དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
ชื่อสันสกฤต (อักษรทิเบต ตามตัวบท) སདདྷརྨ་པུཎ་ཌ་རཱི་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๑ · หน้า 144a
ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །སྔ་མ་ཚོགས་དང་ཚོགས་ཆེན་པོ་དང་ཚོགས་ཀྱི་སློབ་དཔོན་དེ་དག་གི་གཙོ་བོ་གཅིག་པོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པ་ཁྱད་པར་ཅན་ཞེས་བྱ་བ། ཚོགས་དང་ཚོགས་ཆེན་པོ་དང་
ཚོགས་ཀྱི་སློབ་དཔོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤྱོད་པ་ཁྱད་པར་ཅན་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་དེ་ལྟར་གྱིས་ཤིག་དང་ཆོས་ཀྱི་རྣམ་གྲངས་འདིའི་ཕྱིར་ཁྱེད་དེ་བཞིན་གཤེགས་པས་ཡོངས་སུ་སྨིན་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་ཤཱཀྱ་ཐུབ་པ་དང་། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་དེ་མཆོད་རྟེན་གྱི་དབུས་ན་སེང་གེའི་ཁྲི་ལ་བཞུགས་པ་གཉི་ག་འཛུམ་པ་མཛད་ནས། གཉི་གའི་ཞལ་གྱི་སྒོ་
ནས་ལྗགས་ཀྱི་དབང་པོ་ཕྱུང་སྟེ། ལྗགས་ཀྱི་དབང་པོ་དེ་ཉིད་ཀྱིས་ཚངས་པའི་འཇིག་རྟེན་གྱི་བར་དུ་ཕྱིན་ནས། ལྗགས་ཀྱི་དབང་པོ་དེ་གཉིས་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བྱུང་ངོ་། །འོད་ཟེར་དེ་དག་ལས་འོད་ཟེར་རེ་རེ་ལས་ཀྱང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་
ཁྲིག་བརྒྱ་སྟོང་མང་པོ་ལུས་ཀྱི་མདོག་གསེར་གྱི་ཁ་དོག་འདྲ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། པད་མའི་སྙིང་པོའི་སེང་གེའི་ཁྲི་ལ་འཁོད་པ་དག་བྱུང་ངོ་། །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཕྱོགས་དང་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་བརྒྱ་སྟོང་
དག་ཏུ་དོང་སྟེ། ཕྱོགས་དང་ཕྱོགས་མཚམས་དེ་དག་ཐམས་ཅད་ན་བར་སྣང་ལ་འཁོད་ནས་ཆོས་སྟོན་ཏོ། །ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་གི་ལྗགས་ཀྱི་དབང་པོས་རྫུ་འཕྲུལ་གྱི་ཆོ་འཕྲུལ་མཛད་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གཞན་དག་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་གཤེགས་པའི་
เล่ม ๕๑ · หน้า 144b
རིན་པོ་ཆེའི་ཤིང་ལྗོན་པའི་དྲུང་དག་ན། སེང་གེའི་ཁྲི་ལ་སོ་སོར་བཞུགས་པ་དེ་དག་ཀྱང་ལྗགས་ཀྱི་དབང་པོས་རྫུ་འཕྲུལ་གྱི་ཆོ་འཕྲུལ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། དེ་བཞིན་གཤེགས་པ་རིན་ཆེན་མང་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་
རྫོགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱིས་ལོ་འབུམ་ཚང་གི་བར་དུ་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་མཛད་དོ། །དེ་ནས་ལོ་འབུམ་འདས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ལྗགས་ཀྱི་དབང་པོ་དེ་དག་བསྡུས་ཏེ། དུས་གཅིག་
ཏུ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ། ཐམས་ཅད་ཀྱི་མགུར་བསལ་བའི་སྒྲ་ཆེན་པོ་ཕྱུང་སྟེ་སེ་གོལ་གཏོགས་པའི་སྒྲ་གཅིག་མཛད་དོ། །མགུར་བསལ་བའི་སྒྲ་ཆེན་པོ་དེ་དང་སེ་གོལ་གཏོགས་པའི་སྒྲ་ཆེན་པོ་དེས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་
ཇི་སྙེད་པ་དེ་དག་ཐམས་ཅད་གཡོས་པར་གྱུར་ཏེ། གཡོས་རབ་ཏུ་གཡོས་ཀུན་ཏུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ་ཀུན་ཏུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག་ག་། །སངས་རྒྱས་ཀྱི་ཞིང་དེ་དག་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་།
ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་སེམས་ཅན་ཇི་སྙེད་འཁོད་པ་དེ་དག་དེ་ན་འདུག་བཞིན་དུ་སངས་རྒྱས་ཀྱི་མཐུས་དེ་དག་ཐམས་ཅད་ཀྱིས་འཇིག་རྟེན་གྱི་ཁམས་མི་མཇེད་འདི་མཐོང་སྟེ། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་
རིན་པོ་ཆེའི་ཤིང་ལྗོན་པའི་དྲུང་ན་སེང་གེའི་ཁྲི་སོ་སོ་ལ་བཞུགས་པ་དེ་དག་དང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་རིན་པོ་ཆེའི་མཆོད་རྟེན་ཆེན་པོ་དེའི་དབུས་ན་སེང་གེའི་ཁྲི་ལ་བཞུགས་པ་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་ལྷན་ཅིག་ཏུ་བཞུགས་པ་དང་། འཁོར་བཞི་པོ་དེ་དག་ཀྱང་མཐོང་ངོ་། །དེ་མཐོང་ནས་
เล่ม ๕๑ · หน้า 145a
ངོ་མཚར་དུ་གྱུར་རྨད་དུ་གྱུར་ཤིན་ཏུ་དགའ་བ་ཐོབ་པར་གྱུར་ཏེ་བར་སྣང་ལས་སྒྲ་འདི་སྐད་ཅེས་ཐོས་ཏེ། ཀྱེ་གྲོགས་པོ་དག་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་གྲངས་མེད་པ་དག་འདས་པ་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་
དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ། ད་ལྟར་དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེ། བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་པ། སངས་
རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཡང་དག་པར་རབ་ཏུ་འཆད་ཀྱིས། དེ་ལ་ཁྱེད་ཀྱང་ལྷག་པའི་བསམ་པས་རྗེས་སུ་ཡི་རང་བར་གྱིས་ཤིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་ཕྱག་འཚོལ་ཅིག །མཆོད་པ་གྱིས་ཤིག་ཅེས་ཐོས་སོ། །དེ་ནས་སེམས་ཅན་དེ་དག་ཐམས་ཅད་ཀྱིས་བར་སྣང་ལས་དེ་ལྟ་བུའི་སྒྲ་ཐོས་ནས་དེ་ན་འཁོད་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །
ཞེས་ཚིག་དེ་སྐད་སྨྲས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ལས་ཀྱི་ཕྱིར་ཐལ་མོ་སྦྱར་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་
བཟའ་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དང་། རྣམ་པར་རྒྱལ་བའི་བ་དན་མང་པོ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ག་ལ་བ་དེ་ལོགས་སུ་འཐོར་རོ། །ཕྱང་ཕྲུལ་དང་བགོ་བ་དང་། སེ་མོ་དོ་དང་། དོ་ཤལ་དང་། ནོར་བུ་དང་། རིན་པོ་ཆེ་རྣམ་པ་མང་པོ་ཡང་གཏོར་ཏོ། །
མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དང་། རྣམ་པར་རྒྱལ་བའི་བ་དན་དང་། སེ་མོ་དོ་དང་། དོ་ཤལ་དང་། ནོར་བུ་དང་། རིན་པོ་ཆེ་གཏོར་བ་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་
เล่ม ๕๑ · หน้า 145b
མི་མཇེད་འདིར་འོངས་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དང་། རྣམ་པར་རྒྱལ་བའི་བ་དན་རྣམ་པ་མང་པོ་དང་། སེ་མོ་དོ་དང་། དོ་ཤལ་དང་། ནོར་བུ་དང་། རིན་པོ་ཆེ་དེ་
དག་གིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཁེབས་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་གཞན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དེ་དག་དང་ལྷན་ཅིག་ཏུ་ཁེབས་པར་གྱུར་ནས་གཅིག་ཏུ་གྱུར་ཏེ། གང་དག་ན་དེ་བཞིན་གཤེགས་པ་དེ་དག་བཞུགས་པ། འཇིག་རྟེན་གྱི་
ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དེ་དག་ཐམས་ཅད་ཀྱི་སྟེང་གི་ནམ་མཁའ་བར་སྣང་ལ་མེ་ཏོག་གི་བླ་རེ་ཆེན་པོས་ཀུན་ཏུ་ཁེབས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྤྱོད་པ་ཁྱད་པར་ཅན་ལ་སོགས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བཀའ་སྩལ་པ།
རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། མཐུ་བསམ་གྱིས་མི་ཁྱབ་པ་སྟེ། རིགས་ཀྱི་བུ་དག་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་གཏད་པའི་ཕྱིར། ངས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་ཆོས་ཀྱི་སྒོ་རྣམ་པ་ཐ་
དད་པ་དག་གིས་ཕན་ཡོན་གྱི་རྣམ་གྲངས་མང་པོ་བཤད་མོད་ཀྱི། ངས་ཆོས་ཀྱི་རྣམ་གྲངས་འདིའི་ཡོན་ཏན་བཤད་ཀྱང་ཡོན་ཏན་གྱི་ཕ་རོལ་དུ་མི་ཕྱིན་ཏོ། །རིགས་ཀྱི་བུ་དག་མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཁྱུ་མཆོག་ཏུ་གྱུར་པ་ཐམས་ཅད་དང་།
སངས་རྒྱས་ཀྱི་གསང་ཆེན་ཐམས་ཅད་དང་། སངས་རྒྱས་ཀྱི་ཟབ་མོའི་གནས་ཐམས་ཅད་ངས་ཆོས་ཀྱི་རྣམ་གྲངས་འདིར་བཤད་དོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ཁྱེད་ཀྱིས་ཀྱང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། ཆོས་ཀྱི་རྣམ་གྲངས་འདི་ལ་
གུས་པར་གཟུང་བར་བྱའོ། །བསྟན་པར་བྱའོ། །ཡི་གེར་བྲི་བར་བྱའོ། །བཀླག་པར་བྱའོ། །རབ་ཏུ་བཤད་པར་བྱའོ། །བསྒོམ་པར་བྱའོ། །མཆོད་པར་བྱའོ། །རིགས་ཀྱི་བུ་དག་ས་ཕྱོགས་གང་ན་ཆོས་ཀྱི་རྣམ་གྲངས་འདི་ཀློག་གམ་སྟོན་ཏམ་རབ་ཏུ་འཆད་དམ་ཡི་
เล่ม ๕๑ · หน้า 146a
གེར་འདྲིའམ་སེམས་སམ་འདོན་ཏམ་ཁ་ཏོན་བྱེད་དམ་གླེགས་བམ་དུ་བྱས་པ། ཀུན་དགའི་ར་བའམ་གཙུག་ལག་ཁང་ངམ་ཁྱིམ་མམ་གནས་སམ་ཤིང་དྲུང་ངམ་ཁང་པའམ་གནས་ཁང་ངམ་ཕུག་ན་འདུག་ཀྱང་རུང་སྟེ། ས་ཕྱོགས་དེར་དེ་བཞིན་གཤེགས་
པའི་ཕྱིར་མཆོད་རྟེན་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ས་ཕྱོགས་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོར་རིག་པར་བྱ་བ་དང་། ས་ཕྱོགས་དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་རིག་པར་བྱ་བ་དང་། ས་ཕྱོགས་དེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ས་ཕྱོགས་དེར་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་རིག་པར་བྱ་བ་ཡིན་པའི་
ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མངོན་ཤེས་ཡེ་ཤེས་རབ་ཏུ་གནས་རྣམས་ཀྱི། །འཇིག་རྟེན་ཕན་པའི་ཆོས་ནི་བསམ་མི་ཁྱབ། །ལུས་ཅན་འདི་ཀུན་མཆོག་ཏུ་དགའ་བའི་ཕྱིར། །མཐའ་ཡས་སྤྱན་གྱིས་རྫུ་
འཕྲུལ་རབ་ཏུ་བསྟན། །འོད་ཟེར་སྟོང་རྣམས་རབ་ཏུ་ཀུན་འགྱེད་ཅིང་། །ལྗགས་ཀྱི་དབང་པོས་ཚངས་པའི་འཇིག་རྟེན་ཕྱིན། །བྱང་ཆུབ་མཆོག་ལ་ཞུགས་པ་དེ་དག་ཕྱིར། །ངོ་མཚར་གྱུར་པའི་རྫུ་འཕྲུལ་དེ་དག་བསྟན། །སངས་རྒྱས་རྣམས་ཀྱི་མགུར་སེལ་སྒྲ་མཛད་ཅིང་། །
སེ་གོལ་གཅིག་གི་སྒྲ་དག་གང་ཕྱུང་བ། །དེ་དག་ཕྱོགས་བཅུའི་འཇིག་རྟེན་ཇི་ཙམ་པ། །འཇིག་རྟེན་ཁམས་དེ་ཐམས་ཅད་གོ་བར་བྱས། །ཅི་ནས་དེ་དག་དགའ་ནས་ཕྱི་དུས་ན། །བདེ་གཤེགས་མྱ་ངན་འདས་ནས་མདོ་འཛིན་པར། །དེ་དག་དང་ནི་ཆོ་འཕྲུལ་གཞན་རྣམས་དང་། །
ཡོན་ཏན་རྣམས་ནི་ཕན་ཞིང་ཐུགས་བརྩེ་བསྟན། །འཇིག་རྟེན་རྣམ་འདྲེན་མྱ་ངན་འདས་པ་ན། །མདོ་སྡེ་མཆོག་འདི་གང་དག་འཛིན་པ་ཡི། །བདེ་གཤེགས་སྲས་པོ་རྣམས་ཀྱི་བསྔགས་པ་ནི། །བསྐལ་པ་བྱེ་བ་སྟོང་ཕྲག་མང་བརྗོད་ཀྱང་། །དེ་དག་གི་ནི་ཡོན་ཏན་མཐའ་ཡས་ཏེ། །
เล่ม ๕๑ · หน้า 146b
ཇི་ལྟར་ཕྱོགས་རྣམས་སུ་ནི་ནམ་མཁའ་བཞིན། །གང་དག་རྟག་ཏུ་མདོ་སྡེ་འདི་འཛིན་པ། །དེ་དག་ཡོན་ཏན་བསམ་གྱིས་མི་ཁྱབ་འགྱུར། །འཇིག་རྟེན་འདྲེན་པ་མྱ་ངན་འདས་འདི་དང་། །ང་དང་འདྲེན་པ་འདི་དག་ཐམས་ཅད་མཐོང་། །བྱང་ཆུབ་སེམས་དཔའ་མང་པོ་འདི་ཀུན་དང་། །
འཁོར་བཞི་རྣམས་ཀྱང་དེ་ཡིས་མཐོང་བ་ཡིན། །དེ་ཡིས་དེང་འདིར་ང་ནི་མཉེས་པར་བྱས། །རྒྱལ་བའི་དབང་པོ་མྱ་ངན་འདས་འདི་དང་། །ཕྱོགས་བཅུ་རྣམས་ན་གང་དག་གཞན་བཞུགས་པ། །འདྲེན་པ་དེ་དག་ཐམས་ཅད་མཉེས་པར་བྱས། །གང་ཞིག་མདོ་སྡེ་འདི་ནི་འཛིན་
བྱེད་པ། །འདས་དང་ད་ལྟར་མ་བྱོན་སངས་རྒྱས་དང་། །ཕྱོགས་བཅུ་དག་ན་གང་དག་བཞུགས་པ་ཡང་། །དེ་ཀུན་མཐོང་ཞིང་ཤིན་ཏུ་མཆོད་པར་འགྱུར། །མདོ་སྡེ་ཡང་དག་ཆོས་འདི་གང་འཛིན་པས། །བྱང་ཆུབ་སྙིང་པོ་རྣམ་པར་གང་དགོངས་པ། །སྐྱེས་མཆོག་རྣམས་ཀྱི་གསང་ཆེན་
ཤེས་པར་འགྱུར། །དེ་ནི་དེ་ཡང་མྱུར་དུ་རྗེས་སུ་སེམས། །གང་ཞིག་མདོ་སྡེ་དམ་པ་འདི་འཛིན་པ། །དེ་ཡི་སྤོབས་པ་དག་ནི་མཐའ་ཡས་འགྱུར། །ཇི་ལྟར་རླུང་ནི་གང་དུའང་ཐོགས་མེད་བཞིན། །ཆོས་དང་དོན་དང་ངེས་པའི་ཚིག་ཀྱང་ཤེས། །འདྲེན་པ་རྣམས་ཀྱིས་དགོངས་ཏེ་གང་
གསུངས་པ། །མདོ་སྡེ་རྣམས་ཀྱི་མཚམས་སྦྱར་རྟག་ཏུ་ཤེས། །རྣམ་པར་འདྲེན་པ་མྱ་ངན་འདས་པ་ཡི། །མདོ་སྡེ་རྣམས་ཀྱི་ཡང་དག་དོན་དེ་ཤེས། །ཟླ་བ་ཉི་མ་འདྲ་བར་དེ་འགྱུར་ཏེ། །དེ་ནི་ཤིན་ཏུ་སྣང་ཞིང་གསལ་བྱེད་འགྱུར། །དེ་ནི་ས་ལ་རྒྱུ་ཞིང་དེ་དང་དེར། །བྱང་ཆུབ་སེམས་
དཔའ་མང་པོ་ཡང་དག་འཛུད། །དེ་བས་བྱང་ཆུབ་སེམས་དཔའ་མཁས་གང་དག །འདི་འདྲ་བ་ཡི་ཕན་ཡོན་འདི་ཐོས་ནས། །མྱ་ངན་ང་འདས་མདོ་འདི་ཟུང་ཤིག་དང་། །དེ་དག་ཐེ་ཚོམ་མེད་པར་བྱང་ཆུབ་འགྱུར། །དམ་པའི་ཆོས་པད་མ་དཀར་པོ་ལས་དེ་བཞིན་གཤེགས་
པའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་པའོ།། །།བམ་པོ་བཅུ་གཉིས་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་
เล่ม ๕๑ · หน้า 147a
ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི། ལུས་ལ་ཐོགས་སམ་གླེགས་བམ་
དུ་བགྱིས་ཏེ་འཛིན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བསོད་ནམས་ཇི་སྙེད་ཅིག་སྐྱེད་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྨན་གྱི་རྒྱལ་པོ་རིགས་
ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་ལ་བསྟི་སྟང་དུ་བྱེད། བཙུན་པར་བྱེད། རི་མོར་བྱེད། མཆོད་པར་བྱེད་ན། སྨན་གྱི་རྒྱལ་པོ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་
དེ་ལས་བསོད་ནམས་མང་དུ་སྐྱེད་དམ། གསོལ་པ་བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་གྱི་རྒྱལ་པོ་ཁྱོད་མོས་པར་བྱའོ། །ཁོང་དུ་ཆུད་པར་བྱའོ། །སྨན་གྱི་རྒྱལ་པོ་རིགས་ཀྱི་བུའམ་རིགས་
ཀྱི་བུ་མོ་གང་ལ་ལ། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས། ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡང་འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ནན་ཏན་གྱིས་བསྒྲུབ་ན། སྨན་གྱི་རྒྱལ་པོ་རིགས་ཀྱི་བུའམ་རིགས་
ཀྱི་བུ་མོ་དེ་གཞི་དེ་ལས་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དམ་པའི་ཆོས་ཀྱི་རྣམ་གྲངས་འདི་ལུས་ལ་ཐོགས་སམ་གླེགས་
བམ་དུ་བགྱིས་ཏེ། འཛིན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བདག་གིས་བསྲུང་བ་དང་བསྐྱབ་པ་དང་སྦ་བའི་སླད་དུ་གཟུངས་སྔགས་ཀྱི་ཚིག་རྣམས་སྩལ་བར་བགྱིའོ། །ཏདྱ་ཐཱ། ཨནྱེ། མནྱེ། མ་ནེ་མ་མ་ནེ། ཙིཏྟེ་ཙ་རི་ཏེ། ཤ་མེ་ཤ་མ་ཡི་ཏཱ་བི། ཤཱནྟེ། མུཀྟེ། མུཀྟ་
เล่ม ๕๑ · หน้า 147b
ཏ་མེ། ས་མེ་ཨ་བི། ཤ་མེ་ས་མ་ས་མེ། ཛ་ཡེ། ཀྵ་ཡེ། ཨ་ཀྵ་ཡེ། ཨཀྵི་ཎི། ཤཱནྟེ། ཤ་མི་ཏེ་དྷཱ་ར་ཎི། ཨཱ་ལོ་ཀ་བྷཱ་སེ། པྲ་ཏྱ་བེཀྵ་ཎི། བི་བི་རུ་ཨ་བྷྱནྟ་ར་ཎི། བིཥྚེ། ཨ་ཏྱནྟ། པ་རི་ཤུད་དྷི། ཨུད་ཀུ་ལོ། མུད་ཀུ་ལེ། ཨར་ཌེ། པ་ར་ཌེ། ཤུ་ཀཱ་ཀྵི། ཨ་ས་མ་ས་མེ། བུད་དྷ་
བི་ལོ་ཀི་ཏེ། དྷརྨ་པ་རཱི་ཀྵི་ཏེ། སང་གྷ་ནི་ར་གྷོ་ཥ་ཎི། ནི་ར་གྷོ་ཥ་ཎི། བྷ་ཡཱ་བྷ་ཡ། ཤོ་དྷ་ནི་མནྟྲེ་མནྟྲཱ། ཀྵ་ཡ་ཏྲེ། རུ་དྲ་ཀཽ་ཤ་ལྱེ། ཨ་ཀྵ་ཡེ། ཨ་ཀྵཱ། བ་ན་ཏཱ་ཡཱ་པ་ལོ། ཨ་མནྱ་ན་ཏཱ་ཡ། བཅོམ་ལྡན་འདས་གཟུངས་སྔགས་ཀྱི་ཚིག་འདི་དག་ནི། སངས་རྒྱས་བཅོམ་ལྡན་འདས་གང་
གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ཀྱིས་བཤད་པ་སྟེ། གང་གིས་མདོ་སྡེ་འདི་ལྟ་བུ་འཛིན་པ་ཆོས་སྨྲ་བ་འདི་ལྟ་བུ་དེ་དག་དང་འགལ་བར་བགྱིས་ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་དེ་འཁུས་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྨན་གྱི་རྒྱལ་པོ་ཁྱོད་ཀྱིས་གཟུངས་སྔགས་ཀྱི་ཚིག་རྣམས་སྨྲས་པས། སེམས་ཅན་མང་པོའི་དོན་བྱས་ཤིང་སྨན་གྱི་རྒྱལ་པོ་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར་བསྲུང་བ་དང་བསྐྱབ་པ་དང་སྦ་བ་བྱས་པ་ལེགས་
སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་སྦྱིན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་། ཆོས་སྨྲ་བ་འདི་ལྟ་བུ་དག་གི་ཆེད་དུ་གཟུངས་སྔགས་ཀྱི་ཚིག་རྣམས་སྩལ་བར་བགྱི་སྟེ།
དེས་ཆོས་སྨྲ་བ་འདི་ལྟ་བུ་དེ་དག་ལ་གླགས་ལྟ་བ་གང་གིས་ཀྱང་གླགས་མི་རྙེད་པ་འདི་ལྟ་སྟེ། གནོད་སྦྱིན་ནམ། སྲིན་པོ་འམ། སྲུལ་པོའམ། གཤེད་བྱེད་དམ། གྲུལ་བུམ་མམ། ཡི་དགས་གླགས་ལྟ་བ་རྣམས་ཀྱིས་གླགས་མི་རྙེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རབ་ཏུ་སྦྱིན་པས་དེའི་ཚེ་གཟུངས་སྔགས་ཀྱི་ཚིག་འདི་དག་སྨྲས་སོ། །ཏདྱ་ཐཱ། ཛྭ་ལེ། མ་ཧཱ་ཛྭ་ལེ། ཨུཀྐེ། མུཀྐེ། ཨ་ཌེ་ཨ་ཌ་བ་ཏི། ནྲྀ་ཊྱེ་ནྲྀ་ཊྱཱ་བ་ཏི། ཨིཊྚི་ནི། བིཊྚི། ཙིཊྚི་ནི། ནྲྀ་ཊ་ཊི་ནི། ནྲྀ་ཊ་ཊཱུ་བ་ཏི་སྭཱ་ཧཱ། བཅོམ་ལྡན་འདས་གཟུངས་སྔགས་ཀྱི་ཚིག་འདི་དག་ནི་དེ་བཞིན་གཤེགས་
เล่ม ๕๑ · หน้า 148a
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་ཤིང་རྗེས་སུ་ཡི་རང་བ་སྟེ། གང་གིས་ཆོས་སྨྲ་བ་འདི་ལྟ་བུ་འདི་དག་དང་འགལ་བར་བགྱིས་ན། དེ་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་འཁུས་པ་ལགས་སོ། །དེ་
ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་སྨྲ་བ་དེ་དག་ལ་གློ་བ་བརྩེ་བས་སྨན་པ་དང་། བདེ་བ་དང་། བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་སླད་དུ་གཟུངས་སྔགས་ཀྱི་ཚིག་རྣམས་བརྗོད་པར་བགྱིའོ། །
ཏདྱ་ཐཱ། ཨཊ་ཊ། ནཊ་ཊེ། ཏ་ནཊ་ཊེ། ཨ་ན་ཏེ་ནཱ་ཏི། ཀུ་ན་ཊི་སྭཱ་ཧཱ། བཅོམ་ལྡན་འདས་གཟུངས་སྔགས་ཀྱི་ཚིག་འདི་དག་གིས་ཆོས་སྨྲ་བ་དེ་དག་ལ་དཔག་ཚད་བརྒྱ་ཚུན་ཆད་དུ་བསྲུང་བར་བགྱིའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་མདོ་སྡེ་འདི་ལྟ་བུ་འཛིན་ཅིང་། ཆོས་སྨྲ་བ་དེ་དག་ལ་
ཡང་བསྲུང་བ་བགྱིས་པར་འགྱུར། བདེ་ལེགས་སུ་བགྱིས་པར་འགྱུར་རོ། །དེ་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དྲི་ཟ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། འཁོར་དེར་འདུས་པར་གྱུར་ཏེ། འདུག་པ་དེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་
གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་མདོ་སྡེ་འདི་ལྟ་བུ་འཛིན་པ། ཆོས་སྨྲ་བ་འདི་ལྟ་བུ་དེ་དག་བསྲུང་
བ་དང་། བསྐྱབ་པ་དང་། སྦ་བའི་སླད་དུ་གཟུངས་སྔགས་ཀྱི་ཚིག་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཨ་ག་ཎེ་ག་ཎེ། གཽ་རི། གན་དྷ་རི། ཙཎྜ་ལི། མ་ཏང་གི། པུཀ་ཀ་སི། སང་ཀུ་ལེ། བྲུ་ཥ་ལཱི་སྭཱ་ཧཱ། བཅོམ་ལྡན་འདས་གཟུངས་སྔགས་ཀྱི་ཚིག་འདི་དག་ནི་སངས་
རྒྱས་བྱེ་བ་ཕྲག་བཞི་བཅུ་རྩ་གཉིས་ཀྱིས་གསུངས་ཏེ། གང་ཞིག་ཆོས་སྨྲ་བ་འདི་ལྟ་བུ་དེ་དག་དང་འགལ་བར་བགྱིད་ན། དེ་དག་ཐམས་ཅད་ལ་འཁུས་པ་ལགས་སོ། །དེ་ནས་སྲིན་མོ་འཕྱང་མ་ཞེས་བྱ་བ་དང་། སྲིན་མོ་རྣམ་པར་འཕྱང་མ་ཞེས་བྱ་བ་དང་། སྲིན་མོ་སོ་བརྩེགས་ཞེས་
เล่ม ๕๑ · หน้า 148b
བྱ་བ་དང་། སྲིན་མོ་མེ་ཏོག་སོ་ཞེས་བྱ་བ་དང་། སྲིན་མོ་ཅོད་པན་སོ་ཞེས་བྱ་བ་དང་། སྲིན་མོ་སྐྲ་ཅན་ཞེས་བྱ་བ་དང་། སྲིན་མོ་མེ་ཞེས་བྱ་བ་དང་། སྲིན་མོ་ཕྲེང་བ་འཆང་ཞེས་བྱ་བ་དང་། སྲིན་མོ་མདུང་ཅན་ཞེས་བྱ་བ་དང་། སྲིན་མོ་སེམས་ཅན་ཐམས་ཅད་ཀྱི་མདངས་འཕྲོག་ཅེས་བྱ་བ་
དང་། འཕྲོག་མ་བུ་དང་གཡོག་ཏུ་བཅས་པ་དང་། སྲིན་མོ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། སྲིན་མོ་དེ་དག་ཐམས་ཅད་ཀྱིས་སྒྲ་སྐད་གཅིག་ཏུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་མདོ་སྡེ་འདི་འཛིན་
པ་ཆོས་སྨྲ་བ་འདི་ལྟ་བུ་དེ་དག་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །བདེ་ལེགས་སུ་འགྱུར་བར་བགྱིའོ། །ཅི་ནས་ཆོས་སྨྲ་བ་དེ་དག་ལ་གླགས་ལྟ་བ་དང་སྐབས་ཚོལ་བདག་གིས་ཀྱང་གླགས་མི་རྙེད་པར་བགྱིའོ། །དེ་ནས་སྲིན་མོ་དེ་དག་ཐམས་ཅད་ཀྱིས་སྒྲ་སྐད་གཅིག་ཏུ་ཚིག་
འཐུན་པར་བཅོམ་ལྡན་འདས་ལ་གཟུངས་སྔགས་ཀྱི་ཚིག་འདི་དག་ཕུལ་ལོ། །ཏདྱ་ཐཱ། ཨི་ཏི་མེ། ཨི་ཏི་མེ། ཨི་ཏི་མེ། ཨི་ཏི་མེ། ཨི་ཏི་མེ། ནི་མེ། ནི་མེ། ནི་མེ། ནི་མེ། ནི་མེ། རུ་ཧེ། རུ་ཧེ། རུ་ཧེ། རུ་ཧེ། རུ་ཧེ། ཧ་སྟེ། ཧ་སྟེ། ཧ་སྟེ། ཧ་སྟེ། ཧ་སྟེ་སྭཱ་ཧཱ། འདི་སྤྱི་བོར་བཞག་ནས་ཆོས་སྨྲ་བ་
རྣམས་ལ་སུ་ཡང་འཁུ་བར་མ་གྱུར་ཅིག །གནོད་སྦྱིན་ནམ། སྲིན་པོའམ། ཡི་དགས་སམ། ཤ་ཟའམ། སྲུལ་པོའམ། གཤེད་བྱེད་དམ། རོ་ལངས་སམ། རེངས་པའམ། གནོན་པོའམ། བརྗེད་བྱེད་ཀྱི་གཟུགས་སམ། གནོད་སྦྱིན་གྱིས་བྱས་པའམ། མིས་བྱས་པའམ། མི་མ་
ཡིན་པས་བྱས་པའམ། རིམས་ནད་ཉིན་གཅིག་པའམ། ཉིན་གཉིས་པའམ། ཉིན་གསུམ་པའམ། ཉིན་བཞི་པའམ། རྟག་པའི་རིམས་སམ། ཐ་ན་རྨི་ལམ་ན་ཡང་བུད་མེད་ཀྱི་གཟུགས་སམ། སྐྱེས་པའི་གཟུགས་སམ། ཁྱེའུའི་གཟུགས་སམ། བུ་མོའི་གཟུགས་
ཀྱིས་ཐོ་འཚམས་པར་འགྱུར་བ་དེ་ནི་གནས་མ་མཆིས་སོ། །དེ་ནས་སྲིན་མོ་དེ་དག་གིས་སྒྲ་སྐད་གཅིག་ཏུ་ཚིག་འཐུན་པར་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །གང་གིས་གསང་སྔགས་འདི་ཐོས་ནས། །ཆོས་སྨྲ་བ་དང་འགལ་བགྱིད་པ། །དེའི་མགོ་ཚལ་
เล่ม ๕๑ · หน้า 149a
པ་བདུན་དུ་འགས། །ཨརྫ་ཀ་ཡི་དོག་པ་བཞིན། །གང་ཞིག་ཆོས་སྨྲ་འགལ་བགྱིད་པ། །མ་བསད་པ་ཡི་འགྲོ་གང་དང་། །ཕ་བསད་འགྲོ་བ་གང་ལགས་པའི། །འགྲོ་བ་དེ་ནི་དེར་མཆིའོ། །གང་ཞིག་ཆོས་སྨྲ་འགལ་བགྱིད་པ། །ཏིལ་འཚིར་དག་གི་འགྲོ་གང་དང་། །
ཏིལ་རྡུང་འགྲོ་བ་གང་ལགས་པའི། །འགྲོ་བ་དེར་ནི་དེ་མཆིའོ། །གང་ཞིག་ཆོས་སྨྲ་འགལ་བགྱིད་པ། །སྲང་ལ་གཡོ་བགྱིད་འགྲོ་གང་དང་། །བྲེ་འཆོས་འགྲོ་བ་གང་ལགས་པའི། །འགྲོ་བ་དེར་ནི་དེ་མཆིའོ། །དེ་སྐད་ཅེས་གསོལ་ནས། མདུང་ཅན་ལ་སོགས་པ་སྲིན་མོ་དེ་དག་གིས་
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་ཆོས་སྨྲ་བ་འདི་ལྟ་བུ་དེ་དག་ལ་བསྲུང་བར་བགྱིའོ། །བདེ་ལེགས་སུ་འགྱུར་བ་དང་ཆད་པ་སྤང་བ་དང་དུག་གཞིལ་བར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྲིན་མོ་དེ་
དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་སྲིན་མོ་དག་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཆོས་སྨྲ་བ་དེ་དག་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བགྱིས་ཤིག །གང་དག་ཐ་ན་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཙམ་འཛིན་པ་དེ་དག་ལ་ཡང་། མདུང་ཅན་ཁྱོད་འཁོར་དང་བཅས་པས་
བསྲུང་བར་བྱ་ན། གང་དག་ཆོས་ཀྱི་རྣམ་གྲངས་འདི་མཐའ་དག་ཆུབ་པར་འཛིན་པ་དང་གླེགས་བམ་དུ་བྱས་ཏེ། རིམ་གྲོ་བྱེད་པ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དང་།
འབྲུ་མར་གྱི་མར་མེའམ། མར་གྱི་མར་མེའམ། སྤོས་མར་གྱི་མར་མེའམ། ཙམ་པ་ཀའི་མར་གྱི་མར་མེའམ། པར་ཤ་ཀའི་མར་གྱི་མར་མེའམ། ཨུད་པ་ལའི་མར་གྱི་མར་མེའམ། སྣ་མའི་མར་གྱི་མར་མེའམ། དེ་ལྟ་བུའི་མཆོད་པའི་ཡོ་བྱད་རྣམ་པ་མང་པོ་བརྒྱ་སྟོང་གིས་རིམ་
གྲོ་བྱེད་པ་ལྟ་ཅི་སྨོས་ཏེ། མདུང་ཅན་ཁྱོད་གཡོག་དང་བཅས་པས་བསྲུང་བར་བྱའོ། །གཟུངས་སྔགས་ཀྱི་ལེའུ་འདི་བཤད་པ་ན་སྲོག་ཆགས་དྲུག་ཁྲི་བརྒྱད་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དམ་པའི་ཆོས་པད་མ་དཀར་པོ་ལས་གཟུངས་སྔགས་ཀྱི་ལེའུ་
เล่ม ๕๑ · หน้า 149b
ཞེས་བྱ་བ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་རྒྱུ་བ་དང་། བཅོམ་ལྡན་འདས་འདི་དཀའ་བ་བགྱིད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་གདའ། བཅོམ་ལྡན་འདས་གང་ཐོས་པས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་།
ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་དང་། འཇིག་རྟེན་གྱི་ཁམས་གཞན་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་ཆེན་པོ་འདི་དག་གིས་ཐོས་ནས་ཐམས་ཅད་དགའ་མགུ་རངས་ཤིང་
ཡིད་བདེ་བར་འགྱུར་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོའི་སྤྱོད་པ་གང་ཅི་ལགས་པའི་ཕྱོགས་ཙམ་ཞིག །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལེགས་པར་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་
ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པས་གསོལ་བ་བཏབ་པར་མཁྱེན་ནས། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ་ལ་འདི་སྐད་ཅེས་བཀའ་
སྩལ་ཏོ། །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་
བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཉི་ཟླ་དྲི་མ་མེད་པའི་འོད་དཔལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་
เล่ม ๕๑ · หน้า 150a
པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་དྲི་མ་མེད་པའི་འོད་དཔལ་དེའི་བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱད་ཅུའི་འདུས་པ་ཆེན་པོ་བྱུང་ངོ་། །གང་གཱའི་ཀླུང་བདུན་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་ཉན་ཐོས་འདུས་པ་བྱུང་ངོ་། །དེའི་བསྟན་པ་ལ་བུད་མེད་མེད་པར་གྱུར་ཏོ། །
སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་དང་། ལྷ་མ་ཡིན་གྱི་རིས་མེད་དོ། །སངས་རྒྱས་ཀྱི་ཞིང་ཡང་ལག་མཐིལ་ལྟར་མཉམ་ལ་ཉམས་དགའ་བར་གྱུར་ཏོ། །ལྷའི་བཻ་དཱུརྱ་ལས་གྲུབ་པའི་ས་ཕྱོགས་རིན་པོ་ཆེ་དང་ཙན་དན་གྱི་ཤིང་ལྗོན་པས་བརྒྱན་ཞིང་། རིན་
པོ་ཆེའི་དྲ་བས་བྲེས་པ་དར་གྱི་ལྡ་ལྡི་མངོན་པར་རབ་ཏུ་སྤྱངས་པ་རིན་པོ་ཆེའི་པོག་ཕོར་ནས་བདུག་པས་བདུགས་པ་རིན་པོ་ཆེའི་ཤིང་ལྗོན་པའི་དྲུང་ཐམས་ཅད་ན་རིན་པོ་ཆེའི་མཁའ་རྟེན་མདའ་རྒྱང་གང་གི་ཚད་ཙམ་བྱས་པ་ཡོད་པ། རིན་པོ་ཆེའི་མཁའ་རྟེན་ཐམས་ཅད་ཀྱི་སྟེང་ན་ལྷའི་བུ་བྱེ་བ་
བརྒྱ་དག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་དྲི་མ་མེད་པའི་འོད་དཔལ་ལ་མཆོད་པ་བྱ་བའི་ཕྱིར། སིལ་སྙན་བྱེད་ཅིང་ཕེག་རྡོབ་པ་དང་རོལ་མོའི་སྒྲ་འབྱིན་ཅིང་འཁོད་དོ། །བཅོམ་ལྡན་འདས་དེ་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ལས་བརྩམས་ཏེ། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི། ཉན་ཐོས་ཆེན་པོ་དེ་དག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་རྒྱས་པར་རབ་ཏུ་སྟོན་ཏོ། །སྐར་མའི་
རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་དྲི་མ་མེད་པའི་འོད་དཔལ་དེའི་ཚེའི་ཚད་ནི་བསྐལ་པ་བཞི་ཁྲི་ཉིས་སྟོང་དུ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་
དང་ཉན་ཐོས་ཆེན་པོ་དེ་དག་གི་ཚེའི་ཚད་ཀྱང་དེ་ཙམ་དུ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ཡང་། བཅོམ་ལྡན་འདས་དེའི་གསུང་རབ་ལ་དཀའ་བ་བྱེད་པ་ལ་བརྩོན་པར་གྱུར་ཏེ། དེ་ལོ་ཁྲི་ཉིས་སྟོང་དུ་འཆག་པ་
เล่ม ๕๑ · หน้า 150b
ལ་ཞུགས་ཤིང་བརྩོན་འགྲུས་ཆེན་པོ་བརྩམས་པས་རྣལ་འབྱོར་ལ་བརྩོན་པར་གྱུར་ཏོ། །དེ་ལོ་ཁྲི་ཉིས་སྟོང་འདས་ནས་གཟུགས་ཐམས་ཅད་ཡང་དག་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་སྟེ། ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་
ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ཚིམ་ཞིང་མགུ་སྟེ་ཡི་རངས་ནས་རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། དེའི་ཚེ་འདི་སྙམ་དུ་སེམས་ཏེ། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ལ་བརྟེན་ནས་གཟུངས་ཐམས་ཅད་ཡང་དག་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་
བདག་གིས་ཐོབ་པོ་སྙམ་མོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཡང་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་དྲི་མ་མེད་པའི་འོད་དཔལ་
དང་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་མཆོད་པར་བྱའོ་སྙམ་ནས། དེའི་ཚེ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་
ཐག་ཏུ། དེའི་མོད་ལ་སྟེང་གི་བར་སྣང་ལས་མེ་ཏོག་མན་དཱ་ར་དང་། མན་དཱ་ར་ཆེན་པོའི་ལྷའི་མེ་ཏོག་གི་ཆར་ཆེན་པོ་མངོན་པར་བབ་པོ། །དུས་ཀྱི་རྗེས་སུ་འབྲང་བའི་ཙན་དན་གྱིས་སྤྲིན་བྱས་ཏེ། ཙན་དན་སྦྲུལ་གྱི་སྙིང་པོའི་ཆར་ཆེན་པོ་མངོན་པར་བབ་སྟེ། སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་
རྒྱས་པ་མངོན་པར་ཤེས་པ། དེ་ལྟ་བུའི་སྤོས་ཀྱི་རྣམ་པ་ཞོ་གཉིས་ཀྱི་རིན་དུ་འཇིག་རྟེན་གྱི་ཁམས་མི་མཇེད་འདིས་མི་ཆོག་གོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་
དགའ་བ་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་ཏིང་ངེ་འཛིན་དེ་ལས་ལངས་སོ། །ལངས་ནས་འདི་སྙམ་དུ་སེམས་ཏེ་ཅི་ལྟར་ལུས་ཡོངས་སུ་བཏང་བ་ལྟར་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དག་གིས། བཅོམ་ལྡན་འདས་ལ་མཆོད་པ་བྱས་པ་མ་ཡིན་ནོ་སྙམ་མོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་
เล่ม ๕๑ · หน้า 151a
རྒྱས་པ་མངོན་པར་ཤེས་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་དེའི་ཚེ། ཨ་ག་རུ་དང་། དུ་རུ་ཀ་དང་། པོག་གི་ཁུ་བ་ཟ་ཞིང་ཙམ་པ་ཀའི་མར་ཡང་འཐུང་ངོ་། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་
མངོན་པར་ཤེས་པ། རྣམ་གྲངས་འདིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ། རྟག་ཏུ་སྤོས་ཟ་ཞིང་ཙམ་པ་ཀའི་མར་འཐུང་བས་ལོ་བཅུ་གཉིས་འདས་པར་གྱུར་ཏོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ།
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ། ལོ་བཅུ་གཉིས་པོ་དེ་འདས་ནས་རང་གི་ལུས་ལྷའི་རས་ཀྱིས་ཀུན་ཏུ་དཀྲིས་ནས་འབྲུ་མར་གྱིས་ཞེན་པར་བྱས་ཏེ་བདག་གི་བྱིན་གྱིས་བརླབས་བྱས་སོ། །བདག་གིས་བྱིན་གྱིས་བརླབས་
བྱས་ནས། དེ་བཞིན་གཤེགས་པ་དང་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་མཆོད་པའི་ལས་ཀྱི་ཕྱིར་བདག་གི་ལུས་ལ་མེ་འབར་བར་བྱས་སོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བའི་ལུས་ཀྱི་མར་མེ་འབར་བ་དེའི་འོད་ཀྱིས། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་ཁྱབ་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་དེ་དག་གི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་བརྒྱད་ཅུའི་བྱེ་མ་སྙེད་ཐམས་
ཅད་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བརྩོན་འགྲུས་རྩོམ་པ་ཡང་དག་པའོ། །འདི་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་ཆོས་ལ་མཆོད་པ་ཡང་དག་པ་སྟེ། མེ་ཏོག་དང་། བདུག་
པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་གྱིས་མཆོད་པ་དང་། ཟང་ཟིང་གིས་མཆོད་པ་དང་། ཙན་དན་སྦྲུལ་གྱི་སྙིང་པོས་མཆོད་པ་ནི་དེ་ལྟ་མ་ཡིན་ནོ། །རིགས་ཀྱི་བུ་སྦྱིན་པ་འདི་ནི་མཆོག་
เล่ม ๕๑ · หน้า 151b
སྟེ། རྒྱལ་སྲིད་ཡོངས་སུ་གཏོང་བའི་སྦྱིན་པ་ནི་དེ་ལྟ་མ་ཡིན་ནོ། །བུ་དང་ཆུང་མ་ཕངས་པ་ཡོངས་སུ་གཏོང་བའི་སྦྱིན་པ་ཡང་དེ་ལྟ་མ་ཡིན་ནོ། །རིགས་ཀྱི་བུ་གང་བདག་གི་ལུས་གཏོང་བའི་ཆོས་ཀྱི་མཆོད་པ་འདི་ནི་མཆོད་པ་ཁྱད་པར་ཅན་ནོ། །དམ་པའོ། །མཆོག་གོ། །ཕུལ་ལོ། །གྱ་ནོམ་
པའོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཚིག་དེ་སྐད་ཅེས་གསུངས་ནས་དེ་ནས་ཅང་མི་གསུང་བར་གྱུར་ཏོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བའི་ལུས་ལ་འབར་བ་ལོ་བཅུ་གཉིས་ཀྱི་བར་དུ་ཞི་བར་མ་སོང་ངོ་། །དེ་ཕྱིས་ལོ་བཅུ་གཉིས་འདས་ནས་ཞི་བར་གྱུར་ཏོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་
ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེས། དེ་བཞིན་གཤེགས་པ་ལ་འདི་ལྟ་བུའི་མཆོད་པ་དང་ཆོས་ཀྱི་མཆོད་པ་བྱས་ཏེ། དེ་ནས་ཤི་འཕོས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་དྲི་མ་མེད་པའི་འོད་དཔལ་གྱི་གསུང་རབ་ལ་
རྒྱལ་པོ་དྲི་མ་མེད་པས་བྱིན་པའི་ཁྱིམ་དུ་སྐྱེས་ཏེ། སྐྱིལ་མོ་ཀྲུང་བཅས་བཞིན་དུ་པང་པར་རྫུས་ཏེ་སྐྱེས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་སྐྱེས་མ་ཐག་ཏུ། དེའི་ཚེ་རང་གི་ཕ་མ་ལ་ཚིགས་སུ་བཅད་དེ་སྨྲས་པ།
རྒྱལ་མཆོག་འདི་ན་བདག་འཆག་ཅིང་། །དེར་གནས་བདག་གིས་ཏིང་འཛིན་ཐོབ། །བདག་གི་ལུས་ཕངས་ཡོངས་བཏང་སྟེ། །བརྩོན་འགྲུས་སྲ་བརྩམས་བརྟུལ་ཞུགས་ཆེ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བས་ཚིགས་སུ་བཅད་པ་དེ་སྨྲས་ནས། རང་གི་ཕ་མ་ལ་འདི་སྐད་ཅེས་ཡབ་ཡུམ་བཅོམ་ལྡན་འདས་གང་ལ་བདག་གིས་མཆོད་ནས། སྒྲ་ཐམས་ཅད་ལ་མཁས་པའི་གཟུངས་ཐོབ་ཅིང་། དམ་པའི་ཆོས་པད་མ་དཀར་པོའི་ཆོས་
เล่ม ๕๑ · หน้า 152a
ཀྱི་རྣམ་གྲངས་འདི་ཡང་ཚིགས་སུ་བཅད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གཏམས་པ་དང་། དཀྲིགས་པ་དང་མི་འཁྲུགས་པ་བྱེ་བ་ཕྲག་བརྒྱད་ཅུས། བཅོམ་ལྡན་འདས་དེ་ལས་ཐོས་པར་གྱུར་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་ཉི་ཟླ་དྲི་མ་མེད་པའི་འོད་དཔལ་དེ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ཀྱིས། ཡབ་ཡུམ་བདག་བཅོམ་ལྡན་འདས་དེའི་དྲུང་དུ་མཆིས་ན་ལེགས་སོ། །དེར་མཆིས་ནས་ཡང་བཅོམ་ལྡན་འདས་དེ་ལ་མཆོད་པ་བགྱིའོ་ཞེས་སྨྲས་སོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་
པ་མངོན་པར་ཤེས་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེའི་ཚེ། ནམ་མཁའ་ལ་ཤིང་ཏ་ལ་བདུན་ཙམ་དུ་མངོན་པར་འཕགས་ཏེ། རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པར་སྐྱིལ་མོ་ཀྲུང་བཅས་ནས་བཅོམ་ལྡན་འདས་
དེའི་དྲུང་དུ་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལ་ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཚིགས་སུ་བཅད་པ་འདིས་
མངོན་པར་བསྟོད་དོ། །དཔའ་བོ་མི་དབང་ཤིན་ཏུ་དྲི་མེད་ཞལ། །ཕྱོགས་བཅུ་འདིར་ནི་ཁྱོད་ཀྱི་འོད་ཟེར་མཛེས། །བདེ་གཤེགས་ཁྱོད་ལ་བདག་གིས་མཆོད་མཆོག་བགྱིས། །མགོན་པོ་ལྟ་བའི་སླད་དུ་བདག་འདིར་མཆིས། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ།
དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བས་ཚིགས་སུ་བཅད་པ་འདི་སྨྲས་ནས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་དྲི་མ་མེད་པའི་འོད་དཔལ་ལ་འདི་སྐད་ཅེས་གསོལ་
ཏོ། །བཅོམ་ལྡན་འདས་ཁྱོད་ད་དུང་བཞུགས་སམ། སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་དྲི་མ་མེད་པའི་འོད་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་
เล่ม ๕๑ · หน้า 152b
དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ང་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་སྟེ། རིགས་ཀྱི་བུ་ང་ཚེ་ཟད་པའི་དུས་ལ་བབ་ཀྱིས་རིགས་ཀྱི་བུ་ཁྱོད་སོང་ལ། ངའི་ཁྲི་ཤོམས་ཤིག་དང་ང་ཡོངས་སུ་མྱ་ངན་ལས་འདའོ། །
སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་དྲི་མ་མེད་པའི་འོད་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་
དགའ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བསྟན་པ་འདི་ངས་ཁྱོད་ལ་ཡོངས་སུ་གཏད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་དང་། ཉན་ཐོས་ཆེན་པོ་འདི་དག་དང་སངས་རྒྱས་ཀྱི་བྱང་ཆུབ་འདི་དག་དང་། འཇིག་རྟེན་གྱི་ཁམས་འདི་དག་དང་། རིན་པོ་
ཆེའི་མཁའ་རྟེན་འདི་དག་དང་། རིན་པོ་ཆེའི་ཤིང་ལྗོན་པ་འདི་དག་དང་ངའི་བསྙེན་བཀུར་བྱེད་པའི་ལྷའི་བུ་འདི་རྣམས་ཀྱང་ཡོངས་སུ་གཏད་དོ། །རིགས་ཀྱི་བུ་ང་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་གང་ཡིན་པ་དེ་དག་ཀྱང་ཡོངས་སུ་གཏད་དོ། །རིགས་ཀྱི་བུ་ངའི་རིང་བསྲེལ་ལ་
ཁྱོད་ཀྱིས་ཀྱང་མཆོད་པ་རྒྱ་ཆེར་གྱིས་ཤིག །རིང་བསྲེལ་དེ་དག་ཀྱང་རྒྱས་པར་གྱིས་ཤིག །མཆོད་རྟེན་སྟོང་ཕྲག་མང་པོ་གྱིས་ཤིག །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཉི་ཟླ་དྲི་མ་མེད་པའི་འོད་དཔལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ལ་དེ་ལྟར་རྗེས་སུ་བསྟན་ནས། དེའི་ནུབ་མོ་ནམ་གྱི་ཆ་སྨད་ལ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་
སུ་མྱ་ངན་ལས་འདས་སོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉི་ཟླ་དྲི་མ་མེད་པའི་འོད་དཔལ་དེ་ཡོངས་སུ་
เล่ม ๕๑ · หน้า 153a
མྱ་ངན་ལས་འདས་པར་རིག་སྟེ། ཙན་དན་སྦྲུལ་གྱི་སྙིང་པོ་སྤུངས་ནས་དེ་བཞིན་གཤེགས་པའི་སྐུ་བསྲེགས་ཏེ། དེ་བཞིན་གཤེགས་པའི་སྐུ་ཚིག་པ་ཞི་བར་རིག་ནས་རིང་བསྲེལ་བསྡུས་ཏེ་ངུ་ཞིང་ཆོ་ངེས་བཏབ་ནས་སྨྲེ་སྔགས་འདོན་ཏོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་
པ་མངོན་པར་ཤེས་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ངུས་ཏེ་ཆོ་ངེས་བཏབ་ནས་སྨྲེ་སྔགས་འདོན་ཏེ། རིན་པོ་ཆེ་སྣ་བདུན་གྱི་བུམ་པ་བརྒྱད་ཁྲི་བཞི་སྟོང་བྱེད་དུ་བཅུག་ནས། དེ་དག་གི་ནང་དུ་དེ་བཞིན་གཤེགས་པའི་
རིང་བསྲེལ་བཅུག་སྟེ། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་འཕང་དུ་ཚངས་པའི་འཇིག་རྟེན་ལ་ཐུག་པ་གདུགས་ཀྱི་ཕྲེང་བས་ལེགས་པར་བརྒྱན་པ་དར་དང་དྲིལ་བུ་ལེགས་པར་སྤྱངས་པ་བརྒྱད་ཁྲི་བཞི་སྟོང་བྱས་ཏེ། དེས་མཆོད་རྟེན་དེ་དག་བྱས་ནས་འདི་སྙམ་དུ་བསམས་ཏེ་བདག་གིས་བཅོམ་ལྡན་འདས་
ཉི་ཟླ་དྲི་མ་མེད་པའི་འོད་དཔལ། དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པ་ནི་བྱས་ན་དེ་བས་ཀྱང་ལྷག་པ་ཆེས་ཁྱད་པར་དུ་འཕགས་པས་དེ་བཞིན་གཤེགས་པའི་རིང་བསྲེལ་ལ་མཆོད་པ་བྱའོ་སྙམ་མོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་ནས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་དེ་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་
འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་ཚོགས་དེ་དག་ལ་སྨྲས་པ། རིགས་ཀྱི་བུ་དག་ཁྱེད་ཐམས་ཅད་ཀྱིས། བཅོམ་ལྡན་འདས་དེའི་རིང་བསྲེལ་རྣམས་ལ་མཆོད་པ་བྱ་བར་སོམས་ཤིག །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་ནས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེས། དེའི་ཚེ་དེ་བཞིན་གཤེགས་པའི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་གི་མདུན་དུ། རང་གི་ལག་པ་བསོད་ནམས་བརྒྱས་བརྒྱན་པ་འབར་བར་བྱས་ཏེ། འབར་བར་བྱས་པས་ལོ་བདུན་ཁྲི་ཉིས་སྟོང་གི་བར་དུ་དེ་བཞིན་
เล่ม ๕๑ · หน้า 153b
གཤེགས་པའི་མཆོད་རྟེན་དེ་དག་ལ་མཆོད་པ་བྱས་སོ། །དེས་མཆོད་པ་དེ་བྱས་པས་འཁོར་དེ་ལས་ཉན་ཐོས་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བཏུལ་ལོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཀྱང་གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །
སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་ནས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་དེ་དང་། ཉན་ཐོས་ཆེན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ཡན་ལག་མ་ཚང་བར་མཐོང་
ནས་ངུས་ཏེ་ཆོ་ངེས་བཏབ་ནས་སྨྲེ་སྔགས་འདོན་ཅིང་གཅིག་ལ་གཅིག་འདི་སྐད་དུ་སྨྲས་ཏེ་བདག་ཅག་གི་སློབ་དཔོན་རྗེས་སུ་སྟོན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ད་ལྟར་ཡན་ལག་མ་ཚང་ཞིང་ལག་པ་མེད་པར་གྱུར་ཏོ་ཞེས་ཟེར་རོ། །སྐར་
མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་ལྷའི་བུ་དེ་དག་ལ་སྨྲས་པ་རིགས་ཀྱི་བུ་
དག་ཁོ་བོའི་ཡན་ལག་ཉམས་པར་མཐོང་བས་མ་ངུ་ཤིག །ཆོ་ངེས་མ་འདེབས་ཤིག །སྨྲེ་སྔགས་མ་འདོན་ཅིག །རིགས་ཀྱི་བུ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཤིང་འཚོ་ཞིང་གཞེས་པའི་
སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཁོ་བོས་དཔང་དུ་བཞག་སྟེ། དེ་དག་གི་སྤྱན་སྔར་བདེན་པའི་བྱིན་གྱིས་བརླབས་སོ། །བདེན་པ་དང་བདེན་པའི་ཚིག་གང་གིས་བདག་གི་ལག་པ་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་ཡོངས་སུ་བཏང་བས། བདག་གི་ལུས་གསེར་
གྱི་ཁ་དོག་ཏུ་འགྱུར་བའི་བདེན་པ་དང་བདེན་པའི་ཚིག་དེས། བདག་གི་ལག་པ་འདི་སྔོན་གྱི་བཞིན་དུ་གྱུར་ཅིག །ས་ཆེན་པོ་འདི་ལན་དྲུག་ཏུ་གཡོས་པར་གྱུར་ཅིག །བར་སྣང་ལ་གནས་པའི་ལྷའི་བུ་རྣམས་ཀྱིས་མེ་ཏོག་གི་ཆར་ཆེན་པོ་ཕོབ་ཤིག་ཅེས་བྱས་སོ། །སྐར་མའི་རྒྱལ་པོ་
เล่ม ๕๑ · หน้า 154a
མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེས། བདེན་པའི་བྱིན་གྱིས་བརླབས་དེ་བྱས་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་
རྣམ་པ་དྲུག་ཏུ་གཡོས་སོ། །སྟེང་གི་བར་སྣང་ལས་ཀྱང་མེ་ཏོག་གི་ཆར་ཆེན་པོ་མངོན་པར་བབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེའི་ལག་པ་དེ་ཡང་། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཉིད་ཀྱི་བསོད་
ནམས་ཀྱི་སྟོབས་བསྐྱེད་པ་དང་། ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་དེས་སྔོན་གྱི་བཞིན་དུ་གྱུར་ཏོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བར་གྱུར་
པ་དེ་གཞན་ཞིག་ཡིན་སྙམ་དུ། ཁྱོད་སོམ་ཉིའམ་ཡིད་གཉིས་སམ་ཐེ་ཚོམ་ཟ་བར་གྱུར་ན་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོ་འདི་ཉིད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བར་གྱུར་ཏོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་
རྒྱལ་པོ་བྱ་དཀའ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དེ་སྙེད་བྱེད་དོ། །ལུས་ཡོངས་སུ་གཏོང་བ་ཡང་བྱེད་དོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་འདི་འདོད་པས། དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ལ་རྐང་པའི་མཐེ་བོང་འབར་བར་བྱའོ། །ལག་པའི་སོར་མོའམ་རྐང་པའི་སོར་མོ་གཅིག་གམ་ཡན་ལག་གཅིག་གམ་ལག་པ་འབར་བར་བྱའོ། །བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པའི་རིགས་ཀྱི་
เล่ม ๕๑ · หน้า 154b
བུ་འམ་རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་མངོན་པར་འདུ་བྱེད་པ་ཆེས་མང་དུ་སྐྱེད་དོ། །རྒྱལ་སྲིད་ཡོངས་སུ་བཏང་བས་ནི་དེ་ལྟ་མ་ཡིན་ནོ། །ཆུང་མ་དང་བུ་ཕོ་དང་བུ་མོ་ཕངས་པ་ཡོངས་སུ་བཏང་བས་ནི་དེ་ལྟ་མ་ཡིན་ནོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ནགས་ཚལ་དང་
བཅས་པ་རྒྱ་མཚོ་དང་བཅས་པ་རི་དང་བཅས་པ་འབབ་ཆུའི་དངོ་དང་མཚོ་དང་མཚེའུ་དང་ཁྲོན་པ་དང་ཀུན་དགའི་ར་བ་དང་བཅས་པ་ཡོངས་སུ་བཏང་བས་ནི་དེ་ལྟ་མ་ཡིན་ནོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་
དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་སྦྱིན་པ་བྱིན་ན། སྐར་མའི་རྒྱལ་པོ་མེ་ཏོག་
ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས། ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་
གཅིག་ཙམ་འཛིན་པ་དེ་བསོད་ནམས་ཇི་སྙེད་ཅིག་སྐྱེད་པ་དེ་སྙེད་དུ་མི་སྐྱེད་དེ། དེའི་བསོད་ནམས་མངོན་པར་འདུ་བྱེད་པ་འདི་ནི་དེ་བས་ཆེས་མང་བར་བཤད་ཀྱི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། སངས་རྒྱས་དང་
བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་སྦྱིན་པ་བྱིན་པ་ནི་དེ་ལྟ་མ་ཡིན་ནོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ་འདི་ལྟ་སྟེ་དཔེར་ན་འབབ་ཆུའི་དངོ་དང་མཚོ་དང་མཚེའུ་ཐམས་ཅད་ཀྱི་ནང་ན་རྒྱ་མཚོ་ནི་མཆོག་ཏུ་གྱུར་པ་ཡིན་ནོ། །སྐར་
མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཤད་པའི་མདོ་སྡེ་ཐམས་ཅད་ཀྱི་ནང་ན་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་མཆོག་ཏུ་གྱུར་པ་ཡིན་ནོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་
เล่ม ๕๑ · หน้า 155a
པ། འདི་ལྟ་སྟེ་དཔེར་ན་རི་ནག་པོ་དང་ཁོར་ཡུག་དང་ཁོར་ཡུག་ཆེན་པོ་ཐམས་ཅད་ཀྱི་ནང་ན་རི་རབ་ནི་རིའི་རྒྱལ་པོ་སྟེ་མཆོག་ཏུ་གྱུར་པ་ཡིན་ནོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ་དེ་བཞིན་དུ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཐམས་
ཅད་ཀྱི་ནང་ན། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་རྒྱལ་པོ་སྟེ་མཆོག་ཏུ་གྱུར་པ་ཡིན་ནོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། འདི་ལྟ་སྟེ་དཔེར་ན་སྐར་མ་ཐམས་ཅད་ཀྱི་ནང་ན་ཟླ་བ་ནི་འོད་བྱེད་པའི་མཆོག་ཏུ་གྱུར་པ་ཡིན་ནོ། །སྐར་མའི་རྒྱལ་
པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་བཞིན་དུ་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཐམས་ཅད་ཀྱི་ནང་ན། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ནི་ཟླ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བས་ལྷག་པར་འོད་བྱེད་པའི་མཆོག་ཏུ་གྱུར་པ་ཡིན་ནོ། །སྐར་མའི་
རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། འདི་ལྟ་སྟེ་དཔེར་ན་ཉི་མའི་དཀྱིལ་འཁོར་ནི་མུན་པ་མུན་གནག་ཐམས་ཅད་སེལ་བར་བྱེད་དོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་བཞིན་དུ་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་
མི་དགེ་བའི་མུན་པ་མུན་གནག་ཐམས་ཅད་སེལ་བར་བྱེད་དོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། འདི་ལྟ་སྟེ་དཔེར་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ན་བརྒྱ་བྱིན་ནི་ལྷ་རྣམས་ཀྱི་དབང་པོ་ཡིན་ནོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་
ཤེས་པ། དེ་བཞིན་དུ་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཐམས་ཅད་ཀྱི་ནང་ན་དབང་པོ་ཡིན་ནོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ་འདི་ལྟ་སྟེ་དཔེར་ན། མི་མཇེད་ཀྱི་བདག་པོ་ཚངས་པ་ནི་
ཚངས་རིས་ཀྱི་ལྷ་ཐམས་ཅད་ཀྱི་རྒྱལ་པོ་སྟེ་ཚངས་པའི་འཇིག་རྟེན་ན་ཕའི་བྱ་བ་བྱེད་དོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་བཞིན་དུ་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་སེམས་ཅན་སློབ་པ་དང་མི་སློབ་པ་ཐམས་ཅད་དང་ཉན་ཐོས་དང་བྱང་ཆུབ་
เล่ม ๕๑ · หน้า 155b
སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཐམས་ཅད་ལ་ཕའི་བྱ་བ་བྱེད་དོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། འདི་ལྟ་སྟེ་དཔེར་ན། རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་ནི་བྱིས་པ་སོ་སོའི་སྐྱེ་བོ་
ཐམས་ཅད་ལས་འདས་པའོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ་དེ་བཞིན་དུ་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཐམས་ཅད་ལས་འདས་ཤིང་མངོན་པར་འཕགས་ཏེ། མཆོག་ཏུ་གྱུར་པར་
རིག་པར་བྱའོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ་གང་དག་མདོ་སྡེའི་རྒྱལ་པོ་འདི་འཛིན་པ་དེ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་གཙོ་བོར་གྱུར་པར་རིག་པར་བྱའོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། འདི་ལྟ་སྟེ་དཔེར་ན། ཉན་ཐོས་དང་
རང་སངས་རྒྱས་ཐམས་ཅད་ཀྱི་ནང་ན་བྱང་ཆུབ་སེམས་དཔའ་ནི་མཆོག་ཅེས་བྱའོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་བཞིན་དུ་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཐམས་ཅད་ཀྱི་ནང་ན་མཆོག་
ཅེས་བྱའོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། འདི་ལྟ་སྟེ་དཔེར་ན། ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ནང་ན་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་རྒྱལ་པོར་ཐབས་གསོལ་བ་ཡིན་ནོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་
རྒྱས་པ་མངོན་པར་ཤེས་པ། དེ་བཞིན་དུ་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་དེ་བཞིན་གཤེགས་པ་དང་འདྲ་བ་ཡིན་ནོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དམ་པའི་
ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་ཐམས་ཅད་འཇིགས་པ་ཐམས་ཅད་ལས་སྐྱོབ་པ། སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱེད་པ་སྟེ། སྐོམ་པ་རྣམས་ལ་མཚེའུ་དང་འདྲའོ། །གྲང་བས་ཉེན་པ་རྣམས་ལ་མེ་དང་འདྲའོ། །གཅེར་བུ་རྣམས་ལ་གོས་
เล่ม ๕๑ · หน้า 156a
དང་འདྲའོ། །ཚོང་པ་རྣམས་ལ་དེད་དཔོན་དང་འདྲའོ། །བུ་རྣམས་ལ་མ་དང་འདྲའོ། །ཕ་རོལ་དུ་འགྲོ་བ་རྣམས་ལ་གྲུ་དང་འདྲའོ། །ནད་པ་རྣམས་ལ་སྨན་པ་དང་འདྲའོ། །མུན་པ་མུན་གནག་གིས་བསྒྲིབས་པ་རྣམས་ལ་མར་མེ་དང་འདྲའོ། །ནོར་འདོད་པ་རྣམས་ལ་རིན་པོ་
ཆེ་དང་འདྲའོ། །ཁམས་ཀྱི་རྒྱལ་པོ་ཐམས་ཅད་ལ་འཁོར་ལོས་སྒྱུར་བ་དང་འདྲའོ། །འབབ་ཆུ་རྣམས་ལ་རྒྱ་མཚོ་དང་འདྲའོ། །མུན་པ་མུན་གནག་ཐམས་ཅད་སེལ་བའི་ཕྱིར་སྒྲོན་མ་དང་འདྲའོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་བཞིན་དུ་དམ་པའི་
ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་སྡུག་བསྔལ་ཐམས་ཅད་ལས་རབ་ཏུ་ཐར་བར་བྱེད་པའོ། །ནད་ཐམས་ཅད་གཅོད་པའོ། །འཁོར་བའི་བཅིང་བ་ཉམ་ང་བ་ཐམས་ཅད་ལས་རབ་ཏུ་ཐར་བར་བྱེད་པའོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། གང་གིས་དམ་
པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དང་གང་ཡི་གེར་འདྲི་བ་དང་གང་ཡི་གེར་འདྲིར་འཇུག་པ་དང་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། གང་གིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་ངམ་བསྟན་ཏམ། ཐོས་སམ། ཡི་གེར་བྲིས་སམ། ཡི་གེར་
འདྲིར་འཇུག་གམ། གླེགས་བམ་དུ་བྱས་ཏེ། བསྟི་སྟང་དུ་བྱེད་པ་དང་། བཙུན་པར་བྱེད་པ་དང་། བཀུར་སྟིར་བྱེད་པ་དང་། མཆོད་པ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་།
རོལ་མོའི་སྒྲ་དང་། ན་བཟའ་དང་། ཐལ་མོ་སྦྱར་བའི་ལས་དང་། མར་གྱི་མར་མེའམ། འབྲུ་མར་གྱི་མར་མེའམ། སྤོས་མར་གྱི་མར་མེའམ། ཙམ་པ་ཀའི་མར་གྱི་མར་མེའམ། སྣ་མ་དང་སྐྱ་སྣར་དང་། བར་ཤ་ཀ་དང་། ན་པ་མ་ལི་ཀའི་མར་གྱི་མར་མེའམ། མཆོད་པ་རྣམ་པ་མང་
པོ་དག་གིས་བསྟི་སྟང་དུ་བྱེད། བཙུན་པར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ཇི་སྙེད་ཅིག་འཕེལ་བར་འགྱུར་བའི་བསོད་ནམས་མངོན་པར་འདུ་བྱེད་པ་དེ་དག་གི་མཐའ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་རྟོགས་པར་མི་ནུས་སོ། །སྐར་
เล่ม ๕๑ · หน้า 156b
མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། གང་ཞིག་སྨན་གྱི་རྒྱལ་པོའི་སྔོན་གྱི་སྦྱོར་བའི་ལེའུ་འདི་འཛིན་པ་དང་སྟོན་པ་དང་ཉན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་དེ་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །གལ་ཏེ་
བུད་མེད་གཅིག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཛིན་ན། དེ་ཉིད་བུད་མེད་ཀྱི་ལུས་ཀྱི་མཐའ་མར་འགྱུར་རོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། བུད་མེད་གང་ལ་ལས་སྨན་གྱི་རྒྱལ་པོའི་སྔོན་གྱི་སྦྱོར་བའི་ལེའུ་འདི་ལྔ་བརྒྱ་པ་ཐ་མ་ལ་ཐོས་ནས་ནན་ཏན་
བྱེད་པ་དེ། འདི་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་བཞུགས་ཏེ་
འཚོ་ཞིང་གཞེས་པ་དེར། དེ་པད་མའི་སྙིང་པོའི་སེང་གེའི་ཁྲི་ལ་འདུག་བཞིན་དུ་སྐྱེ་བར་འགྱུར་རོ། །དེ་འདོད་ཆགས་ཀྱིས་གཟིར་བར་མི་འགྱུར་ཏེ། ཞེ་སྡང་གིས་མ་ཡིན་གཏི་མུག་གིས་མ་ཡིན་ང་རྒྱལ་གྱིས་མ་ཡིན་སེར་སྣས་མ་ཡིན་ཁྲོ་བས་མ་ཡིན་གནོད་སེམས་ཀྱིས་མ་ཡིན་ཏེ། དེ་སྐྱེས་
མ་ཐག་ཏུ་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་རོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ཐོབ་པར་འགྱུར་རོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས། དེ་བཞིན་
གཤེགས་པ་གང་གཱའི་ཀླུང་བདུན་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་མཐོང་བར་འགྱུར་རོ། །མིག་གི་དབང་པོ་ཡོངས་སུ་དག་པ་གང་གིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་བར་འགྱུར་བ་དེ་འདྲ་བར་དེའི་མིག་གི་དབང་པོ་ཡོངས་སུ་དག་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་
དེ་དག་གིས་ཀྱང་དེ་ལ་ལེགས་སོ་ཞེས་བྱ་བ་སྦྱིན་པར་འགྱུར་ཏེ། གང་ཁྱོད་ཀྱིས་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེའི་གསུང་རབ་ལ་ལུང་
เล่ม ๕๑ · หน้า 157a
མནོས་པ་དང་ཁ་དོན་བྱས་པ་དང་བསྒོམས་པ་དང་བསམས་པ་དང་ཡིད་ལ་བྱས་པ་དང་སེམས་ཅན་གཞན་དག་ལ་ཡང་རབ་ཏུ་བསྟན་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་བསོད་ནམས་མངོན་པར་འདུ་བྱེད་པ་འདི་ནི་མེས་ཚིག་པའམ་ཆུས་ཁྱེར་བར་
མི་ནུས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་བསོད་ནམས་མངོན་པར་འདུ་བྱེད་པ་འདི་ནི་སངས་རྒྱས་བརྒྱ་སྟོང་གིས་ཀྱང་བཤད་པར་མི་ནུས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདུད་ཕྱིར་རྒོལ་བ་བཅོམ་མོ། །སྲིད་པའི་རྒྱ་མཚོ་ལས་བརྒལ་ཏོ། །དགྲའི་ཚེར་མ་དཀྲུགས་སོ། །སངས་རྒྱས་བརྒྱ་སྟོང་གིས་བྱིན་
གྱིས་བརླབས་སོ། །རིགས་ཀྱི་བུ་ལྷ་དང་བཅས་པའི་འཇིག་རྟེན་ན་ཁྱོད་འདྲ་བ་མེད་དོ། །དེ་བཞིན་གཤེགས་པ་གཅིག་པུ་མ་གཏོགས་པར་གཞན་ཉན་ཐོས་སམ་རང་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་གང་གིས་ཀྱང་། ཁྱོད་ལ་བསོད་ནམས་ཀྱིས་ཀྱང་རུང་། ཡེ་ཤེས་ཀྱིས་ཀྱང་
རུང་། ཤེས་རབ་ཀྱིས་ཀྱང་རུང་། ཏིང་ངེ་འཛིན་གྱིས་ཀྱང་རུང་སྟེ། ཟིལ་གྱིས་གནོན་པར་མི་ནུས་སོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་འདི་ལྟ་བུ་ཐོབ་པར་འགྱུར་རོ། །སྐར་མའི་
རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། གང་ལ་ལས་སྨན་གྱི་རྒྱལ་པོའི་སྔོན་གྱི་སྦྱོར་བའི་ལེའུ་འདི་བཤད་པ་ཐོས་ནས། ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་པ་དེའི་ཁ་ནས་ཨུད་པ་ལའི་དྲི་འབྱུང་བར་འགྱུར། དེའི་ལུས་ལས་ཀྱང་ཙན་དན་གྱི་དྲི་འབྱུང་བར་འགྱུར་རོ། །གང་
གིས་ཆོས་ཀྱི་རྣམ་གྲངས་འདི་འཆད་པ་ན་ལེགས་སོ་ཞེས་བྱ་བ་བྱིན་པ་དེའི་ཆོས་ཅན་གྱི་ཡོན་ཏན་གྱི་ཕན་ཡོན་དེ་དག་ནི། ངས་ད་ལྟར་གང་དག་བཤད་པ་དེ་འདྲ་བར་འགྱུར་རོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བའི་སྔོན་གྱི་སྦྱོར་བའི་ལེའུ་འདི་ཅི་ནས། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་འཛམ་བུའི་གླིང་འདི་ན་སྤྱོད་ཅིང་ནུབ་པར་མི་འགྱུར་བ་དང་། བདུད་སྡིག་ཅན་གྱིས་གླགས་མི་རྙེད་པ་དང་བདུད་ཀྱི་རིས་ཀྱི་ལྷ་དང་ཀླུ་དང་གནོད་
เล่ม ๕๑ · หน้า 157b
སྦྱིན་དང་དྲི་ཟ་དང་གྲུལ་བུམ་རྣམས་ཀྱིས་གླགས་མི་རྙེད་པར་བྱ་བའི་ཕྱིར་ངས་ཁྱོད་ལ་ཡོངས་སུ་གཏད་དོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི་གླིང་འདིར་སེམས་ཅན་ནད་པ་ནད་ཀྱིས་བཏབ་པ་རྣམས་ལ་སྨན་ལྟ་
བུར་འགྱུར་བར་བྱིན་གྱིས་བརླབ་པར་བྱས་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ལུས་ལ་ནད་ཀྱིས་མི་ཟུག་གོ། །རྒ་བས་མ་ཡིན་དུས་མ་ཡིན་པར་འཆི་བས་མ་ཡིན་ནོ། །སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་
དག་པར་ཞུགས་པ་གང་ལ་ལས། མདོ་སྡེ་འདི་འཛིན་པའི་དགེ་སློང་དེ་ལྟ་བུ་དེ་མཐོང་ན། དེ་ལ་ཙན་དན་གྱི་ཕྱེ་མ་དང་ཨུད་པལ་སྔོན་པོས་མངོན་པར་གཏོར་བར་བྱའོ། །མངོན་པར་གཏོར་ནས་ཀྱང་འདི་སྙམ་དུ་རིགས་ཀྱི་བུ་འདི་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར། འདི་ནི་རྩྭ་ལེན་པར་
འགྱུར། འདི་ནི་བྱང་ཆུབ་ཀྱི་སྙིང་པོར་རྩྭ་འདིང་བར་འགྱུར། འདི་ནི་བདུད་ཀྱི་ཕྱོགས་ཕམ་པར་བྱེད་པར་འགྱུར། འདི་ནི་ཆོས་ཀྱི་དུང་འབུད་པར་འགྱུར། འདི་ནི་ཆོས་ཀྱི་རྔ་རྡུང་བར་འགྱུར། འདི་ནི་འཁོར་བའི་རྒྱ་མཚོ་ལས་རྒལ་བར་འགྱུར་རོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །སྐར་མའི་
རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས། མདོ་སྡེ་འདི་ལྟ་བུ་འཛིན་པའི་དགེ་སློང་མཐོང་ནས་དེ་ལྟར་སེམས་བསྐྱེད་པར་བྱས་ཏེ། དེ་ལྟར་ན་དེའི་ཡོན་ཏན་དག་ནི་དེ་བཞིན་གཤེགས་པས་
ཅི་འདྲ་བ་དག་བཤད་པ་དེ་འདྲ་བ་དག་ཏུ་འགྱུར་རོ། །སྨན་གྱི་རྒྱལ་པོའི་སྔོན་གྱི་སྦྱོར་བའི་ལེའུ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་གིས། སྒྲ་ཐམས་ཅད་ལ་མཁས་པ་དང་ལྡན་པའི་གཟུངས་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་དེས་ཀྱང་། སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ། དེ་ལྟར་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་ཆོས་དྲིས་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །
เล่ม ๕๑ · หน้า 158a
དམ་པའི་ཆོས་པད་མ་དཀར་པོ་ལས་སྨན་གྱི་རྒྱལ་པོའི་སྔོན་གྱི་སྦྱོར་བའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་དེའི་ཚེ།
སྐྱེས་བུ་ཆེན་པོའི་མཚན་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཕྱུང་སྟེ། འོད་དེས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་བཅྭ་བརྒྱད་ཀྱི་བྱེ་མ་སྙེད་དག་ཁྱབ་པར་བྱས་ཏེ། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་བཅྭ་བརྒྱད་
ཀྱི་བྱེ་མ་སྙེད་དེ་དག་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་རྣམ་པར་སྣང་བའི་འོད་ཟེར་གྱིས་བརྒྱན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་འདབ་མ་དྲི་མ་མེད་པ་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བ་བཞུགས་ཏེ་འཚོ་
ཞིང་གཞེས་ལ། བྱང་ཆུབ་སེམས་དཔའི་དགེ་འདུན་རྒྱ་ཆེན་པོ་ཚད་མེད་པས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེས་མཛོད་སྤུ་ནས་འོད་གང་
བཏང་བ་དེས། དེའི་ཚེ་འཇིག་རྟེན་གྱི་ཁམས་རྣམ་པར་སྣང་བའི་འོད་ཟེར་གྱིས་བརྒྱན་པ་དེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་རྣམ་པར་སྣང་བའི་འོད་ཟེར་གྱིས་བརྒྱན་པ་དེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ཞེས་བྱ་བ་དགེ་
བའི་རྩ་བ་བསྐྱེད་པ་སྔོན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོའི་འོད་ཟེར་དེ་ལྟ་བུ་མཐོང་ཞིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ཀྱིས་ཏིང་ངེ་འཛིན་མང་པོ་ཐོབ་པ་འདི་ལྟ་སྟེ། རྒྱལ་མཚན་གྱི་རྩེ་མོའི་དཔུང་
རྒྱན་གྱི་ཏིང་ངེ་འཛིན་ཐོབ། དམ་པའི་ཆོས་པད་མ་དཀར་པོའི་ཏིང་ངེ་འཛིན་ཐོབ། དྲི་མ་མེད་པས་བྱིན་པའི་ཏིང་ངེ་འཛིན་ཐོབ། སྐར་མའི་རྒྱལ་པོ་རྣམ་པར་རོལ་པའི་ཏིང་ངེ་འཛིན་ཐོབ། རླུང་ལྟ་བུའི་ཏིང་ངེ་འཛིན་ཐོབ། ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ཐོབ། ཟླ་བ་སྒྲོན་མའི་ཏིང་
เล่ม ๕๑ · หน้า 158b
ངེ་འཛིན་ཐོབ། སྒྲ་ཐམས་ཅད་ལ་མཁས་པའི་ཏིང་ངེ་འཛིན་ཐོབ། བསོད་ནམས་ཐམས་ཅད་ཀུན་ལས་བསྡུས་པའི་ཏིང་ངེ་འཛིན་ཐོབ། དད་པ་ཅན་གྱི་ཏིང་ངེ་འཛིན་ཐོབ། རྫུ་འཕྲུལ་གྱིས་རྣམ་པར་རོལ་པའི་ཏིང་ངེ་འཛིན་ཐོབ། ཡེ་ཤེས་ཏ་ལ་ལའི་ཏིང་ངེ་འཛིན་ཐོབ། བཀོད་པའི་
རྒྱལ་པོའི་ཏིང་ངེ་འཛིན་ཐོབ། དྲི་མ་མེད་པའི་འོད་ཀྱི་ཏིང་ངེ་འཛིན་ཐོབ། དྲི་མ་མེད་པའི་སྙིང་པོའི་ཏིང་ངེ་འཛིན་ཐོབ། ཟད་པར་ཆུབ་པའི་ཏིང་ངེ་འཛིན་ཐོབ། ཉི་མའི་འཁོར་བའི་ཏིང་ངེ་འཛིན་ཐོབ། དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་
ཀྱིས། ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བར་དུ་ཐོབ་པར་འདུག་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་དེའི་ལུས་ལ་འོད་དེས་ཕོག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་འདབ་མ་དྲི་མ་མེད་པ་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་བལྟ་བ་དང་ཕྱག་བགྱི་བ་དང་བསྙེན་བཀུར་བགྱི་བ་དང་འཇམ་དཔལ་གཞོན་ནུར་གྱུར་པ་དེ་ཡང་བལྟ་བ་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་དེ་ཡང་བལྟ་བ་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་སྦྱིན་པ་དེ་ཡང་
བལྟ་བ་དང་། བྱང་ཆུབ་སེམས་དཔའ་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ་དེ་ཡང་བལྟ་བ་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་ཁྱད་པར་ཅན་དེ་ཡང་བལྟ་བ་དང་། བྱང་ཆུབ་སེམས་དཔའ་བཀོད་པའི་རྒྱལ་པོ་དེ་ཡང་བལྟ་བ་དང་། བྱང་ཆུབ་སེམས་དཔའ་
སྨན་ཡང་དག་འཕགས་དེ་ཡང་བལྟ་བའི་སླད་དུ། འཇིག་རྟེན་གྱི་ཁམས་མི་མཇེད་དུ་མཆིའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་འདབ་མ་དྲི་མ་མེད་པ་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པས། བྱང་
เล่ม ๕๑ · หน้า 159a
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་འཇིག་རྟེན་གྱི་ཁམས་མི་མཇེད་དེར་སོང་སྟེ་ཕྱིན་ནས། ངན་པའི་འདུ་ཤེས་བསྐྱེད་པར་མི་བྱའོ། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་མི་མཇེད་དེ་ནི་མཐོན་དམན་
ཅན་དང་། ས་ལས་གྲུབ་པ་དང་། རི་ནག་པོས་གང་བ་དང་། འཇིམ་ངན་གྱིས་ཡོངས་སུ་གང་བའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཡང་སྐུ་ཐུང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་
ལུས་ཐུང་ངོ་། །རིགས་ཀྱི་བུ་ཁྱོད་ཀྱི་ལུས་ཐོབ་པ་ནི་དཔག་ཚད་བཞི་ཁྲི་ཉིས་སྟོང་ངོ་། རིགས་ཀྱི་བུ་ངའི་ལུས་ནི་དཔག་ཚད་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཡོད་དོ། །རིགས་ཀྱི་བུ་ཁྱོད་ནི་མཛེས་པ་བལྟ་ན་སྡུག་པ་གཟུགས་བཟང་བ་ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། བསོད་ནམས་
བརྒྱ་སྟོང་བས་ཤིན་ཏུ་ལྷག་པའི་དཔལ་དང་ལྡན་པའོ། །རིགས་ཀྱི་བུ་དེ་ལྟ་བས་ན་འཇིག་རྟེན་གྱི་ཁམས་མི་མཇེད་དུ་ཕྱིན་ནས། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་དང་སངས་རྒྱས་ཀྱི་ཞིང་དེ་ལ་ངན་པའི་འདུ་ཤེས་མ་སྐྱེད་ཅིག །དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་འདབ་མ་དྲི་མ་མེད་པ་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་
ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་། དེ་བཞིན་གཤེགས་པའི་སྟོབས་བསྐྱེད་པ་དང་། དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་དང་། དེ་བཞིན་གཤེགས་པའི་བཀོད་པ་དང་། དེ་བཞིན་གཤེགས་པའི་མངོན་པར་འཕགས་པའི་ཡེ་ཤེས་ཀྱིས་འཇིག་རྟེན་གྱི་ཁམས་མི་མཇེད་དེར་
མཆིའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ཀྱིས། དེའི་ཚེ་སངས་རྒྱས་ཀྱི་ཞིང་དེ་ནས་མ་གཡོས་ཤིང་། སྟན་དེ་ལས་མ་ལངས་པར་འདི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་
เล่ม ๕๑ · หน้า 159b
དབྱངས་དེ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། དེའི་མོད་ལ་འཇིག་རྟེན་གྱི་ཁམས་མི་མཇེད་དུ། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་གདན་གྱི་དྲུང་དུ། པད་མ་ཆུ་བ་ནི་གསེར་འདབ་མ་ནི་དངུལ་སྙིང་པོ་ནི་པད་མ་དང་ནེ་ཙོའམ་ཅི་ལས་གྲུབ་པ་བྱེ་བ་ཁྲག་ཁྲིག་
བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བྱུང་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། པད་མ་བཀོད་པ་བྱུང་བ་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་འདི་ལྟར་ཆུ་བ་ནི་གསེར་འདབ་མ་ནི་དངུལ་སྙིང་པོ་ནི་པད་མ་དང་ནེ་ཙོའམ་ཅི་ལས་གྲུབ་པའི་པད་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གདའ་བ་འདི་སུའི་སྔ་ལྟས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་
བཀའ་སྩལ་ཏོ། །འཇམ་དཔལ་འདི་ནི་ཤར་ཕྱོགས་ལོགས་ནས་འཇིག་རྟེན་གྱི་ཁམས་རྣམ་པར་སྣང་བའི་འོད་ཟེར་གྱིས་བརྒྱན་པ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་འདབ་མ་དྲི་མ་མེད་པ་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་
ཏུ་རྒྱས་པ་དེའི་སངས་རྒྱས་ཀྱི་ཞིང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ང་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། དམ་པའི་ཆོས་པད་མ་དཀར་
པོའི་ཆོས་ཀྱི་རྣམ་གྲངས་འདི་མཉན་པའི་ཕྱིར། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོང་བ་དེའི་སྔ་ལྟས་སོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དེས་དགེ་བའི་རྩ་བའི་ཚོགས་ཅི་བགྱིས་ན། དགེ་བའི་རྩ་བའི་
ཚོགས་བསགས་པ་དེས་འདི་ལྟ་བུའི་ཁྱད་པར་འདི་ཐོབ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་ཏིང་ངེ་འཛིན་གང་ལ་སྤྱོད་པའི་ཏིང་ངེ་འཛིན་དེ་བཅོམ་ལྡན་འདས་བདག་གིས་མཉན་པར་བགྱིའོ། །བཅོམ་ལྡན་འདས་བདག་གིས་ཏིང་ངེ་འཛིན་དེ་ལ་སྤྱད་པར་བགྱིའོ། །བྱང་ཆུབ་སེམས་དཔའ་
เล่ม ๕๑ · หน้า 160a
སེམས་དཔའ་ཆེན་པོ་དེ་ཅི་འདྲ་བ་དང་ཁ་དོག་ཅི་འདྲ་བ་དང་གཟུགས་ཅི་འདྲ་བ་དང་རྟགས་ཅི་འདྲ་བ་དང་དབྱིབས་ཅི་འདྲ་བ་དང་དེའི་སྤྱོད་པ་ཅི་ལགས་པ། བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བལྟ་བར་བགྱིའོ། །བཅོམ་ལྡན་འདས་བརྡ་ལྟས་གང་གིས་
བསྐུལ་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་མཆི་བར་འགྱུར་བ་དེ་ལྟ་བུའི་བརྡ་ལྟས་ཤིག་དེ་བཞིན་གཤེགས་པས་ལེགས་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་ཤཱཀྱ་ཐུབ་པས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་རིན་ཆེན་མང་ལ་འདི་སྐད་ཅེས་གསུངས་སོ། །ཅི་ནས་བརྡ་ལྟས་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་འཇིག་
རྟེན་གྱི་ཁམས་མི་མཇེད་འདིར་མཆི་བ་དེ་ལྟ་བུའི་བརྡ་ལྟས་བཅོམ་ལྡན་འདས་ཀྱིས་མཛོད་ཅིག །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་རིན་ཆེན་མང་གིས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་སང་སང་པོའི་དབྱངས་བསྐུལ་བའི་ཕྱིར། འཇམ་དཔལ་གཞོན་ནུར་གྱུར་པ་འདི་རིགས་ཀྱི་བུ་ཁྱོད་ཀྱི་མཐུ་མཐོང་བར་དགའ་བས་རིགས་ཀྱི་བུ་ཁྱོད་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཤོག་ཅིག་ཅེས་དེ་ལྟ་བུའི་བརྡ་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
སང་སང་པོའི་དབྱངས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་འདབ་མ་དྲི་མ་མེད་པ་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ། བྱང་ཆུབ་སེམས་
དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་དེ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་རྣམ་པར་སྣང་བའི་འོད་ཟེར་གྱིས་བརྒྱན་པ་དེ་ནས་མི་སྣང་བར་གྱུར་ནས། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་འོངས་ཏེ། ཞིང་དག་ནི་རབ་ཏུ་
เล่ม ๕๑ · หน้า 160b
གཡོ་བར་བྱེད། པད་མའི་ཆར་ནི་རབ་ཏུ་འབེབས། སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི་ལེན་ཅིང་། མིག་ནི་ཨུད་པལ་སྔོན་པོའི་འདབ་མ་འདྲ། བཞིན་ནི་ཟླ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བས་ལྷག །ལུས་ཀྱི་མདོག་ནི་གསེར་གྱི་ཁ་དོག་འདྲ་ལ། ལུས་བསོད་ནམས་བརྒྱ་སྟོང་གིས་
ནི་བརྒྱན། དཔལ་གྱི་ས་ནི་རབ་ཏུ་འབར། གཟི་བརྗིད་ཀྱིས་ནི་ཤིན་ཏུ་ལྷང་ངེར་གྱུར། ལུས་ནི་མཚན་རྣམས་ཀྱིས་རྣམ་པར་སྤྲས། ལུས་སྲེད་མེད་ཀྱི་བུའི་ལུས་ལྟར་ནི་མཁྲེགས་པ། རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པར་ཞུགས་ཏེ། ནམ་མཁའ་ལ་ཏ་ལ་བདུན་ཙམ་ནས་བྱང་ཆུབ་
སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་འོངས་ཏེ། དེ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ག་ལ་བ་དང་བྱ་རྒོད་ཕུང་པོའི་རི་ག་ལ་བ་དེར་འོངས་ཏེ་ཕྱིན་ནས། ཁང་པ་བརྩེགས་པ་དེ་ནས་བབས་ཏེ། བརྒྱ་སྟོང་རི་བའི་མུ་ཏིག་གི་ཕྲེང་བ་ཐོགས་ཤིང་། བཅོམ་ལྡན་
འདས་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་མུ་ཏིག་གི་ཕྲེང་བ་ཕུལ་ལོ། །ཕུལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་འདབ་མ་དྲི་མ་མེད་པ་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་བཅོམ་ལྡན་འདས་ལ་གནོད་པ་ཉུང་ངམ་ཉམ་ང་བ་ཉུང་ངམ་བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་གནས་སམ་ཞེས་སྙུན་གསོལ་
ལོ། །བཅོམ་ལྡན་འདས་དེ་འདི་སྐད་ཅེས་ཀྱང་གསུང་སྟེ། བཅོམ་ལྡན་འདས་ཁྱོད་བཟོད་དམ། གཞེས་སམ། ཁམས་རྣམས་འཐུན་ནམ། ཁྱོད་ཀྱི་སེམས་ཅན་རྣམས་གོ་སླའམ། གདུལ་སླའམ། གསོ་སླའམ། གཙང་མ་འདོད་དམ། ཧ་ཅང་འདོད་ཆགས་མི་སྤྱོད་དམ།
ཧ་ཅང་ཞེ་སྡང་མི་སྤྱོད་དམ། ཧ་ཅང་གཏི་མུག་མི་སྤྱོད་དམ། བཅོམ་ལྡན་འདས་ཁྱོད་ཀྱི་སེམས་ཅན་དག་ཤིན་ཏུ་ཕྲག་དོག་ཅན་མ་ཡིན་ནམ། སེར་སྣ་ཅན་མ་ཡིན་ནམ། མར་མི་འཛིན་པ་མ་ཡིན་ནམ། ཕར་མི་འཛིན་པ་མ་ཡིན་ནམ། དགེ་སློང་དུ་མི་འཛིན་པ་མ་ཡིན་ནམ། བྲམ་ཟེར་མི་འཛིན་
เล่ม ๕๑ · หน้า 161a
པ་མ་ཡིན་ནམ། ལོག་པར་ལྟ་བ་མ་ཡིན་ནམ། སེམས་མ་དུལ་བ་མ་ཡིན་ནམ། དབང་པོ་མ་བསྲུངས་པ་མ་ཡིན་ནམ། བཅོམ་ལྡན་འདས་ཁྱོད་ཀྱིས་སེམས་ཅན་དེ་དག་གིས་བདུད་ཕྱིར་རྒོལ་བ་བཅོམ་མམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་རིན་ཆེན་མང་དེ། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་གྱི་ནང་ན་བཞུགས་པ་ཆོས་གསན་པའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་དུ་གཤེགས་སམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་
ཡང་བཅོམ་ལྡན་འདས་དེ་འདྲི་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་དེ་བཟོད་དམ། གཞེས་སམ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་རིང་དུ་གཞེས་སམ་ཞེས་གསུང་ངོ་། །བཅོམ་ལྡན་འདས་བདག་གིས་ཀྱང་། བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་དེའི་རིང་བསྲེལ་གྱི་སྐུ་བལྟ་བར་བགྱིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་དེའི་རིང་བསྲེལ་གྱི་སྐུ། དེ་བཞིན་གཤེགས་
པས་ལེགས་པར་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་
རིན་ཆེན་མང་དེ་ལ་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་རིན་ཆེན་མང་མཐོང་
བར་འཚལ་ནས་མཆིས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ང་དང་
เล่ม ๕๑ · หน้า 161b
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་མཐོང་བར་འདོད་པ་དང་། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་མཉན་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་བལྟ་བའི་ཕྱིར་འོངས་པ་ལེགས་སོ་
ལེགས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ཀྱིས། དེ་བཞིན་གཤེགས་པ་གང་གི་དྲུང་དུ་སྔོན་དགེ་
བའི་རྩ་བ་ཇི་ལྟ་བུ་ཞིག་བསྐྲུན། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་
དུས་ན་བསྐལ་པ་མཐོང་ན་དགའ་བ་ལ། འཇིག་རྟེན་གྱི་ཁམས་གཟུགས་ཐམས་ཅད་ཤིན་ཏུ་སྟོན་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་
བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྤྲིན་དང་རྔ་སྒྲ་རྒྱལ་པོ་ཞེས་བྱ་བ་འདི་འཇིག་རྟེན་དུ་བྱུང་སྟེ། རིགས་ཀྱི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་དང་རྔ་སྒྲ་
རྒྱལ་པོ་དེ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ཀྱིས་སིལ་སྙན་བརྒྱ་སྟོང་རབ་ཏུ་བླངས་ཏེ། ལོ་ཁྲི་ཉིས་སྟོང་དུ་མཆོད་པ་བྱས་སོ། །རིན་པོ་ཆེ་སྣ་བདུན་གྱི་སྣོད་བརྒྱད་ཁྲི་བཞི་སྟོང་ཕུལ་ལོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་སྤྲིན་དང་རྔ་སྒྲ་རྒྱལ་
པོའི་གསུང་རབ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ཀྱིས་དེ་ལྟ་བུའི་དད་པ་ཐོབ་པོ། །དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་དང་རྔ་སྒྲ་རྒྱལ་པོ་ལ་མཆོད་པ་བྱས་ཤིང་
เล่ม ๕๑ · หน้า 162a
སྣོད་བརྒྱད་ཁྲི་བཞི་སྟོང་དེ་དག་ཕུལ་བ་དེ། གཞན་ཞིག་ཡིན་སྙམ་དུ་ཁྱོད་སོམ་ཉིའམ་ཡིད་གཉིས་སམ་ཐེ་ཚོམ་ཟ་བར་གྱུར་ན་རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་དང་རྔ་སྒྲ་རྒྱལ་པོ་དེ་ལ་མཆོད་པ་བྱས་པ་དང་། སྣོད་དེ་དག་ཀྱང་ཕུལ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་འདི་ཉིད་ཡིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་
པོའི་དབྱངས་དེ་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། སངས་རྒྱས་བརྒྱ་སྟོང་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ། ཡོངས་སུ་སྦྱང་བ་བྱས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་འདིས་སྔོན་ཡང་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་
བྱེ་མ་སྙེད་མཐོང་ངོ་། །པད་མའི་དཔལ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་འདི་མཐོང་ངམ། པད་མའི་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། པད་མའི་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་འདི་ནི། གཟུགས་མང་པོས་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་སྟོན་ཏེ། འདི་ལྟ་སྟེ། ལ་ལར་ནི་ཚངས་པའི་གཟུགས་ཀྱིས། ལ་ལར་ནི་བརྒྱ་
བྱིན་གྱི་གཟུགས་ཀྱིས། ལ་ལར་ནི་དབང་ཕྱུག་གི་གཟུགས་ཀྱིས། ལ་ལར་ནི་དབང་ཕྱུག་ཆེན་པོའི་གཟུགས་ཀྱིས། ལ་ལར་ནི་དམག་དཔོན་གྱི་གཟུགས་ཀྱིས། ལ་ལར་ནི་མཆོག་གི་གཟུགས་ཀྱིས། ལ་ལར་ནི་འཁོར་ལོས་སྒྱུར་བའི་གཟུགས་ཀྱིས། ལ་ལར་ནི་
ཁམས་ཀྱི་རྒྱལ་པོའི་གཟུགས་ཀྱིས། ལ་ལར་ནི་ཚོང་དཔོན་གྱི་གཟུགས་ཀྱིས། ལ་ལར་ནི་ཁྱིམ་བདག་གི་གཟུགས་ཀྱིས། ལ་ལར་ནི་གྲོང་མིའི་གཟུགས་ཀྱིས། ལ་ལར་ནི་བྲམ་ཟེའི་གཟུགས་ཀྱིས་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་སྟོན་ཏོ། །
เล่ม ๕๑ · หน้า 162b
ལ་ལར་ནི་དགེ་སློང་གི་གཟུགས་ཀྱིས། ལ་ལར་ནི་དགེ་སློང་མའི་གཟུགས་ཀྱིས། ལ་ལར་ནི་དགེ་བསྙེན་གྱི་གཟུགས་ཀྱིས། ལ་ལར་ནི་དགེ་བསྙེན་མའི་གཟུགས་ཀྱིས། ལ་ལར་ནི་ཚོང་དཔོན་གྱི་ཆུང་མའི་གཟུགས་ཀྱིས། ལ་ལར་ནི་ཁྱིམ་བདག་གི་ཆུང་མའི་གཟུགས་ཀྱིས།
ལ་ལར་ནི་གྲོང་མིའི་ཆུང་མའི་གཟུགས་ཀྱིས། ལ་ལར་ནི་ཁྱེའུའི་གཟུགས་ཀྱིས། ལ་ལར་ནི་བུ་མོའི་གཟུགས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་སེམས་ཅན་རྣམས་ལ་སྟོན་ཏེ། རིགས་
ཀྱི་བུ་གཟུགས་འདི་སྙེད་ཅིག་ཀུན་ཏུ་སྟོན་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་སེམས་ཅན་རྣམས་ལ་སྟོན་ཏོ། །ཁ་ཅིག་ལ་ནི་གནོད་སྦྱིན་གྱི་གཟུགས་ཀྱི་བར་གྱིས། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ཀྱིས། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་སེམས་ཅན་རྣམས་ལ་སྟོན་ཏོ། །ཁ་ཅིག་ལ་ནི་ལྷ་མ་ཡིན་གྱི་གཟུགས་ཀྱིས། ཁ་ཅིག་ལ་ནི་ནམ་མཁའ་ལྡིང་གི་གཟུགས་ཀྱིས། ཁ་ཅིག་ལ་ནི་མིའམ་ཅིའི་
གཟུགས་ཀྱིས། ཁ་ཅིག་ལ་ནི་ལྟོ་འཕྱེ་ཆེན་པོའི་གཟུགས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་སེམས་ཅན་རྣམས་ལ་སྟོན་ཏོ། །སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་
དང་གཤིན་རྗེའི་འཇིག་རྟེན་དང་མི་ཁོམ་པར་སྐྱེས་པའི་བར་གྱི་སེམས་ཅན་རྣམས་ལ་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་སྐྱོབ་པར་འགྱུར་རོ། །བཙུན་མོའི་འཁོར་གྱི་ནང་ན་འདུག་པའི་བར་གྱི་སེམས་ཅན་རྣམས་ལ་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་བུད་མེད་ཀྱི་གཟུགས་སུ་མངོན་པར་སྤྲུལ་ཏེ། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །པད་མའི་དཔལ་བྱང་ཆུབ་སེམས་དཔའ་སེམས་
เล่ม ๕๑ · หน้า 163a
དཔའ་ཆེན་པོ་སང་སང་པོའི་དབྱངས་ནི། འཇིག་རྟེན་གྱི་ཁམས་མི་མཇེད་དུ་སྐྱེས་པའི་སེམས་ཅན་རྣམས་ལ་སྐྱོབ་པ་སྟེ། འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་འདི་དེ་སྙེད་ཀྱི་གཟུགས་སུ་
སྤྲུལ་པས། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་སེམས་ཅན་རྣམས་ལ་སྟོན་ཏེ། སྐྱེས་བུ་དམ་པ་འདི་རྫུ་འཕྲུལ་ཡང་ཉམས་པ་མེད། ཤེས་རབ་ཀྱང་ཉམས་པ་མེད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ནི་ཡེ་
ཤེས་ཀྱི་སྣང་བ་འདི་སྙེད་ཀྱིས་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་སྣང་ངོ་། །འཇིག་རྟེན་གྱི་ཁམས་གཞན་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་ཡང་། བྱང་ཆུབ་སེམས་དཔས་འདུལ་བའི་སེམས་ཅན་རྣམས་ལ་འདི་བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་ཆོས་སྟོན་ཏོ། །ཉན་ཐོས་
ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་ཉན་ཐོས་ཀྱི་གཟུགས་ཀྱིས་ཆོས་སྟོན་ཏོ། །རང་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་རང་སངས་རྒྱས་ཀྱི་གཟུགས་ཀྱིས་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་དེ་བཞིན་
གཤེགས་པའི་གཟུགས་ཀྱིས་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་བར་གྱིས་འདུལ་བའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་རིང་བསྲེལ་སྟོན་ཏོ། །ཡོངས་སུ་མྱ་ངན་ལས་འདའ་བའི་བར་གྱིས་འདུལ་བའི་སེམས་ཅན་རྣམས་ལ་བདག་ཡོངས་སུ་མྱ་
ངན་ལས་འདས་པར་སྟོན་ཏོ། །པད་མའི་དཔལ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ནི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་ཐོབ་པའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་དཔལ་གྱིས་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་དགེ་བའི་རྩ་བ་བསྐྲུན་པ་འདི། བཅོམ་ལྡན་འདས་ཏིང་ངེ་འཛིན་གང་ལ་གནས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ཀྱིས། སེམས་ཅན་
เล่ม ๕๑ · หน้า 163b
འདི་སྙེད་བཏུལ་བའི་ཏིང་ངེ་འཛིན་དེ་གང་ལགས། དེ་སྐད་ཅེས་གསོལ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་དཔལ་ལ་འདི་སྐད་ཅེས་བཀའ་
སྩལ་ཏོ། །རིགས་ཀྱི་བུ་ཏིང་ངེ་འཛིན་གང་ལ་གནས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ཀྱིས་འདི་ལྟར་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་པ་ནི། གཟུགས་ཐམས་ཅད་ཡང་དག་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་འདི་ཡིན་ནོ། །སང་སང་པོའི་
དབྱངས་ཀྱི་ལེའུ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་དང་ལྷན་ཅིག་ཏུ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གང་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ལྷགས་པ་དེ་དག་ཐམས་ཅད་ཀྱིས་
གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་དེ་དག་གིས་ཀྱང་། གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་ཏིང་ངེ་
འཛིན་ཐོབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་གི་རིང་བསྲེལ་གྱི་མཆོད་རྟེན་ལ་ཡངས་ཤིང་རྒྱ་ཆེ་བའི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པར་ཞུགས་ཏེ། ཞིང་རྣམས་ནི་རབ་ཏུ་གཡོ་བར་བྱེད། པད་མའི་ཆར་ནི་རབ་ཏུ་འབེབས། སིལ་སྙན་
བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི་ལེན་ཅིང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་ནས། ལྷན་ཅིག་ཏུ་སླར་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་
เล่ม ๕๑ · หน้า 164a
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་འདབ་མ་དྲི་མ་མེད་པ་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མི་མཇེད་དུ་བདག་གིས་སེམས་ཅན་གྱི་དོན་བྱས་སོ། །
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་གི་རིང་བསྲེལ་གྱི་མཆོད་རྟེན་ཡང་མཐོང་ངོ་། །ཕྱག་ཀྱང་བགྱིས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཡང་མཐོང་སྟེ་ཕྱག་བགྱིས་སོ། །འཇམ་
དཔལ་གཞོན་ནུར་གྱུར་པ་དེ་ཡང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོ་བརྩོན་འགྲུས་ཀྱི་སྟོབས་ཀྱི་ཤུགས་ཐོབ་པ་དེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་སྦྱིན་པ་དེ་ཡང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་
བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་འགྲོ་བ་དང་འོང་བའི་ལེའུ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་བཞི་ཁྲི་
ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་དཔལ་གྱིས་ཀྱང་། དམ་པའི་ཆོས་པད་མ་དཀར་པོའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །དམ་པའི་ཆོས་པད་མ་དཀར་པོ་ལས། སང་སང་པོའི་དབྱངས་ཀྱི་
ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།བམ་པོ་བཅུ་གསུམ་པ་སྟེ་ཐ་མ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ།
བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅིའི་སླད་དུ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བགྱི། དེ་སྐད་ཅེས་
เล่ม ๕๑ · หน้า 164b
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ལ་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཇི་སྙེད་ཅིག་སྡུག་བསྔལ་གང་དག་མྱོང་བར་གྱུར་པ་དེ་དག་གིས། །གལ་ཏེ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་ཐོས་ན། དེ་དག་ཐམས་ཅད་སྡུག་བསྔལ་གྱི་ཕུང་པོ་དེ་ལས་ཡོངས་སུ་ཐར་བར་འགྱུར་རོ། །རིགས་ཀྱི་བུ་སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་
གི་མིང་འཛིན་པ་དེ་དག །གལ་ཏེ་མེའི་ཕུང་པོ་ཆེན་པོར་ལྷུང་ན་ཡང་། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་གཟི་བརྗིད་ཀྱིས། མེའི་ཕུང་པོ་ཆེན་པོ་དེ་ལས་རབ་ཏུ་འབར་བ་ལས་ཐར་བར་འགྱུར་རོ། །རིགས་ཀྱི་བུ་
གལ་ཏེ་ཆུ་ཀླུང་དག་གིས་ཁྱེར་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་བོས་ན། ཆུ་ཀླུང་དེ་དག་ཐམས་ཅད་ཀྱིས་སེམས་ཅན་དེ་དག་ཐམས་ཅད་གཏིང་ཚུགས་པར་བྱེད་དོ། །རིགས་ཀྱི་བུ་གལ་ཏེ་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་
སྟོང་རྒྱ་མཚོའི་ནང་དུ་གྲུར་ཞུགས་ཏེ། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། རྡོའི་སྙིང་པོ་དང་། བྱི་རུ་དང་། སྤུག་དང་། མུ་ཏིག་དམར་པོ་ལ་སོགས་པའི་ཕྱིར་དོང་བ་དེ་རྣམས། རླུང་ནག་པོས་སྲིན་མོའི་གླིང་དུ་
འཕངས་པར་གྱུར་ལ། དེ་ན་སེམས་ཅན་གཅིག་འགའ་ཞིག་གིས་སྤྱན་རས་གཟིགས་དབང་ཕྱུག་ལ་བོས་ན། དེ་དག་ཐམས་ཅད་སྲིན་མོའི་གླིང་དེ་ནས་ཐར་བར་འགྱུར་རོ། །རིགས་ཀྱི་བུ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྤྱན་རས་
གཟིགས་དབང་ཕྱུག་ཅེས་བཏགས་སོ། །རིགས་ཀྱི་བུ་གལ་ཏེ་བསད་པར་བཀྲི་བ་ལས་སྤྱན་རས་གཟིགས་དབང་ཕྱུག་ལ་བོས་ན། གཤེད་མ་དེ་དག་གི་མཚོན་དེ་དག་དུམ་བུ་དུམ་བུར་ཆག་ཅིང་གྲུགས་པར་འགྱུར་རོ། །རིགས་ཀྱི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
เล่ม ๕๑ · หน้า 165a
འདི་གནོད་སྦྱིན་དང་སྲིན་པོས་གང་བར་གྱུར་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་འཛིན་པ་ལ། དེ་དག་ཐམས་ཅད་ཀྱི་སྡང་བའི་སེམས་ཀྱིས་ལྟ་ཡང་མི་ཕོད་དོ། །རིགས་ཀྱི་བུ་སེམས་ཅན་ལ་ལ་ལྕགས་སྒྲོག་དང་།
ཤིང་སྒྲོག་ཏུ་བཅུག་པར་གྱུར་ན་ཉེས་ཡོད་ཀྱང་རུང་ཉེས་མེད་ཀྱང་རུང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་ནས་ཕྱུང་བས། ལྕགས་སྒྲོག་དང་ཤིང་སྒྲོག་ཏུ་བཅུག་པ་དེ་དག་གི་བུ་ག་བྱེ་བར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མཐུ་ནི་དེ་འདྲའོ། །རིགས་ཀྱི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཡོན་ཅན་དང་ཆོམ་རྐུན་དང་དགྲ་ལག་ན་མཚོན་ཐོགས་པས་ས་གང་བར་གྱུར་ཏེ། དེར་དེད་དཔོན་གཅིག་གིས་
འདྲོན་པོ་མང་པོ་ཕལ་པོ་ཆེ་རིན་པོ་ཆེས་ཕྱུག་པ་དེད་དེ་དོང་བ་ལས། འདོང་བ་དེ་དག་གིས་གཡོན་ཅན་ཆོམ་རྐུན་དང་དགྲ་ལག་ན་མཚོན་ཐོགས་པ་དེ་དག་མཐོང་སྟེ། མཐོང་ནས་ཀྱང་འཇིགས་ཤིང་སྐྲག་སྟེ་བདག་ཅག་སྐྱབས་མེད་པར་ཤེས་པ་ལས་དེད་དཔོན་དེས་འདྲོན་པོ་
མང་པོ་ལ་འདི་སྐད་ཅེས་མ་འཇིགས་ཤིག །རིགས་ཀྱི་བུ་དག་མ་འཇིགས་ཤིག་མི་འཇིགས་པ་སྦྱིན་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་སྒྲ་སྐད་གཅིག་ཏུ་བོས་ཤིག་དང་། དེས་ཁྱོད་ཆོམ་རྐུན་གྱིས་འཇིགས་པ་དང་དགྲའི་
འཇིགས་པ་འདི་ལས་ཡོངས་སུ་ཐར་བར་འགྱུར་རོ་ཞེས་བསྒོ་ལ། དེ་ནས་འདྲོན་པོ་མང་པོ་ཐམས་ཅད་ཀྱིས་སྒྲ་སྐད་གཅིག་ཏུ་སྤྱན་རས་གཟིགས་དབང་ཕྱུག་ལ་བོས་ཏེ། འཇིགས་པ་མེད་པའི་སྦྱིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་
དབང་ཕྱུག་དེ་ལ་ཕྱག་འཚལ་ལོ་ཕྱག་འཚལ་ལོ་ཞེས་མིང་ནས་ཕྱུང་མ་ཐག་ཏུ། འདྲོན་པོ་ཕལ་པོ་ཆེ་དེ་དག་ཐམས་ཅད་འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་
เล่ม ๕๑ · หน้า 165b
ཕྱུག་གི་མཐུ་ནི་དེ་འདྲའོ། །རིགས་ཀྱི་བུ་སེམས་ཅན་གང་དག་འདོད་ཆགས་སྤྱོད་པ་དེ་དག་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་བྱས་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །སེམས་ཅན་གང་དག་ཞེ་སྡང་སྤྱོད་པ་དེ་དག་གིས།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་བྱས་ན་ཞེ་སྡང་དང་བྲལ་བར་འགྱུར་རོ། །སེམས་ཅན་གང་དག་གཏི་མུག་སྤྱོད་པ་དེ་དག་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་བྱས་ན་གཏི་
མུག་དང་བྲལ་བར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ནི་རྫུ་འཕྲུལ་ཆེ་བའོ། །རིགས་ཀྱི་བུ། བུད་མེད་བུ་ཕོ་འདོད་པ་གང་ལ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་
ཕྱག་འཚལ་ན་དེ་ལས་བུ་ཕོ་འབྱུང་སྟེ། གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་ཁྱེའུའི་མཚན་དང་ལྡན་པ། སྐྱེ་བོ་མང་པོའི་ཡིད་དུ་འོང་ཞིང་སྡུག་པ་དགེ་བའི་རྩ་བ་བསྐྱེད་པར་འབྱུང་ངོ་། །གང་བུ་མོ་འདོད་པ་དེ་ཡང་བུ་མོ་འབྱུང་སྟེ། གཟུགས་བཟང་བ་མཛེས་པ་བལྟ་ན་
སྡུག་པ་བུ་མོའི་མཚན་དང་ལྡན་པ། སྐྱེ་བོ་མང་པོའི་ཡིད་དུ་འོང་ཞིང་སྡུག་པ་དགེ་བའི་རྩ་བ་བསྐྱེད་པ་འབྱུང་ངོ་། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་མཐུ་ནི་དེ་འདྲའོ། །གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་བ་དེ་དག་དོན་ཡོད་པའི་འབྲས་བུར་འགྱུར་རོ། །རིགས་ཀྱི་བུ་གང་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ཞིང་མིང་འཛིན་ལ། གང་ཞིག་སངས་རྒྱས་བཅོམ་ལྡན་འདས་
གང་གཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་དག་ལ་ཕྱག་འཚལ་ཞིང་མིང་འཛིན་པ་དང་། ཡང་གང་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་དག་ལ་ན་བཟའ་དང་། བསོད་སྙོམས་དང་།
เล่ม ๕๑ · หน้า 166a
གཟིམས་ཆ་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་ཀྱིས་མཆོད་པ་བྱེད་ན། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་བསོད་ནམས་མངོན་པར་འདུ་བྱེད་པ་དེ་ཙམ་ཞིག་སྐྱེད། དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གཞི་དེ་ལས་བསོད་ནམས་བསྐྱེད་པ་ནི་བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་སྙེད་ལ་བཀུར་སྟི་བྱས་པའི་བསོད་ནམས་མངོན་པར་འདུ་བྱེད་པ་དང་། གང་གིས་ཐ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་
ཕྱག་ལན་གཅིག་བྱས་པ་དང་། མིང་འཛིན་པའི་བསོད་ནམས་མངོན་པར་འདུ་བྱེད་པ་གཉི་ག་མཉམ་སྟེ་ལྷག་པ་ཡང་མེད་འཕགས་པ་ཡང་མེད་དོ། །གང་གིས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་འཚལ་ཞིང་མིང་འཛིན་
པ་དང་། གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ཞིང་མིང་འཛིན་པའི་བསོད་ནམས་ཀྱི་ཕུང་པོ་དེ་གཉི་ག་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཡང་ཟད་པར་བྱ་བ་སླ་བ་མ་ཡིན་ནོ། །རིགས་ཀྱི་བུ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་འཛིན་པའི་བསོད་ནམས་དེ་ལྟར་དཔག་ཏུ་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་
ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་རྣམ་པར་རྒྱུ། ཇི་ལྟར་སེམས་ཅན་རྣམས་ལ་ཆོས་སྟོན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་
เล่ม ๕๑ · หน้า 166b
ཕྱུག་གི་ཐབས་མཁས་པའི་ཡུལ་ནི་ཅི་འདྲ་བ་ཞིག་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་གང་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སངས་རྒྱས་ཀྱི་གཟུགས་ཀྱིས་སེམས་ཅན་རྣམས་ལ་ཆོས་སྟོན་པའི་འཇིག་རྟེན་གྱི་ཁམས་དག་ཡོད་དོ། །གང་དག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོའི་གཟུགས་ཀྱིས་ཆོས་སྟོན་པའི་འཇིག་རྟེན་གྱི་ཁམས་དག་ཀྱང་ཡོད་དོ། །སེམས་ཅན་ཁ་ཅིག་ལ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་རང་སངས་རྒྱས་ཀྱི་གཟུགས་ཀྱིས་ཆོས་སྟོན་ཏོ། །ཁ་ཅིག་ལ་ཉན་ཐོས་ཀྱི་གཟུགས་ཀྱིས།
ཁ་ཅིག་ལ་ཚངས་པའི་གཟུགས་ཀྱིས། ཁ་ཅིག་ལ་བརྒྱ་བྱིན་གྱི་གཟུགས་ཀྱིས། སེམས་ཅན་ཁ་ཅིག་ལ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དྲི་ཟའི་གཟུགས་ཀྱིས་ཆོས་སྟོན་ཏོ། །གནོད་སྦྱིན་གྱིས་འདུལ་བའི་སེམས་ཅན་རྣམས་
ལ་ནི་གནོད་སྦྱིན་གྱི་གཟུགས་ཀྱིས་ཆོས་སྟོན་ཏོ། །དབང་ཕྱུག་གིས་འདུལ་བའི་སེམས་ཅན་རྣམས་ལ་ནི་དབང་ཕྱུག་གི་གཟུགས་ཀྱིས་ཆོས་སྟོན་ཏོ། །དབང་ཕྱུག་ཆེན་པོས་འདུལ་བའི་སེམས་ཅན་རྣམས་ལ་ནི་དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་ཆོས་སྟོན་ཏོ། །འཁོར་ལོས་
སྒྱུར་བའི་རྒྱལ་པོས་འདུལ་བའི་སེམས་ཅན་རྣམས་ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གཟུགས་ཀྱིས་ཆོས་སྟོན་ཏོ། །ཤ་ཟས་འདུལ་བའི་སེམས་ཅན་རྣམས་ལ་ནི་ཤ་ཟའི་གཟུགས་ཀྱིས་ཆོས་སྟོན་ཏོ། །མཆོག་གིས་འདུལ་བའི་སེམས་ཅན་རྣམས་ལ་ནི་མཆོག་གི་གཟུགས་
ཀྱིས་ཆོས་སྟོན་ཏོ། །དམག་དཔོན་གྱིས་འདུལ་བའི་སེམས་ཅན་རྣམས་ལ་ནི་དམག་དཔོན་གྱི་གཟུགས་ཀྱིས་ཆོས་སྟོན་ཏོ། །བྲམ་ཟེས་འདུལ་བའི་སེམས་ཅན་རྣམས་ལ་ནི་བྲམ་ཟེའི་གཟུགས་ཀྱིས་ཆོས་སྟོན་ཏོ། །ལག་ན་རྡོ་རྗེས་འདུལ་བའི་སེམས་ཅན་རྣམས་ལ་ནི་ལག་
เล่ม ๕๑ · หน้า 167a
ན་རྡོ་རྗེའི་གཟུགས་ཀྱིས་ཆོས་སྟོན་ཏོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་
རས་གཟིགས་དབང་ཕྱུག་ལ་མཆོད་ཅིག །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་འདི་འཇིགས་པའི་སེམས་ཅན་རྣམས་ལ་མི་འཇིགས་པ་སྦྱིན་པ་སྟེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་མི་འཇིགས་པ་སྦྱིན་
པ་ཞེས་ཀུན་གྱིས་ཤེས་སོ། །དེ་ནས་བཅོམ་ལྡན་འདས་ལ་བློ་གྲོས་མི་ཟད་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཆོས་ཀྱི་དགབ་པ་སྩལ་བར་བགྱིའོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་དུས་ལ་བབ་པར་ཤེས་ན་བྱིན་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པས་བདག་གི་མགུལ་ནས་བརྒྱ་སྟོང་རི་བའི་མུ་ཏིག་གི་དོ་ཤལ་བཀྲོལ་ནས། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཆོས་ཀྱི་དགབ་པར་བྱིན་ཏེ། སྐྱེས་བུ་དམ་པ་བདག་ལས་ཆོས་ཀྱི་དགབ་པ་འདི་ལོངས་ཤིག །དེས་མ་བླངས་ནས་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པས། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་མུ་ཏིག་གི་དོ་ཤལ་འདི་བདག་ལ་སྙིང་བརྩེ་བའི་ཕྱིར་ལོངས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་ལ་སྙིང་བརྩེ་བ་དང་། འཁོར་བཞི་པོ་དེ་དག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་
เล่ม ๕๑ · หน้า 167b
ཡིན་པ་ལ་སྙིང་བརྩེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་ལས་མུ་ཏིག་གི་དོ་ཤལ་བླངས་སོ། །བླངས་ནས་ཆ་གཉིས་སུ་བགོས་ཏེ་བགོས་ནས་ཆ་གཅིག་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕུལ་ལོ། །ཆ་གཅིག་ནི་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་གི་རིན་པོ་ཆེའི་མཆོད་རྟེན་ལ་ཕུལ་ལོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་དེ་ལྟ་བུའི་རྣམ་པར་འཕྲུལ་པས་རྣམ་པར་
རྒྱུའོ། །དེ་ལ་དེའི་ཆོས་ཉིད་ནི་འདི་སྐད་ཅེས་བྱའོ། །རྒྱལ་མཚན་ཁྲ་བོས་བློ་གྲོས་མི་ཟད་ལ། །དེ་ཡི་དོན་གྱི་རྒྱུ་ནི་ཀུན་དྲིས་པ། །རྒྱལ་བའི་སྲས་པོ་འདི་ལྟར་ཅི་ཡི་ཕྱིར། །སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་འདི་བགྱི། །དེ་ནས་དེ་ཡིས་ཕྱོགས་རྣམས་ཀུན་བལྟས་ཏེ། །སྨོན་
ལམ་རྒྱ་མཚོ་བློ་གྲོས་མི་ཟད་པས། །རྒྱལ་མཚན་ཁྲ་བོ་དེ་ལ་འདི་སྐད་སྨྲས། །སྤྱན་རས་གཟིགས་ཀྱི་དབང་པོའི་སྤྱོད་པ་ཉོན། །བསྐལ་པ་བསམ་ཡས་བྱེ་བ་དུ་མ་བརྒྱར། །སངས་རྒྱས་སྟོང་ཕྲག་བྱེ་བ་མང་པོ་ལ། །སྨོན་ལམ་ཇི་ལྟར་རབ་ཏུ་རྣམ་པར་སྦྱངས། །དེ་དག་ཁོ་
བོས་རབ་ཏུ་བཤད་ཀྱིས་ཉོན། །མཉན་པར་བྱེད་ཅིང་ལྟ་བར་བྱེད་པ་དང་། །རིམ་གྱིས་དེ་ལྟར་རྗེས་སུ་དྲན་པ་ཡང་། །སྲོག་ཆགས་རྣམས་ནི་འབྲས་བུ་ཡོད་པར་འགྱུར། །སྡུག་བསྔལ་དང་ནི་མྱ་ངན་ཐམས་ཅད་སོལ། །གལ་ཏེ་གསོད་པས་མེ་ཡི་དོང་དུ་ཡང་། །གསད་
པར་བྱ་བའི་ཕྱིར་ནི་བོར་བའི་མིས། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །ཆུས་བཏབ་བཞིན་དུ་མེ་དག་ཞི་བར་འགྱུར། །རྒྱ་མཚོ་དང་ནི་མྱ་ངམ་རྒལ་ན་ཡང་། །ཀླུ་དང་འབྱུང་པོ་ལྷ་མ་ཡིན་གནས་སུ། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །ཆུ་ཡི་ནང་དུ་ནམ་
ཡང་མི་ནུབ་བོ། །རབ་ཏུ་སྡང་བའི་ཡིད་ཀྱིས་གསད་པའི་ཕྱིར། །རི་རབ་ལྷུན་པོའི་རྩེ་ནས་བོར་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །ཉི་མ་ལྟ་བུར་ནམ་མཁའ་གནས་པར་འགྱུར། །གལ་ཏེ་རྡོ་རྗེ་ཡི་ནི་རི་དག་ཀྱང་། །གསད་པའི་ཕྱིར་ནི་སྤྱི་བོར་འོངས་ན་ཡང་། །
เล่ม ๕๑ · หน้า 168a
སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །བ་སྤུའི་ཁུང་ཙམ་གཙེས་པར་མི་ནུས་སོ། །གསད་པའི་སེམས་ཀྱིས་ལག་ན་མཚོན་ཐོགས་ཏེ། །དགྲ་ཚོགས་མང་པོས་ཀུན་ཏུ་བསྐོར་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །དེ་མ་ཐག་
ཏུ་བྱམས་པའི་སེམས་སུ་འགྱུར། །གལ་ཏེ་གསོད་པ་ཉེ་བར་འོངས་ནས་སུ། །གཤེད་མ་མི་ཡི་དབང་དུ་གྱུར་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །དེ་ཡི་མཚོན་ཆ་དུམ་བུ་དུམ་བུར་འགྱུར། །དེ་སྟེ་ཤིང་ངམ་ལྕགས་ལས་བྱས་པ་ཡི། །ཁོང་སྒྲིལ་དང་
ནི་གདོས་ཀྱིས་བཅིངས་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །བཅིངས་པ་མྱུར་དུ་རྣམ་པར་བཅད་པར་འགྱུར། །སྔགས་དང་སྟོབས་དང་སྨན་དང་རིག་སྔགས་དང་། །རོ་ལངས་པ་དང་འབྱུང་པོ་ལུས་འཇིགས་པ། །སྤྱན་རས་གཟིགས་ཀྱི་དབང་པོ་
དྲན་ན་ནི། །གང་ནས་རབ་ཏུ་བཏང་བ་དེ་སླར་འགྲོ། །གནོད་སྦྱིན་ལྷ་མིན་འབྱུང་པོ་ཀླུ་འབར་བ། །མདངས་འཕྲོག་པ་ཡིས་ཡོངས་སུ་བསྐོར་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །བ་སྤུའི་ཁུང་ཙམ་གཙེས་པར་ཡོང་མི་ནུས། །མཆེ་བ་སེན་རྣོན་རབ་ཏུ་
འཇིགས་པ་ཡི། །གཅན་གཟན་མ་རུངས་པ་ཡིས་བསྐོར་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །མྱུར་བར་ཕྱོགས་ཀུན་ཏུ་ཡང་འགྲོ་བར་འགྱུར། །མིག་འཇིགས་མེ་ལྕེ་ལྟ་བུར་འོད་འཕྲོ་བ། །མིག་དུག་ཅན་གྱིས་ཡོངས་སུ་བསྐོར་ན་ཡང་། །སྤྱན་
རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །ཤིན་ཏུ་མྱུར་བར་གདུག་པ་མེད་པར་འགྱུར། །བཟང་པོའི་གློག་ཀྱང་འབྱུང་ཞིང་སྟུག་པ་ཡི། །སྤྲིན་ལས་ལྕེ་དང་སེར་བ་ཆར་འབབ་པ། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །དེ་མ་ཐག་ཏུ་མྱུར་བར་རབ་ཏུ་ཞི། །སྡུག་བསྔལ་
མང་པོ་བརྒྱ་ཡིས་གཙེས་པ་དང་། །སྡུག་བསྔལ་མང་པོས་གཟིར་བའི་སེམས་ཅན་མཐོང་། །ཡེ་ཤེས་དགེ་བའི་སྟོབས་ཀྱིས་སྤྱན་རས་གཟིགས། །དེ་བས་ལྷར་བཅས་འགྲོ་བ་སྐྱོབ་པ་པོ། །རྫུ་འཕྲུལ་སྟོབས་ཀྱིས་ཕ་རོལ་སོང་བ་སྟེ། །ཐབས་དང་ཡེ་ཤེས་ཡངས་
เล่ม ๕๑ · หน้า 168b
པ་བསླབས་པས་ན། །ཕྱོགས་བཅུའི་འགྲོ་བ་མང་པོ་ཐམས་ཅད་དང་། །མ་ལུས་ཞིང་ཀུན་དུ་ཡང་རབ་ཏུ་སྣང་། །སྲོག་ཆགས་རྣམས་ཀྱི་ངན་འགྲོའི་འཇིགས་པ་དང་། །མི་ཁོམ་པ་དང་སེམས་ཅན་དམྱལ་བ་དང་། །བྱོལ་སོང་དང་ནི་གཤིན་རྗེས་བསྐོར་བ་ཡང་། །སྐྱེ་རྒ་ན་
བས་གཟིར་བ་མཐར་ཞི་བྱེད། །ཤིན་ཏུ་དགེ་བའི་སྤྱན་དེ་བྱམས་པའི་སྤྱན། །ཐབས་དང་ཤེས་རབ་ཁྱད་པར་ཡོད་པའི་སྤྱན། །སྙིང་རྗེའི་སྤྱན་དང་བྱམས་པའི་སྤྱན་དང་ལྡན། །ཞལ་བཟང་སྤྱན་བཟང་ཤིན་ཏུ་ལྟ་འདོད་པ། །དྲི་མ་མེད་པ་དྲི་མ་བལ་བའི་འོད། །རབ་རིབ་མེད་པ་
ཡེ་ཤེས་ཉི་མའི་འོད། །སྤྲིན་གྱིས་ཆོད་པར་གྱུར་པ་མེད་པའི་འོད། །འཇིག་རྟེན་དག་ན་ལྷག་གེ་ལྷང་ངེར་མཛེས། །སྙིང་རྗེ་ལས་བྱུང་ཚུལ་ཁྲིམས་གྲགས་པ་སྟེ། །དགེ་བའི་ཡོན་ཏན་བྱམས་ཡིད་སྤྲིན་ཆེན་པོ། །སྲོག་ཆགས་རྣམས་ཀྱི་ཉོན་མོངས་མེ་ཞི་བྱེད། །ཆོས་ཀྱི་ཆར་པ་
བདུད་རྩི་རབ་ཏུ་འབེབས། །ཐབ་མོ་དང་ནི་རྩོད་ཅིང་འགྱེད་པ་ཡི། །འཇིགས་ཆེན་གཡུལ་ངོར་སྐྱེས་བུ་སོང་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །དེ་མ་ཐག་ཏུ་དགྲ་རྣམས་རབ་ཏུ་ཞི། །སྤྲིན་གྱི་སྒྲ་དང་རྔ་བོ་ཆེ་ཡི་སྒྲ། །འབྲུག་གི་སྒྲ་དང་ཚངས་པའི་དབྱངས་སྙན་པ། །
དབྱངས་ཀྱི་དཀྱིལ་འཁོར་ཕ་རོལ་ཕྱིན་པ་སྟེ། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་པར་བྱ། །དག་པའི་སེམས་དཔའ་སྤྱན་རས་གཟིགས་དབང་པོ། །ཐེ་ཚོམ་མ་ཟ་དྲན་བྱོས་དྲན་པར་གྱིས། །འཆི་བའི་ཚེ་དང་ཉོན་མོངས་གཙེས་པའི་ཚེ། །མགོན་དང་སྐྱབས་དང་དཔུང་གཉེན་དུ་
ཡང་འགྱུར། །ཡོན་ཏན་ཐམས་ཅད་ཀྱི་ནི་ཕ་རོལ་ཕྱིན། །སེམས་ཅན་ཀུན་ལ་སྙིང་རྗེ་བྱམས་པའི་སྤྱན། །ཡང་དག་ཡོན་ཏན་ཡོན་ཏན་རྒྱ་མཚོ་ཆེ། །སྤྱན་རས་གཟིགས་ཀྱི་དབང་པོར་ཕྱག་བྱར་འོས། །འདི་ལྟར་འགྲོ་བ་རྣམས་ལ་སྙིང་བརྩེ་བ། །ཕྱི་མའི་དུས་ན་སངས་རྒྱས་
སུ་ཡང་འགྱུར། །འཇིགས་དང་མྱ་ངན་ཐམས་ཅད་འཇིག་བྱེད་པ། །སྤྱན་རས་གཟིགས་དབང་དེ་ནི་དྲན་པར་བྱ། །འཇིག་རྟེན་དབང་གི་རྒྱལ་པོ་གཙོ་བོ་སྟེ། །དགེ་སློང་ཆོས་ཀྱི་འབྱུང་གནས་འཇིག་རྟེན་མཆོད། །བསྐལ་པ་བརྒྱ་ཕྲག་མང་པོ་སྤྱད་ནས་སུ། །རྡུལ་བྲལ་བླ་
เล่ม ๕๑ · หน้า 169a
ན་མེད་པའི་བྱང་ཆུབ་འཐོབ། །འདྲེན་པ་སྣང་བ་མཐའ་ཡས་གཡས་གཡོན་ནས། །བསིལ་ཡབ་ཐོགས་ཏེ་དེ་བཞིན་གཡོབ་ཅིང་འདུག །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཀྱང་། །ཞིང་རྣམས་ཀུན་ཏུ་སོང་ནས་རྒྱལ་བ་མཆོད། །ནུབ་ཀྱི་ཕྱོགས་ན་བདེ་བའི་
འབྱུང་གནས་ཏེ། །རྡུལ་བྲལ་འཇིག་རྟེན་ཁམས་འདི་བདེ་བ་ཅན། །དེ་ན་སེམས་ཅན་ཁ་ལོ་སྒྱུར་བ་ཡི། །འདྲེན་པ་ཚེ་མཐའ་ཡས་པའང་ད་ལྟར་བཞུགས། །དེར་ནི་བུད་མེད་རྣམས་ཀྱང་མི་འབྱུང་སྟེ། །རྣམ་པ་ཀུན་ཏུ་གཡེམ་པའི་ཆོས་མེད་དོ། །རྒྱལ་བའི་སྲས་པོ་དེ་དག་རྫུས་ཏེ་
སྐྱེ། །དྲི་མ་མེད་པའི་པད་མའི་སྙིང་པོར་འདུག །འདྲེན་པ་ཚེ་མཐའ་ཡས་པ་དེ་ཉིད་ཀྱང་། །པད་མའི་སྙིང་པོ་དྲི་མེད་དགའ་བ་ལ། །སེང་གེའི་ཁྲི་ལ་རབ་ཏུ་བཞུགས་པ་ཡང་། །སཱ་ལའི་རྒྱལ་པོ་ལྟ་བུར་རྣམ་པར་མཛེས། །འཇིག་རྟེན་འདྲེན་པ་འདི་ཡང་དེ་བཞིན་ཏེ། །སྲིད་པ་
གསུམ་ན་དེ་འདྲ་ཡོང་མེད་དོ། །གང་གིས་སྤྱན་རས་གཟིགས་དབང་མིང་ཐོས་པ། །དེ་ཡི་བསོད་ནམས་དག་ནི་ཟད་མི་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་འཛིན་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་
ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་ལེའུ། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ་བསྟན་པ་ཀུན་ནས་སྒོའི་ལེའུ། སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་སྤྲུལ་པའི་ཆོ་འཕྲུལ་འདི་ཐོས་པའི་སེམས་ཅན་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ལགས་
སོ། །ཀུན་ནས་སྒོའི་ལེའུ་བསྟན་པ་འདི་བཅོམ་ལྡན་འདས་ཀྱིས་བཤད་པ་ན། འཁོར་དེ་ལས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གིས་མི་མཉམ་པ་དང་མཉམ་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དམ་པའི་ཆོས་པད་མ་
เล่ม ๕๑ · หน้า 169b
དཀར་པོ་ལས་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ་བསྟན་པ་ཀུན་ནས་སྒོའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ལ་བཀའ་སྩལ་པ། རིགས་
ཀྱི་བུ་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན། བསྐལ་པ་མཐོང་ན་དགའ་བ་ལ་འཇིག་རྟེན་གྱི་ཁམས་རྣམ་པར་སྣང་བའི་འོད་ཟེར་གྱིས་བརྒྱན་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་
པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འབྲུག་སྒྲ་དབྱངས་སྙན་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བ་འཇིག་རྟེན་དུ་
བྱུང་ངོ་། །དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་སྙན་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་དེའི་གསུང་རབ་ལ། རྒྱལ་པོ་དགེ་བ་བཀོད་པ་ཞེས་བྱ་བ་བྱུང་སྟེ། རིགས་ཀྱི་བུ་དག་རྒྱལ་པོ་དགེ་བ་བཀོད་པ་དེའི་ཆུང་མ་དྲི་མ་མེད་པས་བྱིན་པ་ཞེས་བྱ་བ་ཞིག་ཡོད་དོ། །རིགས་
ཀྱི་བུ་དག་རྒྱལ་པོ་དགེ་བ་བཀོད་པ་དེ་ལ་བུ་གཉིས་ཤིག་ཡོད་དེ་གཅིག་གི་མིང་ནི་དྲི་མ་མེད་པའི་སྙིང་པོ། གཅིག་གི་མིང་ནི་དྲི་མ་མེད་པའི་མིག་སྟེ། ཁྱེའུ་དེ་གཉིས་རྫུ་འཕྲུལ་དང་ལྡན་ཤེས་རབ་དང་ལྡན་བསོད་ནམས་དང་ལྡན་ཡེ་ཤེས་དང་ལྡན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་
བརྩོན་པར་གྱུར་ཏོ། །འདི་ལྟ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་
མཁས་པའི་ཕ་རོལ་ཏུ་ཕྱིན་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་ལ་བརྩོན་པར་གྱུར་ཏེ། ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པར་གྱུར་ཏོ། །དྲི་མ་མེད་པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་
เล่ม ๕๑ · หน้า 170a
སོང་ངོ་། །རྒྱུ་སྐར་དང་སྐར་མ་དང་ཉི་མའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་སོང་ངོ་། །དྲི་མ་མེད་པའི་འོད་ཀྱི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་སོང་ངོ་། །དྲི་མ་མེད་པའི་འོད་གསལ་བའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་སོང་ངོ་། །དཔའ་རྒྱན་གྱི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་སོང་ངོ་། །གཟི་
བརྗིད་ཆེན་པོའི་སྙིང་པོའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་སོང་བར་གྱུར་ཏོ། །བཅོམ་ལྡན་འདས་དེ་ཡང་དེའི་ཚེ་དེའི་དུས་ན་སེམས་ཅན་དེ་དག་ལ་ཐུགས་བརྩེ་བ་དང་། རྒྱལ་པོ་དགེ་བ་བཀོད་པ་དེ་ལ་ཐུགས་བརྩེ་བའི་ཕྱིར། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་སྟོན་ཏོ། །
རིགས་ཀྱི་བུ་དག་དེ་ནས་ཁྱེའུ་དྲི་མ་མེད་པའི་སྙིང་པོ་དང་ཁྱེའུ་དྲི་མ་མེད་པའི་མིག །བདག་ཅག་སྐྱེད་པའི་མ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སོར་མོ་བཅུ་ཐལ་མོ་སྦྱར་ཏེ། བདག་ཅག་སྐྱེད་པའི་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡུམ་ཚུར་སྤྱོན། བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་སྒྲ་དབྱངས་སྙན་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་དེ་ལ་བལྟ་བ་དང་ཕྱག་བགྱི་བ་དང་བསྙེན་བཀུར་བགྱི་བའི་སླད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་འབྲུག་སྒྲ་དབྱངས་སྙན་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་དེའི་དྲུང་དུ་བཞུད་དེ། ཅིའི་སླད་དུ་ཞེ་ན་ཡུམ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་སྒྲ་དབྱངས་སྙན་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་དེ། ལྷ་
དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་རྒྱས་པར་རབ་ཏུ་འཆད་ཀྱིས་དེ་མཉན་པའི་ཕྱིར་བཞུད་དོ། །རིགས་ཀྱི་བུ་དག་ལ་དེ་སྐད་ཅེས་སྨྲས་ནས། རྒྱལ་པོའི་ཆུང་མ་དྲི་མ་མེད་པས་བྱིན་པས། ཁྱེའུ་དྲི་མ་མེད་པའི་སྙིང་པོ་དང་དྲི་
མ་མེད་པའི་མིག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་ཁྱེད་ཀྱི་ཕ་རྒྱལ་པོ་དགེ་བ་བཀོད་པ་འདི་བྲམ་ཟེ་ལ་དད་པས། དེ་བཞིན་གཤེགས་པ་དེ་ལ་བལྟ་བའི་ཕྱིར་འགྲོར་མི་སྟེར་རོ། །རིགས་ཀྱི་བུ་དག་དེ་ནས། ཁྱེའུ་དྲི་མ་མེད་པའི་སྙིང་པོ་དང་ཁྱེའུ་དྲི་མ་མེད་པའི་མིག་གིས་
เล่ม ๕๑ · หน้า 170b
སོར་མོ་བཅུའི་ཐལ་མོ་སྦྱར་ནས། བདག་ཅག་སྐྱེད་པའི་མ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ལོག་པར་ལྟ་བའི་ཁྱིམ་དུ་སྐྱེས་ཏེ། བདག་ཅག་ཆོས་ཀྱི་རྒྱལ་པོའི་བུ་མ་ལགས་པ་སྟེ། རིགས་ཀྱི་བུ་དག་དེ་ནས་རྒྱལ་པོའི་ཆུང་མ་དྲི་མ་མེད་པས་བྱིན་པས། ཁྱེའུ་དེ་
དག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་ཁྱེད་ཀྱིས་བདག་ཅག་གི་ཕ་རྒྱལ་པོ་དགེ་བ་བཀོད་པ་ལ་སྙིང་བརྩེ་བའི་ཕྱིར། ཆོ་འཕྲུལ་ཅུང་ཟད་ཅིག་ལེགས་པར་སྟོན་ཅིག་དང་ཁྱེད་ལ་དད་པར་འགྱུར་ཡང་སྲིད་ཀྱིས། སེམས་དད་པར་གྱུར་ན་བཅོམ་ལྡན་འདས་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་སྒྲ་དབྱངས་སྙན་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་དེའི་གན་དུ་འདོང་བར་གནང་ངོ་། །རིགས་ཀྱི་བུ་དག་དེ་ནས་ཁྱེའུ་དྲི་མ་མེད་པའི་སྙིང་པོ་དང་ཁྱེའུ་དྲི་མ་མེད་པའི་མིག་གིས། དེའི་ཚེ་ཏ་ལ་བདུན་ཙམ་དུ་
ནམ་མཁའ་ལ་འཕགས་ནས། ཕ་རྒྱལ་པོ་དགེ་བ་བཀོད་པ་དེ་ལ་སྙིང་བརྩེ་བའི་ཕྱིར། སངས་རྒྱས་ཀྱིས་གནང་བའི་ཆོ་འཕྲུལ་ཟུང་དུ་བྱེད་དེ། དེ་དག་ནམ་མཁའ་བར་སྣང་དེ་ལ་དོང་ནས་ཉལ་བར་བྱེད་དོ། །བར་སྣང་དེ་ལ་འཆག་གོ། །བར་སྣང་དེ་ལ་རྡུལ་སྤྲུག་གོ། །བར་སྣང་
དེ་ཉིད་ལ་ལུས་ཀྱི་སྨད་ནས་ཆུའི་རྒྱུན་གཏོང་ཞིང་། ལུས་ཀྱི་སྟོད་ནས་མེའི་ཕུང་པོ་རབ་ཏུ་འབར་བར་བྱེད་དོ། །ལུས་ཀྱི་སྟོད་ནས་ཆུའི་རྒྱུན་གཏོང་ཞིང་། ལུས་ཀྱི་སྨད་ནས་མེའི་ཕུང་པོ་རབ་ཏུ་འབར་བར་བྱེད་དོ། །དེ་དག་ནམ་མཁའ་དེ་ཉིད་ལ་ཆེན་པོར་གྱུར་ནས་ཆུང་ངུར་གྱུར།
ཆུང་ངུར་གྱུར་ནས་ཆེན་པོར་གྱུར་ཏོ། །བར་སྣང་དེ་ཉིད་ལ་མི་སྣང་བར་གྱུར་ཏེ་ས་ལས་བྱུང་ངོ་། །ས་ལས་བྱུང་ནས་ནམ་མཁའ་ལ་འཕགས་སོ། །རིགས་ཀྱི་བུ་དག་ཁྱེའུ་དེ་གཉིས་ཀྱིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་སྙེད་ཀྱིས། རང་གི་ཕ་རྒྱལ་པོ་དགེ་བ་བཀོད་པ་བཏུལ་ལོ། །རིགས་
ཀྱི་བུ་དག་དེ་ནས་རྒྱལ་པོ་དགེ་བ་བཀོད་པས། ཁྱེའུ་དེ་གཉིས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་དག་མཐོང་ནས། དེའི་ཚེ་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ཞིང་བདེ་བ་དང་ཡིད་བདེ་བ་སྐྱེས་ནས། སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། ཁྱེའུ་དེ་དག་ལ་འདི་སྐད་ཅེས། རིགས་ཀྱི་
เล่ม ๕๑ · หน้า 171a
བུ་དག་ཁྱེད་ཀྱི་སྟོན་པ་སུ། ཁྱེད་སུའི་སློབ་མ་ཞེས་སྨྲས་སོ། །རིགས་ཀྱི་བུ་དག་དེ་ནས་ཁྱེའུ་དེ་གཉིས་ཀྱིས་རྒྱལ་པོ་དགེ་བ་བཀོད་པ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་འབྲུག་སྒྲ་དབྱངས་སྙན་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་དེ་བཞུགས་ཏེ་འཚོ་ཞིང་གཞེས་ལ་རིན་པོ་ཆེའི་ཤིང་བྱང་ཆུབ་ཀྱི་ཤིང་དྲུང་ན་ཆོས་ཀྱི་གདན་ལ་བཞུགས་ཏེ། ལྷ་དང་བཅས་བདུད་དང་བཅས་ཚངས་པ་དང་བཅས་པའི་འཇིག་རྟེན་གྱི་མདུན་ན་དམ་པའི་
ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་རྒྱས་པར་རབ་ཏུ་འཆད་པའི་བཅོམ་ལྡན་འདས་དེ་ནི་བདག་ཅག་གི་སྟོན་པ་སྟེ། རྒྱལ་པོ་ཆེན་པོ་བདག་ཅག་ནི་དེའི་སློབ་མའོ། །རིགས་ཀྱི་བུ་དག་དེ་ནས་རྒྱལ་པོ་དགེ་བ་བཀོད་པས་ཁྱེའུ་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་
ཀྱི་བུ་དག་ཁྱེད་ཀྱི་སྟོན་པ་ལྟ་ཞིང་བཅོམ་ལྡན་འདས་དེའི་དྲུང་དུ་བདག་ཀྱང་འགྲོའོ། །རིགས་ཀྱི་བུ་དག་དེ་ནས་ཁྱེའུ་དེ་གཉིས་བར་སྣང་དེ་ལས་བབས་ནས། བདག་ཅག་སྐྱེད་པའི་མ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། བདག་ཅག་སྐྱེད་པའི་མ་
ལ་འདི་སྐད་ཅེས་སྨྲས་སོ། །ཡུམ་བདག་ཅག་གི་ཡབ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཏུལ་ལགས་སོ། །བདག་ཅག་གིས་ཡབ་ཀྱི་སྟོན་པའི་བགྱི་བ་བགྱིས་སོ། །བདག་ཅག་བཅོམ་ལྡན་འདས་དེ་ལས་རབ་ཏུ་འབྱུང་ན་ཡུམ་ད་ནི་བདག་ཅག་གཏང་བའི་
རིགས་སོ། །རིགས་ཀྱི་བུ་དག་དེ་ནས་ཁྱེའུ་དྲི་མ་མེད་པའི་སྙིང་པོ་དང་ཁྱེའུ་དྲི་མ་མེད་པའི་མིག་གིས། དེའི་ཚེ་བདག་ཅག་སྐྱེད་པའི་མ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཁྱིམ་མེད་རབ་ཏུ་འབྱུང་བར་ནི། །ཡུམ་གྱིས་བདག་ཅག་གནང་བར་མཛོད། །དེ་
བཞིན་གཤེགས་པ་རྙེད་པར་དཀའ། །བདག་ཅག་རབ་ཏུ་འབྱུང་བར་བགྱི། །ཨུ་དུམ་བཱ་རའི་མེ་ཏོག་བཞིན། །རྒྱལ་བ་ཤིན་ཏུ་རྙེད་པར་དཀའ། །དལ་བ་འབྱོར་པའང་རྙེད་དཀའ་བས། །རབ་ཏུ་འབྱུང་གིས་གཏང་དུ་གསོལ། །རྒྱལ་པོའི་ཆུང་མ་དྲི་མ་མེད་པས་བྱིན་
เล่ม ๕๑ · หน้า 171b
པས་སྨྲས་པ། དེ་རིང་ཁྱེད་གཉིས་གཏང་བར་བྱ། །བྱིས་པ་དག་གོ་ལེགས་པར་དེང་། །དེ་བཞིན་གཤེགས་པ་རྙེད་དཀའ་བས། །བདག་ཀྱང་རབ་ཏུ་བྱུང་བར་བྱ། །རིགས་ཀྱི་བུ་དག་ཁྱེའུ་དེ་དག་གིས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས། བདག་
གི་ཕ་དང་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་ལེགས་སོ་ཚུར་སྤྱོན། ཁྱེད་དང་ཐམས་ཅད་ལྷན་ཅིག་བཞུད་དོ། །བཅོམ་ལྡན་འདས་དེ་ལ་བལྟ་བ་དང་ཕྱག་བགྱི་བ་དང་བསྙེན་བཀུར་བགྱི་བའི་སླད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་སྒྲ་དབྱངས་སྙན་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་དེའི་དྲུང་དུ་བཞུད་དོ། །དེ་ཅིའི་སླད་དུ་ཞེ་ན། ཡབ་ཡུམ་སངས་རྒྱས་འབྱུང་བ་རྙེད་པར་དཀའ་སྟེ། ཨུ་དུམ་བཱ་རའི་མེ་ཏོག་དང་འདྲ་ཞིང་གཉའ་ཤིང་གི་བུ་གར་རུ་སྦལ་གྱི་
མགྲིན་པ་ཆུད་པ་དང་འདྲ་བའི་སླད་དུའོ། །ཡབ་ཡུམ་སངས་རྒྱས་བཅོམ་ལྡན་འདས་དག་འབྱུང་བ་རྙེད་པར་དཀའ་སྟེ། དེ་བས་ན་ཡབ་ཡུམ་བདག་ཅག་བསོད་ནམས་མཆོག་གིས་བརྟན་པས་གསུང་རབ་འདི་ལྟ་བུ་ལ་སྐྱེས་ཏེ། ཡབ་ཡུམ་བདག་ཅག་བཏང་ན་ལེགས་ཏེ་
བདག་ཅག་མཆི་ཞིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་སྒྲ་དབྱངས་སྙན་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པའི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་ཅིའི་སླད་དུ་ཞེ་ན། ཡབ་ཡུམ་དེ་བཞིན་གཤེགས་པ་
མཐོང་བ་རྙེད་པར་དཀའ་བ་དང་། ད་ལྟར་གྱི་དུས་ན་འདི་འདྲ་བའི་ཆོས་ཀྱི་རྒྱལ་པོ་རྙེད་པར་དཀའ་བ་དང་། འདི་ལྟ་བུའི་དལ་བ་འབྱོར་པ་ཤིན་ཏུ་རྙེད་པར་དཀའ་བའི་སླད་དུའོ། །རིགས་ཀྱི་བུ་དག་དེའི་ཚེ་ན། རྒྱལ་པོ་དགེ་བ་བཀོད་པ་དེའི་བཙུན་མོའི་འཁོར་ལས་སླས་
བརྒྱད་ཁྲི་བཞི་སྟོང་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདིའི་སྣོད་དུ་གྱུར་ཏོ། །ཁྱེའུ་དྲི་མ་མེད་པའི་སྙིང་པོ་དང་དྲི་མ་མེད་པའི་མིག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་སྤྱད་དེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ངན་སོང་ཐམས་ཅད་ཇི་ལྟར་བསལ་སྙམ་
เล่ม ๕๑ · หน้า 172a
ནས། སེམས་ཅན་ཐམས་ཅད་ཀྱི་ངན་སོང་ཐམས་ཅད་སེལ་བའི་ཏིང་ངེ་འཛིན་ལ་སྤྱད་པར་གྱུར་ཏོ། །ཁྱེའུ་དེ་དག་གི་མ་དྲི་མ་མེད་པས་བྱིན་པ་རྒྱལ་པོའི་ཆུང་མ་དེ་ཡང་སངས་རྒྱས་ཐམས་ཅད་ཀྱིས་ཀུན་བསྟན་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་གསང་
བའི་གནས་ཤེས་སོ། །རིགས་ཀྱི་བུ་དག་དེ་ནས་ཁྱེའུ་དེ་གཉིས་ཀྱིས་རྒྱལ་པོ་དགེ་བ་བཀོད་པ་དེ་བཞིན་གཤེགས་པའི་བསྟན་པ་ལ་བཏུལ་ཏེ་ཞུགས་པར་བྱས་ནས་ཡོངས་སུ་སྨིན་པར་བྱས་ཏེ། གཉེན་འདབ་དང་རྒྱལ་པོའི་ཆུང་མ་དྲི་མ་མེད་པས་བྱིན་པ་དེ་དང་གཉེན་འདབ་དང་
རྒྱལ་པོ་དགེ་བ་བཀོད་པའི་ཁྱེའུ་དེ་གཉིས་ཀྱང་། སྲོག་ཆགས་བཞི་ཁྲི་ཉིས་སྟོང་དང་བཙུན་མོའི་འཁོར་དང་བཅས་བློན་པོ་དང་བཅས་ཏེ་ཐམས་ཅད་འགྲོགས་ནས་ལྷན་ཅིག་ཏུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་འབྲུག་སྒྲ་དབྱངས་སྙན་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་དེ་ག་ལ་བ་དེར་དོང་སྟེ། ལྷགས་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བདུན་དུ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །རིགས་ཀྱི་བུ་དག་དེ་
ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་སྒྲ་དབྱངས་སྙན་སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་དེས། རྒྱལ་པོ་དགེ་བ་བཀོད་པ་འཁོར་དང་བཅས་ཏེ་ལྷགས་པར་མཁྱེན་ནས། ཆོས་ཀྱི་གཏམ་གྱིས་ཤིན་ཏུ་
ལེགས་པར་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རིགས་ཀྱི་བུ་དག་དེ་ནས་བཅོམ་ལྡན་འདས་དེས་རྒྱལ་པོ་དགེ་བ་བཀོད་པ་ལ། ཆོས་ཀྱི་གཏམ་གྱིས་ཤིན་ཏུ་ལེགས་པར་ཡང་
དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་པས། དེའི་ཚེ་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། ནུ་བོ་ཅོད་པན་གྱིས་བཅིངས་ཏེ། རྒྱལ་པོར་བཅུག་ནས་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด