་ན་དེ་བཞིན་གཤེགས་པ་བསམ་ཡས་རྒྱལ་པོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ནམ་མཁའ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་སྣང་དཔལ་སྙིང་པོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་མེ་ཏོག་འོད་

ཅེས་བྱ་བ་ན་དེ་བཞིན་གཤེགས་པ་འོད་གསལ་ཏོག་ཅེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་བདེ་མཆོག་ཅེས་བྱ་བ་ན་དེ་བཞིན་གཤེགས་པ་ལྷུན་དབྱངས་ལྷུན་པོ་ཡང་དག་སྟོན་ཅེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ས་ཅན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཡེ་ཤེས་གཟུགས་ཞེས་བྱ་བ་དང་།

སངས་རྒྱས་ཀྱི་ཞིང་མེ་ཏོག་སྣ་ཚོགས་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཞེས་བྱ་བ་དང་། རིགས་ཀྱི་བུ་དེ་དག་ལ་སོགས་པ་ཤར་ཕྱོགས་ལོགས་ན་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་གྲངས་མེད་པ་དག་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དག་ཀྱང་

ངས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཏེ། དེ་དག་སྔོན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ལས་ངས་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་གོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་ཀྱང་ཡང་དག་

པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་ནས། ངས་དང་པོ་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ་འཚོ་ཞིང་གཞེས་པ་དག་གི་ཐད་དུ་ཕུལ་ནས། དེར་དེ་དག་ཐམས་ཅད་ཀྱིས་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་བོ། །དེ་ནས་

དེའི་ཚེ་འཇིག་རྟེན་གྱི་ཁམས་མེ་ཏོག་ཀུན་ཏུ་རྒྱས་པ་ན་དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཡོན་ཏན་རྒྱལ་པོ་བཞུགས་པ་དེའི་གདན་རབ་ཏུ་གཡོས་སོ་དེ་ན་བྱང་ཆུབ་སེམས་དཔའ་གང་དག་འཁོད་པ་དེ་དག་གིས་དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཡོན་ཏན་རྒྱལ་པོ་དེའི་གདན་

เล่ม ๕๐ · หน้า 284a

རབ་ཏུ་གཡོས་པ་མཐོང་བ་དང་། དེ་བཞིན་གཤེགས་པ་དེ་ཉིད་ལ་ཞུས་པ། བཅོམ་ལྡན་འདས་སྔོན་མ་མཐོང་བ་བཅོམ་ལྡན་འདས་ཀྱི་གདན་རབ་ཏུ་གཡོས་པ་འདིའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། དེ་བཞིན་གཤེགས་པ་དེས་དེ་དག་ལ་བཀའ་སྩལ་པ། རིགས་

ཀྱི་བུ་དག་སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ཀྱི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་ས་ཡ་ཕྲག་དགུ་དང་ཆིག་འབུམ་འདས་པ་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་ད་ལྟར་

འཁོར་བཞི་པོ་རྣམས་ལ་སྔོན་གྱི་ཚུལ་ལས་བརྩམས་ཏེ་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་དེ་སྔོན་བྱང་ཆུབ་སེམས་དཔར་གྱུར་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་དེས་ང་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་

དུ་བཅུག་སྟེ། གང་གིས་ང་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དེ་བཞིན་གཤེགས་པ་དེས་ང་དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་ཀྱང་ཡང་དག་པར་འཛིན་དུ་བཅུག་ཅིང་བཞག་སྟེ་རབ་ཏུ་གནས་

པར་བྱས་སོ། །དེ་བཞིན་གཤེགས་པ་དེ་སྔོན་བྱང་ཆུབ་སེམས་དཔར་གྱུར་ཅིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེས་ང་དང་པོ་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ་འཚོ་ཞིང་གཞེས་པ་དག་གི་ཐད་དུ་ཕུལ་ནས། དེར་ངས་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་སྟེ། ངའི་དགེ་བའི་བཤེས་གཉེན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་འཇིག་རྟེན་གྱི་ཁམས་མི་མཇེད་ན་བཞུགས་ཏེ་འཚོ་ཞིང་གཞེས་སོ། །དེ་འཁོར་བཞི་པོ་རྣམས་ལ་སྔོན་གྱི་ཚུལ་དེ་ཉིད་ལས་བརྩམས་ཏེ་ཆོས་སྟོན་པས་ན། དེ་བཞིན་གཤེགས་

པ་དེའི་བྱིན་གྱི་རླབས་དེས་ངའི་སྟན་རབ་ཏུ་གཡོས་སོ། །རིགས་ཀྱི་བུ་དག་ཁྱེད་ཅག་ལས་ངའི་ཚིག་གིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སྙུན་མི་མངའ་འམ། ཐུགས་བདེའམ་ཞེས་ཡོངས་སུ་དྲི་བའི་ཕྱིར་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་འགྲོ་བར་སྤྲོ་བ་སུ་ཡོད། དེ་ནས་དེ་བཞིན་

เล่ม ๕๐ · หน้า 284b

གཤེགས་པ་དྲི་མེད་གཟི་བརྗིད་ཡོན་ཏན་རྒྱལ་པོ་ལ་བྱང་ཆུབ་སེམས་དཔའ་དེ་དག་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་དང་ལྡན་ཞིང་ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ་གང་དག་དེར་སྔ་དྲོའི་དུས་ཀྱི་ཚེ་སྣང་བ་ཆེན་པོ་མཐོང་ནས་རྣམ་པར་འཕྲུལ་

པས་སངས་རྒྱས་ཀྱི་ཞིང་གཞན་དག་ནས་སངས་རྒྱས་ཀྱི་ཞིང་མེ་ཏོག་ཀུན་དུ་རྒྱས་པ་འདིར་ལྷགས་ཏེ། དེས་དོག་ས་འདི་ཡང་ཡུད་ཙམ་ཞིག་བསྐྱོད་ཅིང་མེ་ཏོག་གི་ཆར་ཡང་རབ་ཏུ་ཕབ་པ་དེ་དག་ལགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་གསོལ་པ།

བཙུན་པ་བཅོམ་ལྡན་འདས་བདག་ཅག་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ལ་འཇུག་པའི་གཟུངས་ཀྱི་སྒོའི་ཆོས་ཀྱི་རྣམ་གྲངས་དེ་

ཡང་མཉན་པའི་སླད་དུ་སངས་རྒྱས་ཀྱི་ཞིང་མི་མཇེད་དེར་མཆིའོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་འབུམ་ཕྲག་མང་པོ་དེ་དག་རང་རང་གི་རྫུ་འཕྲུལ་གྱི་མཐུས་སངས་རྒྱས་ཀྱི་ཞིང་དེ་ནས་འཕགས་པ་དང་། དེ་དག་གིས་གང་ལོགས་སུ་བགྲོད་པར་བྱ་བ་མ་རྩོལ་ནས། ཡང་

དེ་དག་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མི་མཇེད་གང་ཕ་རོལ་ན་མཆིས་པའི་ཕྱོགས་དེས་ཡང་མ་འཚལ་ལགས་སོ། །དེ་ནས་དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཡོན་

ཏན་རྒྱལ་པོ་དེས་ཕྱག་བརྐྱང་སྟེ་སོར་མོ་ལྔ་ལས་འོད་ཟེར་སྣ་ཚོགས་དག་རབ་ཏུ་བཀྱེའོ། །དེ་ནས་འོད་ཟེར་དེ་དག་གིས་སངས་རྒྱས་ཀྱི་ཞིང་ས་ཡ་ཕྲག་དགུ་དང་ཆིག་འབུམ་དག་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་ཞིང་མི་མཇེད་འདིའི་བར་དུ་ཡང་སྣང་བར་བྱས་སོ། །དེས་བྱང་ཆུབ་སེམས་

དཔའ་དེ་དག་གིས་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་མི་མཇེད་འདི་བྱང་ཆུབ་སེམས་དཔའ་དག་གིས་ཁྱབ་ཅིང་ནམ་མཁའི་ངོས་ཀྱང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དག་གིས་ཁྱབ་པར་མཐོང་ངོ་། །མཐོང་ནས་ཀྱང་དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཡོན་

เล่ม ๕๐ · หน้า 285a

ཏན་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་གིས་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་མི་མཇེད་དེ་བྱང་ཆུབ་སེམས་དཔའ་དག་གིས་ཁྱབ་སྟེ་དེ་ན་གང་དུ་བྱང་ཆུབ་སེམས་དཔའ་དག་གིས་

ཁྱབ་པར་མ་གྱུར་པའི་གོ་སྐབས་ནི་ཐ་ན་འཁར་བ་གཟུགས་པའི་གཏོས་ཙམ་ཡང་མ་མཆིས་པར་མཐོང་ལགས་སོ།། །།བམ་པོ་བཅྭ་ལྔ་པ་སྟེ་ཐ་མ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཡང་བདག་ཅག་ལ་གཟིགས་ཤིང་ཆོས་སྟོན་པར་མཐོང་ལགས་སོ། །དེ་

བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཡོན་ཏན་རྒྱལ་པོས་བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ནི་ཀུན་ཏུ་གཟིགས་པ་ཡིན་ཏེ། རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་མི་མཇེད་ན་སེམས་ཅན་གང་སུ་དག་ས་ལ་

གནས་པའམ། བར་སྣང་ལ་གནས་པ་དེ་དག་ལས་སེམས་ཅན་རེ་རེ་ཡང་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ནི་ཐུགས་ཐམས་ཅད་ཀྱིས་བདག་ལ་གཟིགས་ཤིང་། བདག་གཅིག་པུ་ལས་བརྩམས་ཏེ་ཆོས་སྟོན་ཏོ་སྙམ་དུ་སེམས་སོ། །རིགས་ཀྱི་བུ་དག་

དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ནི་ཁ་དོག་དང་དབྱིབས་གཅིག་གིས་ཀྱང་ཁ་དོག་དང་དབྱིབས་ཐམས་ཅད་དུ་ཆོས་སྟོན་པར་མཛད་དེ། རིགས་ཀྱི་བུ་དག་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་གང་དག་ཚངས་པ་ལ་དད་པ་དེ་དག་གིས་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཚངས་པར་ཡང་

དག་པར་རྗེས་སུ་མཐོང་ཞིང་ཚངས་པའི་བདག་པོ་ཆེན་པོའི་སྒྲ་སྐད་ཀྱིས་ཆོས་ཐོས་སོ། །གང་དག་བདུད་ལ་དད་པ་རྣམས་དང་། གང་དག་ཉི་མ་ལ་དད་པ་རྣམས་དང་། གང་དག་ཟླ་བ་ལ་དད་པ་རྣམས་དང་། གང་དག་རྣམ་ཐོས་ཀྱི་བུ་ལ་དད་པ་རྣམས་དང་། གང་དག་འཕགས་སྐྱེས་པོ་

ལ་དད་པ་རྣམས་དང་། གང་དག་མིག་མི་བཟང་ལ་དད་པ་རྣམས་དང་། གང་དག་ཡུལ་འཁོར་སྲུང་ལ་དད་པ་རྣམས་དང་། གང་དག་དབང་ཕྱུག་ཆེན་པོ་ལ་དད་པའི་བར་གྱི་སེམས་ཅན་དེ་དག་གིས་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དབང་ཕྱུག་ཆེན་པོའི་བར་གྱི་གཟུགས་དང་། ཁ་དོག་

เล่ม ๕๐ · หน้า 285b

དང་། དབྱིབས་སུ་མཐོང་ཞིང་། དབང་ཕྱུག་ཆེན་པོའི་ཚིག་དང་སྒྲ་སྐད་ཀྱིས་ཆོས་ཐོས་སོ། །དེ་ན་ཁ་དོག་དང་། དབྱིབས་དང་། དད་པ་དང་། གཟུགས་དང་། སྒྲ་སྐད་བརྒྱད་ཁྲི་བཞི་སྟོང་གི་བར་དང་ལྡན་པའི་སེམས་ཅན་དེ་དག་གིས་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་བཞིན་

དུ་མཐོང་ཞིང་ཆོས་ཀྱང་ཐོས་སོ། །དེ་ནས་དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཡོན་ཏན་རྒྱལ་པོས་འཁོར་དེའི་བྱང་ཆུབ་སེམས་དཔའ་གསང་བ་བསྒྲགས་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཅིག་ཤོས་སྣང་བའི་འོད་ཟེར་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་

ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་འཇིག་རྟེན་གྱི་ཁམས་མི་མཇེད་དུ་དེང་ལ་ངའི་ཚིག་གིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སྙུན་མི་མངའ་འམ། ཐུགས་བདེའམ། བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཅིག །བྱང་ཆུབ་སེམས་དཔའ་དེ་དག་གིས་

གསོལ་པ། བཙུན་པ་བཅོམ་ལྡན་འདས་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་མི་མཇེད་ས་དང་ནམ་མཁར་བཅས་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་དག་གིས་ཁྱབ་པར་ཡང་དག་པར་རྗེས་སུ་མཐོང་སྟེ། དེ་ནས་དང་ནམ་མཁའ་ལ་སེམས་ཅན་འགའ་ཙམ་གྱི་གོ་

སྐབས་ཀྱང་མ་མཆིས་ན་བདག་ཅག་གང་དུ་གནས་པར་བགྱི་ལགས། དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཡོན་ཏན་རྒྱལ་པོ་དེས་བཀའ་སྩལ་པ། རིགས་ཀྱི་བུ་དག་སངས་རྒྱས་ཀྱི་ཞིང་མི་མཇེད་ན་གོ་སྐབས་མེད་དོ་ཞེས་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་

བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ནི་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དག་གིས་གོ་སྐབས་ཡངས་པ་ཡིན་ཏེ་སྔོན་གྱི་སྨོན་ལམ་གྱིས་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ཐེག་པ་གསུམ་གྱི་ཆོས་བསྟན་པ་ལས་བརྩམས་ཏེ་ཆོས་སྟོན་པར་མཛད་པ་དང་། བསླབ་པ་

གསུམ་གྱི་སྡོམ་པ་སྟོན་པར་མཛད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་པོ་དག་སྟོན་པར་མཛད་པ་དང་། སེམས་ཅན་རྣམས་ངན་སོང་གསུམ་པོ་དག་ལས་འདྲེན་པར་མཛད་པ་དང་། ཞི་བའི་ལམ་གསུམ་པོ་དག་ལ་རབ་ཏུ་འགོད་པར་མཛད་པའི་ཕྱིར་དེ་བཞིན་གཤེགས་

เล่ม ๕๐ · หน้า 286a

པ་དེའི་ཐུགས་རྗེ་དང་། བསྟན་པ་ལ་འཇུག་པ་ནི་ཡངས་པ་ཡིན་ནོ། །རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པའི་དུས་ཤིག་ན་འདུལ་བའི་སེམས་ཅན་ལ་གཟིགས་

ཤིང་རི་བྲག་མི་མཉམ་པའི་དབུས་ན་གནོད་སྦྱིན་དབང་པོ་མིག་ཅེས་བྱ་བའི་གནས་ཤིང་སཱ་ལའི་ཕུག་ན་རྣམ་པར་གྲོལ་བའི་དགའ་བ་དང་། བདེ་བ་ཉམས་སུ་མྱོང་ཞིང་སྐྱིལ་མོ་ཀྲུང་གཅིག་གིས་ཞག་བདུན་ལས་འདའ་བར་མཛད་ཅིང་བཞུགས་པ་ན་དེ་བཞིན་

གཤེགས་པའི་སྐུས་སཱ་ལའི་ཕུག་ཐམས་ཅད་ཁྱབ་པར་གྱུར་ཏེ། དེ་ན་གང་དུ་དེ་བཞིན་གཤེགས་པའི་སྐུས་ཁྱབ་པར་མ་གྱུར་པའི་གོ་སྐབས་ནི་ཐ་ན་སོར་བཞི་ཙམ་གྱི་གཏོས་ཀྱང་མེད་དོ། །ཞག་བདུན་པོ་དེ་འདས་པ་དང་། ཕྱོགས་བཅུ་ནས་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྲག་ཁྲིག་ཕྲག་བཅུ་གཉིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱི་རི་གང་ཡིན་པ་དེ་ལོགས་སུ་མངོན་དུ་ཕྱོགས་ཏེ་འཁོད་པ་

དང་། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་འཁོར་དེར་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་པས་གང་གི་ཚེ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་བཅུ་གཉིས་པོ་དེ་དག་གིས་སཱ་ལའི་ཕུག་གོ་སྐབས་ཡངས་པར་མཐོང་ཞིང་

དེར་ཞུགས་པར་གྱུར་པ་དེ་ལྟར་སཱ་ལའི་ཕུག་དེ་ཡངས་པ་དང་དེ་ལྟར་རྒྱ་ཆེ་བར་གྱུར་ཏོ། །དེར་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་དེ་བཞིན་གཤེགས་པ་དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་སྣ་ཚོགས་དག་གིས་མཆོད་པ་བྱས་ནས། དེར་བྱང་ཆུབ་

སེམས་དཔའ་རེ་རེས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་ཁྲི་སྟན་དག་མངོན་པར་སྤྲུལ་ནས་དེ་ལ་འཁོད་དེ་ཆོས་ཉན་པར་བྱེད་དོ། །རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལས་ཆོས་མཉན་ཏེ། དེ་བཞིན་གཤེགས་པ་

เล่ม ๕๐ · หน้า 286b

ཤཱཀྱ་ཐུབ་པའི་ཞབས་ལ་ལན་གསུམ་མགོ་བོས་ཕྱག་བྱས་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་དག་ཏུ་དོང་ངོ་། །བྱང་ཆུབ་སེམས་དཔའ་དེ་དག་དོང་ནས་རིང་པོ་མ་ལོན་པར་སཱ་ལའི་ཕུག་དེ་ཡང་སྔོན་ཇི་ལྟ་བ་བཞིན་དུ་གྱུར་ཏེ། དེ་བཞིན་གཤེགས་

པ་ཤཱཀྱ་ཐུབ་པ་དེ་ནི་དེ་ལྟར་གོ་སྐབས་ཡངས་པ་ཡིན་ནོ། །གླིང་བཞི་པ་དེ་ན་བརྒྱ་བྱིན་ཀཽ་ཤི་ཀ་ཞེས་བྱ་བ་ཚེ་ཡོངས་སུ་ཟད་དེ་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བས་འཇིགས་ཤིང་སྐྲག་ནས་དེ་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་བརྒྱད་ཁྲི་བཞི་སྟོང་དང་ལྷན་ཅིག་

འགྲོགས་ཏེ་སཱ་ལའི་ཕུག་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་གནོད་སྦྱིན་དབང་པོ་མིག་གི་གནས་སཱ་ལའི་ཕུག་གི་ཁོ་ར་ཁོར་ཡུག་ཏུ་འཁོད་པ་དང་། བཅོམ་ལྡན་འདས་ཀྱི་མཐུས་དེ་འདི་སྙམ་དུ་སེམས་ཏེ། གང་བདག་

གིས་དྲི་ཟའི་བུ་གཙུག་ཕུད་ལྔ་པ་ལ་གསོལ་བ་བཏབ་སྟེ། དྲི་ཟའི་བུ་གཙུག་ཕུད་ལྔ་པ་དེས་དབྱངས་སྙན་པས་བཅོམ་ལྡན་འདས་ལ་མངོན་སུམ་དུ་བསྟོད་ན་ནི་དེའི་ཚེ། བཅོམ་ལྡན་འདས་བསམ་གཏན་དང་། ཏིང་ངེ་འཛིན་དག་ལས་བཞེངས་པར་འགྱུར་

རོ་སྙམ་ནས། དེ་ནས་བརྒྱ་བྱིན་ཀཽ་ཤི་ཀས་དྲི་ཟའི་བུ་གཙུག་ཕུད་ལྔ་པ་ལ་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱི་མཐུས་དྲི་ཟའི་བུ་གཙུག་ཕུད་ལྔ་པས་པི་བང་བླངས་ཏེ། གླུ་དང་རོལ་མོའི་སྒྲ་ཡིད་དུ་འོང་བས་བཅོམ་ལྡན་འདས་ལ་བསྟོད་པ་ལྔ་བརྒྱས་

བསྔགས་པ་བརྗོད་དོ། །རིགས་ཀྱི་བུ་དག་གང་གི་ཚེ་དྲི་ཟའི་བུ་གཙུག་ཕུད་ལྔ་པས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ་བརྩམས་པ་དང་། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་དབྱངས་སྙན་རྣམ་པར་སྣང་བྱེད་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་སོ། །ཏིང་ངེ་འཛིན་དེས་འཇིག་རྟེན་གྱི་ཁམས་མི་མཇེད་ན་གང་དག་རྫུ་འཕྲུལ་ཆེ་བའི་གནོད་སྦྱིན་རྣམས་དང་། སྲིན་པོ་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་།

เล่ม ๕๐ · หน้า 287a

དྲི་ཟ་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་ཐམས་ཅད་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་ཐམས་ཅད་དེར་འདུས་པར་གྱུར་ནས། གང་དག་དབྱངས་ལ་དད་པ་དེ་དག་གིས་ནི་དབྱངས་ཐོས་ནས་རབ་ཏུ་དང་བར་གྱུར་ཏོ། །གང་

དག་བསྔགས་པ་དང་སྙན་པ་ལ་དགའ་བ་དེ་དག་གིས་ནི་བཅོམ་ལྡན་འདས་ཀྱི་བསྔགས་པ་ཐོས་ནས་བཅོམ་ལྡན་འདས་དེ་ལ་ཤིན་ཏུ་དགའ་བ་དང་། རབ་ཏུ་དང་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། གུས་པ་སྐྱེས་ཏེ་རབ་ཏུ་དང་བར་གྱུར་

ཏོ། །གང་དག་གླིང་བུའི་སྒྲ་ལ་དགའ་བ་དེ་དག་གིས་གླིང་བུའི་སྒྲ་ཐོས་ནས་རབ་ཏུ་དང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་སཱ་ལའི་ཕུག་གི་སྒོར་གཟིགས་པ་དང་། བརྒྱ་བྱིན་ཉེ་བར་སོང་སྟེ། བཅོམ་ལྡན་འདས་

ལ་ཞུས་པ། བཅོམ་ལྡན་འདས་བདག་གང་དུ་མཆིས་པར་བགྱི་བ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་བཀའ་སྩལ་པ། གནོད་སྦྱིན་དག་ཇི་སྙེད་ལྷགས་པ་རྣམས་འཁོད་ཅིག །དེ་ནས་སཱ་ལའི་ཕུག་དེར་ཇི་ལྟར་གནོད་སྦྱིན་གང་གཱའི་ཀླུང་བཅུ་གཉིས་

ཀྱི་བྱེ་མ་སྙེད་དག་ཞུགས་ཏེ་འཁོད་པ་དེ་ལྟར་སཱ་ལའི་ཕུག་དེ་རྒྱ་ཆེ་བར་གྱུར་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེས་འཁོར་དེ་དག་ལ་འདི་ལྟར་ཆོས་བསྟན་ཏེ། ཇི་ལྟར་འཁོར་དེ་ན་གང་དག་ཉན་ཐོས་ཀྱི་ཐེག་པ་པ་དག་འཁོད་པ་དེ་དག་གིས་ནི་ཉན་ཐོས་

ཀྱི་ཐེག་པའི་གཏམ་ཐོས་ཤིང་དེ་དག་ལས་དུང་ཕྱུར་ཕྲག་དགུ་དང་། བྱེ་བ་ཕྲག་དགུས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །འཁོར་དེ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཐེག་པ་པ་གང་ཡིན་པ་དེ་དག་གིས་ནི་ཐེག་པ་ཆེན་

པོའི་གཏམ་འབའ་ཞིག་ཐོས་སོ། །དེ་ན་དྲི་ཟའི་བུ་གཙུག་ཕུད་ལྔ་པ་ལ་སོགས་པ་ཁྲག་ཁྲིག་ཕྲག་བཅྭ་བརྒྱད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་གནས་པར་གྱུར་ཏོ། །གང་དག་གིས་ཐེག་པ་གསུམ་

เล่ม ๕๐ · หน้า 287b

པོ་དག་ཏུ་སེམས་མི་བསྐྱེད་པ་དེ་དག་ལས་ཁ་ཅིག་གིས་ནི་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་དག་ལས་ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་ཐེག་པར་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་ཉན་ཐོས་ཀྱི་ཐེག་པར་

སེམས་བསྐྱེད་དོ། །དེར་བརྒྱ་བྱིན་ཀཽ་ཤི་ཀ་དེ་ཡང་འཇིགས་པ་ལས་ཡོངས་སུ་གྲོལ་ཞིང་ཚེ་ལོ་སྟོང་དུ་ནུར་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་གནས་པར་གྱུར་ཏེ། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ཤཱཀྱ་

ཐུབ་པ་དེ་ནི་དེ་ལྟ་དེ་ལྟར་གོ་སྐབས་ཡངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་དེའི་དབྱངས་ཀྱི་དཀྱིལ་འཁོར་ཡང་འདི་ལྟར་རྒྱ་ཆེ་བ་ཡིན་ཏེ། དེ་བཞིན་གཤེགས་པ་དེའི་དབྱངས་ཀྱི་དཀྱིལ་འཁོར་གྱི་མཐའ་ནི་སུས་ཀྱང་ཚད་གཟུང་བའམ་བགྲང་

བར་མི་ནུས་སོ། །དེ་བཞིན་གཤེགས་པ་དེའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཐབས་ལ་མཁས་པ་ཡང་རྒྱ་ཆེ་བ་ཡིན་ཏེ། དེ་བཞིན་གཤེགས་པ་དེའི་ཐབས་ལ་མཁས་པའི་མཐའ་ནི་སུས་ཀྱང་ཚད་གཟུང་བར་མི་ནུས་སོ། །རིགས་ཀྱི་

བུ་དག་དེ་བཞིན་གཤེགས་པ་དེའི་སྐུ་ཡང་རྒྱ་ཆེ་བ་ཡིན་ཏེ། དེའི་སྤྱི་གཙུག་བལྟ་བའམ། སྐུའི་མཐའ་ནི་སུས་ཀྱང་ཚད་གཟུང་བར་མི་ནུས་སོ། །གལ་ཏེ་དེ་ལྟར་སངས་རྒྱས་ཀྱི་ཞིང་མི་མཇེད་དེ་ན་སེམས་ཅན་ཇི་སྙེད་འདུས་པར་གྱུར་པ་འདི་དག་ཐམས་

ཅད་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཁོང་དུ་ཞུགས་པར་གྱུར་ཅིང་དེ་དག་ཐམས་ཅད་དེ་ན་རྒྱུ་བར་གྱུར་ཏམ། སེམས་ཅན་དེ་དག་དེ་བཞིན་གཤེགས་པ་དེའི་སྤུའི་སྒོ་གཅིག་ཏུ་ཞུགས་ཤིང་འབྱུང་བར་གྱུར་ཀྱང་། དེ་དག་གིས་ཆེར་ན་ལྷའི་མིག་གིས་

ཀྱང་དེ་བཞིན་གཤེགས་པ་དེའི་སྤུའི་སྒོ་གཅིག་གི་མཐའ་ཡང་བྲི་བའམ་གང་བར་ཚད་གཟུང་བར་མི་ནུས་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེའི་སྐུ་ནི་དེ་ལྟར་རྒྱ་ཆེ་བ་ཡིན་ནོ། །རིགས་ཀྱི་བུ་དག་གཞན་ཡང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ནི་

เล่ม ๕๐ · หน้า 288a

སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོ་དང་ལྡན་པ་ཡིན་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་ཇི་སྙེད་པ་དག་འདི་ལྟ་སྟེ། དཔེར་ན་ད་ལྟར་ངའི་སངས་རྒྱས་ཀྱི་ཞིང་མི་མཇེད་བཞིན་དུ་སེམས་ཅན་རྣམས་ཀྱིས་ཡོངས་སུ་

གང་བར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་ཞུགས་པར་གྱུར་ཀྱང་དེ་དག་ཐམས་ཅད་དེ་ན་རྒྱུ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དེས་སྔོན་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

སེམས་བསྐྱེད་པ་ན་སྨོན་ལམ་དེ་ལྟ་བུ་བཏབ་པའི་ཕྱིར་རོ། །རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་དག་ལྟ་ཞོག་གི །རིགས་ཀྱི་བུ་དག་གལ་ཏེ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་སྟོང་གི་བྱེ་མ་སྙེད་པོ་དེ་ལྟར་རྒྱ་ཆེ་བ་

དག་འདི་ལྟ་སྟེ། དཔེར་ན་ད་ལྟར་སངས་རྒྱས་ཀྱི་ཞིང་མི་མཇེད་བཞིན་དུ་སེམས་ཅན་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་མི་མཇེད་དུ་ཞུགས་པར་གྱུར་ཀྱང་དེ་དག་ཐམས་ཅད་དེ་ན་རྒྱུ་བར་འགྱུར་རོ། །རིགས་ཀྱི་

བུ་དག་དེ་བཞིན་གཤེགས་པ་དེས་སྔོན་དང་པོ་སེམས་བསྐྱེད་པ་ན་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་དེ་ལྟ་བུ་བཏབ་པས་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ནི་སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོ་དེ་ལྟ་བུ་དང་ལྡན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་

ཐུབ་པ་དེ་ནི་ཇི་སྐད་སྨོས་པའི་ཆོས་བཞི་པོ་དེ་དག་གི་དེ་བཞིན་གཤེགས་པ་གཞན་དག་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །རིགས་ཀྱི་བུ་དག་ཁྱོད་ཀྱིས་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་འདི་དག་ལོང་ལ་ནུབ་ཕྱོགས་ལོགས་སུ་རང་རང་གིས་ཇི་ལྟར་མཐོང་

བའི་སངས་རྒྱས་ཀྱི་ཞིང་མི་མཇེད་དེར་དེང་ཤིག །ངའི་ཚིག་གིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་སྙུན་མི་མངའ་འམ་ཐུགས་བདེའམ་ཞེས་ཀྱང་སྙུན་གསོལ་ཅིག །དེ་ནས་དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཡོན་ཏན་རྒྱལ་པོ་དེས་མེ་ཏོག་ཟླ་བ་མདོག་མཛེས་

เล่ม ๕๐ · หน้า 288b

དྲི་མ་མེད་པ་དག་བླངས་ཏེ་བྱང་ཆུབ་སེམས་དཔའ་གསང་བསྒྲགས་དང་། བྱང་ཆུབ་སེམས་དཔའ་སྣང་བའི་འོད་ཟེར་ལ་བྱིན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ངའི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་ཁྱེད་ཅག་འཇིག་རྟེན་གྱི་ཁམས་མི་མཇེད་དུ་དེང་ཤིག །

དེ་ན་སྲོག་ཆགས་ཉི་ཁྲིས་ཀྱང་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་ཅག་ཀྱང་དེ་བཞིན་གཤེགས་པའི་མཐུས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དུ་མཆི་ལགས་

སོ། །དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཡོན་ཏན་རྒྱལ་པོས་བཀའ་སྩལ་པ། རིགས་ཀྱི་བུ་དག་བསམ་པ་ཇི་ལྟ་བ་བཞིན་དུ་དེང་ཤིག །དེ་ནས་དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཡོན་ཏན་རྒྱལ་པོ་དེའི་རྫུ་འཕྲུལ་གྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་གསང་

བསྒྲགས་དང་། སྣང་བའི་འོད་ཟེར་དེ་གཉིས་བྱང་ཆུབ་སེམས་དཔའ་ཉི་ཁྲི་དང་ལྷན་ཅིག་འགྲོགས་ཏེ་འཇིག་རྟེན་གྱི་ཁམས་མེ་ཏོག་ཀུན་དུ་རྒྱས་པ་ནས་འཕགས་པ་དང་། སེམས་ཀྱི་སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་ཕྱིན་ཏེ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་སོ་

སོར་འཁོད་ནས། དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་གསོལ་པ། བཙུན་པ་བཅོམ་ལྡན་འདས་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་ས་ཡ་ཕྲག་དགུ་དང་ཆིག་འབུམ་འདས་པ་དེ་ན་

འཇིག་རྟེན་གྱི་ཁམས་མེ་ཏོག་ཀུན་དུ་རྒྱས་པ་ཞེས་བགྱི་བ་མཆིས་ཏེ། དེ་ན་དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཡོན་ཏན་རྒྱལ་པོ་ཞེས་བགྱི་བ་བཞུགས་སོ། །དེ་བཞིན་གཤེགས་པ་དེ་བྱང་ཆུབ་སེམས་དཔའི་འཁོར་གྱི་ཚོགས་ལ་དེ་བཞིན་གཤེགས་པའི་ཡོན་ཏན་

གྱི་བསྔགས་པ་སྒྲོགས་ཤིང་འདི་སྐད་དུ་སངས་རྒྱས་ཀྱི་ཞིང་མི་མཇེད་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་སོ། །དེ་བཞིན་གཤེགས་པ་དེ་སྔོན་བྱང་ཆུབ་སེམས་དཔར་གྱུར་ཅིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དེས་ང་ཐམས་

เล่ม ๕๐ · หน้า 289a

ཅད་ཀྱི་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཞག་སྟེ་རབ་ཏུ་གནས་པར་བྱས་སོ། །དེའི་ཚིག་གིས་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་

དེས་ང་དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཞག་པ་ནས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ནི་ཆོས་བཞི་པོ་དེ་དག་གིས་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་ཇི་སྐད་སྔར་སྨོས་པའི་བར་དག་དེ་སྐད་དུ་གསུངས་ཏེ། འདི་ལྟར་དེ་བཞིན་གཤེགས་པ་དེས་མེ་ཏོག་

ཟླ་བ་མདོག་མཛེས་དྲི་མ་མེད་པ་འདི་དག་ཀྱང་བསྐུར་ཞིང་བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། ཐུགས་བདེའམ་ཞེས་ཀྱང་སྙུན་གསོལ་ལགས་སོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་མངོན་པར་དགའ་བ་ན་དེ་བཞིན་གཤེགས་པ་མི་འཁྲུགས་པའི་གདན་ཡང་གཡོས་

ཤིང་བྱང་ཆུབ་སེམས་དཔའ་གང་དག་དེར་འདུས་པར་གྱུར་པ་དེ་དག་གིས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་གདན་གཡོས་པར་མཐོང་སྟེ། ཡོངས་སུ་ཞུས་པ་ནས་དེ་བཞིན་དུ་སྦྱར་ཏེ་ཇི་སྐད་སྔར་སྨོས་པའི་བར་དེ་དག་ཐམས་ཅད་ཀྱང་བརྗོད་པར་བྱའོ། །དེའི་ཚེ་

ན་ཤར་ཕྱོགས་ལོགས་ནས་དེ་བཞིན་གཤེགས་པའི་ཕོ་ཉ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་གྲངས་མེད་པ་དག་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཡོངས་སུ་ཞུ་བ་དང་མཆོད་པ་བྱ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་མེ་ཏོག་

ཟླ་བ་མདོག་མཛེས་དྲི་མ་མེད་པ་དག་ཐོགས་ཏེ་སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་ལྷགས་སོ། །བཅོམ་ལྡན་འདས་ཀྱིས་ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་བསྒྲགས་པ་དག་མཐར་ཕྱིན་མ་ཐག་ཏུ་ཡང་

བཅོམ་ལྡན་འདས་ཀྱིས་ལྷོ་ཕྱོགས་ལོགས་ཀྱི་ཡོངས་སུ་བསྒྲགས་པ་བརྩམས་ཏེ། རིགས་ཀྱི་བུ་ངས་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་མྱ་ངན་ཐམས་ཅད་དང་བྲལ་

เล่ม ๕๐ · หน้า 289b

བ་ཞེས་བྱ་བ་ཞིག་ཡོད་པ་དེ་ན་དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་གཟིགས་ཏེ། བཅོམ་ལྡན་འདས་དེ་ཡང་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ངས་ཐམས་ཅད་ཀྱི་དང་པོར་བླ་ན་མེད་

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པ་ནས་ཇི་སྐད་སྔར་སྨོས་པའི་བར་དག་བཞིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་འཛམ་བུའི་འོད་ཅེས་བྱ་བ་ན་དེ་བཞིན་གཤེགས་པ་ཆོས་ཀྱི་དབང་ཕྱུག་རྣམ་སྒྲོགས་ཞེས་བྱ་བ་དང་། སངས་རྒྱས་ཀྱི་

ཞིང་ལྷུན་པོ་རབ་གནས་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་འགྲོ་བའི་དབང་ཕྱུག་སཱ་ལའི་དབང་པོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོན་ཏན་དབང་པོའི་བ་གམ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་སེང་གེ་བསྒྱིངས་པའི་རྒྱལ་པོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་

ནོར་བུ་གཞིར་བཀོད་ཅེས་བྱ་བ་ན་དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུས་རྣམ་པར་རྒྱལ་བའི་སྙིང་པོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་འོད་འགྱེད་ཡང་དག་བསགས་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཡོན་ཏན་བསྒྱིངས་པ་ཡང་དག་བསགས་ཞེས་བྱ་བ་དང་།

སངས་རྒྱས་ཀྱི་ཞིང་ལྷའི་ཟླ་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་སྐར་མའི་སྙིང་པོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཙན་དན་གྱི་རྩ་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་རྒྱུ་སྐར་ཆོ་ག་གྲགས་པ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་དྲི་མཆོག་ཅེས་བྱ་བ་ན་དེ་བཞིན་

གཤེགས་པ་བསོད་ནམས་སྟོབས་སཱ་ལའི་རྒྱལ་པོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཤིན་ཏུ་རྟོག་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཡིད་དུ་འོང་བའི་སྒྲ་དབྱངས་རྣམ་པར་བསྒྲགས་པ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་རྩོད་མེད་ཅེས་བྱ་བ་ན་དེ་བཞིན་

གཤེགས་པ་སཱ་ལའི་ཐིགས་པའི་རྒྱལ་པོ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཟླ་བསྒྲགས་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་གཟི་བརྗིད་དབང་ཕྱུག་འོད་ཅེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་མངོན་པར་སྒྲོགས་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་སྒྲ་དབྱངས་ཡིད་དུ་འོང་

เล่ม ๕๐ · หน้า 290a

བ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་རིན་ཆེན་ཁྱུ་མཆོག་ཅེས་བྱ་བ་ན་དེ་བཞིན་གཤེགས་པ་ཀླུ་དབང་རིན་ཆེན་ངོས་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་རིན་ཆེན་ལྗོན་ཤིང་འབྲས་བུ་དཔག་མེད་རིན་པོ་ཆེ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཆོས་སྤྲིན་སྒྲ་དབྱངས་

དབང་ཕྱུག་ཟླ་བ་ཞེས་བྱ་བ་དང་། དེ་བཞིན་དུ་ལྷོ་ཕྱོགས་ལོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་གྲངས་མེད་པ་དག་གི་གདན་དག་གཡོས་ཤིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྔགས་པ་དང་། སྙན་པ་

དང་། གྲགས་བརྗོད་པར་མཛད་པ་དང་། དེའི་ཚེ་ན་ལྷོ་ཕྱོགས་ལོགས་ན་དེ་བཞིན་གཤེགས་པའི་ཕོ་ཉ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཡོངས་སུ་ཞུ་བ་དང་། ཆོས་མཉན་པའི་བར་གྱི་ཕྱིར་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་

པ་དག་ཐོགས་ཏེ་སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་ལྷགས་པའི་བར་དུ་ཇི་སྐད་སྔར་སྨོས་པ་བཞིན་དུ་སྦྱར་རོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ངས་སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་བདུན་

འདས་པ་དེ་ན་སངས་རྒྱས་ཀྱི་ཞིང་བློ་གྲོས་ཉེ་བར་ཞི་བ་ཞེས་བྱ་བ་ཞིག་ཡོད་པ་དེ་ན་དེ་བཞིན་གཤེགས་པ་རིན་ཆེན་རི་བོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པར་གཟིགས་ཏེ། བཅོམ་ལྡན་འདས་དེ་ཡང་ང་སྔོན་བྱང་ཆུབ་སེམས་དཔར་གྱུར་ཅིང་སྤྱད་པ་སྤྱོད་པ་ན་ངས་

ཐམས་ཅད་ཀྱི་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པ་ནས་ཇི་སྐད་སྔར་སྨོས་པའི་བར་དག་བཞིན་ནོ། །སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པ་འོད་ཟེར་མཆོག་གི་མཛོད་ཅེས་བྱ་བ་དང་། དེ་བཞིན་གཤེགས་

པ་དབྱངས་མཁྱེན་མཛོད་ཅེས་བྱ་བ་དང་། བ་བླ་གྲགས་པ་དང་། ཀུན་དུ་སྙིང་པོ་དང་། ཚངས་པའི་མེ་ཏོག་དང་། སྐུ་མཆོག་རྣམ་པར་གནོན་དང་། ཆོས་ཀྱི་ཤུགས་ཀྱི་སྒྲོན་མ་དང་། ལྷུན་པོ་ཕྲག་མེད་པ་སྒྲ་དབྱངས་རྣམ་པར་གྲགས་པའི་རྒྱལ་པོ་དང་། ཚངས་པའི་དབང་པོ་དབྱངས་དང་། དེ་བཞིན་

เล่ม ๕๐ · หน้า 290b

དུ་ནུབ་ཕྱོགས་ལོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་གྲངས་མེད་པ་གང་དག་གི་མཚན་དག་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཡོངས་སུ་བསྒྲགས་པ་དེ་དག་གི་གདན་དག་གཡོས་ཤིང་། དེའི་ཚེ་ན་ནུབ་ཕྱོགས་ལོགས་ནས་སངས་རྒྱས་ཀྱི་ཕོ་ཉ་བྱང་ཆུབ་སེམས་དཔའ་

དཔག་ཏུ་མེད་གྲངས་མེད་པ་དག་ཆོས་མཉན་པའི་བར་གྱི་ཕྱིར་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་དག་ཐོགས་ཏེ། སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་ལྷགས་ཤིང་འཁོད་པའི་བར་དུ་ཇི་སྐད་སྔར་སྨོས་པ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་བྱང་ཕྱོགས་དང་། དེ་བཞིན་དུ་སྟེང་དང་། དེ་བཞིན་

དུ་འོག་དང་། དེ་བཞིན་དུ་ཤར་ལྷོ་དང་། དེ་བཞིན་དུ་ལྷོ་ནུབ་དང་། དེ་བཞིན་དུ་ནུབ་བྱང་དང་། དེ་བཞིན་དུ་བྱང་ཤར་གྱི་ཕྱོགས་རྣམས་སུ་ཡང་སྔ་མ་བཞིན་དུ་སྦྱར་ཏེ་བརྗོད་པར་བྱའོ། །ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པ། རིགས་ཀྱི་བུ་ངས་སངས་རྒྱས་ཀྱི་ཞིང་འདི་

ནས་བྱང་ཤར་གྱི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་བརྒྱད་འདས་པ་དེ་ན་སངས་རྒྱས་ཀྱི་ཞིང་རྣམ་པར་རྒྱལ་བ་ཞེས་བྱ་བ་ཞིག་ཡོད་པ་དེ་ན་དེ་བཞིན་གཤེགས་པ་གདུང་བྲལ་མངོན་པར་འཕགས་པ་རྣམ་ཐོས་ཀྱི་བུ་སཱ་ལའི་རྒྱལ་པོ་

ཞེས་བྱ་བ་བཞུགས་ཏེ། དེ་བཞིན་གཤེགས་པ་དེ་ཡང་ང་སྔོན་བྱང་ཆུབ་སེམས་དཔར་གྱུར་ཅིང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ངས་ཐམས་ཅད་ཀྱི་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་བར་དག་ཡང་དག་པར་

འཛིན་དུ་བཅུག་པ་ནས། ཐམས་ཅད་ཀྱི་དང་པོར་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ། འཚོ་ཞིང་གཞེས་པ་དག་གི་ཐད་དུ་ཕུལ་ནས་དེར་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་བོ། །གང་གི་ཚེ་དེའི་མཚན་ཡོངས་སུ་བསྒྲགས་པ་དེའི་

ཚེ་གདན་གཡོས་པ་ནས་ཁ་དོག་དང་། དབྱིབས་དང་། དད་པ་དང་། གཟུགས་དང་། སྒྲ་སྐད་བརྒྱད་ཁྲི་བཞི་སྟོང་གི་བར་དང་ལྡན་པའི་སེམས་ཅན་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་བཞིན་དུ་མཐོང་ཞིང་ཆོས་ཀྱང་ཐོས་སོ་ཞེས་བྱ་བའི་བར་དུ་ཇི་སྐད་སྔར་སྨོས་པ་བཞིན་དུ་སྦྱར་

เล่ม ๕๐ · หน้า 291a

རོ། །འཁོར་དེ་ན་བྱང་ཆུབ་སེམས་དཔའ་གཉིས་ལ་གཅིག་ནི་འཁྲུགས་མེད་རྩེ་མོ་ཞེས་བྱ་བ་དང་། ཅིག་ཤོས་ནི་སངས་རྒྱས་ཡང་དག་འདོད་ཅེས་བྱ་བ་ཞིག་ཡོད་དེ། དེ་བཞིན་གཤེགས་པ་གདུང་བྲལ་མངོན་པར་འཕགས་པ་

རྣམ་ཐོས་ཀྱི་བུ་སཱ་ལའི་རྒྱལ་པོ་དེས་བྱང་ཆུབ་སེམས་དཔའ་དེ་གཉིས་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་ཅག་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་དེང་ལ་ངའི་ཚིག་གིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སྙུན་མི་མངའ་འམ།

ཐུགས་བདེའམ། བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཅིག །དེ་གཉིས་ཀྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་ཅག་གིས་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་མི་མཇེད་ཀྱིས་དང་ནམ་མཁའ་ཐམས་ཅད་ཡང་དག་

པར་རྗེས་སུ་མཐོང་སྟེ། དེ་ནས་དང་ནམ་མཁའ་ལ་སེམས་ཅན་འགའ་ཙམ་གྱི་གོ་སྐབས་ཀྱང་མ་མཆིས་ན། བདག་ཅག་གང་དུ་གནས་པར་བགྱི་ལགས། དེ་བཞིན་གཤེགས་པ་དེས་བཀའ་སྩལ་པ། རིགས་ཀྱི་བུ་དག་སངས་རྒྱས་ཀྱི་ཞིང་མི་མཇེད་

ན་གོ་སྐབས་མེད་དོ་ཞེས་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ནི་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དག་གིས་གོ་སྐབས་ཡངས་པ་ཡིན་ཏེ། སྔོན་གྱི་སྨོན་ལམ་གྱིས་གསུམ་

ལ་སྐྱབས་སུ་འགྲོ་བ་དང་། ཐེག་པ་གསུམ་གྱི་ཆོས་བསྟན་པ་ལས་བརྩམས་ཏེ་ཆོས་སྟོན་པར་མཛད་པ་དང་། བསླབ་པ་གསུམ་གྱི་སྡོམ་པ་སྟོན་པར་མཛད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་པོ་དག་སྟོན་པར་མཛད་པ་དང་། སེམས་

ཅན་རྣམས་ངན་སོང་གསུམ་པོ་དག་ལས་འདྲེན་པར་མཛད་པ་དང་། ཞི་བའི་ལམ་གསུམ་པོ་དག་ལ་རབ་ཏུ་འགོད་པར་མཛད་པའི་ཕྱིར་དེ་བཞིན་གཤེགས་པ་དེའི་ཐུགས་རྗེ་དང་བསྟན་པ་ལ་འཇུག་པ་ནི་ཡངས་པ་ཡིན་ནོ། །རིགས་ཀྱི་བུ་དག་

เล่ม ๕๐ · หน้า 291b

དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པའི་དུས་ཤིག་ན། འདུལ་བའི་སེམས་ཅན་ལ་གཟིགས་ཤིང་རི་བྲག་མི་མཉམ་པའི་དབུས་ན་གནོད་སྦྱིན་དབང་པོའི་མིག་ཅེས་བྱ་བའི་གནས་སཱ་ལའི་

ཕུག་ན་རྣམ་པར་གྲོལ་བའི་དགའ་བ་དང་། བདེ་བ་ཉམས་སུ་མྱོང་ཞིང་སྐྱིལ་མོ་ཀྲུང་གཅིག་གིས་ཞག་བདུན་འདའ་བར་མཛད་ཅིང་བཞུགས་པ་ན། དེ་བཞིན་གཤེགས་པའི་སྐུས་སཱ་ལའི་ཕུག་ཐམས་ཅད་ཁྱབ་པར་གྱུར་ཏེ། དེ་ན་གང་དུ་དེ་

བཞིན་གཤེགས་པའི་སྐུས་ཁྱབ་པར་མ་གྱུར་པའི་གོ་སྐབས་ནི་ཐ་ན་སོར་བཞི་ཙམ་གྱི་གཏོས་ཀྱང་མེད་དོ། །ཞག་བདུན་པོ་དེ་འདས་པ་དང་། ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྲག་ཁྲིག་ཕྲག་བཅུ་གཉིས་དེ་བཞིན་

གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱི་རི་དེ་གང་ཡིན་པ་དེ་ལོགས་སུ་མངོན་དུ་ཕྱོགས་ཏེ་འཁོད་པ་དང་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ནི་ཇི་

སྐད་སྨོས་པའི་ཆོས་བཞི་པོ་དེ་དག་གིས་དེ་བཞིན་གཤེགས་པ་གཞན་དག་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ཇི་སྐད་སྔར་སྨོས་པ་བཞིན་ཏེ། རིགས་ཀྱི་བུ་དག་ཁྱེད་ཀྱིས་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་འདི་དག་ལོང་

ལ། ལྷོ་ནུབ་ཀྱི་ཕྱོགས་ལོགས་སུ་རང་རང་གིས་ཇི་ལྟར་མཐོང་བའི་སངས་རྒྱས་ཀྱི་ཞིང་མི་མཇེད་དེར་དེང་ཤིག །ངའི་ཚིག་གིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་སྙུན་མི་མངའ་འམ། ཐུགས་བདེའམ་ཞེས་ཀྱང་སྙུན་གསོལ་ཅིག །

དེ་ནས་དེ་བཞིན་གཤེགས་པ་གདུང་བྲལ་མངོན་པར་འཕགས་པ་རྣམ་ཐོས་ཀྱི་བུ་སཱ་ལའི་རྒྱལ་པོ་དེས་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་འཁྲུགས་མེད་རྩེ་མོ་དང་། བྱང་ཆུབ་སེམས་དཔའ་སངས་

เล่ม ๕๐ · หน้า 292a

རྒྱས་ཡང་དག་འདོད་ལ་བྱིན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ངའི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་ཁྱེད་ཅག་འཇིག་རྟེན་གྱི་ཁམས་མི་མཇེད་དུ་དེང་ཤིག །དེ་ན་སྲོག་ཆགས་ཉི་ཁྲིས་ཀྱང་གསོལ་པ།

བཙུན་པ་བཅོམ་ལྡན་འདས་བདག་ཅག་ཀྱང་དེ་བཞིན་གཤེགས་པའི་མཐུས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བའི་སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དུ་མཆིས་ལགས་སོ། །དེ་

བཞིན་གཤེགས་པ་དེས་བཀའ་སྩལ་པ། རིགས་ཀྱི་བུ་དག་བསམ་པ་ཇི་ལྟ་བ་བཞིན་དུ་དེང་ཤིག །དེ་ནས་དེ་བཞིན་གཤེགས་པ་དེའི་མཐུས་བྱང་ཆུབ་སེམས་དཔའ་དེ་གཉིས་བྱང་ཆུབ་སེམས་དཔའ་ཉི་ཁྲི་དང་ལྷན་ཅིག་འགྲོགས་ཏེ་སངས་རྒྱས་

ཀྱི་ཞིང་རྣམ་པར་རྒྱལ་བ་དེ་ནས་འཕགས་པ་དང་། སེམས་ཀྱི་སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་ཕྱིན་ཏེ་བྱ་རྒོད་ཕུང་པོའི་རི་ལ་སོ་སོར་འཁོད་དོ། །འཁོད་ནས་ཀྱང་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་

ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་གསོལ་པ། བཙུན་པ་བཅོམ་ལྡན་འདས་འདི་ནས་བྱང་ཤར་གྱི་ཕྱོགས་ལོགས་སུ་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་དེས་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་འདི་དག་ཀྱང་བསྐུར་ཞིང་། བཅོམ་ལྡན་འདས་

ལ་སྙུན་མི་མངའ་འམ། ཐུགས་བདེའམ་ཞེས་ཀྱང་སྙུན་གསོལ་ལགས་སོ་བཞེས་བྱ་བའི་བར་དུ་ཇི་སྐད་སྔར་སྨོས་པ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་བདུད་ཀྱི་གནས་རྣམ་པར་འཇོམས་པའི་གདན་ཡང་གཡོས་ཏེ། བྱང་ཆུབ་

སེམས་དཔའ་གང་དག་དེར་འདུས་པར་གྱུར་པ་དེ་དག་གིས་དེ་བཞིན་གཤེགས་བདུད་ཀྱི་གནས་རྣམ་པར་འཇོམས་པའི་གདན་ཡང་གཡོས་པ་མཐོང་སྟེ། དེ་བཞིན་གཤེགས་པ་དེ་ལ་ཡོངས་སུ་ཞུས་པ་ནས་ཇི་སྐད་སྔར་སྨོས་པའི་བར་དག་

เล่ม ๕๐ · หน้า 292b

བཞིན་ནོ། །དེ་བཞིན་དུ་དེའི་ཚེ་ན་དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་དང་། རྣམ་པར་གནོན་པ་ཆེན་པོའི་འོད་ཟེར་དང་། པད་མ་དམ་པ་དང་། ཙན་དན་དང་། ལྷུན་པོའི་རྒྱལ་པོ་དང་། རྒྱ་མཚོ་དང་། སྐར་མའི་སྙིང་པོ་དང་། རྣམ་

པར་གནོན་པའི་ཡེ་ཤེས་དང་། བྱང་ཤར་གྱི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དཔག་ཏུ་མེད་གྲངས་མེད་པའི་བར་དག་གིས་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཡོངས་སུ་ཞུ་བ་དང་། མཆོད་པ་བྱ་བ་དང་། ཕྱག་

བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་དག་ཐོགས་ཏེ་སངས་རྒྱས་ཀྱི་ཞིང་མི་མཇེད་འདིར་ལྷགས་པ་དང་། དེའི་མོད་ལ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་རྫུ་འཕྲུལ་གྱི་མཐུས་

སེམས་ཅན་གང་དག་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་འདུས་པ་དེ་དག་ཐམས་ཅད་ཀྱི་སེམས་ཅན་རེ་རེའི་ལུས་ཀྱང་དཔག་ཚད་ཀྱི་ཚད་ཙམ་དུ་གྱུར་ནས་སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་དེ་ལྟ་བུའི་སེམས་ཅན་དག་གིས་ཀྱང་ཁྱབ་པར་གྱུར་ཏོ། །

སངས་རྒྱས་ཀྱི་ཞིང་འདིའི་ས་དང་ནམ་མཁའ་ཐམས་ཅད་སེམས་ཅན་དེ་དག་གིས་ཁྱབ་པར་གྱུར་ཏེ། གང་དུ་སེམས་ཅན་དག་གིས་ཁྱབ་པར་མ་གྱུར་པའི་གོ་སྐབས་ནི་ཐ་ན་མིག་སྨན་གྱི་ཐར་མ་གཟུགས་པའི་གཏོས་ཙམ་ཡང་མེད་དོ། །སེམས་

ཅན་དེ་དག་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་མཐོང་བ་མ་གཏོགས་པར་ནམ་མཁའ་སྟོང་པ་མཐོང་དུ་ཟད་ཀྱི་གཅིག་གིས་གཅིག་ནི་མ་མཐོང་ངོ་། །དེ་དག་མིག་གི་ལམ་དུ་རི་རབ་དང་། ཁོར་ཡུག་དང་། ཁོར་ཡུག་

ཆེན་པོ་དང་། རི་རྣམས་ཀྱང་སྣང་བར་མ་གྱུར་ཏོ། །འཇིག་རྟེན་གྱི་བར་དག་ཀྱང་མི་སྣང་། ལྷའི་གཞལ་མེད་ཁང་རྣམས་ཀྱང་མི་སྣང་སྟེ། འོག་ཏུ་གསེར་གྱི་འཁོར་ལོ་ལ་ཐུག་པའི་བར་དང་། དེའི་སྟེང་གི་ས་གཞི་ཡང་མིག་ལམ་དུ་སྣང་བར་མ་

เล่ม ๕๐ · หน้า 293a

གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་མཁའ་ཁྱབ་ཆོས་སེལ་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་པ་དང་། དེས་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་སྤུའི་སྒོ་ཐམས་ཅད་དུ་

ཞུགས་ཏེ། གང་དག་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱི་ཁོངས་སུ་ཆུད་པར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ཀྱང་མཐོང་ངོ་། །སེམས་ཅན་དེ་དག་གི་སེམས་དང་སེམས་ལས་བྱུང་བ་དག་ཀྱང་གཟུགས་ལ་ཀུན་དུ་ལྟ་བའི་ཡིད་ལ་བྱེད་པ་དང་བྲལ་

ཞིང་དེ་དག་བཅོམ་ལྡན་འདས་ཀྱི་སྤུའི་སྒོ་འབའ་ཞིག་ཏུ་ངེས་པར་རྟོགས་ཏེ། དེར་ཡང་འདི་ལྟ་སྟེ་དཔེར་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་སྐྱེད་མོས་ཚལ་ལྟ་བུར་རིན་པོ་ཆེའི་ཤིང་ལྗོན་པ་སྣ་ཚོགས་དང་། ལོ་མ་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་དང་། འབྲས་

བུ་སྣ་ཚོགས་ཀྱིས་གང་བའི་སྐྱེད་མོས་ཚལ་དག་མཐོང་ངོ་། །ཤིང་ལྗོན་པ་རས་བཅོས་བུ་སྣ་ཚོགས་དང་། གོས་སྣ་ཚོགས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དཔུང་རྒྱན་དང་། མུ་ཏིག་གི་ཆུན་པོ་སྣ་ཚོགས་ཀྱིས་བརྒྱན་པ་དེ་དག་

མཐོང་བ་དང་། སེམས་ཅན་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་སྐྱེད་མོས་ཚལ་དེ་ལྟར་འདོད་དོ་སྙམ་ནས། གང་དག་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱི་ཁོངས་སུ་ཆུད་པར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་ལས་སེམས་ཅན་དམྱལ་

བ་པ་རྣམས་དང་། གཤིན་རྗེའི་འཇིག་རྟེན་པ་རྣམས་དང་། དུད་འགྲོའི་སྐྱེ་གནས་པ་རྣམས་དང་། གཟུགས་མེད་པ་ན་སྤྱོད་པ་རྣམས་མ་གཏོགས་པར་སེམས་ཅན་ལྷག་མ་ཐམས་ཅད་དེ་བཞིན་གཤེགས་པ་དེའི་སྤུའི་སྒོ་དག་ནས་དེ་བཞིན་གཤེགས་པའི་

སྐུའི་ནང་དུ་ཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་དེ་དག་སླར་བསྡུས་ཏེ་བཞེངས་པ་དང་། དེ་ནས་སེམས་ཅན་དེ་དག་གཅིག་གིས་གཅིག་མཐོང་ནས་སྨྲས་པ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བཞུགས། བྱང་ཆུབ་སེམས་དཔའ་

เล่ม ๕๐ · หน้า 293b

བྱམས་པས་སྨྲས་པ། ཀྱེ་སེམས་ཅན་དག་བདག་ཅག་ཐམས་ཅད་དེ་བཞིན་གཤེགས་པའི་སྐུའི་ཁོང་པར་ཞུགས་པར་ཤེས་བཞིན་གྱིས་སོམས་ཤིག །དེ་ནས་སེམས་ཅན་དེ་དག་གིས་དེ་བཞིན་གཤེགས་པའི་སྐུ་ཕྱི་ནང་བཅས་པར་མཐོང་ཞིང་ཇི་ལྟར་

བདག་ཅག་དེ་བཞིན་གཤེགས་པའི་སྐུའི་ཁོང་པར་ཞུགས་ཏེ་འདུས་པར་གྱུར་པ་རང་རང་གི་མངོན་སུམ་དུ་གྱུར་ནས་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གང་ནས་དེ་བཞིན་གཤེགས་པའི་སྐུའི་ཁོང་པར་ཞུགས་ཤིང་སུས་འདིར་བཅུག་སྙམ་མོ། །དེ་ནས་བྱང་ཆུབ་

སེམས་དཔའ་བྱམས་པས་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ལ་སྒྲས་མངོན་པར་གོ་བར་བྱས་ཏེ་སྨྲས་པ། ཁྱེད་ཅག་ཉོན་ཅིག །འདི་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། གང་གི་ཕྱིར་བདག་ཅག་ལ་ཕན་པར་

མཛད་པའི་སྟོན་པས་ཆོས་སྟོན་པར་མཛད་ཀྱིས་དེའི་ཕྱིར་ཁྱེད་ཅག་སེམས་ཅན་ཐམས་ཅད་ཀྱིས་སོམས་ཤིག །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཀྱིས་ཐལ་མོ་སྦྱར་བ་བཏུད་པ་དང་། བཅོམ་ལྡན་འདས་ཀྱིས་བདེ་བ་སྤྱོད་པའི་ཆོས་ཐམས་ཅད་

བསྟན་ཏོ། །དེ་ལ་བདེ་བ་སྤྱོད་པའི་ཆོས་ཐམས་ཅད་གང་ཞེ་ན། འདི་ལྟ་སྟེ་འཁོར་བའི་འདམ་ལས་བསྒྲལ་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གཟུད་པ་དང་། ཐམས་ཅད་མཁྱེན་པ་ཉིད་ལ་གཟུད་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བྱུང་གི་

ཡེ་ཤེས་ཡོངས་སུ་རྫོགས་པར་བྱའོ། །དེ་ལ་བསམ་གཏན་ལ་གཟུད་པའི་སེམས་བསྐྱེད་པ་ཡོངས་སུ་བསྔོ་བ་རྣམ་པ་བཅུ་སྟེ། འདི་ལྟ་སྟེ་ཕན་པའི་དངོས་པོ་ཡང་དག་པར་བསྐྱེད་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་ཀྱིས་གནས་པ་དང་།

སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བའི་ཕྱིར་གྲུ་ཆེན་པོ་ཡང་དག་པར་བསྒྲུབ་པ་དང་། ཡོད་པ་མ་ཡིན་པའི་ཕྱིན་ཅི་ལོག་ལས་ཡོངས་སུ་ཐར་བར་བྱ་བའི་ཕྱིར་མ་གྲོལ་བ་དགྲོལ་བའི་གོ་ཆ་དང་། ཆོས་ལ་བདག་མེད་པར་སོ་སོར་བརྟག་པའི་ཕྱིར་སེང་གེའི་སྒྲ་ཆེན་པོས་

เล่ม ๕๐ · หน้า 294a

མི་སྐྲག་པའི་གོ་ཆ་དང་། ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་དང་། མིག་ཡོར་ལྟ་བུར་རྟོགས་པའི་ཕྱིར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བའི་གོ་ཆ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་ལ་གནས་པའི་ཕྱིར་འཇིག་རྟེན་གྱི་ཁམས་

ཐམས་ཅད་སྣང་བས་རྒྱན་པར་བྱེད་པའི་གོ་ཆ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་སྒྲུབ་པའི་གོ་ཆ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པའི་ཕྱིར་མི་འཇིགས་པ་བཞི་ཐོབ་པའི་གོ་ཆ་དང་།

བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཇི་ལྟར་ཐོས་པའི་ཆོས་བསྒྲུབ་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་མ་ལུས་པར་ཐོབ་པའི་གོ་ཆ་དང་། སྤྲོས་པ་མེད་པ་སྟེ། དེ་དག་ནི་བདེ་བ་སྤྱོད་པའི་ཆོས་ཐམས་ཅད་ལ་གཟུད་པ་རྣམ་པ་བཅུའོ། །མཚན་ཉིད་མེད་པའི་སྒོ་ཡོངས་

སུ་ཤེས་པ་རྟོགས་པའི་སྤྱོད་པ་དང་། ཆོས་ཐམས་ཅད་བདག་མེད་པར་ཡིད་ལ་བྱེད་པ་དང་། སེམས་སྐྱེ་བ་མེད་པ་དང་། འགག་པ་མེད་པར་རྟོགས་པ་གང་ཡིན་པ་ནི་ཕྱིར་མི་ལྡོག་པའི་ས་ཡིན་ཏེ། དེ་ལ་ནི་འཇུག་པ་དང་། ལྡོག་པ་ཆད་ཅིང་རྟག་པ་མེད་པ་དང་། གདེག་པ་མེད་པ་དང་། གཞག་པ་མེད་པ་

ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་དེ་བཞིན་གཤེགས་པའི་སྐུའི་ཁོང་པར་ཞུགས་པའི་སེམས་ཅན་གང་གཱའི་ཀླུང་དུང་ཕྱུར་ཕྲག་བརྒྱད་ཀྱི་བྱེ་མ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་

ལས་ཡང་དག་པར་འདས་པ་སྙེད་པོ་དེ་དག་གིས་ནི་གཟུངས་དང་བཟོད་པ་རྣམ་པ་སྣ་ཚོགས་ཐོབ་པར་གྱུར་ནས་ཐམས་ཅད་དེ་བཞིན་གཤེགས་པའི་སྐུའི་སྤུའི་སྒོ་དག་ནས་ཕྱིར་ཐོན་པ་དང་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པའི་

དབྱངས་ཀྱི་དཀྱིལ་འཁོར་དང་། སྐུའི་ཚད་བརྟགས་པའི་ཕྱིར་ཕྱོགས་བཅུར་རང་རང་གི་སངས་རྒྱས་ཀྱི་ཞིང་དག་ཏུ་དོང་ངོ་། །དེ་ན་བྱང་ཆུབ་སེམས་དཔའ་གང་དག་ཤར་ཕྱོགས་ལོགས་སུ་དོང་བ་དང་། ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་གྲངས་མེད་པ་དག་འདས་ཀྱང་དེ་བཞིན་གཤེགས་

เล่ม ๕๐ · หน้า 294b

པ་ཤཱཀྱ་ཐུབ་པའི་དབྱངས་ཀྱི་དཀྱིལ་འཁོར་ནི་ཉམས་པ་མེད་ཅིང་དེར་ཡང་ཚིག་དང་། དོན་དང་། ཡིག་འབྲུ་རྣམ་པ་སྣ་ཚོགས་ཀྱི་སྒྲ་དག་དེ་བཞིན་དུ་ཐོས་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱན་སྔ་ན་འདུག་པའི་ཆོས་ཐོས་པ་དེ་བཞིན་དུ་དེའི་ཆོས་ཐོས་སོ། །གཞན་ཡང་དེ་ན་དེ་བཞིན་གཤེགས་པ་

ཤཱཀྱ་ཐུབ་པའི་སྐུ་ཡང་སྐྱེ་བའམ་བྲི་བར་མི་མངོན་ཞིང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྐུ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དག་གིས་ཁྱབ་པར་སྣང་སྟེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤུའི་སྒོ་གཅིག་ན་ཡང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དཔག་ཏུ་མེད་གྲངས་མེད་པ་དག་

འཇུག་ཅིང་འབྱུང་བར་སྣང་ངོ་། །དེ་བཞིན་དུ་སྤུའི་སྒོ་གཉིས་པ་ནས་སྤུའི་སྒོ་ཐམས་ཅད་ཀྱི་བར་དག་ཏུ་ཡང་འཇུག་ཅིང་འབྱུང་བར་སྣང་སྟེ་ཕྱོགས་བཅུའི་བར་དུ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཐམས་ཅད་དང་ལྡན་པའི་འཁོར་ཇི་སྙེད་བཅོམ་ལྡན་འདས་ཀྱི་སྐུའི་ཁོང་པར་ཞུགས་པར་གྱུར་པ་དེ་

དག་ཀྱང་བཅོམ་ལྡན་འདས་ཀྱི་སྐུའི་སྤུའི་སྒོ་དག་ནས་ཕྱིར་འཐོན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་དོན་དང་། ཚིག་དང་། ཡི་གེ་དང་། འབྲུ་དང་། སྒྲ་དང་། བརྗོད་པ་སྣ་ཚོགས་དག་གིས་བསྟོད་

ཅིང་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་འཁོད་དོ། །དེ་ནས་དེའི་མོད་ལ་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་སྣ་ཚོགས་ཀྱི་ཆར་དག་རབ་ཏུ་ཕབ་སྟེ། ལྷའི་སིལ་སྙན་དག་ཀྱང་རབ་ཏུ་གསིལ་ནས་ལྷའི་གདུགས་དང་། རྒྱལ་མཚན་དང་།

བ་དན་དང་། ན་བཟའ་དང་། རས་བཅོས་བུ་དང་། རྒྱན་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་བརྩོན་པར་གྱུར་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་འཇིགས་མེད་ཡང་དག་འདྲེན་ཅེས་བྱ་བ་དེས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་

འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ལུང་བསྟན་པ་ཆེན་པོའི་མདོ་སྡེ་འདིའི་མིང་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ལ་འཇུག་པའི་གཟུངས་ཀྱི་སྒོ་ཞེས་བྱ་བ་དང་། སངས་རྒྱས་མང་པོ་པ་ཞེས་བྱ་བ་

เล่ม ๕๐ · หน้า 295a

དང་། མང་པོ་འདུས་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ལུང་བསྟན་པ་ཞེས་བྱ་བ་དང་། མི་འཇིགས་པའི་ལམ་དུ་སྒྲོལ་བ་ཞེས་བྱ་བ་དང་། ཏིང་ངེ་འཛིན་གྱི་རྟོགས་པ་ལ་འཇུག་པ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཀུན་དུ་སྟོན་པ་ཞེས་བྱ་བ་དང་། རྒྱ་མཚོ་ལྟ་བུ་ཞེས་བྱ་བ་

དང་། བགྲང་བ་ལས་ཡང་དག་པར་འདས་པ་ཞེས་བྱ་བ་དང་། སྙིང་རྗེ་པད་མ་དཀར་པོ་ཞེས་ཀྱང་བྱའོ། །ཡང་གསོལ་པ། བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། གཞན་དག་ལ་

ཡང་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བགྱིད་པ་དེ་བསོད་ནམས་ཇི་སྙེད་ཅིག་བསྐྱེད་པར་འགྱུར་ལགས། བཀའ་སྩལ་པ། ངས་དེའི་བསོད་ནམས་སྔར་ཡང་སྨྲས་ཏེ། ད་ཡང་མདོར་བསྡུས་ཏེ་བརྗོད་པར་བྱའོ། །གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་

དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་པ་དང་། གང་ཡང་མ་འོངས་པའི་དུས་ལྔ་བརྒྱ་པ་ན་ཐ་ན་བྲིས་ཏེ་འཆང་བར་བྱེད་ན་དེ་བསོད་ནམས་ཆེས་མང་དུ་སྐྱེད་པར་འགྱུར་གྱི། བྱང་ཆུབ་སེམས་

དཔའ་གང་དག་བསྐལ་པ་ཆེན་པོ་བཅུའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པ་དང་། གནོད་

སྦྱིན་དང་། ཀླུ་དང་། དྲི་ཟ་དང་། གྲུལ་བུམ་དང་། ཡི་དགས་དང་། ཤ་ཟ་དང་། མིའམ་ཅི་དང་། ལྷ་མ་ཡིན་རྣམས་དང་བཅས་པའི་འཇིག་རྟེན་གྱི་སྡང་བའི་སེམས་རབ་ཏུ་དང་བར་བྱ་བ་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། འཐབ་མོ་དང་། འཐབ་པ་དང་། རྩོད་

པ་དང་། འགྱེད་པ་ཐམས་ཅད་ཉེ་བར་ཞི་བར་བྱ་བ་དང་། དུས་མ་ཡིན་པའི་རླུང་དང་། དུས་མ་ཡིན་པའི་ཆར་པ་དང་། འཆི་བ་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། མུ་གེ་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། བདེ་བར་བྱ་བ་དང་། ལོ་ལེགས་པར་བྱ་བ་དང་།

เล่ม ๕๐ · หน้า 295b

ནད་མེད་པ་ཚོགས་པར་བྱ་བ་དང་། སྐྲག་པ་རྣམས་འཇིགས་པ་མེད་ཅིང་བདེ་བར་བྱ་བ་དང་། ཉོན་མོངས་པ་ཉེ་བར་ཞི་བར་བྱ་བ་དང་། དགེ་བའི་རྩ་བ་རྣམ་པར་འཕེལ་བར་བྱ་བ་དང་། ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་བར་བྱ་བ་དང་། ཐེག་པ་གསུམ་

པོ་དག་གི་ལམ་ཡང་དག་པར་བསྟན་པར་བྱ་བ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་བྱ་བ་དང་། རྡོ་རྗེའི་གདན་ལ་འདུག་པར་བྱ་བ་དང་། བདུད་བཞི་གཞོམ་པར་བྱ་བ་དང་། བྱང་

ཆུབ་ཀྱི་ཕྱོགས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བ་དང་། འཕགས་པའི་ནོར་བདུན་དང་བྲལ་བའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པར་བྱ་བ་དང་། འཁོར་མང་པོར་བྱ་བ་དང་། མི་འཇིགས་པའི་གྲོང་

ཁྱེར་གྱི་གནས་སུ་འཇུག་པར་བྱ་བའི་ཕྱིར་ངས་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཕྱིར་རོ། །ངས་ཆོས་ཀྱི་རྣམ་གྲངས་འདི་སུའི་ལག་ཏུ་གཏད་པར་བྱ། སུ་ཞིག་ལྔ་བརྒྱ་པ་ཐ་མ་ལ་ངའི་ཆོས་ཀྱི་རྣམ་གྲངས་འདི་བསྲུང་བར་འགྱུར་ཞིང་། ཆོས་མ་ཡིན་པ་ལྷུར་ལེན་པའི་སེམས་

ཅན་རྣམས་དང་། ཚུལ་ཁྲིམས་ཉམས་པའི་དགེ་སློང་རྣམས་ཀྱི་རྣ་ལམ་དུ་སྒྲོགས་པར་འགྱུར། ཆོས་མ་ཡིན་པ་ལ་ཆགས་པས་ཆགས་པར་གྱུར་པ་རྣམས་དང་། འདོད་པ་མི་བཟད་པས་ཟིལ་གྱིས་ནོན་པ་རྣམས་དང་། ཆོས་ལོག་པས་ཡོངས་སུ་དཀྲིས་པ་རྣམས་དང་།

སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ཀུན་ཏུ་སྐྱོ་བ་མེད་པར་འགྱུར་ཞིག་གུ་སྙམ་དུ་དགོངས་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས་འཁོར་དེ་ན་གནོད་སྦྱིན་གྱི་དྲང་སྲོང་བསོད་ནམས་ལྷུན་པོ་

ཞེས་བྱ་བ་ཞིག་ཀྱང་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་གནོད་སྦྱིན་གྱི་དྲང་སྲོང་བསོད་ནམས་ལྷུན་པོ་དེ་ཁྲིད་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་

เล่ม ๕๐ · หน้า 296a

གྲངས་འདི་ཟུང་ལ། ལྔ་བརྒྱ་པ་ཐ་མ་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡུལ་གཞན་དུ་སོང་བའི་བར་དག་གི་རྣ་ལམ་དུ་སྒྲོགས་ཤིག །དེ་དག་ཀྱང་ཕྱིར་མི་ལྡོག་པའི་སེམས་བསྐྱེད་དུ་ཆུག་ཤིག །གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་

དུ་བགྱི་སྟེ། བཙུན་པ་བཅོམ་ལྡན་འདས་བདག་སྨོན་ལམ་གྱིས་བསྐལ་པ་ཆེན་པོ་བརྒྱད་ཅུ་རྩ་བཞི་འདས་པ་ནས་གནོད་སྦྱིན་གྱི་དྲང་སྲོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། བདག་གིས་སེམས་ཅན་བགྲང་བ་ལས་ཡང་དག་པར་

འདས་པ་དག་ཚངས་པའི་གནས་པ་བཞི་པོ་དག་ལ་རབ་ཏུ་བཀོད་ཅིང་ཕྱིར་མི་ལྡོག་པའི་ས་ལ་ཡང་རབ་ཏུ་བཀོད་ལགས་ཏེ། བདག་གིས་སེམས་ཅན་གང་དག་ལྔ་བརྒྱ་པ་ཐ་མ་ལ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་བགྱིད་པ་དང་། གང་དག་འདི་ལས་ཚིག་བཞི་པའི་

ཚིགས་སུ་བཅད་པ་ཙམ་གྱི་བར་དག་འཛིན་པར་བགྱིད་པ་དེ་དག་ཀྱང་བདག་ཉིད་ཀྱིས་ཡོངས་སུ་སྨིན་པར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་

ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་སྙིང་རྗེ་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་

གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། པྲཛྙཱ་བརྨ་དང་། ཞུས་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด