དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
ชื่อสันสกฤต (อักษรทิเบต ตามตัวบท) སདདྷརྨ་པུཎ་ཌ་རཱི་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๑ · หน้า 87a
དཔའི་སྤྱོད་པ་ལ་མཁས་པ་མ་ཡིན་ནོ། །གང་གི་ཚེ་ཆོས་ཀྱི་རྣམ་གྲངས་འདི་མཉན་ཏེ་ཐོས་ནས་མོས་པ་དང་རྟོགས་པ་དང་འཇུག་པ་དང་ཤེས་པ་དང་ཡོངས་སུ་འཛིན་པ་དེའི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྙེན་པར་འགྱུར་ཏེ། ཉེ་བར་གནས་པ་
ཡིན་ནོ། །སྨན་གྱི་རྒྱལ་པོ་འདི་ལྟ་སྟེ་དཔེར་ན། མ་ལ་ལ་ཞིག་ཆུ་འདོད་པར་གྱུར་ཏེ་ཆུ་ཚོལ་ཞིང་། དེས་ཆུའི་ཕྱིར་སྐམ་སའི་ཕྱོགས་ཤིན་ཏུ་ཁྲོན་པ་རྐོར་བཅུག་སྟེ། དེ་རྐོ་བ་ན་སྐམ་ཞིང་སྐྱ་བའི་ས་འབྱིན་པར་མཐོང་སྟེ། མཐོང་ནས་འདི་ལྟར་འདི་ནས་ཆུ་ད་དུང་ཐག་རིང་ངོ་སྙམ་དུ་སེམས་
སོ། །དེ་ནས་དུས་གཞན་ཞིག་ན། མི་དེས་ས་གཤེར་བ་དང་འདྲེས་པ་འདམ་རྫབ་དང་ཆུའི་ཐིགས་པ་ཟག་པ་འབྱིན་ཅིང་ཁྲོན་པ་རྐོ་བའི་མི་དེ་དག་ལུས་ལ་འདམ་རྫབ་ཀྱིས་གོས་པར་མཐོང་སྟེ། དེ་ནས་ཡང་སྨན་གྱི་རྒྱལ་པོ་མི་དེས་སྔ་ལྟས་དེ་མཐོང་ནས། དོགས་པ་དང་ཐེ་ཚོམ་མེད་དེ་འདི་ནས་
ཆུ་ནི་ཉེའོ་སྙམ་མོ། །སྨན་གྱི་རྒྱལ་པོ་དེ་བཞིན་དུ་ཅི་ཙམ་དུ་ཆོས་ཀྱི་རྣམ་གྲངས་འདི་མི་ཉན་མི་འཛིན་ཁོང་དུ་ཆུད་པར་མི་བྱེད་མི་འཇུག་མི་སེམས་པའི་བར་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་རིང་བ་ཡིན་ནོ། །
སྨན་གྱི་རྒྱལ་པོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་འཛིན་པ་དང་འཇུག་པ་དང་ཁ་ཏོན་དུ་བྱེད་པ་དང་སེམས་པ་དང་སྒོམ་པ་དེའི་ཚེ། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་ཡིན་ཏེ། སྨན་གྱི་རྒྱལ་པོ་
ཆོས་ཀྱི་རྣམ་གྲངས་འདི་ལས་སེམས་ཅན་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རྣམ་གྲངས་འདི་ནི་ལྡེམ་པོར་དགོངས་ཏེ་བཤད་པ་འགྲེལ་བའི་མཆོག་ཡིན་པའི་ཕྱིར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་ཆོས་གསང་བའི་གནས་བཤད་པའོ། །སྨན་གྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདིས་སྐྲག་ཅིང་སྔངས་ཏེ་དངངས་པར་གྱུར་ན། སྨན་གྱི་རྒྱལ་
เล่ม ๕๑ · หน้า 87b
པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཐེག་པ་ལ་གསར་དུ་ཞུགས་པར་རིག་པར་བྱའོ། །གལ་ཏེ་ཡང་ཉན་ཐོས་ཀྱི་ཐེག་པ་ཅན་ཞིག་ཆོས་ཀྱི་རྣམ་གྲངས་འདིས་སྐྲག་ཅིང་སྔངས་ཏེ་དངངས་པར་གྱུར་ན། སྨན་གྱི་རྒྱལ་པོ་དེ་ནི་ཉན་ཐོས་ཀྱི་ཐེག་པ་ཅན་གྱི་གང་ཟག་ང་རྒྱལ་ཅན་དུ་རིག་པར་
བྱའོ། །སྨན་གྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་ཞིག །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཕྱི་མའི་དུས་ཕྱི་མའི་ཚེ་ན། ཆོས་ཀྱི་རྣམ་གྲངས་འདི་འཁོར་བཞི་ལ་ཡང་དག་པར་སྟོན་ན། སྨན་གྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་
དེས་དེ་བཞིན་གཤེགས་པའི་གནས་སུ་ཞུགས་ཏེ། དེ་བཞིན་གཤེགས་པའི་ཆོས་གོས་བགོས་ལ་དེ་བཞིན་གཤེགས་པའི་སྟན་ལ་འདུག་སྟེ། ཆོས་ཀྱི་རྣམ་གྲངས་འདི་ཕྱིས་འཁོར་བཞི་ལ་ཡང་དག་པར་བཤད་པར་བྱའོ། །སྨན་གྱི་རྒྱལ་པོ་དེ་བཞིན་གཤེགས་པའི་གནས་གང་
ཞེ་ན། སྨན་གྱི་རྒྱལ་པོ་སེམས་ཅན་ཐམས་ཅད་ལ་བྱམས་པར་གནས་པ་ནི། སྨན་གྱི་རྒྱལ་པོ་དེ་བཞིན་གཤེགས་པའི་གནས་ཏེ་སྨན་གྱི་རྒྱལ་པོ་དེར་རིགས་ཀྱི་བུ་དེ་འཇུག་པར་བྱའོ། །སྨན་གྱི་རྒྱལ་པོ་དེ་བཞིན་གཤེགས་པའི་ཆོས་གོས་གང་ཞེ་ན། སྨན་གྱི་རྒྱལ་པོ་བཟོད་པ་དང་
དེས་པ་ཆེན་པོ་ནི་དེ་བཞིན་གཤེགས་པའི་ཆོས་གོས་ཏེ། སྨན་གྱི་རྒྱལ་པོ་དེ་ཡང་རིགས་ཀྱི་བུ་དེས་བགོ་བར་བྱའོ། །སྨན་གྱི་རྒྱལ་པོ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྟན་གང་ཞེ་ན། ཆོས་ཐམས་ཅད་སྟོང་པ་ཉིད་དུ་འཇུག་པ་སྟེ། སྨན་གྱི་རྒྱལ་པོ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྟན་
དེ་ལ་རིགས་ཀྱི་བུ་དེས་འདུག་པར་བྱའོ། །འདུག་ནས་ཆོས་ཀྱི་རྣམ་གྲངས་འདི་འཁོར་བཞི་པོ་དག་ལ་ཡང་དག་པར་བསྟན་པར་བྱའོ། །བྱང་ཆུབ་སེམས་དཔའ་མི་ཞན་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་དང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་
འཁོར་བཞི་པོ་དག་གི་མདུན་དུ་རབ་ཏུ་བསྟན་པར་བྱའོ། །སྨན་གྱི་རྒྱལ་པོ་ང་འཇིག་རྟེན་གྱི་ཁམས་གཞན་ན་འདུག་ན་ཡང་སྤྲུལ་པས་རིགས་ཀྱི་བུ་དེའི་འཁོར་དང་འཐུན་པར་བྱའོ། །སྤྲུལ་པའི་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་དག་ཆོས་ཉན་དུ་དགྱེའོ། །ཆོས་སྨྲ་
เล่ม ๕๑ · หน้า 88a
བ་དེས་བཤད་པ་དེ་ལ་དེ་དག་ཕྱིར་མི་ཟློག་ཅིང་སྤོང་བར་མི་བྱེད་དོ། །གལ་ཏེ་དེ་དགོན་པ་ན་འདུག་པར་གྱུར་ན་དེར་ངས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་མང་པོ་ཆོས་
ཉན་དུ་དགྱེའོ། །སྨན་གྱི་རྒྱལ་པོ་ང་འཇིག་རྟེན་གྱི་ཁམས་གཞན་ན་འདུག་ན་ཡང་རིགས་ཀྱི་བུ་དེ་ལ་ང་ཡི་ངོ་བོ་ཉེ་བར་བསྟན་ཏོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་དང་ཡི་གེ་འཆད་པར་གྱུར་པ་དེ་དག་ཁ་ཏོན་བྱེད་པ་ན་སླར་ཐོན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་
ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཞེན་པ་ཐམས་ཅད་རྣམ་སྤངས་ཏེ། །འདི་འདྲ་བ་ཡི་མདོ་སྡེ་ཉོན། །འདི་ནི་ཤིན་ཏུ་ཐོས་པར་དཀའ། །མོས་པ་རྙེད་པར་ཤིན་ཏུ་དཀའ། །ཇི་ལྟར་ལ་ལ་ཆུ་འདོད་པས། །སྐམ་སར་ཁྲོན་པ་རྐོར་བཅུག་ལ། །ཕྱི་ཕྱིར་རབ་ཏུ་རྐོ་བ་ན། །
ས་སྐམ་དག་ནི་འབྱུང་བར་མཐོང་། །དེས་མཐོང་དེ་ན་སེམས་པ་ནི། །འདི་ནས་ཆུ་ཡང་རྒྱང་རིང་སྟེ། །ས་སྐམ་རྐོ་བར་བྱེད་པ་ཡང་། །འདི་ནི་རྒྱང་རིང་མཚན་མ་སྙམ། །ཕྱི་ཕྱིར་ས་དག་སྣུམ་པ་ཡི། །གཤེར་བ་གང་ཚེ་མཐོང་གྱུར་པ། །དེ་ན་དེ་ལ་ཐུག་པར་འགྱུར། །དེ་ནས་ཆུ་
ཡང་ཐག་མི་རིང་། །དེ་བཞིན་མདོ་འདི་མི་ཉན་ཅིང་། །ཕྱི་ཕྱིར་ཤིན་ཏུ་མ་བསྒོམས་པ། །དེ་དག་སངས་རྒྱས་ཡེ་ཤེས་ནི། །འདི་འདྲ་བ་ལས་ཤིན་ཏུ་རིང་། །གང་ཚེ་ཉན་ཐོས་རྣམས་ཀྱི་ནི། །གཏན་ལ་ཕབ་པ་མདོ་སྡེའི་རྒྱལ། །ཟབ་མོ་འདི་ནི་ཉན་འགྱུར་ཞིང་། །ལན་གཅིག་
མ་ཡིན་སེམས་བྱེད་པ། །མཁས་པ་དེ་དག་སངས་རྒྱས་ཀྱི། །ཡེ་ཤེས་ལ་ནི་ཉེ་བར་གྱུར། །ཇི་ལྟར་ས་ནི་གཤེར་བ་ཡིས། །ཆུ་དང་ཉེ་ཞེས་བྱ་བ་བཞིན། །རྒྱལ་བའི་གནས་དེར་རབ་ཞུགས་ཏེ། །ཆོས་གོས་དག་ཀྱང་བགོས་ནས་སུ། །ང་ཡི་སྟན་ལ་འདུག་ནས་ནི། །
མདོ་སྡེ་འདི་ནི་མི་འཇིགས་ཤོད། །བྱམས་པའི་སྟོབས་ནི་ང་ཡི་གནས། །བཟོད་དང་དེས་པ་ཆོས་གོས་ཏེ། །སྟོང་པ་ཉིད་ནི་ང་ཡི་སྟན། །དེ་ལ་འདུག་ནས་རབ་ཏུ་སྟོན། །དབྱིག་པ་བོང་བ་མདུང་ཐུང་དང་། །གཤེ་བ་སྡིགས་པར་བྱེད་པ་ནི། །གང་དུ་བཤད་པ་དེ་བྱུང་ཡང་།
เล่ม ๕๑ · หน้า 88b
ད་དྲན་ནས་ནི་དེ་བཟོད་བྱ། །བྱེ་བ་ཕྲག་སྟོང་ཞིང་དུ་ཡང་། །ང་ཡི་ལུས་ཀྱི་དངོས་པོ་བརྟན། །བསྐལ་པ་བྱེ་བ་བསམ་ཡས་སུ། །སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཡོངས་སུ་མྱ་ངན་ང་འདས་ནས། །མདོ་སྡེ་འདི་ནི་གང་སྟོན་པ། །ངས་ནི་དཔའ་བོ་དེ་ལ་ཡང་། །སྤྲུལ་པ་མང་པོ་
དགྱེ་བར་བྱ། །དགེ་སློང་རྣམས་དང་དགེ་སློང་མ། །དགེ་བསྙེན་རྣམས་དང་དགེ་བསྙེན་མ། །དེ་དག་དེ་ལ་མཆོད་པ་བྱེད། །འཁོར་རྣམས་ལ་ཡང་རི་མོ་བྱེད། །བོང་དབྱུག་དེ་བཞིན་གཤེ་བ་དང་། །སྡིགས་པར་བྱེད་ཅིང་སྤྱོས་པ་དག །དེ་ལ་གང་རྣམས་བྱེད་པ་ཡང་། །སྤྲུལ་པ་
རྣམས་ཀྱིས་དེ་དག་ཟློག །མི་དང་བྲལ་བའི་ཡུལ་ཕྱོགས་དང་། །དགོན་པ་རྣམས་དང་རི་དག་ལ། །ནམ་ཞིག་གཅིག་པུ་གནས་ནས་སུ། །ཁ་ཏོན་བྱེད་པར་འགྱུར་བ་ན། །དེ་ན་འོད་གསལ་ང་ཡི་ལུས། །ངས་ནི་དེ་ལ་བསྟན་པར་བྱ། །དེ་ཡི་ཁ་ཏོན་ནོར་བ་ཡང་། །ཕྱིར་ཞིང་ཐོན་
པར་འགྱུར་བར་བྱ། །གཅིག་པུར་ནགས་ན་རྒྱུ་བྱེད་ཅིང་། །དེ་ནི་དེ་ན་གནས་པའི་ཚེ། །ལྷ་དང་གནོད་སྦྱིན་དུ་མ་དག །དེ་ཡི་གྲོགས་སུ་དགྱེ་བར་བྱ། །འཁོར་བཞི་ལ་ནི་རབ་སྟོན་པ། །དེ་ཡི་ཡོན་ཏན་དེ་འདྲར་འགྱུར། །ནགས་ཚལ་རི་སུལ་གཅིག་གནས་ཤིང་། །ཁ་ཏོན་བྱེད་
པ་དེས་ང་མཐོང་། །དེ་ཡི་སྤོབས་པ་ཐོགས་མེད་འགྱུར། །ཆོས་དང་ངེས་ཚིག་མང་པོ་ཤེས། །འདི་ལྟར་སངས་རྒྱས་བྱིན་བརླབས་པས། །སྲོག་ཆགས་བྱེ་སྟོང་དེས་ཚིམ་བྱེད། །སེམས་ཅན་གང་དག་དེར་རྟེན་པ། །བྱང་ཆུབ་སེམས་དཔར་དེ་མྱུར་འགྲོ། །དེ་དང་སྟེན་ཅིང་འགྲོགས་
པ་ཀུན། །སངས་རྒྱས་གང་གཱའི་བྱེ་སྙེད་མཐོང་། །དམ་པའི་ཆོས་པད་མ་དཀར་པོ་ལས་ཆོས་སྨྲ་བའི་ལེའུ་ཞེས་བྱ་བ་སྟེ་བཅུ་པའོ།། །།བམ་པོ་བརྒྱད་པ། དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ས་ཕྱོགས་དེའི་འཁོར་གྱི་དབུས་ནས་རིན་པོ་ཆེ་སྣ་བདུན་གྱི་མཆོད་
རྟེན་བྱུང་སྟེ། འཕང་དུ་ནི་དཔག་ཚད་ལྔ་བརྒྱ། ཁོར་ཡུག་ཏུ་ནི་དེ་དང་འཚམ་པ་བཀྲ་བ་བལྟ་ན་སྡུག་པ་མེ་ཏོག་བཀྲམ་པའི་སྟེགས་བུ་ལྔ་སྟོང་གིས་ལེགས་པ་བརྒྱན་པ་རྟ་བབས་སྟོང་ཕྲག་མང་པོས་བརྒྱན་པ། ལྷའི་བ་དན་དང་རྣམ་པར་རྒྱལ་བའི་བ་དན་སྟོང་གིས་བརྒྱན་པ་རིན་པོ་ཆེའི་
เล่ม ๕๑ · หน้า 89a
ཕྲེང་བ་སྟོང་དཔྱངས་པ་དར་དང་དྲིལ་བུ་སྟོང་རབ་ཏུ་དཔྱངས་པ་མངོན་པར་བྱུང་ནས་ནམ་མཁའ་བར་སྣང་ལ་གནས་ཏེ་ཏ་མ་ལའི་འདབ་མ་དང་ཙན་དན་གྱི་དྲི་རབ་ཏུ་བྱུང་བས་དྲི་དེས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་གྱུར་ཏོ། །དེ་ཡི་གདུགས་ཀྱི་ཕྲེང་བ་
རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་ཁང་པའི་བར་དུ་འཕགས་པར་གྱུར་ཏོ། །རིན་པོ་ཆེ་སྣ་བདུན་ལས་བྱས་པ་འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་དཱུརྱ་དང་། སྤུག་དང་། རྡོའི་སྙིང་པོ་དང་། མུ་ཏིག་དམར་པོ་དང་། ཀེ་ཀེ་རུའོ། །མཆོད་རྟེན་དེ་ལ་སུམ་ཅུ་རྩ་གསུམ་
རིས་ཀྱི་ལྷའི་བུ་རྣམས་ལྷའི་མེ་ཏོག་མན་དཱ་ར་བ་དང་མན་དཱ་ར་བ་ཆེན་པོས་རིན་པོ་ཆེའི་མཆོད་རྟེན་དེ་ལ་འཐོར་རོ། །མངོན་པར་རབ་ཏུ་འཐོར་རོ། །རིན་པོ་ཆེའི་མཆོད་རྟེན་དེ་ལས་འདི་འདྲ་བའི་སྒྲ་བྱུང་སྟེ། དེ་བཞིན་གཤེགས་པ་རྣམས་ལ་ནི་སེམས་པ་མེད་དོ། །རྟོགས་པ་མེད་དོ། །
སྤྱོད་ལམ་ཐམས་ཅད་ཀྱང་བསྟན་ཏོ། །དེ་བཞིན་གཤེགས་པ་རྣམས་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལས་རབ་ཏུ་ཕྱེ་བ་མ་ཡིན་ནོ། །ལས་དང་ཉོན་མོངས་པ་དང་ཕ་མ་དང་། འབྱུང་བ་ཆེན་པོ་ལས་འབྱུང་བ་མ་ཡིན་གྱི། ཤ་དང་ཁྲག་དང་ཆུ་བ་ལས་རྣམ་པར་འབྲེལ་པ་མ་
ཡིན་ནོ། །དབུགས་ནང་དུ་རྒྱུ་བ་དང་། ཕྱི་རོལ་ཏུ་རྒྱུ་བ་དང་། སྲོག་དང་ཉེ་བར་འབྲེལ་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ནི་ནམ་མཁའ་དང་མཚུངས་ཏེ། རྟག་པ་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ། །འོན་ཀྱང་དེ་བཞིན་གཤེགས་པ་རིན་ཆེན་མང་བསྐལ་པ་བྱེ་བ་ཁྲག་
ཁྲིག་བརྒྱ་སྟོང་མང་པོར་ཡོངས་སུ་མྱ་ངན་ལས་འདས་པ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་བྲལ་བ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། སྔོན་གྱི་སྨོན་ལམ་གྱི་དབང་གིས་ཆོས་ཉན་པའི་ཕྱིར་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མཐོང་སྟེ། དེ་བཞིན་གཤེགས་
པའི་སྐུ་ལ་ནི་ཅུང་ཟད་ཀྱང་རྟོག་པ་མེད་དོ། །དེ་བཞིན་གཤེགས་པ་རྣམས་ནི་ཡི་གེ་འབྲུ་གཅིག་ཀྱང་མ་གསུངས་སོ། །ཇི་ལྟར་འདུས་པའི་སེམས་ཅན་རྣམས་ཁམས་སོ་སོ་བ་དང་། མོས་པ་སོ་སོ་བ་རྣམས་ཆོས་ཀྱི་གཏམ་དེ་བཞིན་གཤེགས་པ་ལ་ཉན་ཏོ། །གང་དེ་བཞིན་གཤེགས་
เล่ม ๕๑ · หน้า 89b
པ་དེ་ནི་དེ་བཞིན་ཉིད་གང་དེ་བཞིན་ཉིད་དེ་ནི་ཡང་དག་པའི་མཐའ། ཡང་དག་པའི་མཐའ་དེ་ནི་ཆོས་ཀྱི་དབྱིངས། གང་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་དེ་ནི་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་སོ། །དེ་ལྟར་ཡོངས་སུ་དག་པའི་དེ་བཞིན་
གཤེགས་པ་རྣམས་གང་གི་ཚེ་གཤེགས་པ་དང་། མཐོང་བ་དང་སྨྲས་པ་ནི། སྔོན་གྱི་སྨོན་ལམ་གྱི་དབང་གིས་བསམ་པ་ཡོངས་སུ་དག་པའི་སེམས་ཅན་རྣམས་ལ། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་ཐབས་མཁས་པ་ཆེན་པོ་བསྟན་ཏོ། །ཡང་རིན་པོ་ཆེའི་མཆོད་རྟེན་
དེ་ལས་སྒྲ་འདི་གཉིས་བྱུང་ངོ་། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཁྱོད་ཀྱིས་དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་གསུངས་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་དེ་དེ་ལྟའོ། །བདེ་བར་གཤེགས་པ་དེ་དེ་ལྟའོ། །ཞེས་བྱ་བའི་
སྒྲ་འདི་འདྲ་བ་བྱུང་ངོ་། །དེ་ནས་འཁོར་བཞི་པོ་དེ་དག་གིས་རིན་པོ་ཆེའི་མཆོད་རྟེན་ཆེན་པོ་ནམ་མཁའ་བར་སྣང་ལ་འདུག་པ་དེ་མཐོང་ནས། དགའ་བ་སྐྱེས་ཤིང་མགུ་བ་དང་རངས་པ་དང་མཆོག་ཏུ་དགའ་བར་གྱུར་ཏེ། དེའི་ཚེ་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ་འཁོད་དོ། །དེ་
ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་ཆེན་པོ་ཞེས་བྱ་བས། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ངོ་མཚར་དུ་འཛིན་པར་གྱུར་པར་རིག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིན་པོ་ཆེའི་མཆོད་རྟེན་ཆེན་པོ་
འདི་ལྟ་བུ་འདི་བྱུང་བའི་རྒྱུ་གང་ལགས་རྐྱེན་གང་ལགས། བཅོམ་ལྡན་འདས་རིན་པོ་ཆེའི་མཆོད་རྟེན་ཆེན་པོ་འདི་ལས་འདི་ལྟ་བུའི་སྒྲ་འབྱིན་པ་སུ་ལགས། དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་ཆེན་པོ་ལ་འདི་སྐད་
ཅེས་བཀའ་སྩལ་ཏོ། །སྤོབས་པ་ཆེན་པོ་རིན་པོ་ཆེའི་མཆོད་རྟེན་ཆེན་པོ་འདིའི་ནང་ན་དེ་བཞིན་གཤེགས་པའི་སྐུ་གཅིག་ཏུ་འདུས་པ་ཞུགས་སོ། །འདི་ནི་དེའི་མཆོད་རྟེན་ཏེ། དེས་སྒྲ་འདི་ཕྱུང་ངོ་། །སྤོབས་པ་ཆེན་པོ་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་གྲངས་མེད་
เล่ม ๕๑ · หน้า 90a
པ་འདས་པ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་རྣམ་པར་དག་པ་ཞེས་བྱ་བ་ཡོད་དེ། དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་ཞེས་བྱ་བ་བྱུང་སྟེ། བཅོམ་ལྡན་འདས་དེས་སྨོན་ལམ་འདི་སྐད་དུ། ང་སྔོན་བྱང་ཆུབ་
སེམས་དཔའི་སྤྱད་པ་སྤྱོད་པ་ན། ཇི་སྲིད་དུ་ངས་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་པ་འདི་མ་ཐོས་པ་དེ་སྲིད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ངེས་པར་འབྱུང་བར་མི་བྱའི། གང་གི་ཚེ་ངས་དམ་པའི་
ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེའི་འོག་ཏུ། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་གྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །སྤོབས་པ་ཆེན་པོ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་རིན་ཆེན་མང་དེས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ། ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་འདི་སྐད་ཅེས་དགེ་སློང་དག་ང་ཡོངས་སུ་མྱ་ངན་ལས་འདས་ནས། དེ་བཞིན་གཤེགས་པའི་ལུས་གཟུགས་ཀྱི་རིན་པོ་ཆེའི་མཆོད་རྟེན་ཆེན་པོ་གཅིག་བྱོས་ཤིག །
མཆོད་རྟེན་ལྷག་མ་རྣམས་ནི་ང་ཡི་ཕྱིར་གྱིས་ཤིག་ཅེས་མོས་པར་བྱས་སོ། །སྤོབས་པ་ཆེན་པོ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་དེས། ང་ཡི་མཆོད་རྟེན་འདི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་
ན། སངས་རྒྱས་ཀྱི་ཞིང་གང་དང་གང་དུ་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་རབ་ཏུ་སྟོན་པ་དེ་དང་དེ་དག་ཏུ། ངའི་ལུས་གཟུགས་ཀྱི་མཆོད་རྟེན་འདི་མངོན་པར་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དང་དེ་དག་དམ་པའི་ཆོས་པད་མ་དཀར་པོའི་ཆོས་
ཀྱི་རྣམ་གྲངས་འདི་འཆད་པ་ན། འཁོར་གྱི་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་འདུག་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དང་དེ་དག་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་སྟོན་པ་ལ་ངའི་ལུས་གཟུགས་ཀྱིས་ལེགས་སོ། །ཞེས་བྱ་བ་སྦྱིན་ནོ་ཞེས་དེ་ལྟར་
เล่ม ๕๑ · หน้า 90b
བྱིན་གྱིས་བརླབས་སོ། །སྤོབས་པ་ཆེན་པོ་དེའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་དེའི་སྐུ་གདུང་གི་མཆོད་རྟེན་འདི། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་
འདི་ངས་བཤད་པ་ན། འཁོར་གྱི་དཀྱིལ་འཁོར་འདིའི་དབུས་ནས་མངོན་པར་བྱུང་སྟེ། སྟེང་གི་ནམ་མཁའ་བར་སྣང་ལ་འདུག་ནས་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་བདག་ཅག་བཅོམ་ལྡན་འདས་ཀྱི་མཐུས་དེ་བཞིན་གཤེགས་པའི་སྐུ་འདི་བལྟའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤོབས་པ་ཆེན་པོ་བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་དེའི་སྨོན་ལམ་ལྕི་བར་གྱུར་ཏོ། །དེའི་སྨོན་ལམ་ནི་འདི་ལྟ་སྟེ། གང་གི་ཚེ་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་
གྲངས་འདི་འཆད་པ་དེའི་ཚེ། ང་ཡི་ལུས་གཟུགས་ཀྱི་མཆོད་རྟེན་འདི་དམ་པའི་ཆོས་པད་མ་དཀར་པོ་འདི་མཉན་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་གན་དུ་འགྲོ་བར་གྱུར་ཅིག །གང་གི་ཚེ་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་འཁོར་བཞི་ལ་ང་ཡི་ལུས་གཟུགས་ཕྱེ་སྟེ་
བསྟན་པར་འདོད་པར་གྱུར་ན། དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སོ་སོ་ན་དེ་བཞིན་གཤེགས་པའི་སྐུ་ལུས་སྤྲུལ་པ་མིང་ཐ་དད་པ་གང་དག་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ན་ཆོས་སྟོན་པ་དེ་དག་ཐམས་ཅད་སོགས་ལ་དེའི་འོག་ཏུ། དེ་བཞིན་
གཤེགས་པའི་སྐུ་ལུས་སྤྲུལ་པ་དེ་དག་དང་ལྷན་ཅིག་ཏུ་ང་ཡི་ལུས་གཟུགས་ཀྱི་མཆོད་རྟེན་འདི་ཕྱེ་སྟེ་འཁོར་བཞི་ལ་བསྟན་པར་བྱའོ། །ཞེས་སྨོན་ལམ་བཏབ་བོ། །སྤོབས་པ་ཆེན་པོ་དེའི་ཕྱིར་ངས་དེ་བཞིན་གཤེགས་པའི་གཟུགས་སྤྲུལ་པ་མང་པོ་གང་དག་ཕྱོགས་བཅུའི་སངས་རྒྱས་
เล่ม ๕๑ · หน้า 91a
ཀྱི་ཞིང་འཇིག་རྟེན་གྱི་ཁམས་གཞན་དང་གཞན་སྟོང་དག་ན་སེམས་ཅན་རྣམས་ལ་ཆོས་སྟོན་པ་དེ་དག་ཐམས་ཅད་འདིར་བསྡུ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་དེ་བཞིན་གཤེགས་པའི་སྐུ། དེ་བཞིན་གཤེགས་པས་སྤྲུལ་པ་དེ་དག་ཐམས་ཅད་ལ་བདག་ཅག་གིས་ཕྱག་བགྱིའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཞལ་གྱི་མཛོད་སྤུ་ནས་འོད་ཟེར་བཏང་སྟེ། འོད་ཟེར་བཏང་མ་ཐག་ཏུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་
བརྒྱ་སྟོང་ཕྲག་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་ཐམས་ཅད་སྣང་ངོ་། །སངས་རྒྱས་ཀྱི་ཞིང་དེ་དག་ནི་ཤེལ་གྱི་གཞི་ལ་རིན་པོ་ཆེའི་ཤིང་ལྗོན་པས་བརྒྱན་པ། རས་བཅོས་བུ་དང་དར་གྱི་ལྡ་ལྡིས་ལེགས་པར་བརྒྱན་པ་བྱང་
ཆུབ་སེམས་དཔའ་བརྒྱ་སྟོང་མང་པོས་ཡོངས་སུ་གང་བ། བླ་རེ་བྲེས་པ་རིན་པོ་ཆེ་སྣ་བདུན་དང་གསེར་གྱི་དྲ་བས་གཡོགས་པར་སྣང་ངོ་། །དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་དེ་དག་དབྱངས་སྙན་ཅིང་འཇམ་པས་སེམས་ཅན་རྣམས་ལ་ཆོས་སྟོན་པར་སྣང་ངོ་། །སངས་རྒྱས་ཀྱི་ཞིང་དེ་དག་
བྱང་ཆུབ་སེམས་དཔའ་བརྒྱ་སྟོང་གིས་ཡོངས་སུ་གང་བར་སྣང་ངོ་། །དེ་བཞིན་དུ་ཤར་ལྷོའི་ཕྱོགས་དང་། དེ་བཞིན་དུ་ལྷོའི་ཕྱོགས་དང་། དེ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་དང་། དེ་བཞིན་དུ་ནུབ་ཀྱི་ཕྱོགས་དང་། དེ་བཞིན་དུ་ནུབ་བྱང་གི་ཕྱོགས་དང་། དེ་བཞིན་དུ་བྱང་གི་ཕྱོགས་དང་། དེ་
བཞིན་དུ་བྱང་ཤར་གྱི་ཕྱོགས་དང་། དེ་བཞིན་དུ་སྟེང་གི་ཕྱོགས་དང་། དེ་བཞིན་དུ་འོག་གི་ཕྱོགས་ཏེ། ཕྱོགས་བཅུ་ཐམས་ཅད་ཀྱི་ཕྱོགས་རེ་རེ་ན་ཡང་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་བྱེ་བ་
ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་གང་དག་བཞུགས་པ་དེ་དག་ཐམས་ཅད་སྣང་ངོ་། །དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་རང་རང་གི་བྱང་ཆུབ་སེམས་དཔའི་ཚོགས་ལ་བཀའ་སྩལ་པ། རིགས་
เล่ม ๕๑ · หน้า 91b
ཀྱི་བུ་དག་ངེད་ནི་དེ་བཞིན་གཤེགས་པ་རིན་ཆེན་མང་གི་སྐུ་གདུང་གི་མཆོད་རྟེན་ལ་ཕྱག་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་མི་མཇེད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་གན་དུ་འདོང་ངོ་། །དེ་ནས་སངས་རྒྱས་བཅོམ་
ལྡན་འདས་དེ་དག་བདག་བདག་གི་ཞབས་འབྲིང་བ་དང་ལྷན་ཅིག་ཏུ་བདག་དང་གཉིས་སམ་བདག་དང་གསུམ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་གཤེགས་སོ། །འདི་ལྟར་དེའི་ཚེ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་མི་མཇེད་འདི་རིན་པོ་ཆེའི་ཤིང་ལྗོན་པས་རབ་ཏུ་བརྒྱན་པར་གྱུར་
ཏོ། །བཻ་དཱུརྱའི་གཞི་ལ་རིན་པོ་ཆེ་སྣ་བདུན་དང་གསེར་གྱི་དྲ་བ་བྲེས་པ། རིན་པོ་ཆེ་ཆེན་པོའི་སྤོས་དང་བདུག་པས་བདུག་པ། མེ་ཏོག་མན་དཱ་ར་བ་དང་མན་དཱ་ར་བ་ཆེན་པོས་ཀུན་ཏུ་བཀྲམ་པ། དྲིལ་བུ་གཡེར་ཀའི་དྲ་བས་བརྒྱན་པ། གསེར་གྱི་སྐུད་པས་མིག་མངས་རིས་སུ་བྲིས་
པར་གྱུར་ཏེ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཀྱང་མེད་པར་གྱུར། རི་ནག་པོ་ཡང་མེད་པར་གྱུར། རི་བཏང་བཟུང་དང་བཏང་བཟུང་ཆེན་པོ་ཡང་མེད་པར་གྱུར། རི་ཁོར་ཡུག་དང་ཁོར་ཡུག་ཆེན་པོ་
ཡང་མེད་པར་གྱུར། རིའི་རྒྱལ་པོ་རི་རབ་ཀྱང་མེད་པར་གྱུར། རི་ཆེན་པོ་དང་རི་གཞན་ཡང་མེད་པར་གྱུར། རྒྱ་མཚོ་ཆེན་པོ་ཡང་མེད་པར་གྱུར། འབབ་ཆུ་དང་འབབ་ཆུ་ཆེན་པོ་ཡང་མེད་པར་ཡོངས་སུ་གནས་པར་གྱུར་ཏོ། །ལྷ་དང་མི་དང་ལྷ་མ་ཡིན་གྱི་ཚོགས་ཀྱང་མེད་པར་གྱུར།
སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་ཡང་མེད་པར་གྱུར་ཏོ། །འདི་ལྟར་དེའི་ཚེ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འགྲོ་བ་དྲུག་ཏུ་སྐྱེས་པའི་སེམས་ཅན་དེ་དག་ཐམས་ཅད་ཀུན་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་བཀོད་པར་གྱུར་ཏོ། །གང་དག་འཁོར་
དེར་འདུས་པ་དེ་དག་ནི་མ་གཏོགས་སོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཞབས་འབྲིང་བ་དང་གཉིས་སམ་ཞབས་འབྲིང་བ་དང་གསུམ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་གཤེགས་སོ། །དེ་བཞིན་གཤེགས་པ་གཤེགས་ཤིང་བྱོན་པ་དེ་དག་རིན་པོ་ཆེའི་ཤིང་ལྗོན་
เล่ม ๕๑ · หน้า 92a
པའི་དྲུང་ན་གནས་ཤིང་བཞུགས་ཏེ། རིན་པོ་ཆེའི་ཤིང་ལྗོན་པ་རེ་རེའི་འཕང་ཡང་དཔག་ཚད་ལྔ་བརྒྱ་པར་གྱུར་ཏེ། ཡལ་ག་དང་། ལོ་མ་དང་། འདབ་མ་དང་། སྦོམས་ནི་རི་བཞིན། མེ་ཏོག་དང་འབྲས་བུས་ནི་རབ་ཏུ་བརྒྱན་པ་སྟེ། རིན་པོ་ཆེའི་ཤིང་ལྗོན་
པ་རེ་རེའི་དྲུང་ན་ཡང་སེང་གེའི་ཁྲི་འཕང་དུ་དཔག་ཚད་ལྔ་བརྒྱ་པ། རིན་པོ་ཆེ་ཆེན་པོས་བརྒྱན་པ་བཤམས་པ་དེ་ལ་དེ་བཞིན་གཤེགས་པ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པར་གྱུར་ཏོ། །རྣམ་གྲངས་འདིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ན་རིན་པོ་
ཆེའི་ཤིང་ལྗོན་པ་ཐམས་ཅད་ཀྱི་དྲུང་ན། དེ་བཞིན་གཤེགས་པ་རྣམས་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པར་གྱུར་ཏོ། །དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད། དེ་བཞིན་གཤེགས་པས་རབ་ཏུ་གང་བར་གྱུར་ཀྱང་། བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྐུ་སྤྲུལ་པ་ཕྱོགས་གཅིག་ནས་ཀྱང་ཐམས་ཅད་ཚོགས་པ་ནི་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་དེ་བཞིན་གཤེགས་པའི་སྐུ་གཤེགས་ཤིང་བྱོན་པ་དེ་དག་གི་གོ་
མངོན་པར་སྤྲུལ་ཏེ་ཕྱོགས་བཅུ་ཐམས་ཅད་དུ། སངས་རྒྱས་ཀྱི་ཞིང་། བྱེ་བ་སྟོང་ཕྲག་ཉི་ཤུ་ཐམས་ཅད་བཻ་དཱུརྱ་ལས་ནི་བྱས། རིན་པོ་ཆེ་སྣ་བདུན་དང་གསེར་གྱི་དྲ་བ་ནི་བྲེས་དྲིལ་བུ་གཡེར་ཀའི་དྲ་བས་ནི་བརྒྱན། མེ་ཏོག་མན་དཱ་ར་བ་དང་མན་དཱ་ར་བ་ཆེན་པོ་ནི་ཀུན་ཏུ་བཀྲམ།
ལྷའི་བླ་རེ་ནི་བྲེས། ལྷའི་མེ་ཏོག་གི་ཕྲེང་བ་ནི་དཔྱངས། ལྷའི་སྤོས་དང་བདུག་པས་ནི་བདུགས་ཏེ། སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་ཉི་ཤུ་པོ་དེ་དག་ཐམས་ཅད་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་།
རྒྱལ་པོའི་ཕོ་བྲང་འཁོར་ཀྱང་མེད། རི་ནག་པོ་ཡང་མེད། རི་བཏང་བཟུང་དང་། བཏང་བཟུང་ཆེན་པོ་ཡང་མེད། རི་ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་ཡང་མེད། རིའི་རྒྱལ་པོ་རི་རབ་ཀྱང་མེད། རི་ཆེན་པོ་དང་རི་གཞན་ཡང་མེད། རྒྱ་མཚོ་ཆེན་པོ་ཡང་
เล่ม ๕๑ · หน้า 92b
མེད་པར་གྱུར་ཅིང་། འབབ་ཆུ་དང་། འབབ་ཆུ་ཆེན་པོ་ཡང་མེད་པར་ཡོངས་སུ་གཞག་གོ། །ལྷ་དང་མི་དང་ལྷ་མ་ཡིན་གྱི་ཚོགས་ཀྱང་མེད་པར་གྱུར། སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་ཡང་མེད་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་དེ་ཐམས་
ཅད་སངས་རྒྱས་ཀྱི་ཞིང་གཅིག་དང་མཚུངས་ཤིང་ཕྱོགས་གཅིག་དང་འདྲ་བར་ཡོངས་སུ་གནས་པར་གྱུར་ཏེ། མཉམ་ཞིང་ཉམས་དགའ་ལ། རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་དག་གིས་བརྒྱན་པར་གྱུར་ཏེ། ཤིང་ལྗོན་པ་དེ་དག་འཕང་དུ་ནི་དཔག་ཚད་ལྔ་བརྒྱ་པ་སྦོམས་སུ་ནི་རི་
བཞིན། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་ནི་ལྡན་ནོ། །རིན་པོ་ཆེའི་ཤིང་ལྗོན་པ་ཐམས་ཅད་ཀྱི་དྲུང་ན། སེང་གེའི་ཁྲི་ཁོར་ཡུག་ཏུ་ནི་དཔག་ཚད་ལྔ་བརྒྱ་པ། ལྷའི་རིན་པོ་ཆེ་ལས་བྱས་པ། བཀྲ་བ་བལྟ་ན་སྡུག་པ། བཤམས་པར་
གྱུར་ཏེ། དེ་བཞིན་གཤེགས་པ་གཤེགས་ཤིང་བྱོན་པ་རྣམས། ཤིང་དྲུང་དེ་དག་ན་སེང་གེའི་ཁྲི་དག་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །རྣམ་གྲངས་འདིས་གཞན་ཡང་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ཕྲག་ཉི་ཤུ་དེ་བཞིན་གཤེགས་པ་ཤཱཀྱ་
ཐུབ་པས་ཡོངས་སུ་གང་བར་མཛད་དོ། །དེ་བཞིན་གཤེགས་པ་བྱོན་ཅིང་གཤེགས་པ་དེ་དག་གི་གོ་དབྱེ་བའི་ཕྱིར། གཞན་ཡང་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ཕྲག་ཉི་ཤུར་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་། ཡུལ་འཁོར་དང་། རྒྱལ་
པོའི་ཕོ་བྲང་འཁོར་ཀྱང་མེད་པར་གྱུར། རི་ནག་པོ་ཡང་མེད་པར་གྱུར་རི་བཏང་བཟུང་དང་བཏང་བཟུང་ཆེན་པོ་ཡང་མེད་པར་གྱུར། རི་ཁོར་ཡུག་དང་རི་ཁོར་ཡུག་ཆེན་པོ་ཡང་མེད་པར་གྱུར། རིའི་རྒྱལ་པོ་རི་རབ་ཀྱང་མེད་པར་གྱུར། རི་ཆེན་པོ་གཞན་ཡང་མེད་པར་གྱུར་རྒྱ་མཚོ་ཆེན་པོ་ཡང་མེད་པར་
གྱུར་འབབ་ཆུ་དང་འབབ་ཆུ་ཆེན་པོ་ཡང་མེད་པར་ཡོངས་སུ་གཞག་གོ། །ལྷ་དང་མི་དང་ལྷ་མ་ཡིན་གྱི་ཚོགས་ཀྱང་མེད་པར་གྱུར། སེམས་ཅན་དམྱལ་བ་དང་། དུར་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཡང་མེད་པར་གྱུར་ཏེ། སེམས་ཅན་དེ་དག་ཐམས་
เล่ม ๕๑ · หน้า 93a
ཅད་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་བཀོད་དོ། །སངས་རྒྱས་ཀྱི་ཞིང་དེ་དག་ནི་བཻ་དཱུརྱ་ལས་གྲུབ་པ་རིན་པོ་ཆེ་སྣ་བདུན་དང་གསེར་གྱི་དྲ་བས་བྲེས་པ། དྲིལ་བུ་གཡེར་ཀའི་དྲ་བས་བརྒྱན་པ། མེ་ཏོག་མན་དཱ་ར་བ་དང་མན་དཱ་ར་བ་ཆེན་པོས་ཀུན་ཏུ་བཀྲམ་པ།
ལྷའི་བླ་རེ་བྲེས་པ། ལྷའི་མེ་ཏོག་གི་ཕྲེང་བ་མངོན་པར་དཔྱངས་པ། ལྷའི་སྤོས་དང་བདུག་པས་བདུགས་པ། རིན་པོ་ཆེའི་ཤིང་ལྗོན་པས་མཛེས་པར་བྱས་པ་སྟེ། རིན་པོ་ཆེའི་ཤིང་ལྗོན་པ་དེ་དག་ཐམས་ཅད་ཀྱི་ཚད་ཀྱང་དཔག་ཚད་ལྔ་བརྒྱ་པའོ། །སེང་གེའི་ཁྲི་དཔག་ཚད་ལྔ་
བརྒྱ་པ་དེ་དག་ཀྱང་མངོན་པར་སྤྲུལ་ཏེ། རིན་པོ་ཆེའི་ཤིང་ལྗོན་པའི་དྲུང་དག་ན། སོ་སོའི་སེང་གེའི་ཁྲི་ལ་དེ་བཞིན་གཤེགས་པ་དེ་དག་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །ཡང་དེའི་ཚེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སྤྲུལ་པའི་དེ་བཞིན་གཤེགས་པ། གང་
དག་ཤར་ཕྱོགས་ན། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་ཆོས་སྟོན་པ་དེ་དག་ཐམས་ཅད་གཤེགས་སོ། །དེ་བཞིན་དུ་ཕྱོགས་བཅུ་ནས་གཤེགས་ཤིང་བྱོན་པ་དེ་དག་ནི་ཕྱོགས་བརྒྱད་ན་བཞུགས་པར་གྱུར་ཏོ། །དེའི་ཚེ་ཕྱོགས་བརྒྱད་ནས་
གཤེགས་པའི་དེ་བཞིན་གཤེགས་པ་དེ་དག་གི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་སུམ་ཅུ་ཀུན་ཏུ་ནོན་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་རང་རང་གི་སེང་གེའི་ཁྲི་ལ་བཞུགས་ནས། རང་རང་གི་ཞབས་འབྲིང་བ་དག་བཅོམ་ལྡན་འདས་
ཤཱཀྱ་ཐུབ་པའི་ཐད་དུ་བཀྱེ་སྟེ། རིན་པོ་ཆེའི་མེ་ཏོག་གི་ཕུར་མ་བསྐུར་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཀྱི་ཕུང་པོའི་རི་ལ་སོང་སྟེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་ཕྱག་འཚོལ་ལ། ངའི་ཚིག་གིས་བྱང་ཆུབ་སེམས་དཔའི་ཚོགས་དང་། ཉན་ཐོས་ཀྱི་ཚོགས་དང་བཅས་པ་ལ། གནོད་པ་ཉུང་ངམ། སྙུན་ཉུང་ངམ། སྟོབས་དང་ལྡན་ནམ། བདེ་བར་རེག་པ་ལ་གནས་སམ་
เล่ม ๕๑ · หน้า 93b
ཞེས་དྲིས་ལ། རིན་པོ་ཆེའི་ཕུང་པོ་འདིས་གཏོར་ཏེ་འདི་སྐད་ཅེས། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་མཆོད་རྟེན་ཆེན་པོ་འདི་དབྱེ་བར་དད་པ་དབུལ་ལོ། །ཞེས་གསོལ་ཅིང་། དེ་ལྟར་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་རང་
རང་གི་ཞབས་འབྲིང་བ་བཀྱེའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་དེའི་དུས་ན། བདག་གིས་སྤྲུལ་པ་མ་ལུས་པར་ཚོགས་པར་མཁྱེན། སོ་སོར་སེང་གེའི་ཁྲི་དག་ལ་བཞུགས་པར་མཁྱེན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་ཞབས་འབྲིང་བ་ལྷགས་པར་མཁྱེན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་དད་པ་ཕུལ་བར་མཁྱེན་ནས། དེའི་ཚེ་རང་གི་ཆོས་ཀྱི་གདན་ལས་བཞེངས་ཏེ་ནམ་མཁའ་
བར་སྣང་ལ་བཞུགས་སོ། །འཁོར་བཞི་པོ་དེ་དག་ཐམས་ཅད་ཀྱང་སྟན་ལས་ལངས་ནས། ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ལྟ་ཞིང་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིན་པོ་ཆེའི་མཆོད་རྟེན་ཆེན་པོ་ནམ་མཁའ་ལ་འདུག་པ་དེ། ཕྱག་གཡས་པའི་སོར་མོས་
དབུས་ནས་ཕྱེའོ། ཕྱེ་ནས་ལོགས་གཉིས་སོ་སོར་གདངས་སོ། །འདི་ལྟ་སྟེ་དཔེར་ན། གྲོང་ཁྱེར་ཆེན་པོའི་སྒོ་འཕར་ཆེན་པོ་བཅད་པའི་གཏན་པ་ཕྱུང་ནས། སོ་སོར་དབྱེ་བ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེའི་མཆོད་རྟེན་ཆེན་པོ་དེ་ཕྱག་གཡས་
པའི་སོར་མོས་དབུས་ནས་ཕྱེ་སྟེ། ས་ལེར་མཛད་དོ། །དེ་བཞིན་གཤེགས་པའི་རིན་པོ་ཆེའི་མཆོད་རྟེན་ཆེན་པོ་དེ་ཕྱེ་མ་ཐག་ཏུ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་སེང་གེའི་
ཁྲི་ལ་བཞུགས་ཏེ། སྐྱིལ་མོ་ཀྲུང་བཅས་ནས་སྐུ་ཀུན་བསྐམས་ཤིང་སྐུ་མ་གཡོས་པར། ཇི་ལྟར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེ་བཞིན་དུ་སྣང་སྟེ། འདི་སྐད་ཅེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཁྱོད་ཀྱིས། དམ་པའི་ཆོས་པད་མ་དཀར་
เล่ม ๕๑ · หน้า 94a
པོའི་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བཤད་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཁྱོད་ཀྱིས་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ཡང་ལེགས་སོ། །བཅོམ་ལྡན་འདས་དམ་པའི་ཆོས་
པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པའི་ཕྱིར། ཁོ་བོ་འདིར་འོངས་སོ་ཞེས་གསུང་ངོ་། །དེ་ནས་འཁོར་བཞི་པོ་དེ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་བསྐལ་པ་བྱེ་བ་ཁྲག་
ཁྲིག་བརྒྱ་སྟོང་ཕྲག་མང་པོ་ནས། ཡོངས་སུ་མྱ་ངན་ལས་འདས་པ་དེ་སྐད་གསུངས་པ་ཐོས་ནས། ངོ་མཚར་དང་རྨད་དུ་གྱུར་ཏེ། དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་དང་། བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ལྷ་དང་། མིའི་རིན་པོ་ཆེའི་ཕུང་པོས་མངོན་པར་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་རིན་ཆེན་མང་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སེང་གེའི་ཁྲི་དེའི་ཕྱེད་བདར་ཏེ། རིན་པོ་ཆེའི་མཆོད་རྟེན་ཆེན་པོ་དེའི་ནང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
ཤཱཀྱ་ཐུབ་པ་འདིར་བཞུགས་ཞེས་དེ་སྐད་གསུང་ངོ་། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་གདན་དེའི་ཕྱེད་ལ་བཞུགས་སོ། །དེ་བཞིན་གཤེགས་པ་དེ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་གཉི་ག་རིན་པོ་ཆེའི་མཆོད་རྟེན་ཆེན་པོ་དེའི་དབུས་ན།
སེང་གེའི་ཁྲི་ལ་བཞུགས་ནས། ནམ་མཁའ་བར་སྣང་ལ་གནས་པར་སྣང་ངོ་། །དེ་ནས་འཁོར་བཞི་པོ་དེ་དག་འདི་སྙམ་དུ་བདག་ཅག་དེ་བཞིན་གཤེགས་པ་འདི་དག་དང་ཐག་རིང་ན་བདག་ཅག་ཀྱང་དེ་བཞིན་གཤེགས་པའི་མཐུས། ནམ་མཁའ་ལ་འཕགས་པར་བྱའོ་
เล่ม ๕๑ · หน้า 94b
སྙམ་དུ་སེམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དེ་དག་གི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་ཐུགས་སུ་ཆུད་ནས། དེའི་དུས་ན་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཁོར་བཞི་པོ་དེ་དག་ནམ་མཁའ་བར་སྣང་ལ་བཀོད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་ཤཱཀྱ་ཐུབ་པས་དེའི་ཚེ་འཁོར་བཞི་པོ་དེ་དག་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱི་ནང་ན་འཇིག་རྟེན་གྱི་ཁམས་མི་མཇེད་འདིར། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་འཆད་པར་སྤྲོ་བ་སུ་ཡོད། དེ་བཞིན་
གཤེགས་པ་མངོན་སུམ་དུ་བཞུགས་ཏེ། དེའི་དུས་འདིའོ། །དེའི་ཚེ་འདིའོ། །དགེ་སློང་དག་དེ་བཞིན་གཤེགས་པ་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་བཞག་སྟེ། ཡོངས་སུ་མྱ་ངན་ལས་འདའ་བར་འདོད་དོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དགེ་སློང་གང་དག་འདྲེན་པ་དྲང་སྲོང་ཆེ། །མྱ་ངན་འདས་འདི་རིན་ཆེན་མཆོད་རྟེན་འདིར། །བཞུགས་ནས་ཆོས་འདི་གསན་ཅིང་གཤེགས་མཛད་ན། །ཆོས་ཀྱི་ཆེད་དུ་བརྩོན་འགྲུས་སུ་མི་སྐྱེད། །མྱ་ངན་ཡོངས་
འདས་བསྐལ་པ་བྱེ་བ་མང་། །འོན་ཀྱང་ད་དུང་དེ་ནི་ཆོས་གསན་ཏེ། །ཆོས་ཀྱི་ཆེད་དུ་དེ་དང་དེར་ཡང་གཤེགས། །འདི་འདྲའི་ཆོས་འདི་ཤིན་ཏུ་རྙེད་པར་དཀའ། །རྣམ་པར་འདྲེན་པ་འདི་ཡི་སྨོན་ལམ་ནི། །སྲིད་པ་སྔ་མ་དག་ལ་བསྙེན་གྱུར་པས། །མྱ་ངན་འདས་ཀྱང་འཇིག་རྟེན་འདི་ཀུན་ན།
ཕྱོགས་བཅུ་ཐམས་ཅད་དུ་ཡང་ཡོངས་སུ་རྒྱུ། །བྱེ་བ་སྟོང་ཕྲག་གང་གཱའི་བྱེ་མ་སྙེད། །འདི་དག་ཐམས་ཅད་ང་ཡི་ལུས་ཡིན་ཏེ། །མགོན་པོ་མྱ་ངན་འདས་པ་འདི་ལྟ་དང་། །ཆོས་ཀྱི་བྱ་བ་བྱ་ཕྱིར་དེ་དག་ལྷགས། །ཅི་ནས་ཆོས་ཚུལ་ཡུན་རིང་གནས་
འགྱུར་བར། །ཐམས་ཅད་དམ་པའི་ཆོས་འདི་བསྲུང་བའི་ཕྱིར། །ཉན་ཐོས་དེ་བཞིན་མི་དང་ལྷ་ཀུན་དང་། །སོ་སོ་རང་རང་གི་ནི་ཞིང་བོར་ཏེ། །སངས་རྒྱས་འདི་དག་བཞུགས་པར་བྱ་བའི་ཕྱིར། །ངས་ནི་རྫུ་འཕྲུལ་སྟོབས་ཀྱིས་འདི་ལྟ་བུར། །འཇིག་
เล่ม ๕๑ · หน้า 95a
རྟེན་ཁམས་མང་སྟོང་ཕྲག་བྱེ་བ་ནས། །སེམས་ཅན་ཐམས་ཅད་སྤོས་ཤིང་ཡོངས་དག་བྱས། །ཆོས་ཀྱི་ཚུལ་འདི་ཇི་ལྟར་བསྟན་བྱ་ཞེས། །དེ་ལྟ་བུར་ནི་ང་ཡང་ཤིན་ཏུ་བརྩོན། །ཤིང་དབང་དྲུང་ན་སངས་རྒྱས་ཚད་མེད་པ། །ཇི་ལྟར་པད་མའི་ཕུང་
པོ་བཞིན་དུ་བཞུགས། །བྱེ་བ་ཕྲག་ནི་མི་ཉུང་ཤིང་དྲུང་ན། །སེང་གེའི་ཁྲི་ལ་འདྲེན་པ་བཞུགས་པ་ནི། །རབ་ཏུ་མཛེས་པར་རྟག་ཏུ་དེར་བཞུགས་ཏེ། །མུན་ནག་ཆེན་པོའི་ནང་ན་མེ་བཞིན་ནོ། །འཇིག་རྟེན་རྣམ་འདྲེན་རྣམས་ཀྱི་ཡིད་འོང་དྲི། །ཕྱོགས་བཅུ་རྣམས་སུ་
རབ་ཏུ་ལྡང་བ་དེ། །སེམས་ཅན་འདི་དག་ཀུན་དང་འདྲེས་པར་གྱུར། །རླུང་རྣམས་འདིར་ནི་རྟག་པར་ལངས་པ་བཞིན། །ང་ནི་མྱ་ངན་འདས་ནས་གང་། །ཆོས་ཀྱི་རྣམ་གྲངས་འདི་འཛིན་པ། །འཇིག་རྟེན་མགོན་པོའི་སྤྱན་སྔ་འདིར། །ཚིག་ནི་མྱུར་དུ་སྨྲ་བར་
གྱིས། །སངས་རྒྱས་མྱ་ངན་ཡོངས་འདས་པ། །ཐུབ་པ་རིན་ཆེན་མང་པོ་ཡང་། །འདི་ལ་སྤྲོ་བར་སུ་བྱེད་པ། །དེ་ཡི་སེང་གེའི་སྒྲ་གསན་ཏོ། །གཉིས་པ་ང་དང་འདྲེན་པ་བྱེ་བ་ཕྲག །མང་པོ་གང་དག་ལྷགས་པ་འདི་དག་ཀྱང་། །གང་རྣམས་ཆོས་འདི་བཤད་
པར་སྤྲོ་བ་ཡི། །རྒྱལ་བའི་སྲས་ཀྱི་བརྩོན་པ་ཉན་པར་བྱེད། །འདི་ལྟ་བུ་ཡི་ཆོས་འདི་མཉན་པའི་ཕྱིར། །ཕྱོགས་དང་ཕྱོགས་མཚམས་རྟག་ཏུ་སུ་འགྲོ་བ། །དེས་ནི་ང་དང་རིན་ཆེན་མང་བ་ཡི། །རྒྱལ་བ་རང་བྱུང་རྟག་ཏུ་མཆོད་པ་ཡིན། །མདོ་སྡེ་རབ་ཏུ་བསྟན་པས་
འཇིག་རྟེན་མགོན། །གང་འདི་ལྷགས་པར་གྱུར་ཅིང་གང་དག་གིས། །ས་འདི་བཀྲ་མཛེས་བྱས་པ་དེ་ཀུན་ལ། །མཆོད་པ་རྒྱ་ཆེ་མི་ཆུང་བྱས་པར་འགྱུར། །མཆོད་རྟེན་ནང་བཞུགས་བཅོམ་ལྡན་འདས་འདི་དང་། །ང་ཡང་སྟན་གྱི་སྟེང་ན་འདུག་པ་དང་། །ཞིང་
བརྒྱ་དུ་མ་དག་ནས་གང་ལྷགས་པ། །འཇིག་རྟེན་མགོན་གཞན་མང་པོ་འདི་མཐོང་བ། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །རིགས་ཀྱི་བུ་དག་ཁྱེད་ཅག་སོམས། །ཤིན་ཏུ་བྱ་དཀའ་གནས་འདི་ལ། །རྣམ་པར་འདྲེན་པས་སྤྲོ་བར་མཛད། །མདོ་སྡེ་སྟོང་ཕྲག་
เล่ม ๕๑ · หน้า 95b
མང་པོ་དག །གང་གཱའི་བྱེ་མ་ཇི་བཞིན་པ། །དེ་དག་གང་ཞིག་སྟོན་བྱེད་པ། །དེ་ནི་དཀའ་བ་མ་ཡིན་ནོ། །གང་གི་ལག་གིས་རི་རབ་རི། །ཆང་པར་བླངས་པར་བྱས་ནས་སུ། །ཞིང་རྣམས་བྱེ་བར་འཕེན་བྱེད་པ། །དེ་ནི་དཀའ་བ་མ་ཡིན་ནོ། །གང་
གིས་སྟོང་གསུམ་འདི་དག་ཀྱང་། །རྐང་པའི་མཐེ་བོས་བསྐྱོད་ནས་སུ། །ཞིང་རྣམས་བྱེ་བར་འཕེན་པ་ཡང་། །དེ་ནི་དཀའ་བ་མ་ཡིན་ནོ། །མི་གང་སྲིད་པའི་རྩེར་གནས་ནས། །མདོ་སྡེ་གཞན་དག་སྟོང་རྣམས་ཀྱི། །ཆོས་འདི་རབ་ཏུ་འཆད་པ་ཡང་། །
དེ་ནི་དཀའ་བ་མ་ཡིན་ནོ། །འཇིག་རྟེན་དབང་པོ་མྱ་ངན་འདས། །ཕྱི་དུས་ཤིན་ཏུ་མི་བཟད་ལ། །གང་ཞིག་མདོ་སྡེ་འདི་འཛིན་ཏམ། །འཆད་པ་དེ་ནི་ཤིན་ཏུ་དཀའ། །གང་ཞིག་ནམ་མཁའི་ཁམས་ཀུན་ཡང་། །ཆང་པ་གཅིག་གི་ནང་བཅུག་ཅིང་། །
རབ་ཏུ་བཅུག་སྟེ་འགྲོ་བ་ནི། །དེ་ནི་དཀའ་བ་མ་ཡིན་ནོ། །ང་ནི་མྱ་ངན་འདས་པའི་ཚེ། །གང་ཞིག་མདོ་སྡེ་འདི་འདྲ་བ། །ཕྱི་དུས་ཡི་གེར་འདྲིར་འཇུག་པ། །དེ་ནི་ཤིན་ཏུ་དཀའ་བ་ཡིན། །གང་ཞིག་ས་ཡི་ཁམས་རྣམས་ཀུན། །སེན་མོའི་རྩེ་མོར་འཇུག་
བྱེད་ལ། །རབ་ཏུ་བཅུག་ནས་འགྲོ་བྱེད་ཅིང་། །ཚངས་པའི་འཇིག་རྟེན་འཛེག་བྱེད་པ། །འཇིག་རྟེན་ཀུན་གྱི་མདུན་དུ་འདིར། །དེ་ལྟར་དཀའ་བ་བྱས་པ་ཡང་། །དེས་ནི་དཀའ་བ་བྱས་མ་ཡིན། །བརྩོན་འགྲུས་དག་ཀྱང་དེ་ཙམ་མིན། །ང་ནི་མྱ་ངན་འདས་
པའི་ཚེ། །ཕྱི་མའི་དུས་ན་མདོ་སྡེ་འདི། །སུ་ཞིག་སྨྲ་བར་བྱེད་པ་དེ། །དེ་བས་ཤིན་ཏུ་དཀའ་བར་བྱེད། །བསྐལ་པས་བསྲག་པར་མི་གང་ཞིག །རྩྭ་ཡི་ཁུར་བུ་ཐོགས་ནས་སུ། །ཚིག་བཞིན་དུ་ནི་དབུས་འགྲོ་བ། །འཇིག་རྟེན་ན་ནི་དེ་མི་དཀའ། །ང་ནི་མྱ་ངན་
འདས་པའི་ཚེ། །གང་གིས་མདོ་འདི་བཟུང་ནས་ཀྱང་། །སེམས་ཅན་གཅིག་ལའང་ཐོས་བྱེད་པ། །དེ་བས་ཤིན་ཏུ་དཀའ་བ་ཡིན། །ཆོས་ཀྱི་ཕུང་པོ་སྟོང་ཕྲག་ནི། །བརྒྱད་ཅུ་རྩ་བཞི་འཛིན་བྱེད་ཅིང་། །ལུང་བཅས་ཇི་སྐད་གསུངས་པ་བཞིན། །སྲོག་ཆགས་བྱེ་
เล่ม ๕๑ · หน้า 96a
བ་རྣམས་ལ་འཆད། །དེ་ཚེ་གང་ཞིག་དགེ་སློང་རྣམས། །འདུལ་བྱེད་ང་ཡི་ཉན་ཐོས་རྣམས། །མངོན་པར་ཤེས་ལ་བཀོད་པ་ཡང་། །དེ་ནི་དཀའ་བ་མ་ཡིན་ནོ། །གང་ཞིག་མདོ་འདི་འཛིན་པའམ། །དད་དམ་མོས་པར་བྱེད་པ་འམ། །
ཡང་དང་ཡང་དུ་འཆད་བྱེད་པ། །འདི་ནི་དེ་བས་ཤིན་ཏུ་དཀའ། །སྟོང་ཕྲག་བྱེ་བ་མང་པོ་རྣམས། །གང་གཱའི་བྱེ་མ་ཇི་བཞིན་པ། །མངོན་ཤེས་དྲུག་ལྡན་སྐལ་ཆེན་དང་། །དགྲ་བཅོམ་ཉིད་ལ་དགོད་པ་བས། །ང་ནི་མྱ་ངན་འདས་འོག་ཏུ། །གང་
ཞིག་མདོ་མཆོག་འདི་འཛིན་པ། །མི་མཆོག་དེ་ནི་དེ་བས་ཀྱང་། །ཤིན་ཏུ་ལས་མང་བྱེད་པ་ཡིན། །སངས་རྒྱས་ཡེ་ཤེས་ཆེད་ཀྱི་ཕྱིར། །འཇིག་རྟེན་ཁམས་ནི་སྟོང་རྣམས་སུ། །ང་ཡིས་ཤིན་ཏུ་ཆོས་མང་བཤད། །ད་དུང་དུ་ཡང་ང་འཆད་དོ། །འདི་ནི་མདོ་སྡེ་
ཐམས་ཅད་ལས། །མདོ་སྡེ་དམ་པ་མཆོག་ཅེས་བྱ། །མདོ་སྡེ་འདི་ནི་སུ་འཛིན་པ། །དེ་ནི་རྒྱལ་བའི་སྐུ་འཛིན་ཏོ། །རིགས་ཀྱི་བུ་དག་ཕྱི་དུས་ན། །ཁྱེད་ཅག་རྣམས་ལས་གང་སུ་ཞིག །མདོ་སྡེ་འཛིན་པར་སྤྲོ་བ་ཁྱེད། །དེ་བཞིན་གཤེགས་པའི་སྤྱན་སྔར་
སྨྲོས། །ཤིན་ཏུ་གཟུང་དཀའ་མདོ་འདི་ནི། །གང་ཞིག་ཡུད་ཙམ་འཛིན་པ་ཡང་། །འཇིག་རྟེན་མགོན་ལ་རྣམ་ཀུན་ཏུ། །དཀའ་བ་ཆེན་པོ་བྱས་པར་གྱུར། །འཇིག་རྟེན་མགོན་གྱིས་ཐམས་ཅད་དུ། །དེ་ནི་ཤིན་ཏུ་བསྔགས་པ་ཡིན། །ཤིན་ཏུ་དཔའ་
ཞིང་ནུས་པ་སྟེ། །བྱང་ཆུབ་ཏུ་ནི་མངོན་ཤེས་མྱུར། །མདོ་སྡེ་འདི་ནི་སུ་འཛིན་པ། །གཅེས་པ་ཁྱེར་བ་དེ་ཡིན་ཏེ། །འཇིག་རྟེན་མགོན་གྱི་ཐུགས་ཀྱི་སྲས། །དུལ་བའི་ས་ཡང་རྗེས་སུ་ཐོབ། །མི་གཙོ་མྱ་ངན་འདས་པ་ན། །མདོ་སྡེ་འདི་ནི་རབ་སྟོན་པ། །
ལྷ་དང་མིར་བཅས་འཇིག་རྟེན་ན། །དེ་ནི་མིག་ཏུ་གྱུར་པ་ཡིན། །གང་ཞིག་ཕྱི་མའི་དུས་ཀྱི་ཚེ། །མདོ་སྡེ་འདི་ནི་ཡུད་ཙམ་ཞིག །འཆད་པ་བྱེད་པ་མཁས་པ་དེ། །སེམས་ཅན་ཀུན་གྱི་ཕྱག་བྱའི་འོས། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་
เล่ม ๕๑ · หน้า 96b
ཚོགས་མ་ལུས་པ་དང་། ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་བོས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་ཚད་མེད་གྲངས་མེད་པར་ངས་དམ་པའི་ཆོས་པད་མ་དཀར་པོའི་མདོ་ཡོངས་སུ་བཙལ་
ཏེ། སྐྱོ་མ་མྱོང་ལ་ངལ་བ་མེད་པར་གྱུར་ཏོ། །སྔོན་བསྐལ་པ་དུ་མ་ལ་བསྐལ་པ་བརྒྱ་སྟོང་ཕྲག་དུ་མར་ང་རྒྱལ་པོར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས་ངའི་སེམས་ལྡོག་པར་མ་གྱུར་ཏོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་
སུ་རྫོགས་པར་བྱ་བའི་ཕྱིར་བརྩོན་པར་གྱུར་ནས། སྦྱིན་པ་ཚད་མེད་པ་རབ་ཏུ་བྱིན་ཏེ། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། རྡོའི་སྙིང་པོ་དང་། སྤུག་དང་། མུ་ཏིག་དམར་
པོ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་། ཆུང་མ་དང་། བུ་ཕོ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། བདག་གི་ལུས་
ཀྱི་བར་དུ་ཡོངས་སུ་བཏང་སྟེ། ལག་པ་དང་། རྐང་པ་དང་། མགོ་དང་། ཡན་ལག་དང་། ཉིང་ལག་ཐམས་ཅད་དང་། སྲོག་སྦྱིན་པ་པོར་གྱུར་ནས། ང་ནམ་དུ་ཡང་ཀུན་འཛིན་པའི་སེམས་མ་སྐྱེས་སོ། །དེའི་ཚེ་འཇིག་རྟེན་འདི་ཚེ་རིང་པོར་གྱུར་ཏེ། ལོ་
བརྒྱ་སྟོང་དུ་མར་འཚོའོ། །དེའི་ཚེ་ངས་ཆོས་ཀྱི་ཕྱིར་རྒྱལ་པོ་བྱས་ཀྱི། ཡུལ་འཁོར་གྱི་ཕྱིར་ནི་མ་ཡིན་ཏེ། བུ་ཐུ་བོ་དབང་བསྐུར་ནས། ང་ཕྱོགས་བཞིར་ཆོས་ཀྱི་མཆོག་ཚོལ་བ་ལ་བརྩོན་པར་གྱུར་ཏོ། །ངས་དྲིལ་བུ་བརྡུངས་ཏེ། འདི་སྐད་ཅེས། ང་ལ་
སུས་ཆོས་ཀྱི་མཆོག་རབ་ཏུ་བྱིན་པ་དང་། དོན་རྣམ་པར་བཤད་པ་དེའི་བྲན་ངས་བྱའོ་ཞེས་གྲགས་པར་བྱས་སོ། །དེ་ནས་དེའི་ཚེ་དྲང་སྲོང་ཞིག་ཡོད་པ་ང་ལ་འདི་སྐད་ཅེས། རྒྱལ་པོ་ཆེན་པོ་དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བའི་མདོ་མཆོག་གི་ཆོས་བསྟན་པ་ཡོད་དེ།
เล่ม ๕๑ · หน้า 97a
བྲན་དུ་ཁས་ལེན་ན་ཆོས་དེ་ཁོ་བོས་ཁྱོད་ཀྱིས་ཐོས་པར་བྱའོ་ཞེས་ཟེར་བ་དང་། ངས་དྲང་སྲོང་དེའི་ཚིག་དེ་ཐོས་ནས། དགའ་མགུ་རངས་ཡིད་རབ་ཏུ་དགའ་སྟེ། དྲང་སྲོང་དེ་ག་ལ་བ་དེར་བསྙེན་ནས། འདི་སྐད་ཅེས། བྲན་གྱི་ལས་ཅི་བྱེད་པ་
དེ་བྱའོ་ཞེས་སྨྲས་ཏེ། དེ་ལྟར་ང་དྲང་སྲོང་དེའི་བྲན་དུ་ཁས་བླངས་ནས། རྩྭ་དང་། ཤིང་དང་། ཆུ་དང་། རྩ་བ་དང་། རྡོག་གུ་དང་། འབྲས་བུ་ལ་སོགས་པ་ལེན་པའི་ལས་བྱས་ཏེ། ངས་སྒོ་བསྲུང་བ་ཡན་ཆད་བྱས་སོ། །ཉིན་པར་རྣམ་པ་དེ་
ལྟ་བུའི་ལས་བྱས་ནས། མཚན་མོ་མལ་ཁྲིའི་རྐང་པ་ཡང་བཟུང་ངོ་། །འོན་ཀྱང་ངའི་ལུས་ངལ་བར་གྱུར་པ་ཡང་མེད། སེམས་ངལ་བར་གྱུར་པ་ཡང་མེད་དེ། ལས་དེ་ལྟར་བྱས་པས་ལོ་སྟོང་ཚང་བར་འདས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། དེའི་
ཚེ་དོན་འདི་ཡོངས་སུ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བསྐལ་པ་འདས་པ་ཡང་དག་རྗེས་དྲན་ཏེ། །ངས་སྔོན་ཆོས་ཕྱིར་ཆོས་རྒྱལ་གྱུར་པ་ན། །ཆོས་ཀྱི་ཕྱིར་ནི་ང་ཡིས་རྒྱལ་པོ་བྱས། །འདོད་ཕྱིར་མ་ཡིན་ཆོས་མཆོག་དོན་དུའོ། །
གང་ཞིག་ཆོས་སྨྲ་དེ་ཡི་བྲན་བྱ་ཞེས། །ངས་ནི་ཕྱོགས་བཞིར་དེ་སྐད་བསྒྲགས་པར་བྱས། །དེ་ཡི་ཚེ་ན་དྲང་སྲོང་མཁས་ཡོད་པ། །དམ་པ་ཆོས་ཞེས་བྱ་བ་མདོ་སྡེ་སྨྲ། །དེ་ནི་ང་ལ་གལ་ཏེ་ཆོས་འདོད་ན། །བྲན་དུ་ཁས་ལོང་དེ་ནས་ཆོས་བཤད་ཟེར། །
ཚིག་དེ་ཐོས་ནས་ང་ནི་རབ་ཏུ་དགའ། །དེ་ན་བྲན་གྱིས་བྱ་བའི་ལས་དེ་བྱས། །དམ་པའི་ཆོས་ཕྱིར་བྲན་ནི་བྱེད་པ་ན། །ལུས་དང་སེམས་ལ་ངལ་བས་མ་རེག་གོ། །དེ་ཚེ་ང་ནི་སེམས་ཅན་ཕྱིར་སྨོན་གྱི། །བདག་གི་ཕྱིར་མིན་འདོད་ཕྱིར་མ་ཡིན་ཏེ། །ལས་
གཞན་མེད་པར་ཕྱོགས་བཅུ་རྣམས་སུ་རྒྱུ། །བསྐལ་པ་སྟོང་དུ་རྫོགས་པར་མི་སྐྱོ་བར། །ཆོས་ཞེས་བྱ་བ་མདོ་སྡེ་སྙེད་ཀྱི་བར། །རྒྱལ་པོ་དེས་ནི་དེ་སྙེད་བརྩོན་འགྲུས་བརྩམས། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། རྒྱལ་
เล่ม ๕๑ · หน้า 97b
པོར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་འཛིན་ན། དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ན། རྒྱལ་པོར་གྱུར་པ་དེ་ནི་ང་ཡིན་ནོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན། དྲང་སྲོང་དུ་གྱུར་པ་དེ་གཞན་ཡིན་སྙམ་དུ་འཛིན་ན། དེ་ལྟར་མི་
བལྟའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ལྷས་བྱིན་འདི་དེའི་ཚེ། དེའི་དུས་ན་དྲང་སྲོང་དུ་གྱུར་ཏེ། དགེ་སློང་དག་ལྷས་བྱིན་ཡང་ངའི་དགེ་བའི་བཤེས་གཉེན་ནོ། །ལྷས་བྱིན་ལ་བརྟེན་ཏེ། ངས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་སོ། །
བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། འོད་འདོམ་གང་བ་དང་། མདོག་གསེར་གྱི་ཁ་དོག་དང་།
སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། བསྡུ་བའི་དངོས་པོ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྫུ་འཕྲུལ་གྱི་སྟོབས་ཆེན་པོ་དང་། ཕྱོགས་བཅུའི་སེམས་ཅན་བསྒྲལ་བ་དེ་ཐམས་ཅད་ཀྱང་ལྷས་བྱིན་ལ་བརྟེན་ཏེ་རྫོགས་
པར་བྱས་སོ། །དགེ་སློང་དག་ཁྱེད་མོས་པར་བྱའོ། །ཁོང་དུ་ཆུད་པར་བྱའོ། །དགེ་སློང་དག་ལྷས་བྱིན་འདི་མ་འོངས་པའི་དུས་བསྐལ་པ་ཚད་མེད་གྲངས་མེད་པ་ན། འཇིག་རྟེན་གྱི་ཁམས་ལྷའི་ཐེམ་སྐས་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་ལྷའི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །དགེ་སློང་དག་དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ་དེའི་ཚེའི་ཚད་ནི་བར་གྱི་བསྐལ་པ་ཉི་ཤུར་འགྱུར་རོ། །ཆོས་ཀྱང་རྒྱས་པར་སྟོན་པར་འགྱུར་རོ། །སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་
དག་ནི་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །སེམས་ཅན་དུ་མ་ནི་རང་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ། །སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
เล่ม ๕๑ · หน้า 98a
བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཞིང་ཕྱིར་མི་ལྡོག་པའི་བཟོད་པ་ཡང་ཐོབ་པར་འགྱུར་རོ། །དགེ་སློང་དག་དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་ནས། དམ་པའི་ཆོས་བར་གྱི་བསྐལ་པ་ཉི་ཤུར་གནས་སོ། །དེའི་སྐུ་
གདུང་གི་རིང་བསྲེལ་ནི་འགྱེས་པར་མི་འགྱུར་ཞིང་དེའི་སྐུ་གདུང་གཅིག་ཏུ་འདུས་པར་འགྱུར་ཏེ། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དུ་བཅུག་ནས། མཆོད་རྟེན་དེ་ཡང་འཕང་དུ་ནི་དཔག་ཚད་དྲུག་ཅུ། རྒྱར་ནི་དཔག་ཚད་བཞི་བཅུ་པར་འགྱུར་རོ། །དེ་ལ་མི་དང་ལྷ་ཐམས་
ཅད་ཀྱིས་སྤོས་དང་། བདུག་པ་དང་། མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་ལ་སོགས་པས་མཆོད་པ་བྱེད་པར་འགྱུར་རོ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་པར་
འགྱུར་རོ། །གང་དག་མཆོད་རྟེན་དེ་ལ་སྐོར་བ་བྱེད་པ་འམ། འདུད་པ་དེ་དག་ཀྱང་ལ་ལ་ནི་འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །ལ་ལ་ནི་རང་བྱང་ཆུབ་ཐོབ་པར་འགྱུར་རོ། །ལྷ་དང་མི་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་པ་དག་
ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མ་འོངས་པའི་དུས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དམ་པའི་
ཆོས་པད་མ་དཀར་པོའི་མདོའི་ལེའུ་འདི་ཉན་པ་དང་། ཐོས་ནས་སོམ་ཉི་མི་ཟ་བ་དང་། རྣམ་པར་དག་པའི་སེམས་ཀྱིས་མོས་པ་དེ་དག་གིས་ངན་འགྲོ་གསུམ་གྱི་སྒོ་བཅད་པར་འགྱུར་ཏེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་
རྟེན་དུ་སྐྱེ་བར་མི་འགྱུར་རོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་ན་ཡང་ཚེ་རབས་ཚེ་རབས་སུ་མདོ་སྡེ་འདི་ཐོས་པར་འགྱུར་རོ། །ལྷ་དང་མིའི་འཇིག་རྟེན་དུ་སྐྱེས་ན་ཡང་དེས་གནས་ཁྱད་པར་ཅན་ཐོབ་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གང་དུ་སྐྱེ་བ་དེར་ཡང་དེ་བཞིན་
เล่ม ๕๑ · หน้า 98b
གཤེགས་པའི་སྤྱན་སྔར་རིན་པོ་ཆེ་སྣ་བདུན་གྱི་པད་མའི་ནང་ནས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །དེ་ནས་དེའི་ཚེ་འོག་གི་ཕྱོགས་ནས་དེ་བཞིན་གཤེགས་པ་རིན་ཆེན་མང་གི་སངས་རྒྱས་ཀྱི་ཞིང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་བརྩེགས་ཞེས་བྱ་བ་
འོངས་པ་དེས། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉིད་ཀྱི་སངས་རྒྱས་ཀྱི་ཞིང་དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་ཤེས་རབ་
བརྩེགས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། ཡུད་ཙམ་ཞིག་སྡོད་ཅིག །ང་ཡི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཆོས་རྣམ་པར་གཏན་ལ་དབབ་པ་འགའ་ཞིག་གྱིས་ལ། ཕྱིས་བདག་གི་སངས་
རྒྱས་ཀྱི་ཞིང་དུ་སོང་ཤིག །དེ་ནས་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པ་པད་མ་འདབ་མ་སྟོང་ཡོད་པ། ཚད་ཤིང་རྟའི་འཕང་ལོ་ཙམ་ལ་འདུག་སྟེ། བྱང་ཆུབ་སེམས་དཔའ་དུ་མས་ཡོངས་སུ་བསྐོར་ནས། རྒྱལ་མཚོའི་ནང་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་ཁང་
པ་ནས་སྟེང་གི་ནམ་མཁའ་ལ་འཕགས་ཏེ། ནམ་མཁའ་ལས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཅོམ་ལྡན་འདས་ཀྱི་གན་དུ་སོང་ངོ་། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་པད་མ་ལས་བབས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་དེ་བཞིན་གཤེགས་པ་རིན་ཆེན་མང་
གི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་དང་མངོན་སུམ་དུ་ཀུན་དགའ་ཞིང་ཡང་དག་པར་མགུ་བའི་གཏམ་རྣམ་པ་མང་པོ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །
དེ་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་རྒྱ་མཚོར་ཞུགས་ཏེ། སེམས་ཅན་གྱི་ཁམས་ཇི་སྙེད་ཅིག་བཏུལ། འཇམ་དཔལ་གྱིས་སྨྲས་པ། ཇི་ཙམ་དུ་ཚིག་གིས་
เล่ม ๕๑ · หน้า 99a
བརྗོད་མི་ནུས་ཤིང་སེམས་ཀྱིས་བསམ་མི་ནུས་པ་དེ་སྙེད་དུ། ཚད་མེད་གྲངས་མེད་པའི་སེམས་ཅན་དུ་མ་དག་བཏུལ་ལོ། །རིགས་ཀྱི་བུ་སྐད་ཅིག་སྡོད་ཅིག་དང་སྔ་ལྟས་ཀྱི་བར་དུ་མཐོང་བར་འགྱུར་རོ། །འཇམ་དཔལ་གཞོན་ནུར་གྱུར་པས་དེ་སྐད་ཅེས་སྨྲས་མ་ཐག་ཏུ་དེའི་ཚེ་པད་
མ་སྟོང་ཕྲག་དུ་མ་རྒྱ་མཚོའི་ནང་ནས་སྟེང་གི་ནམ་མཁའ་ལ་བྱུང་སྟེ། པད་མ་དེ་དག་ལ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ནམ་མཁའ་ལས། བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དེར་ལྷགས་ཏེ་སྟེང་གི་ནམ་མཁའ་ལ་འཁོད་པར་སྣང་ངོ་། །དེ་དག་
ཐམས་ཅད་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཏུལ་བ་ཤ་སྟག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་གང་དག་སྔོན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་གྱུར་པ་དེ་དག་ནི་ཐེག་པ་ཆེན་པོའི་ཡོན་ཏན་དང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་
བསྔགས་པ་བརྗོད་དོ། །གང་དག་སྔོན་ཉན་ཐོས་བྱེད་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཉན་ཐོས་ཀྱི་ཐེག་པ་ཉིད་རྗོད་དེ། དེ་དག་ཐམས་ཅད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དང་། ཐེག་པ་ཆེན་པོའི་ཡོན་ཏན་ཡང་ཡང་དག་པར་ཤེས་པ་ཤ་སྟག་གོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་
བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་དག་ཐམས་ཅད་ནི་ཁོ་བོས་རྒྱ་མཚོར་ཞུགས་ནས། སེམས་དུལ་བར་བྱས་པ་ཡིན་ཏེ་དེ་དག་ཀྱང་འདི་ན་སྣང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་
ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡོངས་སུ་དྲིས་པ། བཟང་པོ་ཆེན་པོ་ཤེས་རབ་དཔེར་བརྗོད་པ། །ཁྱོད་ཀྱིས་སེམས་ཅན་གྲངས་མེད་དེང་བཏུལ་བ། །མི་ཡི་ལྷ་ཁྱོད་ལ་ནི་དེ་འདྲི་ཡིས། །འདི་ནི་སུ་ཡི་མཐུ་ལགས་དེ་གསུངས་ཤིག །བྱང་ཆུབ་ལམ་བསྟན་པ་ཡི་མདོ་གང་དང་། །ཆོས་
ནི་གང་ཞིག་ཁྱོད་ཀྱིས་རབ་བསྟན་ན། །དེ་ཐོས་འདི་དག་བྱང་ཆུབ་སེམས་སྐྱེས་ཤིང་། །ཐམས་ཅད་མཁྱེན་ཉིད་དེས་ཏེ་གཏིང་ཡང་རྙེད། །འཇམ་དཔལ་གྱིས་སྨྲས་པ། རྒྱ་མཚོའི་ནང་དུ་དམ་པའི་ཆོས་པད་མ་དཀར་པོའི་མདོ་བཤད་དེ། གཞན་མ་ཡིན་ནོ། །ཤེས་རབ་བརྩེགས་ཀྱིས་སྨྲས་པ།
เล่ม ๕๑ · หน้า 99b
མདོ་འདི་ཟབ་ཅིང་ཕྲ་ལ་མཐོང་བར་དཀའ་སྟེ་མདོ་སྡེ་འདི་དང་མཚུངས་པའི་མདོ་སྡེ་གཞན་གང་ཡང་མེད་ན། སེམས་ཅན་གང་ལ་ལ་མདོ་སྡེ་དཀོན་མཆོག་འདི་ཁོང་དུ་ཆུད་པའམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་པ་ཡོད་དམ། འཇམ་དཔལ་
གྱིས་སྨྲས་པ། རིགས་ཀྱི་བུ་ཡོད་དེ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་སྐྱེས་ནས་ལོ་བརྒྱད་ལོན་པ་ཤེས་རབ་ཆེ་བ་དབང་པོ་རྣོ་བ་ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཤད་པའི་ཚིག་འབྲུ་དང་དོན་འཛིན་པའི་གཟུངས་ཐོབ་པ་ཆོས་ཐམས་
ཅད་དང་། སེམས་ཅན་ཐམས་ཅད་ལ་མཉམ་པར་གཞག་པའི་ཏིང་ངེ་འཛིན་སྟོང་སྐད་ཅིག་གཅིག་གིས་ཐོབ་པ། བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པ། སྨོན་ལམ་རྒྱ་ཆེ་བ་སེམས་ཅན་ཐམས་ཅད་ལ་བདག་དང་འདྲ་བར་ཕངས་པར་སེམས་པ་དང་ལྡན་པ། ཡོན་ཏན་བསྐྱེད་པར་ནུས་ཤིང་
དེ་དག་ལས་ཡོངས་སུ་མི་ཉམས་པ། བཞིན་འཛུམ་པ་ཁ་དོག་རྒྱས་པ་མཆོག་དང་ལྡན་པ་བྱམས་པའི་སེམས་དང་ལྡན་པ་སྙིང་རྗེའི་ཚིག་སྨྲ་བ་དེ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་སོ། །ཤེས་རབ་བརྩེགས་ཀྱིས་སྨྲས་པ། ཁོ་བོས་མཐོང་བ་བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བྱང་ཆུབ་ཀྱི་ཕྱིར་འབད་ཅིང་བྱང་ཆུབ་སེམས་དཔར་གྱུར་པ་ན་བསོད་ནམས་དུ་མ་མཛད་དེ། བསྐལ་པ་སྟོང་ཕྲག་དུ་མར་ནམ་ཡང་བརྩོན་འགྲུས་མཉམས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ། ཐ་ན་ཡུངས་ཀར་ཙམ་གྱི་
ཕྱོགས་གང་དུ་ཡང་སེམས་ཅན་གྱི་ཕྱིར་སྐུ་མ་བོར་བ་ཅུང་ཟད་ཀྱང་མེད་དེ། ཕྱིས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། དེས་ཡུད་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་ཞེས་བྱ་བ་དེ་ལ་སུ་ཞིག་ཡིད་ཆེས། དེ་ནས་དེའི་ཚེ་
ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་མདུན་ན་འདུག་པར་སྣང་སྟེ། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འདུག་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །བསོད་ནམས་བསོད་ནམས་ཤིན་ཏུ་ཟབ། །ཕྱོགས་རྣམས་ཀུན་ཏུ་ཁྱབ་པ་ལགས།
เล่ม ๕๑ · หน้า 100a
སུམ་ཅུ་རྩ་གཉིས་མཚན་རྣམས་ཀྱིས། །ཕྲ་བའི་སྐུ་ནི་ལེགས་པར་བརྒྱན། །དཔེ་བྱད་བཟང་པོ་རྣམས་དང་ལྡན། །སེམས་ཅན་ཀུན་གྱིས་ཕྱག་ཀྱང་བགྱིས། །སེམས་ཅན་ཐམས་ཅད་འདུ་བ་ནི། །དཔེར་ན་གྲོང་བར་འདྲ་བ་ལགས། །བདག་ནི་འདོད་བཞིན་བྱང་
ཆུབ་སྟེ། །དེ་བཞིན་གཤེགས་པ་བདག་གི་དཔང་། །སྡུག་བསྔལ་རྣམས་ལས་གྲོལ་བའི་ཆོས། །རྒྱ་ཆེར་རབ་ཏུ་བསྟན་པར་བགྱི། །དེ་ནས་དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུས། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་ལ་འདི་སྐད་ཅེས་སྨྲས་སོ། །ཆེ་ཞེ་ཁྱོད་ཕྱིར་མི་ལྡོག་པར་བྱང་ཆུབ་ཏུ་སེམས་
སྐྱེས་ཤིང་ཤེས་རབ་དཔག་ཏུ་མེད་པ་ཡོད་དུ་ཟད་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ནི་རྙེད་པར་དཀའོ། །ཆེ་ཞེ་བུད་མེད་བརྩོན་འགྲུས་མི་འདོར་ཞིང་བསྐལ་པ་སྟོང་ཕྲག་དུ་མར་བསོད་ནམས་དག་བྱེད་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཡོངས་སུ་རྫོགས་པར་བྱེད་ཀྱང་ད་དུང་སངས་རྒྱས་ཉིད་
མི་ཐོབ་པ་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། བུད་མེད་ཀྱིས་ད་དུང་གནས་ལྔ་མ་ཐོབ་པའི་ཕྱིར་ཏེ། ལྔ་གང་ཞེ་ན། དང་པོ་ཚངས་པའི་གནས་དང་། གཉིས་པ་བརྒྱ་བྱིན་གྱི་གནས་དང་། གསུམ་པ་རྒྱལ་ཆེན་བཞིའི་གནས་དང་། བཞི་པ་འཁོར་ལོས་སྒྱུར་བའི་གནས་དང་། ལྔ་པ་
ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་གནས་སོ། །དེ་ནས་དེའི་ཚེ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་པའི་རིན་དུ་ཆོག་པའི་ནོར་བུ་གཅིག་ཡོད་པ་དེ། ཀླུའི་རྒྱལ་པོའི་བུ་མོ་དེས་བཅོམ་ལྡན་འདས་ལ་ཕུལ་ནས། བཅོམ་ལྡན་འདས་
ཀྱིས་ཀྱང་ཐུགས་བརྩེ་བའི་ཕྱིར་དེ་བཞེས་སོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོས། བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་དང་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །གང་བདག་གིས་བཅོམ་ལྡན་འདས་ལ་ནོར་བུ་ཕུལ་བ་དེ། བཅོམ་ལྡན་འདས་ཀྱིས་མྱུར་དུ་
བཞེས་སམ། འོན་ཏེ་མ་བཞེས་གནས་བརྟན་གྱིས་སྨྲས་པ། ཁྱོད་ཀྱིས་ཀྱང་མྱུར་དུ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཀྱང་མྱུར་དུ་བཞེས་སོ། །ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོས་སྨྲས་པ། བཙུན་པ་ཤཱ་རིའི་བུ་གལ་ཏེ་བདག་གི་རྫུ་འཕྲུལ་ཆེ་བར་གྱུར་ན། དེ་བས་ཀྱང་ཆེས་
เล่ม ๕๑ · หน้า 100b
མྱུར་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ་ནོར་བུ་འདི་བཞེས་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ནས་དེའི་ཚེ་འཇིག་རྟེན་ཐམས་ཅད་དང་གནས་བརྟན་ཤཱ་རིའི་བུའི་མངོན་སུམ་དུ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོའི་བུད་མེད་ཀྱི་དབང་པོ་མི་སྣང་བར་གྱུར་ཏེ་སྐྱེས་པའི་དབང་པོ་བྱུང་ནས།
བདག་ཉིད་བྱང་ཆུབ་སེམས་དཔར་གྱུར་པར་ཡང་དག་པར་བསྟན་ཏེ་དེའི་ཚེ་ལྷོ་ཕྱོགས་སུ་སོང་ངོ་། །དེ་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་དྲི་མ་མེད་ཅེས་བྱ་བ་དེར། རིན་པོ་ཆེ་སྣ་བདུན་གྱི་ཤིང་དྲུང་དུ་འདུག་ནས་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པར་ཀུན་ཏུ་བསྟན་ཏེ། སྐྱེས་བུ་
ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་ཐམས་ཅད་དང་ལྡན་པའི་གཟུགས་ཀྱི་ལུས་ཀྱི་འོད་ཀྱིས་ཕྱོགས་བཅུར་ཁྱབ་པར་བྱས་ཏེ་ཆོས་སྟོན་པར་བྱེད་དོ། །གང་དག་འཇིག་རྟེན་གྱི་ཁམས་མི་མཇེད་ན་འཁོད་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ཀྱང་། དེ་བཞིན་གཤེགས་པ་
དེ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་དེ་དག་ལ་ཆོས་སྟོན་པར་མཛད་པར་མཐོང་ངོ་། །སེམས་ཅན་གང་དག་དེ་བཞིན་
གཤེགས་པ་དེས་ཆོས་བསྟན་པ་ཉན་པ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་དེ་དག་དང་། འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །བཅོམ་ལྡན་
འདས། ཤཱཀྱ་ཐུབ་པའི་འཁོར་གྱི་དཀྱིལ་འཁོར་ལས་ཀྱང་སྲོག་ཆགས་སུམ་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སྲོག་ཆགས་སུམ་སྟོང་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་གྱུར་ཏོ། །དེ་ནས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་བརྩེགས་དང་གནས་བརྟན་ཤཱ་རིའི་བུ་ཅང་མི་སྨྲ་བར་གྱུར་ཏོ། །དམ་པའི་ཆོས་པད་མ་དཀར་པོ་ལས། མཆོད་རྟེན་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་གཅིག་པའོ།། །།
เล่ม ๕๑ · หน้า 101a
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་ཆེན་པོ་གཡོག་བྱང་ཆུབ་སེམས་དཔའ་ཉིས་འབུམ་དང་ལྷན་ཅིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིག་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་
འདི་ལ་ཐུགས་ལས་ཆུང་ངུར་མཛད་དུ་གསོལ། བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། ཆོས་ཀྱི་རྣམ་གྲངས་འདི་སེམས་ཅན་རྣམས་ལ་བསྟན་པར་བགྱིའོ། །ཡང་དག་པར་བསྟན་པར་བགྱིའོ། །བཅོམ་ལྡན་འདས་འདི་
ལྟར་ཡང་དེའི་ཚེ། སེམས་ཅན་དམུ་རྒོད་དགེ་བའི་རྩ་བ་ཆུང་བ་ལྷག་པའི་ང་རྒྱལ་ཅན། རྙེད་པ་དང་བཀུར་སྟི་ལ་གནས་པ། མི་དགེ་བའི་རྩ་བ་ལ་ཞུགས་པ། གདུལ་དཀའ་བ་མོས་པ་དང་བྲལ་བ་མ་མོས་པ་མང་བ་དག་འབྱུང་ལགས་མོད་ཀྱི། །བཅོམ་ལྡན་འདས་བདག་
ཅག་གིས་བཟོད་པའི་སྟོབས་བསྟན་ཏེ། དེའི་དུས་ན་མདོ་འདི་བསྟན་པར་བགྱི་གཟུང་བར་བགྱི་བཤད་པར་བགྱི་ཡི་གེར་བྲི་བར་བགྱི་བསྟི་སྟང་དུ་བགྱི་རིམ་གྲོར་བགྱི། མཆོད་པར་བགྱིའོ། །བཅོམ་ལྡན་འདས་བདག་ཅག་གིས་ལུས་དང་སྲོག་ཀྱང་བོར་ཏེ་མདོ་འདི་བཤད་པར་བགྱི་ཡིས།
བཅོམ་ལྡན་འདས་ཐུགས་ལས་ཆུང་ངུར་མཛད་དུ་གསོལ། དེ་ནས་འཁོར་དེའི་དགེ་སློང་སློབ་པ་དང་མི་སློབ་པ་དང་དགེ་སློང་ལྔ་བརྒྱ་ཙམ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ཏུ། ཆོས་ཀྱི་རྣམ་གྲངས་
འདི་རབ་ཏུ་བསྟན་པར་སྤྲོ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཉན་ཐོས་སློབ་པ་དང་མི་སློབ་པ་ཇི་སྙེད་པ་དེ་དག་དང་གང་དག་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ། དགེ་སློང་བརྒྱད་སྟོང་པོ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་
ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐུགས་ལས་ཆུང་ངུར་མཛད་དུ་གསོལ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་སླད་མའི་ཚེ་སླད་མའི་དུས་ན་བདག་ཅག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་
เล่ม ๕๑ · หน้า 101b
འཇིག་རྟེན་གྱི་ཁམས་གཞན་དག་ཏུ་བཤད་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་སེམས་ཅན་དག་ནི་ལྷག་པའི་ང་རྒྱལ་ཅན་དགེ་བའི་རྩ་བ་ཆུང་བ། རྟག་ཏུ་གནོད་སེམས་ཀྱི་སེམས་དང་ལྡན་པ། གཡོན་ཅན་ཡོན་པོའི་རང་བཞིན་
ཅན་ལགས་པའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྲུ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་དགེ་སློང་མ་སློབ་པ་དང་མི་སློབ་པ་དགེ་སློང་མ་དྲུག་སྟོང་དང་ལྷན་ཅིག་ཏུ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་ལྟ་
ཞིང་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་བཀའ་སྩལ་པ། གཽ་ཏ་མཱི་ཁྱོད་བདག་ནི་དེ་བཞིན་གཤེགས་པས་ཡོངས་སུ་མ་བརྗོད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་སྙམ་དུ་ཡིད་མི་བདེ་བར། དེ་
བཞིན་གཤེགས་པ་ལ་ལྟ་ཞིང་མ་འདུག་ཤིག །གཽ་ཏ་མཱི་འདི་ལྟར་འཁོར་ཐམས་ཅད་ལུང་བསྟན་པས་ཁྱོད་ཀྱང་ལུང་བསྟན་ཟིན་ཏོ། །གཽ་ཏ་མཱི་ཁྱོད་འདི་ནས་བཟུང་སྟེ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་བརྒྱད་ཀྱི་ཐད་ན། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཆོས་སྨྲ་བར་འགྱུར་རོ། །སློབ་པ་དང་མི་སློབ་པའི་དགེ་སློང་མ་དྲུག་སྟོང་འདི་དག་དང་ཁྱོད་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་དེ་དག་གི་ཐད་ན་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བར་འགྱུར་རོ། །དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་
རྫོགས་པར་བྱས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་
བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། གཽ་ཏ་མཱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེས། བྱང་ཆུབ་སེམས་དཔའ་དྲུག་སྟོང་
เล่ม ๕๑ · หน้า 102a
པོ་དེ་དག་གཅིག་ནས་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པས་ལུང་སྟོན་པར་འགྱུར་རོ། །དེ་ནས་སྒྲ་གཅན་ཟིན་གྱི་མ་དགེ་སློང་མ་གྲགས་འཛིན་འདི་སྙམ་དུ། བཅོམ་ལྡན་འདས་ཀྱིས་བདག་གི་མིང་མ་སྨོས་སོ་སྙམ་དུ་སེམས་སོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་དགེ་སློང་མ་གྲགས་འཛིན་མའི་སེམས་ཀྱི་རྟོགས་པ་ཐུགས་སུ་ཆུད་ནས། དགེ་སློང་མ་གྲགས་འཛིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲགས་འཛིན་ཁྱོད་མོས་པར་བྱའོ། །ཁོང་དུ་ཆུད་པར་བྱའོ། །ཁྱོད་ཀྱང་སངས་རྒྱས་བྱེ་བ་སྟོང་ཕྲག་བཅུའི་ཐད་ན་བྱང་ཆུབ་སེམས་དཔའ་
ཆོས་སྨྲ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རིམ་གྱིས་ཡོངས་སུ་རྫོགས་པར་བྱས་ནས། འཇིག་རྟེན་གྱི་ཁམས་བཟང་པོ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་
མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་ཟེར་བརྒྱ་སྟོང་ཡོངས་སུ་རྫོགས་པའི་རྒྱལ་མཚན་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་འོད་ཟེར་བརྒྱ་སྟོང་ཡོངས་སུ་རྫོགས་པའི་རྒྱལ་མཚན་དེའི་ཚེའི་ཚད་ནི་དཔག་ཏུ་མེད་པར་འགྱུར་རོ། །དེ་ནས་དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་དགེ་སློང་མ་གཡོག་འཁོར་དགེ་སློང་མ་དྲུག་སྟོང་དང་། དགེ་སློང་མ་གྲགས་འཛིན་གཡོག་འཁོར་དགེ་སློང་མ་བཞི་
སྟོང་དང་། བཅོམ་ལྡན་འདས་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བདག་ཅག་ལུང་བསྟན་པ་ཐོབ་ནས་ངོ་མཚར་དང་རྨད་དུ་གྱུར་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །བཅོམ་ལྡན་འདྲེན་པ་རྣམ་པར་འདྲེན་པ་སྟེ། །ལྷར་བཅས་འཇིག་རྟེན་དག་གི་
སྟོན་པ་ལགས། །དབུགས་འབྱིན་ལྷ་དང་མི་ཡིས་མཆོད་པ་སྟེ། །མགོན་པོ་བདག་ཅག་རྣམས་ཀྱང་དེང་ཚིམ་བགྱིས། །དེ་ནས་དགེ་སློང་མ་རྣམས་ཀྱིས་ཚིགས་སུ་བཅད་པ་འདི་གསོལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་སླད་
เล่ม ๕๑ · หน้า 102b
མའི་དུས་སླད་མའི་ཚེ་ན། ཆོས་ཀྱི་རྣམ་གྲངས་འདི་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སྟོན་པར་སྤྲོ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་པོ་དེ་དག་ག་ལ་བ་དེ་ལོགས་སུ་
གཟིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཟིགས་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྙམ་དུ། ཆོས་ཀྱི་རྣམ་གྲངས་འདི་བཤད་པར་བྱ་བའི་ཕྱིར། བཅོམ་ལྡན་
འདས་ཀྱིས་བདག་ཅག་ལ་བསྐུལ་བ་མཛད་དོ་སྙམ་དུ་སེམས་སོ། །དེ་དག་དེ་སྙམ་དུ་བསམས་ནས་ཀུན་གཡོས་ཏེ་ཕན་ཚུན་དུ་སྨྲས་པ། རིགས་ཀྱི་བུ་དག་མ་འོངས་པའི་དུས་ན་ཆོས་ཀྱི་རྣམ་གྲངས་འདི་བཤད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་བསྐུལ་བ་མཛད་ན་བདག་ཅག་གིས་ཇི་
ལྟར་བྱ། དེ་ནས་རིགས་ཀྱི་བུ་དེ་དག་བཅོམ་ལྡན་འདས་ལ་གུས་པ་དང་བདག་ཉིད་ཀྱི་སྔོན་གྱི་སྤྱོད་པ་དང་སྨོན་ལམ་གྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སེང་གེའི་སྒྲ་ཕྱུང་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་བདག་ཅག་ཕྱོགས་བཅུར་མཆིས་ཏེ། བཅོམ་
ལྡན་འདས་ཀྱི་མཐུས་ཆོས་ཀྱི་རྣམ་གྲངས་འདི་སེམས་ཅན་རྣམས་ཡི་གེར་འདྲིར་སྩལ་བར་བགྱི་ཀློག་ཏུ་སྩལ་བར་བགྱི་སེམས་སུ་སྩལ་བར་བགྱི་འཆད་དུ་སྩལ་བར་བགྱིའོ། །བཅོམ་ལྡན་འདས་ཀྱང་འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་ཏེ། བདག་ཅག་ལ་བསྲུང་བ་དང་སྐྱོབ་པ་དང་སྦེད་པར་
མཛད་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ལ་དབྱངས་འཐུན་པར་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །བཅོམ་ལྡན་འདས་ཁྱོད་ཐུགས་ལས་ཆུང་མཛད་གསོལ། །ཁྱོད་ནི་མྱ་ངན་འདས་ནས་བདག་ཅག་རྣམས། །ཤིན་ཏུ་མ་རུངས་
སླད་མའི་དུས་ཀྱི་ཚེ། །མདོ་སྡེ་དམ་པ་འདི་ནི་བཤད་པར་བགྱི། །བྱིས་པ་རྣམས་ཀྱིས་སྤྱོས་པ་དང་། །བརྡེག་པ་དང་ནི་དབྱུག་ཐོགས་ཏེ། །གཟས་པ་རྣམས་ནི་བཟོད་པར་བགྱི། །འདྲེན་པ་བག་ལ་ཞ་བར་བགྱི། །མ་རུངས་སླད་མའི་དུས་ལ་ནི། །ལོག་པའི་བློ་དང་ཡོན་པོ་དང་། །
เล่ม ๕๑ · หน้า 103a
བྱིས་པ་གཡོ་དང་ང་རྒྱལ་ཅན། །མ་ཐོབ་ཐོབ་པར་འདུ་ཤེས་པ། །དགོན་པ་དག་ལ་རབ་སེམས་ཤིང་། །ཚེམ་བུ་དག་ཀྱང་བགོས་ནས་ནི། །ཡོ་བྱད་བསྙུངས་ཚུལ་སྤྱོད་དོ་ཞེས། །བློ་ངན་དེ་སྐད་སྨྲ་བར་འགྱུར། །རོ་བྲོ་ཆགས་ཤིང་ཞེན་པ་རྣམས། །ཁྱིམ་པ་དག་ལ་ཆོས་ཀྱང་
འཆད། །མངོན་ཤེས་དྲུག་ཅན་ཇི་བཞིན་དུ། །བསྟི་སྟང་དག་ཀྱང་བགྱིད་པར་འགྱུར། །གཏུམ་པའི་སེམས་དང་སྡང་སེམས་ལྡན། ཁྱིམ་དང་ནོར་ལ་རྣམ་པར་སེམས། །དགོན་པ་དབེན་པར་རབ་ཞུགས་ཏེ། །བདག་ཅག་རྣམས་ལ་སྐུར་པ་འདེབས། །བདག་ཅག་ལ་ནི་འདི་སྐད་མཆི། །
རྙེད་དང་བཀུར་སྟི་གནས་པ་སྟེ། །དགེ་སློང་འདི་དག་མུ་སྟེགས་ཅན། །བདག་གི་རང་བཟོ་རབ་ཏུ་འཆད། །རྙེད་པ་དང་ནི་བཀུར་སྟིའི་ཕྱིར། །རང་གིས་མདོ་སྡེ་བྱས་ནས་སུ། །འཁོར་གྱི་དབུས་སུ་འཆད་བྱེད་ཅེས། །བདག་ཅག་རྣམས་ལ་ཤིན་ཏུ་འཕྱ། །རྒྱལ་པོ་དང་ནི་
རྒྱལ་བུ་དང་། །དེ་བཞིན་རྒྱལ་པོའི་བློན་པོ་དང་། །བྲམ་ཟེ་དང་ནི་ཁྱིམ་བདག་དང་། །དགེ་སློང་གཞན་དག་དྲུང་དུ་ནི། །བདག་ཅག་རྣམས་ལ་མི་བསྔགས་བརྗོད། །མུ་སྟེགས་ཅན་ཞེས་ཚིག་ཀྱང་བརྗོད། །དྲང་སྲོང་ཆེ་ལ་གུས་པས་ན། །ཐམས་ཅད་བདག་ཅག་བཟོད་
པར་བགྱི། །དེ་ཚེ་ངན་པའི་བློ་གྲོས་ཅན། །བདག་ཅག་རྣམས་ལ་སྨོད་པར་འགྱུར། །འདི་དག་སངས་རྒྱས་འགྱུར་ཞེས་ཏེ། །རྣམ་པ་ཐམས་ཅད་བཟོད་པར་བགྱི། །འཁྲུག་པའི་བསྐལ་པ་འཇིག་པ་ལ། །མ་རུངས་འཇིགས་པ་ཆེན་པོའི་ཚེ། །གནོད་སྦྱིན་གཟུགས་ཅན་
དགེ་སློང་མང་། །བདག་ཅག་ལ་ནི་མི་སྙན་བརྗོད། །འཇིག་རྟེན་དབང་ལ་གུས་པ་ཡིས། །ཤིན་ཏུ་དགའ་བ་སྤྲོ་བར་བགྱི། །བཟོད་པའི་གོ་ཆ་བགོས་ནས་སུ། །མདོ་འདི་རབ་ཏུ་བཤད་པར་བགྱི། །འདྲེན་པ་བདག་ཅག་ལུས་དང་ནི། །སྲོག་ཀྱང་དོན་དུ་གཉེར་མ་ལགས། །བདག་
ཅག་བྱང་ཆུབ་དོན་གཉེར་བས། །ཁྱོད་ཀྱིས་བཏམས་གཏད་འཛིན་པ་ལགས། །ལྡེམ་པོར་དགོངས་བཤད་མ་འཚལ་བ། །དགེ་སློང་སྡིག་ཅན་དེ་འདྲ་དག །སླད་མའི་དུས་ན་འབྱུང་བ་ནི། །བཅོམ་ལྡན་ཉིད་ཀྱིས་རབ་ཏུ་མཁྱེན། །གཙུག་ལག་ཁང་ནས་བསྐྲད་པ་དང་། །
เล่ม ๕๑ · หน้า 103b
བཅིང་དང་བརྡེག་པ་རྣམ་མང་དང་། །ཕྱིར་ཞིང་བཅས་པ་མ་ལགས་དང་། །ཁྲོ་གཉེར་ཐམས་ཅད་བཟོད་པར་བགྱི། །འཇིག་རྟེན་མགོན་གྱིས་བཀའ་སྩལ་པ། །དྲན་པར་བགྱིད་པས་སླད་དུས་ན། །འཁོར་གྱི་དབུས་སུ་མི་འཇིགས་པར། །མདོ་འདི་རབ་ཏུ་བཤད་པར་བགྱི། །འདྲེན་པ་
འདི་ནི་འདི་ཚོལ་བ། །གྲོང་ཁྱེར་གྲོང་དུ་གང་བྱུང་བ། །དེ་དག་གན་དུ་མཆིས་ནས་སུ། །ཁྱོད་ཀྱིས་བཏམས་པ་སྩལ་བར་བགྱི། །འཇིག་རྟེན་དབང་པོ་ཐུབ་པ་ཆེ། །ཁྱོད་ཀྱི་མངག་གཞུག་བདག་ཅག་འཚལ། །མྱ་ངན་རབ་འདས་ཞི་བརྙེས་པ། །ཐུགས་ལས་ཆུང་ངུར་མཛད་དུ་གསོལ། །
ཕྱོགས་བཅུ་དག་ནས་གང་གཤེགས་པ། །འཇིག་རྟེན་སྒྲོན་མ་ཐམས་ཅད་ཀྱིས། །མོས་པ་རྣམ་པར་མཁྱེན་པས་ན། །བདེན་པའི་ཚིག་ནི་སྨྲ་བར་བགྱིད། དམ་པའི་ཆོས་པད་མ་དཀར་པོ་ལས་སྤྲོ་བར་བྱ་བའི་ལེའུ་ཞེས་བྱ་བ་སྟེ་བཅུ་གཉིས་པའོ།། །།བམ་པོ་དགུ་པ། དེ་ནས་བཅོམ་ལྡན་འདས་ལ་འཇམ་
དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་བཅོམ་ལྡན་འདས་ལ་གུས་པར་སྤྲོ་བ་ནི་དཀའ་བར་བགྱིད་པ་ཤིན་ཏུ་དཀའ་བར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
འདི་དག་གིས། སླད་མའི་ཚེ་སླད་མའི་དུས་ན་ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟར་རབ་ཏུ་བཤད་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཆོས་བཞི་ལ་གནས་ཏེ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་ཆོས་ཀྱི་རྣམ་གྲངས་འདི་ཕྱི་མའི་ཚེ་ཕྱི་མའི་དུས་ན་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །བཞི་གང་ཞེ་ན། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག །ཆོ་ག་དང་སྤྱོད་ཡུལ་ལ་གནས་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །
འཇམ་དཔལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག །ཆོ་ག་དང་སྤྱོད་ཡུལ་ལ་གནས་པ་ཡིན་ཞེ་ན། འཇམ་དཔལ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་དང་དུལ་བ་དང་དུལ་བའི་ས་ཐོབ་ཅིང་ཡིད་མི་སྡང་ལ་ཕྲག་དོག་མེད་པར་འགྱུར་ཏེ། འཇམ་
เล่ม ๕๑ · หน้า 104a
དཔལ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག །ཆོས་གང་ལ་ཡང་མི་སྤྱོད་ཅིང་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་བལྟ་སྟེ། གང་ཆོས་རྣམས་ལ་རྣམ་པར་མི་དཔྱོད་རྣམ་པར་མི་རྟོག་པ་དེ་ནི་འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་ཆོ་ག་ཞེས་བྱའོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་ཡུལ་གང་ཞེ་ན། འཇམ་དཔལ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་པོ་ལ་མི་སྟེན་རྒྱལ་བུ་དང་རྒྱལ་པོའི་བློན་པོ་ཆེན་པོ་དང་རྒྱལ་པོའི་ཞབས་འབྲིང་བ་ལ་མི་སྟེན་མི་བསྙེན། བསྙེན་
བཀུར་མི་བྱེད་ཉེ་བར་མི་འགྲོ། །གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་ཀུན་ཏུ་རྒྱུ་བ་པ་དང་འཚོ་བ་པ་དང་གཅེར་བུ་པ་རྣམས་དང་སྙན་དངགས་ཀྱིས་བསྟན་བཅོས་ལ་ཞུགས་པའི་སེམས་ཅན་རྣམས་དང་མི་སྟེན་མི་བསྙེན། བསྙེན་བཀུར་མི་བྱེད། །འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་འཆང་བའི་འཇིག་རྟེན་རྒྱང་
ཕན་པ་ལ་མི་སྟེན་མི་བསྙེན། བསྙེན་བཀུར་མི་བྱེད། དེ་དག་དང་ལྷན་ཅིག་ཏུ་འདྲིས་པར་མི་བྱེད། གདོལ་པ་པ་དང་ཟོལ་པ་རྣམས་དང་མ་ཡིན། ཕག་འཚོང་བ་རྣམས་དང་མ་ཡིན། བྱ་གག་འཚོང་བ་རྣམས་དང་མ་ཡིན། རི་དགས་ཀྱི་རྔོན་པ་རྣམས་དང་མ་ཡིན། ཉ་པ་རྣམས་
དང་མ་ཡིན། གླུ་མཁན་དང་གར་མཁན་དང་ལྕགས་ཀྱི་སིལ་ཁྲོལ་བྱེད་པ་རྣམས་དང་མ་ཡིན། གྱད་རྣམས་དང་མ་ཡིན། གཞན་དག་གི་དགའ་བ་དང་རྩེ་བའི་གནས་རྣམས་སུ་མི་འགྲོ །དེ་དག་དང་ལྷན་ཅིག་འདྲིས་པར་ཡང་མི་བྱེད་དེ། དྲུང་དུ་ལྷགས་པ་ལ་དུས་སུ་ཆོས་
བཤད་པ་ནི་མ་གཏོགས་ཏེ། དེ་ཡང་མི་གནས་པར་འཆད་པའོ། །ཉན་ཐོས་ཀྱི་ཐེག་པ་ཅན་གྱི་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་ལ་མི་སྟེན་མི་བསྙེན། བསྙེན་བཀུར་མི་བྱེད་དེ་དག་དང་འདྲིས་པར་མི་བྱེད། དེ་འཆག་སའམ་གནས་ཁང་ངམ་གཙུག་ལག་ཁང་
ན་ཡང་དེ་དག་དང་འགྲོགས་པའི་སྤྱོད་ཡུལ་བ་མ་ཡིན་ནོ། །དྲུང་དུ་ལྷགས་པ་ལ་དུས་སུ་ཆོས་འཆད་པ་ནི་མ་གཏོགས་ཏེ་དེ་ཡང་མི་གནས་པར་འཆད་པའོ། །འཇམ་དཔལ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་ཡུལ་ལོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་
เล่ม ๕๑ · หน้า 104b
སེམས་དཔའ་ཆེན་པོ་བུད་མེད་ལ་རྗེས་སུ་ཆགས་པ་གང་ཡང་རུང་བ་མཚན་མར་བཟུང་ནས་རྟག་ཏུ་ཆོས་འཆད་པ་མ་ཡིན། བུད་མེད་ལ་རྟག་ཏུ་ལྟ་བར་འདོད་པ་མ་ཡིན། ཁྱིམ་དག་ཏུ་སོང་སྟེ་བུད་མེད་དམ། བུ་མོའམ། ཁྱིམ་མི་མོ་ལ་རྟག་ཏུ་ཆོས་བཤད་པར་སེམས་པ་མ་ཡིན། ཡང་དག་
པར་མགུ་བར་བྱེད་པ་མ་ཡིན། མ་ནིང་ལ་ཆོས་མི་སྟོན་དེ་དག་དང་ལྷན་ཅིག་འདྲིས་པར་མི་བྱེད་ཡང་དག་པར་མགུ་བར་བྱེད་པ་མ་ཡིན། སློང་བའི་ཕྱིར་གཅིག་པུ་ཁྱིམ་དུ་མི་འཇུག་སྟེ། དེ་བཞིན་གཤེགས་པ་རྗེས་སུ་དྲན་པ་བསྒོམ་པ་ནི་མ་གཏོགས་སོ། །གལ་ཏེ་བུད་མེད་ལ་ཆོས་སྟོན་ན་
ཡང་དེ་ཐ་ན་ཆོས་ལ་འདོད་ཆགས་པས་ཀྱང་ཆོས་མི་སྟོན་ན་དེ་བུད་མེད་ལ་འདོད་ཆགས་པས་ལྟ་ཅི་སྨོས། དེ་ཆོས་སྟོན་པ་ན་ཐ་ན་སོའི་ཕྲེང་བ་ཡང་མི་སྟོན་ན་བཞིན་གྱི་འགྱུར་བ་ཆེན་པོ་ལྟ་ཅི་སྨོས། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་སློང་དང་། དགེ་སློང་མ་དང་། གཞོན་
ནུ་དང་། གཞོན་ནུ་མ་དང་མི་སྟེན། དེ་དག་དང་གཏམ་ཡང་མི་བྱེད་ལ་ནང་དུ་ཡང་དག་འཇོག་ལ་འཇུག་པར་དགའ་ཞིང་ནང་དུ་ཡང་དག་འཇོག་ལ་རྟག་ཏུ་བསྙེན་པ་ཡིན་ཏེ། འཇམ་དཔལ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་ཡུལ་དང་པོའོ། །འཇམ་དཔལ་གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་སྟོང་པར་བལྟ་སྟེ། ཇི་ལྟར་གནས་པ་བཞིན་དང་མ་ལོག་པར་གནས་པ་དང་ཡང་དག་པ་ཇི་ལྟ་བ་བཞིན་དུ་གནས་པ་དང་། མི་བསྐྱོད་པ་མི་གཡོ་བ་མི་ལྡོག་པ་མི་འགྱུར་བ་རྟག་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གནས་པ་དང་
ནམ་མཁའི་ངོ་བོ་ཉིད་ལྟ་བུ་ངེས་པའི་ཚིག་དང་། ཐ་སྙད་རྣམ་པར་སྤངས་པ་མ་སྐྱེས་པ་མ་བྱུང་བ་ཡང་དག་པར་མ་བྱུང་བ་མེད་པ་འདུས་མ་བྱས་པ་རྒྱུན་མེད་པ། མེད་པ་ལ་ཚིག་གིས་བརྗོད་པ་མི་ཆགས་པའི་གནས་ལ་འདུག་པ་འདུ་ཤེས་ཕྱིན་ཅི་ལོག་ལས་བྱུང་བར། དེ་ལྟར་འཇམ་དཔལ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ཆོས་ཐམས་ཅད་ལ་ལྟ་ཞིང་གནས་པ་འདིས་གནས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་ཡུལ་ལ་གནས་པ་ཡིན་ཏེ། འཇམ་དཔལ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་ཡུལ་གཉིས་པའོ། །དེ་ནས་བཅོམ་ལྡན་འདས་
เล่ม ๕๑ · หน้า 105a
ཀྱིས་དོན་འདི་ཉིད་རྒྱས་པར་སྟོན་ཅིང་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཕྱི་དུས་ཤིན་ཏུ་འཇིགས་པ་ལ། །ཞུམ་པ་མེད་ཅིང་མི་འཇིགས་པར། །མདོ་སྡེ་འདི་ནི་བསྟན་པར་ཡང་། །བྱང་ཆུབ་སེམས་དཔའ་གང་འདོད་པ། །ཆོ་ག་སྤྱོད་ཡུལ་བསྲུང་བྱ་ཞིང་། །འདུ་
འཛི་མེད་ལ་གཙང་བར་བྱ། །རྒྱལ་པོ་དང་ནི་རྒྱལ་བུ་དང་། །འདྲིས་བྱེད་རྟག་ཏུ་སྤང་བར་བྱ། །རྒྱལ་པོའི་ཞབས་འབྲིང་གང་ཡིན་དང་། །གདོལ་པ་དང་ནི་ཟོལ་པ་དང་། །མུ་སྟེགས་ཅན་ནི་དེ་དག་དང་། རྣམ་པ་ཀུན་ཏུ་འདྲིས་མི་བྱེད། །དགེ་སློང་འདུལ་དང་ལུང་གནས་པ། །དགྲ་
བཅོམ་སྙམ་དུ་སེམས་བྱེད་ཅིང་། །ང་རྒྱལ་ཅན་རྣམས་བསྟེན་མི་བྱ། །ཚུལ་ཁྲིམས་འཆལ་རྣམས་རྣམ་པར་སྤང་། །རྒོད་ཅིང་སྨྲ་བའི་སྤྱོད་ཡུལ་ཅན། །དགེ་སློང་མ་རྣམས་རྟག་ཏུ་སྤང་། །མི་བརྟན་པར་ནི་མངོན་པ་ཡི། །དགེ་བསྙེན་རྣམས་ཀྱང་སྤང་བར་བྱ། དགེ་བསྙེན་མ་གང་ཚེ་འདི་ལ། །
མྱ་ངན་འདས་པ་གང་ཚོལ་བ། །དེ་དག་དང་ནི་འདྲིས་བྱེད་སྤང་། །འདི་ནི་ཆོ་ག་ཡིན་ཞེས་བྱ། །གང་ཞིག་དེ་ཡི་ཐད་འོངས་ནས། །བྱང་ཆུབ་མཆོག་ཕྱིར་ཆོས་འདྲི་ན། །གནས་པ་མེད་ཅིང་མི་ཞན་པར། །དཔའ་བོ་རྟག་ཏུ་དེ་ལ་ཤོད། །བུད་མེད་མ་ནིང་སེམས་ཅན་གང་། །དེ་དང་འདྲིས་བྱེད་
རྣམ་པར་སྤང་། །ཁྱིམ་རྣམས་སུ་ནི་མནའ་མ་དང་། །གཞོན་ནུ་མ་རྣམས་རྣམ་པར་སྤང་། །དེ་ལ་ནམ་དུའང་དགའ་མི་བྱེད། །མཁས་དང་རྒོད་པ་འདྲི་བ་དང་། ཕག་འཚོང་བ་དང་ཤན་པ་དང་། །འདྲིས་པར་བྱེད་པ་རྣམ་པར་སྤང་། །གང་དག་སྲོག་ཆགས་རྣམ་མང་དག །ལོངས་
སྤྱོད་ཕྱིར་ནི་གསོད་པ་དང་། །བཟའ་ཕྱིར་ཤ་རྣམས་འཚོང་བྱེད་པ། །དེ་དག་འདྲིས་བྱེད་རྣམ་པར་སྤང་། །གང་དག་བུད་མེད་གསོ་བྱེད་དང་། །གར་མཁན་གྱད་དང་སིལ་ཁྲོལ་བ། །གང་གཞན་དེ་དང་འདྲ་བ་ཡང་། །དེ་དག་རྣམས་དང་འདྲིས་བྱེད་སྤང་། །རེས་མའི་གཙོ་བོ་བསྟེན་མི་བྱ། །ཇི་སྙེད་ལོངས་
སྤྱོད་འཚོ་བ་གཞན། །ཤིན་ཏུ་དགའ་བ་དེ་དག་ཀྱང་། །རྣམ་པ་ཀུན་ཏུ་ཡོངས་སུ་སྤང་། །མཁས་པ་བུད་མེད་རྣམས་ལ་ཡང་། །གང་གི་དུས་ན་ཆོས་འཆད་པ། །དེ་ནི་གཅིག་པུར་མི་འགྲོ་སྟེ། །རྒོད་ཅིང་འདུག་པར་མི་བྱའོ། །གང་ཚེ་ཟས་ཕྱིར་ཡང་དང་ཡང་། །གྲོང་དུ་འཇུག་པར་བྱེད་པ་
เล่ม ๕๑ · หน้า 105b
ན། །དགེ་སློང་གཉིས་པ་བཙལ་བར་བྱ། །ཡང་ན་སངས་རྒྱས་དྲན་པར་བྱ། །གང་གིས་ཤེས་རབ་ལྡན་པ་དག །མདོ་སྡེ་འདི་འདྲ་འཛིན་གནས་པའི། །ཆོ་ག་དང་ནི་སྤྱོད་ཡུལ་དག །ཐོག་མར་ངས་བཤད་འདི་ཡིན་ནོ། །གང་ཚེ་འདུས་བྱས་འདུས་མ་བྱས། །ཡང་དག་
ཡང་དག་མ་ཡིན་དང་། །རབ་འབྲིང་ཐ་མའི་ཆོས་རྣམས་ལ། །རྣམ་པ་ཀུན་ཏུ་སྤྱོད་པ་མེད། །བརྟན་པ་བུད་མེད་ཅེས་མི་སྤྱོད། །སྐྱེས་པ་ཞེས་ཀྱང་མི་རྟོག་སྟེ། །ཆོས་སོ་ཅོག་ནི་མ་སྐྱེས་ཕྱིར། །བཙལ་བ་བྱས་ཀྱང་མི་མཐོང་བ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །ཆོ་གར་རྣམ་པ་
ཀུན་ཏུ་བསྟན། །དེ་དག་སྤྱོད་ཡུལ་ཅི་འདྲ་བ། །དེ་ནི་རྣམ་པར་མཉན་པར་གྱིས། །ཆོས་འདི་དག་ནི་ཡོད་པ་མ་ཡིན་བསྟན། །ཐམས་ཅད་འབྱུང་བ་མེད་ཅིང་སྐྱེས་པ་མེད། །རྟག་ཏུ་མི་གཡོ་སྟོང་པ་ཉིད་དུ་གནས། །དེ་ནི་མཁས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །འདི་དག་འདུ་ཤེས་ལོག་
པར་བརྟགས་པ་སྟེ། །ཡང་དག་མིན་ལ་ཡང་དག་ཡོད་ལ་མེད། །མ་བྱུང་བ་དང་མ་སྐྱེས་ཆོས་རྣམས་ལ། །ཡང་དག་ཉིད་དང་འབྱུང་བར་ལོག་པར་བརྟགས། །སེམས་ནི་རྟག་ཏུ་རྩེ་གཅིག་མཉམ་གཞག་སྟེ། །རི་རབ་ཕུང་པོ་ཇི་བཞིན་རབ་ཏུ་གནས། །དེ་བཞིན་འདུག་ནས་ནམ་མཁའ་
ལྟ་བུར་ནི། །ཆོས་རྣམས་འདི་དག་ཀུན་ལ་བརྟག་པར་བྱ། །རྟག་ཏུ་ནམ་མཁའ་མཚུངས་པར་སྙིང་པོ་མེད། །མི་གཡོ་རློམ་སེམས་རྣམ་པར་སྤངས་པ་སྟེ། །ཆོས་རྣམས་འདི་དག་རྟག་པའི་དུས་གནས་པ། །འདི་ནི་མཁས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ང་ནི་མྱ་ངན་འདས་ནས་དགེ་སློང་གང་། །
ང་ཡི་སྤྱོད་ཡུལ་འདི་ནི་རབ་སྲུང་ཞིང་། །དེ་ནི་ནམ་ཡང་ཞུམ་པ་མེད་པ་ཡིས། །འཇིག་རྟེན་དུ་ཡང་མདོ་འདི་རབ་ཤོད་ཅིག །མཁས་པ་དུས་སུ་སེམས་པར་བྱེད་པ་ན། །ཁང་བུར་ཞུགས་ཏེ་དེ་བཞིན་སྒོ་བཅད་ནས། །ཆོས་འདི་ཐམས་ཅད་ལ་ནི་ཚུལ་བཞིན་བལྟ། །ལངས་ནས་ཞུམ་པ་མེད་པའི་
སེམས་ཀྱིས་ཤོད། །རྒྱལ་པོ་རྣམས་དང་རྒྱལ་པོའི་བུ་གང་དག །ཆོས་ཉན་པ་རྣམས་འདི་ནི་དེ་ལ་སྲུང་། །གཞན་ཡང་ཁྱིམ་བདག་དག་དང་བྲམ་ཟེ་རྣམས། །ཐམས་ཅད་དེ་ཡི་གཡོག་ཏུ་འཁོད་པར་འགྱུར། །འཇམ་དཔལ་གཞན་ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་
เล่ม ๕๑ · หน้า 106a
ཕྱི་མའི་དུས་ཕྱི་མའི་ཚེ་དམ་པའི་ཆོས་རབ་ཏུ་འཇིག་པར་འགྱུར་བ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྟོན་པར་འདོད་པ་ནི་བདེ་བ་ལ་གནས་པ་ཡིན་ནོ། །དེ་བདེ་བ་ལ་གནས་ནས་ཆོས་འཆད་དོ། །ལུས་ལ་ཡོད་དམ་གླེགས་བམ་དུ་བྱས་སམ།
གཞན་དག་ལ་ཡང་སྟོན་ན་ཡང་། ཤིན་ཏུ་ཀླན་ཀ་ཚོལ་བའི་རང་བཞིན་ཅན་མ་ཡིན། དགེ་སློང་ཆོས་སྨྲ་བ་གཞན་དག་ལ་སྐུར་བར་མི་བྱེད། མི་སྙན་པ་མི་སྨྲ། མི་སྙན་པ་མི་རྗོད། གཞན་ཉན་ཐོས་ཀྱི་ཐེག་པ་ཅན་གྱི་དགེ་སློང་དག་གི་མིང་སྨོས་ཏེ་མི་སྙན་པ་མི་སྨྲ། མི་སྙན་པ་མི་རྗོད་ཅིང་དེ་དག་ལ་
ཕྱིར་རྒོལ་བར་འདུ་ཤེས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བདེ་བའི་གནས་ལ་གནས་པའི་ཕྱིར་ཏེ། དེ་ཆོས་ཉན་དུ་འོངས་ཤིང་ལྷགས་པ་རྣམས་ལ་ཕན་འདོགས་པ་དང་ཕྲག་དོག་མེད་པར་ཆོས་སྟོན་ཏོ། །མི་རྩོད་ཅིང་དྲི་བ་དྲིས་ཀྱང་ཉན་ཐོས་ཀྱི་ཐེག་པས་ལན་མི་ལྡོན་ཏེ། ཅི་ནས་
སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ལྟ་བུར་ལན་ལྡོན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མཁས་པ་བདེ་ལ་རྟག་ཏུ་གནས་པར་འགྱུར། །དེ་ལ་འདུག་ནས་དེ་བཞིན་ཆོས་ཀྱང་སྟོན། །གཙང་ཞིང་ཡིད་དུ་འོང་བའི་
ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་སྟེ། །བཟང་པོའི་ཚོན་གྱིས་ལེགས་པར་ཁ་བསྒྱུར་བ། །ཆོས་གོས་གཙང་མ་དེ་ནི་རབ་བགོས་ནས། །རྔུལ་ཟན་ནག་པོ་དེ་བཞིན་བཤམས་བྱས་ལ། །ཤམ་ཐབས་ཆེ་ཚད་ལེགས་པར་རབ་བགོས་ནས། །བཅོས་བུའི་རས་
རྣམས་སྣ་ཚོགས་ལེགས་བཏིང་བ། །རྐང་རྟེན་བཅས་པའི་ཁྲི་ལ་རབ་འདུག་ཅིང་། །རྐང་པ་ལེགས་པར་བཀྲུས་ཏེ་སྟེང་འཛེགས་ནས། །མགོ་དང་བཞིན་གྱི་མདངས་ནི་རབ་སྣུམ་ཞིང་། །ཆོས་ཀྱི་སྟན་དེ་ལ་ནི་རབ་འདུག་ནས། །སེམས་ཅན་ལྷགས་པ་རྩེ་གཅིག་གྱུར་རྣམས་ལ། །
གཏམ་མང་རྣམ་པ་སྣ་ཚོགས་ཉེ་བར་སྟོན། །དགེ་སློང་དག་དང་དགེ་སློང་མ་རྣམས་དང་། །དགེ་བསྙེན་རྣམས་དང་དགེ་བསྙེན་མ་དག་དང་། །རྒྱལ་པོ་དག་དང་རྒྱལ་བུ་རྣམས་ལ་ཡང་། །མཁས་ཏེ་རྟག་ཏུ་ཕྲག་དོག་མེད་པར་ནི། །སྣ་ཚོགས་དོན་ལྡན་སྙན་པའི་གཏམ་ཡང་
เล่ม ๕๑ · หน้า 106b
སྟོན། །དེ་ཚེ་དེ་ལ་དེ་དག་དྲི་དྲིས་ནས། །དེ་ལ་འཐུན་པའི་དོན་རྣམས་རབ་ཏུ་སྟོན། །ཅི་ནས་ཐོས་པས་བྱང་ཆུབ་འཐོབ་འགྱུར་བ། །དེ་ལྟར་དོན་གྱི་རྣམ་པ་རབ་ཏུ་སྟོན། །ལེ་ལོ་དག་ཀྱང་རྣམ་པར་རབ་སྤངས་ནས། །སྐྱོ་བ་སྙམ་པའི་འདུ་ཤེས་བསྐྱེད་མི་བྱ། །མཁས་པས་མི་དགའ་ཐམས་
ཅད་རྣམ་པར་སྤང་། །བྱམས་པའི་སྟོབས་ནི་འཁོར་ལ་བསྒོམ་པར་བྱ། །ཉིན་མཚན་དུ་ཡང་ཆོས་མཆོག་རབ་ཏུ་བསྒོམ། །མཁས་པ་དེས་ནི་བྱེ་བ་ཁྲག་ཁྲིག་དཔེས། །འཁོར་རྣམས་མགུ་ཞིང་དེ་བཞིན་དགའ་བར་བྱེད། །དེ་ལ་ནམ་ཡང་འདོད་པ་ཅུང་ཟད་མེད། །ཟས་དང་སྐོམ་དང་བཟའ་དང་
བཅའ་བ་དང་། །གོས་དང་མལ་ཆ་ཆོས་གོས་རྣམས་དང་ནི། །ན་བའི་གསོས་སྨན་དག་ཀྱང་མི་བསམ་སྟེ། །འཁོར་རྣམས་ལ་ནི་ཅི་ཡང་མི་བསླང་ངོ་། །གཞན་དུ་མཁས་པ་རྟག་ཏུ་བདག་ཉིད་དང་། །སེམས་ཅན་འདི་དག་སངས་རྒྱས་གྲུབ་པར་ཤོག །ཕན་ཕྱིར་འཇིག་རྟེན་ཆོས་གང་བསྟན་པ་
དེ། །བདག་གི་བདེ་བའི་ཡོ་བྱད་ཀུན་སྙམ་སེམས། །དགེ་སློང་གང་ཞིག་མྱ་ངན་ང་འདས་ནས། །ཕྲག་དོག་མེད་པར་འདི་ནི་རབ་སྟོན་པ། །དེ་ལ་སྡུག་བསྔལ་མེད་ཅིང་བར་ཆད་མེད། །ནམ་ཡང་མྱ་ངན་རྣམས་ཀྱང་འཁྲུག་པའང་མེད། །དེ་ལ་སུ་ཡང་སྔངས་པར་མི་བྱེད་དེ། །རྡེག་པ་མེད་
ཅིང་མི་སྙན་སྨྲ་བའང་མེད། །དེ་ནི་ནམ་ཡང་བསྐྲད་པར་མི་འགྱུར་ཏེ། །འདི་ལྟར་དེ་ནི་བཟོད་པའི་སྟོབས་ལ་གནས། །རྟག་ཏུ་མཁས་པ་བདེ་ལ་གནས་པ་དེ། །ཇི་ལྟར་ངས་བཤད་བཞིན་དུ་གནས་པ་ནི། །ཡོན་ཏན་བྱེ་བ་དུ་མ་བརྒྱ་འབྱུང་སྟེ། །དེ་ནི་བསྐལ་པ་བརྒྱར་ཡང་བརྗོད་མི་
ནུས། །འཇམ་དཔལ་གཞན་ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། དམ་པའི་ཆོས་ཟད་པའི་ཐ་མའི་དུས་ཀྱི་ཚེ་མདོ་སྡེ་འདི་འཆང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྲག་དོག་དང་གཡོ་དང་སྒྱུ་མེད་པ་ཡིན། བྱང་ཆུབ་སེམས་དཔའི་ཐེག་པ་
ཅན་གྱི་གང་ཟག་གཞན་དག་ལ་མི་སྙན་པ་མི་སྨྲ། སྐུར་པ་མི་འདེབས། བརྙས་པར་མི་བྱེད་དོ། །དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཉན་ཐོས་ཀྱི་ཐེག་པ་ཅན་ནམ། རང་སངས་རྒྱས་ཀྱི་ཐེག་པ་ཅན་ནམ། བྱང་ཆུབ་
เล่ม ๕๑ · หน้า 107a
སེམས་དཔའི་ཐེག་པ་ཅན་གཞན་དག་ལ་འགྱོད་པ་སྐྱེད་པར་མི་བྱེད་དེ། རིགས་ཀྱི་བུ་དག་ཁྱེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་རིང་སྟེ་ཁྱེད་དེ་ན་མི་སྣང་ངོ་། །ཁྱེད་ནི་རབ་ཏུ་བག་མེད་པར་གནས་པ་སྟེ། ཁྱེད་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་མངོན་པར་རྫོགས་
པར་འཚང་རྒྱ་བའི་མཐུ་མེད་པའོ་ཞེས་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གང་ལ་ཡང་ཐེ་ཚོམ་སྐྱེད་པར་མི་བྱེད་དོ། །ཆོས་ཀྱིས་རྩོད་པ་ལ་དགའ་བ་མ་ཡིན་ཏེ་ཆོས་ལ་རྩོད་པར་མི་བྱེད་དོ། །སེམས་ཅན་ཐམས་ཅད་ལ་བྱམས་པའི་སྟོབས་མི་མཐོང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕར་
འདུ་ཤེས་སྐྱེད་དོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་སྐྱེད་དོ། །ཕྱོགས་བཅུའི་འཇིག་རྟེན་རྣམས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འཁོད་པ་དེ་དག་ལ་རྒྱུན་མི་ཆད་པར་ལྷག་པའི་བསམ་པས་གུས་པར་ཕྱག་འཚལ་ལོ། །ཆོས་འཆད་པ་ན་
ལྷག་ཆད་མེད་པར་ཆོས་འཆད་དོ། །ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་བསྟན་པ་ན། ཆོས་ཀྱི་དགའ་བ་སྙོམས་པར་བྱེད་དེ། ཐ་ན་འགའ་ཙམ་ལ་ཡང་ཆོས་ཀྱི་དགའ་བས་ལྷག་པར་ཕན་འདོགས་པར་བྱེད་དོ། །འཇམ་དཔལ་ཆོས་འདི་གསུམ་དང་ལྡན་པའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཟད་པའི་ཐ་མའི་དུས་ཀྱི་ཚེ། ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་སྟོན་པ་ན། བདེ་བར་རེག་པ་ལ་གནས་ཤིང་གཙེ་བ་མེད་པར་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྟོན་ཏེ། དེའི་ཆོས་ཡང་དག་
པར་འགྲོ་བའི་གྲོགས་དག་ཀྱང་འབྱུང་བར་འགྱུར་རོ། །གང་དག་དེ་ལ་ཆོས་ཉན་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། དད་པ་དང་། ཡིད་ཆེས་པ་དང་། འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། གླེགས་བམ་དུ་
བྱས་ཏེ་བསྟི་སྟང་དུ་བྱེད་པ་དང་། བཙུན་པར་བྱེད་པ་དང་། རིམ་གྲོར་བྱེད་པ་དང་། མཆོད་པར་བྱེད་པ་དེ་དག་ཀྱང་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས། སྟོན་པས་གཞན་ཡང་
เล่ม ๕๑ · หน้า 107b
འདི་སྐད་ཅེས་བཀའ་སྩལ་ཏོ། །གང་ཞིག་མདོ་འདི་འཆད་འདོད་ཆོས་སྨྲ་བས། །གཡོ་དང་ང་རྒྱལ་དེ་བཞིན་འཕྱ་བ་དག །མ་ལུས་པར་ནི་ཡོངས་སུ་སྤང་བར་བྱ། །དེ་བཞིན་མཁས་པས་ཕྲག་དོག་གཞན་མི་བྱ། །ནམ་དུའང་སུ་ལའང་མི་སྙན་བརྗོད་མི་བྱ། །ལྟ་བས་རྩོད་པ་
ནམ་ཡང་མི་བྱའོ། །བླ་མེད་ཡེ་ཤེས་ཁྱོད་ཐོབ་མི་འགྱུར་ཞེས། །ཐེ་ཚོམ་གནས་ནི་ནམ་ཡང་མི་བྱའོ། །དེ་ནི་རྟག་ཏུ་དྲན་ཞིང་མཉེན་པ་སྟེ། །བདེ་བར་གཤེགས་ཀྱི་སྲས་པོ་བཟོད་ལྡན་འགྱུར། །ཆོས་འདི་ཡང་དང་ཡང་དུ་རབ་སྟོན་ཀྱང་། །དེ་འདིར་སྐྱོ་བར་འགྱུར་བ་ཅུང་ཟད་མེད། །
བྱང་ཆུབ་སེམས་དཔའ་གང་དག་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་སེམས་ཅན་སྙིང་བརྩེས་རྒྱུ། །དེ་ཀུན་བདག་གི་སྟོན་ཅེས་དེ་དག་ལ། །མཁས་པ་རྣམས་ནི་བླ་མར་གུས་པ་སྐྱེད། །སངས་རྒྱས་རྐང་གཉིས་མཆོག་རྣམས་དྲན་བྱས་ལ། །རྒྱལ་བ་རྣམས་ལ་རྟག་ཏུ་ཕར་སེམས་
བསྐྱེད། །ང་རྒྱལ་འདུ་ཤེས་ཐམས་ཅད་རྣམ་སྤངས་ན། །དེ་ཚེ་དེ་ལ་བར་ཆད་འབྱུང་མི་འགྱུར། །རྣམ་པ་འདི་འདྲའི་ཆོས་འདི་ཐོས་ནས་ནི། །མཁས་པས་དེ་ཚེ་ལེགས་པར་བསྲུང་བར་བྱ། །བདེ་བར་གནས་པའི་ཕྱིར་དང་མཉམ་གཞག་ན། །སྲོག་ཆགས་བྱེ་བས་རབ་ཏུ་བསྲུངས་པར་
འགྱུར། །འཇམ་དཔལ་གཞན་ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། དམ་པའི་ཆོས་སྤོང་བའི་དུས་ཀྱི་ཚེ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་འདོད་པའི་དགེ་སློང་དེས། ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་རྣམས་ལས་
རིང་བ་བས་ཀྱང་རིང་དུ་གནས་པར་བྱའོ། །བྱམས་པ་ལ་གནས་པས་གནས་པར་བྱའོ། །སེམས་ཅན་གང་དག་བྱང་ཆུབ་ཏུ་ཡང་དག་པར་མ་ཞུགས་པ་དེ་དག་ཐམས་ཅད་ལ་སྙིང་རྗེ་བསྐྱེད་པར་བྱའོ། །དེས་འདི་སྙམ་དུ་ཀྱེ་མ་གང་དག་དེ་བཞིན་གཤེགས་པའི་ཐབས་མཁས་པ། ལྡེམ་པོར་
དགོངས་ཏེ་བཤད་པ་མི་ཉན་པ་དང་། མི་ཤེས་པ་དང་། མི་རྟོགས་པ་དང་། མི་འདྲི་བ་དང་། མ་དད་པ་དང་། མ་མོས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་ཤེས་རབ་འཆལ་པའི་རང་བཞིན་ཅན་དག་གོ། །གཞན་ཡང་སེམས་ཅན་འདི་དག་ནི། ཆོས་ཀྱི་རྣམ་གྲངས་འདི་ལ་མི་འཇུག་ཅིང་ཁོང་དུ་མི་ཆུད་
เล่ม ๕๑ · หน้า 108a
པ་དག་སྟེ། འདི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། གང་ལ་གང་གནས་པར་འགྱུར་བ་དེ་ལ་དེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་འདུན་པར་བྱའོ། །ཡིད་ཆེས་པར་བྱའོ། །འཇུག་པར་བྱའོ། །ཡོངས་སུ་སྨིན་པར་
བྱའོ། །སྙམ་དུ་བསམ་པར་བྱའོ། །འཇམ་དཔལ་ཆོས་བཞི་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་རབ་ཏུ་སྟོན་པ་ན་གནོད་པ་མེད་པར་འགྱུར་རོ། །དགེ་
སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། རྒྱལ་པོ་དང་། རྒྱལ་བུ་དང་། རྒྱལ་པོའི་བློན་པོ་ཆེན་པོ་དང་། རྒྱལ་པོའི་སྣ་ཆེན་པོ་ལ་གཏོགས་པ་དང་། གྲོང་རྡལ་གྱི་མི་དང་། ཡུལ་གྱི་མི་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་བསྟི་
སྟང་དུ་བྱེད། བཙུན་པར་བྱེད། རི་མོར་བྱེད། མཆོད་པ་བྱེད་པར་འགྱུར་རོ། །བར་སྣང་ལ་གནས་པའི་ལྷ་དད་པ་དག་ཀྱང་ཆོས་ཉན་པའི་ཕྱིར་དེའི་ཕྱི་བཞིན་འབྲང་བར་འགྱུར་རོ། །ལྷའི་བུ་རྣམས་ཀྱང་དེ་བསྲུང་བའི་ཕྱིར་རྟག་ཏུ་ཕྱི་བཞིན་དུ་འབྲང་བར་འགྱུར་རོ། །གྲོང་ན་འདུག་ཀྱང་རུང་གཙུག་ལག་
ཁང་ན་འདུག་ཀྱང་རུང་ཆོས་ཡོངས་སུ་འདྲི་བ་དག་ཉིན་མཚན་དུ་དེའི་དྲུང་དུ་འདོང་བར་འགྱུར། དེས་ལན་བཏབ་པས་དགའ་མགུ་རངས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་རོ། །འཇམ་
དཔལ་ཆོས་ཀྱི་རྣམ་གྲངས་འདི་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྟག་ཏུ་བྱིན་གྱིས་བརླབས་པའི་ཕྱིར་རོ། །འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ནི་འཇིག་རྟེན་གྱི་ཁམས་
མང་པོར་ཡང་སྒྲའམ་དབྱངས་སམ་མིང་ཐོས་པ་ཡང་རྙེད་པར་དཀའོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་སྟོབས་ཀྱིས་བདག་གི་རྒྱལ་སྲིད་ཐུབ་སྟེ། དེ་ལ་ཕྱིར་རྒོལ་བ་རྒྱལ་པོ་ཟླ་དག་དང་དེ་འཐབ་མོ་བྱེད་པར་གྱུར་ན། སྟོབས་ཀྱི་འཁོར་
เล่ม ๕๑ · หน้า 108b
ལོས་སྒྱུར་བའི་རྒྱལ་པོ་དེ་ལ་དམག་མི་མང་པོ་ཡོད་དེ། དེ་དག་དང་དགྲ་དེ་དག་འཐབ་བོ། །རྒྱལ་པོ་དེས་དམག་མི་འཐབ་པ་དེ་མཐོང་ནས། དམག་མི་དེ་དག་ལ་དགའ་ཞིང་མགུ་རངས་པར་འགྱུར་རོ། །དེ་དགའ་ཞིང་མགུ་རངས་ནས་དམག་མི་དེ་དག་ལ་སྦྱིན་པ་རྣམ་པ་དུ་མ་སྦྱིན་པར་
བྱེད་དེ། འདི་ལྟ་སྟེ་གྲོང་དང་གྲོང་གི་ཞིང་རྣམས་སྦྱིན་ནོ། །གྲོང་ཁྱེར་དང་། གྲོང་ཁྱེར་གྱི་ཞིང་དང་། གོས་དང་། ཐོད་དང་། ལག་པའི་རྒྱན་དང་། མགུལ་རྒྱན་དང་། གསེར་གྱི་ཙོང་ཙོང་དང་། རྣ་རྒྱན་དང་། སེ་མོ་དོ་དང་། དོ་ཤལ་དང་། འགྲོན་བུ་དང་། གསེར་དང་།
དངུལ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་ཡང་སྦྱིན་པར་བྱེད། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། རྐང་ཐང་དང་། བྲན་ཕོ་དང་། བྲན་མོ་ཡང་སྦྱིན་པར་བྱེད། བཞོན་པ་དང་། ཁྱོགས་ཀྱང་སྦྱིན་པར་བྱེད་དེ།
གཙུག་གི་ནོར་བུ་ནི་སུ་ལ་ཡང་སྦྱིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོའི་གཙུག་ཏུ་བཏགས་པའི་ནོར་བུ་དེ་ནི་གཅིག་པུ་ཁོ་ན་ཡིན་པའི་ཕྱིར་རོ། །འཇམ་དཔལ་གང་གི་ཚེ་རྒྱལ་པོས་གཙུག་གི་ནོར་བུ་དེ་ཡང་སྦྱིན་པར་བྱེད་པ་ན། རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་པོ་དེ་
དག་ཐམས་ཅད་ངོ་མཚར་དུ་འགྱུར་རྨད་དུ་འགྱུར་རོ། །འཇམ་དཔལ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་ལག་སྟོབས་ཀྱི་བསོད་ནམས་ལས་བྱུང་བའི་ཁམས་གསུམ་ན། །ཆོས་ཀྱི་རྒྱལ་པོ་མཛད་པའི་ཁམས་གསུམ་དེ་དག་ལ་
བདུད་སྡིག་ཅན་གནོན་ཏེ། དེ་ནས་དེ་བཞིན་གཤེགས་པའི་འཕགས་པའི་དམག་མི་རྣམས་དང་བདུད་དུ་ཐབ་མོ་བྱེད་དོ། །འཇམ་དཔལ་དེས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་བདག་པོ་འཕགས་པའི་དམག་མི་ཐབ་མོ་
བྱེད་པ་དེ་དག་ལ་མདོ་སྡེ་བརྒྱ་སྟོང་རྣམ་པ་དུ་མ་འཆད་དོ། །འཁོར་བཞི་ཡང་དག་པར་དགའ་བར་བྱ་བའི་ཕྱིར། དེ་དག་ལ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དང་། ཆོས་ཀྱི་གྲོང་ཁྱེར་ཆེན་པོའི་སྦྱིན་པ་སྦྱིན་ཏེ། མྱ་ངན་ལས་འདས་པས་དེ་དག་ལ་རྗོད་ཅིང་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་ནི་མི་འཆད་དོ། །
เล่ม ๕๑ · หน้า 109a
འཇམ་དཔལ་དེ་ལ་ཇི་ལྟར་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དམག་མི་དེ་དག་འཐབ་པ་ན་སྐྱེས་བུའི་རྩལ་ཆེན་པོས་ངོ་མཚར་དུ་གྱུར་ནས་ཕྱིས་བདོག་པ་ཐམས་ཅད་ཀྱི་མཆོག་གི་གཙུག་གི་ནོར་བུ་འཇིག་རྟེན་ཐམས་ཅད་ཡིད་མི་ཆེས་ཤིང་ངོ་མཚར་དུ་གྱུར་པ་དེ་སྦྱིན་པར་བྱེད་དོ། །འཇམ་དཔལ་
ཇི་ལྟར་རྒྱལ་པོ་དེའི་གཙུག་གི་ནོར་བུ་གཙུག་ན་འདུག་པ་དེ་ཡུན་རིང་དུ་བསྲུངས་པ་དེ་བཞིན་དུ། འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁམས་གསུམ་ན་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཆོས་ཀྱི་རྒྱལ་པོ་མཛད་པ་གང་གི་ཚེ་ཉན་ཐོས་དག་དང་། བྱང་ཆུབ་སེམས་དཔའ་
དག་ཕུང་པོའི་བདུད་དམ། ཉོན་མོངས་པའི་བདུད་དང་འཐབ་པ་གཟིགས་ཏེ། དེ་དག་དང་ལྷན་ཅིག་ཏུ་འཐབ་པ་ན། གང་གི་ཚེ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཟད་དེ། ཁམས་གསུམ་པ་ཐམས་ཅད་ནས་བྱུང་ཞིང་བདུད་ཐམས་ཅད་འཇོམས་པ་སྐྱེས་བུ་ཆེན་པོའི་རྩལ་
ཆེན་པོ་བྱས་པར་གྱུར་པ་དེའི་ཚེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉེས་ནས་འཕགས་པའི་དམག་མི་དེ་དག་ལ་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ། འཇིག་རྟེན་ཐམས་ཅད་ལ་ཡིད་མི་ཆེས་པ། སྔོན་མ་བཤད་སྔོན་མ་བསྟན་པའི་ཆོས་ཀྱི་
རྣམ་གྲངས་འདི་ལྟ་བུ་འདི་བཤད་དེ། ཀུན་གྱིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ། གཙུག་གི་ནོར་བུ་ཆེན་པོ་དང་འདྲ་བར། དེ་བཞིན་གཤེགས་པས་ཉན་ཐོས་རྣམས་ལ་རབ་ཏུ་སྦྱིན་ནོ། །འཇམ་དཔལ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པའི་མཆོག་སྟེ།
འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་མཐུའོ། །ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཀྱི་ནང་ན་ཆོས་ཀྱི་རྣམ་གྲངས་འདི་ཟབ་སྟེ། འཇིག་རྟེན་ཐམས་ཅད་དང་མི་འཐུན་པའོ། །འཇམ་དཔལ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ཉིད་ཀྱིས་རིང་དུ་བསྲུངས་པའི་གཙུག་གི་ནོར་
བུ་བཀྲོལ་ཏེ། དམག་མི་མཆོག་རྣམས་ལ་བྱིན་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཆོས་ཀྱི་རྣམ་གྲངས་གསང་བ་ཡུན་རིང་པོར་བསྲུངས་པ། ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཀྱི་སྤྱི་བོ་ལ་འདུག་པ། དེ་བཞིན་གཤེགས་པས་མཁྱེན་པ་དེ། དེ་བཞིན་གཤེགས་པས་དེ་རིང་ཡང་དག་
เล่ม ๕๑ · หน้า 109b
པར་རབ་ཏུ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་དོན་འདི་ཉིད་རྒྱས་པར་སྟོན་ཅིང་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བྱམས་པའི་སྟོབས་ནི་རབ་ཏུ་སྟོན་པར་བྱེད། །རྟག་ཏུ་སེམས་ཅན་ཀུན་ལ་སྙིང་ཡང་བརྩེ། །བདེ་བར་གཤེགས་པས་བསྔགས་པའི་མདོ་སྡེའི་མཆོག །
འདི་འདྲའི་ཆོས་འདི་རབ་ཏུ་སྟོན་པར་བྱེད། །གང་དག་ཁྱིམ་ན་གནས་དང་རབ་བྱུང་དང་། །བྱང་ཆུབ་སེམས་དཔའ་མ་ཡིན་ཕྱི་དུས་དེར། །ཆོས་འདི་ཐོས་ནས་སྨོད་པར་འགྱུར་འོང་ཞེས། །ཐམས་ཅད་ལ་ཡང་དེས་ནི་བྱམས་སྟོབས་བསྟན། །བདག་གིས་བྱང་ཆུབ་རྗེས་སུ་འཐོབ་འགྱུར་ཏེ། །
དེ་བཞིན་གཤེགས་ལ་འཇུག་པར་ནམ་གྱུར་པ། །དེ་ཚེ་ཐབས་ལ་གནས་ནས་ཁྱེད་ལ་སྦྱིན། །བྱང་ཆུབ་མཆོག་འདི་ཀུན་ཏུ་བསྒྲགས་པར་བྱ། །དཔེར་ན་སྟོབས་ཀྱི་འཁོར་ལོས་སྒྱུར་རྒྱལ་གྱིས། །མགུ་ནས་དམག་མི་རྣམས་ལ་འགྲོན་མང་བྱིན། །གླང་ཆེན་རྟ་དང་ཤིང་རྟ་རྐང་ཐང་དང་། །
གྲོང་རྣམས་དང་ནི་གྲོང་ཁྱེར་རྣམས་ཀྱང་བྱིན། །དགའ་ནས་ཁ་ཅིག་ལ་ནི་ལག་པའི་རྒྱན། །དངུལ་དང་གསེར་གྱི་ཙོང་ཙོང་རྣམས་ཀྱང་བྱིན། །མུ་ཏིག་ནོར་བུ་བྱི་རུ་མན་ཤེལ་དང་། །སྦྱིན་པར་བྱ་བ་རྣམ་པ་མང་པོ་བྱིན། །གང་ཚེ་དེ་ནི་དེ་ལ་གང་ཞིག་གིས། །ཚམ་ཚོམ་མེད་པའི་མཆོག་
གིས་ངོ་མཚར་གྱུར། །དེ་ཡིས་ངོ་མཚར་བྱས་པར་ཤེས་ནས་སུ། །ཅོད་པན་ལས་ནི་ནོར་བུ་བཀྲོལ་ཏེ་བྱིན། །བཟོད་པའི་སྟོབས་དང་ཤེས་རབ་མཛོད་མང་པོ། །སངས་རྒྱས་ཆོས་རྒྱལ་ངས་ཀྱང་དེ་བཞིན་དུ། །ཕན་ཞིང་སྙིང་རྗེའི་རྗེས་སུ་ཐུགས་བརྩེའི་ཕྱིར། །ཆོས་ཀྱིས་འཇིག་
རྟེན་འདི་དག་ཐམས་ཅད་བསྟན། །འཚེ་བའི་སེམས་ཅན་དག་ཀྱང་གཟིགས་ནས་སུ། །མདོ་སྡེ་བྱེ་བ་ཕྲག་སྟོང་རྣམས་ཀྱང་བཤད། །སེམས་ཅན་གང་འདིར་ཉོན་མོངས་འཇོམས་གཙང་བ། །སྲོག་ཆགས་དེ་དག་རྣམས་ཀྱི་མཐུ་མཁྱེན་ནས། །དེ་ནས་ཆོས་རྒྱལ་སྨན་པ་ཆེན་པོ་ཡང་། །རྣམ་གྲངས་
བྱེ་བ་ཕྲག་བརྒྱ་འཆད་མཛད་ཅིང་། །སེམས་ཅན་སྟོབས་དང་ཡེ་ཤེས་ལྡན་མཁྱེན་ནས། །གཙུག་གི་ནོར་བུ་ལྟ་བུའི་མདོ་འདི་བཤད། །མདོ་སྡེ་ཀུན་གྱི་མཆོག་གྱུར་འདི་ཡིན་ཏེ། །འཇིག་རྟེན་དུ་ནི་མདོ་སྡེ་མཐའ་འདི་བཤད། །ངས་ནི་ནམ་ཡང་མ་བཤད་རབ་བསྲུངས་པ། །དེ་ནི་དེ་རིང་
เล่ม ๕๑ · หน้า 110a
བསྒྲགས་ཀྱིས་ཐམས་ཅད་ཉོན། །ང་ནི་ཡོངས་སུ་མྱ་ངན་འདས་གྱུར་ནས། །འདི་འདྲའི་ཆོས་བཞི་འདི་དག་བསྟེན་པར་བྱ། །གང་ཞིག་བྱང་ཆུབ་དམ་པ་མཆོག་འདོད་དང་། །དེ་དག་ང་ཡི་བྱ་བ་རྣམས་བྱེད་པ། །དེ་ལ་མྱ་ངན་མེད་ཅིང་བར་ཆད་མེད། །མདོག་མི་སྡུག་
ཅིང་ན་བར་མི་འགྱུར་དང་། །དེ་ཡི་མདོག་ཀྱང་ནག་པོར་མི་འགྱུར་ཏེ། །དེ་ནི་གྲོང་ཁྱེར་ངན་པར་ཡོངས་མི་གནས། །རྟག་ཏུ་མཐོང་དགའ་དྲང་སྲོང་ཆེན་པོ་དེ། །དེ་བཞིན་གཤེགས་པ་བཞིན་དུ་མཆོད་པར་འགྱུར། །ལྷ་ཡི་བུ་ཕོ་གཞོན་ནུ་དེ་དག་ཀྱང་། །རྟག་ཏུ་དེ་ཡི་གཡོག་
ཀྱང་བྱེད་པར་འགྱུར། །དེ་ལ་ནམ་ཡང་མཚོན་དང་དུག་མི་ཚུགས། །ལུས་ལ་བོང་རྡོ་དབྱུག་པས་མི་ཕོག་གོ། །དེ་ལ་གང་དག་ཁ་ངན་ཟེར་བ་ནི། །དེ་དག་ཁ་ཡང་ལྐུགས་ཤིང་ཟུམས་པར་འགྱུར། །མྱ་ངན་ང་འདས་མདོ་འདི་གང་འཛིན་པ། །དེ་ནི་སྲོག་ཆགས་རྣམས་ཀྱི་
གཉེན་དུ་འགྱུར། །སྣང་བ་ཐོབ་ཅིང་ས་འདིའི་སྟེང་ན་རྒྱུ། །སྲོག་ཆགས་བྱེ་བ་མང་པོའི་རབ་རིབ་སེལ། །དེ་ཡིས་རྨི་ལམ་བཟང་པོའི་དངོས་མཐོང་ནས། །དེས་ནི་དགེ་སློང་དགེ་སློང་མ་ཡང་མཐོང་། །དེ་བཞིན་བདག་ལུས་སེང་གེའི་ཁྲི་ལ་འདུག །རྣམ་པ་མང་པོའི་ཆོས་རྣམས་
སྟོན་པར་བྱེད། །དེ་ནི་རྨི་ལམ་ན་ཡང་ལྷ་ཀླུ་དང་། །གནོད་སྦྱིན་ལྷ་མི་གང་གཱའི་བྱེ་མ་སྙེད། །ཐམས་ཅད་ཐལ་མོ་སྦྱར་བ་དེ་དག་ལ། །ཆོས་ཀྱི་དམ་པ་རྣམ་པ་མང་པོ་འཆད། །དེ་ནི་རྨི་ལམ་དེ་བཞིན་གཤེགས་མཐོང་སྟེ། །སྲོག་ཆགས་བྱེ་བ་མང་ལ་ཆོས་སྟོན་ཅིང་། །འོད་ཟེར་
སྟོང་དག་རབ་ཏུ་འགྱེད་མཛད་ལ། །མགོན་པོ་དབྱངས་སྙན་གསེར་གྱི་མདོག་འདྲ་མཐོང་། །དེ་ཡང་དེ་ན་ཐལ་མོ་སྦྱར་འདུག་ནས། །ཐུབ་པ་རྐང་གཉིས་མཆོག་ལ་མངོན་པར་བསྟོད། །རྒྱལ་བ་སྨན་པ་ཆེན་པོ་དེ་ཡང་ནི། །འཁོར་བཞི་དག་ལ་ཆོས་མཆོག་སྟོན་པ་མཛད། །
དེ་ཡིས་ཐོས་ནས་རབ་ཏུ་དགའ་བར་འགྱུར། །རབ་ཏུ་མགུ་བ་སྐྱེས་ནས་མཆོད་པ་བྱེད། །ཕྱིར་མི་ལྡོག་པའི་ཡེ་ཤེས་མྱུར་རེག་ནས། །རྨི་ལམ་དུ་ནི་དེ་ཡིས་གཟུངས་ཐོབ་པོ། །འཇིག་རྟེན་མགོན་པོས་དེ་ཡིས་བསམ་མཁྱེན་ནས། །རིགས་ཀྱི་བུ་ཁྱོད་མ་འོངས་དུས་ན་འདིར། །
เล่ม ๕๑ · หน้า 110b
ཡེ་ཤེས་བླ་མེད་ཞི་བ་རེག་འགྱུར་ཞེས། །སྐྱེས་བུ་ཁྱུ་མཆོག་ཉིད་དུ་དེ་ལུང་སྟོན། །ཁྱོད་ཀྱི་ཞིང་ཡང་ཤིན་ཏུ་རྒྱ་ཆེར་འགྱུར། །འཁོར་བཞི་རྣམས་ཀྱང་ཇི་ལྟར་ང་ཡི་བཞིན། །གུས་པར་གྱུར་ཅིང་ཐལ་མོ་རབ་སྦྱར་ཏེ། །དེ་དག་ཟག་མེད་ཆོས་མང་ཉན་པར་འགྱུར། །དེས་ནི་བདག་གི་ལུས་ཀྱང་ཡང་
མཐོང་བ། །རི་སུལ་དག་ན་ཆོས་ནི་སྒོམ་བྱེད་ཅིང་། །ཆོས་ལ་གོམས་པར་བྱས་པས་ཆོས་ཉིད་རེག །དེ་ཡིས་ཏིང་ངེ་འཛིན་རྙེད་རྒྱལ་བ་མཐོང་། །གསེར་གྱི་ཁ་དོག་བསོད་ནམས་བརྒྱ་མཚན་ལྡན། །རྨི་ལམ་དག་ན་མཐོང་ནས་ཆོས་ཀྱང་ཉན། །ཐོས་ནས་དེ་ཡང་འཁོར་ལ་རབ་ཏུ་སྟོན། །
དེ་ཡི་རྨི་ལམ་དུ་ནི་དེ་འདྲ་རྨི། །རྨི་ལམ་ན་ཡང་རྒྱལ་སྲིད་ཐམས་ཅད་དང་། །བཙུན་མོའི་འཁོར་དང་དེ་བཞིན་གཉེན་ཚོགས་སྤངས། །འདོད་པ་ཐམས་ཅད་སྤངས་ཏེ་མངོན་པར་བྱུང་། །བྱང་ཆུབ་སྙིང་པོ་ག་ལ་ཡོད་པར་སོང་། །བྱང་ཆུབ་འདོད་པའི་ཕྱིར་ནི་ཤིང་དྲུང་དེར། །དེ་ན་སེང་གེའི་
ཁྲི་ལ་འདུག་ནས་སུ། །དེ་བཞིན་དུ་ཡང་ཞག་བདུན་འདས་ནས་ནི། །དེ་བཞིན་གཤེགས་ཀྱི་ཡེ་ཤེས་རྗེས་སུ་ཐོབ། །བྱང་ཆུབ་ཐོབ་སྟེ་དེ་ནས་ལངས་ནས་སུ། །ཟག་པ་མེད་པའི་འཁོར་ལོ་རབ་བསྐོར་ཏེ། །བསྐལ་པ་བསམ་གྱིས་མི་ཁྱབ་བྱེ་སྟོང་དུ། །འཁོར་བཞི་དག་ལ་དེ་ནི་ཆོས་སྟོན་
ཏོ། །དེར་ནི་ཟག་པ་མེད་པའི་ཆོས་བསྟན་ནས། །སྲོག་ཆགས་བྱེ་བ་མང་པོ་མྱ་ངན་འདས། །རྒྱུ་ཟད་མར་མེ་བཞིན་དུ་མྱ་ངན་འདའ། །དེ་ནི་རྨི་ལམ་རྣམ་པ་དེ་འདྲ་རྨི། །ང་ཡིས་ལེགས་བཤད་ང་ཡི་ཆོས་མདོ་མཆོག །གང་ཞིག་ཕྱི་མའི་དུས་ན་རབ་སྟོན་པ། །དེ་ཡི་ཕན་ཡོན་མང་
ཞིང་མཐའ་ཡས་ཏེ། །འཇམ་དབྱངས་དེ་དག་འདྲ་བར་དེ་རྟག་འགྱུར། །དམ་པའི་ཆོས་པད་མ་དཀར་པོ་ལས་བདེ་བར་གནས་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་གསུམ་པའོ།། །།དེ་ནས་འཇིག་རྟེན་གྱི་ཁམས་གཞན་དག་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་གང་གཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེ་ནས་ལངས་ཏེ་དེ་དག་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་གནང་ན། བཅོམ་ལྡན་འདས་
เล่ม ๕๑ · หน้า 111a
བདག་ཅག་གིས་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། ཆོས་ཀྱི་རྣམ་གྲངས་འདི་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཡང་དག་པར་རབ་ཏུ་བསྟན་པར་བགྱིའོ། །བཀླག་པར་བགྱིའོ། །ཡི་གེར་བྲི་བར་བགྱིའོ། །མཆོད་པར་བགྱིའོ། །ཆོས་ཀྱི་རྣམ་
གྲངས་འདི་ལ་བརྩོན་པར་བགྱིའོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་ཅག་ལ་ལེགས་པར་བཀའ་སྩལ་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་ཀྱིས་འདི་བྱ་བ་ཅི་དགོས།
འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་ང་ཡི་བྱང་ཆུབ་སེམས་དཔའ་སྟོང་ཕྲག་གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ཡོད་དེ། བྱང་ཆུབ་སེམས་དཔའ་དེ་ལྟ་བུ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་རེ་རེའི་གཡོག་ཀྱང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ཁོ་ན་སྟེ། བྱང་ཆུབ་སེམས་དཔའ་
དེ་དག་རེ་རེའི་གཡོག་ཀྱང་དེ་སྙེད་དོ། །དེ་དག་ང་ཡོངས་སུ་མྱ་ངན་ལས་འདས་ནས་ཕྱི་མའི་དུས་ཕྱི་མའི་ཚེ་ན། ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏོ། །ཡང་དག་པར་རབ་ཏུ་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ། འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཀུན་ཏུ་གས།
རྣམ་པར་གས་པར་གྱུར་ཏོ། །གས་པ་དེ་དག་གི་བར་ནས་གང་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཉིད་ལ་བརྟེན་ཅིང་། ས་ཆེན་པོ་འདིའི་འོག་གི་ནམ་མཁའི་ཁམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལུས་གསེར་གྱི་ཁ་དོག་ལྟ་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་
བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་འཐོན་ཏེ། དེ་དག་བཅོམ་ལྡན་འདས་ཀྱི་གསུང་འདི་ལྟ་བུ་འདི་ཐོས་ནས་ས་རུམ་ནས་འཐོན་ཏེ། དེ་དག་ལས་བྱང་ཆུབ་སེམས་དཔའ་རེ་རེ་ཡང་གཡོག་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ཡོད་ཅིང་། ཚོགས་དང་ཚོགས་ཆེན་པོ་དང་།
ཚོགས་ཀྱི་སློབ་དཔོན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོགས་དང་ཚོགས་ཆེན་པོ་དང་། ཚོགས་ཀྱི་སློབ་དཔོན་འདི་ལྟ་བུའི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་དེ་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་ས་རུམ་འདི་ནས་
เล่ม ๕๑ · หน้า 111b
འཐོན་པར་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཡོད་པ་རྣམས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བཞི་བཅུའི་བྱེ་མ་སྙེད་ཡོད་པ་རྣམས་ལྟ་ཅི་སྨོས། །བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་སུམ་ཅུའི་བྱེ་མ་སྙེད་ཡོད་པ་རྣམས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་ཉི་ཤུའི་བྱེ་མ་སྙེད་ཡོད་པ་རྣམས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་གཡོག་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཡོད་པ་རྣམས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་ལྔ་དང་བཞི་དང་གསུམ་དང་གཉིས་ཀྱི་བྱེ་མ་སྙེད་ཡོད་པ་རྣམས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་གཡོག་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་ཡོད་པ་རྣམས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་ཕྱེད་ཀྱི་བྱེ་མ་སྙེད་ཡོད་པ་རྣམས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་བྱང་ཆུབ་སེམས་དཔའ་གང་
གཱའི་ཀླུང་གི་བྱེ་མའི་བཞི་ཆ་དང་། དྲུག་ཆ་དང་། བརྒྱད་ཆ་དང་། ཉི་ཤུ་ཆ་དང་། ལྔ་བཅུ་ཆ་དང་། བརྒྱ་ཡི་ཆ་དང་། སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆ་ཡོད་པ་རྣམས་
ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོད་པ་རྣམས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་བྱེ་བ་ཡོད་པ་རྣམས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་བྱང་ཆུབ་
སེམས་དཔའ་སྟོང་ཕྲག་བརྒྱ་ཡོད་པ་རྣམས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་སྟོང་ཡོད་པ་རྣམས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་ལྔ་བརྒྱ་ཡོད་པ་རྣམས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་བཞི་
เล่ม ๕๑ · หน้า 112a
བརྒྱ་དང་སུམ་བརྒྱ་དང་ཉིས་བརྒྱ་ཡོད་པ་རྣམས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་བརྒྱ་ཡོད་པ་རྣམས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་བྱང་ཆུབ་སེམས་དཔའ་ལྔ་བཅུ་ཡོད་པ་རྣམས་ལྟ་ཅི་སྨོས། དེ་བཞིན་དུ་སྦྱར་
ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་བྱང་ཆུབ་སེམས་དཔའ་བཞི་བཅུ་པ་དང་། སུམ་ཅུ་པ་དང་། ཉི་ཤུ་པ་དང་། བཅུ་པ་དང་། ལྔ་པ་དང་། བཞི་པ་དང་། གསུམ་པ་དང་། གཉིས་པ་རྣམས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་
དང་གཉིས་པ་རྣམས་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཡོག་མེད་པ་དེ་གཅིག་པུ་གནས་པ་རྣམས་ལྟ་ཅི་སྨོས་ཏེ། དེ་དག་གི་གྲངས་སམ་བགྲང་བའམ་དཔེ་འམ་ཟླར་ཡང་མི་དམིགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདིའི་
ས་རུམ་ནས་འཐོན་ཏོ། །དེ་དག་འཐོན་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ཡོངས་སུ་མྱ་ངན་ལས་འདས་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་ལྷན་ཅིག་ཏུ་སེང་གེའི་ཁྲི་གང་ལ་བཞུགས་པའི་རིན་པོ་ཆེའི་མཆོད་རྟེན་ཆེན་པོ་ནམ་མཁའ་བར་སྣང་ལ་
གནས་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་གཉིས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཉིད་ཀྱི་སྤྲུལ་པ། དེ་བཞིན་གཤེགས་པའི་སྐུ་གང་དག་ཕྱོགས་བཅུ་
ཀུན་གྱི་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ནས་འདུས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཤིང་ལྗོན་པའི་དྲུང་དག་ན་སེང་གེའི་ཁྲི་དག་ལ་བཞུགས་པའི་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་བཏུད་ཅིང་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་དེ་དག་ལ། ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས། བྱང་ཆུབ་སེམས་དཔའི་བསྟོད་པ་རྣམ་པ་དུ་མས་མངོན་པར་བསྟོད་དེ་ཕྱོགས་གཅིག་ཏུ་འཁོད་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། བཅོམ་
เล่ม ๕๑ · หน้า 112b
ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་ལ་མངོན་དུ་ཕྱག་འཚལ་ལོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ས་རུམ་ནས་འཐོན་ནས། བར་གྱི་བསྐལ་པ་ལྔ་བཅུ་རྫོགས་པར་འདས་ཀྱི་བར་དུ་དེ་བཞིན་གཤེགས་པ་རྣམས་ལ་
ཕྱག་འཚལ་ཞིང་བྱང་ཆུབ་སེམས་དཔའི་བསྟོད་པ་རྣམ་པ་དུ་མས་བསྟོད་དོ། །བར་གྱི་བསྐལ་པ་ལྔ་བཅུ་པོ་དེ་དག་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ཅང་མི་གསུང་བར་གྱུར་ཏོ། །འཁོར་བཞི་པོ་དེ་དག་ཀྱང་བར་གྱི་བསྐལ་པ་ལྔ་བཅུ་པོ་དེ་དག་ཉིད་ལ་ཅང་མི་སྨྲ་བར་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་འདི་ལྟ་བུ་མཛད་དེ། རྫུ་འཕྲུལ་ཇི་ལྟ་བུ་མངོན་པར་འདུ་བྱ་བ་མངོན་པར་མཛད་པས་འཁོར་བཞི་པོ་དེ་དག་གིས་དེ་དག་ཕྱི་དྲོ་གཅིག་ཁོ་ན་སྙམ་དུ་ཤེས་སོ། །འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཡང་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱའི་ནམ་མཁའ་ཙམ་དུ་
གྱུར་ཏེ། བྱང་ཆུབ་སེམས་དཔས་ཡོངས་སུ་གང་བར་མཐོང་ངོ་། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་བྱང་ཆུབ་སེམས་དཔའི་ཕུང་པོ་ཆེན་པོ་དེའི་གཙོ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཞི་གང་དག་བྱུང་བ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་སྤྱོད་པ་ཁྱད་པར་ཅན་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པ་མཐའ་ཡས་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པ་རྣམ་པར་དག་ཅེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པ་བརྟན་པ་ཞེས་བྱ་བ་སྟེ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་བྱང་ཆུབ་སེམས་དཔའི་ཕུང་པོ་ཆེན་པོ་དེའི་གཙོ་བོར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཞི་པོ་དེ་དག་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་བྱང་ཆུབ་སེམས་དཔའི་ཕུང་པོ་ཆེན་པོ་
དེའི་མདུན་དུ་འདུག་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་གནོད་པ་ཆུང་ལགས་སམ། སྙུན་ཉུང་ལགས་སམ། བདེ་བར་རེག་པ་ལ་གནས་ལགས་སམ། བཅོམ་ལྡན་འདས་ཁྱོད་ཀྱི་སེམས་ཅན་རྣམས་ཚུལ་མཛེས་
เล่ม ๕๑ · หน้า 113a
ལགས་སམ། ལེགས་པར་གོ་བ་ལགས་སམ། གདུལ་སླ་བ་ལགས་སམ། རྣམ་པར་སྦྱང་སླ་བ་ལགས་སམ། བཅོམ་ལྡན་འདས་ལ་སྐྱོ་བ་སྐྱེད་པར་མི་བགྱིད་ལགས་སམ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཞི་པོ་དེ་དག་གིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་
འདི་དག་གསོལ་ཏོ། །འཇིག་རྟེན་མགོན་པོ་འོད་མཛད་པ། །བདེ་བར་རེག་ལ་གནས་ལགས་སམ། །གནོད་ལས་རྣམ་པར་རབ་གྲོལ་ལམ། །སྡིག་པ་མི་མངའ་སྐུ་བདེ་འམ། །ཁྱོད་ཀྱི་སེམས་ཅན་ཚུལ་མཛེས་སམ། །གདུལ་སླ་སྦྱང་བར་སླ་ལགས་སམ། །འཇིག་རྟེན་མགོན་གྱིས་བཤད་པ་ན། །སྐྱོ་
བ་སྐྱེད་པར་མི་བགྱིད་དམ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་བྱང་ཆུབ་སེམས་དཔའི་ཕུང་པོ་ཆེན་པོ་དེའི་གཙོ་བོ། བྱང་ཆུབ་སེམས་དཔའ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་དེ་བཞིན་ཏེ་བདེ་བར་རེག་པ་ལ་གནས་སོ། །གནོད་པ་ཆུང་ངོ་། །
སྙུན་ཉུང་ངོ་། །ངའི་སེམས་ཅན་འདི་དག་ཚུལ་མཛེས་སོ། །གོ་སླའོ། །གདུལ་སླའོ། །རྣམ་པར་སྦྱང་སླའོ། །རྣམ་པར་སྦྱོང་བ་ན་ང་ལ་སྐྱོ་བ་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་ང་ཉིད་ཀྱིས་སེམས་ཅན་འདི་དག་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚེ་ཡོངས་སུ་སྦྱང་
བ་བྱས་པའི་ཕྱིར་ཏེ། རིགས་ཀྱི་བུ་དག་ང་མཐོང་བ་དང་ཐོས་པ་ཙམ་གྱིས་ཀྱང་མོས་པར་འགྱུར་ལ། སངས་རྒྱས་ཀྱི་ཡེ་ཤེས་ལ་འབབ་ཅིང་འདུག་སྟེ། གང་དག་ཉན་ཐོས་ཀྱིས་ལ་ཡོངས་སུ་འདྲིས་པར་བྱས་པ་རྣམས་ནི་མ་གཏོགས་སོ། །དེ་དག་ཀྱང་ངས་ད་ལྟར་སངས་རྒྱས་ཀྱི་ཡེ་ཤེས་ལ་བཙུད་
དེ་དོན་དམ་པ་ཐོས་པར་བྱས་སོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །དཔའ་བོ་ཆེན་པོ་ལེགས་སོ་ལེགས། །ཁྱོད་ཀྱི་སེམས་ཀྱི་ཚུལ་མཛེས་ཤིང་། །གདུལ་སླ་རྣམ་པར་སྦྱང་སླ་དང་། །འདྲེན་པ་གང་དག་ཁྱོད་
ཀྱི་ནི། །ཡེ་ཤེས་ཟབ་མོ་འདི་ཉན་ཅིང་། །ཐོས་ནས་མོས་པར་འགྱུར་བ་དང་། །འདྲེན་པར་འཇུག་པར་འགྱུར་བ་ལ། །བདག་ཅག་རྗེས་སུ་ཡི་རང་ངོ་། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་བྱང་ཆུབ་སེམས་དཔའི་ཕུང་པོ་
เล่ม ๕๑ · หน้า 113b
ཆེན་པོ་དེའི་གཙོ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཞི་པོ་དེ་དག་ལ། རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དག་ཁྱེད་དེ་བཞིན་གཤེགས་པ་ལ་མངོན་པར་བསྟོད་པ་ཡང་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
བྱམས་པ་དང་གཞན་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་བྱང་ཆུབ་སེམས་དཔའི་ཕུང་པོ་ཆེན་པོ་གང་ས་རུམ་ནས་འཐོན་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས། བཅོམ་
ལྡན་འདས་ལ་བསྟི་སྟང་དུ་བྱེད། བཙུན་པར་བྱེད། བཅོམ་ལྡན་འདས་ལ་དགྱེས་པར་བྱེད་པ་འདི་དག །བདག་ཅག་གིས་སྔོན་མ་མཐོང་སྔོན་མ་ཐོས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ག་ལས་ལྷགས་སྙམ་སེམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་བྱམས་པས་བདག་ཉིད་ཐེ་ཚོམ་དང་སོམ་ཉིར་གྱུར་པ་ཡང་ཤེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་ཡང་སེམས་ཀྱིས་རིག་ནས་དེའི་ཚེ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཚིགས་སུ་
བཅད་པའི་དབྱངས་ཀྱིས་དོན་དེ་ཞུས་པ། བྱང་ཆུབ་སེམས་དཔའ་སྔོན་མ་བྱུང་། །བརྒྱ་སྟོང་ཕྲག་ནི་མང་པོ་དང་། །བྱེ་བ་ཕྲག་ནི་མཐའ་ཡས་པ། །རྐང་གཉིས་མཆོག་གིས་བསྟན་དུ་གསོལ། །རྫུ་འཕྲུལ་ཆེན་པོ་འདི་དག་རྣམས། །གང་ནས་ཇི་ལྟར་ལྷགས་པར་གྱུར། །རབ་
ཏུ་ཆེ་བའི་ལུས་ཀྱི་གཟུགས། །འདི་དག་གང་ནས་ཇི་ལྟར་ལྷགས། །འདི་དག་ཐམས་ཅད་བརྟན་ལྡན་ཞིང་། །དྲན་དང་ལྡན་ལ་དྲང་སྲོང་ཆེ། །ཤིན་ཏུ་བལྟ་ན་སྡུག་པའི་གཟུགས། །འདི་དག་གང་ནས་ལྷགས་པར་གྱུར། །བྱང་ཆུབ་སེམས་དཔའ་མཁས་གྱུར་པ། །རེ་རེའི་
གཡོག་ཀྱང་དཔག་མི་ལང་། །གང་གཱའི་བྱེ་མ་ཇི་སྙེད་པ། །དེ་སྙེད་མཆིས་སོ་འཇིག་རྟེན་དབང་། །བྱང་ཆུབ་སེམས་དཔའི་གཡོག་རྣམས་ནི། །གྲགས་ལྡན་དྲུག་ཅུར་ཡོངས་ཚང་བ། །གང་གཱའི་ཀླུང་གི་བྱེ་མ་སྙེད། །ཀུན་ཀྱང་བྱང་ཆུབ་ཞུགས་པ་ལགས། །དཔའ་བོ་
เล่ม ๕๑ · หน้า 114a
གཡོག་དང་ལྡན་གྱུར་པ། །རྣམ་པ་འདི་འདྲའི་སྐྱོབ་རྣམས་ཀྱི། །འདི་དག་ཚད་ནི་གང་གཱའི་ཀླུང་། །དྲུག་ཅུ་ཁོ་ནའི་བྱེ་མ་སྙེད། །གཞན་དག་དེ་བས་ཆེས་མང་སྟེ། །གཡོག་རྣམས་མཐའ་ཡས་ལྡན་པ་ལགས། །གང་གཱ་ཕྲག་ནི་ལྔ་བཅུ་དང་། །བཞི་བཅུ་དང་ནི་
སུམ་ཅུ་དང་། །གང་གཱ་ཉི་ཤུའི་བྱེ་སྙེད་དེ། །གཡོག་འཁོར་དེ་དག་དེ་སྙེད་ལགས། །གཞན་དག་དེ་བས་ཆེས་མང་སྟེ། །དེ་དག་རྣམས་ཀྱི་བཅུ་དང་ལྔ། །སྐྱོབ་པ་སངས་རྒྱས་སྲས་རྣམས་ཀྱི། །སོ་སོ་རེ་རེའི་གཡོག་གྱུར་པ། །གང་ནས་འདི་འདྲའི་འཁོར་འདི་རྣམས། །རྣམ་པར་འདྲེན་
པ་དེ་རིང་ལྷགས། །སོ་སོ་རེ་རེའི་གཡོག་གྱུར་པ། །རྗེས་སུ་སློབ་པའི་གྲོགས་པོ་དག །གང་གཱ་བཞི་དང་གསུམ་རྣམས་དང་། །གཉིས་ཀྱི་བྱེ་མ་སྙེད་ཀྱང་མཆིས། །གཞན་ཡང་དེ་བས་ཆེས་མང་བ། །དེ་ཡི་གྲངས་ནི་མཐའ་ཡས་ཏེ། །བསྐལ་པ་བྱེ་བ་སྟོང་དུ་ཡང་། །
དེ་དག་དཔག་པར་ནུས་མ་ལགས། །བྱང་ཆུབ་སེམས་དཔའ་དཔའ་བོ་པ། །སྐྱོབ་པ་དག་གི་གཡོག་རྣམས་ནི། །གང་གཱ་ཕྱེད་དང་སུམ་ཆ་དང་། །བཅུ་དང་ཉི་ཤུའི་ཆ་ཡང་མཆིས། །གཞན་ཡང་དེ་བས་ཆེས་མང་སྟེ། །བསྐལ་པ་བྱེ་བ་བརྒྱ་རྣམས་སུ། །རེ་རེ་བགྲང་བར་བགྱིས་ན་ནི། །
དེ་དག་རྣམས་ལ་ཚད་མ་མཆིས། །གཞན་ཡང་དེ་བས་ཆེས་མང་སྟེ། །གཡོག་རྣམས་ཉུང་བ་མ་ལགས་པ། །བྱེ་བ་བྱེ་ཕྲག་བྱེ་བ་དང་། །དེ་བཞིན་བྱེ་བ་ཕྱེད་པའང་མཆིས། །གཞན་ཡང་དྲང་སྲོང་ཆེ་རྣམས་ཀྱི། །བྱང་ཆུབ་སེམས་དཔའ་ཤེས་རབ་ཆེ། །བགྲང་བ་ལས་ནི་འདས་
པ་རྣམས། །ཐམས་ཅད་གུས་དང་བཅས་པར་གནས། །གཡོག་འཁོར་སྟོང་དང་ལྡན་པ་དང་། །དེ་བཞིན་བརྒྱ་དང་ལྔ་བཅུ་དང་། །བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང་། །དེ་དག་བགྲང་བར་ནུས་མ་ལགས། །དཔའ་བོ་དག་གི་གཡོག་རྣམས་ནི། །ཉི་ཤུ་དག་དང་བཅུ་དང་ལྔ། །དེ་
བཞིན་བཞི་གསུམ་གཉིས་པ་ཡང་། །དེ་དག་ལ་ནི་གྲངས་མ་མཆིས། །གང་དག་བདག་ཉིད་གཅིག་རྒྱུ་ཞིང་། །གཅིག་པུ་ཞི་བ་མྱོང་བགྱིད་པ། །གང་དག་དེ་རིང་འདིར་ལྷགས་པ། །དེ་དག་ལ་ཡང་གྲངས་མ་མཆིས། །བགྲང་ཤིང་ལག་ན་ཐོགས་ནས་སུ། །གང་
เล่ม ๕๑ · หน้า 114b
གཱའི་བྱེ་མ་སྙེད་རྣམས་ཀྱི། །བསྐལ་པར་གལ་ཏེ་མིས་བགྲངས་ཀྱང་། །དེས་ནི་མཐའ་མ་རྙེད་མ་ལགས། །ཀུན་ཀྱང་ཆེ་བའི་བདག་ཉིད་ཅན། །སྐྱོབ་པ་བརྩོན་འགྲུས་ལྡན་པ་སྟེ། །བྱང་ཆུབ་སེམས་དཔའ་དཔའ་བོ་པ། །འདི་རྣམས་གང་ལས་བྱུང་བ་ལགས། །གང་གིས་འདི་དག་ཆོས་རྣམས་བསྟན། །
བྱང་ཆུབ་ལ་ནི་སུ་ཡིས་བཀོད། །འདི་དག་སུ་ཡི་བསྟན་ལ་མོས། །གང་གིས་བསྟན་པ་འཛིན་པ་ལགས། །ས་འདི་ཐམས་ཅད་བརྟོལ་ནས་སུ། །ཕྱོགས་བཞི་དག་ནི་ཀུན་ནས་ཀྱང་། །མཁས་ཤིང་རྫུ་འཕྲུལ་ལྡན་པ་དང་། །ཤེས་རབ་ཆེན་པོ་རྣམས་ཀྱང་འཐོན། །བྱང་ཆུབ་སེམས་དཔའ་འཇིགས་བྲལ་བ། །
དེ་ལྟར་འཐོན་པ་འདི་དག་གིས། །ཐུབ་པ་འཇིག་རྟེན་ཁམས་འདི་ཡང་། །ཀུན་ཏུ་སང་སེང་བགྱིས་ལགས་སོ། །འདི་དག་ནམ་ཡང་བདག་ཅག་གིས། །སྔོན་ཆད་ཡོང་ཡེ་མ་མཐོང་ན། །དེ་ཡི་ཞིང་གི་མིང་རྣམས་ནི། །འཇིག་རྟེན་འདྲེན་པས་བསྟན་དུ་གསོལ། །ཕྱོགས་བཅུ་དག་ཏུ་བདག་ཅག་རྣམས། །
འདི་ལྟར་ཡང་དང་ཡང་མཆིས་ན། །བྱང་ཆུབ་སེམས་དཔའ་འདི་དག་ནི། །བདག་ཅག་རྣམས་ཀྱིས་ཡོང་མ་མཐོང་། །ཁྱོད་ཀྱི་སྲས་རྣམས་གཅིག་ཀྱང་ནི། །བདག་ཅག་ནམ་ཡང་མ་མཐོང་བ། །འདི་དག་དེ་རིང་འཕྲལ་ལ་མཐོང་། །ཐུབ་པ་དེ་ཡི་སྤྱོད་པ་གསུངས། །བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག །
སྟོང་གི་ཕྲག་ནི་བརྒྱ་རྣམས་ཀྱང་། །ཐམས་ཅད་ངོ་མཚར་ལྟད་མོར་གྱུར། །རྐང་གཉིས་མཆོག་ལ་དེ་དག་ལྟ། བྱང་ཆུབ་སེམས་དཔའ་འཇིགས་བྲལ་བ། །དཔའ་བོ་འདི་དག་ག་ལས་མཆིས། །ཕུང་པོ་མི་མངའ་དཔག་ཡས་པ། །དཔའ་བོ་ཆེན་པོ་ལུང་བསྟན་གསོལ། །ཡང་དེའི་ཚེ་བཅོམ་ལྡན་འདས་
དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྲུལ་པ་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་དག་ན་སེམས་ཅན་རྣམས་ལ་ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འཇིག་རྟེན་གྱི་ཁམས་གཞན་དག་ནས་གཤེགས་ནས།
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཕྱོགས་བརྒྱད་ཀུན་ན། རིན་པོ་ཆེའི་ཤིང་ལྗོན་པའི་དྲུང་དག་ན། རིན་པོ་ཆེའི་སེང་གེའི་ཁྲི་ཆེན་པོ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ། དེ་བཞིན་གཤེགས་པ་དེ་དག་གི་སོ་སོའི་
เล่ม ๕๑ · หน้า 115a
ཞབས་འབྲིང་བ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་ཕུང་པོ་ཆེན་པོ་ས་རུམ་ནས་འཐོན་ཏེ་ནམ་མཁའ་ལ་འཁོད་པ་དེ་དག་མཐོང་ནས། ངོ་མཚར་དང་རྨད་དུ་གྱུར། སོ་སོའི་དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་
ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔག་ཏུ་མ་མཆིས་གྲངས་མ་མཆིས་པ་འདི་སྙེད་གང་ནས་ལྷགས། དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས། རང་རང་གི་ཞབས་འབྲིང་བ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་
ཏོ། །རིགས་ཀྱི་བུ་དག་ཁྱེད་ཡུད་ཙམ་ཞིག་སྡོད་ཅིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ་དོན་འདི་འདྲི་སྟེ། བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་དེའི་ལན་ལྡོན་པར་འགྱུར་གྱིས་དེ་ལས་ཁྱོད་ཉོན་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། མ་ཕམ་པ་གང་ཁྱོད་ཀྱིས་ང་ལ་གནས་རྒྱ་ཆེན་པོ་
འདི་དྲིས་པ་མ་ཕམ་པ་ལེགས་སོ་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་དང་། དེ་བཞིན་གཤེགས་པའི་ཁྱུ་མཆོག་ཏུ་གྱུར་པ་དང་། དེ་བཞིན་གཤེགས་པའི་ཕྲིན་ལས་
དང་། དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་དང་། དེ་བཞིན་གཤེགས་པའི་མཐུ་བསྒྱིངས་པ་དང་། དེ་བཞིན་གཤེགས་པའི་ཕ་རོལ་གནོན་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཡང་དག་པར་རབ་ཏུ་སྟོན་གྱིས། རིགས་ཀྱི་བུ་དག་དེའི་ཕྱིར། བྱང་ཆུབ་སེམས་
དཔའི་ཚོགས་འདི་ཐམས་ཅད་སྒྲིམས་ཤིག །ཤིན་ཏུ་གོ་གྱོན་ལ་མཐུ་བརྟན་པར་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གཞན་མ་ཡིན་པའི་ཚིག་རྣམས་ངས་བཤད་ཀྱིས། །རིགས་ཀྱི་བུ་དག་ཐམས་ཅད་རབ་ཏུ་སྒྲིམས། །དེ་བཞིན་གཤེགས་ཀྱི་ཡེ་ཤེས་བསམ་མི་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด