འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཨཥྚ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓๓ · หน้า 112a
དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་པ་འདི་ནི་མིང་ཙམ་མོ། །མིང་དེ་ཡང་འདིའོ་ཞེས་མི་དམིགས་ཏེ་ངག་གི་དངོས་པོ་ཉིད་མིང་ཞེས་བགྱིའོ། །ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་དེ་ཡང་མ་མཆིས་མི་དམིགས་ཏེ། མིང་ཅི་ལྟ་བ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་ནོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅི་ལྟ་བར་མིང་ཡང་དེ་བཞིན་ཏེ། ཆོས་འདི་གཉིས་ནི་མ་མཆིས་ཤིང་མི་དམིགས་ན། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། མིང་འདི་དག་ཉིད་དང་ཚིག་འདི་དག་ཉིད་དང་ཡི་གེ་འདི་དག་ཉིད་ཀྱིས་ས་ཕྱོགས་འདི་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་འཆད་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ནི་གཟུགས་རྟག་པ་མ་ཡིན་མི་རྟག་པ་ཡང་མ་ཡིན། གཟུགས་བཅིངས་པ་མ་ཡིན་གྲོལ་བ་མ་ཡིན་པས་མཐའ་ལས་འདས་ཤིང་རྣམ་པར་
དག་པའོ་ཞེས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་དུ་ཚོར་བ་ལ་མ་ཡིན་འདུ་ཤེས་ལ་མ་ཡིན་འདུ་བྱེད་རྣམས་ལ་མ་ཡིན་རྣམ་པར་ཤེས་པ་རྟག་པ་མ་ཡིན་མི་རྟག་པ་མ་ཡིན། རྣམ་པར་ཤེས་པ་བཅིངས་པ་མ་ཡིན་གྲོལ་བ་མ་ཡིན་པས་མཐའ་ལས་འདས་ཤིང་རྣམ་པར་དག་
པའོ་ཞེས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་རྒྱུ་འདིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་མིང་འདི་དག་ཉིད་དང་ཚིག་འདི་དག་ཉིད་དང་ཡི་གེ་འདི་དག་ཉིད་
ཀྱིས་ས་ཕྱོགས་འདི་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་འཆད་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཨེ་མའོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོངས་སུ་དག་
เล่ม ๓๓ · หน้า 112b
པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་རྣམ་པར་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་རྣམ་པར་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་
དག་པའོ། །རབ་འབྱོར་གཟུགས་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པ་རྣམ་པར་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་
ཤེས་པ་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པ་རྣམ་པར་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་ནམ་མཁའ་རྣམ་པར་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་
གཟུགས་གོས་པ་མེད་ཅིང་ཡོངས་སུ་འཛིན་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་གོས་པ་མེད་ཅིང་ཡོངས་སུ་འཛིན་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །
རབ་འབྱོར་ནམ་མཁའ་དང་བྲག་ཅ་སྨྲར་མེད་ཅིང་བརྗོད་དུ་མེད་ལ། དམིགས་སུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །རབ་འབྱོར་ཉེ་བར་གོས་པ་དང་གོས་པ་མེད་པའི་ཆོས་ཐམས་ཅད་ཀྱིས་གོས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་
པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་གི་རྣ་ལམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གྲག་པར་གྱུར་པ་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་པ་
ལགས་ན། གང་དག་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བགྱིད་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་དག་ལ་ནི་མིག་གི་ནད་འབྱུང་བར་མི་འགྱུར་རྣ་བའི་ནད་མ་ཡིན་སྣའི་ནད་མ་ཡིན་ལྕེའི་ནད་མ་
เล่ม ๓๓ · หน้า 113a
ཡིན་ལུས་ཀྱི་ནད་འབྱུང་བར་མི་འགྱུར་རོ། །རྨོངས་པ་ཉིད་དུ་མི་འགྱུར་རོ། །དེ་དག་ནི་ཉམ་ང་བ་མི་སྤོང་བས་འཆི་བའི་དུས་མི་བགྱིད་དོ། །དེ་དག་ལ་ལྷའི་བུ་བརྒྱ་སྟོང་ཕྲག་མང་པོ་དག་དེའི་ཕྱི་བཞིན་དུ་འབྲང་བར་འགྱུར་རོ། །ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ལ་ཆོས་སྨྲ་
བའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གང་དང་གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པར་འགྱུར་བ་དེ་དང་དེར་བསོད་ནམས་ཆེས་མང་དུ་སྐྱེད་པར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་དེ་བཞིན་
ནོ་རབ་འབྱོར་དེ་དེ་བཞིན་ཏེ། རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་ཕྱི་བཞིན་ཕྱི་བཞིན་དུ་ལྷ་བརྒྱ་སྟོང་ཕྲག་མང་པོ་དག་རྗེས་སུ་འབྲང་བར་འགྱུར་རོ། །ལྷ་བརྒྱ་སྟོང་ཕྲག་མང་པོ་དག་དེར་འོང་བར་འགྱུར་རོ། །ཆོས་སྟོན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཆད་པར་བྱེད་
པའི་ཆོས་ཉན་པར་འདོད་པ་དེ་དག་ཐམས་ཅད་ཀྱང་བསྲུང་བ་དང་བསྐྱབ་པ་དང་སྦ་བ་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་རིན་པོ་ཆེ་བླ་ན་མེད་པའོ། །རབ་འབྱོར་དེའི་ཕྱིར་ཡང་
རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དེའི་གཞི་ལས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །རབ་འབྱོར་འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་
ལུང་འབོགས་པ་དང་ཁ་ཏོན་བྱེད་པ་ལ་བར་ཆད་མང་དུ་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་རིན་པོ་ཆེ་ཆེན་པོ་ནི་དགྲ་མང་བ་ཡིན་ཏེ། ཅི་ཙམ་དུ་གཅེས་པར་གྱུར་པ་བཞིན་དུ་དགྲ་ཆེས་ལྕི་བར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་རིན་པོ་ཆེ་ཆེན་པོ་འདི་ནི་འཇིག་རྟེན་ན་བླ་ན་མེད་པའི་རིན་པོ་ཆེ་སྟེ། འཇིག་རྟེན་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ། ཆོས་ཐམས་ཅད་མི་སྐྱེ་བ་དང་མི་འགག་པར་བྱ་བའི་ཕྱིར་དང་ཀུན་ནས་ཉོན་མོངས་པ་མེད་པར་བྱ་བའི་ཕྱིར་མི་འཇིག་པའི་ཚུལ་གྱིས་ཉེ་བར་གནས་པའོ། །
เล่ม ๓๓ · หน้า 113b
རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་ཡང་མི་གནས་ཆོས་གང་ལ་ཡང་མི་སྦྱོར་ཆོས་གང་ལ་ཡང་ཡོངས་སུ་མི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་དེ་དག་ཐམས་ཅད་ནི་མེད་ཅིང་མི་དམིགས་སོ། །རབ་འབྱོར་མ་སྐྱེས་པའི་ཕྱིར་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ནི་མ་གོས་པའོ། །རབ་འབྱོར་མ་གོས་པ་ཞེས་བྱ་བ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རབ་འབྱོར་འདི་ལྟར་གཟུགས་མ་གོས་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་གོས་པའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་མ་
གོས་པས་ན་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་གོས་པའོ། །རབ་འབྱོར་གལ་ཏེ་དེ་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པར་མི་ཤེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རབ་འབྱོར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ་
ཡང་འཇུག་པར་བྱེད་པ་འམ་ངེས་པར་འཇུག་པར་བྱེད་པ་འམ་ཡང་དག་པར་སྟོན་པར་བྱེད་པ་འམ་ངེས་པར་སྟོན་པར་བྱེད་པ་འམ་ཡོངས་སུ་ཐོབ་པར་བྱེད་པའམ་ངེས་པར་ཐོབ་པར་བྱེད་པ་མེད་དོ། །དེ་ནས་ལྷའི་བུ་སྟོང་ཕྲག་མང་པོ་དག་པར་སྣང་ལ་ཅ་ཅོ་དང་ག་ཞ་དག་བྱེད་དེ་གོས་དག་འཐོར་ཞིང་འདི་སྐད་
དུ་ཨེ་མ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལན་གཉིས་སུ་བྱུང་བར་སྣང་ངོ་ཞེས་ཀྱང་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ནི་ཆོས་ཀྱི་འཁོར་ལོ་ལན་གཉིས་སུ་བསྐོར་བ་མ་ཡིན་ཏེ། ཆོས་གང་ལ་
ཡང་རབ་ཏུ་བསྐོར་བ་འམ་ལྡོག་པ་མེད་དོ། །རབ་འབྱོར་དེ་ལྟར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
འདི་ནི་གང་ཞིག་ཆོས་ཐམས་ཅད་ལ་ཆགས་པ་མ་མཆིས་པ་དང་། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་ཡང་ཆོས་གང་ཡང་མངོན་པར་རྫོགས་པར་འཚང་མི་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཡང་ཆོས་གང་ཡང་ཡང་དག་
เล่ม ๓๓ · หน้า 114a
པར་མི་སྟོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་གང་ཞིག་དམིགས་པར་བྱ་བའམ་ཆོས་གང་ཞིག་བསྟན་པར་བྱ་བ་དེ་ནི་མེད་ལ་འགའ་ཞིག་གིས་འགའ་ཞིག་བསྐོར་བར་བྱ་བ་ཡང་མེད་དོ། །
དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཤིན་ཏུ་མངོན་པར་མ་གྲུབ་པ་སྟེ། ཆོས་གང་ཡང་ལྡོག་པར་མི་འགྱུར་རབ་ཏུ་སྐོར་བར་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཐོག་མ་ནས་མངོན་པར་མ་གྲུབ་པ་སྟེ། ཆོས་ཐམས་ཅད་ནི་
རང་བཞིན་གྱིས་དབེན་པའི་ཕྱིར་རོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་སྟོང་པ་ཉིད་ནི་རབ་ཏུ་འཇུག་པའམ་ལྡོག་པ་མེད་དོ། །རབ་འབྱོར་མཚན་
མ་མེད་པ་ཡང་འཇུག་པའམ་ལྡོག་པ་མེད་དོ། །རབ་འབྱོར་སྨོན་པ་མེད་པ་ཡང་འཇུག་པའམ་ལྡོག་པ་མེད་དོ། །རབ་འབྱོར་གང་འདི་ལྟར་བསྟན་པ་འདི་ནི་ཆོས་ཐམས་ཅད་བསྟན་པ་ཡིན་ཏེ། སུས་ཀྱང་བསྟན་པ་མེད་ལ་སུས་ཀྱང་ཐོས་པ་ཡང་མེད་སུས་ཀྱང་མནོས་པ་ཡང་མེད་སུས་
ཀྱང་མངོན་སུམ་དུ་བྱེད་པ་ཡང་མེད། སུས་ཀྱང་མངོན་སུམ་དུ་བྱེད་པ་ཡང་མ་ཡིན། སུས་ཀྱང་མངོན་སུམ་དུ་བྱེད་པར་ཡང་མི་འགྱུར་རོ། །ཆོས་བསྟན་པ་འདིས་ནི་སུ་ཡང་ཡོངས་སུ་མྱ་ངན་ལས་མ་འདས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ།
ཆོས་བསྟན་པ་འདིས་ནི་སུ་ཡང་སྦྱིན་པའི་གནས་སུ་བྱས་པ་ཡང་མེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནམ་མཁའ་མ་མཆིས་པའི་སླད་དུ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་
པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་དམིགས་སུ་མ་མཆིས་པར་མཉམ་པའི་སླད་དུ་འདི་ནི་མི་མཉམ་པ་དང་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཤིན་ཏུ་སྟོང་པའི་སླད་དུ་འདི་ནི་དབེན་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མི་
เล่ม ๓๓ · หน้า 114b
དམིགས་པའི་སླད་དུ་འདི་ནི་མི་བརྫི་བའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་མིང་མ་མཆིས་ཤིང་། ལུས་མ་མཆིས་པའི་སླད་དུ་འདི་ནི་གནས་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་འགྲོ་བ་དང་འོང་བ་མ་མཆིས་པའི་སླད་དུ་འདི་ནི་ངོ་བོ་ཉིད་མ་མཆིས་པའི་ཕ་རོལ་ཏུ་
ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་རྟོག་པ་མ་མཆིས་པའི་སླད་དུ་འདི་ནི་བརྗོད་དུ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཕུང་པོ་ལྔ་དམིགས་སུ་མ་མཆིས་པའི་སླད་དུ་འདི་ནི་མིང་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་
འགྲོ་བ་མ་མཆིས་པའི་སླད་དུ་འདི་ནི་འགྲོ་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་གཟུང་བ་མ་མཆིས་པའི་སླད་དུ་འདི་ནི་མི་འཕྲོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་མི་བས་པའི་ཆོས་དང་ལྡན་པའི་སླད་དུ་འདི་ནི་མི་བས་པའི་ཕ་རོལ་ཏུ་ཕྱིན་
པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མངོན་པར་མ་གྲུབ་པའི་སླད་དུ་འདི་ནི་ཆོས་ཐམས་ཅད་མི་སྐྱེ་བའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་བྱེད་པ་པོ་མི་དམིགས་པའི་སླད་དུ་འདི་ནི་བྱེད་པ་པོ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་
བདག་མ་མཆིས་པའི་སླད་དུ་འདི་ནི་ཤེས་པ་པོ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་འཆི་འཕོ་བ་དང་སྐྱེ་བ་དག་མི་སྐྱེ་བའི་སླད་དུ་འདི་ནི་མི་འཕོ་བའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ད་ལྟར་བྱུང་བའི་དུས་མི་དམིགས་པའི་སླད་
དུ་འདི་ནི་འདུལ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་རྣམ་པར་ཤེས་པར་བགྱིད་པའི་སླད་དུ་འདི་ནི་རྨི་ལམ་དང་། སྒྲ་བརྙན་དང་མིག་ཡོར་དང་སྨིག་རྒྱུ་དང་སྒྱུ་མའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ངོ་བོ་ཉིད་མ་
མཆིས་པའི་སླད་དུ་འདི་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་རྟེན་མི་དམིགས་པའི་སླད་དུ་འདི་ནི་རྣམ་པར་བྱང་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ནམ་མཁའ་གོས་པ་མ་མཆིས་པའི་སླད་དུ་འདི་ནི་གོས་པ་མ་མཆིས་པའི་ཕ་
เล่ม ๓๓ · หน้า 115a
རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་རློམ་སེམས་ཐམས་ཅད་ལས་འདས་པའི་སླད་དུ་འདི་ནི་སྤྲོས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་གཡོ་བ་མ་མཆིས་པའི་སླད་དུ་འདི་ནི་རློམ་སེམས་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་
ཀྱི་དབྱིངས་གནས་པ་ཉིད་ཀྱི་སླད་དུ་འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་ཀྱི་སླད་དུ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཉིད་ཀྱི་སླད་དུ་འདི་ནི་
ལྡང་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཚན་མ་མི་དམིགས་པའི་སླད་དུ་འདི་ནི་ཞི་བའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སླད་དུ་འདི་ནི་སྐྱོན་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཡོངས་
སུ་རྟོག་པ་མ་མཆིས་པའི་སླད་དུ་འདི་ནི་ཉོན་མོངས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཡང་དག་པའི་མཐའི་སླད་དུ་འདི་ནི་སེམས་ཅན་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ལྡང་བ་མ་མཆིས་པའི་སླད་དུ་འདི་ནི་ཚད་མ་མཆིས་པའི་
ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མངོན་པར་མ་ཞེན་པའི་སླད་དུ་འདི་ནི་མཐའ་གཉིས་མི་རྟོགས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་དབྱེར་མ་མཆིས་པའི་སླད་དུ་འདི་ནི་ཐ་མི་དད་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཉན་ཐོས་
དང་རང་སངས་རྒྱས་ཀྱིས་ཐམས་ཅད་ལ་འདོད་པ་མ་མཆིས་པའི་སླད་དུ་འདི་ནི་མཆོག་ཏུ་མི་འཛིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་རྣམ་པར་རྟོག་པ་ཞི་བ་ཉིད་ཀྱི་སླད་དུ་འདི་ནི་རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཉིད་ཚད་མ་མཆིས་པ་ཉིད་ཀྱི་
སླད་དུ་འདི་ནི་གཞལ་དུ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཆགས་པ་མ་མཆིས་པའི་སླད་དུ་འདི་ནི་ཆགས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་འདུས་མ་བགྱིས་པའི་སླད་དུ་འདི་ནི་མི་རྟག་པའི་ཕ་རོལ་ཏུ་ཕྱིན་པའོ། །
เล่ม ๓๓ · หน้า 115b
བཅོམ་ལྡན་འདས་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པའི་སླད་དུ་འདི་ནི་སྡུག་བསྔལ་བའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མི་དམིགས་པའི་སླད་དུ་འདི་ནི་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མངོན་པར་མ་ཆགས་པའི་སླད་
དུ་འདི་ནི་བདག་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མངོན་པར་མ་གྲུབ་པའི་སླད་དུ་འདི་ནི་མཚན་ཉིད་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་མཐའ་ཡས་མུ་མ་མཆིས་པའི་སླད་དུ་འདི་ནི་སྟོང་པ་ཉིད་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །
བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཕྱོགས་དེ་རྣམས་དམིགས་སུ་མ་མཆིས་པའི་སླད་དུ་འདི་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་རྣམ་པར་ཐར་པའི་སྒོ་གསུམ་མི་དམིགས་པའི་སླད་དུ་འདི་ནི་སྟོང་པ་ཉིད་དང་མཚན་
མ་མེད་པ་དང་སྨོན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་འདི་རྣམས་དམིགས་སུ་མ་མཆིས་པའི་སླད་དུ་འདི་ནི་རྣམ་པར་ཐར་པ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་བསམ་གཏན་དང་པོ་ལ་སོགས་པ་མི་དམིགས་པའི་སླད་དུ་འདི་ནི་མཐར་གྱིས་གནས་པའི་
སྙོམས་པར་འཇུག་པ་དགུའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་སྡུག་བསྔལ་ལ་སོགས་པ་མི་དམིགས་པའི་སླད་དུ་འདི་ནི་བདེན་པ་བཞིའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་སྦྱིན་པ་ལ་སོགས་པ་མི་དམིགས་པའི་སླད་དུ་འདི་ནི་ས་བཅུའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་
ལྡན་འདས་མི་བརྫི་བའི་སླད་དུ་འདི་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཤིན་ཏུ་མ་ཞུམ་པའི་སླད་དུ་འདི་ནི་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་ཆགས་པ་མ་མཆིས་པ་དང་། ཐོགས་པ་མ་མཆིས་པའི་སླད་དུ་འདི་ནི་སོ་སོ་ཡང་
དག་པར་རིག་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་བགྲང་བ་ལས་ཡང་དག་པར་འདས་པའི་སླད་དུ་འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་མ་ལོག་པ་དེ་བཞིན་ཉིད་ཀྱི་སླད་དུ་འདི་ནི་དེ་བཞིན་གཤེགས་
เล่ม ๓๓ · หน้า 116a
པའི་དེ་བཞིན་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པའི་སླད་དུ་འདི་ནི་རང་བྱུང་གི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྣམ་པ་ཐམས་ཅད་ཡོངས་སུ་མཁྱེན་པའི་སླད་དུ་འདི་ལྟ་སྟེ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་བསྟོད་པའི་ལེའུ་ཞེས་བྱ་སྟེ་དགུ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་བཅུ་པ། དེ་ནས་ལྷ་
རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གི་རྣ་ལམ་དུ་སྣང་བར་འགྱུར་བ་ཡང་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པར་འགྱུར་བ་དང་སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྲུན་པ་དང་། དགེ་བའི་བཤེས་
གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར་བ་ཡིན་ན་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ་འདི་འཛིན་པར་འགྱུར་འཆང་བར་འགྱུར་ཀློག་པར་འགྱུར་ཀུན་ཆུབ་པར་བྱེད་པར་འགྱུར་རབ་ཏུ་འདོན་པར་འགྱུར་སྟོན་པར་འགྱུར་ཉེ་བར་སྟོན་པར་འགྱུར་ལུང་འབོགས་པར་འགྱུར་ཁ་ཏོན་བྱེད་པར་
འགྱུར་ཞིང་བཟུང་བ་དང་བཅངས་པ་དང་ཀླགས་པ་དང་ཀུན་ཆུབ་པ་དང་རབ་ཏུ་སྟོན་པ་དང་། བསྟན་པ་དང་ཉེ་བར་བསྟན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱས་ནས་དེ་བཞིན་ཉིད་དུ་སློབ་པ་དང་དེ་བཞིན་ཉིད་དུ་སྒྲུབ་པ་དང་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་བྱེད་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་དག་ནི་
དགེ་བའི་རྩ་བ་ངན་ངོན་ཙམ་དང་ལྡན་པར་མི་འགྱུར་ཏེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་འགྱུར་རོ། །གང་དག་ད་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པར་འགྱུར་ཞིང་མཉན་ནས་ཀྱང་འཛིན་པར་འགྱུར་འཆང་བར་འགྱུར་ཀློག་པར་
འགྱུར་ཀུན་ཆུབ་པར་བྱེད་པར་འགྱུར་རབ་ཏུ་འདོན་པར་འགྱུར། སྟོན་པར་འགྱུར་ཉེ་བར་སྟོན་པར་འགྱུར་ལུང་འབོགས་པར་འགྱུར་ཁ་ཏོན་བྱེད་པར་འགྱུར་དེ་བཞིན་ཉིད་དུ་སློབ་པར་འགྱུར་དེ་བཞིན་ཉིད་དུ་སྒྲུབ་པར་འགྱུར་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་བྱེད་པར་འགྱུར་བའི་རིགས་ཀྱི་བུའམ་རིགས་ཀྱི་
เล่ม ๓๓ · หน้า 116b
བུ་མོ་དེ་དག་གིས་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐད་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་ཞུས་ཤིང་ཡོངས་སུ་དྲིས་པར་བྱས་པ་
ཡིན་ནོ། །གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ་འདི་བཤད་པ་དང་བསྟན་པ་དང་ཉེ་བར་བསྟན་པ་ལ་འགོང་བར་མི་འགྱུར་ཀུན་ཏུ་ཞུམ་པར་མི་འགྱུར་བག་ཚ་བར་མི་འགྱུར་བག་འཁུམས་པར་མི་འགྱུར་ཡིད་ཕྱིར་ཕྱོགས་པར་མི་འགྱུར་བཅོམ་ཞིང་ཕྱིར་ཕྱོགས་པར་མི་འགྱུར་མི་དངང་
ཀུན་ཏུ་མི་སྐྲག་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་བའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྲུན་པར་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་འདི་ལྟ་བུའི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཤེས་ནས་
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་འཆད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་ལ། མངོན་པར་དད་དེ་རྟོག་ཅིང་མོས་ལ་སེམས་དང་བས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བགྱིད་པ་དང་དེ་བཞིན་ཉིད་དུ་སློབ་པ་དང་དེ་བཞིན་ཉིད་དུ་སྒྲུབ་པ་དང་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་བགྱིད་པར་འགྱུར་བ་དེ་ནི་
ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་ལྟ་བ་དེ་བཞིན་དུ་གཟུང་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་སྟེ། བཅོམ་ལྡན་འདས་དགེ་བའི་རྩ་བ་ཆུང་བ་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་
ལ་མངོན་དུ་མ་ཐོས་ཤིང་ཡོངས་སུ་མ་དྲིས་པའི་རང་བཞིན་ཅན་དུ་གྱུར་པ་དང་སྔོན་སྤྱད་པ་དང་མ་ལྡན་པ་རྣམས་ཀྱིས་ནི་འདི་ལྟར་ཟབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མོས་པར་མི་ནུས་སོ། །བཅོམ་ལྡན་འདས་ཡང་གང་དག་འདི་ལ་མི་མོས་ཤིང་མ་རྟོགས་པས་སྤོང་བར་སེམས་པའི་
เล่ม ๓๓ · หน้า 117a
རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་ནི་སྔོན་གྱི་མཐར་ཡང་འདི་ལྟར་ཟབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བཤད་པ་ན་སྤངས་པར་གྱུར་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་དགེ་བའི་རྩ་བ་ཆུང་བའི་སླད་དུ་སྔོན་གྱི་མཐར་མ་སྤྱད་པས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཅི་ལྟར་ཡང་མོས་པར་མི་ནུས་སོ། །གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་པ་ན་སྤོང་བར་འགྱུར་བ་དེ་དག་ཀྱང་དེ་བཞིན་དུ་རིག་པར་བགྱི་སྟེ། དེ་དག་གིས་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་བཤད་པ་ན་
སྤངས་པ་ལགས་ཏེ་འདི་ལྟར་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ལ་དད་པ་མ་མཆིས་བཟོད་པ་མ་མཆིས་སྲེད་པ་མ་མཆིས་འདུན་པ་མ་མཆིས་བརྩོན་འགྲུས་མ་མཆིས་དང་བ་མ་མཆིས་མོས་པ་མ་མཆིས་སོ། །དེ་དག་གིས་ནི་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་
དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ལ་ཡོངས་སུ་མ་དྲིས་ཏེ་ཡོངས་སུ་དྲི་བ་མ་བགྱིས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པ་སྟེ། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་སྔོན་མ་སྤྱད་པ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ལ་མོས་པར་མི་འགྱུར་པ་དེ་ལ་ངོ་མཚར་ཅི་ཞིག་ཡོད། དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
ཕྱག་འཚལ་ལོ། །བཅོམ་ལྡན་འདས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་བ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕྱག་འཚལ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་ཕྱག་འཚལ་བ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕྱག་འཚལ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ནི་འདི་ལས་སྐྱེས་ཏེ། ཀཽ་ཤི་ཀ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལས་སྐྱེས་པས་ཀྱང་ཤེས་རབ་
เล่ม ๓๓ · หน้า 117b
ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་པར་བྱ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་པར་བྱ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རྣལ་འབྱོར་དུ་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་རྣམས་
ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལགས། ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བགྱིད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་ལེགས་སོ་ལེགས་སོ། །ཀཽ་ཤི་ཀ་གང་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ལ་དོན་འདི་ཡོངས་སུ་འདྲི་བར་བྱ་བ་དང་ཡོངས་སུ་དྲི་བར་བྱེད་པར་སེམས་པ་ནི་ཡང་ཁྱོད་ལེགས་སོ། །ཀཽ་ཤི་ཀ་ཁྱོད་ཀྱི་སྤོབས་པ་འདི་ཡང་སངས་རྒྱས་ཀྱི་མཐུས་སྐྱེས་པ་ཡིན་ནོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ན། གཟུགས་ལ་མི་གནས་གཟུགས་སོ་ཞེས་མི་གནས་ཏེ་ཀཽ་ཤི་ཀ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལ་མི་གནས་གཟུགས་སོ་ཞེས་མི་གནས་པ་དེ་ལྟར་ན་ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལ་
རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལ་མི་གནས་རྣམ་པར་ཤེས་པའོ་ཞེས་མི་གནས་ཏེ། ཀཽ་ཤི་ཀ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཤེས་པ་ལ་མི་གནས་རྣམ་པར་ཤེས་པའོ་ཞེས་མི་
གནས་པ་དེ་ལྟར་ན་ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཤེས་པ་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །ཀཽ་ཤི་ཀ་གཟུགས་སོ་ཞེས་མི་སྦྱོར་ཏེ། ཀཽ་ཤི་ཀ་འདི་ལྟར་གཟུགས་སོ་ཞེས་མི་སྦྱོར་བ་དེ་ལྟར་ན་གཟུགས་སོ་ཞེས་མི་གནས་པ་ཡིན་ནོ། །ཀཽ་ཤི་ཀ་དེ་བཞིན་
เล่ม ๓๓ · หน้า 118a
དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའོ་ཞེས་མི་སྦྱོར་ཏེ། ཀཽ་ཤི་ཀ་འདི་ལྟར་རྣམ་པར་ཤེས་པའོ་ཞེས་མི་སྦྱོར་བ་དེ་ལྟར་ན་རྣམ་པར་ཤེས་པའོ་ཞེས་མི་གནས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་ཤིང་དེ་ལྟར་རྣལ་
འབྱོར་དུ་བྱེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཏིང་དཔག་དཀའ་བའོ། །བཅོམ་ལྡན་
འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུང་བར་དཀའ་བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཤཱ་རིའི་བུ་གཟུགས་ཟབ་པོ་སྙམ་དུ་མི་གནས་ཏེ། ཤཱ་རིའི་
བུ་འདི་ལྟར་གཟུགས་ཟབ་བོ་སྙམ་དུ་མི་གནས་པ་དེ་ལྟར་ན་གཟུགས་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། ཤཱ་རིའི་བུ་རྣམ་པར་ཤེས་པ་ཟབ་བོ་སྙམ་དུ་མི་གནས་ཏེ། ཤཱ་རིའི་བུ་འདི་ལྟར་རྣམ་པར་ཤེས་པ་ཟབ་བོ་སྙམ་དུ་མི་
གནས་པ་དེ་ལྟར་ན་རྣམ་པར་ཤེས་པ་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །ཤཱ་རིའི་བུ་གཟུགས་ཟབ་པོ་སྙམ་དུ་རྣལ་འབྱོར་དུ་མི་བྱེད་དེ། ཤཱ་རིའི་བུ་འདི་ལྟར་གཟུགས་ཟབ་བོ་སྙམ་དུ་རྣལ་འབྱོར་དུ་མི་བྱེད་པ་དེ་ལྟར་ན་གཟུགས་ཟབ་པོ་སྙམ་དུ་མི་གནས་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་འདུ་
ཤེས་དང་འདུ་བྱེད་རྣམས་དང་། ཤཱ་རིའི་བུ་རྣམ་པར་ཤེས་པ་ཟབ་བོ་སྙམ་དུ་རྣལ་འབྱོར་དུ་མི་བྱེད་དེ། ཤཱ་རིའི་བུ་འདི་ལྟར་རྣམ་པར་ཤེས་པ་ཟབ་བོ་སྙམ་དུ་རྣལ་འབྱོར་དུ་མི་བྱེད་པ་དེ་ལྟར་ན་རྣམ་པར་ཤེས་པ་ཟབ་པོ་སྙམ་དུ་མི་གནས་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་
འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་ལུང་བསྟན་པ་རྣམས་ཀྱི་མདུན་དུ་བཤད་པར་བགྱི་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན།
เล่ม ๓๓ · หน้า 118b
བཅོམ་ལྡན་འདས་དེ་ནི་ནེམ་ནུར་མི་བགྱིད་ཐེ་ཚོམ་འཚལ་བར་མི་འགྱུར་རྨོངས་པར་མི་འགྱུར་རྩོད་པར་མི་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཤཱ་རིའི་བུ་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ལུང་མ་བསྟན་པའི་མདུན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་ན་ཉེས་པ་ཅིར་འགྱུར། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་མ་བསྟན་པ་
གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བལྟ་བ་དང་ཕྱག་བྱ་བ་དང་བསྙེན་བཀུར་བྱ་བ་དང་མཉན་པ་ཐོབ་པར་གྱུར་ལ། ཐོས་ནས་ཀྱང་དངང་བར་མི་འགྱུར་ཀུན་ཏུ་སྐྲག་པར་མི་འགྱུར་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཀཽ་ཤི་ཀ་
རྒྱང་རིང་པོ་ནས་འོངས་པར་རིག་པར་བྱ་སྟེ། ཡུན་རིང་པོ་ནས་ཐེག་པ་ལ་ཡང་དག་པར་ཞུགས་པ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ཡིན་པར་རིག་པར་བྱའོ། །འདི་ནི་ད་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་འགྱུར་ཏེ། དེ་ནི་ལུང་
བསྟན་པ་ལ་བསྙེན་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་གམ་གཉིས་སམ་གསུམ་ལས་མི་འདའ་སྟེ། དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
ལུང་བསྟན་པ་ཐོབ་པར་འགྱུར་རོ། །འོན་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་རྣམས་མཉེས་པར་བྱེད་པར་འགྱུར་ཏེ། མཉེས་པར་བྱས་ནས་ཀྱང་ཐུགས་ཕྱུང་བར་བྱེད་པར་མི་འགྱུར་རོ། །དེ་བཞིན་གཤེགས་པ་མཐོང་བ་ཡང་ལུང་བསྟན་པས་
འབྲས་བུ་ཡོད་པར་བྱེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་མཐོང་བ་དེ་ལས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་འགྱུར་རོ། །ཇི་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་གྱུར་པ་དེ་སྲིད་དུ་དེ་བཞིན་
เล่ม ๓๓ · หน้า 119a
གཤེགས་པ་བལྟ་བ་དང་ཕྱག་བྱ་བ་དང་བསྙེན་བཀུར་བྱ་བ་དང་རིམ་གྲོ་བྱ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་གྱིས་འབྲས་བུ་ཡོད་པར་བྱེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་
རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བལྟ་བ་དང་ཕྱག་བྱ་བ་དང་བསྙེན་བཀུར་བྱ་བ་དང་མཉན་པ་ཐོབ་པར་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི།
བཅོམ་ལྡན་འདས་རྒྱང་རིང་པོ་ནས་མཆིས་པ་ལགས་ཏེ་ཡུན་རིང་པོ་ནས་ཐེག་པ་ལ་ཡང་དག་པར་ཞུགས་པ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ལགས་པར་འཚལ་བར་བགྱི་ན། གང་འདི་ཐོས་ནས་ཀྱང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་། རབ་ཏུ་འདོན་པ་
དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པར་འགྱུར་བ་རྣམས་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བལྟ་བ་དང་ཕྱག་བྱ་བ་དང་བསྙེན་བཀུར་བྱ་བ་དང་མཉན་པ་ཐོབ་པར་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤཱ་རིའི་བུ་རྒྱང་རིང་པོ་ནས་འོངས་པ་ཡིན་ཏེ། ཡུན་རིང་པོ་ནས་ཐེག་པ་ལ་ཡང་དག་པར་ཞུགས་པ་དགེ་
བའི་རྩ་བ་ཡོངས་སུ་སྨིན་པ་ཡིན་པར་རིག་པར་བྱ་ན། གང་འདི་ཐོས་ནས་ཀྱང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བཅོམ་
ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཔེར་གསོལ་བར་བདག་སྤོབས་སོ་བདེ་བར་གཤེགས་པ་བདག་སྤོབས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་
เล่ม ๓๓ · หน้า 119b
པ་ཅན་གང་ཞིག་གི་རྨི་ལམ་དུ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་རྨི་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མངོན་པར་རྫོགས་པར་བྱང་ཆུབ་པར་བགྱི་བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྙེན་པ་ལགས་སོ། །བཅོམ་
ལྡན་འདས་དེ་བཞིན་དུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བལྟ་བ་དང་། ཕྱག་བགྱི་བ་དང་བསྙེན་བཀུར་བགྱི་བ་དང་མཉན་པ་ཐོབ་པར་གྱུར་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེ་ནི་རྒྱང་རིང་པོ་ནས་མཆིས་པ་ལགས་ཏེ།
ཡུན་རིང་པོ་ནས་ཐེག་པ་ལ་ཡང་དག་པར་ཞུགས་པ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ལགས་ན། ཐོས་ནས་ཀྱང་གཟུང་བ་དང་བཅང་བ་དང་ཀླག་པ་དང་ཀུན་ཆུབ་པར་བགྱི་བ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་དུ་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ།
བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེ་ནི་ལུང་བསྟན་པ་དང་བསྙེན་པ་ལགས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པར་བགྱིད་པའི་སླད་དུ་ལུང་བསྟན་
པར་འགྱུར་བར་རིག་པར་བགྱིའོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐ་ན་མཉན་པ་ཡང་རྙེད་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡུན་རིང་པོ་ནས་ཐེག་པ་ལ་ཡང་དག་པར་ཞུགས་པ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ལགས་པར་རིག་པར་བགྱི་ན། བཅོམ་
ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་དུ་བགྱིད་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། དེ་ཅིའི་སླད་དུ་
ཞེ་ན། བཅོམ་ལྡན་འདས་སེམས་ཅན་ཆོས་ཀྱིས་ཕོངས་པར་འགྱུར་བ་དང་མཐུན་པའི་ལས་བསགས་པ་དང་ཕལ་ཆེར་མ་བྲལ་བ་དེ་དག་གི་སེམས་ཕལ་ཆེར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མི་མཐུན་པར་འགྱུར་ཞིང་སེམས་ལྡོག་པར་འགྱུར་རོ། །སེམས་ཅན་དགེ་བའི་རྩ་བ་མ་
เล่ม ๓๓ · หน้า 120a
བསགས་པ་ནི་ཕལ་ཆེར་ཡང་དག་པའི་མཐའ་འདི་ལ་རབ་ཏུ་མི་འཇུག་ཅིང་རབ་ཏུ་དད་པར་མི་འགྱུར་ཏེ། གང་དག་ཡང་དག་པའི་མཐའ་འདི་ལ་རབ་ཏུ་འཇུག་ཅིང་རབ་ཏུ་དད་པར་འགྱུར་བའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དགེ་བའི་རྩ་བ་བསགས་པ་ལགས་ཏེ་
བཅོམ་ལྡན་འདས་དེ་དག་ནི་དགེ་བའི་རྩ་བ་ཤིན་ཏུ་བསགས་པར་རིག་པར་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཞིག་འབྲོག་དགོན་པ་དཔག་ཚད་བརྒྱ་པའམ་དཔག་ཚད་ཉིས་བརྒྱ་པ་འམ་དཔག་ཚད་སུམ་བརྒྱ་པ་འམ་དཔག་ཚད་བཞི་བརྒྱ་པ་འམ་དཔག་ཚད་ལྔ་བརྒྱ་
པ་འམ་དཔག་ཚད་བརྒྱ་ཕྲག་བཅུ་པའི་འབྲོག་དགོན་པ་ནས་བྱུང་སྟེ་དེས་བྱུང་བ་དང་མཚན་མ་གང་གིས་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་མཆིས་པར་མངོན་པའི་མཚན་མ་སྔར་གདའ་བ་བ་ལང་རྫི་འམ་ཕྱུགས་རྫི་འམ་མཚམས་སམ་ཀུན་དགའ་ར་བ་ཕུན་སུམ་ཚོགས་པ་འམ་ཚལ་ཕུན་སུམ་ཚོགས་
པའམ་དེ་མ་ལགས་པའི་མཚན་མ་གཞན་དག་ཀྱང་རུང་སྟེ། དེས་སྔར་མཚན་མ་དེ་དག་མཐོང་བ་དང་། འདི་སྙམ་དུ་འདི་ལྟར་སྔར་གྱི་མཚན་མ་འདི་དག་སྣང་བས། དེ་ལྟར་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་དུ་ཉེ་བར་གྱུར་ཏོ་སྙམ་ནས་དེ་ནི་དབུགས་ཕྱིན་པ་རྙེད་པ་ལགས་ཏེ། དེ་ལ་
སླན་ཆད་ཆོམ་པོ་ཡིད་ལ་བགྱིད་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཉེ་བར་གནས་ན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྙེན་པ་ལགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་རིག་པར་བགྱིའོ། །དེ་ཡང་ཉན་ཐོས་ཀྱི་ས་འམ་རང་སངས་རྒྱས་ཀྱི་ས་ལ་སྐྲག་
པར་མི་འགྱུར་འཇིགས་པར་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་སྔར་གྱི་མཚན་མ་འདི་དག་མཐོང་སྟེ། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བལྟ་བ་དང་ཕྱག་བགྱི་བ་དང་བསྙེན་བཀུར་བགྱི་བ་དང་མཉན་པ་ཐོབ་པའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་།
เล่ม ๓๓ · หน้า 120b
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཤཱ་རིའི་བུ་ཅི་ལྟར་འདི་སངས་རྒྱས་ཀྱི་མཐུས་སྨྲ་བ་དང་སྨྲ་བར་འགྱུར་བ་དེ་བཞིན་དུ་ཡང་གནས་འདི་ལ་ཁྱོད་སྤོབས་པར་གྱིས་ཤིག །དེ་སྐད་ཅེས་བཀའ་
སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་འདི་ན་སྐྱེས་བུ་ལ་ལ་ཞིག་རྒྱ་མཚོ་ཆེན་པོ་ལྟ་འཚལ་བར་གྱུར་ཏེ། དེ་རྒྱ་མཚོ་ཆེན་པོ་ལྟར་མཆིས་པ་དང་ཅི་ལྟ་ཅི་ལྟར་དེ་རྒྱ་མཚོ་ཆེན་པོ་ལྟ་བར་
མཆིས་པ་དེ་ལྟ་དེ་ལྟར་གལ་ཏེ་དེས་སྡོང་པོ་འམ་སྡོང་པོའི་མཚན་མ་འམ་རི་འམ་རིའི་མཚན་མ་མཐོང་ན་དེས་འདི་སྙམ་དུ་འདི་ནས་རྒྱ་མཚོ་ཆེན་པོ་ནི་ད་དུང་རིང་ངོ་སྙམ་དུ་འཚལ་བར་བགྱིའོ། །གལ་ཏེ་ཕྱིས་སྡོང་པོ་འམ་སྡོང་པོའི་མཚན་མ་འམ་རི་འམ་རིའི་མཚན་མ་མ་མཐོང་ན་དེས་འདི་སྙམ་དུ་འདི་
ནས་ནི་རྒྱ་མཚོ་ཆེན་པོ་དང་ཉེའོ་སྙམ་དུ་འཚལ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱ་མཚོ་ཆེན་པོ་ནི་རིམ་གྱིས་དམའ་བ་ལགས་པས། རྒྱ་མཚོ་ཆེན་པོའི་ནང་ན་སྡོང་པོའམ་སྡོང་པོའི་མཚན་མའམ་རིའམ་རིའི་མཚན་མ་གང་ཡང་མ་མཆིས་ཏེ། འདི་ལྟར་ཡང་རྒྱ་མཚོ་ཆེན་པོ་དེ་མིག་
གིས་མངོན་སུམ་དུ་མ་མཐོང་བ་དེ་ལྟ་ན་ཡང་རྒྱ་མཚོ་ཆེན་པོ་ནི་བདག་གིས་བསྙེན་ཏེ་འདི་ཕན་ཆད་རྒྱ་མཚོ་ཆེན་པོ་མི་རིང་ངོ་སྙམ་མོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པ་ན་འདི་སྙམ་དུ་རིག་པར་བགྱི་སྟེ།
འདི་ལྟར་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བདག་མངོན་སུམ་དུ་ནི་ལུང་མ་བསྟན་པ་དེ་ལྟ་ན་ཡང་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བདག་ལུང་སྟོན་པ་དང་བསྙེན་པར་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། དེ་
ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བལྟ་བ་དང་ཕྱག་བགྱི་བ་དང་བསྙེན་བཀུར་བགྱི་བ་དང་མཉན་པ་ཐོབ་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་དཔྱིད་ཀའི་དུས་ཉེ་བར་གནས་པ་ན་ཤིང་སྣ་ཚོགས་ཀྱི་ཡལ་གའི་ལོ་མ་རྙིང་པ་རྣམས་ལྷགས་པ་ལས་ལོ་མ་
เล่ม ๓๓ · หน้า 121a
སྣ་ཚོགས་བྱུང་སྟེ། ལོ་མ་རྣམས་བྱུང་བ་དང་འཛམ་བུའི་གླིང་གི་མི་རྣམས་ནགས་ཚལ་དག་ལ་སྔར་གྱི་མཚན་མ་དེ་དག་མཐོང་ནས། ད་ནི་མེ་ཏོག་དང་འབྲས་བུ་རྣམས་རིང་པོ་མི་ཐོགས་པར་འབྱུང་ངོ་སྙམ་ནས་ཡིད་དགའ་བར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན།
དེ་ནི་འདི་ལྟར་སྡོང་པོ་ལས་མཚན་མ་འདི་ལྟ་བུ་དག་སྔར་གདའ་བའི་སླད་དུའོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བལྟ་བ་དང་ཕྱག་བགྱི་བ་དང་བསྙེན་བཀུར་བགྱི་བ་དང་མཉན་པ་རྙེད་པའི་སླད་དུ་ཉེ་བར་
གནས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ལགས་པར་རིག་པར་བགྱི་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དེ་ལ་སྔོན་གྱི་དགེ་བའི་རྩ་བ་དེ་ཉིད་ཀྱིས་ཉེ་བར་བསྟབས་པ་ལགས་སོ། །
དེ་ལ་གང་སྔོན་སངས་རྒྱས་མཐོང་བའི་ལྷ་དེ་དག་ནི་འདི་སྙམ་དུ་སེམས་ཏེ། སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་མཚན་མ་སྔར་བྱུང་བ་ཡིན་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རིང་པོ་མི་ཐོགས་པར་ལུང་བསྟན་པ་ཐོབ་པར་འགྱུར་རོ་སྙམ་ནས་རབ་ཏུ་དགའ་བར་འགྱུར་ཞིང་རངས་ཏེ་ཡིད་མགུ་བ་སྐྱེ་བར་འགྱུར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་བུད་མེད་སྦྲུམ་མ་མངལ་ལྕི་བར་གྱུར་པ་དེ་གང་གི་ཚེ་ལུས་བསྐྱོད་ན་
ཆེར་སྙོམ་པར་འགྱུར་ཏེ་དེ་འཆག་པ་ལ་དད་ཆེར་མི་འགྱུར་ཁ་ཟས་ཆུང་ངུ་འཚལ་བར་འགྱུར་རྨུགས་པ་དང་གཉིད་ཆུང་བར་འགྱུར་སྨྲ་བ་ཉུང་བར་འགྱུར་སྟོབས་ཆུང་བར་འགྱུར་སྡུག་བསྔལ་མང་བར་འགྱུར་སྨྲེ་བཞིན་དུ་མང་དུ་གནས་པར་འགྱུར་འགྲོགས་པ་ལ་དད་ཆེ་བར་མི་འགྱུར་སྔོན་གྱི་ཚུལ་བཞིན་མ་
ལགས་པ་ཡིད་ལ་བགྱིད་པ་བསྟེན་ཅིང་ངེས་པར་བསྟེན་ལ་བསྒོམས་ཏེ་མང་དུ་བྱས་པས་འདི་ལྟ་བུའི་ཚོར་བ་ལུས་ཀྱིས་མྱོང་ངོ་སྙམ་པ་དེའི་ཚེ་བཅོམ་ལྡན་འདས་ཅི་ལྟར་སྔར་གྱི་མཚན་མ་འདི་དག་མཐོང་བ་དེ་ལྟར་བུད་མེད་འདི་ནི་རིང་པོ་མི་ཐོགས་པར་བུ་འབྱུང་བར་འཚལ་བར་བགྱིའོ། །བཅོམ་ལྡན་འདས་
เล่ม ๓๓ · หน้า 121b
དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དེ། གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བལྟ་བ་དང་ཕྱག་བགྱི་བ་དང་བསྙེན་བཀུར་བགྱི་བ་དང་མཉན་པའི་སླད་དུ་ཉེ་བར་གནས་ལ། ཉན་པ་ན་དེ་ལ་དགའ་ཞིང་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་དོན་དུ་གཉེར་བའི་སེམས་བསྐྱེད་པ་དེའི་ཚེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རིང་པོ་མི་ཐོགས་པར་ལུང་བསྟན་པ་ཐོབ་པར་འགྱུར་བར་འཚལ་བར་བགྱིའོ། །དེ་སྐད་ཅེས་གསོལ་
པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། །ཤཱ་རིའི་བུ་ལེགས་སོ་ལེགས་སོ། །ཤཱ་རིའི་བུ་འདི་ཡང་སངས་རྒྱས་ཀྱི་མཐུས་ཁྱོད་སྤོབས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་འདི་སྐད་ཅེས་གསོལ་
ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་འདི་ལྟར་ལེགས་པར་ཡོངས་སུ་གཟུང་བ་དང་ལེགས་པར་སྦྱངས་པ་དང་ལེགས་པར་ཡོངས་སུ་གཏད་པའི་བར་འདི་ནི་ངོ་མཚར་
ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་སྐྱེ་བོ་ཕལ་པོ་ཆེའི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་སྟེ། ལྷ་དང་
མི་རྣམས་ལ་སྙིང་བརྩེ་བ་ཅན་སྙིང་བརྩེ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་བླ་ན་མེད་པའི་ཆོས་སྟོན་པར་འདོད་པའོ། །
རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ན་ཅི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་
เล่ม ๓๓ · หน้า 122a
ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་ཀྱི་འཕེལ་པ་ཡང་དག་པར་རྗེས་སུ་མི་མཐོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཚོར་བའི་མ་ཡིན་འདུ་ཤེས་ཀྱི་མ་ཡིན་འདུ་བྱེད་རྣམས་ཀྱི་མ་
ཡིན་རྣམ་པར་ཤེས་པའི་འཕེལ་བ་ཡང་དག་པར་རྗེས་སུ་མི་མཐོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཟུགས་ཀྱི་འགྲིབ་པ་ཡང་དག་པར་རྗེས་སུ་མི་མཐོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཚོར་བའི་མ་ཡིན་འདུ་ཤེས་ཀྱི་མ་ཡིན་འདུ་བྱེད་རྣམས་ཀྱི་
མ་ཡིན། རྣམ་པར་ཤེས་པའི་འགྲིབ་པ་ཡང་དག་པར་རྗེས་སུ་མི་མཐོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཆོས་ཡང་དག་པར་རྗེས་སུ་མི་མཐོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཆོས་མ་ཡིན་པ་ཡང་དག་པར་རྗེས་སུ་མི་མཐོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་དོ། །དེ་ལྟར་ན་འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བསྟན་པ་འདི་ནི་བསམ་གྱིས་མི་ཁྱབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་
བསམ་གྱིས་མི་ཁྱབ་སྟེ། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རབ་འབྱོར་རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་བོ། །རབ་འབྱོར་གཟུགས་བསམ་གྱིས་མི་ཁྱབ་ཅེས་བྱ་བར་ཡང་མི་ཤེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཚོར་བ་དང་
འདུ་ཤེས་དང་འདུ་བྱེད་རྣམས་དང་། རབ་འབྱོར་རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་ཅེས་བྱ་བར་ཡང་མི་ཤེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་དེ་ལྟར་ཟབ་པ་འདི་ལ་སུ་ཞིག་མོས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་གྱུར་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མོས་པར་འགྱུར་རོ། །
เล่ม ๓๓ · หน้า 122b
ཚེ་དང་ལྡན་པ་ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས་ཅི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱད་པར་གྱུར་པ་ལགས། བཅོམ་ལྡན་འདས་ཅི་ལྟར་ན་སྤྱད་པར་གྱུར་པ་ཞེས་བགྱི་བའི་མིང་འཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།
ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་རྣམས་ལ་མི་རྟོག་མི་འཇིགས་པ་རྣམས་ལ་མི་རྟོག་སངས་རྒྱས་ཀྱི་ཆོས་རྣམས་ལ་མི་རྟོག་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་མི་རྟོག་གོ །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྟོབས་རྣམས་བསམ་གྱིས་མི་ཁྱབ་མི་
འཇིགས་པ་རྣམས་ཀྱང་བསམ་གྱིས་མི་ཁྱབ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་བསམ་གྱིས་མི་ཁྱབ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བསམ་གྱིས་མི་ཁྱབ་ཆོས་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་སྟེ། ཤཱ་རིའི་བུ་དེ་ལྟར་སྤྱད་པར་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་
ཡང་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་ལྟར་སྤྱད་པར་གྱུར་པ་ཞེས་བྱ་ཞིང་སྤྱད་པར་གྱུར་པ་ཞེས་བྱ་བའི་མིང་འཐོབ་བོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་བོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རིན་པོ་ཆེའི་ཕུང་པོའོ། །བཅོམ་ལྡན་འདས་ནམ་མཁའ་དག་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དག་པའི་ཕུང་པོའོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བགྱིད་པ་དང་ཡི་གེར་འདྲི་བ་ལ་བར་ཆད་བགྱིད་པ་མང་པོ་འབྱུང་བ་འདི་ནི་ངོ་མཚར་ཏོ། །དེ་སྐད་ཅེས་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་
เล่ม ๓๓ · หน้า 123a
འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཡི་གེ་འདྲི་བ་ལ་བར་ཆད་བྱེད་པ་མང་དུ་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་
ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཡི་གེར་འདྲི་བདག་ལ་བདུད་སྡིག་ཅན་དག་བར་ཆད་བྱ་བར་བརྩོན་པར་བྱེད་དོ། །དེར་མྱུར་དུ་བྲི་སྟེ་གལ་ཏེ་ཟླ་བའམ་ཟླ་བ་གཉིས་སམ་ཟླ་བ་གསུམ་གྱིས་འདྲི་ན་ཡང་བྲི་བར་
བྱ་བ་ཡིན་ནོ། །གལ་ཏེ་ལོ་གཅིག་གིས་སམ་དེ་ཕན་ཆད་འདྲི་བར་འགྱུར་ན་དེ་ལྟ་ན་ཡང་རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲི་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཡིན་ཏེ་རིན་པོ་ཆེ་ཆེན་པོ་གང་ཡིན་པ་དེ་ལ་ནི་བར་ཆད་
བྱེད་པ་མང་དུ་འབྱུང་ངོ་། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་རབ་ཏུ་འདོན་པ་དང་སྟོན་
པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བགྱིད་པ་དང་ཡི་གེར་འདྲི་བ་ལ་བདུད་སྡིག་ཅན་བར་ཆད་ཀྱི་ལས་བགྱི་བར་སྤྲོ་བ་རྣམ་པ་མང་པོ་སྐྱེས་ནས་བརྩོན་པ་བགྱིད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་
འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཡི་གེར་འདྲི་བ་ལ་བདུད་སྡིག་ཅན་བར་ཆད་ཀྱི་ལས་བྱ་བར་བརྩོན་པར་ནི་འགྱུར་མོད། དེ་ལྟར་ན་ཡང་ཡི་དམ་མ་ཉམས་པའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ལ་བར་ཆད་བྱེད་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་
เล่ม ๓๓ · หน้า 123b
པར་བགྱིད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བགྱིད་པ་དང་ཡི་གེར་འདྲི་བ་ལ་བདུད་སྡིག་ཅན་དག་བར་ཆད་བགྱི་བ་ལ་སྤྲོ་བ་སྐྱེ་བར་འགྱུར་བ་དེའི་ཚེ། བཅོམ་ལྡན་འདས་ཅི་ལྟར་ན་དེང་སང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་གིས་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བགྱིད་པ་དང་ཡི་གེ་འདྲི་བར་འགྱུར། བཅོམ་ལྡན་འདས་གང་གི་མཐུས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བགྱིད་པ་དང་ཡི་གེ་འདྲི་བར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་
རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཐུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་
ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཡི་གེ་འདྲི་བར་འགྱུར་བ་དང་དེ་བཞིན་ཉིད་དུ་སློབ་པ་དང་དེ་བཞིན་ཉིད་དུ་སྒྲུབ་པ་དང་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ནི་
ཆོས་རྣམས་ཀྱི་ཆོས་ཉིད་དེ་གང་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་
པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཡི་གེ་འདྲི་བ་ལ་དགོངས་པར་འགྱུར་ཡོངས་སུ་གཟུང་བར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆད་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་
เล่ม ๓๓ · หน้า 124a
འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཡི་གེར་འདྲི་བར་འགྱུར་བ་དང་དེ་བཞིན་ཉིད་དུ་སློབ་པ་དང་དེ་བཞིན་ཉིད་དུ་སྒྲུབ་པ་དང་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་བྱེད་པར་འགྱུར་བ་དེ་དག་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་
གིས་དགོངས་པར་འགྱུར་ཡོངས་སུ་གཟུང་བར་འགྱུར་ཏེ། ཤཱ་རིའི་བུ་སངས་རྒྱས་ཀྱིས་དགོངས་པ་དང་སངས་རྒྱས་ཀྱིས་ཡོངས་སུ་གཟུང་བའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ལ་བར་ཆད་བྱེད་མི་ནུས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་
པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་
པ་དང་ཁ་ཏོན་བགྱིད་པ་དང་ཡི་གེར་འདྲི་བར་འགྱུར་བ་དང་དེ་བཞིན་ཉིད་དུ་སློབ་པ་དང་དེ་བཞིན་ཉིད་དུ་སྒྲུབ་པ་དང་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་བགྱིད་པར་འགྱུར་བ་དེ་དག་ཐམས་ཅད་ནི། བཅོམ་ལྡན་འདས་སངས་རྒྱས་ཀྱི་མཐུ་དང་སངས་རྒྱས་ཀྱི་བྱིན་གྱི་རླབས་དང་སངས་རྒྱས་ཀྱིས་ཡོངས་སུ་
བཟུང་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དང་འཛིན་པ་དང་འཆང་པ་དང་ཀློག་པ་དང་ཀུན་ཆུབ་པ་བགྱིད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བགྱིད་པ་དང་ཡི་གེར་འདྲི་བར་འགྱུར་བ་དང་དེ་བཞིན་ཉིད་དུ་སློབ་པ་དང་དེ་བཞིན་
ཉིད་དུ་སྒྲུབ་པ་དང་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་བགྱིད་པར་འགྱུར་བ་དེ་ལྟར་སྒྲུབ་པར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་མཐུ་དང་སངས་རྒྱས་ཀྱིས་བྱིན་གྱི་རླབས་དང་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པ་དང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་
เล่ม ๓๓ · หน้า 124b
པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཡི་གེར་འདྲི་བར་འགྱུར་བ་དང་དེ་བཞིན་ཉིད་དུ་སློབ་པ་དང་དེ་བཞིན་ཉིད་དུ་སྒྲུབ་པ་དང་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་བྱེད་པར་འགྱུར་རོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་ཉན་པ་དང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཡི་གེར་འདྲི་བར་འགྱུར་བ་དང་། དེ་བཞིན་ཉིད་དུ་སློབ་པ་དང་དེ་བཞིན་ཉིད་དུ་སྒྲུབ་པ་དང་དེ་བཞིན་ཉིད་དུ་
རྣལ་འབྱོར་དུ་བྱེད་པར་འགྱུར་བ་དེ་དག་ནི་དེ་བཞིན་གཤེགས་པས་མཁྱེན་ཏེ། ཤཱ་རིའི་བུ་དེ་དག་ནི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་སོ། །ཤཱ་རིའི་བུ་དེ་དག་ནི་དེ་བཞིན་གཤེགས་པས་གཟིགས་སོ། །ཤཱ་རིའི་བུ་དེ་དག་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་སྤྱན་
གྱིས་རྣམ་པར་གཟིགས་སོ། །ཐོས་ནས་ཀྱང་བཟུང་བ་དང་བཅངས་པ་དང་ཀླགས་པ་དང་ཀུན་ཆུབ་པར་བྱས་པ་དང་རབ་ཏུ་བཏོན་པ་དང་བསྟན་པ་དང་ཉེ་བར་བསྟན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱས་པ་དང་ཡི་གེར་བྲིས་ནས་དེ་བཞིན་ཉིད་དུ་སློབ་པ་དང་དེ་བཞིན་ཉིད་དུ་སྒྲུབ་པ་དང་དེ་
བཞིན་ཉིད་དུ་རྣལ་འབྱོར་དུ་བྱེད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་དེ་བཞིན་ཉིད་ལ་གནས་པར་འགྱུར་རོ། །ཤཱ་རིའི་བུ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ནས་འཆང་བར་འགྱུར་
ཀློག་པར་འགྱུར་ཀུན་ཆུབ་པར་བྱེད་པར་འགྱུར་རབ་ཏུ་འདོན་པར་འགྱུར་སྟོན་པར་འགྱུར་ཉེ་བར་སྟོན་པར་འགྱུར་ལུང་འབོགས་པར་འགྱུར་ཁ་ཏོན་བྱེད་པར་འགྱུར་ཡི་གེར་འདྲི་བར་འགྱུར་གྱི་དེ་བཞིན་ཉིད་དུ་མི་སློབ་དེ་བཞིན་ཉིད་དུ་མི་སྒྲུབ་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་མི་བྱེད་པ་དེ་དག་ནི། དེ་བཞིན་
ཉིད་དུ་མི་སློབ་པ་དང་དེ་བཞིན་ཉིད་དུ་མི་སྒྲུབ་པ་དང་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་མི་བྱེད་པས། དེ་བཞིན་ཉིད་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གནས་པར་མི་འགྱུར་མོད་ཀྱི། ཤཱ་རིའི་བུ་དེ་དག་ཀྱང་དེ་བཞིན་གཤེགས་པས་མཁྱེན་དེ་དག་ཀྱང་དེ་བཞིན་གཤེགས་
เล่ม ๓๓ · หน้า 125a
པས་བྱིན་གྱིས་བརླབས་དེ་དག་ཀྱང་དེ་བཞིན་གཤེགས་པས་གཟིགས་ཏེ་ཤཱ་རིའི་བུ་དེ་དག་ཀྱང་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་སོ། །ཤཱ་རིའི་བུ་དེ་དག་གི་འབད་པ་དང་། ཡོངས་སུ་གཡོ་བ་དེ་ཡང་དོན་ཆེན་པོ་དང་། ཕན་ཡོན་ཆེན་
པོ་དང་འབྲས་བུ་ཆེན་པོ་དང་རྣམ་པར་སྨིན་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་ཀྱི་དོན་དམ་པ་དང་ལྡན་པ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཡང་དག་པ་ཅི་ལྟ་བ་བཞིན་དུ་རྟོགས་པར་བྱ་བས་ཉེ་བར་གནས་སོ། །
ཤཱ་རིའི་བུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་མདོ་སྡེ་འདི་དག་ནི་དེ་བཞིན་གཤེགས་པ་འདས་ནས་ཀྱང་དམ་པའི་ཆོས་འཇིག་པའི་དུས་ཀྱི་ཚེ་ཆོས་འདུལ་བ་སྙིང་པོ་སར་བ་ཐོབ་པ་ན་ལྷོ་ཕྱོགས་སུ་འབྱུང་བར་འགྱུར་རོ། །ལྷོ་ཕྱོགས་ནས་ཀྱང་བར་ཏ་ནིར་འབྱུང་བར་འགྱུར་རོ། །བར་ཏ་
ནི་ནས་ཡང་བྱང་ཕྱོགས་སུ་འབྱུང་སྟེ། ཤཱ་རིའི་བུ་དེའི་དུས་ན་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པར་འགྱུར་ཞིང་ཐ་ན་གླེགས་བམ་དུ་ཆུད་
པར་བྱས་ནས་འཆང་བར་འགྱུར་བའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པས་དགོངས་སོ། །དེ་དག་ནི་དེ་བཞིན་གཤེགས་པས་མཁྱེན་ཏོ། །ཤཱ་རིའི་བུ་དེ་དག་ནི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་སོ། །ཤཱ་རིའི་བུ་དེ་དག་ནི་དེ་བཞིན་གཤེགས་པས་
གཟིགས་སོ། །ཤཱ་རིའི་བུ་དེ་དག་ནི་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་སོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་བུར་ཟབ་མོ་འདི་ཡང་འདི་ལྟར་ཕྱི་མའི་དུས་ཕྱི་མའི་ཚེ་ན་བྱང་གི་ཡུལ་དང་བྱང་གི་ཕྱོགས་
ཀྱི་ཆར་རྒྱས་པར་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ལ་བྱང་གི་ཡུལ་དང་བྱང་གི་ཕྱོགས་ཀྱི་ཆ་དེར་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མཉན་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྣལ་འབྱོར་དུ་བྱེད་པ་དེ་དག་རྒྱས་པར་
เล่ม ๓๓ · หน้า 125b
འགྱུར་རོ། །ཤཱ་རིའི་བུ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པ་དང་འདྲི་བ་དང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པར་འགྱུར་བ་དང་དེ་བཞིན་ཉིད་དུ་སློབ་པ་དང་
དེ་བཞིན་ཉིད་དུ་སྒྲུབ་པ་དང་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་བྱེད་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཡུན་རིང་པོ་ནས་ཐེག་པ་ལ་ཡང་དག་པར་ཞུགས་པར་རིག་པར་བྱའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་གི་ཡུལ་དང་བྱང་གི་ཕྱོགས་
ཀྱི་ཆར་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པ་དང་འདྲི་བ་དང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བགྱིད་པར་འགྱུར་བ་དང་དེ་བཞིན་ཉིད་དུ་སློབ་པ་དང་དེ་བཞིན་ཉིད་དུ་
སྒྲུབ་པ་དང་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་བགྱིད་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཉུང་ངུ་འམ་འོན་ཏེ་མང་སྟེ་ཅི་སྙེད་ཅིག་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་གི་ཡུལ་དང་བྱང་གི་ཕྱོགས་ཀྱི་ཆར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་མང་ཞིང་ཤིན་ཏུ་མང་དུ་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ་དེ་དག་མང་མོད་ཀྱི་མང་པོ་དེ་དག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དང་འདྲི་བ་དང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་
བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པར་འགྱུར་བ་དང་དེ་བཞིན་ཉིད་དུ་སློབ་པ་དང་དེ་བཞིན་ཉིད་དུ་སྒྲུབ་པ་དང་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་བྱེད་པར་འགྱུར་བ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པ་ན་འགོང་བར་མི་འགྱུར་ཀུན་ཏུ་ཞུམ་པར་མི་འགྱུར་བག་ཚ་བར་མི་འགྱུར་བག་འཁུམས་
པར་མི་འགྱུར་ཡིད་ཕྱིར་ཕྱོགས་པར་མི་འགྱུར་དངང་བར་མི་འགྱུར་ཀུན་ཏུ་སྐྲག་པར་མི་འགྱུར་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཆེས་ཉུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཡུན་རིང་པོ་ནས་ཐེག་པ་
เล่ม ๓๓ · หน้า 126a
ལ་ཡང་དག་པར་ཞུགས་པར་རིག་པར་བྱའོ། །དེ་དག་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྗེས་སུ་འབྲང་ཞིང་ཡོངས་སུ་དྲིས་བ་དང་ཡོངས་སུ་ཞུས་པ་དང་ཡོངས་སུ་དྲི་བ་བྱས་ཤིང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་
ཅན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མཆོད་པ་ཡིན་ནོ། །དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །དེ་དག་ནི་འདི་ལྟ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་འདི་ཉིད་ལས་བརྩམས་ཏེ་སྐྱེ་བོ་མང་པོའི་དོན་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་ང་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ་བྱས་སོ། །དེ་དག་ནི་ཚེ་རབས་འཕོས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་
པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་འདི་ཉིད་ལ་ཡང་དག་པར་སྤྱོད་པར་འགྱུར་རོ། །འདི་ལྟ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ནས་དེ་ཉིད་ཀྱི་གཏམ་བྱེད་པར་འགྱུར་དེ་ཉིད་ཀྱི་གཏམ་ལ་མངོན་པར་དགའ་བར་འགྱུར་རོ། །དེ་དག་ལ་ལེགས་པར་གནས་ཤིང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཉམ་པར་གཞག་པར་འགྱུར་ཏེ་བདུད་ཀྱིས་ཀྱང་དབྱེ་བར་བྱེད་མི་ནུས་ན་འདི་ལྟ་སྟེ་སེམས་ཅན་གཞན་དག་གིས་འདུན་པའམ་སྔགས་ཀྱི་སྒོ་ནས་དབྱེ་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མཐུ་བརྟན་
པའི་ཕྱིར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་གིས་དེ་ཐོས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དགའ་བ་དང་དང་བ་དང་རབ་ཏུ་དང་བ་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ། །དེ་དག་གིས་ནི་འདི་ལྟ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྐྱེ་བོ་མང་པོ་དག་གི་དགེ་བའི་རྩ་
བ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་ནི་ངའི་མངོན་སུམ་དུ་ཚིག་འདི་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་གིས་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་སྲོག་ཆགས་སྟོང་ཕྲག་མང་པོ་དང་སྲོག་ཆགས་བརྒྱ་སྟོང་ཕྲག་
เล่ม ๓๓ · หน้า 126b
མང་པོ་དང་སྲོག་ཆགས་བྱེ་བ་སྟོང་ཕྲག་མང་པོ་དང་སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་གཞག་པར་བྱའོ་ཡང་དག་པར་བསྟན་
པར་བྱའོ་ཡང་དག་པར་དགོད་པར་བྱའོ་ཡང་དག་པར་གཟེངས་བསྟོད་པར་བྱའོ་ཡང་དག་པར་དགའ་བ་བསྐྱེད་པར་བྱའོ་ཡང་དག་པར་རབ་ཏུ་དབྱེ་བར་བྱའོ། །རྫོགས་པའི་བྱང་ཆུབ་ལ་གནས་པར་བྱའོ། །སླར་མི་ལྡོག་པར་བྱའོ་ཞེས་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། ངས་གང་དག་
གིས་ཚིག་འདི་སྐད་ཅེས་བྱང་ཆུབ་ཀྱི་དོན་དུ་སྤྱོད་པ་ན་བདག་གིས་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་སྲོག་ཆགས་སྟོང་ཕྲག་མང་པོ་དང་སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང་སྲོག་ཆགས་བྱེ་བ་བརྒྱ་ཕྲག་མང་པོ་དང་སྲོག་ཆགས་བྱེ་བ་སྟོང་ཕྲག་མང་བོ་དང་སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་
མང་པོ་དང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་གཞག་པར་བྱའོ་ཡང་དག་པར་བསྟན་པར་བྱའོ་ཡང་དག་པར་དགོད་པར་བྱའོ་ཡང་དག་པར་གཟེངས་བསྟོད་པར་བྱའོ་ཡང་དག་པར་དགའ་བར་བྱའོ་ཡང་དག་པར་རབ་
ཏུ་དབྱེ་བར་བྱའོ་རྫོགས་པའི་བྱང་ཆུབ་ལ་གནས་པར་བྱའོ་ཕྱིར་མི་ལྡོག་པར་བྱའོ་ཞེས་སྨྲས་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་དེ་དག་གི་སེམས་ལ་སེམས་ཀྱིས་བལྟས་ནས་རྗེས་སུ་ཡི་རང་བར་བྱས་སོ། །དེ་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་
མོས་པ་རྒྱ་ཆེན་པོ་དང་ལྡན་པ་ཡིན་ནོ། །གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་གྱུར་པ་རྣམས་ཆོས་སྟོན་པར་འགྱུར་བ་དང་། གང་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐད་ནས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེར་ཐོས་པར་འགྱུར་བ་གང་ཡིན་པའི་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དུ་འགྲོ་བར་བྱ་བར་སེམས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེ་དག་ཏུ་ཡང་དེ་དག་གིས་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་སྲོག་ཆགས་སྟོང་ཕྲག་མང་པོ་དང་སྲོག་ཆགས་བརྒྱ་སྟོང་
เล่ม ๓๓ · หน้า 127a
ཕྲག་མང་པོ་དང་སྲོག་ཆགས་བྱེ་བ་བརྒྱ་ཕྲག་མང་པོ་དང་སྲོག་ཆགས་བྱེ་བ་སྟོང་ཕྲག་མང་པོ་དང་སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇོག་པར་དང་ཡང་དག་པར་
སྟོན་པ་དང་ཡང་དག་པར་འགོད་པ་དང་ཡང་དག་པར་གཟེངས་བསྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བ་བསྐྱེད་པ་དང་ཡང་དག་པར་རབ་ཏུ་འབྱེད་པ་དང་ཡང་དག་པར་བྱང་ཆུབ་པ་ལ་གཞོག་པར་བྱེད་པ་དང་ཕྱིར་མི་ལྡོག་པར་བྱེད་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་
འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་ཀྱི་བར་རྣམས་ལ་མ་གཟིགས་པ་འམ་མ་གསན་པ་འམ་མངོན་པར་མི་མཁྱེན་
པ་འམ་རྣམ་པར་མི་མཁྱེན་པ་གང་ཡང་མ་མཆིས་ཤིང་། ཆོས་གང་ཡང་རྣམ་པར་མི་མཁྱེན་པ་མ་མཆིས་སེམས་ཅན་གྱི་སྤྱོད་པ་གང་ཡང་རྣམ་པར་མི་མཁྱེན་པ་མ་མཆིས་པ་དང་། བཅོམ་ལྡན་འདས་ཡང་དེའི་ཚེ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་འཆང་བ་དང་
ཀློག་པ་དང་ཀུན་ཆུབ་པར་བགྱིད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བགྱིད་པ་དང་ཡི་གེར་འདྲི་བར་འགྱུར་བ། མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་འདོད་པ་རྣམས་དང་ལྷག་པའི་བསམ་པ་ཕུན་སུམ་ཚོགས་
པ་རྣམས་དང་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་ཡང་སྤྱོད་པ་གང་དུ་མཁྱེན་པ་ཞེས་བྱ་བ་དེ་ནི་ངོ་མཚར་ཏོ། །གང་དེའི་ཚེ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་སླད་དུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྩོན་པ་བསྐྱེད་དེ། ཚོལ་བ་དང་ཡོངས་སུ་ཚོལ་བ་དང་ཚོལ་བར་འགྱུར་བའི་
རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལས། བཙལ་བ་དང་ཡོངས་སུ་བཙལ་བ་དང་བཙལ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ནི་བཙལ་བ་ན་རྙེད་པར་འགྱུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཁ་ཅིག་གིས་བཙལ་ཀྱང་མི་རྙེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་
เล่ม ๓๓ · หน้า 127b
འདི་ཁ་ཅིག་གིས་མ་བཙལ་ཀྱང་རྙེད་པར་འགྱུར་བ་བཅོམ་ལྡན་འདས་འདིའི་རྒྱུ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་ནི་འདས་པ་
དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་རྣམས་ལ་མ་གཟིགས་པ་འམ་མ་གསན་པ་འམ་མི་མཁྱེན་པ་འམ་རྣམ་པར་མི་མཁྱེན་པ་ནི་གང་ཡང་མེད་དོ། །ཤཱ་རིའི་བུ་ཡང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཙལ་ཞིང་རྗེས་སུ་བཙལ་ལ་
ཡོངས་སུ་བཙལ་ཀྱང་མི་རྙེད་ལ། བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ནི་མ་བཙལ་རྗེས་སུ་མ་བཙལ་ཡོངས་སུ་མ་བཙལ་ཡང་རྙེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྔོན་གྱི་མཐར་ཡང་བརྩོན་པ་མ་བོར་བར་
བཙལ་བ་དང་ཡོངས་སུ་བཙལ་བས་ན་དེ་དག་གིས་སྔོན་གྱི་དགེ་བའི་རྩ་བའི་འདུན་པ་དེ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་བཙལ་རྗེས་སུ་མ་བཙལ་ཡོངས་སུ་མ་བཙལ་ཡང་རྙེད་པར་འགྱུར་རོ། །དེ་ལས་གཞན་པའི་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མངོན་པར་བརྗོད་པ་དེ་
དག་ཀྱང་དེ་དག་ལ་རང་ཉིད་ཉེ་བར་འོང་བར་འགྱུར་ཉེ་བར་གཞོལ་བ་དང་ཉེ་བར་ཕྱོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་འདི་ལྟར་ཡིན་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བརྩོན་པ་མ་བོར་བར་ཚོལ་བ་དང་ཡོངས་སུ་ཚོལ་བ་
དེས་ནི་སྐྱེ་བ་འཕོས་ཤིང་ཚེ་རབས་རྗེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྙེད་པར་འགྱུར་ཞིང་དེ་ལས་གཞན་པའི་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དག་ཀྱང་དེའི་དྲུང་དུ་རང་ཉིད་ཉེ་བར་འོང་བ་དང་ཉེ་བར་གཞོལ་བ་དང་ཉེ་བར་ཕྱོགས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་།
བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་མདོ་འདི་དག་ཉིད་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་ཉེ་བར་འོང་བ་དང་ཉེ་བར་གཞོལ་བ་དང་ཉེ་བར་ཕྱོགས་པར་འགྱུར་གྱི་གཞན་དག་ནི་མ་ལགས་སམ།
เล่ม ๓๓ · หน้า 128a
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་མདོ་སྡེ་ཟབ་མོ་ཟབ་པ་གཞན་ཅི་སྙེད་ཡོད་པ་དེ་དག་ཀྱང་། བདག་ཉིད་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་རང་ཉིད་ཉེ་བར་འོང་བ་དང་ཉེ་བར་གཞོལ་བ་དང་ཉེ་བར་ཕྱོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་
བུ་དེ་ནི་འདི་ལྟར་ཡིན་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་འཇོག་པ་དང་ཡང་དག་པར་སྟོན་པ་དང་ཡང་དག་པར་འགོད་པ་དང་། ཡང་དག་པར་གཟེངས་སྟོད་པ་དང་ཡང་དག་པར་རབ་ཏུ་དགའ་བར་བྱེད་
པ་དང་ཡང་དག་པར་རབ་ཏུ་འབྱེད་པར་འགྱུར་བ་དང་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་བྱེད་པར་འགྱུར་བ་དང་ཕྱིར་མི་ལྡོག་པར་བྱེད་པར་འགྱུར་ཞིང་བདག་ཉིད་ཀྱང་དེ་ལ་སློབ་པར་འགྱུར་ན། ཤཱ་རིའི་བུ་སྐྱེ་བ་འཕོས་ནས་ཀྱང་དེ་དག་ལ་མི་དམིགས་པ་དང་ལྡན་པ་དང་སྟོང་པ་ཉིད་དང་
ལྡན་པ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་མདོ་སྡེ་ཟབ་མོ་ཟབ་པ་དག་རང་ཉིད་ཉེ་བར་འོང་བར་འགྱུར་རང་ཉིད་ཉེ་བར་གཞོལ་བར་འགྱུར་རང་ཉིད་ཉེ་བར་ཕྱོགས་པར་འགྱུར་རོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། འཛིན་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་
ལེའུ་ཞེས་བྱ་སྟེ་བཅུ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་བཅུ་གཅིག་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་ཡོན་
ཏན་འདི་དག་ནི་བཅོམ་ལྡན་འདས་ཀྱིས་ཡོངས་སུ་བརྗོད་ན། བཅོམ་ལྡན་འདས་ཡང་དེ་དག་ལ་བར་དུ་གཅོད་པ་ཅི་ཙམ་དག་འབྱུང་བར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བར་ཆད་བྱེད་
པའི་བདུད་ཀྱི་ལས་མང་དུ་འབྱུང་བར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བར་དུ་གཅོད་པར་བགྱིད་པའི་བདུད་ཀྱི་ལས་མང་པོ་ཚུལ་ཅི་ལྟ་བུ་དག་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་
เล่ม ๓๓ · หน้า 128b
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་དེ་དག་གི་སྤོབས་པ་ཡུན་རིང་མོ་ཞིག་ན་འབྱུང་བར་འགྱུར་ཏེ་རབ་འབྱོར་འདི་ནི་བདུད་ཀྱི་ལས་དང་པོར་རིག་པར་བྱའོ། །རབ་འབྱོར་སྤོབས་པ་དེ་སྐྱེས་ན་ཡང་ཡིད་གཡེངས་པ་ཉིད་དུ་འགྱུར་ཏེ་འདི་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་
འབྱོར་དེ་དག་གླལ་བ་དང་རྒོད་པ་དང་སྟེག་ཅིང་ཡི་གེར་འདྲི་བར་གྱུར་ན་འདི་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་སེམས་རྣམ་པར་གཡེང་བས་ཀུན་ཆུབ་པར་བྱེད་ན་འདི་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་རྣམ་པར་ཤེས་པ་ཕན་ཚུན་དང་ལྡན་པས་ཡི་གེར་འདྲི་ན་འདི་
ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་དྲན་པ་མི་འཐོབ་ན་འདི་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ཕན་ཚུན་བཞད་གད་བྱེད་ཅིང་ཡི་གེར་འདྲི་ན་འདི་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ཕན་ཚུན་ཅོ་འདྲི་ཞིང་ཡི་གེར་འདྲི་ན་འདི་ཡང་བདུད་ཀྱི་ལས་
སུ་རིག་པར་བྱའོ། །རབ་འབྱོར་མིག་གཡེང་ཞིང་ཡི་གེར་འདྲི་ན་འདི་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ཡི་གེར་འདྲི་བ་དག་ཕན་ཚུན་ཚོགས་པ་དང་མི་མཐུན་པར་གྱུར་ན་འདི་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་བདག་གིས་འདིའི་གཏིང་མི་རྙེད་རོ་མི་
མྱོང་ངོ་ཞེས་སྟན་ལས་ལངས་ཏེ་འགྲོ་ན་འདི་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ལུང་མ་བསྟན་ཏོ་ཞེས་སེམས་མ་དད་པས་སྟན་ལས་ལངས་ཏེ་སོང་ན་འདི་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་བདག་གང་དུ་སྐྱེས་
པའི་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མིང་ཡང་འདིར་མ་སྨོས་འདིར་བདག་གི་མིང་དང་རིགས་ཀྱང་མ་སྨོས། བདག་གི་ཕ་མའི་མིང་དང་རིགས་ཀྱང་འདིར་མ་སྨོས། བདག་གང་དུ་སྐྱེས་པའི་རིགས་ཀྱང་མ་སྨོས་སོ་སྙམ་ནས། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཉན་པར་སེམས་
ཤིང་དེ་ནས་འགྲོ་བར་སེམས་ན་སེམས་བསྐྱེད་པ་དེ་དག་ཇི་སྙེད་ཀྱིས་དེ་དག་ཇི་ལྟ་ཇི་ལྟར་འགྲོ་བར་འགྱུར་བ་དེ་ལྟ་དེ་ལྟར། གང་དུ་དེ་དག་གིས་སླར་རྣལ་འབྱོར་ཉིད་དུ་བྱ་བར་འགྱུར་བ། བསྐལ་པ་དེ་སྙེད་དུ་འཁོར་བ་ཡོངས་སུ་འཛིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་
เล่ม ๓๓ · หน้า 129a
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མི་ཉན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་མི་འགྱུར་ཏེ་རབ་འབྱོར་འདི་ཡང་དེ་དག་གི་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་
གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པར་བྱེད་པ་འདི་སྤངས་ཤིང་བོར་ནས་མདོ་སྡེ་གང་དག་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པར་བྱེད་པ་མ་ཡིན་པ་ཉིད་དེ་དག་ཡོངས་སུ་བཙལ་བར་སེམས་པར་འགྱུར་ཏེ་
རབ་འབྱོར་འདི་ཡང་དེ་དག་གི་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ཡང་ཅི་ལྟར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་དག་ལ་སློབ་པར་མི་འདོད་པ་དང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་དག་ལ་ངེས་པར་འབྱུང་བར་མི་འདོད་པ་དེ་ལྟར་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་ལ་མི་སློབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མ་བསླབས་པས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་དག་ལ་ངེས་པར་འབྱུང་བར་མི་འགྱུར་རོ། །དེ་ལྟར་བློ་ཆུང་བ་དེ་དག་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཡང་དག་པ་
ཅི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་རྩ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་ཤིང་བོར་ནས་ཡལ་ག་ལ་འཇུ་བར་སེམས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁྱི་ནི་ངོ་བོའི་ཐད་ནས་ཟན་གོང་བསླང་བ་བཏང་སྟེ། ལས་བྱེད་པའི་མི་ལས་ཟན་ཁམ་བཙལ་བར་སེམས་པ་དེ་བཞིན་དུ་རབ་འབྱོར་
ཕྱི་མ་མ་འོངས་པའི་དུས་ན་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གང་ལ་ལ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩ་བ་འདི་བོར་ཏེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཡལ་ག་དང་ལོ་མ་དང་འདབ་མ་ལྟ་བུ་ལས་སྙིང་པོ་སངས་རྒྱས་ཉིད་བཙལ་བར་སེམས་པར་
འགྱུར་ཏེ་རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་དེ་དག་གི་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བློ་ཆུང་བ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པར་བྱེད་པར་མི་ཤེས་ཏེ། དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
เล่ม ๓๓ · หน้า 129b
པ་སྤངས་ཤིང་བོར་ནས་དེ་ལས་གཞན་པའི་མདོ་སྡེ་གང་དག་ཉན་ཐོས་ཀྱི་ས་མངོན་པར་སྟོན་པ་དང་རང་སངས་རྒྱས་ཀྱི་ས་མངོན་པར་སྟོན་པ་དེ་དག་ལ་ལྷག་པར་ཀུན་ཆུབ་པར་བྱ་བར་སེམས་པར་འགྱུར་ཏེ། དེ་ལྟ་བུའི་ཚུལ་གྱི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཡལ་ག་དང་ལོ་མ་དང་འདབ་མ་ལྟ་
བུ་ལ་ཞུགས་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཅི་ལྟར་གང་ཟག་ཉན་ཐོས་ཀྱི་ཐེག་པ་ཅན་དག་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་དག་སློབ་པ་དེ་ལྟར་བསླབ་པར་མི་བྱའོ། །རབ་འབྱོར་གང་ཟག་ཉན་ཐོས་
ཀྱི་ཐེག་པ་ཅན་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་དག་ཅི་ལྟར་སློབ་ཅེ་ན། རབ་འབྱོར་དེ་དག་འདི་སྙམ་དུ་སེམས་ཏེ། བདག་གཅིག་པུ་དུལ་བར་བྱའོ་བདག་གཅིག་པུ་ཞི་བར་བྱའོ་བདག་གཅིག་པུ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་སྙམ་སྟེ། བདག་འབའ་ཞིག་དུལ་བ་དང་ཞི་
བ་དང་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་དགེ་བའི་རྩ་བ་ཐམས་ཅད་མངོན་པར་འདུ་བྱེད་པའི་སྦྱོར་བ་རྩོམ་སྟེ། རབ་འབྱོར་ཡང་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་མི་བྱའོ། །རབ་འབྱོར་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་ནི་འཇིག་རྟེན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་བདག་ཉིད་ཀྱང་དེ་བཞིན་ཉིད་ལ་གནས་པར་བྱ་སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་ཉིད་ལ་དགོད་པར་བྱ་སྟེ། སེམས་ཅན་གྱི་ཁམས་གཞལ་དུ་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་དེ་ལྟར་བསླབ་པར་བྱ་སྟེ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་རྩ་བ་ཐམས་ཅད་མངོན་པར་འདུ་བྱེད་པའི་སྦྱོར་བ་དེ་ལྟར་བརྩམ་པར་བྱ་ཞིང་དེས་རློམ་སེམས་སུ་ཡང་མི་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གླང་པོ་ཆེ་མ་མཐོང་བའི་སྐྱེས་བུ་ལ་ལ་ཞིག་གླང་པོ་ཆེའི་ཁ་དོག་དང་དབྱིབས་ཚོལ་
ཏེ། དེས་མུན་ཁུང་ནས་གླང་པོ་ཆེ་ཞིག་རྙེད་ནས་སྣང་བ་ག་ལ་བ་དེར་བརྟགས་སོ། །དེར་བརྟགས་ནས་གླང་པོ་ཆེའི་རྗེས་བཙལ་བར་སེམས་ཤིང་གླང་པོ་ཆེའི་རྗེས་ལས་གླང་པོ་ཆེའི་ཁ་དོག་དང་དབྱིབས་གཟུང་བར་སེམས་ན། རབ་འབྱོར་དེ་ཅི་སྙམ་དུ་སེམས་ཅི་སྐྱེས་བུ་དེ་མཁས་པའི་
เล่ม ๓๓ · หน้า 130a
རང་བཞིན་ཅན་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མི་ཤེས་ཤིང་
མི་འདྲི་བར་དེ་སྤངས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། མདོ་སྡེ་གང་དག་ཉན་ཐོས་ཀྱི་ས་མངོན་པར་སྟོན་པ་དང་རང་སངས་རྒྱས་ཀྱི་ས་མངོན་པར་སྟོན་པ་དེ་དག་ཡོངས་སུ་བཙལ་བར་སེམས་པ་དེ་དག་དེ་ལྟ་བུའི་ཚུལ་
དུ་རིག་པར་བྱ་སྟེ། རབ་འབྱོར་འདི་ཡང་དེ་དག་གི་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་རིན་པོ་ཆེ་དོན་དུ་གཉེར་བ་ཞིག་རྒྱ་མཚོ་ཆེན་པོ་མཐོང་ནས། དེར་རིན་པོ་ཆེ་དག་ལ་མི་དཔྱོད་ཅིང་མི་སེམས་ལ་མི་འཇུག་པར་དེ་རིན་པོ་ཆེའི་རྒྱུར་བ་ལང་
གི་རྨིག་རྗེས་ཀྱི་ནང་དུ་ཚོལ་བར་སེམས་ཤིང་བ་ལང་གི་རྨིག་རྗེས་དང་རྒྱ་མཚོ་ཆེན་པོ་མཚུངས་པར་བྱ་བར་སེམས་ན། རབ་འབྱོར་དེ་ཅི་སྙམ་དུ་སེམས། ཅི་སྐྱེས་བུ་དེ་མཁས་པའི་རང་བཞིན་ཅན་དུ་རིག་པར་བྱ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྙེད་ཀྱང་མ་རྟོགས་ཤིང་མི་ཤེས་པས་འདོར་པར་བྱེད་དེ་མདོ་སྡེ་གང་དག་ཉན་ཐོས་ཀྱི་ས་མངོན་པར་སྟོན་པ་དང་རང་སངས་རྒྱས་ཀྱི་ས་མངོན་པར་སྟོན་
པ་དེ་དག་ལ་བརྩོན་པ་ཆུང་ངུས་གནས་པར་འདོད་པས་བཙལ་བར་སེམས་དཔའ་དེ་དག་ནི་དེ་ལྟ་བུའི་ཚུལ་དུ་རིག་པར་བྱའོ། །གང་དུ་བྱང་ཆུབ་སེམས་དཔའི་ཐེག་པ་མ་བརྗོད་པར། བདག་གཅིག་པུ་དུལ་བ་དང་ཞི་བར་གནས་པ་དང་འདི་ལྟར་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ཉིད་དོ་ཞེས་
བྱ་བ་དང་ནང་དུ་ཡང་དག་བཞག་པ་དང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱའོ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པར་བྱའོ་རང་བྱང་ཆུབ་ཐོབ་པར་བྱའོ། །ཚེ་འདི་ཉིད་ལ་ལེན་པ་མེད་པར་ཟག་པ་ལས་སེམས་ཡོངས་སུ་གྲོལ་
เล่ม ๓๓ · หน้า 130b
བར་བྱས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་བརྗོད་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དང་ལྡན་པ་ཞེས་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སེམས་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ཤིང་གོ་ཆ་ཆེན་པོ་བགོས་པ་ཡིན་ཏེ་དེ་དག་གིས་ནམ་དུ་ཡང་སྤྲོ་བ་ཆུང་ངུ་ལ་སེམས་མི་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དེ་དག་ནི་འཇིག་རྟེན་ཡོངས་སུ་འདྲེན་པ་འཇིག་རྟེན་གྱི་དོན་བྱེད་པ་ཡིན་ཏེ། དེ་
བས་ན་དེ་དག་གིས་དུས་རྟག་ཏུ་རྒྱུན་མི་འཆད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལེགས་པར་བསླབ་པར་བྱའོ། །རབ་འབྱོར་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གང་དག་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་བློ་ཆུང་བ་ལྷག་པའི་བསམ་པ་ཞན་པ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་དང་
ལྡན་པའི་མདོ་སྡེ་དག་མི་ཤེས་ཤིང་ཁོང་དུ་མ་ཆུད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤངས་ཤིང་བོར་ནས་མདོ་སྡེ་གང་དག་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་མངོན་པར་སྟོན་པ་དེ་དག་ཡོངས་སུ་བཙལ་བར་སེམས་ཏེ། རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་འདི་ལྟ་
བུའི་ཚུལ་ཅན་དེ་དག་གི་འདི་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤིང་མཁན་ནམ། ཤིང་མཁན་གྱི་སློབ་མ་ཞིག་རྣམ་པར་རྒྱལ་བའི་ཁང་པའི་ཚད་དུ་ཁང་པ་བྱེད་པར་འདོད་པ་དང་སྒྲུབ་པར་འདོད་ནས། དེ་ཉི་མ་དང་ཟླ་བའི་གཞལ་མེད་ཁང་གི་ཚད་དང་
དཀྱིལ་འཁོར་ཡོངས་སུ་ཚོལ་ཏེ། དེ་ཡོངས་སུ་ཚོལ་བས་ཉི་མ་དང་ཟླ་བའི་གཞལ་མེད་ཁང་མཐོང་བ་དང་དེ་དེ་དག་གི་ཚད་གཟུང་བར་སེམས་ན། རབ་འབྱོར་དེ་ཅི་སྙམ་དུ་སེམས། རྣམ་པར་རྒྱལ་བའི་ཁང་པའི་ཚད་ཀྱི་ཁང་བ་བྱེད་པར་འདོད་པ་དང་སྒྲུབ་པར་འདོད་པས། ཉི་མ་དང་
ཟླ་བའི་གཞལ་མེད་ཁང་གི་ཚད་གཟུང་བར་བྱ་བ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་གང་ཟག་བྱང་ཆུབ་སེམས་དཔའི་
เล่ม ๓๓ · หน้า 131a
ཐེག་པ་ཅན་ལ་ལ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྙེད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཏང་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དང་ལྡན་པའི་མདོ་སྡེ་དག་ལས་ཐམས་ཅད་
མཁྱེན་པ་ཉིད་ཡོངས་སུ་ཚོལ་པར་སེམས་ཏེ། མདོ་སྡེ་གང་དག་བདག་གཅིག་པུ་དུལ་བར་བྱའོ་བདག་གཅིག་པུ་ཞི་བར་བྱའོ་བདག་གཅིག་པུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་དེ་ལྟར་མངོན་པར་སྟོན་པ། བདག་འབའ་ཞིག་དུལ་བ་དང་ཞི་བ་དང་ཡོངས་སུ་མྱ་ངན་ལས་འདའ་བ་
ཐོབ་པར་བྱེད་པ་དེ་ལྟ་བུའི་ཚུལ་གྱིས་མདོ་སྡེ་དག་ཡོངས་སུ་ཚོལ་ཞིང་དེ་ལྟ་བུར་སློབ་པར་སེམས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་མཁས་པའི་རང་བཞིན་ཅན་དུ་རིག་པར་བྱའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་
ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཡང་དེ་དག་གི་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་འདོད་པར་གྱུར་ལ་དེས་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐོང་སྟེ། མཐོང་ནས་
འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁ་དོག་དང་དབྱིབས་དང་གཟི་བརྗིད་དང་རྫུ་འཕྲུལ་འདི་འདྲའོ་ཞེས་མཚན་མར་བཟུང་ནས། དེས་མཁར་གྱི་རྒྱལ་པོ་མཐོང་ན། དེས་མཁར་གྱི་རྒྱལ་པོ་དེའི་ཁ་དོག་དང་དབྱིབས་དང་གཟི་བརྗིད་དང་རྫུ་འཕྲུལ་དང་མཚན་མ་བཟུང་སྟེ། བྱེ་བྲག་ཤེས་པར་མི་
ནུས་པས་འདི་སྐད་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ནི་ཁ་དོག་དང་དབྱིབས་དང་གཟི་བརྗིད་དང་རྫུ་འཕྲུལ་དང་མཚན་མ་འདི་ཁོ་ན་འདྲའོ་ཞེས་ཟེར་ན། རབ་འབྱོར་དེ་ཅི་སྙམ་དུ་སེམས། གང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཁར་གྱི་རྒྱལ་པོ་དང་མཚུངས་པར་བྱ་བར་སེམས་པའི་སྐྱེས་བུ་དེ་མཁས་
པའི་རང་བཞིན་ཅན་དུ་རིག་པར་བྱ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གང་
เล่ม ๓๓ · หน้า 131b
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྙེད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཏང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིང་དུ་བྱས་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དང་ལྡན་པའི་མདོ་སྡེ་དག་ལས་ཐམས་
ཅད་མཁྱེན་པ་ཉིད་ཡོངས་སུ་བཙལ་བར་སེམས་པར་འགྱུར་ཏེ། རབ་འབྱོར་འདི་ཡང་དེ་དག་གི་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ཡང་ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་འདི་དག་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐམས་ཅད་མཁྱེན་
པ་ཉིད་ཡོངས་སུ་བཙལ་བར་བྱའོ་ཞེས་ང་མི་སྨྲ་སྟེ། རབ་འབྱོར་ཡང་འོན་ཀྱང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐབས་མཁས་པ་གང་བཤད་པ་དེ་ལ་མ་བསླབས་པར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་གཞན་དག་ཏུ་བྱང་ཆུབ་སེམས་དཔའ་ཡང་དག་པར་འགྲུབ་པ་ནི་དཀའ་བ་ཡིན་ནོ། །རབ་འབྱོར་དེ་ལྟ་བས་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་ཕན་ཡོན་དེ་དག་ཡང་དག་པར་གཟིགས་པས། རྣམ་གྲངས་དུ་མས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་དག་པར་སྟོན་ཡང་དག་པར་འགོད་ཡང་དག་པར་གཟེངས་བསྟོད་ཡང་དག་པར་རབ་ཏུ་དགའ་བར་བྱེད་ཡང་དག་
པར་འཇུག་པར་བྱེད་ཡང་དག་པར་འཇོག་པར་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །རབ་འབྱོར་ཡང་དེ་ཅི་སྙམ་དུ་སེམས། གང་དག་ཕྱིར་མི་ལྡོག་པའི་ཐེག་པ་ཐེག་པ་
ཆེན་པོ་ཐོབ་ཅིང་བསྒྲུབས་ནས། དེ་ལྟ་བུ་བོར་ཏེ་ཐེག་པ་དམན་པ་ཡོངས་སུ་བཙལ་བར་སེམས་ན། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་མཁས་པའི་རང་བཞིན་ཅན་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་
เล่ม ๓๓ · หน้า 132a
ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་བཀྲེས་པ་ཞིག་གིས་ཁ་ཟས་རོ་བརྒྱ་པ་ཞུན་ཕན་པ་ཞུན་བདེ་བ་ཚེའི་མཐར་ཐུག་པའི་བར་དུ་བཀྲེས་པ་དང་སྐོམ་པ་ཟློག་པ་ཞིག་རྙེད་ལ། དེས་དེ་བོར་ཏེ་ཞག་དྲུག་ཅུ་པའི་འབྲས་ཆན་བཙལ་བར་སེམས་
ཤིང་ཞག་དྲུག་ཅུ་པའི་འབྲས་ཆན་རྙེད་ནས་ཁ་ཟས་རོ་བརྒྱ་བ་བོར་ཏེ། ཞག་དྲུག་ཅུ་པའི་འབྲས་ཆན་དེ་ཟ་བར་སེམས་ན། རབ་འབྱོར་དེ་ཅི་སྙམ་དུ་སེམས། ཅི་སྐྱེས་བུ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་
སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྙེད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཏང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིང་དུ་བྱས་ནས་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་དག་བཙལ་བར་སེམས་ཤིང་། མདོ་སྡེ་གང་དག་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་མངོན་པར་སྟོན་པ་དེ་དག་གིས་ཐམས་ཅད་མཁྱེན་
པ་ཉིད་དང་ཐབས་མཁས་པ་བཙལ་བར་སེམས་ན། རབ་འབྱོར་དེ་ཅི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་མཁས་པའི་རང་བཞིན་ཅན་དུ་རིག་པར་བྱ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཡང་དེ་དག་གི་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་གིས་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཞིག་རྙེད་ནས་ནོར་བུ་རིན་པོ་ཆེ་རིན་ཐང་ཆུང་ཞིང་བྱིན་ཆུང་བ་དང་ལྷན་ཅིག་མཚུངས་པར་བྱ་བར་
སེམས་ན། རབ་འབྱོར་དེ་ཅི་སྙམ་དུ་སེམས། ཅི་སྐྱེས་བུ་དེ་མཁས་པའི་རང་བཞིན་ཅན་དུ་རིག་པར་བྱ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན་
เล่ม ๓๓ · หน้า 132b
འབྱུང་བར་འགྱུར་བའི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འོད་གསལ་བ་རིན་པོ་ཆེ་འདི་ཐོས་ཤིང་རྙེད་ནས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང་མཚུངས་པར་བྱ་བར་སེམས་པར་འགྱུར་ཏེ། ཉན་ཐོས་དང་རང་
སངས་རྒྱས་ཀྱི་ས་ལས་ཐམས་ཅད་མཁྱེན་པ་ཉིད་དང་ཐབས་མཁས་པ་ཡོངས་སུ་བཙལ་བར་སེམས་ན། རབ་འབྱོར་དེ་ཅི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་མཁས་པའི་རང་བཞིན་ཅན་དུ་རིག་པར་བྱ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་
དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་དེ་དག་གི་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་འཛིན་
པ་དང་འཆང་བ་དང་ཀློག་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཆུང་ངུ་ན་ཡི་གེར་འདྲི་བ་ལ་ཡང་གང་སེམས་རྣམ་པར་གཡེང་བར་བྱེད་པར་འགྱུར་བའི་སྤོབས་པ་མང་པོ་འབྱུང་བར་འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་དེ་དག་གི་བདུད་ཀྱི་ལས་སུ་
རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་བྲིར་ནུས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
དེ་ནི་མ་ཡིན་ནོ། །རབ་འབྱོར་གང་སུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་འབྲུར་བྲིས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་པར་སེམས་པ་འམ། མེད་པའོ་ཞེས་པ་འམ། ཡི་གེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མངོན་པར་ཆགས་པ་འམ། ཡི་གེ་མེད་པའོ་སྙམ་ན་
རབ་འབྱོར་འདི་ཡང་དེ་དག་གི་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་འདྲི་བ་ལ། ཡུལ་ཡིད་ལ་བྱེད་པ་དག་འབྱུང་བར་འགྱུར། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་ཡིད་ལ་བྱེད་
เล่ม ๓๓ · หน้า 133a
པ་དག་འབྱུང་བར་འགྱུར། སྐྱེད་མོས་ཚལ་ཡིད་ལ་བྱེད་པ་དག་འབྱུང་བར་འགྱུར། བླ་མ་ཡིད་ལ་བྱེད་པ་དག་འབྱུང་བར་འགྱུར། ཀུན་ཏུ་སྟོན་པ་ཡིད་ལ་བྱེད་པ་དག་འབྱུང་བར་འགྱུར། ཆོམ་རྐུན་ཡིད་ལ་བྱེད་པ་དག་འབྱུང་བར་འགྱུར། ལ་གཅན་ཡིད་ལ་བྱེད་
པ་དག་འབྱུང་བར་འགྱུར། བི་ཤི་ཁཱ་ཡིད་ལ་བྱེད་པ་དག་འབྱུང་བར་འགྱུར། ཤི་བི་ཀ་ཡིད་ལ་བྱེད་པ་དག་འབྱུང་བར་འགྱུར། སྨད་འཚོང་ཡིད་ལ་བྱེད་པ་དག་འབྱུང་བར་འགྱུར། བདེ་བ་ཡིད་ལ་བྱེད་པ་དང་སྡུག་བསྔལ་ཡིད་ལ་བྱེད་པ་དང་འཇིགས་པ་ཡིད་ལ་བྱེད་པ་དག་འབྱུང་
བར་འགྱུར། བུད་མེད་ཡིད་ལ་བྱེད་པ་དང་སྐྱེས་པ་ཡིད་ལ་བྱེད་པ་དང་མ་ནིང་ཡིད་ལ་བྱེད་པ་དག་འབྱུང་བར་འགྱུར། མཛའ་བ་དང་མི་མཛའ་བ་དང་ལྡན་པ་ཡིད་ལ་བྱེད་པ་དག་འབྱུང་བར་འགྱུར། ཕ་མ་དང་ལྡན་པའི་ཡིད་ལ་བྱེད་པ་དག་འབྱུང་བར་འགྱུར། སྤུན་ཟླ་དང་
སྲིང་མོ་དང་ལྡན་པའི་ཡིད་ལ་བྱེད་པ་དག་འབྱུང་བར་འགྱུར། གཉེན་བཤེས་དང་ལྡན་པའི་ཡིད་ལ་བྱེད་པ་དང་གྲོགས་པོ་དང་རྩ་ལག་དང་སྣག་གི་གཉེན་མཚམས་དང་ལྡན་པའི་ཡིད་ལ་བྱེད་པ་དང་། ཆུང་མ་དང་བུ་དང་བུ་མོ་དང་ལྡན་པའི་ཡིད་ལ་བྱེད་པ་དང་། ཁྱིམ་དང་ཟས་དང་
བཏུང་བ་དང་ལྡན་པའི་ཡིད་ལ་བྱེད་པ་དང་གོས་ཡིད་ལ་བྱེད་པ་དང་མལ་སྟན་ཡིད་ལ་བྱེད་པ་དང་། འཚོ་བའི་ཡོ་བྱད་ཡིད་ལ་བྱེད་པ་དང་འཕྲལ་གྱི་བྱ་བ་ཡིད་ལ་བྱེད་པ་དང་། འདོད་ཆགས་ཡིད་ལ་བྱེད་པ་དང་ཞེ་སྡང་ཡིད་ལ་བྱེད་པ་དང་གཏི་མུག་ཡིད་ལ་བྱེད་པ་དང་དུས་ཚིགས་
ཡིད་ལ་བྱེད་པ་དང་དུས་བཟང་པོ་ཡིད་ལ་བྱེད་པ་དང་དུས་ངན་པ་ཡིད་ལ་བྱེད་པ་དང་། གླུ་ཡིད་ལ་བྱེད་པ་དང་སིལ་སྙན་ཡིད་ལ་བྱེད་པ་དང་གར་ཡིད་ལ་བྱེད་པ་དང་སྙན་དངགས་དང་གླུ་ཚིག་དང་སྒྲུང་ཡིད་ལ་བྱེད་པ་དང་། བསྟན་བཅོས་ཡིད་ལ་བྱེད་པ་དང་ཐ་སྙད་ཡིད་ལ་བྱེད་པ་
དང་བཞད་གད་ཡིད་ལ་བྱེད་པ་དང་འཇོ་སྒེག་ཡིད་ལ་བྱེད་པ་དང་། མྱ་ངན་ཡིད་ལ་བྱེད་པ་དང་ཉོན་མོངས་པ་ཡིད་ལ་བྱེད་པ་དང་བདག་ཡིད་ལ་བྱེད་པ་སྟེ། རབ་འབྱོར་ཡིད་ལ་བྱེད་པ་དེ་དག་དང་གཞན་དག་ཀྱང་བདུད་སྡིག་ཅན་ཉེ་བར་སྒྲུབ་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་
เล่ม ๓๓ · หน้า 133b
ཏུ་ཕྱིན་པ་འདི་འཆད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཆུང་ངུ་ན་ཡི་གེར་འདྲི་བ་ལ་ཡང་བར་ཆད་བྱེད་པར་འགྱུར་སེམས་གཡེང་བར་བྱེད་པར་འགྱུར་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
བདུད་ཀྱི་ལས་འདི་དག་རྟོགས་པར་བྱ་སྟེ་རྟོགས་ནས་ཀྱང་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་རྒྱལ་པོ་ཡིད་ལ་བྱེད་པ་དང་གཞོན་ནུ་ཡིད་ལ་བྱེད་པ་དང་གླང་པོ་ཆེ་ཡིད་ལ་བྱེད་པ་དང་རྟ་ཡིད་ལ་བྱེད་པ་དང་ཤིང་རྟ་ཡིད་ལ་བྱེད་པ་དང་ལག་ཅན་གྱི་ཆོ་ལོ་ལྟ་བ་ཡིད་ལ་བྱེད་པ་དག་འབྱུང་
བར་འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་མེ་ཡིད་ལ་བྱེད་པ་དང་། འདོད་པ་ཡིད་ལ་བྱེད་པ་དང་ནོར་དང་འབྲུ་ཕུན་སུམ་ཚོགས་པ་ཡིད་ལ་བྱེད་པ་དག་འབྱུང་བར་
འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཆད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་
པ་དང་ཁ་ཏོན་བྱེད་པ་དང་ཆུང་ངུ་ན་ཡི་གེར་འདྲི་བདག་ལ་བར་ཆད་བྱེད་པར་རྙེད་པ་དང་བཀུར་སྟི་དང་ཆོས་གོས་དང་བསོད་སྙོམས་དང་མལ་སྟན་དང་ན་བའི་གསོས་སྨན་དང་ཡོ་བྱད་རྣམས་འབྱུང་བར་འགྱུར་བ་དང་། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དག་གི་རོ་མྱང་བས་
སེམས་ལ་གདུང་བ་དག་འབྱུང་བར་འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ་བདུད་ཀྱི་ལས་འདི་དག་ཐམས་ཅད་རྟོགས་པར་བྱ་སྟེ་དེ་དག་རྟོགས་ནས་ཀྱང་སྤང་བར་བྱ་བ་ཡིན་ནོ། །རབ་འབྱོར་གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཆད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཐ་ན་ཡི་གེར་འདྲི་བ་དག་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དང་ལྡན་པའི་མདོ་སྡེ་གང་དག་ཟབ་
เล่ม ๓๓ · หน้า 134a
མོ་ཟབ་པ་དག་ཡོད་པ་དེ་དག་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་འོངས་ནས་སྦྱིན་པར་བྱེད་པར་འགྱུར་ཏེ། འདི་སྐད་དུ་འདི་ལ་སློབས་ཤིག །འདི་བྲིས་ཤིག་འདི་ལུང་ཕོག་ཤིག་འདི་ཁ་ཏོན་དུ་གྱིས་ཤིག་དང་འདི་ལས་ཐམས་ཅད་མཁྱེན་པ་ཉིད་འགྲུབ་པར་
འགྱུར་རོ་ཞེས་ཟེར་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་དེ་དག་ལ་དགའ་བ་མི་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཡང་མདོ་སྡེ་དེ་དག་ལས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དག་བཤད་མོད་ཀྱི།
ཡང་དེ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པ་མ་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་གང་དག་ཐབས་མཁས་པའི་ཡེ་ཤེས་ཀྱི་བྱེ་བྲག་མངོན་པར་མི་ཤེས་པ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་གཏང་བར་སེམས་ཏེ། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཏང་ནས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དང་ལྡན་པའི་མདོ་སྡེ་དག་ལས་ཐབས་མཁས་པ་བཙལ་བར་སེམས་པར་འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་
གཞན་ཡང་ཆོས་ཉན་པ་དག་འདུན་པ་དང་ལྡན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བར་འདོད་ལ། ཆོས་སྨྲ་བ་སྙོམ་ལས་བྱེད་པར་འགྱུར་ཏེ་ཆོས་སྟོན་པར་མི་འདོད་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚོགས་པ་དང་བྲལ་བས་བདུད་ཀྱི་ལས་སུ་
རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་སྙོམ་ལས་མེད་པར་གྱུར་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པར་འདོད་ལ། ཆོས་ཉན་པ་སྙོམ་ལས་དང་བྱ་བ་མང་པོ་དང་ལྡན་པར་འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོས་ཚོགས་པ་དང་བྲལ་
བས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་དག་འདུན་པ་དང་ལྡན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བར་འདོད་བཅང་བར་འདོད་ཀླག་པར་འདོད་ཀུན་ཆུབ་པར་བྱེད་པར་འདོད་རབ་ཏུ་འདོན་པར་འདོད་ཐ་ན་ཡི་གེར་བྲི་བར་ཡང་འདོད་ཅིང་།
เล่ม ๓๓ · หน้า 134b
རྟོགས་པ་དང་ལྡན་བློ་དང་ལྡན་དྲན་པ་དང་ལྡན་པར་གྱུར་ལ། ཆོས་སྨྲ་བ་ཡུལ་གཞན་དུ་འགྲོ་བར་འགྱུར་ཏེ་མགོ་སྨོས་པས་གོ་བ་མ་ཡིན་པ་འམ་རྣམ་པར་སྤྲོས་ཏེ་གོ་བ་མ་ཡིན་པ་འམ་མངོན་པར་མི་ཤེས་པ་ཡིན་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཆད་པ་
དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་སློབ་པ་དང་ཆུང་ངུ་ན་ཡི་གེར་འདྲི་བ་དེ་ལ་ཚོགས་པ་དང་བྲལ་བར་འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་
ཡང་ཆོས་སྨྲ་བ་སྙོམ་ལས་མེད་པར་འགྱུར་དོན་མངོན་པར་ཤེས་པར་འགྱུར་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྦྱིན་པར་འདོད་ཀློག་ཏུ་གཞུག་པར་འདོད་ལ། ཆོས་ཉན་པ་ཡུལ་གཞན་དུ་འགྲོ་བར་འགྱུར་ཏེ་མགོ་སྨོས་པས་གོ་བ་མ་ཡིན་རྣམ་པར་སྤྲོས་ཏེ་གོ་བ་མ་ཡིན་མངོན་
པར་མི་ཤེས་པར་གྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚོགས་པ་དང་བྲལ་བས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ཟང་ཟིང་ལྷུར་བྱེད་རྙེད་པ་དང་བཀུར་སྟི་ལྷུར་བྱེད་ཆོས་གོས་ལྷུར་བྱེད་པར་གྱུར་ལ།
ཆོས་ཉན་པ་ནི་འདོད་པ་ཆུང་ཞིང་ཆོག་ཤེས་ལ་རབ་ཏུ་དབེན་པ་འམ་ནོར་སྦྱིན་པར་མི་འདོད་པར་གྱུར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་དང་བྲི་བ་དེ་ལ་ཚོགས་པ་དང་བྲལ་བར་འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་དད་པར་གྱུར་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པར་འདོད་དོན་ཁོང་དུ་ཆུད་པར་འདོད་ནོར་ཡོངས་སུ་གཏང་བར་འདོད་ལ། ཆོས་སྨྲ་བ་ནི་དད་པ་མེད་པར་འགྱུར་བའམ་ནོར་ལེན་
པར་མི་འདོད་པའམ་འདོད་པ་ཆུང་བའམ་སྨྲ་བར་མི་འདོད་ན། རབ་འབྱོར་འདི་ཡང་ཚོགས་པ་དང་མི་ལྡན་པས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་དད་པ་དང་ལྡན་པར་གྱུར་བ་དང་ཉན་པར་བྱ་བར་འདོད་པ་དང་དོན་ཁོང་དུ་ཆུད་པར་བྱ་བར་འདོད་ལ།
เล่ม ๓๓ · หน้า 135a
ཆོས་སྨྲ་བ་ལ་ཆོས་ཀྱི་བར་ཆད་དུ་གྱུར་པས་མདོ་སྡེ་དེ་དག་མེད་པའམ་མི་འཇུག་ན། རབ་འབྱོར་འདི་ལས་ཀྱང་ཆོས་སྨྲ་བ་མ་རྙེད་པའི་ཆོས་ཉན་པ་པོ་མི་མཐུན་པར་རྗོད་པར་འགྱུར་རོ། །རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ནས་འཛིན་པའམ་
འཆང་བ་འམ་ཀློག་པ་འམ་ཡི་གེར་འདྲི་བ་དེ་ལ་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་འཆད་པར་འདོད་ལ། ཆོས་ཉན་པ་ཉན་མི་
འདོད་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ནས་འཛིན་པའམ་འཆང་བའམ་ཀློག་པའམ་ཡི་གེར་འདྲི་བ་དེ་ལ་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་
བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་གཉིད་ཆེ་བར་གྱུར་ལུས་ལྕི་བར་གྱུར་ཏེ། དེ་གཉིད་ཆེ་བ་དེ་དང་ལྡན་པ་དང་ལུས་སྙོམ་པ་དེ་དང་ལྡན་པས་ཉན་མི་འདོད་པར་གྱུར་ལ། ཆོས་སྨྲ་བ་ནི་འཆད་འདོད་པར་གྱུར་ན། རབ་འབྱོར་འདི་ཡང་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་གཉིད་ཆེ་བར་འགྱུར་ལུས་ལྕི་བར་འགྱུར་ཏེ། དེ་གཉིད་ཆེ་བ་དང་ལྡན་པ་དང་ལུས་སྙོམ་པ་དེ་དང་ལྡན་པས་འཆད་མི་འདོད་པར་གྱུར་ལ། ཆོས་ཉན་པ་ནི་ཉན་འདོད་
པར་གྱུར་ན། རབ་འབྱོར་འདི་ཡང་ཡི་གེར་བྲི་བ་དང་ཀླག་པ་དང་ཀུན་ཆུབ་པར་བྱ་བ་དེ་ལ་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཡི་གེར་འདྲི་བ་དང་འཆད་པ་དང་སློབ་པ་ལ་ལ་ལ་ཞིག་དེར་འོངས་ནས། སེམས་ཅན་དམྱལ་བའི་མི་བསྔགས་པ་བརྗོད་བྱོལ་སོང་གི་སྐྱེ་གནས་ཀྱི་མི་བསྔགས་པ་བརྗོད་ཡི་དགས་ཀྱི་ཡུལ་གྱི་མི་བསྔགས་པ་བརྗོད། ལྷ་མ་ཡིན་གྱི་ལུས་ཀྱི་མི་བསྔགས་པ་བརྗོད་
เล่ม ๓๓ · หน้า 135b
དེ། སེམས་ཅན་དམྱལ་བ་ནི་འདི་ལྟར་སྡུག་བསྔལ་བའོ་བྱོལ་སོང་གི་སྐྱེ་གནས་ནི་འདི་ལྟར་སྡུག་བསྔལ་བའོ་ཡི་དགས་ཀྱི་ཡུལ་ནི་འདི་ལྟར་སྡུག་བསྔལ་བའོ། །ལྷ་མ་ཡིན་གྱི་ཡུལ་ནི་འདི་ལྟར་སྡུག་བསྔལ་བའི་འདུ་བྱེད་རྣམས་ནི་འདི་ལྟར་སྡུག་བསྔལ་བ་སྟེ་འདི་ཉིད་དུ་སྡུག་བསྔལ་མཐར་
དབྱུང་བར་བྱའོ་ཞེས་ཟེར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚོགས་པ་དང་མི་ལྡན་པས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་འདྲི་བ་དང་འཆད་པ་དང་སློབ་པ་ལ། ལ་ལ་ཞིག་དེར་
འོངས་ནས་ལྷའི་བསྔགས་པ་བརྗོད་དེ་ལྷ་རྣམས་ནི་འདི་ལྟར་བདེའོ་མཐོ་རིས་ནི་འདི་ལྟར་བདེའོ་འདོད་པའི་ཁམས་སུ་འདོད་པ་ནི་འདི་ལྟར་བསྟེན་ཏོ་གཟུགས་ཀྱི་ཁམས་སུ་བསམ་གཏན་རྣམས་ལ་འདི་ལྟར་མཉམ་པར་གཞོག་གོ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་འདི་ལྟར་མཉམ་
པར་གཞོག་གོ། །འདི་ཡང་ཤེས་རབ་ཀྱིས་ཐམས་ཅད་བརྟགས་ན་སྐྱེ་བ་ཐམས་ཅད་སྡུག་བསྔལ་བ་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ་གསུངས་ཏེ་དགེ་སློང་དག་སེ་གོལ་གཏོགས་པ་སྲིད་དུ་ཡང་སྲིད་པར་འགྲུབ་པའི་བསྔགས་པ་མི་སྟོན་ཏོ། །འདུས་བྱས་ཐམས་ཅད་ནི་
མི་རྟག་པ་སྲིད་པར་སོང་བ་ཐམས་ཅད་ནི་སྡུག་བསྔལ་བ་ཁམས་གསུམ་པ་ཐམས་ཅད་ནི་སྟོང་པ་ཆོས་ཐམས་ཅད་ནི་བདག་མེད་པ་སྟེ། དེ་ལྟར་ན་དེ་དག་ཐམས་ཅད་ནི་མི་བརྟན་པ་མི་རྟག་པ་སྡུག་བསྔལ་བ་འགྱུར་བའི་ཆོས་ཅན་དུ་རིག་པར་བྱས་ནས། མཁས་པ་དག་གིས་འདི་ཉིད་
དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུ་དང་འདི་ཉིད་དུ་དགྲ་བཅོམ་པ་རབ་ཏུ་ཐོབ་པར་བྱ་སྟེ། བདག་ཅག་སླར་འབྱོར་པ་དང་རྒུད་པའི་སྡུག་བསྔལ་མང་པོ་དེ་དག་དང་ཕྲད་པར་གྱུར་ཏ་རེ་ཞེས་ཟེར་བ་དེ་ལ་བྱང་ཆུབ་
སེམས་དཔའ་ཁ་ཅིག་སྐྱོ་བར་བྱེད་པར་འགྱུར་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚོགས་པ་དང་མི་ལྡན་པས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་གང་ཡིན་པ་དེ་ནི་གཅིག་པུ་ལ་མངོན་པར་དགའ་བར་
เล่ม ๓๓ · หน้า 136a
འགྱུར་ལ། ཆོས་ཉན་པ་གང་ཡིན་པ་དེ་དག་ནི་འཁོར་ལྷུར་བྱེད་པར་འགྱུར་བ་དང་། ཆོས་སྨྲ་བ་དེ་ཡང་འདི་སྐད་དུ་གང་ང་ལ་བསྙེན་པར་བྱེད་པ་དེ་དག་ལ་ནི་ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྦྱིན་ནོ་གང་ང་ལ་བསྙེན་པར་མི་བྱེད་པ་དེ་དག་ལ་ནི་མི་སྦྱིན་ནོ་ཞེས་ཟེར་
བར་འགྱུར་ཞིང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་དེ་ལྟར་དོན་དུ་གཉེར་བ་དང་འདོད་པ་དང་ཆོས་ལ་གུས་པས་ཆོས་སྨྲ་བ་ལ་བསྙེན་པར་བྱེད་ཀྱང་གོ་སྐབས་འབྱེད་པར་མི་འགྱུར་བ་དང་། ཆོས་སྨྲ་བ་དེ་ཡང་ཟང་ཟིང་ཅུང་ཟད་ཙམ་འདོད་ལ་དེ་ཡང་སྦྱིན་པར་མི་འདོད་པ་དང་།
གང་དག་གང་ན་མུ་གེ་དང་གྲུབ་པ་དང་བདེ་བ་མེད་པ་དང་སྲོག་གི་བར་ཆད་དུ་འགྱུར་བ་ཡོད་པ་དེ་དང་དེར་འགྲོ་བར་འགྱུར་ཏེ། ཆོས་ཉན་པ་དེ་དག་ཀྱང་གཞན་ལས་ཐོས་ནས་ཕྱོགས་དེར་མུ་གེ་བྱུང་སྟེ། གྲུབ་པ་དང་བདེ་བ་མེད་ཅིང་ཕྱོགས་དེར་སྲོག་གི་བར་ཆད་དུ་ཡང་འགྱུར་རོ་ཞེས་རིག་པ་
དང་། ཆོས་སྨྲ་བ་དེ་ཡང་རིགས་ཀྱི་བུ་དེ་དག་ལ་འདི་སྐད་དུ་རིགས་ཀྱི་བུ་དག་ཕྱོགས་འདི་ཞེས་བྱ་བར་གལ་ཏེ་མུ་གེའི་འཇིགས་པ་བྱུང་སྟེ། རིགས་ཀྱི་བུ་ཁྱོད་དེར་དོང་ན་མུ་གེའི་འཇིགས་པས་ཕྱིས་འགྱོད་པར་གྱུར་ཏ་རེ་ཞེས་ཟེར་ནས། དེ་དག་དེ་ལྟར་ཆོས་སྨྲ་བ་དེས་ཐབས་ཕྲ་
མོས་སྤོང་སྟེ། དེ་དག་ཀྱང་ཡིད་བྱུང་ནས་འདི་ལྟར་ཤེས་ཏེ། འདི་དག་ནི་སྤོང་བའི་མཚན་མ་ཡིན་གྱི་འདི་དག་ནི་སྦྱིན་པར་འདོད་པའི་མཚན་མ་མ་ཡིན་ཏེ། འདི་ནི་སྦྱིན་མི་འདོད་དོ་ཞེས་རིག་པས་བསྙེན་པར་མི་བྱེད་པར་འགྱུར་ཏེ། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་འདི་འདྲི་བ་དང་སློབ་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་། ཁ་ཏོན་བྱེད་པ་དེ་ལ་ཚོགས་པ་དང་མི་ལྡན་པར་གྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་
བ་དེ་གང་ན་སྲོག་ཆགས་ཀྱི་འཇིགས་པ་ཡོད་པ་དང་གང་ན་གཅན་གཟན་གྱི་འཇིགས་པ་ཡོད་པ་དང་། གང་ན་མི་མ་ཡིན་པས་འཇིགས་པ་ཡོད་པ་དེར་འཇུག་པར་འགྱུར་ཏེ། དེར་འགྲོ་འམ་འདུག་པ་དང་། གཅན་གཟན་གྱི་དགོན་པ་འམ། སྡིག་སྦྲུལ་གྱི་དགོན་པ་དང་།
เล่ม ๓๓ · หน้า 136b
ཆོམ་རྐུན་གྱི་དགོན་པ་དང་ཆུའི་དགོན་པ་དང་མུ་གེའི་དགོན་པ་གང་ན་ཡོད་པ་དེར་འགྲོ་བར་འགྱུར་ཏེ་དེ་ཆོས་ཉན་པ་དེ་དག་ལ་འདི་སྐད་དུ་རིགས་ཀྱི་བུ་དག་ཤེས་པར་གྱིས་ཤིག །ང་ནི་ཡུལ་གང་ན་སྲོག་ཆགས་ཀྱིས་འཇིགས་པ་དང་གཅན་གཟན་གྱིས་འཇིགས་པ་དང་ཤ་
ཟས་འཇིགས་པ་དང་སྡིག་སྦྲུལ་གྱི་དགོན་པ་དང་ཆོམ་རྐུན་གྱི་དགོན་པ་དང་ཆུའི་དགོན་པ་དང་མུ་གེའི་དགོན་གང་ན་ཡོད་པ་དེར་འགྲོའོ། །རིགས་ཀྱི་བུ་དག་ཤེས་པར་གྱིས་ཤིག །ཁྱོད་སྡུག་བསྔལ་འདི་དག་མྱོང་བར་ནུས་སམ་ཞེས་ཟེར་ཞིང་དེ་དག་ཐབས་ཕྲ་མོས་སྤོང་
བར་འགྱུར་ཏེ། དེ་ནས་དེ་དག་ཀྱང་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ནས་དེ་ལ་བསྙེན་པར་མི་བྱེད་ཅིང་ཕྱིར་ལྡོག་པར་འགྱུར་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལུང་འབོགས་པ་དང་ཁ་ཏོན་བྱེད་པ་དང་ཡི་གེར་འདྲི་བའི་བར་ལ་བར་ཆད་འདི་དག་འབྱུང་བར་འགྱུར་རོ། །
རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚོགས་པ་དང་མི་ལྡན་པར་འགྱུར་བས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་ནི་མཛའ་བོའི་ཁྱིམ་དང་སློངས་མོ་སྟེར་བའི་ཁྱིམ་ལྷུར་ལེན་པར་འགྱུར་ཏེ། དེ་མཛའ་བའི་ཁྱིམ་དང་
སློངས་མོ་སྟེར་བའི་ཁྱིམ་ལྷུར་ལེན་པ་དེས་རྟག་ཏུ་མཛའ་བོའི་ཁྱིམ་དང་སློངས་མོ་སྟེར་བའི་ཁྱིམ་ལ་བལྟ་བར་ཉེ་བར་འགྲོ་བར་སེམས་ཏེ། དེ་རྟག་ཏུ་ལྟ་བ་དེས་བྱ་བ་མང་བའི་ཕྱིར་ཆོས་ཉན་པ་དེ་དག་སྤོང་བར་འགྱུར་ཏེ་རེ་ཤིག་ང་ལ་ཅུང་ཟད་བལྟ་བར་བྱ་བ་ཞིག་ཡོད་དོ། །ང་ལ་ཅུང་ཟད་
འགྲོ་དགོས་པ་ཞིག་ཡོད་དོ་ཞེས་ཟེར་ན། རབ་འབྱོར་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲི་བ་དང་ཀུན་ཆུབ་པར་བྱ་བ་དེ་ལ་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚོགས་པ་དང་མི་ལྡན་པས་བདུད་ཀྱི་ལས་སུ་རིག་
པར་བྱའོ། །རབ་འབྱོར་དེ་ལྟར་བདུད་སྡིག་ཅན་ནི་ཅི་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སུ་ཡང་མི་འཛིན་པ་དང་མི་འཆང་བ་དང་མི་ཀློག་པ་དང་ཀུན་ཆུབ་པར་མི་བྱེད་པ་དང་རབ་ཏུ་འདོན་པར་མི་བྱེད་པ་དང་མི་སྟོན་པ་དང་ཉེ་བར་མི་སྟོན་པ་དང་ལུང་འབོགས་པར་མི་བྱེད་པ་དང་ཁ་ཏོན་དུ་
เล่ม ๓๓ · หน้า 137a
མི་བྱེད་པ་དང་ཡི་གེར་མི་འདྲི་བ་དང་ཡི་གེར་འདྲིར་མི་འཇུག་པ་དེ་ལྟར་རྣམ་པ་དེ་དང་དེ་དག་གིས་དེ་ལྟ་དེ་ལྟར་རྩོལ་བར་འགྱུར་རོ། །རབ་འབྱོར་དེ་ལྟ་བས་ན་བར་ཆད་ཅི་སྙེད་ཚོགས་པ་དང་མི་ལྡན་པར་འགྱུར་བ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ་རིག་ནས་སྤང་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱུ་ཅིའི་སླད་དུ་འདི་ལྟར་བདུད་སྡིག་ཅན་ཅི་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་འདི་སུ་ཡང་མི་འཛིན་པ་དང་མི་འཆང་བ་དང་མི་ཀློག་པ་དང་ཀུན་ཆུབ་པར་མི་བགྱིད་པ་དང་རབ་ཏུ་འདོན་པར་མི་བགྱིད་པ་དང་མི་སྟོན་པ་དང་ཉེ་བར་མི་སྟོན་པ་དང་ལུང་འབོགས་པར་མི་བགྱིད་པ་དང་ཁ་ཏོན་དུ་མི་བགྱིད་པ་དང་ཡི་གེར་མི་འདྲི་བ་དང་ཡི་གེར་འདྲིར་མི་འཇུག་པ་དེ་ལྟ་དེ་ལྟར་ཐབས་སུ་
སྦྱོར་ཞིང་འབད་པ་ཆེར་རྩོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་སོ། །
དེ་བཞིན་གཤེགས་པའི་བསྟན་པ་ནི་ཐམས་ཅད་མཁྱེན་པ་ཉིད་ལས་བྱུང་ངོ་། །དེ་བཞིན་གཤེགས་པའི་བསྟན་པ་ལས་ནི་སེམས་ཅན་གཞལ་དུ་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པའི་ཉོན་མོངས་པ་སྤོང་བ་འབྱུང་ངོ་། །ཉོན་མོངས་པ་སྤངས་པ་ལ་ནི་བདུད་སྡིག་ཅན་གྱིས་གླགས་
མི་རྙེད་དོ། །མ་རྙེད་པས་སྡུག་བསྔལ་གྱིས་ཡིད་གཟིར་ཅིང་ཡིད་མི་བདེ་སྟེ་མྱ་ངན་གྱི་ཟུག་རྔུ་ཁོང་དུ་ཆུད་པར་འགྱུར་རོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་འདྲི་བ་འམ་ཀུན་ཆུབ་པར་བྱེད་པ་འམ་སློབ་པར་བྱེད་པ་ལ་རབ་ཏུ་མི་དགའ་ཞིང་འབད་པ་ཆེན་པོས་བརྩོན་པ་ཆེར་
བྱེད་དེ། ཅི་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སུ་ཡང་མི་འདྲི་བ་དང་ཀུན་ཆུབ་པར་མི་བྱེད་སློབ་པར་མི་བྱེད་པ་དེ་ལྟ་དེ་ལྟར་ཐབས་སུ་སྦྱོར་ཞིང་བརྩོན་པ་ཆེར་བྱེད་དོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དགེ་སྦྱོང་གི་ཆ་བྱད་དུ་འོངས་ནས་འབྱེད་པར་བྱེད་པར་འགྱུར་ཏེ། རབ་
เล่ม ๓๓ · หน้า 137b
འབྱོར་བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་ཞུགས་པ་བློ་ཆུང་བ་བློ་ཞན་པ་བློ་དམན་པ་ལྡོངས་པར་གྱུར་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པའི་རིགས་ཀྱི་བུ་དེ་དག་འདི་ལྟར་འབྲལ་བར་བྱེད་དེ། གང་ཚེ་དང་ལྡན་པ་ཁྱེད་ཉན་པ་འདི་ནི་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ། ཡང་ཅི་ལྟར་ངའི་མདོ་སྡེའི་ནང་དུ་ཆུད་ཅིང་མདོ་སྡེའི་ནང་དུ་གཏོགས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་རབ་འབྱོར་དེ་ལྟར་བདུད་སྡིག་ཅན་གྱིས་ཐེ་ཚོམ་ཟ་བས་སྤོང་དུ་འཇུག་སྟེ། རབ་འབྱོར་ཡང་དེ་ལྟར་བདུད་སྡིག་ཅན་དགེ་སྦྱོང་
གི་ཆ་བྱད་དུ་འོངས་ནས་དབྱེ་བ་བྱས་ནས་བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་ཞུགས་པ་བློ་ཆུང་བ་བློ་ཞན་པ་བློ་དམན་པ་ལྡོངས་པར་གྱུར་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པ་དག་ཐེ་ཚོམ་ཟར་འཇུག་གོ། །དེ་དག་ཐེ་ཚོམ་དུ་གྱུར་ནས་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་འདི་མི་འཛིན་མི་འཆང་མི་ཀློག་ཀུན་ཆུབ་པར་མི་བྱེད་རབ་ཏུ་འདོན་པར་མི་བྱེད་མི་སྟོན་ཉེ་བར་མི་སྟོན་ལུང་འབོགས་པར་མི་བྱེད་ཁ་ཏོན་དུ་མི་བྱེད་ཡི་གེར་མི་འདྲི་ཡི་གེར་འདྲིར་མི་འཇུག་པར་འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་
ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་གྱིས་དགེ་སློང་དུ་སྤྲུལ་ཏེ་སངས་རྒྱས་ཀྱི་ཆ་བྱད་དུ་འོངས་ནས་བྱང་ཆུབ་སེམས་དཔའ་གང་ཆོས་ཟབ་མོ་དག་ལ་སྤྱོད་པ་དེ་ནི་ཡང་དག་པའི་མཐའ་མངོན་དུ་བྱེད་ཅིང་དེ་ཉན་ཐོས་སུ་འགྱུར་གྱི་བྱང་ཆུབ་སེམས་དཔར་མི་འགྱུར་ཏེ།
དཔེར་ན་བྱང་ཆུབ་སེམས་དཔའ་འདི་བཞིན་ནོ་ཞེས་བདུད་ཀྱི་ལས་ཉེ་བར་སྦྱོར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་འདྲི་བ་དང་ཀུན་ཆུབ་པར་བྱེད་པ་དང་སློབ་
པར་བྱེད་པ་ལ་བདུད་སྡིག་ཅན་གྱི་བདུད་ཀྱི་ལས་གཞན་དང་གཞན་དག་མང་དུ་འབྱུང་བར་འགྱུར་ཏེ། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟོགས་པར་བྱའོ་རྟོགས་ནས་ཡོངས་སུ་སྤང་བར་བྱའོ་བསྟེན་པར་མི་བྱའོ་གཞན་དུ་ན་བརྩོན་འགྲུས་བརྩམས་ཤིང་དྲན་པ་དང་
เล่ม ๓๓ · หน้า 138a
ཤེས་བཞིན་དང་ཡང་ལྡན་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དེ་བཞིན་ནོ་བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བཅོམ་ལྡན་འདས་ནོར་བུ་རིན་
པོ་ཆེ་ཆེན་པོ་གང་ལགས་པ་དེ་དག་ལ་དགྲ་མང་ངོ་། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ། རྙེད་པར་དཀའ་ཞིང་རིན་ཆེ་བའི་སླད་དུ་སྟེ་དེ་དག་དབྱིག་ལགས་པས་ན་དེའི་སླད་དུ་དེ་དག་ལ་དགྲ་མང་བར་འགྱུར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་འདི་ལ་ཡང་ཕལ་ཆེར་བར་དུ་གཅོད་པ་མང་དུ་འབྱུང་ངོ་། །བཅོམ་ལྡན་འདས་དེ་ལ་གང་དག་བར་དུ་གཅོད་པའི་དབང་གིས་ལེ་ལོ་ཅན་དུ་འགྱུར་ཞིང་། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མི་འཛིན་པར་སེམས་པ་དང་མི་འཆང་བ་དང་མི་ཀློག་པ་དང་ཀུན་ཆུབ་པར་མི་
བགྱིད་པ་དང་རབ་ཏུ་འདོན་པར་མི་བགྱིད་པ་དང་མི་སྟོན་པ་དང་ཉེ་བར་མི་སྟོན་པ་དང་ལུང་འབོགས་པར་མི་བགྱིད་པ་དང་ཁ་ཏོན་དུ་མི་བགྱིད་པ་དང་ཡི་གེར་མི་འདྲི་བ་དང་ཆུང་ངུ་ན་ཡི་གེར་འདྲིར་མི་འཇུག་པར་ཡང་སེམས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི། བདུད་ཀྱིས་བྱིན་གྱིས་བརླབས་པ་
ལགས་པ་དང་བཅོམ་ལྡན་འདས་དེ་དག་ནི་ཐེག་པ་ལ་གསར་དུ་ཞུགས་པ་ལགས་པ་དང་དེ་དག་བློ་ཆུང་བ་ལགས་པ་དང་བློ་དམན་པ་ལགས་པ་དང་བློ་ཞན་པ་ལགས་པ་དང་། བཅོམ་ལྡན་འདས་དེ་དག་ནི་བློ་ཕྱིན་ཅི་ལོག་ལགས་ཤིང་དེ་དག་གི་སེམས་ཆོས་རྒྱ་ཆེན་པོ་རྒྱ་ཆེན་པོ་དག་ལ་མི་འཇུག་
པར་ཡང་རིག་པར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མི་འཛིན་པར་སེམས་པ་དང་མི་འཆང་བ་དང་། མི་
ཀློག་པ་དང་ཀུན་ཆུབ་པར་མི་བྱེད་པ་དང་རབ་ཏུ་འདོན་པར་མི་བྱེད་པ་དང་མི་སྟོན་པ་དང་ཉེ་བར་མི་སྟོན་པ་དང་ལུང་འབོགས་པར་མི་བྱེད་པ་དང་ཁ་ཏོན་དུ་མི་བྱེད་པ་དང་ཡི་གེར་མི་འདྲི་བ་དང་ཆུང་ངུ་ན་ཡི་གེར་འདྲིར་མི་འཇུག་པར་ཡང་སེམས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི། རབ་འབྱོར་བདུད་ཀྱིས་
เล่ม ๓๓ · หน้า 138b
བྱིན་གྱིས་བརླབས་པར་རིག་པར་བྱ་སྟེ་རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་དག་ཐེག་པ་ལ་གསར་དུ་ཞུགས་པ་ཡིན་ནོ་དེ་དག་ནི་བློ་ཆུང་བ་རྣམས་ཡིན་ནོ་དེ་དག་ནི་བློ་དམན་པ་རྣམས་ཡིན་ནོ་དེ་དག་ནི་བློ་ཞན་པ་རྣམས་ཡིན་ནོ། །རབ་འབྱོར་དེ་དག་ནི་བློ་ཕྱིན་ཅི་ལོག་པ་རྣམས་ཡིན་ནོ་དེ་
དགྲ་ནི་ཆོས་རྒྱ་ཆེན་པོ་རྒྱ་ཆེན་པོ་དག་ལ་སེམས་མི་འཇུག་པར་འགྱུར་རོ། །རབ་འབྱོར་འདི་ལྟར་ཡང་བདུད་ཀྱི་ལས་འབྱུང་བར་འགྱུར་ཞིང་བདུད་ཀྱི་ཉེས་པ་དང་བར་དུ་གཅོད་པར་བྱེད་པ་མང་དུ་འབྱུང་མོད་ཀྱི་དེ་ལྟ་ན་ཡང་རབ་འབྱོར་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་སེམས་
ཤིང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པར་བྱེད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་དུ་བྱེད་པ་དང་ཡི་གེར་འདྲི་བ་དང་ཆུང་ངུ་ན་ཡི་གེར་འདྲིར་འཇུག་པར་སེམས་ན་ཡང་། རབ་འབྱོར་དེ་ནི་སངས་རྒྱས་ཀྱི་མཐུ་དང་སངས་རྒྱས་ཀྱི་
བྱིན་གྱི་རླབས་དང་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བས། དེ་དག་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པར་བྱེད་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་དུ་བྱེད་པ་དང་ཡི་གེར་འདྲི་བ་དང་ཆུང་ངུ་ན་ཡི་གེར་འདྲིར་འཇུག་
པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་བདུད་སྡིག་ཅན་ཡང་བར་ཆད་བྱ་བའི་ཕྱིར་བརྩོན་པ་ཆེར་བྱེད་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཡོངས་སུ་བཟུང་བའི་ཕྱིར་བརྩོན་པ་ཆེར་མཛད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་བརྒྱད་སྟོང་པ་ལས་བདུད་ཀྱི་ལས་ཀྱི་ལེའུ་ཞེས་བྱ་སྟེ་བཅུ་གཅིག་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་བཅུ་གཉིས་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་འདི་ལྟ་
སྟེ། དཔེར་ན་བུད་མེད་འགའ་ཞིག་ལ་བུ་མང་དུ་ཡོད་དེ། ལྔ་འམ་བཅུ་འམ། ཉི་ཤུ་འམ་སུམ་ཅུ་འམ། བཞི་བཅུ་འམ་ལྔ་བཅུ་འམ། བརྒྱ་འམ་སྟོང་ངམ་བརྒྱ་སྟོང་ཡོད་ལ། དེ་དག་ཐམས་ཅད་ཀྱི་མ་ན་བར་གྱུར་ན། དེ་དག་བདག་ཅག་གི་མ་ཅི་ནས་སྲོག་གི་བར་ཆད་དུ་མི་འགྱུར་བ་
เล่ม ๓๓ · หน้า 139a
དང་། བདག་ཅག་གི་མ་ཅི་ནས་ཡུན་རིང་དུ་འཚོ་བར་འགྱུར་བ་དང་། བདག་ཅག་གི་མ་ཅི་ནས་ལུས་མ་རུང་བར་མི་འགྱུར་བ་དང་། བདག་ཅག་གི་མ་ཅི་ནས་ཡུན་རིང་དུ་གནས་པར་འགྱུར་བ་དང་། བདག་ཅག་གི་མ་ཅི་ནས་ཉམ་ཉེས་པར་མི་འགྱུར་བ་དང་།
བདག་ཅག་གི་མ་ལ་ཅི་ནས་སྡུག་བསྔལ་གྱི་ཚོར་བ་མི་འབྱུང་བ་དང་། འདི་ལ་རིག་པར་མི་གནས་པ་མེད་པ་དང་། ལུས་ལ་ཡིད་དུ་མི་འོང་བ་མི་འབྱུང་བར་འབད་ཅིང་རྩོལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདིས་ནི་བདག་ཅག་བསྐྱེད་དེ་འདི་ནི་དཀའ་བ་བྱེད་པ་བདག་ཅག་གི་སྲོག་སྦྱིན་
པ་འཇིག་རྟེན་ཀུན་ཏུ་སྟོན་པ་ཡིན་ནོ་སྙམ་པས་འདི་ལ་སྡུག་བསྔལ་གྱི་ཚོར་བའམ་སྡུག་བསྔལ་གྱི་རེག་པ་གང་ཡང་འབྱུང་ང་རེ་ཞེས་བུ་དེ་དག་མ་དེ་ལ་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་ལེགས་པར་གཟུང་བས་འཛིན་ལེགས་པར་སྦ་བས་སྦེད་ལེགས་པར་བཅོས་པས་འཆོས་ཤིང་། འདིའི་
མིག་གམ་རྣ་བ་འམ་སྣ་འམ་ལྕེ་འམ་ལུས་སམ་ཡིད་ལ་རླུང་ངམ་མཁྲིས་པ་འམ་བད་ཀན་ནམ་འདུས་པ་འམ་སྦྲང་བུ་འམ་ཤ་སྦྲང་ངམ་སྡིག་སྦྲུལ་ལམ་མི་འམ་མི་མ་ཡིན་པ་འམ་ཀུན་ཏུ་འབབ་པ་འམ་ཉམ་ཐག་པ་འམ་ཡེ་འདྲོག་གམ་མི་འདོད་པ་འབྱུང་བ་ལུས་ལ་འབྱུང་ང་རེ་ཞེས་དེ་ལྟར་བུ་དེ་དག་
གིས་མ་དེ་ལ་བསམས་ཏེ། བདེ་བར་སྦྱར་བ་ཐམས་ཅད་ཀྱིས་འདི་ནི་བདག་ཅག་གི་མ་སྐྱེད་པ་དགའ་བ་བྱེད་པ་འདི་ནི་བདག་ཅག་གི་སྲོག་སྦྱིན་པར་བྱེད་པ་འཇིག་རྟེན་སྟོན་པའོ་ཞེས་འཆོས་ཤིང་བདག་གིར་བྱེད་སྦེད་པར་བྱེད་དོ། །རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དགོངས་ཏེ། གང་དག་དེ་དག་ཡི་གེར་འདྲི་བ་དང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་
བྱེད་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཐུ་དང་བྱིན་གྱི་རླབས་དང་དགོངས་པ་ལས་འགྱུར་རོ། །འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด