དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) སདདྷརྨ་པུཎ་ཌ་རཱི་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๕๑ · หน้า 1b

༄༅༅། །རྒྱ་གར་སྐད་དུ། སདདྷརྨ་པུཎ་ཌ་རཱི་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་

དང་པོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་

རི་ལ་བཞུགས་ཏེ། དགེ་སློང་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་

ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། །བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་

སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། མངོན་པར་ཤེས་པས་མངོན་པར་ཤེས་པའི་

เล่ม ๕๑ · หน้า 2a

ཉན་ཐོས་ཆེན་པོ་ཤ་སྟག་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང་། ཚེ་དང་ལྡན་པ་རྟ་ཐུལ་དང་། ཚེ་དང་ལྡན་པ་རླངས་པ་དང་། ཚེ་དང་ལྡན་པ་མིང་ཆེན་དང་། ཚེ་དང་ལྡན་པ་བཟང་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་

ལྡན་པ་ལྟང་རྒྱས་འོད་སྲུང་དང་། ཚེ་དང་ལྡན་པ་ཆུ་ཀླུང་འོད་སྲུང་དང་། ཚེ་དང་ལྡན་པ་ག་ཡ་འོད་སྲུང་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་ཀཱ་ཏྱཱའི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་

ན་མ་གྲུ་དང་། ཚེ་དང་ལྡན་པ་ཀ་པི་ན་དང་། ཚེ་དང་ལྡན་པ་བ་ལང་བདག་དང་། ཚེ་དང་ལྡན་པ་པི་ལིན་ངའི་བུ་དང་། ཚེ་དང་ལྡན་པ་བཀྐུ་ལ་དང་། ཚེ་དང་ལྡན་པ་གསུས་པོ་ཆེ་དང་། ཚེ་དང་ལྡན་པ་བྷ་ར་དྭ་ཛ་དང་། ཚེ་དང་ལྡན་པ་དགའ་བོ་དང་། ཚེ་དང་ལྡན་པ་ཉེ་དགའ་དང་།

ཚེ་དང་ལྡན་པ་མཛེས་དགའ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན་དང་། དེ་དག་དང་ཉན་ཐོས་ཆེན་པོ་གཞན་དག་དང་། སློབ་པ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གཞན་ཡང་སློབ་པ་དང་མི་

སློབ་པའི་དགེ་སློང་ཉིས་སྟོང་དང་། སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་དགེ་སློང་མ་དྲུག་སྟོང་དང་། སྒྲ་གཅན་ཟིན་གྱི་མ་དགེ་སློང་མ་གྲགས་འཛིན་འཁོར་དང་བཅས་པ་དང་ཐབས་ཅིག་གོ། །བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ། གཟུངས་ཐོབ་པ། སྤོབས་པ་ཆེན་པོ་ལ་གནས་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་སྐོར་བ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་

เล่ม ๕๑ · หน้า 2b

པ། སངས་རྒྱས་བརྒྱ་སྟོང་མང་པོས་ཡང་དག་པར་བསྟོད་པ། ལུས་དང་ངག་དང་སེམས་བྱམས་པས་ཡོངས་སུ་བསྒོས་པ། དེ་བཞིན་གཤེགས་པའི་ཡེ་ཤེས་འཛུད་པ་ལ་མཁས་པ། ཤེས་རབ་ཆེན་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་ཁོང་དུ་ཆུད་པ། འཇིག་རྟེན་གྱི་

ཁམས་བརྒྱ་སྟོང་མང་པོར་རྣམ་པར་གྲགས་པ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡང་དག་པར་སྒྲོལ་བ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་

དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་ཅེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་བརྩོན་དང་། བྱང་ཆུབ་སེམས་དཔའ་བརྩོན་པ་མི་གཏོང་བ་དང་། བྱང་ཆུབ་སེམས་དཔའ་ལག་ན་རིན་ཆེན་དང་། བྱང་ཆུབ་སེམས་དཔའ་

སྨན་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྨན་ཡང་དག་འཕགས་དང་། བྱང་ཆུབ་སེམས་དཔའ་བཀོད་པའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་སྦྱིན་དཔའ་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་ཟླ་བ་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་འོད་དང་། བྱང་ཆུབ་

སེམས་དཔའ་ཟླ་གང་དང་། བྱང་ཆུབ་སེམས་དཔའ་གནོན་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་མཐའ་ཡས་གནོན་དང་། བྱང་ཆུབ་སེམས་དཔའ་འཇིག་རྟེན་གསུམ་གནོན་དང་། བྱང་ཆུབ་སེམས་དཔའ་སྤོབས་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་རྟག་པར་རྒྱུན་ཏུ་བརྩོན་

དང་། བྱང་ཆུབ་སེམས་དཔའ་ས་འཛིན་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང་། བྱང་ཆུབ་སེམས་དཔའ་པད་མའི་དཔལ་དང་། བྱང་ཆུབ་སེམས་དཔའ་སྐར་མའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་སེང་གེ་དག་དང་ཡང་ཐབས་ཅིག་གོ། །བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་ལ་འདི་ལྟ་སྟེ། བཟང་སྐྱོང་དང་། དཀོན་མཆོག་འབྱུང་གནས་དང་། དེད་དཔོན་བཟང་པོ་དང་། མེས་བྱིན་དང་། ཕུག་སྦས་དང་། ཆུས་བྱིན་དང་། དབང་པོས་བྱིན་དང་། བླ་མའི་བློ་

เล่ม ๕๑ · หน้า 3a

གྲོས་དང་། ཁྱད་པར་བློ་གྲོས་དང་། འཕེལ་བའི་བློ་གྲོས་དང་། མཐོང་བ་དོན་ཡོད་དང་། ཤིན་ཏུ་ཡང་དག་ཞུགས་དང་། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དང་། དཔེ་མེད་བློ་གྲོས་དང་། ཉི་མའི་སྙིང་པོ་དང་། ས་འཛིན་དག་དང་ཡང་ཐབས་ཅིག་སྟེ། དེ་དག་ལ་སོགས་

པ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་དག་དང་ཡང་ཐབས་ཅིག་གོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། འཁོར་ལྷའི་བུ་ཉི་ཁྲི་འདི་ལྟ་སྟེ། ལྷའི་བུ་ཟླ་བ་དང་། ལྷའི་བུ་ཉི་མ་དང་། ཀུན་དུ་དྲི་དང་། རིན་ཆེན་འོད་དང་། ལྷའི་བུ་སྣང་འོད་དང་། དེ་དག་ལ་སོགས་པ་ལྷའི་བུ་ཉི་ཁྲི་དང་ཡང་ཐབས་

ཅིག་གོ། །རྒྱལ་པོ་ཆེན་པོ་བཞི་དང་། འཁོར་ལྷའི་བུ་སུམ་ཁྲི་འདི་ལྟ་སྟེ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། རྒྱལ་པོ་ཆེན་པོ་མིག་མི་བཟང་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། ལྷའི་བུ་དབང་ཕྱུག་དང་། ལྷའི་བུ་དབང་ཕྱུག་ཆེན་པོ་དང་།

འཁོར་ལྷའི་བུ་སུམ་ཁྲི་དག་དང་ཡང་ཐབས་ཅིག་གོ། །མི་མཇེད་ཀྱི་བདག་པོ་ཚངས་པ་དང་། འཁོར་ཚངས་རིས་ཀྱི་ལྷའི་བུ་ཁྲི་ཉིས་སྟོང་འདི་ལྟ་སྟེ། ཚངས་པ་གཙུག་ཕུད་ཅན་དང་། ཚངས་པ་སྐར་མའི་འོད་དང་། དེ་དག་ལ་སོགས་པ་ཚངས་རིས་ཀྱི་ལྷའི་བུ་ཁྲི་ཉིས་སྟོང་དང་ཡང་ཐབས་ཅིག་གོ། །ཀླུའི་རྒྱལ་

པོ་བརྒྱད་འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་དང་། རྒྱ་མཚོ་དང་། ནོར་རྒྱས་ཀྱི་བུ་དང་། འཇོག་པོ་དང་། གཟི་ཅན་དང་། མ་དྲོས་པ་དང་། ཀླུའི་རྒྱལ་པོ་ཨུད་པ་ལ་དང་། འཁོར་ཀླུ་བྱེ་བ་བརྒྱ་སྟོང་མང་པོ་དག་དང་ཡང་ཐབས་ཅིག་གོ། །མིའམ་ཅིའི་རྒྱལ་པོ་བཞི་འདི་ལྟ་སྟེ།

མིའམ་ཅིའི་རྒྱལ་པོ་ལྗོན་པ་དང་། མིའམ་ཅིའི་རྒྱལ་པོ་ཆོས་ཆེན་དང་། མིའམ་ཅིའི་རྒྱལ་པོ་ཆོས་བཟང་དང་། མིའམ་ཅིའི་རྒྱལ་པོ་ཆོས་འཛིན་དང་། འཁོར་མི་འམ་ཅི་བྱེ་བ་བརྒྱ་སྟོང་མང་པོ་དག་དང་ཡང་ཐབས་ཅིག་གོ། །དྲི་ཟའི་རིས་ཀྱི་ལྷའི་བུ་བཞི་འདི་ལྟ་སྟེ། དྲི་ཟ་ཡིད་དུ་འོང་བ་དང་།

ཡིད་འོང་དབྱངས་དང་། འཇམ་སྙན་དང་། དྲི་ཟ་དབྱངས་སྙན་དང་། འཁོར་དྲི་ཟ་བྱེ་བ་བརྒྱ་སྟོང་མང་པོ་དག་དང་ཡང་ཐབས་ཅིག་གོ། །ལྷ་མ་ཡིན་གྱི་དབང་པོ་བཞི་འདི་ལྟ་སྟེ། ལྷ་མ་ཡིན་གྱི་དབང་པོ་སྟོབས་ཅན་དང་། ཕྲག་རྩུབ་དང་། ཐགས་བཟངས་རིས་དང་། ལྷ་མ་

เล่ม ๕๑ · หน้า 3b

ཡིན་གྱི་དབང་པོ་སྒྲ་གཅན་དང་། འཁོར་ལྷ་མ་ཡིན་བྱེ་བ་བརྒྱ་སྟོང་མང་པོ་དག་དང་ཡང་ཐབས་ཅིག་གོ། །ནམ་མཁའ་ལྡིང་གི་དབང་པོ་བཞི་འདི་ལྟ་སྟེ། ནམ་མཁའ་ལྡིང་གི་དབང་པོ་གཟི་བརྗིད་ཆེན་པོ་དང་། ལུས་ཆེན་དང་། རྫོགས་ཆེན་དང་། ནམ་མཁའ་ལྡིང་གི་དབང་པོ་འཕྲུལ་

ཆེན་ཐོབ་དང་། འཁོར་ནམ་མཁའ་ལྡིང་བྱེ་བ་བརྒྱ་སྟོང་མང་པོ་དག་དང་ཡང་ཐབས་ཅིག་གོ། །ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་དང་ཡང་ཐབས་ཅིག་གོ། །དེའི་ཚེ་ན་བཅོམ་ལྡན་འདས་འཁོར་བཞི་པོ་དེ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ།

བསྟི་སྟང་དུ་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས། རྗེད་པར་བྱས། གསོལ་བ་བྱས་ཏེ། ངེས་པར་བསྟན་པ་ཆེན་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་མདོ་སྡེ་ཤིན་ཏུ་རྒྱས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་པ། སངས་རྒྱས་ཐམས་ཅད་ཀྱིས་

ཡོངས་སུ་བཟུང་བ་བཤད་པར་བཞེད་དེ་ཆོས་ཀྱི་གདན་དེ་ཉིད་ལ་སྐྱིལ་མོ་ཀྲུང་བཅས་ནས། མཐའ་ཡས་ངེས་པར་བསྟན་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྐུ་མི་གཡོ་ཞིང་སེམས་མི་གཡོ་བར་གྱུར་ནས་བཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་

མ་ཐག་ཏུ། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་མན་དཱ་ར་དང་། མན་དཱ་ར་ཆེན་པོ་དང་། མཉྫུ་ཥ་ཀ་དང་། མཉྫུ་ཥ་ཀ་ཆེན་པོ་རྣམས་ཀྱི་མེ་ཏོག་གི་ཆར་ཆེན་པོ་མངོན་པར་བབ་སྟེ། བཅོམ་ལྡན་འདས་དང་འཁོར་བཞི་པོ་དེ་དག་ལ་འཐོར་རོ། །ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ཡང་

རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏེ། འགུལ་ཀུན་ཏུ་རབ་ཏུ་འགུལ། ལྡེག་ཀུན་ཏུ་རབ་ཏུ་ལྡེག །འཁྲུགས་ཀུན་ཏུ་རབ་ཏུ་འཁྲུགས་སོ། །དེའི་ཚེ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་

ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རྣམས་དང་། རྒྱལ་ཕྲན་དང་། སྟོབས་ཀྱི་འཁོར་ལོས་སྒྱུར་བ་དང་། གླིང་བཞིའི་འཁོར་ལོས་སྒྱུར་བ་གང་དག་འཁོར་དེར་འདུས་ནས་འཁོད་པར་གྱུར་པ་འཁོར་དང་བཅས་པ་དེ་དག་

เล่ม ๕๑ · หน้า 4a

ཐམས་ཅད་བཅོམ་ལྡན་འདས་ལ་ལྟ་ཞིང་འཁོད་དེ་ངོ་མཚར་དུ་གྱུར། རྨད་དུ་གྱུར། ཤིན་ཏུ་དགའ་བར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་གཅིག་བྱུང་ནས། དེ་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་ཁྲི་བརྒྱད་སྟོང་དུ་སོང་སྟེ།

སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ཡན་ཆད་སྲིད་པའི་རྩེ་མོ་མན་ཆད་འོད་ཟེར་དེའི་འོད་ཀྱིས་ཤིན་ཏུ་ཁྱབ་པར་སྣང་ངོ་། །སངས་རྒྱས་ཀྱི་ཞིང་དེ་དག་གི་འགྲོ་བ་དྲུག་པོ་དེ་དག་ན་སེམས་ཅན་གང་ཡོད་པ་དེ་དག་ཐམས་ཅད་མ་ལུས་པར་སྣང་ངོ་། །སངས་

རྒྱས་ཀྱི་ཞིང་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཤིང་འཚོ་གཞེས་པ་དེ་དག་ཐམས་ཅད་ཀྱང་སྣང་ངོ་། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཆོས་གང་འཆད་པ་དེ་དག་ཐམས་ཅད་ཀྱང་མ་ལུས་པར་གྲག་གོ། །སངས་རྒྱས་ཀྱི་ཞིང་དེ་དག་ན་དགེ་སློང་དང་། དགེ་སློང་མ་དང་།

དགེ་བསྙེན་དང་། དགེ་བསྙེན་མ་དང་། རྣལ་འབྱོར་ཅན་དང་། རྣལ་འབྱོར་སྤྱོད་པ་གང་དག་འབྲས་བུ་ཐོབ་པ་དང་། འབྲས་བུ་མ་ཐོབ་པ་དེ་དག་ཐམས་ཅད་ཀྱང་སྣང་ངོ་། །སངས་རྒྱས་ཀྱི་ཞིང་དེ་དག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཉན་པ་དང་། དམིགས་པ་

དང་། མོས་པ་རྣམ་པ་སྣ་ཚོགས་དུ་མའི་རྒྱུའི་ཐབས་ལ་མཁས་པ་དག་གིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེ་དག་ཐམས་ཅད་ཀྱང་སྣང་ངོ་། །སངས་རྒྱས་ཀྱི་ཞིང་དེ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་ཡོངས་སུ་མྱ་ངན་ལས་འདའ་བ་དེ་དག་ཐམས་ཅད་ཀྱང་སྣང་ངོ་། །སངས་

རྒྱས་ཀྱི་ཞིང་དེ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཀྱི་རིང་བསྲེལ་གྱི་མཆོད་རྟེན་རིན་པོ་ཆེ་ལས་བྱས་པ་དེ་དག་ཐམས་ཅད་ཀྱང་སྣང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་

དེ་བཞིན་གཤེགས་པས་ལྟས་ཆོ་འཕྲུལ་ཆེན་པོ་བསྟན་པ་འདི་འདིར་ཅིའི་རྒྱུར་འགྱུར་ཞིག་གུ །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལྟས་ཆོ་འཕྲུལ་ཆེན་པོ་འདི་ལྟ་བུ་འདི་བསྟན་ཏེ། བཅོམ་ལྡན་འདས་ཀྱང་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོ་ངོ་མཚར་རྨད་

เล่ม ๕๑ · หน้า 4b

དུ་བྱུང་བ་ཆེན་པོ་བསམ་གྱིས་མི་ཁྱབ་པ་འདི་ལྟ་བུ་འདི་དག་ཀྱང་སྣང་བར་གྱུར་པ་འདིའི་དོན་བདག་གིས་སུ་ལ་དྲི་འདི་ན་དོན་འདིའི་ལན་ལྡོན་ནུས་པ་ནི་སུ་ཡོད་སྙམ་མོ། །དེ་ཡང་འདི་སྙམ་དུ་འཇམ་དཔལ་གཞོན་ནུར་གྱུར་པ་འདི་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་

བ་བསྐྱེད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་འདིས་སྔོན་ཆད་ཀྱང་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལྟས་འདི་ལྟ་བུ་བྱུང་བ་རྣམས་མཐོང་ཞིང་སྔོན་ཆད་ཆོས་ཆེན་པོའི་

འབེལ་བའི་གཏམ་དག་ཀྱང་མྱོང་བས་ན། བདག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་དེའི་དོན་དྲིའོ་སྙམ་དུ་སེམས་སོ། །དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མའི་འཁོར་བཞི་པོ་དེ་དག་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་

མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་མང་པོ་དེ་དག་ཀྱང་། བཅོམ་ལྡན་འདས་ཀྱི་ལྟས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོའི་སྣང་བ་འདི་ལྟ་བུ་འདི་མཐོང་ནས། ངོ་མཚར་དུ་གྱུར་རྨད་དུ་གྱུར་ལྟད་མོར་གྱུར་ཏེ། འདི་སྙམ་དུ། བཅོམ་ལྡན་

འདས་ཀྱིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོའི་སྣང་བ་འདི་ལྟ་བུ་འདི་བསྟན་པ་བདག་ཅག་གིས་སུ་ལ་དྲི་སྙམ་དུ་སེམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་འཁོར་བཞི་པོ་རྣམས་ཀྱི་སེམས་ཀྱི་རྣམ་པར་རྟོག་པ་

སེམས་ཀྱིས་ཤེས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བཅོམ་ལྡན་འདས་ཀྱིས་ལྟས་ངོ་མཚར་རྨད་དུ་བྱུང་བ་རྫུ་འཕྲུལ་གྱི་སྣང་བ་འདི་ལྟ་བུ་འདི་བསྟན་ཏེ། སངས་རྒྱས་ཀྱི་ཞིང་ཁྲི་བརྒྱད་སྟོང་པོ་འདི་དག་རྣམ་པར་བཀྲ་བ། མཆོག་ཏུ་བལྟ་ན་སྡུག་

པ། དེ་བཞིན་གཤེགས་པ་སྔོན་དུ་བཞུད་པ། དེ་བཞིན་གཤེགས་པ་ཡོངས་སུ་འདྲེན་པར་སྣང་བ་འདིའི་རྒྱུ་གང་རྐྱེན་གང་། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འཇམ་

เล่ม ๕๑ · หน้า 5a

དཔལ་ཅི་ཡི་ཕྱིར་ན་འདི་ལྟ་བུ། །མི་ཡི་མགོན་པོས་འོད་ཟེར་གཅིག་པུ་འདི། །ཞལ་གྱི་སྨིན་མཚམས་ཀྱི་ནི་མཛོད་སྤུ་ནས། །ཤིན་ཏུ་སྣང་བའི་འོད་ཟེར་རབ་ཏུ་བཏང་། །ལྷ་རྣམས་དགའ་བས་ཙན་དན་ཕྱེ་མ་དང་། །ལྷ་ཡི་སྤོས་རབ་ཡིད་དུ་འོང་བ་དང་། །མན་དཱ་ར་དང་མཉྫུ་

ཥ་ཀ་ཡི། །མེ་ཏོག་དག་གི་ཆར་ཆེན་རབ་ཏུ་ཕབ། །དེས་ནི་ས་འདི་ཀུན་ཏུ་མཛེས་གྱུར་ཅིང་། །འཁོར་བཞི་འདི་དག་དགའ་བ་རབ་ཏུ་ཐོབ། །ཞིང་རྣམས་འདི་དག་ཐམས་ཅད་རྣམ་དྲུག་ཏུ། །ཤིན་ཏུ་འཇིགས་པའི་གཟུགས་སུ་ཀུན་ནས་གཡོས། །འོད་ཟེར་དེ་ཡིས་ཤར་གྱི་ཕྱོགས་ལོགས་ཀྱི། །

ཞིང་ནི་སྟོང་ཕྲག་བཅྭ་བརྒྱད་ཚང་བ་རྣམས། །སྐད་ཅིག་གཅིག་གིས་ཐམས་ཅད་རབ་ཏུ་སྣང་། །ཞིང་རྣམས་གསེར་གྱི་ཁ་དོག་བཞིན་དུ་མཛེས། །མནར་མེད་ཡན་ཆད་སྲིད་པའི་རྩེ་མོའི་བར། །ཞིང་དེ་དག་ན་སེམས་ཅན་ཇི་སྙེད་པ། །འགྲོ་བ་དྲུག་པོ་དེ་ན་ཡོད་པ་རྣམས། །གང་དག་དེར་ཡང་

ཤི་འཕོ་སྐྱེ་བ་རྣམས། །དེ་དག་ལས་ཀྱི་རྣམ་པ་སྣ་ཚོགས་དང་། །འགྲོ་བ་བདེ་དང་མི་བདེ་རྣམས་ཀྱང་སྣང་། །བཟང་པོ་ངན་པ་དེ་བཞིན་བར་མ་ཡང་། །འདི་ན་འདུག་ཀྱང་དེ་དག་ཐམས་ཅད་མཐོང་། །སངས་རྒྱས་སེང་གེ་མི་ཡི་དབང་པོ་རྣམས། །ཆོས་ཉིད་རབ་སྟོན་རྣམ་པར་དབྱེ་བ་མཐོང་། །

སེམས་ཅན་བྱེ་བ་མང་ལ་རབ་སྟོན་པ། །སྙན་པའི་སྒྲ་དང་དབྱངས་སུ་གསུང་བ་དག །ཟབ་ཅིང་རྒྱ་ཆེ་རྨད་དུ་བྱུང་བའི་སྒྲ། །སོ་སོའི་ཞིང་རྣམས་སུ་ཡང་རབ་ཏུ་འབྱིན། །དཔེ་དང་གཏན་ཚིགས་ཁྲག་ཁྲིག་བྱེ་བ་ཡིས། །སངས་རྒྱས་ཆོས་འདིར་རབ་ཏུ་སྟོན་པ་ནི། །སེམས་ཅན་གང་རྣམས་

སྡུག་བསྔལ་གཟིར་བ་དག །སྐྱེ་དང་རྒ་བས་ཡིད་སྐྱོ་མི་ཤེས་ལ། །འདི་ནི་དགེ་སློང་སྡུག་བསྔལ་ཐ་མ་ཞེས། །དེ་ལ་རབ་ཞི་མྱ་ངན་འདས་པ་སྟོན། །མི་རྣམས་གང་གིས་རྒྱ་ཆེ་མཐུ་ཐོབ་ཅིང་། །སངས་རྒྱས་མཐོང་བས་དེ་བཞིན་བསོད་ནམས་ལྡན། །དེ་དག་ལ་ནི་ཆོས་ཚུལ་འདི་

བརྗོད་ཅིང་། །རང་རྒྱལ་ཐེག་པ་ཡང་ནི་སྟོན་པ་མཛད། །གཞན་ཡང་བདེ་བར་གཤེགས་པའི་སྲས་པོ་གང་། །བླ་ན་མེད་པའི་ཡེ་ཤེས་ཚོལ་བ་དག །བྱ་བ་སྣ་ཚོགས་རྟག་ཏུ་བྱེད་པ་ལ། །དེ་དག་ལ་ནི་བྱང་ཆུབ་ཕྱིར་བསྔགས་གསུང་། །འདི་ན་འདུག་བཞིན་དེ་ན་འདི་འདྲ་དང་། །

เล่ม ๕๑ · หน้า 5b

ཁྱད་པར་གཞན་ཡང་སྟོང་ཕྲག་བྱེ་བ་དག །ཤིན་ཏུ་མཐོང་ཞིང་ཐོས་ཏེ་འཇམ་པའི་དབྱངས། །དེ་དག་ལས་ནི་ཕྱོགས་ཙམ་སྨོས་པར་བྱ། །བདག་མཐོང་ཞིང་རྣམས་མང་པོ་དེ་དག་ནའང་། །བྱང་ཆུབ་སེམས་དཔའ་གང་གཱའི་བྱེ་མ་སྙེད། །གང་རྣམས་བྱེ་བ་སྟོང་ཕྲག་མི་ཉུང་བ། །བརྩོན་

འགྲུས་རྣམ་པ་མང་པོས་བྱང་ཆུབ་སྐྱེད། །ལ་ལ་སྦྱིན་པ་སྦྱིན་པའང་དེ་བཞིན་ཏེ། །ནོར་དང་འགྲོན་བུ་གསེར་དང་དངུལ་རྣམས་དང་། །མུ་ཏིག་ནོར་བུ་མན་ཤེལ་བྱི་རུ་དང་། །བྲན་ཕོ་བྲན་མོ་རྟ་དང་ཤིང་རྟ་ལུག །དེ་བཞིན་རིན་ཆེན་དག་གིས་བརྒྱན་པའི་ཁྱོགས། །ཡོངས་སུ་དགའ་བའི་ཡིད་

ཀྱིས་སྦྱིན་པ་གཏོང་། །བདག་ཅག་གིས་ཀྱང་ཐེག་མཆོག་ཐོབ་ཤོག་ཅེས། །བྱང་ཆུབ་མཆོག་འདིར་ཡོངས་སུ་སྔོ་བར་བྱེད། །སྦྱིན་པ་འདི་འདྲ་འདི་དག་བྱིན་བྱས་ན། །ཁམས་གསུམ་ནང་ན་ཐེག་མཆོག་ཁྱད་པར་ཅན། །སངས་རྒྱས་ཐེག་པ་བདེ་གཤེགས་གང་བསྔགས་པ། །དེ་ནི་བདག་གིས་

མྱུར་དུ་ཐོབ་གྱུར་ཅིག །ལ་ལ་རྟ་བཞི་ཅན་གྱི་ཤིང་རྟ་ལ། །ཁ་ཁྱེར་བཅས་པ་མེ་ཏོག་རྒྱལ་མཚན་བརྒྱན། །རིན་ཆེན་དག་ལས་བྱས་པའི་བ་དན་ཅན། །ལ་ལས་དེ་ལྟ་བུ་ཡང་སྦྱིན་པ་བྱིན། །དེ་བཞིན་བུ་དང་ཆུང་མ་རྣམས་ཀྱང་བྱིན། །ལ་ལ་ཕངས་པའི་ཤ་ཡང་སྦྱིན་པར་བྱེད། །བྱང་ཆུབ་

དམ་པ་འདི་ནི་ཚོལ་བའི་ཕྱིར། །ལག་པ་དང་ནི་རྐང་པ་བསླངས་ན་བྱིན། །ལ་ལ་དག་གིས་མགོ་དང་ལ་ལས་མིག །ལ་ལ་བདག་གི་ལུས་མཆོག་རབ་ཀྱང་གཏོང་། །དང་བའི་སེམས་ཀྱིས་སྦྱིན་པ་རྣམས་བྱིན་ནས། །དེ་བཞིན་གཤེགས་ཀྱི་ཡེ་ཤེས་དོན་དུ་གཉེར། །འཇམ་དཔལ་བདག་

གིས་མཐོང་བ་ལ་ལ་ན། །རྒྱལ་སྲིད་སྐྱིད་པ་རྣམ་པར་སྤང་བྱས་ཏེ། །བཙུན་མོའི་འཁོར་དང་དེ་བཞིན་གླིང་ཀུན་དང་། །གཉེན་དང་བློན་པོ་ཐམས་ཅད་རྣམ་སྤངས་ནས། །འཇིག་རྟེན་རྣམ་པར་འདྲེན་གྱི་དྲུང་དོང་སྟེ། །ཞི་བའི་ཕྱིར་ནི་ཆོས་རབ་མཆོག་འདྲི་ཞིང་། །ངུར་སྨྲིག་གོས་རྣམས་

རབ་ཏུ་གྱོན་བྱེད་དེ། །སྐྲ་དང་ཁ་སྤུ་དག་ཀྱང་འདྲེག་པར་བྱེད། །བདག་མཐོང་བྱང་ཆུབ་སེམས་དཔའ་ལ་ལ་ནི། །དགེ་སློང་གྱུར་ཅིང་ནགས་ཚལ་གནས་པ་དག །དགོན་པ་སྟོང་པ་རྣམས་སུ་གནས་འཆའ་ཞིང་། །ལ་ལ་ལུང་ནོད་ཁ་ཏོན་བྱེད་ལ་དགའ། །བདག་མཐོང་བྱང་ཆུབ་སེམས་དཔའ་

เล่ม ๕๑ · หน้า 6a

ལ་ལ་དག །རི་སུལ་དག་ཏུ་ཞུགས་པའི་བརྟན་པ་རྣམས། །སངས་རྒྱས་ཡེ་ཤེས་འདི་ལ་རྣམ་པར་སྒོམ། །ཡོངས་སུ་སེམས་ཤིང་ཉེ་བར་རྟོགས་པར་བྱེད། །ཁ་ཅིག་གིས་ནི་འདོད་པ་མ་ལུས་སྤངས། །ཡོངས་བསྒོམས་བདག་ཉིད་སྤྱོད་ཡུལ་རྣམ་པར་དག །མངོན་

པར་ཤེས་པ་ལྔ་ཡང་དེར་ཐོབ་ནས། །བདེ་བར་གཤེགས་པའི་སྲས་པོ་དགོན་པར་གནས། །བརྟན་པ་ལ་ལ་རྐང་གཤིབས་དེར་གནས་ཏེ། །འདྲེན་པའི་སྤྱན་སྔར་ཐལ་མོ་སྦྱར་བྱས་ནས། །དགའ་བ་བསྐྱེད་དེ་རྒྱལ་དབང་རྒྱལ་པོ་ལ། །ཚིགས་སུ་བཅད་པ་སྟོང་གིས་མངོན་པར་བསྟོད། །

དྲན་དང་ལྡན་ཞིང་དུལ་བ་མི་འཇིགས་པ། །ལ་ལ་སྤྱོད་པ་ཕྲ་བ་ཤེས་པ་དག །རྐང་གཉིས་གཙོ་ལ་ཆོས་ཀྱང་འདྲི་བར་བྱེད། །ཐོས་ནས་དེ་དག་ཆོས་རྣམས་འཛིན་པར་འགྱུར། །ཡོངས་བསྒོམས་བདག་ཉིད་རྒྱལ་དབང་སྲས་པོ་རྣམས། །ལ་ལ་དག་གིས་དེ་དང་དེར་མཐོང་བ། །དཔེ་དང་གཏན་

ཚིགས་ཁྲག་ཁྲིག་དུ་མ་ཡིས། །སྲོག་ཆགས་བྱེ་བ་མང་ལ་ཆོས་རྣམས་སྟོན། །མཆོག་ཏུ་དགའ་སྐྱེས་ཆོས་རྣམས་རབ་སྟོན་ཅིང་། །བྱང་ཆུབ་སེམས་དཔའ་མང་པོ་ཡང་དག་འཛུད། །བདུད་རྣམས་སྟོབས་དང་བཞོན་པར་བཅས་བཅོམ་སྟེ། །ཆོས་ཀྱི་རྔ་འདི་ཤིན་ཏུ་རྡུང་བར་བྱེད། །

ལ་ལ་བདེ་བར་གཤེགས་པའི་བསྟན་པ་ལ། །བདེ་གཤེགས་སྲས་ལ་ལྷ་མི་གནོད་སྦྱིན་དང་། །སྲིན་པོས་མཆོད་ཀྱང་ངོ་མཚར་མི་འཛིན་ཅིང་། །བསྙེམས་མེད་ཞི་ཞིང་རབ་ཞི་སྤྱོད་པ་མཐོང་། །ཕལ་ཆེར་ནགས་གནས་དེ་བཞིན་གཞན་དག་ཀྱང་། །སྣང་བའི་འོད་ནི་ལུས་ལས་རབ་གཏོང་

སྟེ། །སེམས་ཅན་དམྱལ་ནས་སེམས་ཅན་རྣམས་འདོན་ཅིང་། །དེ་དག་བྱང་ཆུབ་ལ་ཡང་ཡང་དག་འཛུད། །རྒྱལ་བའི་སྲས་པོ་ལ་ལ་བརྩོན་འགྲུས་གནས། །ཁ་ཅིག་གིས་ཀྱང་མ་ལུས་གཉིད་སྤངས་ནས། འཆག་པ་བྱེད་ཅིང་ནགས་ཚལ་གནས་པ་དག །དེ་དག་བརྩོན་པས་བྱང་

ཆུབ་མཆོག་ལ་ཞུགས། །ལ་ལ་ཚུལ་ཁྲིམས་མ་རལ་སྲུང་བ་ནི། །རྟག་ཏུ་རྣམ་དག་ནོར་བུ་རིན་ཆེན་བཞིན། །ལ་ལ་སྤྱད་པ་ཡོངས་སུ་རྫོགས་པར་འགྱུར། །དེ་དག་ཁྲིམས་ཀྱིས་བྱང་ཆུབ་མཆོག་ལ་ཞུགས། །རྒྱལ་སྲས་ལ་ལ་བཟོད་པའི་སྟོབས་ཅན་ཏེ། །དགེ་སློང་ང་རྒྱལ་ཅན་དག་

เล่ม ๕๑ · หน้า 6b

ཁྲོ་བ་དང་། །དེ་བཞིན་གཤེ་ཞིང་སྡིག་པ་འང་བཟོད་པར་བྱེད། །བཟོད་པས་དེ་དག་བྱང་ཆུབ་མཆོག་ལ་ཞུགས། །བདག་མཐོང་བྱང་ཆུབ་སེམས་དཔའ་ལ་ལ་ནི། །རྩེད་མོ་དགའ་བ་ཐམས་ཅད་རྣམ་སྤངས་ཏེ། །བྱིས་པའི་གྲོགས་པོ་རྣམས་ཀྱང་ཡོངས་སྤངས་ནས། །འཕགས་པ་

རྣམས་དང་འགྲོགས་དགའ་མཉམ་པར་གཞག །རྣམ་པར་གཡེང་བའི་སེམས་ནི་རྣམ་སྤངས་ནས། །ལོ་སྟོང་བྱེ་བར་ནགས་དང་རི་སུལ་ན། །རྩེ་གཅིག་སེམས་སུ་བསམ་གཏན་བྱེད་པ་རྣམས། །དེ་དག་བསམ་གཏན་བྱང་ཆུབ་མཆོག་ལ་ཞུགས། །དགེ་འདུན་སློབ་བཅས་རྒྱལ་

བ་མངོན་སུམ་དུ། །བཟའ་དང་བཅའ་དང་དེ་བཞིན་ཟས་དང་སྐོམ། །ན་བའི་སྨན་ནི་མི་ཉུང་མང་པོ་དག །ཁ་ཅིག་དེ་ལྟར་སྦྱིན་པ་སྦྱིན་པར་བྱེད། །དགེ་འདུན་སློབ་བཅས་རྒྱལ་བ་མངོན་སུམ་དུ། །དེ་དག་གོས་བརྒྱ་བྱེ་བ་སྦྱིན་པར་བྱེད། །ལ་ལ་སྟོང་ཕྲག་བྱ་བ་བརྒྱ་རི་དང་། །རིན་

ཐང་མེད་པའི་གོས་རྣམས་རབ་ཏུ་འབུལ། །རིན་པོ་ཆེ་དང་དེ་བཞིན་ཙན་དན་གྱི། །གཙུག་ལག་ཁང་ནི་བྱེ་བ་བརྒྱ་བྱས་ནས། །སྟན་དང་མལ་ཆ་མང་པོས་བརྒྱན་པ་རྣམས། །བདེ་བར་གཤེགས་པ་རྣམས་ལ་མངོན་སུམ་འབུལ། །ཀུན་དགའ་ར་བ་ཡིད་འོང་གཙང་མ་རྣམས། །

མེ་ཏོག་འབྲས་བུ་སྣ་ཚོགས་ལྡན་པ་དག །སྐྱེས་བུ་ཁྱུ་མཆོག་ཉན་ཐོས་བཙས་པ་ལ། །ལ་ལ་ཉིན་པར་ཞུགས་ཕྱིར་རབ་ཏུ་འབུལ། །དགའ་བ་སྐྱེས་ནས་སྣ་ཚོགས་རྣམ་མང་པོ། །དེ་ལྟ་བུ་ཡི་སྦྱིན་པ་སྦྱིན་པར་བྱེད། །བྱིན་ནས་བྱང་ཆུབ་ཕྱིར་ཡང་བརྩོན་འགྲུས་བསྐྱེད། །སྦྱིན་

པས་དེ་དག་བྱང་ཆུབ་མཆོག་ལ་ཞུགས། །ལ་ལ་ཞི་བའི་ཆོས་ཀྱང་རབ་འཆད་དེ། །དཔེ་དང་གཏན་ཚིགས་ཁྲག་ཁྲིག་དུ་མ་ཡིས། །དེ་དག་སྲོག་ཆགས་བྱེ་བ་སྟོང་ལ་སྟོན། །དེ་དག་ཡེ་ཤེས་བྱང་ཆུབ་མཆོག་ལ་ཞུགས། །བྱེད་པ་མེད་པའི་ཆོས་རབ་ཤེས་པ་ནི། །གཉིས་

མེད་རབ་ཞུགས་ནམ་མཁའ་མཚུངས་འདྲ་བ། །མ་ཆགས་བདེ་བར་གཤེགས་པའི་སྲས་པོ་རྣམས། །དེ་དག་ཤེས་རབ་བྱང་ཆུབ་མཆོག་ལ་ཞུགས། །བདག་གིས་གཞན་ཡང་མཐོང་བ་འཇམ་པའི་དབྱངས། །བདེར་གཤེགས་མྱ་ངན་འདས་པའི་བསྟན་པ་ལ། །བྱང་ཆུབ་

เล่ม ๕๑ · หน้า 7a

སེམས་དཔའ་བརྟན་པ་མང་བྱུང་ནས། །རྒྱལ་བའི་རིང་བསྲེལ་དག་ལ་རིམ་གྲོ་བྱེད། །མཆོད་རྟེན་བྱེ་བ་སྟོང་ཕྲག་མི་ཉུང་བ། །ཇི་ལྟར་གང་གཱའི་ཀླུང་གི་བྱེ་མ་བཞིན། །གང་གིས་བྱེ་བའི་ཞིང་རྣམས་རྟག་བརྒྱན་པ། །རྒྱལ་སྲས་དེ་དག་བྱེད་དུ་འཇུག་པ་མཐོང་། །

རིན་ཆེན་སྣ་བདུན་མཆོག་གི་རྒྱལ་མཚན་གདུགས། །དེ་ན་བྱེ་བ་སྟོང་རྣམས་བསྒྲེང་བ་ནི། །འཕང་དུ་དཔག་ཚད་ལྔ་སྟོང་ཕྱིན་པ་སྟེ། །ཁོར་ཡུག་ཏུ་ནི་དཔག་ཚད་ཉིས་སྟོང་ཡོད། །རྣམ་རྒྱལ་བ་དན་བཅས་པ་ཁོར་མོར་མཛེས། །དྲིལ་དང་དྲིལ་བུ་གཡེར་ཁ་རྟག་ཏུ་འཁྲོལ། །མེ་ཏོག་དྲི་དང་

དེ་བཞིན་སིལ་སྙན་གྱིས། །ལྷ་མི་སྲིན་པོ་གནོད་སྦྱིན་རྣམས་ཀྱིས་མཆོད། །ཡོངས་འདུས་ཤིང་གི་མེ་ཏོག་རྒྱས་པ་བཞིན། །དེ་ལྟར་ཕྱོགས་བཅུ་དེ་དག་མཛེས་བྱས་ཏེ། །རྒྱལ་བའི་རིང་བསྲེལ་དག་ལ་འདི་འདྲ་འདིར། །བདེ་གཤེགས་སྲས་ཀྱིས་མཆོད་པ་བྱེད་དུ་བཙུད། །རྒྱལ་བས་འོད་

ཟེར་གཅིག་པུ་འདི་བཏང་བས། །ལྷར་བཅས་འཇིག་རྟེན་འདི་དག་རབ་རྒྱས་པ། །བདག་དང་སྲོག་ཆགས་བྱེ་བ་མང་པོ་འདིས། །འདི་ན་འདུག་བཞིན་དེ་དག་ཐམས་ཅད་མཐོང་། །གང་གིས་འོད་ཟེར་གཅིག་པུ་དེང་བཏང་བས། །ཞིང་རྣམས་སྟོང་ཕྲག་མང་པོར་སྟོན་པ་དེ། །ཀྱེ་མ་སྐྱེས་

བུ་ཁྱུ་མཆོག་དེ་ཡི་མཐུ། །ཀྱེ་མ་ཡེ་ཤེས་རྒྱ་ཆེ་ཟག་མེད་དོ། །རྨད་དུ་བྱུང་བ་ཚད་མེད་འདི་འདྲ་བའི། །ལྟས་རྣམས་མཐོང་ནས་བདག་ཅག་ངོ་མཚར་གྱུར། །འདི་ཡི་དོན་རྣམས་འཇམ་དབྱངས་རབ་སྟོན་ཏེ། །སངས་རྒྱས་སྲས་རྣམས་ཐེ་ཚོམ་གྱུར་པ་སྩོལ། །འཁོར་བཞི་འདི་དག་རབ་ཏུ་

དགའ་སེམས་ཀྱིས། །དཔའ་བོ་ཁྱོད་དང་བདག་ལ་མངོན་པར་ལྟ། །བདེ་བར་གཤེགས་པས་དེ་རིང་ཅི་ཡི་ཕྱིར། །སྣང་བ་འདི་འདྲ་འདི་ནི་རབ་ཏུ་བཏང་། །བདེ་གཤེགས་སྲས་པོ་ཁྱོད་ཀྱིས་ལུང་སྟོན་ལ། །དགའ་བ་སྐྱེད་ཅིང་ཐེ་ཚོམ་རྣམ་པར་སོལ། །འདི་ལྟར་འོད་ཟེར་རྒྱ་ཆེན་རབ་བཏང་བ། །

དེ་དག་ཅི་འདྲའི་དོན་དུ་འགྱུར་བ་ཞིག །བདེ་བར་གཤེགས་པ་སྐྱེས་བུ་དམ་པ་ཡིས། །བྱང་ཆུབ་སྙིང་པོར་ཆོས་མཆོག་གང་བརྙེས་པ། །དེ་དག་འཇིག་རྟེན་མགོན་པོ་འདིར་འཆད་དམ། །བྱང་ཆུབ་སེམས་དཔའ་འདི་དག་ལུང་སྟོན་ཏམ། །ཞིང་རྣམས་སྟོང་ཕྲག་དུ་མ་གང་བསྟན་པ། །

เล่ม ๕๑ · หน้า 7b

སྣ་ཚོགས་རབ་ཏུ་བཀྲ་བ་རིན་ཆེན་བརྒྱན། །མཐའ་ཡས་སྤྱན་ཅན་སངས་རྒྱས་རྣམས་སྣང་བ། །འདི་ནི་མི་ཆུད་རྒྱུར་འགྱུར་གོར་མ་ཆག །རྒྱལ་བའི་སྲས་ལ་བྱམས་པས་ཀུན་དྲིས་ནས། །ལྷ་མི་གནོད་སྦྱིན་སྲིན་པོ་དེ་དག་དགའ། །འཇམ་དབྱངས་འདིར་ནི་ཅི་ཞིག་ལུང་སྟོན་ཅེས། །འཁོར་

རྣམས་བཞི་པོ་དེ་དག་ཤིན་ཏུ་སྡོད། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་དེ་ལ་སྨྲས་པ། རིགས་ཀྱི་བུ་དག་འདི་ནི་དེ་བཞིན་གཤེགས་པ་ཆོས་ཆེན་པོ་བསྒྲགས་

པའི་འབེལ་བའི་གཏམ་མཛད་པར་དགོངས་པའོ། །རིགས་ཀྱི་བུ་དག་འདི་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་ཆར་ཆེན་པོ་མངོན་པར་དབབ་པ་དང་། ཆོས་ཀྱི་རྔ་ཆེན་པོ་རབ་ཏུ་བརྡུང་བ་དང་། ཆོས་ཀྱི་རྒྱལ་མཚན་ཆེན་པོ་རབ་ཏུ་བསྒྲེང་བ་དང་། ཆོས་ཀྱི་སྒྲོན་མ་ཆེན་པོ་རབ་ཏུ་འབར་བར་

མཛད་པ་དང་། ཆོས་ཀྱི་དུང་ཆེན་པོ་རབ་ཏུ་འབུད་པ་དང་། ཆོས་ཀྱི་རྔ་བོ་ཆེ་ཆེན་པོ་རབ་ཏུ་བརྡུང་བ་དང་། ཆོས་བསྟན་པ་ཆེན་པོ་མཛད་པར་དགོངས་པ་སྟེ། རིགས་ཀྱི་བུ་དག་བདག་ཇི་ལྟར་སྤོབས་པ་དང་། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་རྣམས་ཀྱི་སྔ་ལྟས་འདི་ལྟ་བུ་འདི་བདག་གིས་མཐོང་སྟེ། སྔོན་གྱི་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་། འོད་ཟེར་གྱི་སྣང་བ་འདི་བཏང་བས། བདག་ནི་འདི་ལྟར་དེ་བཞིན་གཤེགས་པ་ཡང་ཆོས་ཆེན་པོ་བསྒྲག་པའི་འབེལ་བའི་གཏམ་མཛད་པར་བཞེད་པ་དང་།

ཆོས་ཆེན་པོ་བསྒྲགས་པ་ཐོས་པར་མཛད་པ་བཞེད་པས་འདི་ལྟ་བུའི་སྔ་ལྟས་འདི་མཛད་པ་སྙམ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ཐམས་ཅད་དང་མི་འཐུན་པའི་ཆོས་ཀྱི་རྣམ་གྲངས་བསྒྲག་པར་བཞེད་པས་སྔ་

ལྟས་ཆོ་འཕྲུལ་ཆེན་པོ་འོད་ཟེར་རབ་ཏུ་བཏང་བའི་སྣང་བ་འདི་ལྟ་བུ་འདི་སྟོན་ཏོ། །རིགས་ཀྱི་བུ་དག་བདག་གིས་དྲན་པ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་ཡངས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་དཔག་གིས་མི་ལང་བ་ཚད་མེད་པ་དེའི་ཕ་རོལ་

เล่ม ๕๑ · หน้า 8a

གྱི་ཡང་ཆེས་ཕ་རོལ་ཏུ་གྱུར་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་

ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཉི་ཟླ་སྒྲོན་མ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེས་ཆོས་བསྟན་པ་ཚངས་པར་སྤྱོད་པ་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བ་དོན་བཟང་པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་ཡང་དག་པར་

སྟོན་ཏེ་འདི་ལྟ་སྟེ། ཉན་ཐོས་རྣམས་ལ་ནི་སྐྱེ་བ་དང་རྒ་བ་དང་། ན་བ་དང་འཆི་བ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུག་པ་ལས་ཤིན་ཏུ་བཟླ་བའི་ཕྱིར། མྱ་ངན་ལས་འདས་པའི་མཐར་ཐུག་པ་འཕགས་པའི་བདེན་པ་

བཞི་དང་ལྡན་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པའི་ཆོས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐར་

ཐུག་པའི་ཆོས་སྟོན་ཏོ། །རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་སྒྲོན་མདའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་སྒྲོན་མ་ཞེས་བྱ་བ་ཞིག་

འཇིག་རྟེན་དུ་བྱུང་སྟེ་མ་ཕམ་པ་འདི་ལྟར་སྔ་རོལ་དང་སྔ་རོལ་བརྗོད་པའི་ཚུལ་འདིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་སྒྲོན་མ་ཞེས་བྱ་བར་མཚན་གཅིག་པ་རིགས་དང་གདུང་གཅིག་པ་ཤ་སྟག་སྟེ། འདི་ལྟར་བྷ་ར་དྭ་ཛའི་རིགས་

སུ་འཐུན་པ་དེ་བཞིན་གཤེགས་པ་ཉི་ཁྲི་བྱུང་ངོ་། །མ་ཕམ་པ་དེ་ལ་དེ་བཞིན་གཤེགས་པ་ཉི་ཁྲི་པོ་དེ་དག་ཐོག་མའི་དེ་བཞིན་གཤེགས་པ་ནས་ཐ་མའི་དེ་བཞིན་གཤེགས་པའི་བར་དུ་དེ་དག་གིས་ཆོས་བཤད་པ་ཡང་། ཚངས་པར་སྤྱོད་པ་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་

เล่ม ๕๑ · หน้า 8b

དགེ་བ་དོན་བཟང་པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ཡོངས་སུ་བྱང་བ་ཡང་དག་པར་སྟོན་ཏེ་འདི་ལྟ་སྟེ། ཉན་ཐོས་རྣམས་ལ་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་

ལས་ཤིན་ཏུ་བཟླ་བའི་ཕྱིར། མྱ་ངན་ལས་འདས་པའི་མཐར་ཐུག་པ་འཕགས་པའི་བདེན་པ་བཞི་དང་ལྡན་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པའི་ཆོས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ལས་བརྩམས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐར་ཐུག་པའི་ཆོས་སྟོན་ཏོ། །མ་ཕམ་པ་འདི་ལྟར་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་སྒྲོན་མ་དེ་སྔོན་གཞོན་ནུར་གྱུར་ཅིང་

ཁབ་ན་བཞུགས་པ་ལས་མངོན་པར་མ་བྱུང་བའི་ཚེ་སྲས་བརྒྱད་ཡོད་པར་གྱུར་ཏེ་འདི་ལྟ་སྟེ། རྒྱལ་བུ་གཞོན་ནུ་བློ་གྲོས་ཞེས་བྱ་བ་དང་། བཟང་པོའི་བློ་གྲོས་དང་། མཐའ་ཡས་བློ་གྲོས་དང་། དཀོན་མཆོག་བློ་གྲོས་དང་། ཁྱད་པར་བློ་གྲོས་དང་། ཐེ་ཚོམ་ཀུན་བཅོམ་དང་། དབྱངས་ཀྱི་བློ་

གྲོས་དང་། རྒྱལ་བུ་གཞོན་ནུ་ཆོས་ཀྱི་བློ་གྲོས་ཞེས་བྱ་བ་ཡོད་དོ། །མ་ཕམ་པ་བཅོམ་ལྡན་འདས་ཉི་ཟླ་སྒྲོན་མ་དེའི་སྲས་རྒྱལ་བུ་གཞོན་ནུ་བརྒྱད་པོ་དེ་དག་རྫུ་འཕྲུལ་ཆེན་པོར་གྱུར་ཏེ། དེ་དག་རེ་རེ་ཡང་གླིང་ཆེན་པོ་བཞི་ལ་ཀུན་ཏུ་ལོངས་སྤྱོད་པར་གྱུར་ཅིང་དེ་དག་ན་རྒྱལ་པོ་བྱེད་དོ། །དེ་དག་གིས་

བཅོམ་ལྡན་འདས་དེ་ཁབ་ནས་མངོན་པར་བྱུང་བར་ཤེས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་ཐོས་ནས། རྒྱལ་པོའི་ལོངས་སྤྱོད་ཐམས་ཅད་སྤངས་ཏེ། བཅོམ་ལྡན་འདས་དེའི་རྗེས་སུ་རབ་ཏུ་བྱུང་ནས་ཐམས་ཅད་ཀྱང་བླ་

ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ཏེ་ཆོས་སྨྲ་བར་གྱུར་ཏོ། །རྒྱལ་བུ་གཞོན་ནུ་དེ་དག་རྟག་ཏུ་ཚངས་པར་སྤྱོད་ཅིང་སངས་རྒྱས་བརྒྱ་སྟོང་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པར་གྱུར་ཏོ། །མ་ཕམ་པ་དེའི་ཚེ་ན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

เล่ม ๕๑ · หน้า 9a

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་སྒྲོན་མ་དེས། ངེས་པར་བསྟན་པ་ཆེན་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་མདོ་སྡེ་ཤིན་ཏུ་རྒྱས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་པ་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་བཤད་ནས།

དེའི་ཚེ་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་འཁོར་འདུས་པ་དེ་ཉིད་དུ་ཆོས་ཀྱི་གདན་ཆེན་པོ་དེ་ཉིད་ལ་སྐྱིལ་མོ་ཀྲུང་བཅས་ཏེ། མཐའ་ཡས་ངེས་པར་བསྟན་པའི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྐུ་མི་གཡོ་ཞིང་སེམས་མི་གཡོ་བར་གྱུར་ནས་བཞུགས་སོ། །བཅོམ་

ལྡན་འདས་དེ་སྙོམས་པར་ཞུགས་མ་ཐག་ཏུ། བཅོམ་ལྡན་འདས་ལ་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། མཉྫུ་ཥ་ཀ་དང་། མཉྗུ་ཥ་ཀ་ཆེན་པོ་དང་། ལྷའི་མེ་ཏོག་དག་གི་ཆར་ཆེན་པོ་མངོན་པར་བབ་སྟེ། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མངོན་པར་འཐོར་རོ། །

ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་གྱུར་ཏེ། འགུལ་ཀུན་ཏུ་རབ་ཏུ་འགུལ། ལྡེག་ཀུན་ཏུ་རབ་ཏུ་ལྡེག །འཁྲུགས་ཀུན་ཏུ་རབ་ཏུ་འཁྲུགས་སོ། །མ་ཕམ་པ་ཡང་དེའི་ཚེ་འཁོར་དེར་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་།

དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རྣམས་དང་། རྒྱལ་ཕྲན་དང་། སྟོབས་ཀྱི་འཁོར་ལོས་སྒྱུར་བ་དང་། གླིང་བཞིའི་འཁོར་ལོས་སྒྱུར་བ་

རྣམས་འདུས་ནས་འཁོད་པར་གྱུར་པ་འཁོར་དང་བཅས་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་ལྟ་ཞིང་ངོ་མཚར་དུ་གྱུར་རྨད་དུ་གྱུར་དགའ་བར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉི་ཟླ་སྒྲོན་མ་དེའི་སྨིན་མཚམས་ཀྱི་བར་གྱི་མཛོད་སྤུ་ནས་འོད་ཟེར་

གཅིག་བྱུང་ནས་དེ་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་ཉི་ཁྲི་བྱུང་སྟེ། སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་འོད་ཟེར་དེའི་འོད་ཀྱིས་ཤིན་ཏུ་ཁྱབ་པར་སྣང་བར་གྱུར་ཏེ། མ་ཕམ་པ་འདི་ལྟ་སྟེ་དཔེར་ན། ད་ལྟར་སངས་རྒྱས་ཀྱི་ཞིང་འདི་དག་སྣང་བར་གྱུར་པ་བཞིན་ནོ། །མ་

เล่ม ๕๑ · หน้า 9b

ཕམ་པ་ཡང་དེའི་ཚེ་བཅོམ་ལྡན་འདས་དེའི་ཞབས་འབྲིང་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ཉི་ཤུ་འཁོད་པ་དང་། འཁོར་དེ་ན་ཆོས་ཉན་པ་དེ་དག་འོད་ཟེར་ཆེན་པོའི་སྣང་བ་དེས་འཇིག་རྟེན་སྣང་བར་བྱས་པ་མཐོང་ནས་ངོ་མཚར་དུ་གྱུར་རྨད་དུ་གྱུར་ཏེ་ལྟད་མོ་ཆེར་བྱུང་ངོ་། །མ་ཕམ་པ་

དེའི་ཚེ་ན་ཡང་བཅོམ་ལྡན་འདས་དེའི་བསྟན་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་མཆོག་ཅེས་བྱ་བ་བྱུང་སྟེ་དེའི་སློབ་མ་བརྒྱད་བརྒྱ་ཡོད་དོ། །བཅོམ་ལྡན་འདས་དེ་ཡང་ཏིང་ངེ་འཛིན་དེ་ལས་བཞེངས་ནས་བྱང་ཆུབ་སེམས་དཔའ་འོད་མཆོག་ལས་བརྩམས་ཏེ། དམ་

པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་སྟོན་ཏེ། བར་གྱི་བསྐལ་པ་དྲུག་ཅུ་ཚང་བར་གདན་གཅིག་ལ་བཞུགས་ནས་སྐུ་མི་བསྐྱོད། སེམས་མི་གཡོ་བར་བཤད་དོ། །འཁོར་དེ་དག་ཐམས་ཅད་ཀྱང་སྟན་གཅིག་ལ་འཁོད་དེ། ལུས་མི་བསྐྱོད་སེམས་མི་གཡོ་

བར་བར་གྱི་བསྐལ་པ་དྲུག་ཅུར་བཅོམ་ལྡན་འདས་དེ་ལ་ཆོས་ཉན་ཏེ། འཁོར་དེ་ན་སེམས་ཅན་འགའ་ཡང་ལུས་ངལ་བ་ཡང་མེད། སེམས་སྐྱོ་བ་ཡང་མེད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་སྒྲོན་མས་བར་

གྱི་བསྐལ་པ་དྲུག་ཅུ་འདས་ཀྱི་བར་དུ། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་མདོ་སྡེ་ཤིན་ཏུ་རྒྱས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་པ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་བཤད་ནས། སྐད་ཅིག་དེ་ཉིད་ལ་མྱ་ངན་ལས་

འདའ་ཞེས་ལྷ་དང་བཅས་བདུད་དང་བཅས་ཚངས་པ་དང་བཅས་པའི་འཇིག་རྟེན་དང་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་མདུན་དུ། དགེ་སློང་དག་དོ་མོད་ནམ་གྱི་གུང་ཐུན་ལ་དེ་བཞིན་གཤེགས་པ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདའ་བའི་དབྱིངས་སུ་ཡོངས་སུ་མྱ་

ངན་ལས་འདའོ་ཞེས་གསུངས་སོ། །མ་ཕམ་པ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་སྒྲོན་མ་དེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་གྱི་སྙིང་པོ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་

เล่ม ๕๑ · หน้า 10a

རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ནས་འཁོར་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། དགེ་སློང་དག་བྱང་ཆུབ་སེམས་དཔའ་དཔལ་གྱི་སྙིང་པོ་འདི། ངའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པའི་སྤྱན་ཞེས་བྱ་བར་འགྱུར་རོ་ཞེས་གསུངས་སོ། །མ་ཕམ་པ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་སྒྲོན་མ་དེའི་ནུབ་མོ་ནམ་གྱི་གུང་

ཐུན་ལ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་མཆོག་དེས་བླངས་ཏེ་བར་གྱི་བསྐལ་པ་བརྒྱད་ཅུའི་བར་དུ། བཅོམ་

ལྡན་འདས་མྱ་ངན་ལས་འདས་པ་དེའི་བསྟན་པ་ལ་ཡང་དག་པར་བསྟན་ཏོ། །མ་ཕམ་པ་དེ་ལ་བཅོམ་ལྡན་འདས་དེའི་སྲས་བློ་གྲོས་ལ་སོགས་པ་བརྒྱད་པོ་དེ་དག་བྱང་ཆུབ་སེམས་དཔའ་འོད་མཆོག་དེའི་སློབ་མར་གྱུར་ཏེ། དེས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་

སྨིན་པར་བྱས་སོ། །དེ་དག་གིས་དེའི་འོག་ཏུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་མཐོང་སྟེ། བཀུར་སྟི་བྱས་ནས་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་དག་གི་ཐ་མ་ནི་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཡིན་ནོ། །སློབ་མ་བརྒྱད་བརྒྱ་པོ་དེ་དག་ལས་གཅིག་རྙེད་པ་ལ་རབ་ཏུ་གདུ་བ་བཀུར་སྟི་ལ་གདུ་བ་ཤེས་ཀྱི་ཁེ་ལ་གདུ་བ་གྲགས་པ་འདོད་པས། དེ་ལ་བསྟན་པའི་ཚིག་དང་། ཡི་གེ་མི་ཟིན་མི་ཆགས་ཏེ་དེའི་མིང་ཡང་གྲགས་

འདོད་ཅེས་བྱ་བར་གྱུར་ཏོ། །དེས་ཀྱང་དགེ་བའི་རྩ་བ་དེས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་མཉེས་པར་བྱས་སོ། །མཉེས་པར་བྱས་ནས་བསྟི་སྟང་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པ་དང་། བཀུར་བ་དང་། རིམ་གྲོ་བྱས་སོ། །མ་ཕམ་པ་དེའི་ཚེ་དེའི་

เล่ม ๕๑ · หน้า 10b

དུས་ན། བྱང་ཆུབ་སེམས་དཔའ་འོད་མཆོག་ཅེས་བྱ་བ་ཆོས་སྨྲ་བར་གྱུར་པ་དེ། གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉི་འམ་ཡིད་གཉིས་སམ་ཐེ་ཚོམ་ཟ་བར་གྱུར་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཁོ་བོ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་འོད་མཆོག་ཅེས་

བྱ་བ་ཆོས་སྨྲ་བར་གྱུར་ཏོ། །གང་ཡང་བྱང་ཆུབ་སེམས་དཔའ་གྲགས་འདོད་ཅེས་བྱ་བ་ལེ་ལོ་ཅན་དུ་གྱུར་པ་དེ་ནི། མ་ཕམ་པ་ཁྱོད་ཉིད་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་གྲགས་འདོད་ཅེས་བྱ་བ་ལེ་ལོ་ཅན་དུ་གྱུར་པ་ཡིན་ནོ། །མ་ཕམ་པ་དེ་ལྟར་ཁོ་བོས་རྣམ་གྲངས་འདིས་ན་བཅོམ་

ལྡན་འདས་ཀྱི་སྔ་ལྟས་འདི་ལྟ་བུའི་འོད་ཟེར་བཏང་བ་མཐོང་ནས། བཅོམ་ལྡན་འདས་ཀྱང་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་མདོ་སྡེ་ཤིན་ཏུ་རྒྱས་པ་ཆེན་པོ་དེ་བཤད་པར་བཞེད་པ་སྙམ་བྱེད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དོན་དེ་ཉིད་རྒྱས་པར་སྟོན་ཅིང་དེའི་

ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདས་པའི་དུས་རྣམས་རྗེས་སུ་དྲན་པ་ནི། །ཚད་མེད་བསམ་གྱིས་མི་ཁྱབ་བསྐལ་པ་ན། །དེ་ཚེ་རྒྱལ་བ་བྱུང་བ་སྐྱེ་དགུའི་མཆོག །མཚན་ནི་ཉི་ཟླ་སྒྲོན་མ་ཞེས་བྱ་བ། །སྐྱེ་དགུ་འདྲེན་པ་དེ་ནི་ཆོས་སྟོན་ཏེ། །སེམས་ཅན་མཐའ་ཡས་བྱེ་བ་རྣམ་

པར་འདུལ། །བྱང་ཆུབ་སེམས་དཔའ་བསམ་ཡས་བྱེ་བ་སྟོང་། །མང་པོ་དེ་དག་ཡེ་ཤེས་ཡང་དག་འཛུད། །རྣམ་པར་འདྲེན་པ་གཞོན་ནུར་གྱུར་པ་ཡི། །དེ་ཚེ་དེའི་སྲས་གྱུར་བརྒྱད་པོ་དག །ཐུབ་ཆེན་རབ་ཏུ་བྱུང་བ་དེ་མཐོང་ནས། །འདོད་སྤངས་ཐམས་ཅད་མྱུར་བར་རབ་ཏུ་བྱུང་། །

འཇིག་རྟེན་མགོན་པོ་དེ་ཡི་ཆོས་བཤད་པ། །མཐའ་ཡས་ངེས་པར་བསྟན་པ་མདོ་སྡེ་མཆོག །དེ་མིང་ཤིན་ཏུ་རྒྱས་པའི་མདོ་ཞེས་བྱ། །སྲོག་ཆགས་སྟོང་ཕྲག་བྱེ་བ་དག་ལ་སྟོན། །རྣམ་པར་འདྲེན་པ་དེ་ཡིས་བཤད་མ་ཐག །དེ་ཚེ་སྐད་ཅིག་སྐྱིལ་མོ་ཀྲུང་བཅས་ནས། །མཐའ་ཡས་

ངེས་བསྟན་ཏིང་འཛིན་དམ་པ་ལ། །ཐུབ་མཆོག་ཆོས་གདན་བཞུགས་ནས་བསམ་གཏན་མཛད། །ལྷ་ཡི་མེ་ཏོག་མན་དཱ་ར་བ་འབབ། །མ་བརྡུངས་པར་ནི་རྔ་ཡི་སྒྲ་ཡང་འབྱུང་། །ལྷ་དང་གནོད་སྦྱིན་པར་སྣང་གནས་འཁོད་པ། །རྐང་གཉིས་དམ་པ་ལ་ནི་མཆོད་པ་བྱེད། །ཞིང་རྣམས་

เล่ม ๕๑ · หน้า 11a

ཐམས་ཅད་དེ་མ་ཐག་ཏུ་གཡོས། །དེ་ན་ངོ་མཚར་རྨད་དུ་བྱུང་བར་གྱུར། །སྨིན་མཚམས་ནས་ནི་ཤིན་ཏུ་མཛེས་པ་ཡི། །འདྲེན་པས་འོད་ཟེར་གཅིག་པོ་རབ་བཏང་བ། །ཤར་གྱི་ཕྱོགས་སུ་འོད་ཟེར་དེ་སོང་བས། །ཞིང་རྣམས་སྟོང་ཕྲག་བཅྭ་བརྒྱད་ཚང་བ་དག །རབ་ཏུ་

སྣང་བས་འཇིག་རྟེན་ཐམས་ཅད་མཛེས། །སེམས་ཅན་རྣམས་ཀྱི་ཤི་འཕོ་སྐྱེ་བ་སྟོན། །རྣམ་པར་འདྲེན་པའི་འོད་ཟེར་དེ་ཡི་མཐུས། །དེ་ལྟར་དེ་ན་ལ་ལ་རིན་ཆེན་ཞིང་། །དེ་བཞིན་ཁ་དོག་བཻ་དཱུརྱ་ཡི་མདོག །བལྟ་ན་སྡུག་པ་སྣ་ཚོགས་སྣང་བར་གྱུར། །ལྷ་དང་མི་དང་དེ་བཞིན་གནོད་

སྦྱིན་ཀླུ། །ལྷ་ཡི་བུ་མོ་དྲི་ཟ་མི་འམ་ཅི། །གང་རྣམས་བདེ་བར་གཤེགས་ལ་མཆོད་བརྩོན་པ། །དེ་དག་འཇིག་རྟེན་ཁམས་ན་མཆོད་བྱེད་སྣང་། །སངས་རྒྱས་རང་འབྱུང་དེ་དག་ཉིད་ཀྱང་སྣང་། །གསེར་གྱི་མཆོད་སྡོང་ལྟ་བུར་བལྟ་ན་སྡུག །བཻ་དཱུརྱ་ཡི་དབུས་ན་གསེར་གཟུགས་བཞིན། །

འཁོར་གྱི་དབུས་ན་ཆོས་ནི་རབ་ཏུ་གསུང་། །དེ་ན་ཉན་ཐོས་གྲངས་ཡོད་མ་ཡིན་ཏེ། །བདེ་གཤེགས་ཉན་ཐོས་དེ་སྙེད་ཚད་མེད་པ། །སོ་སོའི་ཞིང་དུ་རྣམ་པར་འདྲེན་པ་ཡི། །འོད་ཟེར་འོད་ཀྱིས་དེ་དག་ཐམས་ཅད་སྟོན། །བརྩོན་འགྲུས་ལྡན་ཞིང་ཚུལ་ཁྲིམས་མ་ཉམས་ཏེ། །ཚུལ་ཁྲིམས་

སྐྱོན་མེད་ནོར་བུ་རིན་ཆེན་འདྲ། །མི་མགོན་སྲས་དག་རི་ཡི་སུལ་དག་ན། །གནས་ཤིང་སྤྱོད་པ་དེ་དག་སྣང་བར་གྱུར། །བདོག་པ་ཐམས་ཅད་མ་ལུས་ཡོངས་སུ་གཏོང་། །བརྟན་པ་བཟོད་པའི་སྟོབས་ཅན་བསམ་གཏན་དགའ། །བྱང་ཆུབ་སེམས་དཔའ་གང་གཱའི་བྱེ་སྙེད་མང་། །འོད་

ཟེར་དེ་ཡིས་ཐམས་ཅད་རབ་ཏུ་སྣང་། །བསྐྱོད་པ་མེད་ཅིང་གཡོ་བ་མེད་པར་ཡང་། །བཟོད་ནས་བསམ་གཏན་དགའ་ཞིང་མཉམ་པར་བཞག །དེ་དག་བསམ་གཏན་བྱང་ཆུབ་མཆོག་ཞུགས་པ། །བདེ་བར་གཤེགས་པའི་ཐུགས་ཀྱི་སྲས་རྣམས་སྣང་། །ཡང་དག་ཞི་བ་ཟག་པ་

མེད་པའི་གནས། །ཤིན་ཏུ་ཤེས་ནས་ཡང་དག་རབ་སྟོན་ཏེ། །འཇིག་རྟེན་ཁམས་མང་དུ་ནི་ཆོས་ཀྱང་འཆད། །དེ་འདྲའི་བྱེད་པ་བདེར་གཤེགས་མཐུ་ཡིས་བྱུང་། །ཉི་མ་ཟླ་བ་སྒྲོན་མ་དེ་ཡི་མཐུས། །སྐྱོང་བའི་འཁོར་བཞིས་དེ་དག་མཐོང་ནས་སུ། །དེ་ཚེ་ཐམས་ཅད་དགའ་

เล่ม ๕๑ · หน้า 11b

བར་གནས་གྱུར་ཏེ། །འདི་ལྟར་ཅི་ཞིག་ཅེས་ནི་ཕན་ཚུན་འདྲི། །གནོད་སྦྱིན་ལྷ་མིས་དེ་མཆོད་མི་རིང་བར། །འཇིག་རྟེན་འདྲེན་པ་ཏིང་ངེ་འཛིན་ལས་བཞེངས། །ཆོས་སྨྲ་བྱང་ཆུབ་སེམས་དཔའ་གང་མཁས་པ། །འོད་མཆོག་སྲས་ལ་དེ་ཚེ་འདི་སྐད་གསུངས། །མཁས་པ་ཁྱོད་ནི་འཇིག་རྟེན་

མིག་དང་ལམ། །ང་ཡི་ཆོས་འཛིན་ཤིན་ཏུ་ཡིད་བརྟན་པས། །ཇི་ལྟར་སྲོག་ཆགས་ཕན་ཕྱིར་ངས་བཤད་པ། །ང་ཡི་ཆོས་མཛོད་འདི་ལ་ཁྱོད་མངོན་སུམ། །བྱང་ཆུབ་སེམས་དཔའ་མང་པོ་ཀུན་བཀོད་དེ། །དགའ་བར་བྱས་ཤིང་ཤིན་ཏུ་བསྔགས་བསྟོད་ནས། །བར་གྱི་བསྐལ་པ་དྲུག་ཅུ་

ཚང་བར་ནི། །དེ་ཚེ་རྒྱལ་བ་དེ་ཡིས་ཆོས་མཆོག་བཤད། །གདན་གཅིག་སྟེང་བཞུགས་འཇིག་རྟེན་མགོན་པོ་དེས། །ཆོས་མཆོག་དམ་པ་དག་ནི་གང་བཤད་པ། །དེ་དག་ཐམས་ཅད་འོད་མཆོག་རྒྱལ་བའི་སྲས། །ཆོས་སྨྲར་གྱུར་པ་དེ་ཡིས་ཤིན་ཏུ་བཟུང་། །རྒྱལ་བ་དེས་ནི་ཆོས་ཀྱི་མཆོག་

བཤད་དེ། །སྐྱེ་བོ་དུ་མ་རབ་ཏུ་དགའ་བྱས་ནས། །དེ་ཡི་ཉིན་པར་ལྷར་བཅས་འཇིག་རྟེན་མདུན། །རྣམ་པར་འདྲེན་པ་དེ་ནི་འདི་སྐད་གསུང་། །ང་ཡིས་ཆོས་ཀྱི་ཚུལ་འདི་རབ་བསྟན་ཏེ། །ཆོས་ཀྱི་རང་བཞིན་ཅི་འདྲ་བཤད་ཟིན་གྱིས། །དགེ་སློང་དོ་ནུབ་ནམ་གྱི་གུང་ཐུན་ལ། །ང་ནི་མྱ་ངན་

འདའ་བའི་དུས་ལ་བབ། །ང་ཡི་བསྟན་པ་འདི་ལ་རབ་སྦྱོར་ལ། །བག་མེད་མ་ཡིན་དད་པ་སྙིང་པོར་གྱིས། །བསྐལ་པ་བྱེ་བ་ཁྲག་ཁྲིག་འདས་པར་ཡང་། །རྒྱལ་བ་དྲང་སྲོང་ཆེན་པོ་རྙེད་པར་དཀའ། །རྐང་གཉིས་དམ་པ་ཤིན་ཏུ་མྱུར་བ་རུ། །མྱ་ངན་ལས་ནི་འདའ་བའི་སྒྲ་ཐོས་ནས། །

སངས་རྒྱས་སྲས་རྣམས་མང་པོ་མྱ་ངན་སྐྱེས། །སྡུག་བསྔལ་རབ་དང་ཤིན་ཏུ་ལྡན་པར་གྱུར། །སྲོག་ཆགས་བསམ་ཡས་བྱེ་མང་དེ་དག་ལ། །མི་ཡི་དབང་པོ་རྒྱལ་པོས་དབུགས་ཕྱུང་བ། །མྱ་ངན་ང་འདས་དགེ་སློང་མ་འཇིགས་ཤིག །ང་ཡི་འོག་ཏུ་སངས་རྒྱས་འབྱུང་བ་ནི། །བྱང་ཆུབ་

སེམས་དཔའ་དཔལ་སྙིང་མཁས་པ་འདི། །ཟག་མེད་ཡེ་ཤེས་འདི་ནི་རྟོགས་པར་རིག །ང་ཡི་བྱང་ཆུབ་མཆོག་རབ་འཐོབ་འགྱུར་ཏེ། །སྤྱན་དང་ཡན་ལག་དྲི་མེད་རྒྱལ་བར་འོང་། །དེ་ཚེ་དེ་ཡི་ནམ་གྱི་གུང་ཐུན་ལ། །རྒྱུ་ཟད་མེ་དང་འདྲ་བར་མྱ་ངན་འདས། །དེ་ཡི་སྐུ་གདུང་ཤིན་ཏུ་རྒྱས་

เล่ม ๕๑ · หน้า 12a

གྱུར་ཏེ། །མཆོད་རྟེན་བྱེ་བ་ཁྲག་ཁྲིག་མཐའ་ཡས་སོ། །དེ་ན་དགེ་སློང་དེ་བཞིན་དགེ་སློང་མ། །གང་རྣམས་བྱང་ཆུབ་མཆོག་ལ་རབ་ཞུགས་ཤིང་། །བདེ་གཤེགས་དེ་ཡི་བསྟན་ལ་མངོན་བརྩོན་པ། །དེ་དག་མི་ཉུང་གང་གཱའི་བྱེ་མ་སྙེད། །དེ་ཚེ་ཆོས་སྨྲར་གང་གྱུར་དགེ་སློང་

ནི། །གང་གིས་ཆོས་དེ་བཟུང་བ་འོད་མཆོག་སྟེ། །བར་གྱི་བསྐལ་པ་བརྒྱད་ཅུ་ཚང་བར་དེས། །བསྐལ་པ་དེ་ལ་ཆོས་མཆོག་རབ་ཏུ་སྟོན། །དེ་ཡི་སློབ་མར་གྱུར་པ་བརྒྱད་བརྒྱ་དག །དེ་དག་ཐམས་ཅད་ཡོངས་སུ་སྨིན་པར་བྱས། །དེ་དག་སངས་རྒྱས་བྱེ་བ་མང་པོ་མཐོང་། །དྲང་སྲོང་ཆེན་

པོ་དེ་དག་བཀུར་སྟི་བྱས། །དེ་ཚེ་སྤྱད་པ་རྗེས་སུ་འཐུན་སྤྱད་ནས། །འཇིག་རྟེན་མང་པོ་ཁམས་སུ་སངས་རྒྱས་གྱུར། །གཅིག་འོག་གཅིག་ཏུ་དེ་དག་རྗེས་བཞིན་དུ། །བྱང་ཆུབ་མཆོག་ཏུ་གཅིག་གིས་གཅིག་ལུང་བསྟན། །སངས་རྒྱས་དེ་དག་རིམ་གྱིས་བྱུང་བ་ཡི། །ཐ་མར་གྱུར་པ་

མར་མེ་མཛད་པ་སྟེ། །ལྷ་ཡི་ལྷ་མཆོག་དྲང་སྲོང་མང་པོའི་མཆོག །སྲོག་ཆགས་བྱེ་བ་སྟོང་ཡང་རྣམ་པར་བཏུལ། །གང་སྔོན་བདེ་བར་གཤེགས་པ་དེ་ཡི་སྲས། །དེ་ཡི་ཚེ་ན་འོད་མཆོག་ཆོས་སྨྲ་བའི། །སློབ་མ་སྲེད་དང་ལྡན་ཞིང་ལེ་ལོ་ཅན། །ཤེས་ཀྱི་ཁེ་དང་རྙེད་པ་ཚོལ་བ་དང་། །ཤིན་ཏུ་

གྲགས་པ་འདོད་པའི་ཤས་ཆེ་ཞིང་། །གྲོང་ནས་གྲོང་དུ་རྒྱུ་བར་གྱུར་པ་སྟེ། །དེ་ཡི་ཁ་ཏོན་ལུང་ནོས་དེ་བཞིན་ཀུན། །དེ་ཡི་ཚེ་ན་བཤད་པ་རྣམས་མི་ཟིན། །དེ་ཡི་མིང་ཡང་འདི་ཞེས་བྱ་བར་གྱུར། །གྲགས་པ་འདོད་ཅེས་ཕྱོགས་སུ་རྣམ་པར་གྲགས། །དེ་ཡང་དགེ་བ་རྣམས་ཀྱི་ལས་དེ་

དག །འདྲེན་མར་གྱུར་པ་མངོན་པར་འདུས་བྱས་པས། །སངས་རྒྱས་སྟོང་ཕྲག་བྱེ་བ་མཉེས་བྱས་ཏེ། །དེ་དག་མཆོད་པ་རྒྱ་ཆེར་བྱས་པར་གྱུར། །རྗེས་སུ་འཐུན་པའི་སྤྱོད་པ་རབ་སྤྱད་ནས། །སངས་རྒྱས་ཤཱཀྱ་སེང་གེ་འདི་ཡང་མཐོང་། །དེ་ནི་འདིར་ཡང་ཐ་མར་བྱུང་བ་སྟེ། །རྗེས་བཞིན་

བྱང་ཆུབ་མཆོག་ཀྱང་འཐོབ་འགྱུར་བ། །བྱམས་པའི་རིགས་སུ་བཅོམ་ལྡན་འདས་སུ་འགྱུར། །སྲོག་ཆགས་སྟོང་ཕྲག་བྱེ་བ་རྣམ་པར་འདུལ། །བདེར་གཤེགས་མྱ་ངན་འདས་པའི་བསྟན་པ་ལ། །དེ་ཚེ་ལེ་ལོ་ཅན་དུ་གང་གྱུར་པ། །དེ་ན་དེ་འདྲར་གྱུར་པ་ཁྱོད་ཉིད་དོ། །དེ་ཚེ་ཆོས་

เล่ม ๕๑ · หน้า 12b

སྨྲར་གྱུར་པ་ཁོ་བོ་སྟེ། །ཁོ་བོས་དེ་དང་དེ་ཡི་རྒྱུ་དང་བཞིས། །ཡེ་ཤེས་གྲགས་པ་དེ་ཡི་ལྟས་བྱུང་བ། །སྔོན་ཚེ་དེ་ན་ཁོ་བོས་མཐོང་གྱུར་པ། །དེ་འདྲའི་ལྟས་འདི་དེང་ཡང་མཐོང་བས་ན། །ངེས་པར་རྒྱལ་བའི་དབང་པོ་ཀུན་ཏུ་སྤྱན། །ཤཱཀྱའི་རྒྱལ་ཆེན་དོན་དམ་གཟིགས་པས་ཀྱང་། །

དེ་ཚེ་ཁོ་བོས་རྣམ་གྲངས་མཆོག་ཐོས་གང་། །དེ་དག་ཉིད་ནི་འདིས་ཀྱང་བཤད་པར་དགོངས། །དེ་ཡི་ལྟས་ཉིད་དེ་རིང་ཡོངས་རྫོགས་ཀྱིས། །རྣམ་པར་འདྲེན་པ་རྣམས་ཀྱི་ཐབས་མཁས་པ། །ཤཱཀྱ་སེང་གེ་ཡང་དག་འཇོག་མཛད་དེ། །ཆོས་ཀྱི་དངོས་ཉིད་ཕྱག་རྒྱ་སྟོན་པར་འགྱུར། །

ཐལ་མོ་སྦྱར་ཏེ་སེམས་བཟང་བརྩོན་པར་གྱིས། །འཇིག་རྟེན་ཕན་ཞིང་ཐུགས་བརྩེ་སྟོན་གྱུར་ཏེ། །མཐའ་ཡས་པ་ཡི་ཆོས་ཀྱི་ཆར་པ་འབབ། །གང་དག་བྱང་ཆུབ་ཕྱིར་ཞུགས་ངོམས་པར་མཛད། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ཕྱིར་ཞུགས་པ། །གང་དག་མཁས་པ་ཉིད་ལས་སྐྱེས་

གྱུར་པ། །དེ་དག་རྣམས་ཀྱི་སོམ་ཉི་གང་ཡིན་དང་། །ཡིད་གཉིས་ཐེ་ཚོམ་གང་ཡིན་དེ་སེལ་གྱུར། །དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་ལས། གླེང་གཞིའི་ལེའུ་ཞེས་བྱ་སྟེ་དང་པོའོ།། །།བམ་པོ་གཉིས་པ། དེ་

ནས་བཅོམ་ལྡན་འདས་དྲན་པ་དང་ལྡན་ཞིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་སོ། །བཞེངས་ནས་ཚེ་དང་ལྡན་པ་ཤཱ་རི་དྭ་ཏའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐུགས་སུ་ཆུད་པ།

སངས་རྒྱས་ཀྱི་ཡེ་ཤེས་ནི་ཟབ་པ་མཐོང་བར་དཀའ་བ་རྟོགས་པར་དཀའ་བ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཤེས་པར་དཀའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སངས་

རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་མཛད་མཛད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་པ་སྤྱད་སྤྱད་པ། ཡུན་རིང་པོ་ནས་རྗེས་སུ་ཞུགས་པ། བརྩོན་འགྲུས་མཛད་མཛད་པ་སྟེ། ངོ་མཚར་

เล่ม ๕๑ · หน้า 13a

དང་རྨད་དུ་བྱུང་བའི་ཆོས་དང་ལྡན་ཞིང་ཤེས་པར་དཀའ་བའི་ཆོས་རྣམས་མཁྱེན་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལྡེམ་པོར་དགོངས་ཏེ་བཤད་པ་ནི་ཤེས་པར་དཀའོ། །དེ་ཅིའི་ཕྱིར་ཞེ་ན། རང་

གིས་རིག་པའི་ཆོས་རྣམས་ཐབས་མཁས་པ་དང་། ཡེ་ཤེས་མཐོང་བ་དང་། རྒྱུ་དང་། གཞི་དང་། དམིགས་པ་དང་། ངེས་པའི་ཚིག་དང་། རྣམ་པར་རིག་བྱེད་སྣ་ཚོགས་རྣམས་ཀྱིས་ཡང་དག་པར་སྟོན་ཏེ། ཐབས་མཁས་པ་དེ་དང་དེ་དག་གིས་སེམས་ཅན་དེ་དང་དེ་ལ་ཆགས་པ་རྣམས་རབ་

ཏུ་འགྲེལ་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཐབས་མཁས་པ་ཆེན་པོ་དང་། ཡེ་ཤེས་མཐོང་བ་དམ་པའི་ཕ་རོལ་ཏུ་བྱོན་པའོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་རྣམས་ནི། ཆགས་པ་མེད་ཅིང་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་དང་། སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་བསམ་གཏན་དང་། རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་། རྨད་

དུ་བྱུང་བའི་ཆོས་དང་ལྡན་ཏེ། ཆོས་རྣམ་པ་སྣ་ཚོགས་ཡང་དག་པར་སྟོན་པའོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ངོ་མཚར་ཆེན་པོ་བརྙེས་པའོ། །ཤཱ་རིའི་བུ་དེ་ཙམ་གྱིས་བཤད་པ་ཆོག་པར་གྱིས་ཤིག །ཤཱ་རིའི་བུ་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ངོ་མཚར་མཆོག་བརྙེས་པ་སྟེ། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་གང་མཁྱེན་པའི་ཆོས་དེ་ཡང་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཉིད་ལ་འཆད་དོ། །ཤཱ་རིའི་བུ་ཆོས་ཐམས་ཅད་ཀྱང་

དེ་བཞིན་གཤེགས་པ་ཉིད་སྟོན་ཏོ། །ཆོས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏེ་ཆོས་དེ་དག་གང་ཡིན་པ་དང་། ཆོས་དེ་དག་ཇི་ལྟ་བུ་ཡིན་པ་དང་། ཆོས་དེ་དག་ཅི་འདྲ་བ་དང་། ཆོས་དེ་དག་གི་མཚན་ཉིད་གང་ཡིན་པ་དང་། ཆོས་དེ་དག་གི་ངོ་བོ་ཉིད་ཅི་ཡིན་པ་དང་།

เล่ม ๕๑ · หน้า 13b

ཆོས་དེ་དག་གང་ཡིན་པ་དང་། ཇི་ལྟ་བུ་ཡིན་པ་དང་ཅི་འདྲ་བ་དང་། མཚན་ཉིད་གང་ཡིན་པ་དང་ངོ་བོ་ཉིད་ཅི་ཡིན་པ་ཡང་མཁྱེན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རྒྱས་པར་སྟོན་ཅིང་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ལྷ་མིར་བཅས་པའི་འཇིག་རྟེན་ན། །

དཔའ་བོ་ཆེན་པོ་དཔག་མེད་པ། །རྣམ་འདྲེན་སེམས་ཅན་ཐམས་ཅད་ཀྱིས། །རྣམ་པ་ཀུན་ཏུ་ཤེས་མི་ནུས། །དེ་དག་སྟོབས་དང་རྣམ་ཐར་དང་། །འཇིགས་མེད་གང་དག་ཅི་འདྲ་དང་། །སངས་རྒྱས་ཆོས་རྣམས་ཅི་འདྲ་བ། །སུས་ཀྱང་ཤེས་པར་མི་ནུས་སོ། །སངས་རྒྱས་བྱེ་བའི་གན་

དག་ན། །ཟབ་ཅིང་ཤིན་ཏུ་ཕྲ་བ་དང་། །རིག་དཀའ་མཐོང་བར་དཀའ་བ་ཡི། །སྤྱོད་པ་དག་ནི་སྔན་ཆད་བསྙེན། །བསྐལ་པ་བྱེ་བ་བསམ་ཡས་སུ། །སྤྱོད་པ་དེ་དག་སྤྱད་པ་ཡི། །འབྲས་བུ་དེ་ནི་ཅི་འདྲ་བ། །བྱང་ཆུབ་སྙིང་པོར་ངས་མཐོང་ངོ་། །དེ་ནི་འཇིག་རྟེན་རྣམ་འདྲེན་པ། །གཞན་དག་དང་

ནི་ངས་ཀྱང་དེ། །ཅི་ལྟ་ཡིན་དང་ཅི་འདྲ་དང་། །དེ་ཡི་མཚན་ཉིད་ཅི་འདྲ་ཤེས། །དེ་ནི་བསྟན་དུ་མི་ནུས་ཏེ། །དེ་ནི་བརྗོད་དུ་ཡོང་མེད་དོ། །མོས་པ་ལ་ནི་གང་གནས་པ། །བྱང་ཆུབ་སེམས་དཔའ་མ་གཏོགས་པར། །གང་ལ་ཆོས་དེ་བསྟན་པ་དང་། །བསྟན་པ་དག་ཀྱང་ཤེས་པ་ཡི། །དེ་

འདྲའི་སེམས་ཅན་སུ་ཡང་ནི། །འཇིག་རྟེན་དག་ན་ཡོད་མ་ཡིན། །གང་དག་འཇིག་རྟེན་མཁྱེན་པའི་ཉན་ཐོས་པ། །ལྷག་པར་བྱས་པ་བདེ་བར་གཤེགས་པས་བསྔགས། །ཟག་ཟད་ཐ་མའི་ལུས་འཛིན་དེ་དག་གི། །ཡུལ་ནི་རྒྱལ་བའི་ཡེ་ཤེས་འདི་ལ་མེད། །གལ་ཏེ་འཇིག་རྟེན་དེ་

དག་ཐམས་ཅད་དུ། །ཤཱ་རིའི་བུ་དང་འདྲ་བས་གང་གྱུར་ཏེ། །གཅིག་ཏུ་འདུས་པར་གྱུར་ནས་རྣམ་བསམས་ཀྱང་། །དེ་དག་བདེར་གཤེགས་ཡེ་ཤེས་ཤེས་མི་ནུས། །གལ་ཏེ་ཁྱོད་དང་འདྲ་བའི་མཁས་རྣམས་ཀྱིས། །ཕྱོགས་རྣམས་བཅུ་ཅར་གང་བར་གྱུར་པ་དང་། །གང་ཡང་

ང་ཡི་ཉན་ཐོས་འདི་གཞན་རྣམས། །དེ་དག་གིས་ཀྱང་དེ་བཞིན་གང་གྱུར་ཏེ། །དེ་དག་ཐམས་ཅད་གཅིག་ཏུ་དེང་འདུས་ནས། །བདེ་བར་གཤེགས་པའི་ཡེ་ཤེས་རྣམ་བསམས་ཀྱང་། །ཇི་ཙམ་ཚད་མེད་ཡེ་ཤེས་ངས་ཤེས་པ། །ཐམས་ཅད་འདུས་པས་ཤེས་པར་མི་ནུས་སོ། །

เล่ม ๕๑ · หน้า 14a

ཟག་པ་མེད་པར་གྱུར་པའི་རང་སངས་རྒྱས། །དབང་པོ་རྣོ་བ་ཐ་མའི་ལུས་འཛིན་པས། །ཇི་ལྟར་སྨྱིག་དང་འདམ་བུའི་ཚལ་བཞིན་དུ། །ཕྱོགས་བཅུ་ཐམས་ཅད་གང་བར་གྱུར་པ་དག །གཅིག་ཏུ་འདུས་ནས་རྣམ་པར་བསམས་བྱས་ཀྱང་། །ང་ཡི་ཆོས་ཀྱི་མཆོག་གི་

ཕྱོགས་ཙམ་ཡང་། །བསྐལ་པ་བྱེ་བ་ཁྲག་ཁྲིག་མཐའ་ཡས་སུ། །དེ་ཡི་ཡང་དག་དོན་ནི་ཡོང་མི་ཤེས། །བྱང་ཆུབ་སེམས་དཔའ་ཐེག་པར་གསར་ཞུགས་པ། །སངས་རྒྱས་བྱེ་བ་མང་ལ་བྱ་བ་བྱས། །ཤིན་ཏུ་ངེས་དོན་ཆོས་སྨྲ་མང་པོ་རྣམས། །དེ་དག་གིས་ཀྱང་ཕྱོགས་བཅུ་གང་

གྱུར་ཏེ། །སྨྱིག་དང་འདམ་བུ་བཞིན་དུ་འཇིག་རྟེན་ཀུན། །བར་མཚམས་མེད་པར་རྟག་ཏུ་གང་གྱུར་ལ། །གཅིག་ཏུ་འདུས་ནས་རྣམ་པར་སེམས་བྱེད་ཅིང་། །ཤེས་རབ་ཕྲ་བས་གཞན་དུ་མི་སེམས་པར། །བསྐལ་པ་བྱེ་བ་མང་པོ་དཔག་མེད་པ། །གང་གཱའི་བྱེ་མ་སྙེད་དུ་བསམ་བྱས་

ཀྱང་། །ཆོས་གང་བདེ་བར་གཤེགས་པས་མངོན་གཟིགས་པ། །འདི་ལ་དེ་དག་རྣམས་ཀྱི་ཡུལ་མེད་དོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་གང་། །མི་ཉུང་གང་གཱའི་བྱེ་མ་སྙེད་རྣམས་ཀྱིས། །གཞན་དུ་མི་སེམས་རྣམ་པར་བསམས་བྱས་ཀྱང་། །འདི་ལ་དེ་དག་གི་ཡང་ཡུལ་

མེད་དོ། །ཟབ་ཅིང་ཤིན་ཏུ་ཕྲ་བའི་ཆོས་རྟོགས་ཤིང་། །རྟོག་པ་མེད་ལ་ཐམས་ཅད་ཟག་མེད་པ། །ཕྱོགས་བཅུའི་འཇིག་རྟེན་རྒྱལ་བ་དེ་དག་དང་། །ངས་ནི་འདི་ན་དེ་དག་ཅི་འདྲ་ཤེས། །གཞན་མིན་གསུང་བ་རྒྱལ་བ་དྲང་སྲོང་ཆེ། །ཡུན་རིང་དུས་ན་མཆོག་གི་དོན་འཆད་ཀྱིས། །བདེ་

བར་གཤེགས་པས་གང་བསྟན་དེ་ལ་ནི། །མོས་པ་ཕུན་སུམ་ཚོགས་བྱོས་ཤཱ་རིའི་བུ། །ཉན་ཐོས་པ་ནི་འདི་དག་ཐམས་ཅད་དང་། །རང་སངས་རྒྱས་སུ་མི་གང་ཞུགས་པ་དང་། །མྱ་ངན་འདས་ལ་ངས་ནི་གང་བཀོད་ཅིང་། །སྡུག་བསྔལ་རྒྱུད་ལས་ཡང་དག་དཀྲོལ་ལ་བསྒོ། །གང་

ཕྱིར་འཇིག་རྟེན་དུ་ནི་ཆོས་མང་བཤད། །དེ་དང་དེ་ལ་ཆགས་པ་རབ་དགྲོལ་ཞིང་། །ཐེག་པ་གསུམ་དག་ཉེ་བར་བསྟན་པ་ནི། །དེ་དག་ང་ཡི་ཐབས་མཁས་མཆོག་ཡིན་ནོ། །དེ་ནས་འཁོར་དེ་ན་ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པ་ཉན་ཐོས་ཆེན་པོ་གང་དག་དགྲ་བཅོམ་པ་ཟག་པ་ཟད་པ་

เล่ม ๕๑ · หน้า 14b

དབང་དང་ལྡན་པར་གྱུར་པ་སྟོང་ཉིས་བརྒྱ་དང་། གཞན་ཡང་གང་དག་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་དག་དང་། གང་ཡང་རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་དེ་དག་ཐམས་ཅད་འདི་སྙམ་དུ་སེམས་ཏེ།

བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་ཆེར་བསྔགས་པ་དང་། ཆོས་ཟབ་མོ་དེ་ཡང་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུང་ཞིང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཤེས་པར་དཀའོ་ཞེས་གསུངས་པའི་རྒྱུ་ནི་གང་།

གཞི་ནི་ཅི་ཞིག །འདི་ལྟར་བཅོམ་ལྡན་འདས་ཀྱིས་རྣམ་པར་གྲོལ་བ་གཅིག་གོ། །ཞེས་བཀའ་སྩལ་ཏོ། །བདག་ཅག་རྣམས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་རྙེད་པར་འགྱུར་ཞིང་མྱ་ངན་ལས་འདས་པ་ཐོབ་པ་ཡིན་མོད་ཀྱི། བཅོམ་ལྡན་འདས་ཀྱིས་གསུངས་པ་དེའི་དོན་བདག་ཅག་

གིས་མ་རིག་གོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འཁོར་བཞི་པོ་དེ་དག་སོམ་ཉི་དང་ཐེ་ཚོམ་ཟ་བར་རིག་སྟེ་སེམས་ཀྱི་རྣམ་པར་རྟོགས་པ་སེམས་ཀྱིས་ཤེས་ནས། བདག་ཉིད་ཀྱང་ཆོས་ལ་ཐེ་ཚོམ་ཟ་བར་གྱུར་ཏེ་དེའི་ཚེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་

ལྡན་འདས་འདི་ལྟར་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་མཁྱེན་པའི་ཆོས་བསྟན་པ་ཡང་དང་ཡང་བསྔགས་པ་མཛད་པ་དང་། ཆོས་ཟབ་མོ་ངས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བགྱི་བ་དང་། ལྡེམ་པོར་དགོངས་ཏེ་བཤད་པ་

ཡང་ཤེས་པར་དཀའོ་ཞེས་ཡང་དང་ཡང་གསུངས་པའི་རྒྱུ་གང་ལགས་རྐྱེན་གང་ལགས། བདག་གིས་བཅོམ་ལྡན་འདས་ལས་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་སྔོན་ཆད་མ་ཐོས་ཏེ། བཅོམ་ལྡན་འདས་འཁོར་བཞི་པོ་འདི་དག་ཀྱང་ཐེ་ཚོམ་དང་སོམ་ཉི་འཚལ་ན། །དེ་བཞིན་

གཤེགས་པས་ཅི་ལ་དགོངས་ཏེ་དེ་བཞིན་གཤེགས་པའི་ཆོས་ཟབ་མོ་ཡང་དང་ཡང་གསུང་བ་མཛད་པ་དེ་བཅོམ་ལྡན་འདས་ཀྱིས་ལེགས་པར་བཤད་དུ་གསོལ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སྟོབས་དང་རྣམ་ཐར་བསམ་

เล่ม ๕๑ · หน้า 15a

གཏན་དག །དཔག་ཏུ་མེད་པ་ངས་ཐོབ་ཅེས། །རིང་ནས་མི་ཡི་ཉི་མ་ཡིས། །དེང་གདོང་བཀའ་མཆིད་འདི་འདྲ་མཛད། །ཁྱོད་ལ་ཞུ་བ་མ་མཆིས་པར། །བྱང་ཆུབ་སྙིང་པོའང་བརྗོད་པ་མཛད། །ཁྱོད་ལ་སུ་ཡང་མི་ཞུ་བར། །ལྡེམ་པོར་དགོངས་ཏེ་བཤད་པ་བརྗོད། །

མ་ཞུས་པར་ནི་གསུང་མཛད་དེ། །ཉིད་ཀྱི་སྤྱོད་པ་བསྔགས་པ་མཛད། །ཡེ་ཤེས་བརྙེས་པ་བརྗོད་མཛད་ཅིང་། །ཟབ་མོ་དག་ཀྱང་རབ་བཤད་པས། །དབང་ལྡན་གྱུར་ཅིང་ཟག་མེད་པ། །མྱ་ངན་འདས་པར་གང་བཞུགས་རྣམས། །རྒྱལ་བ་ཅི་ཞིག་གསུང་སྙམ་སྟེ། །དེ་རིང་འདི་དག་

ཐེ་ཚོམ་འགྱུར། །རང་རྒྱལ་བྱང་ཆུབ་གང་འཚལ་བ། །དགེ་སློང་དེ་བཞིན་དགེ་སློང་མ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །ལྟོ་འཕྱེ་ཆེ་དང་དྲི་ཟ་དག །ཐེ་ཚོམ་འཚལ་ཞིང་རྣམ་སེམས་ཏེ། །དེ་དག་ཕན་ཚུན་གཏམ་མཆི་ཞིང་། །རྐང་གཉིས་མཆོག་ལ་རབ་བལྟ་ན། །ཐུབ་པ་ཆེན་པོ་

ལུང་བསྟན་གསོལ། །བདེ་བར་གཤེགས་པའི་ཉན་ཐོས་རྣམས། །འདི་ན་ཇི་སྙེད་མཆིས་པ་ཀུན། །དེ་ཡི་ནང་ན་བདག་མཆོག་ཅེས། །དྲང་སྲོང་མཆོག་གིས་བསྟན་ལགས་ན། །མི་ཡི་གཙོ་བོ་ཉིད་ཀྱི་གནས། །འདི་ལ་བདག་ཀྱང་ཐེ་ཚོམ་འཚལ། །མྱ་ངན་འདས་མཐར་བདག་ཕྱིན་

ཏམ། །འོན་ཏེ་བདག་ལ་སྤྱོད་བསྟན་ཏམ། །རྔ་མཆོག་དབྱངས་ཀྱིས་རབ་ཏུ་གསུང་ཕྱུང་སྟེ། །ཆོས་འདི་ཇི་ལྟ་ལགས་པ་བཤད་དུ་གསོལ། །རྒྱལ་སྲས་ཐུགས་སྲས་མཆིས་པ་འདི་དག་རྣམས། །ཐལ་མོ་སྦྱར་བར་བགྱིས་ནས་རྒྱལ་ལ་ལྟ། །ལྷ་དང་ཀླུ་དང་གནོད་སྦྱིན་སྲིན་པོར་

བཅས། །བྱེ་བ་སྟོང་ཕྲག་གང་གཱའི་བྱེ་མ་སྙེད། །བྱང་ཆུབ་མཆོག་འདི་འཚལ་བ་གང་ལགས་པ། །བརྒྱད་ཁྲི་ཚང་བར་གང་མཆིས་དེ་དག་དང་། །ས་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་། །བྱེ་བ་སྟོང་གི་ཞིང་ནས་ལྷགས་པ་དག །སྤྱོད་པ་ཇི་ལྟར་ཡོངས་སུ་རྫོགས་བགྱི་

ཞེས། །ཐམས་ཅད་ཐལ་མོ་སྦྱར་ཏེ་གུས་པར་མཆིས། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དོན་འདི་བཤད་པས་ཅི་ཞིག་བྱ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དོན་འདི་བཤད་ན་ལྷ་དང་

เล่ม ๕๑ · หน้า 15b

བཅས་པའི་འཇིག་རྟེན་འདི་དངངས་པར་འགྱུར་རོ། །ཡང་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་ལན་གཉིས་སུ་གསོལ་བ་བཏབ་པ། དོན་འདི་ཉིད་བཅོམ་ལྡན་འདས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་

འདས་འཁོར་འདི་ན་སྲོག་ཆགས་བརྒྱ་ཕྲག་མང་པོ། སྲོག་ཆགས་སྟོང་ཕྲག་མང་པོ། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་སྔོན་གྱི་སངས་རྒྱས་མཐོང་བ་ཤེས་རབ་དང་ལྡན་པ་གང་དག །བཅོམ་ལྡན་འདས་ཀྱིས་བཤད་པ་ལ་དད་

པ་དང་ཡིད་ཆེས་པ་དང་འཛིན་པར་འགྱུར་བ་མཆིས་སོ། །དེ་ནས་དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚིགས་སུ་བཅད་པ་འདི་གསོལ་ཏོ། །སྲོག་ཆགས་སྟོང་རྣམས་འཁོར་ན་མཆིས་པ་དག །དད་དགའ་བདེ་བར་གཤེགས་ལ་གུས་པ་སྟེ། །ཁྱོད་ཀྱིས་ཆོས་བསྟན་དེ་དག་འཚལ་བར་

འགྱུར། །མི་དབང་རྒྱལ་པོ་གསལ་བར་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ལན་གཉིས་སུ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དོན་འདི་བཤད་པས་ཅི་ཞིག་བྱ། ཤཱ་རིའི་བུ་དོན་འདི་བཤད་ན་ལྷ་དང་བཅས་པའི་འཇིག་རྟེན་

འདི་དངངས་པར་འགྱུར་ཏེ། །དགེ་སློང་ལྷག་པའི་ང་རྒྱལ་ཅན་དུ་གྱུར་པ་རྣམས་གཡང་ས་ཆེན་པོར་ལྷུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ང་ཡི་ཆོས་འདི་བཤད་པས་ཆོག །ཡེ་ཤེས་འདི་ཕྲ་བརྟག་མི་ནུས། །

བྱིས་པ་མང་འཁོད་ང་རྒྱལ་ཅན། །ང་ཡིས་ཆོས་བཤད་མི་ཤེས་སྤོང་། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་ལན་གསུམ་དུ་ཡང་གསོལ་བ་བཏབ་པ་དོན་འདི་ཉིད། བཅོམ་ལྡན་འདས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། བཅོམ་

ལྡན་འདས་འཁོར་འདི་ན་བདག་དང་འདྲ་བ་བརྒྱ་ཕྲག་མང་དུ་མཆིས་སོ། །བཅོམ་ལྡན་འདས་སྲོག་ཆགས་བརྒྱ་ཕྲག་མང་པོ་སྲོག་ཆགས་སྟོང་ཕྲག་མང་པོ་སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་བཅོམ་ལྡན་འདས་སྔོན་གྱི་སྲིད་པ་

เล่ม ๕๑ · หน้า 16a

དག་ན་ཡོངས་སུ་སྨིན་པར་མཛད་པ་གཞན་དག་ཀྱང་མཆིས་ཏེ། བཅོམ་ལྡན་འདས་ཀྱིས་བཤད་པ་ལ་དད་པར་འགྱུར་ཡིད་ཆེས་པར་འགྱུར་འཛིན་པར་འགྱུར་རོ། །དེ་ཡང་དེ་དག་གི་ཡུན་རིང་པོའི་དོན་དང་སྨན་པ་དང་བདེ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་

དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །རྐང་གཉིས་རྣམས་ཀྱི་མཆོག་གིས་ཆོས་བཤད་གསོལ། །ཁྱོད་ལ་སྲས་ཀྱི་ཐུ་བོ་བདག་གསོལ་པ། །འདི་ན་སྲོག་ཆགས་བྱེ་བ་སྟོང་མཆིས་པ། །དེ་དག་ཁྱོད་ཀྱིས་ཆོས་བཤད་འདི་དད་འགྱུར། །སྔོན་གྱི་སྲིད་པ་རྣམས་སུ་ཁྱོད་ཀྱིས་

གང་། །ཡུན་རིང་རྟག་ཏུ་སེམས་ཅན་སྨིན་མཛད་པ། །དེ་ཀུན་ཐལ་མོ་སྦྱར་ཏེ་འདི་ན་མཆིས། །དེ་དག་ཆོས་འདི་ལ་ནི་དད་པར་འགྱུར། །བདག་འདྲ་བརྒྱ་ཕྲག་བཅུ་གཉིས་འདི་དག་དང་། །གང་དག་བྱང་ཆུབ་མཆོག་ཏུ་ཞུགས་པ་དག །དེ་ལ་གཟིགས་ནས་བདེ་གཤེགས་རབ་བཤད་དེ། །

དེ་དག་དགའ་བ་མཆོག་ཀྱང་བསྐྱེད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལན་གསུམ་གསོལ་བ་བཏབ་པ་མཁྱེན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པ་ལ་ལན་གསུམ་གྱི་བར་

དུ་གསོལ་བ་འདེབས་ན། ཤཱ་རིའི་བུ་དེ་ལྟར་གསོལ་བ་འདེབས་པ་ལ་ཁྱོད་ལ་ཇི་སྐད་བྱས། ཤཱ་རིའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ། འཁོར་དེ་ནས་དགེ་སློང་དང་

དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་ལྷག་པའི་ང་རྒྱལ་ཅན་ལྔ་སྟོང་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་འཁོར་དེ་ནས་དོང་ངོ་། །འདི་ལྟར་ལྷག་པའི་ང་རྒྱལ་གྱིས་དགེ་བའི་རྩ་བ་མ་ཐོབ་པར་ནི་ཐོབ་པར་འདུ་ཤེས། ཁོང་དུ་མ་

མ་ཆུད་པར་ནི་ཁོང་དུ་ཆུད་པར་འདུ་ཤེས་པ་དེ་དག་རང་གི་སྐྱོན་ཤེས་ཏེ། འཁོར་དེ་ནས་དོང་བ་ལ་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་གྱུར་པས་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ངའི་འཁོར་ཤིན་ཏེ་

เล่ม ๕๑ · หน้า 16b

མ་མེད་པར་གྱུར་ཏེ། ཤཱ་རིའི་བུ་སྙིང་པོ་མ་ཡིན་པ་མེད་པར་གྱུར་ལ་དད་པའི་སྙིང་པོ་ལ་གནས་ཏེ་ལྷག་པའི་ང་རྒྱལ་ཅན་དེ་དག་དོང་བ་ཡང་ལེགས་སོ། །ཤཱ་རིའི་བུ་དེ་ལྟ་བས་ན་དེའི་དོན་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ལྟར་

ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་བརྒྱ་ལ་རེས་འགའ་ཞིག་འདི་ལྟ་བུའི་ཆོས་བསྟན་པ་གསུང་ངོ་། །འདི་ལྟ་སྟེ་དཔེར་ན། ཨུ་དུམ་བཱ་རའི་ཚལ་ལ་མེ་ཏོག་ནི་བརྒྱ་ལ་རེས་འགའ་འབྱུང་ངོ་། །ཤཱ་རིའི་བུ་དེ་བཞིན་དུ་

དེ་བཞིན་གཤེགས་པ་ཡང་བརྒྱ་ལ་རེས་འགའ་ཞིག་ཆོས་བསྟན་པ་འདི་ལྟ་བུ་གསུང་ངོ་། །ཤཱ་རིའི་བུ་ང་ལ་ཡིད་ཆེས་པར་གྱིས་ཤིག་ང་ནི་བདེན་པར་སྨྲ་བའོ། །ང་ནི་ཡང་དག་པར་སྨྲ་བའོ། །ང་ནི་གཞན་མ་ཡིན་པར་སྨྲ་བའོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ལྡེམ་པོར་དགོངས་ཏེ་

བཤད་པའི་དོན་ཁོང་དུ་ཆུད་པར་དཀའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངས་ངེས་པའི་ཚིག་དང་བསྟན་པ་དང་བརྗོད་པ་དང་དཔེ་སྣ་ཚོགས་དང་ཐབས་ལ་མཁས་པ་རྣམ་པ་བརྒྱ་སྟོང་དག་གིས་ཆོས་རབ་ཏུ་བཤད་པ་ནི་བརྟག་ཏུ་མེད་ཅིང་རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཏེ། ཤཱ་རིའི་

བུ་ཆོས་དེ་ནི་དེ་བཞིན་གཤེགས་པས་མཁྱེན་པར་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བྱ་བ་གཅིག་དང་བྱེད་པ་གཅིག་དང་བྱ་བ་ཆེན་པོ་དང་བྱེད་པ་ཆེན་པོའི་ཕྱིར། །བྱ་བ་གང་དང་བྱེད་པ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

འཇིག་རྟེན་དུ་འབྱུང་བའི་ཕྱིར་རོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་བྱ་བ་གཅིག་པོ་དང་བྱེད་པ་གཅིག་པོ་དང་བྱ་བ་ཆེན་པོ་དང་བྱེད་པ་ཆེན་པོ་དང་བྱ་བ་གང་དང་བྱེད་པ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་

བ་གང་ཞེ་ན། དེ་ནི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཡང་དག་པར་འཛིན་དུ་གཟུད་པའི་རྒྱུའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་ངོ་། །སེམས་ཅན་རྣམས་ལ་དེ་བཞིན་གཤེགས་

เล่ม ๕๑ · หน้า 17a

པའི་ཡེ་ཤེས་མཐོང་བ་ཡང་དག་པར་བསྟན་པའི་རྒྱུའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་ངོ་། །སེམས་ཅན་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ལ་ཞུགས་པའི་རྒྱུའི་ཕྱིར།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་ངོ་། །སེམས་ཅན་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཁོང་དུ་ཆུད་པར་བྱ་བའི་རྒྱུའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་

རྟེན་དུ་འབྱུང་ངོ་། །སེམས་ཅན་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བའི་ལམ་དུ་གཟུད་པའི་རྒྱུའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་སྟེ། ཤཱ་རིའི་བུ་དེ་ནི་དེ་བཞིན་གཤེགས་པའི་བྱ་བ་གཅིག་པོ་དང་བྱེད་པ་

གཅིག་པོ་དང་བྱ་བ་ཆེན་པོ་དང་བྱེད་པ་ཆེན་པོ་དང་འཇིག་རྟེན་དུ་འབྱུང་བའི་དགོངས་པ་གཅིག་པའོ། །ཤཱ་རིའི་བུ་དེ་ལྟར་དེ་བཞིན་གཤེགས་པས་བྱ་བ་གཅིག་པོ་དང་བྱེད་པ་གཅིག་པོ་དང་བྱ་བ་ཆེན་པོ་དང་བྱེད་པ་ཆེན་པོ་དེ་དེ་བཞིན་གཤེགས་པས་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་

བུ་ང་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཡང་དག་པར་འཛིན་དུ་འཇུག་པའོ། །ཤཱ་རིའི་བུ་ང་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཡང་དག་པར་སྟོན་པའོ། །ཤཱ་རིའི་བུ་ང་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པར་བྱེད་པའོ། །ཤཱ་རིའི་བུ་ང་ནི་དེ་

བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཁོང་དུ་ཆུད་པར་བྱེད་པའོ། །ཤཱ་རིའི་བུ་ང་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བའི་ལམ་ལ་འཛུད་པའོ། །ཤཱ་རིའི་བུ་ང་ཡང་ཐེག་པ་གཅིག་ལས་བརྩམས་ཏེ་སེམས་ཅན་རྣམས་ལ་ཆོས་སྟོན་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཐེག་པ་

ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་སྟེ། ཐེག་པ་གཉིས་སམ་གསུམ་ཞེས་བྱ་བ་གང་ཡང་མེད་དོ། །ཤཱ་རིའི་བུ་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན་ཡང་ཆོས་ཉིད་ནི་འདིའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

เล่ม ๕๑ · หน้า 17b

རྫོགས་པའི་སངས་རྒྱས་གང་དག་འདས་པའི་དུས་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་རྣམས་སུ་བྱུང་སྟེ། སེམས་ཅན་མོས་པ་ཐ་དད་པ་དང་ཁམས་དང་བསམ་པ་ཐ་དད་པ་རྣམས་ཀྱི་བསམ་པ་མཁྱེན་ནས་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་

བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་སྣ་ཚོགས་མངོན་པར་བསྒྲུབ་པ་བསྟན་པ་དང་རྒྱུ་དང་གཞི་དང་དཔེ་དང་དམིགས་པ་དང་ངེས་པའི་ཚིག་དང་ཐབས་ལ་མཁས་པ་རྣམ་པ་སྣ་

ཚོགས་ཀྱིས་ཆོས་བསྟན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་། ཤཱ་རིའི་བུ་ཐེག་པ་གཅིག་ལས་བརྩམས་ནས་སེམས་ཅན་རྣམས་ལ་ཆོས་བསྟན་ཏེ་དེ་ཡང་འདི་ལྟར་སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་སྟེ། གང་འདི་སེམས་

ཅན་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ཡང་དག་པར་འཛིན་དུ་འཛུད་པ། དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་སྟོན་པ། དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ལ་འཇུག་པར་བྱེད་པ། དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ཁོང་དུ་

ཆུད་པར་བྱེད་པ། སེམས་ཅན་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ཀྱི་ལམ་དུ་འཇུག་པར་བྱེད་པའི་ཆོས་སྟོན་ཏེ། ཤཱ་རིའི་བུ་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལས་སེམས་ཅན་གང་དག་གིས་ཆོས་དེ་ཐོས་

པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །ཤཱ་རིའི་བུ་མ་འོངས་པའི་དུས་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་རྣམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་

འབྱུང་བ། སེམས་ཅན་མོས་པ་ཐ་དད་པ་དང་བསམ་པ་དང་ཁམས་ཐ་དད་པ་རྣམས་ཀྱི་བསམ་པ་མཁྱེན་ནས། སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་སྐྱེ་བོ་ཕལ་པོ་ཆེ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་སྣ་ཚོགས་

เล่ม ๕๑ · หน้า 18a

མངོན་པར་བསྒྲུབ་པ་བསྟན་པ་དང་རྒྱུ་དང་གཞི་དང་དཔེ་དང་དམིགས་པ་དང་ངེས་པའི་ཚིག་དང་ཐབས་མཁས་པ་རྣམ་པ་སྣ་ཚོགས་ཀྱིས་ཆོས་སྟོན་པར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་། ཤཱ་རིའི་བུ་ཐེག་པ་གཅིག་ལས་བརྩམས་ནས་

སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར་ཏེ། དེ་ཡང་འདི་ལྟར་སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་སྟེ། གང་འདི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ཡང་དག་པར་འཛིན་དུ་འཇུག་པ། དེ་བཞིན་གཤེགས་པའི་

ཡེ་ཤེས་མཐོང་བ་ཉིད་སྟོན་པ། དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ལ་འཇུག་པར་བྱེད་པ། དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ཁོང་དུ་ཆུད་པར་བྱེད་པ། སེམས་ཅན་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ཀྱི་ལམ་དུ་འཇུག་པར་བྱེད་པའི་

ཆོས་སྟོན་པར་འགྱུར་ཏེ། །ཤཱ་རིའི་བུ་མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལས་སེམས་ཅན་གང་དག་ཆོས་ཉན་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཤཱ་རིའི་བུ་

ད་ལྟར་བྱུང་བའི་དུས་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པ། སེམས་ཅན་མོས་པ་ཐ་དད་པ་དང་ཁམས་དང་བསམ་པ་ཐ་

དད་པ་རྣམས་ཀྱི་བསམ་པ་མཁྱེན་ནས། སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་སྐྱེ་བོ་ཕལ་པོ་ཆེ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་སྣ་ཚོགས་མངོན་པར་བསྒྲུབ་པ་བསྟན་པ་དང་རྒྱུ་དང་གཞི་དང་དཔེ་དང་དམིགས་

པ་དང་ངེས་པའི་ཚིག་དང་། ཐབས་མཁས་པ་རྣམ་པ་སྣ་ཚོགས་ཀྱིས་ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་། ཤཱ་རིའི་བུ་ཐེག་པ་གཅིག་ལས་བརྩམས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། དེ་ཡང་འདི་ལྟར་སངས་རྒྱས་ཀྱི་ཐེག་པ་

เล่ม ๕๑ · หน้า 18b

ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་སྟེ། གང་འདི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ཡང་དག་པར་འཛིན་དུ་འཇུག་པ། དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་སྟོན་པ། དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ལ་འཇུག་

པར་བྱེད་པ། དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ཁོང་དུ་ཆུད་པར་བྱེད་པ། སེམས་ཅན་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ཀྱི་ལམ་དུ་འཇུག་པར་བྱེད་པའི་ཆོས་སྟོན་ཏེ། ཤཱ་རིའི་བུ་ད་ལྟར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་དེ་དག་ལས། སེམས་ཅན་གང་དག་ཆོས་ཉན་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ང་ཡང་

སེམས་ཅན་མོས་པ་ཐ་དད་པ་དང་ཁམས་དང་བསམ་པ་ཐ་དད་པ་རྣམས་ཀྱི་བསམ་པ་མཁྱེན་ནས། སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་སྐྱེ་བོ་ཕལ་པོ་ཆེ་དང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར། སྣ་

ཚོགས་མངོན་པར་བསྒྲུབ་པ་བསྟན་པ་དང་རྒྱུ་དང་གཞི་དང་དཔེ་དང་དམིགས་པ་དང་ངེས་པའི་ཚིག་དང་ཐབས་མཁས་པ་རྣམ་པ་སྣ་ཚོགས་ཀྱིས་ཆོས་སྟོན་ཏོ། །ཤཱ་རིའི་བུ་ང་ཡང་ཐེག་པ་གཅིག་ལས་བརྩམས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། འདི་ལྟར་སངས་རྒྱས་ཀྱི་ཐེག་པ་

ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་སྟེ། གང་འདིའི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ཡང་དག་པར་འཛིན་དུ་འཇུག་པ། དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་སྟོན་པ། དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ལ་འཇུག་པར་

བྱེད་པ། དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ཁོང་དུ་ཆུད་པར་བྱེད་པ། སེམས་ཅན་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉིད་ཀྱི་ལམ་དུ་འཇུག་པར་བྱེད་པའི་ཆོས་སྟོན་ཏེ། ཤཱ་རིའི་བུ་སེམས་ཅན་གང་དག་ད་ལྟར་ང་ལ་འདི་ལྟར་ཆོས་ཉན་པ་དེ་དག་ཐམས་ཅད་

เล่ม ๕๑ · หน้า 19a

ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཤཱ་རིའི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། འདི་ལྟར་ཕྱོགས་བཅུའི་འཇིག་རྟེན་གང་ན་ཡང་ཐེག་པ་གཉིས་སུ་གདགས་པ་ཡང་མེད་ན་གསུམ་དུ་ལྟ་ག་ལ་ཡོད། འོན་ཀྱང་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་བསྐལ་པའི་སྙིགས་མ་ལས་བྱུང་ངམ་སེམས་ཅན་གྱི་སྙིགས་མའམ། ཉོན་མོངས་པའི་སྙིགས་མའམ། ལྟ་བའི་སྙིགས་མའམ། ཚེའི་སྙིགས་མ་ལས་བྱུང་ན། ཤཱ་རིའི་བུ་འདི་ལྟ་བུར་བསྐལ་པ་དང་

འཁྲུལ་པའི་སྙིགས་མ་དང་དྲི་མ་མང་པོ་དང་བརྐམ་པའི་སེམས་ཅན་དགེ་བའི་རྩ་བ་ཆུང་བ་དེའི་ཚེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཐབས་མཁས་པས་སངས་རྒྱས་ཀྱི་ཐེག་པ་གཅིག་པོ་དེ་ལས་ཐེག་པ་གསུམ་དུ་བཤད་དེ་

བསྟན་ཏོ། །ཤཱ་རིའི་བུ་དེ་ལྟར་གང་ཉན་ཐོས་སམ་དགྲ་བཅོམ་པའམ་རང་སངས་རྒྱས་རྣམས་དེ་བཞིན་གཤེགས་པའི་བྱ་བ་སངས་རྒྱས་ཀྱི་ཐེག་པ་ཡང་དག་པར་འཛིན་དུ་འཇུག་པ་ལ་མི་ཉན་མི་འཇུག་ཁོང་དུ་ཆུད་པར་མི་བྱེད་པ་དེ་དག་ནི། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་ཉན་ཐོས་

མ་ཡིན་པར་རིག་པར་བྱའོ། །དགྲ་བཅོམ་པ་ཡང་མ་ཡིན་རང་སངས་རྒྱས་ཀྱང་མ་ཡིན་པར་རིག་པར་བྱའོ། །ཤཱ་རིའི་བུ་ཡང་དགེ་སློང་ངམ་དགེ་སློང་མ་ལ་ལ་དགྲ་བཅོམ་པར་ཁས་འཆེ་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་ཡོངས་སུ་མི་འཛིན་ཏེ།

ང་ནི་སངས་རྒྱས་ཀྱི་ཐེག་པ་བཅད་པའོ་ཞེས་ཟེར་ཞིང་ངའི་ལུས་འདི་ཐ་མ་མྱ་ངན་ལས་འདའ་བའོ་ཞེས་ཟེར་བ་ནི། ཤཱ་རིའི་བུ་དེ་ལྷག་པའི་ང་རྒྱལ་ཅན་དུ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་དེ། དེ་བཞིན་གཤེགས་པ་མངོན་སུམ་དུ་

གྱུར་ཏེ། ཆོས་འདི་ཐོས་ནས་དད་པར་མི་འགྱུར་བའི་གོ་སྐབས་མེད་ཅིང་གནས་མ་ཡིན་ཏེ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ནི་མ་གཏོགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ། མདོ་སྡེ་

เล่ม ๕๑ · หน้า 19b

འདི་ལྟ་བུ་འདི་འཛིན་པ་འམ་འཆང་བའི་ཉན་ཐོས་མི་འབྱུང་སྟེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་ལས་ཆོས་འདི་ལ་ཐེ་ཚོམ་མེད་པར་འགྱུར་རོ། །ཤཱ་རིའི་བུ་ང་ལ་དད་པར་གྱིས་ཤིག་ཡིད་ཆེས་པར་གྱིས་ཤིག་རྟོགས་པར་གྱིས་

ཤིག་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རྣམས་ལ་བརྫུན་དུ་སྨྲ་བ་མེད་དེ། ཤཱ་རིའི་བུ་ཐེག་པ་འདི་ནི་གཅིག་ཏུ་ཟད་དེ་འདི་ལྟ་སྟེ་སངས་རྒྱས་ཀྱི་ཐེག་པའོ། །དེ་ནས་བཅོམ་ལྡན་འདས་དོན་དེ་ཉིད་རྒྱས་པར་སྟོན་ཅིང་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ང་རྒྱལ་ཅན་གྱི་

དགེ་སློང་དང་། །དགེ་སློང་མ་དང་དགེ་བསྙེན་དང་། །དགེ་བསྙེན་མ་རྣམས་མ་དད་པ། །ལྔ་སྟོང་ལས་ནི་མི་ཉུང་བ། །བསླབ་པ་ཞིག་རལ་ལྡན་པ་རྣམས། །ཉེས་པ་འདི་དག་མཐོང་གྱུར་ནས། །སྐྱོན་རྣམས་ཡོངས་སུ་སྦེད་པའི་ཕྱིར། །བྱིས་པའི་བློ་ཅན་དེ་དག་དོང་། །གང་གིས་

ཆོས་འདི་ཉན་པར་འགྱུར་བ་ཡི། །དེ་དག་ལ་ནི་དགེ་བ་དེ་མེད་དེ། །འཁོར་གྱི་སྙིགས་མ་ཉིད་དུ་མཁྱེན་ནས་སུ། །འཇིག་རྟེན་མགོན་པོ་ངས་ཀྱང་བསྩལ་བ་ཡིན། །ང་ཡི་འཁོར་ནི་ལེགས་པར་འཁོད། །ཤུན་པ་མེད་ཅིང་དག་པ་སྟེ། །སྙིང་པོ་མ་ཡིན་ཀུན་མེད་གྱུར། །འདི་དག་

སྙིང་པོ་རབ་ཏུ་གནས། །སྐྱེས་བུ་དམ་པ་སྐྱོབ་པ་སངས་རྒྱས་དག །ཐབས་ལ་མཁས་པ་བརྒྱ་ཕྲག་དུ་མ་ཡིས། །རྫོགས་པའི་སངས་རྒྱས་ཆོས་ནི་ཅི་གསུང་བ། །ཅི་འདྲ་ང་ལ་ཉོན་ཅིག་ཤཱ་རིའི་བུ། །དེ་དག་སྤྱོད་པ་བསམ་པ་ཅི་འདྲའང་མཁྱེན། །སྲོག་ཆགས་བྱེ་བ་མོས་པ་

ཐ་དད་པ། །དེ་དག་སྔན་ཆད་དགེ་བ་ཅི་བྱས་དང་། །ལས་རྣམས་སྣ་ཚོགས་དག་ནི་མཁྱེན་ནས་སུ། །ངེས་པའི་ཚིག་དང་གཞི་རྣམས་སྣ་ཚོགས་ཀྱིས། །སྲོག་ཆགས་དེ་དག་ཁོང་དུ་ཆུད་པར་བྱེད། །ངས་ནི་རྒྱུ་དང་དཔེ་ཡང་བརྒྱ་དག་གིས། །སེམས་ཅན་དེ་ལྟ་དེ་ལྟར་མགུ་བར་བྱས། །

མདོ་སྡེ་དེ་བཞིན་ཚིགས་སུ་བཅད་པའང་བཤད། །དེ་ལྟ་བྱུང་དང་སྐྱེས་རབས་རྨད་བྱུང་དང་། །གླེང་གཞི་དེ་བཞིན་གཏན་ལ་དབབ་པ་དང་། །དབྱངས་བསྙད་དཔེ་བརྒྱ་སྣ་ཚོགས་རྣམས་ཀྱིས་བཤད། །མི་མཁས་གང་དག་དམན་ལ་མངོན་དགའ་ཞིང་། །སངས་རྒྱས་བྱེ་བ་མང་

เล่ม ๕๑ · หน้า 20a

ལ་སྤྱོད་མ་སྤྱད། །འཁོར་བར་ཆགས་ཤིང་ཤིན་ཏུ་སྡུག་བསྔལ་བ། །དེ་ལ་མྱ་ངན་འདའ་བ་ཉེ་བར་བསྟན། །སངས་རྒྱས་ཡེ་ཤེས་རབ་ཏུ་རྟོགས་བྱའི་ཕྱིར། །ད་ལྟར་རང་བྱུང་བ་ནི་ཐབས་མཛད་དེ། །ཁྱེད་ཅག་སངས་རྒྱས་སུ་ཡང་འགྲུབ་བོ་ཞེས། །དེ་རྣམས་ལ་ནི་

རེ་ཤིག་མི་གསུང་ངོ་། །ཅིའི་ཕྱིར་ཞེ་ན་སྐྱོབ་པ་དུས་ལ་བཞེས། །དལ་བ་གཟིགས་ཏེ་དེ་ནས་གདོད་འཆད་དོ། །དལ་བ་དེ་ནི་བརྒྱ་ལ་དེང་ཐོབ་པས། །དེ་ཕྱིར་ཡང་དག་ངེས་པ་འདིར་བཤད་དོ། །ང་ཡི་བསྟན་པ་ཡན་ལག་དགུ་པོ་ཡང་། །སེམས་ཅན་དག་གི་མཐུ་དང་སྟོབས་ལས་

བཤད། །འདི་ལྟར་ཐབས་ཀྱིས་མཆོག་སྦྱིན་ཡེ་ཤེས་ལ། །རབ་ཏུ་གཟུད་པའི་ཕྱིར་ནི་ངས་བཤད་དོ། །གང་དག་རྟག་ཏུ་རྣམ་པར་དག་གྱུར་པ། །གསལ་གཙང་རབ་ཏུ་དེས་པ་སངས་རྒྱས་སྲས། །སངས་རྒྱས་བྱེ་བ་མང་ལ་ལྷག་བྱས་པ། །དེ་དག་ལ་ནི་རབ་རྒྱས་མདོ་རྣམས་

བཤད། །འདི་ལྟར་དེ་དག་བསམ་པ་རྫོགས་པ་དང་། །རྣམ་པར་དག་པའི་ཚུལ་དང་ལྡན་གྱུར་པ། །དེ་དག་ལ་ནི་མ་འོངས་དུས་ན་ཡང་། །ཕན་ཞིང་བརྩེ་བའི་སངས་རྒྱས་འགྱུར་ཞེས་གསུང་། །ཐོས་ནས་འགྲོ་མཆོག་སངས་རྒྱས་འགྱུར་སྙམ་སྟེ། །ཐམས་ཅད་ཤིན་ཏུ་དགའ་

བས་ཁྱབ་པར་འགྱུར། །དེ་དག་སྤྱོད་པ་རྣམས་ཀྱང་ངས་ཤེས་ནས། །ཤིན་ཏུ་རྒྱས་པའི་མདོ་སྡེ་རབ་ཏུ་བཤད། །འདི་ལྟར་འདྲེན་པའི་ཉན་ཐོས་དེ་དག་ལས། །གང་དག་ང་ཡིས་བསྟན་པ་འདི་ཐོས་པ། །ཚིགས་བཅད་གཅིག་ཙམ་ཐོས་སམ་བཟུང་ཡང་རུང་། །ཐམས་ཅད་

ཐེ་ཚོམ་མེད་པར་བྱང་ཆུབ་འགྱུར། །ཐེག་པ་ཐ་དད་པར་ནི་གང་སྟོན་པ། །སྐྱེས་མཆོག་རྣམས་ཀྱི་ཐབས་མཁས་མ་གཏོགས་པར། །ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །འཇིག་རྟེན་ན་ནི་ནམ་ཡང་གསུམ་དུ་མེད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་བསྟན་པའི་

ཕྱིར། །འཇིག་རྟེན་དུ་ཡང་འཇིག་རྟེན་མགོན་པོ་བྱུང་། །བྱ་བ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །སངས་རྒྱས་ཐེག་པ་དམན་པས་མི་འདྲེན་ཏོ། །རང་འབྱུང་བདག་ཉིད་ཅི་ལ་གནས་པ་དང་། །སངས་རྒྱས་ཇི་ལྟ་བུ་དང་ཅི་འདྲ་བ། །སྟོབས་དང་བསམ་གཏན་རྣམ་

เล่ม ๕๑ · หน้า 20b

ཐར་དབང་པོ་རྣམས། །དེ་དག་ཉིད་ལ་སེམས་ཅན་རབ་ཏུ་འཇོག །བྱང་ཆུབ་རྡུལ་མེད་དམ་པ་ཐོབ་ནས་སུ། །ཐེག་པ་དམན་ལ་སེམས་ཅན་གཅིག་བཀོད་ན། །འདི་ནི་ང་ཡི་ལེགས་པ་མ་ཡིན་ཏེ། །སེར་སྣའི་ཉེས་པའང་ང་ལ་ཡོད་པར་འགྱུར། །ང་ལ་སེར་སྣ་དག་ནི་ཅུང་ཟད་མེད། །

ང་ལ་ཕྲག་དོག་མེད་ཅིང་འདོད་ཆགས་མེད། །སྡིག་པའི་ཆོས་རྣམས་ཐམས་ཅད་ངས་བཤད་དེ། །དེ་ཕྱིར་འགྲོ་བ་རྟོགས་པས་ང་སངས་རྒྱས། །ཇི་ལྟར་མཚན་རྣམས་ཀྱིས་ནི་ང་བརྒྱན་ཏེ། །འཇིག་རྟེན་འདི་དག་ཐམས་ཅད་རབ་སྣང་བྱེད། །སྲོག་ཆགས་བརྒྱ་ཕྲག་དུ་མས་མདུན་

བལྟས་ཤིང་། །ཆོས་ཀྱི་རང་བཞིན་ཕྱག་རྒྱ་འདི་བཤད་དོ། །ང་ནི་འདི་སྙམ་སེམས་ཏེ་ཤཱ་རིའི་བུ། །སུམ་ཅུ་རྩ་གཉིས་མཚན་གྱི་གཟུགས་ལྡན་ཞིང་། །བདག་འོད་རང་བྱུང་འཇིག་རྟེན་རིག་པར་ཡང་། །དེ་ལྟར་ཅི་ནས་སེམས་ཅན་ཀུན་འགྱུར་སྙམ། །ཇི་ལྟར་མཐོང་ཞིང་ཇི་ལྟར་

བསམས་པ་དང་། །ང་ཡིས་སྔན་ཆད་ཇི་ལྟར་བརྣགས་པ་དེ། །ང་ཡི་སྨོན་ལམ་དེ་དག་ཡོངས་རྫོགས་ཏེ། །བྱང་ཆུབ་སངས་རྒྱས་ནས་ནི་མ་བསྟན་ཏོ། །སེམས་ཅན་རྣམས་ལ་བྱང་ཆུབ་འདུན་སྐྱེད་ཅེས། །ངས་ནི་དེ་སྐད་སྨྲས་ན་ཤཱ་རིའི་བུ། །མི་ཤེས་སེམས་ཅན་རྣམས་ནི་

འདིར་མྱོས་ཏེ། །ང་ཡི་ལེགས་བཤད་འཛིན་པར་གཞར་མི་འགྱུར། །དེ་དག་འདི་འདྲའི་ཚུལ་དུ་ངས་ཤེས་ཏེ། །ཚེ་རབས་སྔ་མར་སྤྱོད་པ་རྣམས་མ་སྤྱད། །འདོད་པའི་ཡོན་ཏན་རྣམས་ལ་ཆགས་ཤིང་ཞེན། །སྲེད་པས་བརྒྱལ་ཞིང་གཏི་མུག་མྱོས་པ་རྣམས། །དེ་དག་འདོད་

རྒྱུས་ངན་འགྲོར་རབ་ཏུ་ལྟུང་། །འགྲོ་བ་དྲུག་ཏུ་ཀུན་ཏུ་ཉོན་མོངས་ཏེ། །དུར་ཁྲོད་དེ་དག་ཕྱི་ཕྱིར་འཕེལ་བར་བྱེད། །བསོད་ནམས་ཆུང་བས་སྡུག་བསྔལ་ཀུན་གྱིས་གཟིར། །ལྟ་བའི་ཐིབས་པོར་རྟག་ཏུ་རྣམ་པར་ཆགས། །ཡོད་དང་མེད་དང་དེ་བཞིན་ཡོད་མེད་པ། །ལྟར་

གྱུར་དྲུག་ཅུ་གཉིས་ལ་བརྟེན་ནས་སུ། །དངོས་པོ་མེད་ལ་ཡོངས་སུ་འཛིན་ཅིང་གནས། །སྦྱང་བར་དཀའ་ཞིང་ལོག་བྱེད་ང་རྒྱལ་ཅན། །བྱིས་པ་ཐོས་ཉུང་ཡོན་པོ་གཡོ་བྱེད་རྣམས། །ཚེ་རབས་བྱེ་བ་ཕྲག་སྟོང་ནམ་དུ་ཡང་། །དེ་དག་སངས་རྒྱས་སྒྲ་འདི་མི་ཐོས་སོ། །ང་ཡི་

เล่ม ๕๑ · หน้า 21a

ཐབས་ཀྱིས་དེ་ལ་ཤཱ་རིའི་བུ། །སྡུག་བསྔལ་མཐར་ཕྱུང་ཤིག་ཅེས་དེ་སྐད་རྨས། །སེམས་ཅན་སྡུག་བསྔལ་གཟིར་བ་མཐོང་བས་ན། །དེ་དག་མྱ་ངན་འདས་པ་ཉེ་བར་བསྟན། །འདི་ལྟར་ངས་ནི་ཆོས་རྣམས་འདི་དག་ཀུན། །གདོད་ནས་རབ་ཞི་མྱ་ངན་རྟག་

འདས་བཤད། །སངས་རྒྱས་སྲས་དེ་སྤྱོད་པ་ཀུན་རྫོགས་ནས། །ཕྱི་མའི་དུས་ཀྱི་ཚེ་ལ་རྒྱལ་བར་འགྱུར། །ཐེག་པ་གསུམ་དུ་གང་རྣམས་བསྟན་པ་ནི། །ང་ཡི་ཐབས་མཁས་ཚུལ་ནི་དེ་འདྲ་སྟེ། །ཐེག་པ་གཅིག་སྟེ་དེ་བཞིན་ཚུལ་ཡང་གཅིག །དེ་ལྟར་འདྲེན་པ་རྣམས་ཀྱིས་བཤད་

པ་གཅིག །གང་འདིར་ལ་ལ་ཐེ་ཚོམ་ཡོད་པ་དག །ཐེ་ཚོམ་ཟ་དང་དེ་བཞིན་སོམ་ཉི་སྤོངས། །གཞན་དུ་མི་གསུང་འཇིག་རྟེན་འདྲེན་པ་རྣམས། །ཐེག་པ་འདི་ནི་གཅིག་སྟེ་གཉིས་སུ་མེད། །སྔོན་གྱི་དེ་བཞིན་གཤེགས་པ་གང་བྱུང་བ། །སངས་རྒྱས་སྟོང་ངམ་མྱ་ངན་ཡོངས་

འདས་ཤིང་། །འདས་པའི་དུས་ན་བསྐལ་པ་གྲངས་མེད་ལ། །གང་དག་ཚད་ནི་ནམ་ཡང་ཡོང་མེད་པ། །སྐྱེས་བུ་དམ་པ་དེ་དག་ཐམས་ཅད་ཀྱིས། །དཔེ་དང་གཞི་དང་རྒྱུ་དང་བཅས་པ་དང་། །ཐབས་ལ་མཁས་པ་བརྒྱ་ཕྲག་དུ་མ་ཡིས། །རྣམ་པར་དག་པའི་ཆོས་རྣམས་རབ་

བཤད་པ། །དེ་དག་ཐམས་ཅད་ཐེག་པ་གཅིག་སྟོན་ཅིང་། །སྲོག་ཆགས་སྟོང་ཕྲག་བྱེ་བ་བསམ་ཡས་རྣམས། །ཐེག་པ་གཅིག་པོ་ལ་ཡང་རབ་འཛུད་དེ། །ཐེག་པ་གཅིག་ལ་ཡོངས་སུ་སྨིན་པར་བྱེད། །མོས་དང་དེ་བཞིན་བསམ་པ་རྣམས་མཁྱེན་ནས། །དེ་བཞིན་གཤེགས་

པས་ལྷར་བཅས་འཇིག་རྟེན་དུ། །རྒྱལ་བའི་ཐབས་གཞན་རྣམ་པ་མང་པོ་དག །གང་གིས་ཆོས་མཆོག་འདི་ནི་རབ་བསྟན་པ། །སེམས་ཅན་གང་གིས་དེ་ལས་མངོན་སུམ་དེར། །ཆོས་ཉན་པ་དང་འོན་ཏེ་ཐོས་ལྡན་པ། །སྦྱིན་པ་སྦྱིན་ཞིང་ཚུལ་ཁྲིམས་སྤྱོད་པ་དང་། །བཟོད་

པས་སྤྱོད་པ་ཐམས་ཅད་བསྒྲུབས་པ་དང་། །བརྩོན་འགྲུས་བསམ་གཏན་ལྷག་པར་བྱས་པ་དང་། །ཤེས་རབ་ཀྱིས་ནི་ཆོས་འདི་རྣམ་བསམས་ཏེ། །རྣམ་པ་ཐ་དད་བསོད་ནམས་སུས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །མྱ་ངན་འདས་པའི་རྒྱལ་བ་དེ་དག་

เล่ม ๕๑ · หน้า 21b

གི། །བསྟན་པ་དེ་ལ་སེམས་ཅན་གང་ཞུགས་ཏེ། །དེ་ན་བཟོད་ཅིང་ཞི་ལ་དུལ་བ་ནི། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །རྒྱལ་བ་མྱ་ངན་འདས་པ་དེ་དག་གི། །རྒྱལ་བའི་རིང་བསྲེལ་དག་ལ་སུ་མཆོད་ཅིང་། །རིན་ཆེན་མཆོད་རྟེན་སྟོང་ཕྲག་དུ་མ་དག །གསེར་དང་

དངུལ་དང་འོན་ཏེ་ཤེལ་གྱི་འམ། །རྡོ་ཡི་སྙིང་པོའི་མཆོད་རྟེན་གང་གིས་བྱས། །བཻ་དཱུརྱ་མཆོག་དེ་བཞིན་ཨན་ད་རྙིལ། །ལ་ལས་མུ་ཏིག་ཀེ་ཀེ་རུ་ལས་བྱས། །དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང་། །གང་གིས་ཨ་ག་རུ་དང་

ཙན་དན་ནམ། །གང་གིས་ཐང་ཤིང་མཆོད་རྟེན་བྱས་པ་དང་། །ལ་ལས་ཤིང་མང་གཞན་ལས་བྱས་པ་དང་། །ས་དང་སོ་ཕག་ལས་ནི་བརྩིགས་པ་ཡི། །རྒྱལ་བའི་མཆོད་རྟེན་དགའ་ཞིང་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངམ་དགོན་པ་

དག་ཏུ་བྱས་པ་དང་། །བྱིས་པ་རྩེད་མོར་དེ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་གྱུར། །ལ་ལས་དེ་བཞིན་རིན་ཆེན་གཟུགས་བྱས་པ། །སུམ་ཅུ་རྩ་གཉིས་མཚན་དང་

ལྡན་པའི་གཟུགས། །གང་གིས་དེ་ཕྱིར་བྱས་པ་དེ་དག་ཀྱང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་གྱུར། །ལ་ལས་དེར་ནི་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་ཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་དག་ཐམས་ཅད་

བྱང་ཆུབ་ཐོབ་པར་གྱུར། །རོ་ཉེ་དང་ནི་ལྕགས་སམ་ས་ཡང་རུང་། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། །བལྟ་ན་སྡུག་པ་འཇིམ་པའི་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་གྱུར། །གང་གིས་རྩིག་ངོས་གཟུགས་ཀྱི་རི་མོ་དག །བསོད་

ནམས་བརྒྱ་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འདྲི་རུ་བཅུག་ཀྱང་རུང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་གྱུར། །སྐྱེས་བུ་དག་གམ་འོན་ཏེ་གཞོན་ནུའང་རུང་། །གང་དག་ལ་ལ་དེ་ནི་སློབ་པའི་ཚེ། །རྩེད་མོ་དགའ་དང་བསང་བར་བྱེད་པ་ན། །

เล่ม ๕๑ · หน้า 22a

རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་གྱུར་ཏེ། །དེ་དག་ཐམས་ཅད་སྙིང་རྗེ་ཅན་དུ་གྱུར། །ཐམས་ཅད་ཀྱང་ནི་སྲོག་ཆགས་བྱེ་བ་སྒྲོལ། །བྱང་ཆུབ་སེམས་དཔའ་མང་པོ་ཡང་དག་འཛུད། །དེ་བཞིན་གཤེགས་

པ་རྣམས་ཀྱི་རིང་བསྲེལ་དང་། །འཇིམ་པའི་གཟུགས་དང་མཆོད་རྟེན་དག་ལའང་རུང་། །རྩིག་ངོས་བྲིས་དང་རྡུལ་ཕུང་མཆོད་རྟེན་ལ། །དེ་ལ་མེ་ཏོག་དང་ནི་སྤོས་གསོལ་ཏེ། །དེར་ནི་གང་གིས་རབ་སྙན་ཅང་ཏེའུ་དང་། །དུང་དང་རྔ་ཆེན་རོལ་མོའི་སྒྲ་བྱེད་བཅུག །བྱང་ཆུབ་

མཆོག་རབ་མཆོད་པར་བྱ་བའི་ཕྱིར། །གང་དག་རྔ་རྣམས་རབ་ཏུ་རྡུང་བྱེད་ཅིང་། །པི་བང་དང་ནི་ཕེག་དང་ཁར་བའི་རྔ། །རྫ་རྔ་རྒྱུད་གཅིག་གླིང་བུ་ཡིད་འོང་དང་། །ཨེ་ཀོ་ན་དང་རབ་ཏུ་སྙན་འབྱིན་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །བདེ་བར་གཤེགས་

པ་རྣམས་ལ་མཆོད་པའི་ཕྱིར། །གང་དག་ལྕགས་ཀྱི་སིལ་ཁྲོལ་རྡུང་བཅུག་དང་། །ཆུ་ལ་བརྡབས་དང་ཐལ་མོ་བརྡབས་པ་དང་། །ཡིད་དུ་འོང་ཞིང་སྙན་པའི་གླུ་བླངས་དང་། །རིང་བསྲེལ་དེ་དག་རྣམ་མང་མཆོད་བྱས་པ། །དེ་དག་ཐམས་ཅད་འཇིག་རྟེན་སངས་རྒྱས་

འགྱུར། །བདེ་གཤེགས་རིང་བསྲེལ་ལ་ནི་ཅུང་ཟད་དང་། །སིལ་སྙན་གཅིག་བརྡུངས་པ་ཡི་སྒྲ་ཕྱུང་ངམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་གཟུགས་དག་རྩིག་ངོས་བྲིས་པ་ལ། །འཁྲུག་བཞིན་པ་ཡི་སེམས་ཀྱིས་མཆོད་ན་ཡང་། །དེ་དག་རིམ་གྱིས་

སངས་རྒྱས་བྱེ་བ་མཐོང་། །མཆོད་རྟེན་དག་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལན་ཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེངས་པའི་

སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཤེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །དེ་ཚེ་བདེ་བར་གཤེགས་པ་དེ་དག་ནི། །མྱ་ངན་འདས་སམ་ཡང་ན་བཞུགས་ཀྱང་རུང་། །སེམས་ཅན་གང་གིས་ཆོས་འདི་

เล่ม ๕๑ · หน้า 22b

མིང་ཐོས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཕྱིས་འབྱུང་སངས་རྒྱས་བྱེ་བ་མང་པོ་རྣམས། །དེ་དག་བསམ་གྱིས་མི་ཁྱབ་ཚད་ཀྱང་མེད། །འཇིག་རྟེན་མགོན་མཆོག་རྒྱལ་བ་དེ་དག་ཀྱང་། །ཐབས་འདི་རྣམས་ནི་རབ་ཏུ་སྟོན་པར་འགྱུར། །གང་གིས་སངས་

རྒྱས་ཡེ་ཤེས་ཟག་མེད་པ། །འདི་ལ་སྲོག་ཆགས་བྱེ་བ་འདུལ་མཛད་པ། །འཇིག་རྟེན་རྣམ་པར་འདྲེན་པ་དེ་དག་གི། །ཐབས་ལ་མཁས་པ་དག་ནི་མཐའ་ཡས་འགྱུར། །ཆོས་འདི་ཐོས་ནས་སངས་རྒྱས་མི་འགྱུར་བ། །སེམས་ཅན་དེ་དག་ནམ་ཡང་གཅིག་ཀྱང་མེད། །བྱང་

ཆུབ་ཕྱིར་སྤྱད་ནས་ནི་སྤྱོད་པར་གཞུག །དེ་ནི་དེ་བཞིན་གཤེགས་རྣམས་སྨོན་ལམ་མོ། །ཆོས་སྒོ་བྱེ་བ་སྟོང་ཕྲག་དུ་མ་དག །མ་འོངས་དུས་ན་རབ་ཏུ་སྟོན་འགྱུར་ཏེ། །ཐེག་པ་གཅིག་པོ་འདི་ནི་མངོན་སྟོན་ཅིང་། །དེ་བཞིན་གཤེགས་པ་ཉིད་དུ་ཆོས་སྟོན་འགྱུར། །ཆོས་ཀྱི་ཚུལ་

འདི་རྟག་ཏུ་གནས་པ་དང་། །ཆོས་ཀྱི་རང་བཞིན་རྟག་ཏུ་འོད་གསལ་བར། །རྐང་གཉིས་དམ་པ་སངས་རྒྱས་རྣམས་མཁྱེན་ནས། །ང་ཡི་ཐེག་པ་གཅིག་ཅེས་སྟོན་པར་འགྱུར། །ཆོས་ཀྱི་གནས་ཉིད་སྐྱོན་མེད་ཆོས་ཉིད་ནི། །འཇིག་རྟེན་འདི་ན་རྟག་ཏུ་མི་གཡོ་ནས། །ས་ཡི་སྙིང་

པོར་བྱང་ཆུབ་སངས་རྒྱས་ཏེ། །ཐབས་ལ་མཁས་པ་ཤིན་ཏུ་སྟོན་པར་འགྱུར། །ལྷ་མི་རྣམས་ཀྱིས་མཆོད་པའི་སངས་རྒྱས་རྣམས། །ཕྱོགས་བཅུ་བཞུགས་པ་གང་གཱའི་བྱེ་མ་སྙེད། །འདི་ན་སྲོག་ཆགས་ཐམས་ཅད་བདེ་བྱའི་ཕྱིར། །དེ་དག་རྣམས་ཀྱང་ཐེག་པ་མཆོག་འདི་

འཆད། །ཞི་བའི་ས་མཆོག་འདི་ནི་སངས་རྒྱས་ནས། །ཐབས་ལ་མཁས་པས་རབ་ཏུ་སྟོན་མཛད་ཅིང་། །ཐེག་པ་རྣམ་པ་ཐ་དད་མངོན་པར་འཆད། །ཐེག་པ་གཅིག་པོའང་ཡོངས་སུ་སྟོན་མཛད་དོ། །ལུས་ཅན་ཀུན་གྱི་སྤྱོད་པ་རིག་པ་དང་། །དེ་བཞིན་སྔན་ཆད་ཅི་བསྒོམས་

ཅི་བསམས་པ། །དེ་ཡི་མཐུ་དང་བརྩོན་འགྲུས་རྣམས་ཀྱང་རིག །ཤིན་ཏུ་དད་པ་མཁྱེན་ནས་རབ་ཏུ་སྟོན། །འདྲེན་པའི་ཡེ་ཤེས་སྟོབས་ཀྱིས་རྒྱུ་མང་དང་། །དཔེ་དང་གཞི་ཡང་མང་པོ་རབ་སྟོན་ཏེ། །སེམས་ཅན་མོས་པ་སྣ་ཚོགས་རིག་ནས་ནི། །སྣ་ཚོགས་མངོན་

เล่ม ๕๑ · หน้า 23a

པར་བསྒྲུབ་པ་ཉེ་བར་སྟོན། །ད་ལྟར་རྒྱལ་དབང་འདྲེན་པ་ང་ཡང་ནི། །སེམས་ཅན་རྣམས་ལ་བདེ་བྱའི་ཕྱིར་བྱུང་སྟེ། །སྣ་ཚོགས་བསྒྲུབ་པ་བྱེ་བ་ཕྲག་སྟོང་གིས། །སངས་རྒྱས་བྱང་ཆུབ་འདི་ནི་ཡང་དག་བསྟན། །སྲོག་ཆགས་རྣམས་ཀྱི་མོས་དང་བསམ་མཁྱེན་

ནས། །ཆོས་རྣམས་རྣམ་པ་མང་པོ་རབ་བཤད་དེ། རྣམ་པ་སྣ་ཚོགས་ཐབས་ཀྱིས་དགའ་བ་བསྐྱེད། །དེ་ནི་ང་ཡི་རང་རིག་ཡེ་ཤེས་སྟོབས། །ང་ཡིས་མཐོང་བ་སེམས་ཅན་དབུལ་པོ་རྣམས། །ཤེས་རབ་བསོད་ནམས་རྣམས་དང་བྲལ་གྱུར་ཅིང་། །འཁོར་བར་བྱིང་ལ་མྱ་ངན་ཞུགས་

པ་རྣམས། །སྡུག་བསྔལ་རྒྱུད་དུ་ཤིན་དུ་ནུབ་པ་སྟེ། །སྲེད་པས་ཆགས་པ་གཡག་གི་རྔ་མ་བཞིན། །འདོད་པས་འདི་དག་རྟག་ཏུ་ལྡོངས་པར་བྱས། །སངས་རྒྱས་མཐུ་ཆེན་རྣམས་ཀྱང་མི་ཚོལ་ཞིང་། །སྡུག་བསྔལ་མཐར་འགྲོ་བ་ཡི་ཆོས་མི་ཚོལ། །འགྲོ་བ་དྲུག་པོ་རྣམས་སུ་ཟིན་

པའི་སེམས། །ལོག་པར་མཐོང་བའི་ལྟ་ལ་མི་གཡོ་གནས། །སྡུག་བསྔལ་བ་ཡི་སྡུག་བསྔལ་རབ་མྱོང་བ། །དེ་ལ་ང་ཡི་སྙིང་རྗེ་སྟོབས་ལྡན་ཏེ། །བྱང་ཆུབ་སྙིང་པོར་དེར་ནི་ང་སེམས་ཤིང་། །བདུན་ཕྲག་གསུམ་དུ་ཚང་བར་རབ་གནས་ཏེ། །ང་ནི་འདི་འདྲའི་དོན་ལ་རབ་སེམས་ཤིང་། །

དེ་ན་སྡོང་པོ་དེ་ལ་བལྟས་པ་ནི། །ཤིང་མཆོག་དེ་ལ་མིག་མི་འཛུམས་པར་ལྟ། །དེ་ཡི་དྲུང་ན་ཕན་ཚུན་འཆག་ཅིང་གནས། །ཡེ་ཤེས་འདི་ནི་དམ་པ་ངོ་མཚར་ཏེ། །སེམས་ཅན་འདི་དག་མི་མཁས་གཏི་མུག་ལྡོངས། །དེ་ཚེ་ང་ལ་ཚངས་དང་བརྒྱ་བྱིན་དང་། །དབང་ཕྱུག་ཆེ་དང་

འཇིག་རྟེན་སྐྱོང་བཞི་དང་། །དེ་བཞིན་དབང་ཕྱུག་དག་ཀྱང་གསོལ་འདེབས་ཏེ། །ལྷ་རྣམས་བྱེ་བ་སྟོང་ཕྲག་མང་པོ་ཡང་། །ཐམས་ཅད་ཐལ་མོ་སྦྱར་ནས་གུས་པར་འཁོད། །དོན་རྣམས་ཇི་ལྟར་བྱ་བ་རབ་ཏུ་བསམས། །ང་ཡིས་བྱང་ཆུབ་ཡོན་ཏན་བསྔགས་ན་ནི། །སེམས་

ཅན་འདི་དག་སྡུག་བསྔལ་གཟིར་བ་སྟེ། །ང་ཡི་ཆོས་ལ་བྱིས་པའི་བློ་ཅན་སྐུར། །དེ་ལྟར་སྐུར་བས་ངན་སོང་གནས་སུ་འགྲོ། །ངས་ནི་ཡོད་མ་བཤད་ན་དགར་འགྱུར་གྱིས། །ང་དེང་ཞི་བར་མྱ་ངན་འདའ་སླ་སྙམ། །སྔོན་གྱི་སངས་རྒྱས་རྣམས་དང་དེ་དག་གི། །ཐབས་མཁས་

เล่ม ๕๑ · หน้า 23b

ཇི་ལྟ་བ་ཡང་རབ་དྲན་ཏེ། །ངས་ཀྱང་འདི་ལྟར་སངས་རྒྱས་བྱང་ཆུབ་འདི། །རྣམ་པ་གསུམ་དུ་འདིར་བྱེད་རབ་ཏུ་བཤད། །ང་ཡིས་དོན་དེ་དེ་ལྟར་བསམས་པ་ན། །ཕྱོགས་བཅུའི་སངས་རྒྱས་དེ་དག་གཞན་གྱིས་ཀྱང་། །དེ་དག་རང་གི་ལུས་ཀྱང་ང་བསྟན་ནས། །ལེགས་ཞེས་བྱ་

བའི་སྒྲ་ཡང་རབ་བསྒྲགས་ཏེ། །ཐུབ་པ་འཇིག་རྟེན་རྣམ་པར་འདྲེན་པའི་མཆོག །བླ་ན་མེད་པའི་ཡེ་ཤེས་འདི་རྟོགས་ནས། །ཐབས་ལ་མཁས་པ་རྣམ་པར་བསམས་པ་དང་། །འཇིག་རྟེན་འདྲེན་པ་རྣམས་ཀྱི་རྗེས་སློབ་ལེགས། །ངེད་ཀྱང་དམ་པའི་གནས་ནི་རྟོགས་པའི་ཚེ། །

རྣམ་པ་གསུམ་དུ་ཕྱེ་སྟེ་རབ་ཏུ་སྟོན། །མཁས་པ་མ་ཡིན་དད་པ་ཆུང་བའི་མི། །སངས་རྒྱས་རྣམས་ལ་དད་པར་མི་འགྱུར་ཏེ། །དེ་བས་ངེད་ཀྱིས་རྒྱུ་རྣམས་ཀུན་བསྡུས་པས། །ཐབས་ལ་མཁས་པ་རྣམས་ནི་རབ་སྤྱད་ཅིང་། །འབྲས་བུ་འདོད་པ་ཡོངས་སུ་བརྗོད་བྱས་ཏེ། །

བྱང་ཆུབ་སེམས་དཔའ་མང་པོ་ཡང་དག་བཙུད། །སྐྱེས་བུ་ཁྱུ་མཆོག་དག་གི་ཡིད་འོང་སྒྲ། །ཐོས་ནས་དེ་ཚེ་ང་ནི་དགའ་བར་གྱུར། །དགའ་བའི་སེམས་ཀྱིས་སྤྱོད་པ་དེ་དག་ལ། །དྲང་སྲོང་ཆེ་མཆོག་དོན་ཡོད་གསུང་བ་སྟེ། །མཁས་པ་འཇིག་རྟེན་འདྲེན་པས་གསུངས་པ་ལྟར། །

བདག་ཀྱང་དེ་བཞིན་སྤྱད་པར་བགྱི་ཞེས་སྨྲས། །ང་ནི་འཁྲུག་དང་མི་བཟད་འདི་ཡི་ཚེ། །སེམས་ཅན་སྙིགས་མར་གྱུར་པའི་ནང་དུ་སྐྱེས། །དེ་ལྟར་ངས་རིག་ནས་ནི་ཤཱ་རིའི་བུ། །དེ་ཡི་ཚེ་ན་བཱ་རཱ་ཎ་སཱིར་སོང་། །དེ་ན་དགེ་སློང་ལྔ་པོ་དག་ལ་ཡང་། །རབ་ཞི་ས་ཡི་ཆོས་ནི་ཐབས་

ཀྱིས་བཤད། །དེ་ནས་ང་ཡིས་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་འདའ་བའི་སྒྲ་ཡང་འཇིག་རྟེན་བྱུང་། །དགྲ་བཅོམ་སྒྲ་དང་དེ་བཞིན་ཆོས་ཀྱི་སྒྲ། །དགེ་འདུན་སྒྲ་ཡང་དེ་ཚེ་བྱུང་བར་གྱུར། །ལོ་གྲངས་མི་ཉུང་བར་ནི་རབ་བཤད་དོ། །མྱ་ངན་འདའ་བའི་ས་ཡང་མངོན་

པར་བསྟན། །འཁོར་བ་སྡུག་བསྔལ་མཐའ་ནི་འདི་ཡིན་ཞེས། །དེ་བཞིན་རྟག་པར་དུས་སུ་ངས་སྨྲས་སོ། །ངས་ནི་དེ་ཡི་ཚེ་ན་ཤཱ་རིའི་བུ། །གང་གཉིས་དམ་པའི་སྲས་རྣམས་མཐོང་བ་ནི། །གང་དག་བྱང་ཆུབ་དམ་པ་མཆོག་ཞུགས་པ། །བྱེ་བ་ཁྲག་ཁྲིག་སྟོང་ཕྲག་མཐའ་ཡས་

เล่ม ๕๑ · หน้า 24a

པ། །ང་ཡི་དྲུང་དུ་དེ་དག་ཉེར་ལྷགས་ནས། །ཐལ་མོ་སྦྱར་ཏེ་ཐམས་ཅད་གུས་པར་འཁོད། །གང་དག་ཐབས་ལ་མཁས་པ་རྣམས་མང་པོ། །རྒྱལ་བ་དག་ལ་ཆོས་ཐོས་དེ་དག་མཐོང་། །དེ་ནས་སྐད་ཅིག་དེ་ལ་འདི་སྙམ་དུ། །ང་ཡིས་ཆོས་མཆོག་བཤད་པའི་

དུས་ལ་བབ། །གང་ཕྱིར་ང་ནི་འཇིག་རྟེན་འདིར་སྐྱེས་པ། །བྱང་ཆུབ་མཆོག་རབ་དེ་ནི་འདིར་བསྟན་ཏོ། །མཚན་མར་འདུ་ཤེས་བྱིས་པའི་བློ་དང་ལྡན། །མི་མཁས་ལྷག་པའི་ང་རྒྱལ་ལྡན་པ་རྣམས། །དེ་རིང་འདི་ལ་དད་པར་དཀའ་འགྱུར་གྱི། །བྱང་ཆུབ་སེམས་དཔའ་འདི་དག་

ཉན་སྙམ་སྟེ། །དེ་ཚེ་ང་ནི་འཇིགས་མེད་རབ་ཏུ་དགའ། །ཡང་དག་ནང་འཇོག་ཐམས་ཅད་རྣམ་སྤངས་ནས། །བདེ་བར་གཤེགས་པའི་སྲས་ཀྱི་དབུས་སུ་བཤད། །དེ་དག་བྱང་ཆུབ་ལ་ནི་ཡང་དག་བཙུད། །འདི་འདྲའི་སངས་རྒྱས་སྲས་རྣམས་མཐོང་ནས་ནི། །ཁྱོད་ཀྱང་

སོམ་ཉི་རྣམ་པར་སྤང་བར་འགྱུར། །གང་དག་ཟག་ཟད་བརྒྱ་ཕྲག་བཅུ་གཉིས་པོ། །འདི་དག་ཐམས་ཅད་འཇིག་རྟེན་སངས་རྒྱས་འགྱུར། །སྔ་མའི་སྐྱོབ་པ་དེ་དག་ཅི་འདྲ་དང་། །མ་འོངས་རྒྱལ་བའི་ཆོས་ཉིད་ཇི་ལྟ་བར། །ངས་ཀྱང་དེ་ལ་རྣམ་པར་རྟོག་སྤངས་ཏེ། །དེ་བཞིན་དུ་ནི་

ཁྱོད་ལ་ངས་དེང་བཤད། །རེས་འགའ་གང་དུ་ཅི་ཡིས་འཇིག་རྟེན་དུ། །སྐྱེས་བུ་ཁྱུ་མཆོག་དག་ནི་འབྱུང་བར་འགྱུར། །མཐའ་ཡས་མིག་ཅན་འཇིག་རྟེན་བྱུང་ན་ཡང་། །རེས་འགའ་འདི་འདྲ་བ་ཡི་ཆོས་འཆད་དེ། །བསྐལ་པ་བྱེ་བ་ཁྲག་ཁྲིག་སྙེད་དུ་ཡང་། །འདི་འདྲའི་ཆོས་

མཆོག་རབ་ཏུ་རྙེད་པར་དཀའ། །གང་དག་ཆོས་མཆོག་ཐོས་ནས་དད་འགྱུར་བ། །དེ་འདྲའི་སེམས་ཅན་ཤིན་ཏུ་རྙེད་པར་དཀའ། །ཨུ་དུམ་བཱ་རའི་མེ་ཏོག་རྙེད་དཀའ་བཞིན། །རེས་འགའ་གང་ཞིག་ཅི་ཡིས་སྣང་གྱུར་ན། །གཟུགས་དེ་འགྲོ་བའི་ཡིད་དུ་འོང་བ་སྟེ། །ལྷར་

བཅས་འཇིག་རྟེན་རྣམས་ལ་ངོ་མཚར་འགྱུར། །དེ་བས་ལེགས་བཤད་ཆོས་འདི་སུས་ཐོས་ནས། །རྗེས་སུ་ཡི་རང་ཚིག་གཅིག་བརྗོད་ན་ཡང་། །ཤིན་ཏུ་ངོ་མཚར་ཆེ་བར་འདིར་བསྟན་ཏེ། །དེས་ནི་སངས་རྒྱས་ཐམས་ཅད་མཆོད་པར་འགྱུར། །འདི་ལ་ཐེ་ཚོམ་སོམ་

เล่ม ๕๑ · หน้า 24b

ཉི་རྣམ་པར་སྤོངས། །ཆོས་ཀྱི་རྒྱལ་པོ་ངས་ནི་ཀུན་བསྟན་ཏེ། །བྱང་ཆུབ་དམ་པ་འདི་ལ་ཡང་དག་གཟུད། །འདི་ན་ང་ལ་ཉན་ཐོས་གང་ཡང་མེད། །ཤཱ་རིའི་བུ་ཁྱོད་འདི་ནི་གསང་ཆེན་གྱིས། །ང་ཡི་ཉན་ཐོས་གང་འདི་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་གཙོ་བོ་

འདི་དག་གིས། །ང་ཡི་གསང་ཆེན་འདི་ནི་ཐུབ་པར་གྱིས། །ཅི་ཕྱིར་ཞེ་ན་སྙིགས་མ་ལྔ་ཡི་ཚེ། །སེམས་ཅན་ངན་པ་གཏུམ་པོ་འབྱུང་བས་ན། །བྱིས་པའི་བློ་ཅན་འདོད་པས་ལྡོངས་གྱུར་པ། །དེ་དག་རྣམས་ཀྱང་བྱང་ཆུབ་སེམས་མི་སྐྱེ། །ཐེག་པ་གཅིག་པོ་འདི་ནི་རྒྱལ་བ་དེས། །སྔོན་རབས་

བཤད་པ་ཡིན་ཞེས་ཐོས་ནས་སུ། །མ་འོངས་དུས་ན་སེམས་ཅན་མྱོས་གྱུར་ཏེ། །མདོ་སྡེ་སྤངས་པས་སེམས་ཅན་དམྱལ་བར་འགྲོ། །སེམས་ཅན་གང་དག་འཛེམ་ཞིང་གཙང་བ་དང་། །གང་དག་བྱང་ཆུབ་དམ་པ་མཆོག་ཞུགས་པ། །དེ་དག་ལ་ནི་འཇིགས་པ་མེད་གྱིས་ལ། །ཐེག་པ་གཅིག་

གི་བསྔགས་པ་མཐའ་ཡས་ཤོད། །འདྲེན་པ་རྣམས་ཀྱིས་བཤད་པ་དེ་ལྟ་བུ། །ཐབས་ལ་མཁས་པ་དམ་པ་མཆོག་འདི་ནི། །ལྡེམ་པོ་ངག་རྣམས་རབ་ཏུ་མང་པོར་བཤད། །འདི་ནི་མ་བསླབས་རྣམས་ཀྱིས་རིག་པར་དཀའ། །དེ་བས་འཇིག་རྟེན་སློབ་དཔོན་སངས་རྒྱས་ཀྱི། །སྐྱོབ་པའི་ལྡེམ་

པོ་གང་ནི་ཤེས་རབ་ཀྱིས། །ཐེ་ཚོམ་ཆོད་ལ་སོམ་ཉི་རྣམ་སྤོངས་ཏེ། །སངས་རྒྱས་འགྱུར་གྱིས་དགའ་བ་རབ་ཏུ་སྐྱེད། །དམ་པའི་ཆོས་པད་མ་དཀར་པོ་ལས་ཐབས་ལ་མཁས་པའི་ལེའུ་ཞེས་བྱ་སྟེ་གཉིས་པའོ།། །།བམ་པོ་གསུམ་པ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དེའི་ཚེ་

ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་བཅོམ་ལྡན་འདས་ཁོ་ན་ལ་རབ་ཏུ་ལྟ་ཞིང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་

བུའི་གསུང་འདི་བཅོམ་ལྡན་འདས་ལས་ཐོས་ནས། །བདག་ངོ་མཚར་དང་རྨད་དུ་གྱུར་ཏེ་དགའ་བ་ཐོབ་བོ། །དེ་ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་མཐོང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་འོངས་པའི་དུས་ཀྱི་སངས་རྒྱས་ཀྱི་མཚན་ཡང་ཐོས་ཏེ། འདི་

เล่ม ๕๑ · หน้า 25a

ལྟ་བུའི་ཆོས་ནི་བཅོམ་ལྡན་འདས་ལས་བདག་གིས་མ་ཐོས་ལ། བདག་དེ་བཞིན་གཤེགས་པའི་ཡེ་ཤེས་གཟིགས་པ་འདི་ལྟ་བུ་ལས་ཉམས་སོ་སྙམ་ནས་ཤིན་ཏུ་མྱ་ངན་དུ་གྱུར། ཤིན་ཏུ་ཡོངས་སུ་གདུང་བར་གྱུར་པའི་སླད་དུའོ། །བཅོམ་ལྡན་འདས་བདག་རི་དང་རི་སུལ་

དང་ནགས་ཁྲོད་དང་ཀུན་དགའ་ར་བ་དང་། ཆུ་འགྲམ་དང་ཤིང་དྲུང་དབེན་པར་གདུགས་ལ་གནས་པའི་སླད་དུ་རྟག་པར་ནམ་མཆི་བ་དེའི་ཚེ་ཡང་བཅོམ་ལྡན་འདས་འདི་ལྟར་ཆོས་ཀྱི་དབྱིངས་ལ་འཇུག་པར་མཚུངས་ན། བཅོམ་ལྡན་འདས་ཀྱིས་བདག་ཅག་ཐེག་པ་དམན་པ་བས་ངེས་པར་བཏོན་

པ་སྙམ་དུ་གནས་པ་དེ་ལྟ་བུའི་མང་དུ་གནས་ཏེ། བཅོམ་ལྡན་འདས་དེ་ཡང་བདག་ཅག་གིས་ནོངས་ཀྱིས། བཅོམ་ལྡན་འདས་ཀྱིས་མ་ནོངས་སོ་ཞེས་དེའི་ཚེ་བདག་དེ་སྙམ་དུ་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་འདི་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ལས་བརྩམས་ཏེ། ཡང་དག་ཕུལ་གྱི་ཆོས་བསྟན་པ་གསུང་བ་བདག་ཅག་གིས་བསྙད་ན་ནི། བཅོམ་ལྡན་འདས་བདག་ཅག་ཀྱང་ཆོས་འདི་ཉིད་ལ་ངེས་པར་འབྱུང་བར་འགྱུར་བ་ཞིག་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་མ་ཚོགས་པར། བཅོམ་ལྡན་འདས་ཀྱིས་ལྡེམ་པོར་

དགོངས་ཏེ་བཤད་པ་དེ་བདག་ཅག་གིས་མ་རྟོགས་ཏེ། རིངས་ཐབས་སུ་དེ་བཞིན་གཤེགས་པས་ཆོས་བསྟན་པ་ཐོག་མར་གསུངས་པ་ཉིད་ཐོས་ནས་གཟུང་ཞིང་བསྒོམས་ཏེ་བསམས་ཤིང་ཡིད་ལ་བཟུང་བས། བཅོམ་ལྡན་འདས་བདག་ཉིད་ལ་བདག་གིས་དེ་ལྟར་འགྱོད་པས་མང་དུ་གདུགས་

མཚན་བས་པར་འགྱུར་རོ། །བཅོམ་ལྡན་འདས་རྨད་དུ་བྱུང་བའི་ཆོས་ཀྱི་སྒྲ་སྔོན་མ་ཐོས་པ་འདི་ལྟ་བུ་བཅོམ་ལྡན་འདས་ལས་ཐོས་པས། བཅོམ་ལྡན་འདས་དེང་བདག་མྱ་ངན་ལས་འདས་པ་ཐོབ་སྟེ། བཅོམ་ལྡན་འདས་དེང་བདག་བསིལ་བར་གྱུར་ཏོ། །བཅོམ་ལྡན་འདས་དེང་བདག་

ཡོངས་སུ་མྱ་ངན་ལས་འདས་སོ། །བཅོམ་ལྡན་འདས་དེང་བདག་གིས་དགྲ་བཅོམ་པ་ཐོབ་བོ། །བཅོམ་ལྡན་འདས་དེང་བདག་བཅོམ་ལྡན་འདས་ཀྱི་སྲས་ཐུ་བོ། །ཐུགས་ཀྱི་སྲས་ཞལ་ནས་སྐྱེས་པ་ཆོས་ལས་སྐྱེས་པ། ཆོས་ཀྱི་སྤྲུལ་པ། ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ་ཆོས་ཀྱིས་གྲུབ་པ་

เล่ม ๕๑ · หน้า 25b

སྟེ། དེང་བདག་ཡོངས་སུ་གདུང་བ་དང་བྲལ་ལོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སྒྲ་འདི་ཐོས་ནས་ཚིམ་པ་རབ་སྐྱེས་ཏེ། །རྣམ་འདྲེན་ཆེན་པོ་བདག་ནི་ངོ་མཚར་གྱུར། །བདག་ལ་ཐེ་ཚོམ་ནམ་ཡང་ཕྱིས་མི་འབྱུང་། །ཐེག་པ་མཆོག་

འདིར་བདག་ནི་ཡོངས་སྨིན་བགྱིས། །བདེ་བར་གཤེགས་པའི་གསུང་དེ་ངོ་མཚར་ཏེ། །སྲོག་ཆགས་རྣམས་ཀྱི་ཐེ་ཚོམ་མྱ་ངན་བསལ། །ཟག་པ་ཟད་པ་བདག་གི་མྱ་ངན་ཀྱང་། །གསུང་ཐོས་པས་ནི་ཐམས་ཅད་བསལ་བར་གྱུར། །གདུགས་ལ་གནས་ཤིང་ཕན་ཚུན་མཆི་བ་དང་། །ནགས་ཚལ་ཁྲོད་དང་

ཀུན་དགའ་ཤིང་དྲུང་དང་། །རི་དང་རི་སུལ་གནས་པར་འགྱུར་བའི་ཚེ། །བསམ་པ་འདི་དག་ཉིད་ནི་རྗེས་སུ་སེམས། །ཟག་པ་མེད་པའི་ཆོས་སུ་མཚུངས་པ་ལ། །འདི་ལྟར་ཁམས་གསུམ་པ་ཡི་ཆོས་ཀྱི་མཆོག །མ་འོངས་དུས་ན་སྟོན་པར་མི་འགྱུར་བ། །ཀྱེ་མ་བདག་ནི་སྡིག་པའི་སེམས་ཀྱིས་

བསླུས། །མཚུངས་པའི་ཆོས་རྣམས་ལ་ནི་བདག་རྨོངས་པས། །བདག་ནི་སུམ་ཅུ་རྩ་གཉིས་མཚན་ལས་ཉམས། །གསེར་གྱི་ཁ་དོག་མདོག་ཀྱང་རབ་ཏུ་སྟོན། །སྟོབས་དང་རྣམ་ཐར་འདི་དག་ཀུན་ལས་ཉམས། །ཐུབ་པ་ཆེན་པོ་དཔེ་བྱད་བཟང་པོ་གང་། །མཆོག་རབ་དམ་པ་བརྒྱད་ཅུ་ཚང་བ་

དང་། །གང་ཡང་མ་འདྲེས་པ་ཡི་བཅྭ་བརྒྱད་ཆོས། །དེ་ལས་ཀྱེ་མ་བདག་ཅག་ཉམས་ཤིང་བསླུས། །འཇིག་རྟེན་ཕན་པ་ཐུགས་བརྩེ་ཁྱོད་མཐོང་ནས། །གདུགས་ལ་མཆིས་ནས་གཅིག་པུ་གནས་པའི་ཚེ། །མ་ཆགས་ཡེ་ཤེས་བསམ་གྱིས་མི་ཁྱབ་ལས། །ཀྱེ་མ་བདག་ནི་བསླུས་ཞེས་རྣམ་པར་

སེམས། དེ་ལྟར་མང་དུ་རྣམ་པར་སེམས་པ་ཡིས། །མགོན་པོ་གདུགས་དང་མཚན་ཡང་བས་པར་གྱུར། །འདི་ལས་བདག་ནི་ཉམས་སམ་མ་ཉམས་ཞེས། །བཅོམ་ལྡན་འདས་ལ་རེ་ཤིག་ཞུ་སྙམ་བགྱིད། །བྱང་ཆུབ་སེམས་དཔའ་མང་པོ་གཞན་དག་ལ། །འཇིག་རྟེན་འདྲེན་པས་བསྟོད་

པ་མཐོང་ནས་སུ། །རྒྱལ་བ་དབང་པོ་བདག་ནི་དེ་སེམས་ཤིང་། །གདུགས་དང་མཚན་མོ་རྟག་དུ་དེ་བཞིན་པས། །ཡེ་ཤེས་བརྟག་མེད་ཕྲ་ཞིང་ཟག་མེད་པ། །རྒྱལ་བས་བྱང་ཆུབ་སྙིང་པོར་གསུངས་པས་ན། །འདི་ནི་ལྡེམ་པོར་དགོངས་ཏེ་གསུངས་པ་ཞེས། །སངས་རྒྱས་ཆོས་འདི་ཐོས་ནས་བདག་

เล่ม ๕๑ · หน้า 26a

བཟོད་དོ། །སྔོན་ཆད་བདག་ནི་ལྟ་ལ་ཆགས་གྱུར་པ། །མུ་སྟེགས་ཅན་གྱིས་བཀུར་བའི་ཀུན་ཏུ་རྒྱུ། །དེ་ནས་མགོན་པོས་བདག་གི་བསམ་མཁྱེན་ནས། །ལྟ་བ་དགྲོལ་ཕྱིར་མྱ་ངན་འདའ་བ་གསུངས། །ལྟ་བར་གྱུར་པ་དེ་དག་ཀུན་ལས་བཀྲོལ། །བདག་གིས་སྟོང་པ་ཉིད་ཀྱི་ཆོས་ཐོབ་སྟེ། །

དེ་ཕྱིར་བདག་ནི་མྱ་ངན་འདས་སྙམ་བགྱིད། །མྱ་ངན་འདས་ཞེས་བགྱི་བ་དེ་མ་ལགས། །གང་ཚེ་སངས་རྒྱས་སེམས་ཅན་གཙོར་གྱུར་ཏེ། །ལྷ་མི་གནོད་སྦྱིན་སྲིན་པོས་མདུན་དུ་བདར། །སུམ་ཅུ་རྩ་གཉིས་མཚན་གྱི་གཟུགས་ལྡན་པ། །དེ་ཚེ་མ་ལུས་མྱ་ངན་འདས་པ་ལགས། །ལྷར་བཅས་འཇིག་རྟེན་

རྣམས་ཀྱི་མདུན་དུ་ཡང་། །གང་ཚེ་བདག་ནི་བྱང་ཆུབ་མཆོག་ལུང་བསྟན། །གསུང་ཐོས་བདག་ནི་དེ་རིང་མྱ་ངན་འདས། །འདི་ལྟར་རློམ་སེམས་ཀུན་ཀྱང་རྣམ་པར་བསལ། །ཐོག་མ་རྣམ་པར་འདྲེན་གྱི་གསུང་ཐོས་ནས། །ས་འདིར་སངས་རྒྱས་ཆ་བྱད་མངོན་སྤྲུལ་ནས། །འདི་བདུད་ཀྱལ་ཀ་བྱེད་པ་མ་ཡིན་

གྲང་། །དེ་ལྟར་བདག་ནི་བག་ཚའི་སྟོབས་སྐྱེས་སོ། །གང་གི་ཚེ་ན་རྒྱུ་དང་གཞི་རྣམས་དང་། །དཔེ་རྣམས་བྱེ་བ་ཁྲག་ཁྲིག་རྣམས་ཀྱིས་ཀྱང་། །སངས་རྒྱས་བྱང་ཆུབ་མཆོག་དེ་གནས་པར་བསྟན། །དེ་ནས་བདག་ནི་ཆོས་ཐོས་ཐེ་ཚོམ་བྲལ། །གང་ཚེ་བདག་ལ་སངས་རྒྱས་བྱེ་བ་སྟོང་། །མྱ་ངན་ཡོངས་འདས་

རྒྱལ་བ་འདས་པས་བརྗོད། །ཐབས་མཁས་པ་ལ་རབ་ཏུ་གནས་ནས་ནི། །དེ་དག་གིས་ཀྱང་ཆོས་འདི་ཤིན་ཏུ་བཤད། །མ་བྱོན་སངས་རྒྱས་མང་དང་འཇིག་རྟེན་ན། །དོན་དམ་གཟིགས་པ་གང་དག་བཞུགས་པ་རྣམས། །ཐབས་ལ་མཁས་པ་བརྒྱ་ཡིས་རང་གི་ཆོས། །ཤིན་ཏུ་སྟོན་པར་འགྱུར་

ཞིང་དེ་ལྟར་འཆད། །དེ་ལྟར་ཁྱོད་ཉིད་སྤྱོད་པ་ཅི་འདྲ་བར། །ཁབ་ནས་བྱུང་བ་ཚུན་ཆད་རབ་བསྟན་ཅིང་། །ཆོས་ཀྱི་འཁོར་ལོ་ཅི་འདྲ་ཁྱོད་ཀྱིས་མཁྱེན། །ཇི་ལྟར་ཁྱོད་ཀྱིས་ཆོས་བཤད་གནས་པ་ལས། །དེ་བས་འདི་ནི་བདུད་མ་ལགས་པར་འཚལ། །འཇིག་རྟེན་མགོན་པོ་ཡང་དག་སྤྱོད་སྟོན་

པ། །འདི་ལ་བདུད་ཀྱི་སྤྱོད་ཡུལ་མ་མཆིས་ན། །བདག་ཉིད་དེ་ལྟར་སེམས་ལ་ཐེ་ཚོམ་སྐྱེས། །གང་ཚེ་འཇམ་ཞིང་ཟབ་མོ་སྙན་པ་ཡི། །སངས་རྒྱས་གསུང་གིས་བདག་གི་དགའ་བ་བསྐྱེད། །དེ་ན་བདག་གི་དོགས་པ་ཀུན་བསལ་གྱུར། །བདག་ནི་ཐེ་ཚོམ་བྲལ་ཏེ་ཡེ་ཤེས་གནས། །ལྷར་

เล่ม ๕๑ · หน้า 26b

བཅས་འཇིག་རྟེན་དག་གིས་མདུན་བདར་ཏེ། །དེ་བཞིན་གཤེགས་པར་བདག་འགྱུར་ཐེ་ཚོམ་བྲལ། །བྱང་ཆུབ་སེམས་དཔའ་མང་པོ་ཀུན་འཛུད་ཅིང་། །སངས་རྒྱས་བྱང་ཆུབ་འདི་ཡང་དགོངས་པར་བཤད། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་

སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ལྷ་དང་བཅས་པའི་འཇིག་རྟེན་འདི་དག་གི་བདུད་དང་བདུད་དུ་བཅས་ཚངས་པར་བཅས་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་མདུན་དུ་ཁྱོད་མོས་པར་བྱའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །ཤཱ་རིའི་བུ་ངས་ཁྱོད་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་

ཕྲག་ཉི་ཤུའི་དྲུང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱ་སྟེ། །ཤཱ་རིའི་བུ་ཁྱོད་ཡུན་རིང་པོ་ནས་ང་ཡི་རྗེས་སུ་སློབ་པར་གྱུར་པ་ཡིན་ཏེ། ཤཱ་རིའི་བུ་ཁྱོད་བྱང་ཆུབ་སེམས་དཔའི་མན་ངག་དང་། བྱང་ཆུབ་སེམས་དཔའི་གསང་ཆེན་གྱིས། ངའི་གསུང་

རབ་འདི་ལ་སྐྱེས་པར་གྱུར་ཏོ། །ཤཱ་རིའི་བུ་འདི་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱིས་སྔོན་གྱི་སྤྱོད་པ་དང་སྨོན་ལམ་དང་བྱང་ཆུབ་སེམས་དཔའི་མན་ངག་དང་བྱང་ཆུབ་སེམས་དཔའི་གསང་ཆེན་མི་དྲན་ནས། བདག་མྱ་ངན་ལས་འདས་སོ་སྙམ་དུ་སེམས་ཏེ། ཤཱ་རིའི་བུ་ངས་ཁྱོད་སྔོན་གྱི་སྤྱོད་པ་དང་

སྨོན་ལམ་དང་ཡེ་ཤེས་ཁོང་དུ་ཆུད་པ་དྲན་པར་བྱ་བར་འདོད་དེ། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་མདོ་སྡེ་ཤིན་ཏུ་རྒྱས་པ་ཆེན་པོ། བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་པ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་འདི། ཉན་ཐོས་རྣམས་ལ་ཡང་དག་པར་

བསྟན་ཏོ། །ཤཱ་རིའི་བུ་ཁྱོད་འདི་ལྟར་མ་འོངས་པའི་དུས་ན། བསྐལ་པ་དཔག་ཡས་བསམ་གྱིས་མི་ཁྱབ་པ་དཔག་ཏུ་མེད་པར་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་དམ་པའི་ཆོས་བཟུང་ཞིང་། མཆོད་པ་རྣམ་པ་སྣ་ཚོགས་བྱས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་དག་ཡོངས་སུ་

རྫོགས་པར་བྱས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་པད་མའི་འོད་ཅེས་

เล่ม ๕๑ · หน้า 27a

བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ་དེའི་ཚེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པད་མའི་འོད་དེའི་སངས་རྒྱས་ཀྱི་ཞིང་རྡུལ་མེད་པ་ཞེས་བྱ་བར་འགྱུར་ཏེ། མཉམ་པ་ཉམས་དགའ་བ་བཟང་བ་སྡུག་པ་ཡོངས་སུ་དག་པ་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་

མི་དང་ལྷ་མང་པོས་རབ་ཏུ་གང་བ། གཞི་བཻ་དཱུརྱ་ལ་གསེར་གྱི་སྐུད་པས་མིག་མངས་རིས་སུ་བྲིས་པ། མིག་མངས་རིས་དེ་ཀུན་ཏུ་རིན་པོ་ཆེའི་ཤིང་སྐྱེས་ཏེ། རྟག་པར་རྒྱུན་དུ་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་དང་འབྲས་བུ་དང་ལྡན་པར་འགྱུར་རོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

དག་པར་རྫོགས་པའི་སངས་རྒྱས་པད་མའི་འོད་དེ་ཡང་ཐེག་པ་གསུམ་ལས་བརྩམས་ནས་ཆོས་སྟོན་ཏེ། གཞན་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེ་བསྐལ་པའི་སྙིགས་མ་ལ་མི་འབྱུང་མོད་ཀྱི། འོན་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཆོས་སྟེན་པར་འགྱུར་རོ། །ཤཱ་རིའི་བུ་བསྐལ་པ་དེའི་

མིང་ཡང་རིན་པོ་ཆེ་ཆེན་པོས་བརྒྱན་པ་ཞེས་བྱ་བར་འགྱུར་རོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཅིའི་ཕྱིར་བསྐལ་པ་དེ་རིན་པོ་ཆེ་ཆེན་པོས་བརྒྱན་པ་ཞེས་བྱ་ཞེ་ན། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་རྣམས་ནི་རིན་པོ་ཆེ་ཆེན་པོ་ཞེས་བྱ་སྟེ། དེའི་ཚེ་དེའི་དུས་ན་འཇིག་རྟེན་

གྱི་ཁམས་རྡུལ་མེད་པ་དེར། དེ་དག་དཔག་ཏུ་མེད་པ་བགྲང་དུ་མེད་པ་བསམ་གྱིས་མི་ཁྱབ་བགྲང་བ་ལས་འདས་པ་མང་པོ་འབྱུང་སྟེ། དེ་བཞིན་གཤེགས་པས་བགྲང་བ་ནི་མ་གཏོགས་སོ། །དེའི་ཕྱིར་བསྐལ་པ་དེ་རིན་པོ་ཆེ་ཆེན་པོས་བརྒྱན་པ་ཞེས་བྱའོ། །ཤཱ་རིའི་བུ་འདི་ལྟར་ཡང་དེའི་ཚེ།

བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཞིང་དེ་ན་ཕལ་ཆེར་རིན་པོ་ཆེའི་པད་མའི་སྟེང་ནས་གོམ་པ་འདོར་ཞིང་འགྲོ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་འབྱུང་བ་དེ་དག་ནི་ལས་དང་པོ་པ་མ་ཡིན་ཏེ། དགེ་བའི་རྩ་བ་ཡུན་རིང་པོ་ནས་སྤྱད་པ། ལོ་བརྒྱ་སྟོང་མང་པོར་ཚངས་པར་སྤྱོད་པ་

སྤྱད་པ། དེ་བཞིན་གཤེགས་པས་ཡོངས་སུ་བསྟོད་པ། སངས་རྒྱས་ཀྱི་ཡེ་ཤེས་ལ་བརྩོན་པ་མངོན་པར་ཤེས་པ་ཆེན་པོ་ཡོངས་སུ་སྦྱངས་པ་ལས་སྐྱེས་པ། ཆོས་ཀྱི་ཚུལ་ཐམས་ཅད་ལ་མཁས་པ། མཉེན་པ་དྲན་པ་དང་ལྡན་པ་ཡིན་ཏེ། ཤཱ་རིའི་བུ་ཕལ་ཆེར་ནི་བྱང་ཆུབ་སེམས་དཔའ་དེ་

เล่ม ๕๑ · หน้า 27b

ལྟ་བུས་སངས་རྒྱས་ཀྱི་ཞིང་དེ་ཡོངས་སུ་གང་བར་འགྱུར་རོ། །ཤཱ་རིའི་བུ་འདི་ལྟར་ཡང་དེ་བཞིན་གཤེགས་པ་པད་མའི་འོད་དེའི་ཚེའི་ཚད་ནི། གཞོན་ནུར་གྱུར་པ་མ་གཏོགས་པར་བར་གྱི་བསྐལ་པ་བཅུ་གཉིས་སུ་འགྱུར་རོ། །སེམས་ཅན་དེ་དག་གི་ཚེའི་ཚད་ནི་བར་གྱི་བསྐལ་པ་བརྒྱད་དུ་འགྱུར་རོ། །

ཤཱ་རིའི་བུ་དེ་བཞིན་གཤེགས་པ་པད་མའི་འོད་དེའི་བར་གྱི་བསྐལ་པ་བཅུ་གཉིས་འདས་པ་དང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མོས་པ་རྫོགས་པ་འདི་ངའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་པད་མའི་ཁྱུ་མཆོག་རྣམ་པར་གནོན་པ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་

ངོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མོས་པ་རྫོགས་པ་ཞེས་བྱ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ནས། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་པད་མའི་ཁྱུ་མཆོག་རྣམ་པར་གནོན་པ་དེའི་སངས་རྒྱས་ཀྱི་ཞིང་ཡང་རྣམ་པ་དེ་

འདྲ་བར་འགྱུར་རོ། །ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་པད་མའི་འོད་དེ་ཡོངས་སུ་མྱ་ངན་ལས་འདས་ནས་བར་གྱི་བསྐལ་པ་སུམ་ཅུ་རྩ་གཉིས་སུ་དམ་པའི་ཆོས་གནས་པར་འགྱུར་རོ། །བར་གྱི་བསྐལ་པ་སུམ་ཅུ་རྩ་གཉིས་སུ་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་

ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མ་འོངས་དུས་ན་ཤཱ་རིའི་བུ་ཁྱོད་ཀྱང་། །རྒྱལ་བ་དེ་བཞིན་གཤེགས་པར་འབྱུང་འགྱུར་ཏེ། །པད་མའི་འོད་ཅེས་བྱ་བ་ཀུན་ཏུ་སྤྱན། །སྲོག་ཆགས་བྱེ་བ་སྟོང་དག་རྣམ་པར་འདུལ། །སངས་རྒྱས་བྱེ་བ་མང་ལ་བཀུར་སྟི་བྱས། །དེར་ནི་

སྤྱོད་པ་སྟོབས་རྣམས་རབ་བསྒྲུབས་ནས། །སྟོབས་བཅུ་དག་ཀྱང་མངོན་པར་བསྐྱེད་བྱས་ཏེ། །བྱང་ཆུབ་དམ་པ་མཆོག་ཀྱང་ཐོབ་པར་འགྱུར། །ཚད་མེད་བསམ་གྱིས་མི་ཁྱབ་བསྐལ་པ་ན། །དེ་ཚེ་བསྐལ་པ་རིན་ཆེན་མང་པོ་འབྱུང་། །འཇིག་རྟེན་མིང་ཡང་དེ་ཚེ་རྡུལ་མེད་པ། །རྐང་གཉིས་གཙོ་བོའི་ཞིང་

เล่ม ๕๑ · หน้า 28a

ནི་རྣམ་པར་དག །བཻ་དཱུརྱ་ཡིས་དེ་བཞིན་ས་གཞི་གཡོགས། །གསེར་གྱི་སྐུད་པས་སོ་སོར་རབ་ཏུ་བརྒྱན། །མེ་ཏོག་འབྲས་བུས་བརྒྱན་ཞིང་བལྟ་སྡུག་པའི། །རིན་ཆེན་ཤིང་ལྗོན་བརྒྱ་དང་རབ་ཏུ་ལྡན། །དྲན་ལྡན་བྱང་ཆུབ་སེམས་དཔའ་དེ་ན་མང་། །སྤྱོད་པ་མངོན་པར་བསྒྲུབ་

ལ་རབ་མཁས་ཤིང་། །གང་གིས་སངས་རྒྱས་བརྒྱ་ལས་སྤྱོད་བསླབས་པ། །དེ་དག་སངས་རྒྱས་ཞིང་དེར་སྐྱེ་བར་འགྱུར། །རྒྱལ་བ་དེ་ཡི་ཐ་མའི་དུས་ཀྱི་ཚེ། །གཞོན་ནུའི་ས་ལས་ཤིན་ཏུ་འདས་གྱུར་ནས། །འདོད་པ་རྣམ་པར་སྤངས་ནས་མངོན་འབྱུང་སྟེ། །བྱང་ཆུབ་དམ་པ་མཆོག་ཀྱང་ཐོབ་པར་

འགྱུར། །དེ་ན་རྒྱལ་བ་དེའི་ཚེ་ཚད་ནི། །བར་གྱི་བསྐལ་པ་བཅུ་གཉིས་ཚང་བར་འགྱུར། །དེ་ན་མི་དེ་དག་གི་ཚེ་ཚད་ནི། །བར་གྱི་བསྐལ་པ་བརྒྱད་དུ་ཐུབ་པར་འགྱུར། །རྒྱལ་བ་དེ་ནི་མྱ་ངན་འདས་ནས་ཀྱང་། །བར་གྱི་བསྐལ་པ་སུམ་ཅུ་གཉིས་ཚང་བར། །ལྷར་བཅས་འཇིག་རྟེན་རྣམས་ལ་

ཕན་པའི་ཕྱིར། །དེ་ཡི་ཚེ་ན་དམ་པའི་ཆོས་གནས་སོ། །དམ་པའི་ཆོས་ནུབ་དེ་ཡི་གཟུགས་བརྙན་ཡང་། །བར་གྱི་བསྐལ་པ་སུམ་ཅུ་གཉིས་སུ་གནས། །སྐྱོབ་པ་དེ་ཡི་སྐུ་གདུང་རྒྱས་འགྱུར་ཏེ། །ལྷ་དང་མི་ཡིས་རྟག་ཏུ་རིམ་གྲོ་བྱས། །བཅོམ་ལྡན་འདས་དེ་དེ་ལྟར་འབྱུང་འགྱུར་གྱིས། །ཤཱ་རིའི་

བུ་ཁྱོད་རབ་ཏུ་དགའ་བར་གྱིས། །ཟིལ་གྱིས་མི་ནོན་རྐང་གཉིས་གཙོ་བོ་སྟེ། །དེ་ལྟར་འགྱུར་བ་དེ་ནི་ཁྱོད་ཉིད་ཡིན། །དེ་ནས་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་འཁོར་བཞི་པོ་དེ་དག་དང་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་

མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་རྣམས་ཚེ་དང་ལྡན་པ་ཤཱ་རིའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་འདི། བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས། དགའ་བ་དང་ཡིད་

བདེ་བ་སྐྱེས་ཏེ། རང་རང་གི་གོས་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ཏོ། །ལྷའི་དབང་པོ་བརྒྱ་བྱིན་དང་མི་མཇེད་ཀྱི་བདག་པོ་ཚངས་པ་དང་ལྷའི་བུ་གཞན་བྱེ་བ་བརྒྱ་སྟོང་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་སྐུ་ལ་ལྷའི་ན་བཟའ་དག་གསོལ། ལྷའི་མེ་ཏོག་མན་དཱ་ར་དང་མན་དཱ་ར་ཆེན་

เล่ม ๕๑ · หน้า 28b

པོ་དག་ཀྱང་མངོན་པར་གཏོར། སྟེང་གི་བར་སྣང་ལ་ལྷའི་གོས་དག་ཀྱང་བསྐོན། ལྷའི་སིལ་སྙན་བརྒྱ་སྟོང་དང་རྔ་དག་ཀྱང་སྟེང་གི་བར་སྣང་ལ་བརྡུངས་ཏེ། མེ་ཏོག་གི་ཆར་ཆེན་པོ་ཡང་མངོན་པར་ཕབ་ནས། ཚིག་འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་སྔོན་ཡུལ་བཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་

རི་དགས་ཀྱི་ནགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དེང་འདིར་ཡང་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་སྨྲས་ནས། ལྷའི་བུ་དེ་རྣམས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །བཱ་རཱ་ཎ་སཱིར་འཇིག་རྟེན་ན། །མཚུངས་མེད་གང་དག་དཔའ་ཆེན་

གྱིས། །ཕུང་པོའི་སྐྱེ་འཇིག་སྟོན་པ་ཡི། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། །དེ་ནི་ཐོག་མར་རབ་ཏུ་བསྐོར། །འདྲེན་པས་འདི་དང་ལན་གཉིས་ཏེ། །ཡིད་ཆེས་དཀའ་བ་གང་ལགས་ཏེ། །རྣམ་འདྲེན་ཁྱོད་ཀྱིས་དེ་བཤད་དོ། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །བདག་ཅག་ཆོས་མང་

ཐོས་ན་ཡང་། །འདི་འདྲ་བ་ཡི་ཆོས་འདི་ནི། །སྔོན་ཆད་ནམ་ཡང་མ་ཐོས་སོ། །དྲང་སྲོང་ཆེན་པོའི་ལྡེམ་ངག་ལ། །དཔའ་བོ་བདག་ཅག་རྗེས་ཡི་རང་། །ཇི་ལྟ་འཇིགས་མེད་ཤཱ་རིའི་བུ། །འཕགས་པ་འདི་ལ་ལུང་བསྟན་བཞིན། །དེ་འདྲ་བདག་ཅག་འཇིག་རྟེན་དུ། །བླ་མེད་སངས་རྒྱས་

གྲུབ་གྱུར་ནས། །དགོངས་ཏེ་བཤད་པ་སངས་རྒྱས་ཀྱི། །བྱང་ཆུབ་བླ་མེད་སྟོན་པར་ཤོག །འཇིག་རྟེན་འདི་དང་གཞན་དག་ཏུ། །རྫོགས་པའི་སངས་རྒྱས་མཉེས་བགྱིས་ཏེ། །བདག་ཅག་དགེ་བ་ཅི་བགྱིས་པ། །བྱང་ཆུབ་ཏུ་ཡང་སྨོན་པར་ཤོག །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་

ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ། བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས་ནས། བཅོམ་ལྡན་འདས་བདག་ཐེ་ཚོམ་མ་མཆིས་པར་གྱུར། སོམ་ཉི་དང་བྲལ་བར་གྱུར་ཏོ། །བཅོམ་ལྡན་འདས་གང་དག་

དབང་དང་ལྡན་པར་གྱུར་པ་སྟོང་ཉིས་བརྒྱ་པོ་སྔོན་བཅོམ་ལྡན་འདས་ཀྱིས་སློབ་པའི་ས་ལ་བཀོད་དེ། དགེ་སློང་དག་གང་འདི་སྐྱེ་བ་དང་། རྒ་བ་དང་ན་བ་དང་འཆི་བ་ལས་ཡང་དག་པར་འདའ་བ། ཡོངས་སུ་མྱ་ངན་ལས་འདས་པའི་མཐར་ཐུག་པ། མྱ་ངན་ལས་འདས་པ་ལ་ཡང་དག་པར་གཞོལ་བ་དེ་ནི།

เล่ม ๕๑ · หน้า 29a

ངའི་ཆོས་འདུལ་བའི་མཐར་ཐུག་པ་ཡིན་ནོ་ཞེས་དེ་སྐད་གཏམས་ཤིང་དེ་སྐད་རྗེས་སུ་བསྟན་པ་འདི་དག་དང་། བཅོམ་ལྡན་འདས་སློབ་པ་དང་མི་སློབ་པའི་དགེ་སློང་བདག་ཏུ་ལྟ་བ་དང་འབྱུང་བར་ལྟ་བ་དང་འཇིག་པར་ལྟ་བའི་ལྟ་བ་ཐམས་ཅད་རྣམ་པར་སྤངས་པ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཉིས་

སྟོང་པོ་འདི་དག་ཐམས་ཅད་ཀྱང་བདག་མྱ་ངན་ལས་འདས་པའི་ས་ལ་གནས་སོ་སྙམ་བགྱིད་དེ། འདི་དག་སྔོན་མ་ཐོས་པའི་ཆོས་འདི་ལྟ་བུ་འདི། བཅོམ་ལྡན་འདས་ལས་ཐོས་ནས། ཐེ་ཚོམ་འཚལ་བར་གྱུར་ན། བཅོམ་ལྡན་འདས་ཅི་ནས་འཁོར་བཞི་པོ་འདི་དག་ཐེ་ཚོམ་མ་མཆིས། སོམ་ཉི་མ་མཆིས་པར་

གནས་པར་འགྱུར་བར། དགེ་སློང་འདི་དག་གི་དོགས་པ་བསལ་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་ལེགས་པར་བཀའ་སྩལ་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་སེམས་ཅན་མོས་པ་ཐ་དད་པ་དང་།

བསམ་པ་དང་ཁམས་ཐ་དད་པ་རྣམས་ཀྱི་བསམ་པ་མཁྱེན་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལྟར་སྣ་ཚོགས་མངོན་པར་བསྒྲུབ་པ་དང་། རྒྱུ་དང་གཞི་དང་དཔེ་དང་དམིགས་པ་དང་ངེས་པའི་ཚིག་དང་ཐབས་མཁས་པ་རྣམ་པ་སྣ་ཚོགས་ཀྱིས་ཆོས་སྟོན་ཏོ། །

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ལས་བརྩམས་ཏེ། ཆོས་བསྟན་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་ཐེག་པ་འདི་ཉིད་ལ་ཡང་དག་པར་འཛུད་དོ་ཞེས་ངས་ཁྱོད་ལ་བསྟན་ཟིན་པ་མ་ཡིན་ནམ། ཤཱ་རིའི་བུ་འོན་ཀྱང་དོན་དེ་རྒྱས་པར་བསྟན་པའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བྱའོ། །

དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་མཁས་པ་ལ་ལ་ནི་སྨྲས་པའི་དོན་དཔེས་ཤེས་པར་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ལམ་ལྗོངས་སམ་ཡུལ་འཁོར་རམ། རྒྱལ་པོའི་ཕོ་བྲང་འཁོར་ལ་ལ་ཞིག་ན་ཁྱིམ་བདག་རྒན་པོ་འཁོགས་པ་གཏུགས་པ་དུས་

ཡོལ་བ་དགོག་ཏུ་ཕྱིན་པ་ཕྱུག་པ་ནོར་ཆེ་བ་ལོངས་སྤྱོད་ཆེ་བ་ཞིག་འདུག་ལ། དེའི་ཁང་པ་ཡང་མཐོ་ཞིང་ཡངས་ལ་བརྩིགས་ནས་རིང་དུ་ལོན་པ་འགྲུམས་པ། སྲོག་ཆགས་བརྒྱ་ཕྲག་གཅིག་གམ་གཉིས་སམ་གསུམ་མམ་བཞི་འམ་ལྔའི་གནས་སྒོ་གཅིག་པ་ཞིག་ཡོད་དེ། རྩྭས་གཡོགས་

เล่ม ๕๑ · หน้า 29b

པ་ཁྱམས་རྣམས་ཀྱང་འགྲུམས་པ་ཀ་བའི་རྩ་བ་རུལ་བ། རྩིག་པ་དང་སྒོའི་སྐྱང་ནུལ་གོགས་པར་གྱུར་པའི་ཁང་པ་དེ་ལ་གློ་བུར་དུ་མེའི་ཕུང་པོ་ཆེན་པོ་ངོས་ཐམས་ཅད་ཀུན་ནས་རབ་ཏུ་འབར་བར་གྱུར་ལ། སྐྱེས་བུ་དེ་ལ་ཡང་ཁྱེའུ་ལྔ་འམ་བཅུ་འམ་ཉི་ཤུ་འམ་མང་ཞིག་ཡོད་དེ། སྐྱེས་བུ་དེ་ནི་ཁང་པ་

དེ་ནས་བྱུང་བར་གྱུར་ལ། ཤཱ་རིའི་བུ་དེ་ནས་སྐྱེས་བུ་དེས། བདག་གི་ཁང་པ་ལ་མེའི་ཕུང་པོ་ཆེན་པོ་ཀུན་ནས་འབར་བ་མཐོང་སྟེ། སྔངས་སྐྲག་ནས་སེམས་མི་དགའ་བར་གྱུར་ཏེ། འདི་ལྟར་བདག་ནི་མེའི་ཕུང་པོ་ཆེན་པོ་འདིས་མ་རེག་མ་ཚིག་ཅིང་བདེ་བར་མྱུར་དུ་ཁྱིམ་འབར་བ་འདིའི་སྒོར་བྱུང་

སྟེ་འགྲོ་ནུས་མོད་ཀྱི། བདག་གི་བུ་བྱིས་པ་གཞོན་ནུ་འདི་དག་ཁྱིམ་འབར་བ་འདི་ན་རྩེད་མོ་དག་གིས་རྩེ་དགའ་ཞིང་དགའ་མགུར་སྤྱོད་དེ། ཁྱིམ་འདི་ཚིག་པར་མ་ཚོར་མི་ཤེས་མ་རིག་མ་རྟོགས་ནས་འདི་ལྟར་མེའི་ཕུང་པོ་ཆེན་པོས་ཤིན་ཏུ་གདུངས་ཏེ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོས་རེག་ཀྱང་མི་

དགར་མི་བྱེད་དེ། སྡུག་བསྔལ་དུ་ཡང་ཡིད་ལ་མི་འཛིན། ཕྱིར་འབྱུང་བར་ཡང་ཡིད་ལ་བྱ་བ་མི་སྐྱེད་དོ་སྙམ་དུ་སེམས་སོ། །ཤཱ་རིའི་བུ་སྐྱེས་བུ་དེ་ཡང་སྟོབས་དང་ལྡན་ཞིང་ལག་སྟོབས་ཆེ་བ་ཡིན་ཏེ། དེ་འདི་ལྟར་བདག་སྟོབས་དང་ལྡན་ཞིང་ལག་སྟོབས་ཡོད་ན། བདག་གིས་ཁྱེའུ་འདི་དག་ཐམས་

ཅད་གཅིག་ཏུ་བསྡུས་ལ། པང་པར་བླངས་ཏེ་ཁྱེར་ལ་ཁྱིམ་འདི་ནས་བྱུང་ངོ་སྙམ་དུ་བསམས་པ་དང་། དེས་ཀྱང་འདི་སྙམ་དུ་བསམས་ཏེ། ཁང་པ་འདི་སྒོ་གཅིག་པུ་ཡོད་ལ། སྒོ་དེ་ཡང་དོག་གཞོན་ནུ་འདི་དག་ནི་གཡོ་ཞིང་རྒོད་དེ་བྱིས་པར་གྱུར་པས། འཐེན་པར་འགྱུར་དུ་འོང་སྟེ། དེ་དག་མེའི་

ཕུང་པོ་ཆེན་པོ་འདིས་ཚུལ་མ་ཡིན་པར་ཉོན་མོངས་པར་འགྱུར་གྱིས། འདི་དག་ལ་སྦྲན་ཏོ་སྙམ་དུ་དེ་ལྟར་བསམས་ནས། གཞོན་ནུ་དེ་དག་ལ་སྨྲས་པ། ཁྱིམ་འདི་ལ་མེའི་ཕུང་པོ་ཆེན་པོ་འབར་ཏེ། འདིར་ཐམས་ཅད་མེའི་ཕུང་པོ་ཆེན་པོ་འདིས་ཚིག་ནས། ཚུལ་མ་ཡིན་པར་ཉོན་མོངས་

པར་འགྱུར་དུ་འོང་གིས། གཞོན་ནུ་ཁྱེད་ཚུར་ཤོག །ཕྱིར་བྱུང་ཞེས་བྱས་པ་དང་། དེ་ལྟར་ཕན་པར་འདོད་པའི་སྐྱེས་བུ་དེས་དེ་སྐད་དུ་བསྒོ་བ། གཞོན་ནུ་དེ་དག་གིས་མེ་འབར་བ་འདི་ལྟ་གོ་ཅི་ཞིག་ཅེས་མི་ཤེས་ནས་མི་དགར་མི་བྱེད། མི་འཇིགས་མི་སྐྲག །འཇིགས་པར་མ་གྱུར་ཏེ་མི་སེམས་ཕྱིར་འབྱུང་དུ་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด