འཕགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་པཉྩ་པཱ་ར་མི་ཏཱ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๖๑ · หน้า 1b
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་པཉྩ་པཱ་ར་མི་ཏཱ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་
བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་
པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ།
ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཅན་ཐམས་ཅད་ལ་དབང་
เล่ม ๖๑ · หน้า 2a
དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕལ་ཆེར་གཞོན་ནུར་གྱུར་པ། སྐྱེ་བ་གཅིག་གིས་ཐོགས་པ། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་སྲིད་པ་ལས་གྲོལ་བ། སྲིད་པར་སྐྱེ་བ་ཡོངས་
སུ་འཛིན་པ། ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ། །གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་
འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དག་གིས་བཅོམ་ལྡན་འདས་ལ་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ནས། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་
བཅོམ་ལྡན་འདས་ཀྱིས་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཉིད་ལས་བརྩམས་ནས་འཁོར་བཞི་པོ་དག་ལ་ཆོས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་མངོན་པར་འདུ་བྱེད་པ་མེད་པར་སྦྱིན་པ་སྦྱིན་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ནི་ཆོས་ཐམས་ཅད་
ཀྱི་རྩ་བར་གྱུར་པ་ལགས། བཅོམ་ལྡན་འདས་ནི་ཆོས་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ལགས། བཅོམ་ལྡན་འདས་ནི་ཆོས་ཐམས་ཅད་ཀྱི་སྟོན་པར་གྱུར་པ་ལགས་ཏེ། དེའི་སླད་དུ་བཅོམ་ལྡན་འདས་ལས་གང་ཐོས་ན་དགེ་སློང་རྣམས་འཛིན་པར་འགྱུར་བ་དེ་བཅོམ་ལྡན་འདས་
เล่ม ๖๑ · หน้า 2b
ཉིད་ཀྱིས་དགེ་སློང་རྣམས་ལ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ཏེ། ལན་གཉིས་ཀྱི་བར་དུ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ངས་ཁྱོད་ལ་བཅོལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ཁྱོད་སྤོབས་པར་གྱིས་ཤིག །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལས་གོ་སྐབས་གནང་བ་ཐོབ་ནས་བཅོམ་ལྡན་འདས་ཀྱི་མཐུས་ཐོག་མ་ཉིད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྦྱིན་པའི་
ཕ་རོལ་ཏུ་ཕྱིན་པ་ལ་འདོམས་ཤིང་རྗེས་སུ་སྟོན་ཏེ། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཐོག་མ་ཉིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པར་བགྱི་ཞིང་སྦྱིན་པ་སྦྱིན་པར་བགྱིའོ། །གལ་ཏེ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པར་བགྱི་ནས་སྦྱིན་པ་སྦྱིན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས་སོ། །བྱང་ཆུབ་སེམས་དཔའ་ལྟ་བར་ལྷུང་བས་སྦྱིན་པ་སྦྱིན་པ་ནི་མི་སྔོའི་ཉན་ཐོས་ཀྱིས་
འམ། རང་སངས་རྒྱས་ཀྱི་སར་བསྔོས་པ་ནི་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེའི་འཇིགས་པ་ནི་དེ་ལགས་པར་འཚལ་བར་བགྱི་བའི་སླད་དུའོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཅིའི་ཕྱིར་ན་
དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཇིགས་པ་ཡིན་པར་ཤེས་པར་བྱ། སྨྲས་པ། ཉན་ཐོས་རྣམས་དང་འབྲས་བུ་མཉམ་པར་འགྱུར་དུ་འོང་བས་ན་དེའི་ཕྱིར་དེའི་འཇིགས་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་
སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པ་གང་ཡིན་པ་དང་། ཉན་ཐོས་དགྲ་བཅོམ་པ་མངོན་སུམ་དུ་བྱ་བར་འདོད་པ་སྦྱིན་པ་སྦྱིན་པ་གང་ཡིན་པ་འདི་ལ་བྱེ་བྲག་ནི་ཅི་ཡོད། ཐ་དད་དུ་དབྱེ་བ་ནི་གང་ཡིན། སྨྲས་པ། ཚེ་དང་ལྡན་པ་གང་པོ་ཐ་དད་
เล่ม ๖๑ · หน้า 3a
དུ་དབྱེ་བ་ནི་འདི་ཉིད་ཡིན་ཏེ། གཅིག་ནི་གང་ཉན་ཐོས་ཀྱི་སར་ཡོངས་སུ་སྔོ་བར་བྱེད་ལ་ཅིག་ཤོས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དཔེར་ན་སྐྱེས་བུ་ལ་ལ་ཞིག་བདག་རྒྱལ་པོར་གྱུར་ཀྱང་ཅི་མ་རུང་སྙམ་དུ་རྒྱལ་
པོའི་ས་ལ་དམིགས་ནས་སྦྱིན་པ་སྦྱིན་ལ། སྐྱེས་བུ་ཅིག་ཤོས་ནི་བདག་རྒྱལ་པོ་དེའི་ཡུལ་ན་གནས་ཀྱང་ཅི་མ་རུང་སྙམ་དུ་མངག་གཞུག་པར་ཁས་ལེན་པར་འདོད་དེ་སྦྱིན་པ་སྦྱིན་ཞིང་དེ་ལྟར་ཡོངས་སུ་སྔོ་ན། སྐྱེས་བུ་དེས་སྐྱེས་བུ་སྔ་མ་དེས་དམིགས་པའི་རྒྱལ་པོའི་ས་གང་ཡིན་པ་དེ་ཉིད་ནོན་པར་ནུས་སམ།
ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་ནས་སྦྱིན་པ་སྦྱིན་ཞིང་ཡོངས་སུ་སྔོ་ལ། ཉན་ཐོས་ཀྱི་ཐེག་པ་པ་ནི་སྦྱིན་པ་གང་སྦྱིན་པ་དེ་ཉན་ཐོས་ཀྱིས་ལ་དགྲ་བཅོམ་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་དོ། །དེ་ལྟར་
འཕགས་པ་ཉན་ཐོས་བྱང་ཆུབ་སེམས་དཔའི་ཉེ་གནས་སུ་འགྱུར་བར་འདོད་ན། སྐྱེས་བུ་དེས་སྦྱིན་པ་དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པའི་མཐུ་དང་ནུས་པ་ཡོད་དམ། ཡང་ཚེ་དང་ལྡན་པ་གང་པོ་མོས་པ་གང་དང་ལྡན་པས་སྦྱིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
དུ་ཡོངས་སུ་སྔོ་བའི་མོས་པ་དེ་ནི་མེད་ཀྱི། སྦྱིན་པ་དེ་ཉན་ཐོས་སུ་ཡོངས་སུ་སྔོ་བ་འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་། ཉན་ཐོས་ཀྱི་ཐེག་པ་པ་དགྲ་བཅོམ་པའི་ས་ལ་གནས་པའི་ཐ་དད་དུ་དབྱེ་བ་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་དཔེར་ན་སྐྱེས་བུ་ལ་ལ་ཞིག་སྦྱིན་པ་འདིས་བདག་ཚོང་དཔོན་ནམ།
ཁྱིམ་བདག་གམ་ཚངས་པར་གྱུར་ཅིག་ཅེས་སྦྱིན་པ་སྦྱིན་པ་དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་པའི་སྦྱིན་པར་བལྟའོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་འདི་ནི་ངོ་མཚར་ཆེ་སྟེ། ཤ་ར་དྭ་ཏིའི་བུས་ཤིན་ཏུ་ལེགས་པར་
སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དཔེར་ན་སྐྱེས་བུ་ལ་ལ་ཞིག་ཀཱར་ཥ་པ་ཎ་འབུམ་ཁྱེར་ཏེ། ཁྱིམ་བདག་ཕྱུག་པོ་གང་ཡང་རུང་བ་ཞིག་གི་དྲུང་དུ་སོང་ནས་འདི་སྐད་དུ། ཀཱར་ཥ་པ་ཎ་འབུམ་འདི་དག་ཁྱོད་ལ་འབུལ་ཏེ། བདག་ཀྱང་ཁྱོད་ཀྱི་ཐད་ན་འདུག་ཅིང་བྱ་བ་དང་། སྦྱོར་བ་རྣམས་ལ་
เล่ม ๖๑ · หน้า 3b
གཡོག་བགྱིད་དོ་ཞེས་ཟེར་བ་དེ་བཞིན་དུ། ཚེ་དང་ལྡན་པ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་རྣམས་སྦྱིན་པ་སྦྱིན་ཞིང་། དེ་བཞིན་གཤེགས་པའི་ཞབས་འབྲིང་དུ་ཁས་ལེན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟར་སྦྱིན་པ་སྦྱིན་པར་མི་བྱེད་དེ། འདི་ནི་བྱང་ཆུབ་
སེམས་དཔའི་སྤྱོད་པ་དང་ཉན་ཐོས་ཀྱི་སྦྱིན་པ་སྦྱིན་པའི་ཁྱད་པར་དུ་དབྱེ་བ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དཔེར་ན་རྒྱལ་པོའི་བཙུན་མོའི་འཁོར་གྱི་བུད་མེད་གཅིག་གིས་གསེར་འབུམ་ཁྱེར་ཏེ། ཚོང་དཔོན་ནམ། དེད་དཔོན་གང་ཡང་རུང་བའི་དྲུང་དུ་སོང་ནས་འདི་སྐད་དུ། གསེར་འབུམ་འདི་
དག་ཀྱང་ཁྱོད་ལ་འབུལ། བདག་ཀྱང་ཁྱོད་ཀྱི་གཡོག་བགྱིད་ཅིང་སྔར་ལྡང་བ་དང་། ཕྱིས་ཉལ་བ་དང་། ཁྱོད་ཅི་དགྱེས་པ་བཞིན་སྤྱོད་པར་བགྱིད་དོ་ཞེས་ཟེར་བ་དེ་བཞིན་དུ་ཚེ་དང་ལྡན་པ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་སྦྱིན་པ་ཡང་སྦྱིན་ཞིང་དེ་བཞིན་གཤེགས་པའི་ཉན་ཐོས་ཉིད་དུ་ཁས་
ལེན་ཏོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་སྦྱིན་པ་དེ་ཉིད་ཡོངས་སུ་བཏང་དུ་འདྲ་ན། གཅིག་ནི་ཉན་ཐོས་ཀྱིས་ཡོངས་སུ་འཛིན་པར་གྱུར་ལ། གཅིག་ནི་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཡོངས་སུ་འཛིན་པར་གྱུར་པ་འདི་ནི་ངོ་མཚར་ཆེ་སྟེ། ཚེ་དང་ལྡན་པས་ལེགས་པར་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་དུ་ཐབས་ལ་མཁས་པར་བལྟ་བར་བྱའོ། །གཞན་ཡང་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་བྱམས་
མའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་འདི་ལ་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦྱིན་པར་འདོད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་སྦྱིན་པ་ཡོངས་སུ་གཏོང་བ་ན་ཐོག་མ་ཁོ་ནར་འདི་སྐད་དུ་སྦྱིན་པ་འདི་ལས་བྱུང་
བའི་བསོད་ནམས་མངོན་པར་འདུ་བྱེད་པ་དང་། དགེ་བ་མངོན་པར་འདུ་བྱེད་པ་གང་ཡིན་པ་དེས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་དག་གནས་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཉིད་དུ་གྱུར་ཅིག །ཕྱིར་མི་ལྡོག་
เล่ม ๖๑ · หน้า 4a
པ་གང་དག་གནས་པ་དེ་དག་ནི་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བརྗོད་པར་བྱ་སྟེ། དེ་ལྟར་བདག་ཉིད་ཀྱང་དེའི་ཁོངས་སུ་གཏོགས་པར་བྱེད་ཅིང་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་དགེ་བའི་རྩ་བ་རྣམས་ཀྱིས་ཡོངས་སུ་འཛིན་པར་བྱེད་དོ། །
ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཡོངས་སུ་འཛིན་ཅིང་རྗེས་སུ་སྲུང་བ་དེ་ལྟ་དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་རོ། །ཇི་ལྟ་ཇི་ལྟར་དགེ་བའི་རྩ་བ་ཡོངས་སུ་སྔོ་བ་དེ་ལྟ་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་འགྱུར་རོ། །ཚེ་དང་ལྡན་
པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་པ་ན། སྦྱིན་པ་དེ་འདི་ལྟར་བདག་གིས་ཁ་ཟས་ཀྱི་སྦྱིན་པ་འདི་ལས་སེམས་ཅན་གང་དག་མིག་ལམ་ན་སྣང་བ་དང་། གང་དག་མི་སྣང་བ་ཐམས་ཅད་ལས་སེམས་ཅན་གང་དག་ཟ་བ་དང་། ཅུང་ཟད་ཟ་བར་གྱུར་པའི་
སྦྱིན་པ་དེ་ལས་གང་བདག་གིས་དགེ་བའི་རྩ་བ་ཡོངས་སུ་བཟུང་བར་གྱུར་པའི་དགེ་བའི་རྩ་བ་དེས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གནས་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཉིད་དུ་གྱུར་ཅིག །
ཕྱིར་མི་ལྡོག་པ་གང་དག་གནས་པ་དེ་དག་ནི་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བར་བྱའོ། །ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཡོངས་སུ་སྔོ་བར་བྱེད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་འཛིན་ཅིང་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དང་ཡང་ཉེ་བར་འགྱུར་ཏེ། གང་གི་ཚེ་སྦྱིན་པ་ཆུང་ངུ་ཡང་དཔག་ཏུ་མེད་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དཔག་ཏུ་མེད་པའི་ཕྱིར་རོ། །ཚེ་དང་
ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་པ་ན། བདག་གི་སྦྱིན་པ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་གཏོགས་པ་གཞན་དུ་རྣམ་པར་སྨིན་པར་མ་གྱུར་ཅིག་ཅེས་དེ་ལྟར་སེམས་བསྐྱེད་པར་བྱའོ། །གལ་ཏེ་ཡོངས་སུ་སྔོ་བར་བྱེད་ན་
เล่ม ๖๑ · หน้า 4b
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཅི་སྟེ་ཕྱིས་ཡུན་རིང་མོ་ཞིག་ལོན་ནས་ཡོངས་སུ་སྔོ་བར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་ན་ཡང་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའི་
སྦྱིན་པ་ནི་ཉུང་ངུ་ཟིན་ཀྱང་མང་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཕྱིར་རོ། །སྦྱིན་པ་མང་པོ་ཡང་ཉུང་ངུར་འགྱུར་བ་ཡོད་པར་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་
བསྔོས་པའི་ཕྱིར་རོ། །ཚེ་དང་ལྡན་པ་དེ་ཡང་གལ་ཏེ་ཕྱིས་ཡུན་རིང་མོ་ཞིག་ལོན་ནས་ཡོངས་སུ་སྔོ་བར་བྱེད་ན་ཡང་སྦྱིན་པའི་སྒྲ་བོར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྒྲ་ཐོབ་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཁོར་བ་ཐོག་མ་མེད་པ་
ནས་འཁོར་བ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་མ་བརྗོད་པར་སྦྱིན་པ་བྱིན་པ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔས་ཐབས་མཁས་པ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པར་ཡོངས་སུ་སྔོ་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པར་བྱེད་ན་བྱང་ཆུབ་སེམས་
དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཅི་འདི་ཁྱོད་ཉིད་ཀྱི་སྤོབས་པ་ཡིན་ནམ་འོན་ཏེ་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཡིན་སྨྲས་པ། ཚེ་དང་ལྡན་པ་
བདག་གི་སྤོབས་པ་གང་ཡིན་པ་འདི་ནི། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་འདི་ལ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་དག་ན་སེམས་ཅན་གང་དག་གནས་པ་དེ་དག་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བར་འདོད་
པའི་ཕྱིར་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སོ་སོའི་སྐྱེ་བོ་རྣམས་སམ། ཉན་ཐོས་རྣམས་སམ། རང་སངས་རྒྱས་རྣམས་ལ་སྦྱིན་པ་བྱིན་ལ། སྦྱིན་པ་དེ་ཡང་བྱང་ཆུབ་སེམས་དཔས་བསམས་ཏེ། བསམས་ནས་ཀྱང་འདི་སྐད་དུ་སྦྱིན་པ་འདི་ལ་རྗེས་སུ་ཡི་རང་ངོ་ཞེས་ཟེར་ཞིང་། དེ་ལྟར་ཡོངས་
เล่ม ๖๑ · หน้า 5a
སུ་གཏོང་བ་རྣམས་ཀྱི་དེ་ལ་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཡོད་ལ། རྗེས་སུ་ཡི་རང་ནས་དགེ་བའི་རྩ་བ་དེ་འདི་ལྟར་ཡོངས་སུ་སྔོ་བར་བྱེད་དེ། རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་འདིས་འཇིག་རྟེན་གྱི་ཁམས་མཐའ་
ཡས་མུ་མེད་པ་དག་ན། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་དག་གནས་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཉིད་དུ་གྱུར་ཅིག །ཕྱིར་མི་ལྡོག་པ་གང་དག་གནས་པ་དེ་དག་ནི་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེ་ན། རྗེས་སུ་ཡི་རང་བ་
དང་ལྡན་པའི་དགེ་བའི་རྩ་བ་དེ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་ལ་སེམས་ཅན་ཡོངས་སུ་གཏོང་བར་བྱེད་པ་དེ་དག་གི་བསོད་ནམས་མངོན་པར་འདུ་བྱེད་པ་གང་ཡིན་པ་དགེ་བའི་རྩ་བ་སྔ་མ་དེ་ནི།
བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་ལ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་
བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་དེས་ཐམས་ཅད་ཟིལ་གྱིས་ནོན་པའི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ་སངས་རྒྱས་བཅོམ་ལྡན་འདས་འདི་ཉིད་ཀྱིས་འདིར་ཐབས་ལ་མཁས་པ་ཉིད་བཙན་པར་མཛད་དོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་གལ་ཏེ་སེམས་ཅན་དེ་དག་
ཐམས་ཅད་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཤིང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་དག་ཀྱང་སྦྱིན་ཞིང་བསོད་ནམས་དག་ཀྱང་བྱེད་ལ། དེ་ལ་བྱང་ཆུབ་སེམས་དཔའ་རྗེས་སུ་ཡི་རང་སྟེ། ཀྱེ་མ་སྦྱིན་པ་འདི་ནི་ལེགས་པར་བྱིན་ནོ། །ལེགས་པར་སྦྱིན་པར་བྱེད་
དོ། །བསྟི་སྟང་དུ་བྱས་ཏེ་སྦྱིན་པར་བྱེད་དོ་ཞེ་སར་བྱས་ཏེ་སྦྱིན་པར་བྱེད་དོ། །སྨད་པ་མེད་པར་སྦྱིན་པར་བྱེད་དོ། །སྦྱིན་པ་འདི་ལ་རྗེས་སུ་ཡི་རང་ངོ་ཞེ་ན། བྱང་ཆུབ་སེམས་དཔའ་དེའི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་ལ་སྔ་མའི་སྦྱིན་པ་དང་ལྡན་པའི་བསོད་ནམས་མངོན་པར་འདུ་བྱེད་པ་
เล่ม ๖๑ · หน้า 5b
དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་རྗེས་སུ་ཡི་རང་བའི་སེམས་
ཀྱིས་ཟིལ་གྱིས་གནོན་པར་བྱེད་པར་རིག་པར་བྱའོ། །ཚེ་དང་ལྡན་པ་གང་པོ་དཔེར་ན་ཟླ་བའི་དཀྱིལ་འཁོར་འཆར་བ་ན་སྐར་མའི་གཟུགས་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱི་འོད་མེད་པར་བྱེད་དོ། །ཚེ་དང་ལྡན་པ་གང་པོ་དཔེར་ན་ཉི་མའི་དཀྱིལ་འཁོར་འཆར་བ་ན་འཛམ་བུའི་གླིང་
འདི་སྲོག་ཆགས་ཀྱི་རིགས་སྲིན་བུ་མེ་ཁྱེར་གྱིས་གང་བར་གྱུར་པ་ཐམས་ཅད་ཟིལ་གྱིས་མནན་ཏེ་འོད་མེད་པར་བྱེད་དོ། །ཚེ་དང་ལྡན་པ་གང་པོ་དཔེར་ན་མཆིང་བུའི་ནོར་བུ་བརྒྱ་འམ། སྟོང་ངམ། བྱེ་བའམ། བྱེ་བ་སྟོང་ཕུང་པོ་ཆེན་པོར་གྱུར་ལ། དེའི་ནང་དུ་བཻ་དཱུརྱའི་ནོར་བུ་གཅིག་བཞག་
ན་མཆིང་བུའི་ནོར་བུ་དེ་ཐམས་ཅད་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་གཅིག་པུའི་ཁ་དོག་དང་འོད་ཀྱིས་ཟིལ་གྱིས་གནོན་པར་འགྱུར་ཏེ། འོད་མི་སྣང་ཞིང་མི་སྤ་བར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་སེམས་ཅན་དེ་དག་ཐམས་ཅད་བསྐལ་པ་དཔག་ཏུ་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་
པའི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ནི་བྱང་ཆུབ་སེམས་དཔའ་དེའི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། རྟ་རིན་པོ་ཆེ་རྟ་སྟོང་གི་ནང་དུ་ཞུགས་ན། རྟ་ཕལ་
དེ་དག་ཐམས་ཅད་གསལ་བ་མ་ཡིན་ཞིང་སྤ་བ་མ་ཡིན་ལ། རྟའི་རྒོད་པའི་བག་ཀྱང་སྟོན་པར་མི་བྱེད་དེ། དེ་དག་ཐམས་ཅད་རྟ་རིན་པོ་ཆེ་དེས་ཟིལ་གྱིས་གནོན་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་པའི་སེམས་ཅན་དེ་དག་
ཐམས་ཅད་ཀྱི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ། བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོ་སྟེ། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔས་རྗེས་སུ་ཡི་རང་
เล่ม ๖๑ · หน้า 6a
བའི་སེམས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཀྱང་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གྲངས་མེད་པ་དག་ན་ཐེག་པ་ལ་
གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་དག་གནས་པ་དེ་དག་ནི་ཕྱིར་མི་ལྡོག་པར་གྱུར་ཅིག །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་གང་དག་གནས་པ་དེ་དག་ནི་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་གྱུར་ཅིག །ཅེས་ཡོངས་སུ་བསྔོ་བར་བྱའོ། །ཇི་ལྟ་ཇི་
ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ཡོངས་སུ་གཏོང་བ་དེ་ལྟ་དེ་ལྟར་སྣང་བར་འགྱུར་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་རོ། །ཇི་ལྟ་ཇི་ལྟར་དགེ་བའི་རྩ་བ་དེ་དག་བདག་གིར་མི་བྱེད་ཅིང་། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག་ཅེས་སེམས་
བསྐྱེད་པ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་རྣམས་ཀྱིས་འབོགས་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་དགེ་བའི་རྩ་བ་རྣམས་ཀྱིས་འབོགས་པ་དེ་ལྟ་དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་རོ། །ཇི་ལྟ་ཇི་ལྟར་དགེ་བའི་རྩ་བ་དེ་དག་ལ་བདག་གི་བར་སེམས་མི་སྐྱེད་པ་དེ་ལྟ་དེ་ལྟར་དགེ་བའི་
རྩ་བ་དཔག་ཏུ་མེད་པ་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དཔག་ཏུ་མེད་པའི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བའི་སེམས་ཐབས་ལ་མཁས་པས་ཡོངས་སུ་བསྔོས་ནས་ཐེག་པ་ལ་
གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་འདོགས་པར་བྱེད་དེ་རྗེས་སུ་འཛིན་ཅིང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མངོན་པར་ཤེས་པ་མྱུར་བར་ཡོངས་སུ་སྔོའོ། །དེས་དེ་དག་ལ་ཡང་ཕན་བཏགས་ནས་བདག་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཡོངས་སུ་འཛིན་པར་བྱེད་པ་འདི་ནི། ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཕྱིར་ཏེ། བདག་དང་དེ་ལས་གཞན་པའི་བྱང་ཆུབ་སེམས་
เล่ม ๖๑ · หน้า 6b
དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་དོན་ཆེ་བར་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་རྗེས་སུ་ཡི་རང་བའི་ལེའུ་སྟེ་དང་པོའོ།། །།ཚེ་དང་ལྡན་པ་གང་པོ་གཞན་ཡང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་པའི་སེམས་ཅན་དེ་ཐམས་ཅད་ཀྱིས་སངས་རྒྱས་ལ་
སོགས་པ་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་སྦྱིན་པ་དང་། བསོད་ནམས་དག་ཀྱང་བྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བསོད་སྙོམས་ལན་ཅིག་ཙམ་འབུལ་ན་ཡང་། བསོད་སྙོམས་འབུལ་བ་གང་
ཡིན་པ་འདི་ལ་དགེ་བའི་རྩ་བ་སྔ་མས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་བསྔོས་པའི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་དང་སེམས་ཅན་དེ་དག་གི་ལེན་པ་པོ་ནི་མཚུངས་ཏེ། ལེན་པ་པོ་མི་མཚུངས་པ་མ་ཡིན་མོད་ཀྱི།
བསྔོ་བ་དང་བྲལ་བའི་ཕྱིར་སེམས་ཅན་དེ་དག་གི་སྦྱིན་པ་དེ། བྱང་ཆུབ་སེམས་དཔའི་སྦྱིན་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་པ་ན། འདི་ལྟར་བདག་གིས་སྦྱིན་
པ་འདི་ལྟར་བྱིན་ཞིང་། འདི་ལྟར་ཡོངས་སུ་བཏང་བ་ལས་བསོད་ནམས་མངོན་པར་འདུ་བྱེད་པ་གང་ཡིན་པ་དང་། དགེ་བ་མངོན་པར་འདུ་བྱེད་པ་གང་ཡིན་པའི་དགེ་བ་མངོན་པར་འདུ་བྱེད་པ་དེས་སེམས་ཅན་དམྱལ་བའི་སེམས་ཅན་རྣམས། སེམས་ཅན་དམྱལ་བ་ནས་འདོན་པར་གྱུར་ཅིག །དུད་
འགྲོའི་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་རྣམས་དུད་འགྲོའི་སྐྱེ་གནས་ནས་འདོན་པར་གྱུར་ཅིག །གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་རྣམས། གཤིན་རྗེའི་འཇིག་རྟེན་ནས་འདོན་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་ཐེག་པ་ལ་གསར་དུ་ཞུགས་
པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གནས་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཉིད་དུ་གྱུར་ཅིག །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་གང་དག་གནས་པ་དེ་དག་ནི་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་པར་བྱ་སྟེ། ཇི་ལྟ་
เล่ม ๖๑ · หน้า 7a
ཇི་ལྟར་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་དག་སྐྱེད་པ་དེ་ལྟ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པར་བྱེད་དེ། དགེ་བའི་རྩ་བ་དཔག་ཏུ་མེད་པ་ཡང་རྣམ་པར་འཕེལ་བར་བྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་འགྱུར་ཏེ། འདི་ཡང་
བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་པར་རིག་པར་བྱའོ། །ཇི་ལྟ་ཇི་ལྟར་དགེ་བའི་རྩ་བ་རྣམས་ལ་བདག་གི་བར་འདུ་ཤེས་མི་བྱེད་པ་དེ་ལྟ་དེ་ལྟར་བསོད་ནམས་དཔག་ཏུ་མེད་པ་མངོན་པར་འདུ་བྱེད་པ་ཡོངས་སུ་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དཔག་
ཏུ་མེད་པའི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ནོ། །དགེ་བའི་རྩ་བ་གཟུགས་མེད་པ་གང་ཡིན་པ་ཡང་ཡོངས་སུ་གཏོང་ན་གཟུགས་ཡོད་པའི་དངོས་པོ་ལྟ་ཅི་སྨོས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་གཟུགས་ཡོད་པ་དང་། གཟུགས་མེད་པའི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ཏེ། ཐམས་ཅད་ཡོངས་སུ་གཏོང་བས་ན། དེ་ཐམས་ཅད་མཁྱེན་པར་འགྱུར་རོ། །འདི་སྐད་དུ་ནང་གིའམ། ཕྱི་རོལ་གྱི་འམ། གཟུགས་ཡོད་པའམ། གཟུགས་
མེད་པ་ཡང་རུང་སྟེ། གང་བདག་གིས་ཡོངས་སུ་མ་བཏང་བའམ། མ་བྱིན་པའམ། མཆོད་སྦྱིན་མ་བྱས་པའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཞེས་ཀྱང་སེང་གེའི་སྒྲ་སྒྲོག་ཅིང་དེ་ལྟར་དགའ་བ་སྐྱེད་དོ། །ཚེ་དང་ལྡན་པ་གང་
པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་གཟིགས་ཏེ། འདི་སྐད་དུ་ནང་གིའམ། ཕྱི་རོལ་གྱིའམ། གཟུགས་ཡོད་པའམ། གཟུགས་
མེད་པ་ཡང་རུང་སྟེ། གང་བདག་གིས་ཡོངས་སུ་མ་བཏང་བའམ། མ་བྱིན་པའམ། མཆོད་སྦྱིན་མ་བྱས་པའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གང་གི་ཕྱིར་བདག་གིས་དངོས་པོ་དེ་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཕྱིར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
เล่ม ๖๑ · หน้า 7b
ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། གང་བདག་གིས་མངོན་པར་རྫོགས་པར་སངས་མ་རྒྱས་པའམ། ཡོངས་སུ་མ་ཤེས་པའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཇི་ལྟར་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པ་དམ་པ་ཐོབ་སྟེ། གང་བདག་གིས་མངོན་པར་རྫོགས་པར་སངས་མ་རྒྱས་པའམ། ཡོངས་སུ་མ་ཤེས་པ་དེ་ཅི་ཡང་མེད་དོ། །ཇི་ལྟར་གང་བདག་གིས་ཡོངས་སུ་མ་བཏང་བའམ། མ་བྱིན་
པ་དེ་ཅི་ཡང་མེད་པ་དེ་ལྟར་བདག་གིས་ཆོས་གང་མངོན་པར་རྫོགས་པར་སངས་མ་རྒྱས་པའམ། ཡོངས་སུ་མ་ཤེས་པའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་སེང་གེའི་སྒྲ་སྒྲོག་གོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ནང་དང་ཕྱི་རོལ་
གྱི་དངོས་པོ་རྣམས་ཡོངས་སུ་བཏང་བས་ན། ནང་དང་ཕྱིའི་ཆོས་རྣམས་ལ་ཆོས་གང་མངོན་པར་རྫོགས་པར་སངས་མ་རྒྱས་པའམ། ཡོངས་སུ་མ་ཤེས་པའི་ཆོས་ཅི་ཡང་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་སློབ་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་ཐོབ་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མི་འབྲལ་བར་འགྱུར་རོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་འབྲལ་བ་དེའི་ཚེ་བྱང་ཆུབ་སེམས་དཔའ་ལ་བདུད་སྡིག་ཅན་གྱིས་ཀྱང་གླགས་མི་རྙེད་ན། གནོད་སྦྱིན་ནམ་ཤ་ཟས་གླགས་རྙེད་པ་ལྟ་ཅི་སྨོས་ཏེ་འདི་ནི་གནས་མེད་དོ། །ཚེ་དང་ལྡན་པ་གང་པོ་ཕྱོགས་གང་དུ་བྱང་ཆུབ་སེམས་
དཔའ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་སེམས་ཤིང་འགྲོ་བའི་ཕྱོགས་དེར་མིའམ། མི་མ་ཡིན་པ་རྣམས་ཀྱིས་གླགས་མི་རྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་ལ་བྱེད་པ་དེ་དག་ནི་དེ་ལྟར་སྟོབས་དང་ལྡན་པའི་ཕྱིར་རོ། །འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་རྣམས་ནི་དེ་
เล่ม ๖๑ · หน้า 8a
ལྟར་བསམ་གྱིས་མི་ཁྱབ་ཅིང་དེ་ལྟར་རྒྱ་ཆེའོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ནི་དེ་ལྟར་སེམས་ཅན་རྣམས་ལ་ཕན་འདོགས་པ་ཡང་ཡིན་ལ་ཉེ་བར་འཚོ་བ་ཡང་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་རྣམ་གྲངས་
འདིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཕན་འདོགས་
པར་གྱུར་པ་དང་ཉེ་བར་འཚོ་བ་ཡིན་ནོ། །སེམས་ཅན་རྣམས་ཀྱི་ཉོན་མོངས་པ་སྤངས་པའི་ཕྱིར་ཆོས་ཀྱང་སྟོན་ཏོ། །སེམས་ཅན་དཔག་ཏུ་མེད་པ་ཡང་ཕུང་པོ་གསུམ་དུ་ཡོངས་སུ་མྱ་ངན་ལས་ཟློ་བར་བྱེད་དོ། །ཚེ་དང་ལྡན་པ་གང་པོ་རྣམ་གྲངས་འདིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་མཆོག་ཅེས་བྱ། གཙོ་བོ་དང་། ཕུལ་དང་། རབ་དང་། རབ་མཆོག་དང་། བླ་ན་མེད་པ་
དང་གོང་ན་མེད་པ་ཞེས་བྱའོ། །ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་སེམས་ཅན་རྣམས་ཀྱི་ཕན་འདོགས་པར་གྱུར་པ་དང་ཉེ་བར་འཚོ་བ་ཡིན་ཏེ། གང་དག་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་དང་། མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་།
གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་དེ། དེ་ལྟར་དགེ་བའི་རྩ་བ་བསྐྱེད་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་འགྱུར་རོ། །གང་དག་འདོད་ཆགས་དང་བྲལ་བའི་བསམ་པས་དེ་བཞིན་
གཤེགས་པའི་མཆོད་རྟེན་ལ་མེ་ཏོག་གཅིག་ཙམ་འབུལ་བ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་ལུང་བསྟན་ཏོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདུག་ན་ཡང་སེམས་ཅན་རྣམས་ཀྱི་ཕན་འདོགས་
เล่ม ๖๑ · หน้า 8b
པར་གྱུར་པ་དང་ཉེ་བར་འཚོ་བ་ཡིན་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཡོངས་སུ་མྱ་ངན་ལས་འདས་ན་ཡང་སེམས་ཅན་རྣམས་ཀྱིས་ཕན་འདོགས་པ་དང་ཉེ་བར་འཚོ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ནི་ནམས་ཀྱང་སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བར་མི་འགྱུར་བ་མ་ཡིན་ནོ། །དེ་བཞིན་གཤེགས་པ་མ་གཏོགས་པར་སེམས་ཅན་གྱི་རིས་ན་བྱང་ཆུབ་སེམས་དཔའི་ཡོན་ཏན་འདི་ལྟ་བུ་དག་དང་ལྡན་པའི་སེམས་ཅན་དེ་གང་ཡང་མི་དམིགས་ཏེ། ཡོད་ཅེས་བྱ་བ་ནི་གནས་མེད་དོ། །ཚེ་དང་ལྡན་
པ་གང་པོ་དཔེར་ན་གསེར་ནི་བསྲེགས་ཀྱང་རུང་། མ་བསྲེགས་ཀྱང་རུང་སྟེ། སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བ་ཡིན། བཞུ་ཡང་རུང་། མ་བཞུ་ཡང་རུང་། བརྡུངས་སུ་བྱས་ཀྱང་རུང་། བརྡུངས་སུ་མ་བྱས་ཀྱང་རུང་སྟེ། སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བ་ཡིན་ནོ། །ཚེ་དང་
ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ཡང་སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བ་ཡིན་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཡོངས་སུ་མྱ་ངན་ལས་འདས་ན་ཡང་སེམས་ཅན་
རྣམས་ཀྱི་ཉེ་བར་འཚོ་བ་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་དཔེར་ན་ཟླ་བ་དང་ཉི་མ་གཉིས་ནི་གླིང་བཞི་པོ་དག་ཏུ་སེམས་ཅན་རྣམས་ཀྱི་བྱ་བ་བྱེད་ཅིང་གླིང་བཞི་པོ་དག་གི་ཉེ་བར་འཚོ་བ་ཡིན་ཏེ། འདི་ལྟར་ཟླ་བ་དང་ཉི་མ་འདི་གཉིས་ཡོད་ན་སྣང་ཞིང་གསལ་ལ་ཉིན་མཚན་དང་། ཟླ་བ་ཕྱེད་དང་།
དུས་ཚིགས་དང་། ལོ་རྣམས་ཤེས་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདུག་ན་ཡང་སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བ་ཡིན་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་ཡོངས་
སུ་མྱ་ངན་ལས་འདས་ན་ཡང་སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བ་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟར་ཆོས་རྒྱ་ཆེན་པོ་དང་ལྡན་པས་ན་ནམས་ཀྱང་སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བར་མི་འགྱུར་བ་མ་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་དཔེར་
เล่ม ๖๑ · หน้า 9a
ན་དེད་དཔོན་གསེར་འབུམ་དག་གིས་ཉོ་འཚོང་བྱེད་ན། སེམས་ཅན་ཚད་མེད་དཔག་ཏུ་མེད་པ་དག་བདེ་བར་འགྱུར་ཏེ་དེས་ནོར་གྱི་ཕུང་པོ་བསྡུས་པ་ལ་དེ་དག་ཡོངས་སུ་སྤྱོད་དོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདུག་
གམ་སྡོད་ཀྱང་རུང་སྟེ། སེམས་ཅན་དུ་མ་བདེ་བར་འགྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་དེ་ཉིད་ཀྱི་མཐུས་ཉན་ཐོས་རྣམས་བདེ་བར་འགྱུར་བ་ལྟ་ཅི་སྨོས། ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྤྱོད་པའི་ཚེའམ། མངོན་པར་རྫོགས་པར་སངས་རྒྱས་པའམ། ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་རུང་སྟེ་ནམས་ཀྱང་ཉེ་བར་འཚོ་བར་མི་འགྱུར་བ་མ་ཡིན་ནོ། །གང་གི་ཚེ་བདག་ཀྱང་བདེ་ལ། སེམས་ཅན་གཞན་རྣམས་
ཀྱང་བདེ་བར་བྱེད་པ་འདི་ནི་སྐྱེས་བུ་དམ་པའི་མཚན་ཉིད་དོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ནི། འདུག་པའི་ཚེ་ཡང་བྲམ་ཟེ་དང་ཁྱིམ་བདག་རྣམས་བདེ་བར་བྱེད་ལ། ཤི་ན་ཡང་སྔོན་གྱི་གཟི་བྱིན་དྲག་པོ་དེས་ཡུལ་དེའི་ཕྱོགས་སུ་
རྐུན་པོ་དང་། ཆོམ་པོ་རྣམས་ཀྱིས་གླགས་མི་རྙེད་དོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདུག་ན་ཡང་སེམས་ཅན་རྣམས་བདེ་བར་འགྱུར་ལ། མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཡོངས་སུ་མྱ་ངན་ལས་འདས་ན་ཡང་སེམས་
ཅན་དཔག་ཏུ་མེད་པ་དག་བདེ་བར་འགྱུར་ཞིང་། གང་དག་དེའི་ཚུལ་ཁྲིམས་དྲན་པར་བྱེད་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དྲན་པར་བྱེད་པའི་སེམས་ཅན་དེ་དག་ཀྱང་བདེ་བར་འགྱུར་ཏེ། སེམས་ཅན་དེ་དག་ལ་མི་
དང་མི་མ་ཡིན་པའི་འཇིགས་པས་དོགས་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། སེམས་ཅན་དེ་དག་ལ་འཇིགས་པ་གང་གིས་ཀྱང་དོགས་པར་མི་བྱ་
เล่ม ๖๑ · หน้า 9b
སྟེ། གང་དག་དེ་བཞིན་གཤེགས་པ་ལ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་དྲན་པར་བྱེད་ན། དེ་དག་ལ་འཇིགས་པ་གང་གིས་ཀྱང་དོགས་པར་མི་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་
ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཆོས་རྒྱ་ཆེན་པོ་དང་ལྡན་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཆོས་རྒྱ་ཆེན་པོ་དང་ལྡན་པར་བལྟའོ། །
གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྒྱ་ཆེ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་འདི་ཉིད་རྒྱ་ཆེ་བ་ཡིན་ནོ། །དེ་ཅིའི་
ཕྱིར་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཉིད་སངས་རྒྱས་ཉིད་འདི་ནི་རྒྱ་ཆེ་བའི་གནས་ཡིན་པའི་ཕྱིར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས། སྦྱིན་པའི་ཐབས་ལ་མཁས་པའི་ལེའུ་སྟེ། གཉིས་པའོ།། །།དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་
ལྡན་པ་བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། གལ་ཏེ་བདག་ལ་སློང་བ་འགའ་ཞིག་འོངས་ན་ཕྱིས་སྦྱིན་ནོ་ཞེའམ། བདག་ལ་མེད་དོ་སྙམ་དུ་སེམས་བསྐྱེད་པར་མི་
བྱའོ། །བདག་ནི་སྦྱིན་མི་ཕོད་དོ་སྙམ་དུ་སེམས་བསྐྱེད་པར་མི་བྱའོ། །གཞན་སྦྱིན་པ་བྱེད་པ་དག་ལ་ཡང་རྗེས་སུ་ཡི་རང་བར་བྱ། ཡང་དག་པར་འཛིན་དུ་གཞུག་པར་བྱ། ཡང་དག་པར་དགའ་བར་བྱའོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱའོ། །བྱང་ཆུབ་སེམས་དཔས་ཇི་ལྟར་བྱས་ན་སེམས་ཅན་འདི་དག་སྦྱིན་པ་གཏོང་ཞིང་། བསོད་ནམས་དག་ཀྱང་བྱེད་པར་འགྱུར་སྙམ་པའི་རྗེས་སུ་ཡི་རང་བའི་དགེ་བའི་སེམས་ཐམས་
เล่ม ๖๑ · หน้า 10a
ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་དེས་ནི། དེ་དག་གི་སྦྱིན་པ་དང་ལྡན་པའི་སེམས་ཟིལ་གྱིས་གནོན་ཏེ། སེམས་ཅན་དེ་དག་གི་བསོད་ནམས་མངོན་པར་འདུ་བྱེད་པ་དང་། དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་གང་ཡིན་པ་དེའི་སྦྱིན་པའི་སེམས་སྔ་མ་དེས་ནི་རྗེས་སུ་
ཡི་རང་བའི་སེམས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་རྒྱུའི་བར་དུ་ཡང་མི་བཟོད་ཅིང་། བྱང་ཆུབ་སེམས་
དཔས་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་གཅིག་བསྐྱེད་པས་ཟིལ་གྱིས་གནོན་ཏེ། འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་པ་ན། ཐབས་ལ་མཁས་པར་བྱ་སྟེ། དེ་གང་དང་གང་སྦྱིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོའོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཐབས་ལ་མཁས་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཐབས་ལ་
མི་མཁས་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། སྦྱིན་པ་སྦྱིན་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་མི་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་མ་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་སྐབས་འགའ་
དག་ཏུ་སྣོད་འཛམ་བུའི་གླིང་གི་ཚད་ཙམ་ཐོགས་པའི་སེམས་ཅན་དག་འོངས་ཏེ། འདིའི་ནང་དུ་བྱིན་ཅིག་ཅེ་ན། དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ངེས་པར་སྦྱིན་པར་བྱའི། མེད་དོ་སྙམ་དུ་སེམས་བསྐྱེད་པར་མི་བྱའོ། །སྣོད་འདི་དག་ནི་ཧ་ཅང་ཆེས་སོ་སྙམ་དུ་སེམས་
བསྐྱེད་པར་མི་བྱའོ། །སྣོད་འདི་དག་ཇི་ལྟར་ཡང་དགང་བར་བྱ་སྙམ་དུ་སེམས་བསྐྱེད་པར་མི་བྱའོ། །ཇི་ལྟར་སེམས་བསྐྱེད་པར་བྱ་ཞེ་ན་སྦྱིན་ནོ། །སྣོད་འདི་དག་དགང་བར་སྤྲོ་བར་བྱའོ། །ཇི་ལྟར་སྣོད་འདི་དག་དགང་བར་བྱ་བ་དེ་ལྟ་དེ་ལྟར་འབད་དོ། །དེ་ལྟ་དེ་ལྟར་བཙལ་ལོ་སྙམ་དུ་སེམས་
เล่ม ๖๑ · หน้า 10b
བསྐྱེད་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་དེ་ལྟར་འབད་ཅིང་རྩོལ་ལ། བརྩོན་འགྲུས་རྩོམ་སྟེ། ཡོངས་སུ་གཏོང་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ལ་སྙིང་བརྩེ་བས་སྦྱིན་པ་སྦྱིན་པར་བྱའོ། །བྱམས་པ་དང་སྙིང་རྗེ་ལ་གནས་པར་བྱ་སྟེ། སེམས་ཅན་རྣམས་ལ་སྦྱིན་པ་སྦྱིན་པར་བྱའོ། །སྦྱིན་པ་
སྦྱིན་པ་ན། འདི་ལྟར་གང་འདི་ལས་བསོད་ནམས་མངོན་པར་འདུ་བྱེད་པ་དང་། དགེ་བ་མངོན་པར་འདུ་བྱེད་པ་གང་ཡིན་པའི་བསོད་ནམས་དང་། དགེ་བ་མངོན་པར་འདུ་བྱེད་པ་དེས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་
དཔའ་གང་དག་གནས་པ་དེ་དག་ནི་ཕྱིར་མི་ལྡོག་པ་ཉིད་དུ་གྱུར་ཅིག །ཕྱིར་མི་ལྡོག་པ་གང་དག་གནས་པ་དེ་དག་ནི་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་པར་བྱའོ། །ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་
བའི་རྩ་བ་དེ་དག་ཡོངས་སུ་གཏོང་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པ་ཉིད་དུ་འབོགས་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན་གསེར་ནི་ཇི་ལྟ་ཇི་ལྟར་བསྲེགས་པ་དང་། བཞུ་བ་དང་། བསྐོལ་བ་དང་། ཚོས་པར་བྱས་པ་དེ་ལྟ་
དེ་ལྟར་ཤིན་ཏུ་གསལ་བར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཇི་ལྟ་ཇི་ལྟར་བསོད་ནམས་མངོན་པར་འདུ་བྱེད་པ་དང་། དགེ་བ་མངོན་པར་འདུ་བྱེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བ་དེ་ལྟ་དེ་ལྟར་དགེ་
བའི་རྩ་བ་རྣམས་ཀྱིས་འབོགས་སོ། །ཇི་ལྟ་ཇི་ལྟར་དགེ་བའི་རྩ་བ་རྣམས་ཀྱིས་འབོགས་པ་དེ་ལྟ་དེ་ལྟར་སེམས་ཅན་རྣམས་ཀྱིས་བསྙེན་པའི་འོས་སུ་འགྱུར་ཞིང་། ཁ་དོག་དང་། འོད་དང་། གཟི་བརྗིད་ཀྱིས་ཀྱང་ཤིན་ཏུ་གཟི་ཆེ་བར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། བུད་
เล่ม ๖๑ · หน้า 11a
མེད་མེ་ལོང་གི་བྱི་དོར་བྱེད་པ་ན་ཇི་ལྟ་ཇི་ལྟར་མེ་ལོང་བྱི་དོར་བྱེད་པ་དེ་ལྟ་དེ་ལྟར་ཤིན་ཏུ་འོད་གསལ་བར་འགྱུར་ལ། ཇི་ལྟ་ཇི་ལྟར་ཤིན་ཏུ་འོད་གསལ་བར་གྱུར་པ་དེ་ལྟ་དེ་ལྟར་བཞིན་གསལ་བར་རབ་ཏུ་སྣང་ངོ་། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཡང་ཇི་ལྟ་ཇི་ལྟར་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ཞིང་། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཡོངས་སུ་གཏོང་སྟེ། གང་དག་ཐེག་པ་ལ་གསར་དུ་ཞུགས་པ་
དེ་དག་ནི་ཕྱིར་མི་ལྡོག་པ་ཉིད་དུ་གྱུར་ཅིག །ཕྱིར་མི་ལྡོག་པ་གང་དག་ཡིན་པ་དེ་དག་ནི་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་ཇི་ལྟ་ཇི་ལྟར་ཡོངས་སུ་གཏོང་ཞིང་སྦྱིན་པ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་ཤིན་ཏུ་རྒྱ་ཆེ་བར་འགྱུར་རོ། །ཇི་ལྟ་ཇི་ལྟར་
དགེ་བའི་རྩ་བ་ཤིན་ཏུ་རྒྱ་ཆེ་བར་འགྱུར་བ་དེ་ལྟ་དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ལྟར་ཡོངས་སུ་སྔོ་བ་ནི་ཐབས་ལ་མཁས་པ་ཡིན་པར་རིག་པར་བྱའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཆུང་ངུ་བྱིན་ན་
བསོད་ནམས་མང་པོ་སྐྱེད་པར་འགྱུར་ཞེ་ན། གལ་ཏེ་སྦྱིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ན། དེ་ལྟར་བྱང་ཆུབ་སེམས་དཔའ་སྦྱིན་པ་ཆུང་ངུ་བྱིན་ལ་བསོད་ནམས་མང་པོ་སྐྱེད་དོ། །ཅི་སྟེ་སྦྱིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་མི་བྱེད་ན། དེ་
ལྟར་སྦྱིན་པ་མང་པོ་བྱིན་ལ། བསོད་ནམས་ཉུང་ངུ་སྐྱེད་པར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། བདེ་བར་སྦྱར་བའི་ཡོ་བྱད་མང་པོ་ཡོངས་སུ་གཏོང་ལ། སྦྱིན་པ་དེའང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་ན། དེ་
ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་མང་པོ་སྦྱིན་ཞིང་། བསོད་ནམས་མང་པོ་སྐྱེད་དོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་སྦྱིན་པ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང་མ་བྲལ་བར་བྱའོ། །བྱང་ཆུབ་སེམས་
เล่ม ๖๑ · หน้า 11b
དཔའ་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང་མ་བྲལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་དང་ཉེ་བ་ཡིན་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པར་བྱེད་པ་ནི་ཐབས་ལ་མཁས་པ་ཡིན་པར་རིག་པར་བྱ་བའི་ཕྱིར་རོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐོག་མ་ཉིད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་
བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ་གང་གི་ཕྱིར་དེས་འཁོར་བ་ཐོག་མ་མེད་པ་ནས་སེར་སྣ་བསྟེན་ཏེ། དེ་སྦྱིན་པ་དེ་ཡོངས་སུ་གཏོང་ན། སེར་སྣ་རྒྱང་རིང་བར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་བྱེད་དོ། །ཇི་ལྟ་ཇི་ལྟར་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་བྱེད་པ་དེ་ལྟ་དེ་ལྟར་ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱིས་ལས་ལྡོག་པར་བྱེད་དོ། །ཇི་ལྟ་ཇི་ལྟར་ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱིས་ལས་ལྡོག་པ་དེ་ལྟ་དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་རོ། །ཚེ་དང་
ལྡན་པ་གང་པོ་དཔེར་ན། ཆར་འབབ་པའི་ཚེ་བླ་གབ་མེད་པར་བུམ་པ་བཞག་པ་དེར་རིམ་གྱིས་ཐིགས་པ་བབ་པས་གང་བར་གྱུར་ན་དང་པོར་ཐིགས་པ་བབ་པ་གང་ཡིན་པ་དང་། ཐ་མར་ཐིགས་པ་བབ་པ་གང་ཡིན་པ་ཉི་ཚེས་བུམ་པ་དེ་གང་བར་གྱུར་པ་མ་ཡིན་གྱིས། དེའི་བར་གྱི་
ཆུའི་ཐིགས་པ་རྒྱུན་མི་ཆད་པར་རིམ་གྱིས་བབ་པའི་ཆུའི་ཐིགས་པ་རྣམས་ཀྱིས་བུམ་པ་དེ་གང་བ་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དང་པོ་སེམས་བསྐྱེད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ཡང་མ་ཡིན། བྱང་
ཆུབ་ཀྱི་སྙིང་པོ་ལ་འདུག་པས་ཀྱང་མ་ཡིན་གྱི། དང་པོ་སེམས་བསྐྱེད་པ་གང་ཡིན་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་སེམས་བསྐྱེད་པ་ཕྱི་མ་དེའི་བར་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱི་ཁྱད་པར་བསྐྱེད་པ། ཕན་པར་གྱུར་པ་བསགས་པ་གང་དག་
เล่ม ๖๑ · หน้า 12a
ཡིན་པ་དེ་དག་ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རིམ་གྱིས་འབྲས་བུ་བསྐྱེད་པ་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མ་འདྲེས་པའི་སེམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ལ་དམིགས་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་མ་འདྲེས་པ་ཡིན། སྨྲས་པ། ཚེ་དང་ལྡན་པ་གང་པོ་གང་གི་ཚེ་
བྱང་ཆུབ་སེམས་དཔའ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་བྱུང་ན། དེ་འང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་གྱུར་པར་མཐོང་ཞིང་། གལ་ཏེ་འདི་དག་ལས་བདག་གི་ལུས་གྲུབ་པས་ན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདི་ནི་བདག་གི་ཕ་རོལ་ཏུ་ཕྱིན་པའི་དོན་
ཡིན་ཏེ། སྐྱེད་པར་འགྱུར་བའོ་ཞེས་ཤེས་པ་གང་ཡིན་པ་དེ་ནི་སེམས་མ་འདྲེས་པ་ཞེས་བྱའོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕན་འདོགས་པ་དང་། གནོད་པ་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཀྱི་རྒྱུ་ཡིན་པར་མཐོང་སྟེ། དེ་ལྟར་ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་མ་འདྲེས་པར་བྱའོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། གསད་པར་ཆད་པའི་མི་གསད་པའི་སར་ཁྲིད་པ་ན་བདག་ནི་གསོད་དོ་སྙམ་པའི་ཡིད་ལ་བྱེད་
པ་འབའ་ཞིག་འབྱུང་བར་འགྱུར་ཏེ། དཔེ་དེ་དང་འདྲ་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་ཡིད་ལ་བྱེད་པ་འདི་ནི། ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མ་འདྲེས་པ་ཡིན་པར་རིག་པར་བྱའོ། །
ཚེ་དང་ལྡན་པ་གང་པོ་དཔེར་ན། རིན་པོ་ཆེ་ཁྱེར་བའི་མི་འཇིགས་སའམ། འབྲོག་ཁོང་ཁོང་ཡ་ང་བར་ཞུགས་ནས། དེ་འཇིགས་ས་དང་འབྲོག་ཁོང་ཁོང་ཡ་ང་བར་འགྲོ་བ་ན། རྟག་ཏུ་རྒྱུན་མི་ཆད་པར་ཡིད་ལ་བྱེད་པ་འབྱུང་སྟེ། བདག་ནམ་འབྲོག་ཁོང་ཁོང་ཡ་ང་བ་འདི་ལས་འདའ་བར་
เล่ม ๖๑ · หน้า 12b
འགྱུར་ཞིང་འཇིགས་ས་འདི་ལས་འདའ་བར་འགྱུར་ཞིག་གུ་སྙམ་པ་འབའ་ཞིག་ཡིད་ལ་བྱེད་དོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱའི་ཡིད་ལ་བྱེད་པ་གཞན་དག་གི་སྐབས་དབྱེ་བར་མི་བྱ་བ་འདི་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མ་འདྲེས་པ་ཞེས་བྱའོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། མི་གཡོན་ཅན་གྱི་རང་བཞིན་ཅན་ཚོང་འདུས་ཀྱི་ནང་དུ་ཞུགས་ཏེ་རྐུ་ཞིང་ཆིངས་མ་གཅོད་པ་ན་འདི་ལྟར་བདག་རྐུ་ཞིང་ཆིངས་མ་གཅོད་པ་སུས་ཀྱང་མ་མཐོང་གྲང་སྙམ་དུ་སེམས་ཤིང་། དེ་
ཡིད་ལ་བྱེད་པ་དེ་འབའ་ཞིག་ཀུན་ཏུ་འབྱུང་སྟེ། དེའི་ཡིད་ལ་བྱེད་པ་གཞན་མི་འབྱུང་ངོ་། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཡིད་ལ་བྱེད་པ་གཞན་
དག་གི་སྐབས་དབྱེ་བར་མི་བྱའོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་མ་འདྲེས་པར་རིག་པར་བྱའོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། སྐྱེས་བུ་གསེར་མགར་ཞིག་ཡོད་པ་དེའི་ལག་ཏུ་གསེར་གཏད་ལ། གསེར་དེའང་རྒྱལ་པོའི་ཡིན་
ཏེ། དེ་ལ་འདི་སྐད་དུ་ཀྱེ་མི་ཁྱོད་ཀྱིས་གསེར་འདི་ལས་རྒྱན་གྱི་རྣམ་པ་དག་བྱོས་ལ། གང་ཁྱོད་ཀྱིས་ལོ་གཅིག་གིས་ཟིན་པའི་ལས་དེ་ཁྱོད་ཀྱིས་ཟླ་བ་གཅིག་གིས་ཟིན་པར་གྱིས་ཤིག །གལ་ཏེ་ཟླ་བ་གཅིག་གིས་ཟིན་པར་མ་བྱས་ན། དེའི་ཕྱིར་ཁྱོད་ཀྱི་མགོ་གཅད་དོ་ཞེས་བསྒོ་ན།
དེ་སྐད་དུ་བསྒོ་བའི་མི་དེ་ནི་གསེར་དེ་བསྲེགས་པ་དང་། བཞུ་བ་དང་། རྒྱན་དག་ཏུ་བྱ་བ་ལས་ཡིད་ལ་བྱེད་པ་གཞན་མི་འབྱུང་སྟེ། གཞན་དུ་ན་རྒྱན་འདི་རྣམས་ཇི་ལྟར་ཟིན་པར་འགྱུར་ཞིག་གུ་སྙམ་སྟེ། དེ་ཟན་ཟ་བའི་ཚེ་ཡང་ཁ་ཟས་ཡིད་ལ་བྱེད་པ་མི་འབྱུང་གི །གསེར་དང་ལྡན་པའི་
ཡིད་ལ་བྱེད་པའི་ཡིད་ལ་བྱེད་པ་འབའ་ཞིག་དང་། རྒྱན་གྱི་རྣམ་པ་འབའ་ཞིག་ཡིད་ལ་བྱེད་དེ། སེམས་དང་སེམས་ལས་བྱུང་བ་རྣམས་དེ་ལ་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་སྲོག་ཕངས་པའི་ཤས་ཆེ་བའི་ཕྱིར་རོ། །དེ་ནས་མི་དེས་ལྷ་རྒྱན་དེ་དག་ནི་འདི་རྣམས་ལགས་སོ་ཞེས་རྒྱན་བྱེད་པ་དེ་
เล่ม ๖๑ · หน้า 13a
དག་རྒྱལ་པོ་ལ་ཕུལ་ལོ། །དེ་ནས་རྒྱལ་པོ་དགའ་ཞིང་མགུ་སྟེ་རངས་ནས། འདི་སྐད་དུ་གང་ཁྱོད་ཀྱིས་ཟླ་བ་བཅུ་གཉིས་ཀྱི་ལས་བྱས་པ་དེ་ནི་ཁྱོད་བྱ་དགའ་ཆེན་པོ་དབང་ངོ་ཞེས་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་དང་པོ་སེམས་བསྐྱེད་པ་ནས། ཕྱི་མའི་སེམས་བསྐྱེད་པ་དེའི་བར་དུ་སེམས་མ་འདྲེས་པར་བྱའོ། །ཇི་ལྟར་སྐྱེས་བུ་གསེར་མགར་དེ་ཡིད་ལ་བྱེད་པ་གཞན་དང་མ་འདྲེས་པར་རྒྱན་དེ་དག་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། སྲོག་ཕངས་པའི་ཤས་ཆེ་བའི་ཕྱིར་ཡིན་པ་དེ་བཞིན་དུ། ཚེ་
དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་འདྲེས་པར་བྱ་སྟེ། ཡིད་ལ་བྱེད་པ་གཞན་དག་གི་སྐབས་དབྱེ་བར་མི་བྱའོ། །གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལྷུར་ལེན་པའི་སྟོབས་ཆེ་ན། དེ་ཉིད་སེམས་མ་
འདྲེས་པ་ལ་གནས་ཏེ། བྱང་ཆུབ་སེམས་དཔའ་གཞན་གང་བསྐལ་པ་གྲངས་མེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་བསྐལ་པ་བརྒྱར་ཡང་མི་ཐོགས་པར་འགྱུར་རོ། །
དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེས་ཡིད་ལ་བྱེད་པ་གཞན་དག་གི་སྐབས་མ་ཕྱེ་བའི་ཕྱིར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་མ་འདྲེས་པ་ལ་གནས་པ་དེ་བསྐལ་པ་བརྒྱར་ཡང་མི་ཐོགས་པར་ཡོངས་སུ་རྫོགས་པར་བྱེད་དོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་མ་འདྲེས་པར་བྱའོ། །དེ་ལྟར་ན་བདག་ཀྱང་དོན་དེ་ལ་སྦྱོར་ཞིང་། སེམས་ཅན་དག་ཀྱང་དོན་དེ་ལ་སྦྱོར་ཏེ། འདི་ལྟར་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པའི་དོན་ལ་སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་དཔེའི་ལེའུ་སྟེ་གསུམ་
པའོ།། །།དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གལ་ཏེ་ཡིད་ལ་བྱེད་པ་དེ་དག་བར་མ་དོར་འདྲེས་པ་ཞིག་ན། དེའི་ངོ་བོ་ཉིད་ནི་གང་ཡིན། གང་དང་ནི་ལྡན། དེ་སྐད་
เล่ม ๖๑ · หน้า 13b
ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་གང་གི་ཚེ་ཉན་ཐོས་ཀྱིས་དང་ལྡན་ཞིང་། རང་སངས་རྒྱས་ཀྱིས་དང་ལྡན་པའི་ཡིད་ལ་བྱེད་པ་འབྱུང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་འདྲེས་པ་ཡིན་པར་རིག་པར་བྱ་སྟེ།
འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དག་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ལ་ནི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་ལ་བྱེད་པ་འདོད་ཆགས་དང་ལྡན་པ་འམ། ཞེ་
སྡང་དང་ལྡན་པ་འམ། གཏི་མུག་དང་ལྡན་པ་འབྱུང་ན། འབྱུང་བ་དེས་བྱང་ཆུབ་སེམས་དཔའ་སེམས་འདྲེས་པར་རིག་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པ་འདི་དག་ནི་བྱང་ཆུབ་སེམས་དཔའི་སྲིད་པ་མངོན་པར་འགྲུབ་པ་སྟེ། ཕན་འདོགས་པར་
གྱུར་པ། རྒྱུར་གྱུར་པ་གྲོགས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །འདི་དག་ནི་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བྱེད་པའོ། །འདི་དག་གིས་ནི་ལུས་ཡོངས་སུ་འཛིན་ཏོ། །ཐབས་ལ་མཁས་པས་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱིས་ཡོངས་སུ་སྔོ་བར་བྱེད་པ་དེ་བཞིན་
དུ། ཉོན་མོངས་པ་གྲོགས་སུ་གྱུར་པ་རྣམས་ཀྱིས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ཚེ་དང་ལྡན་པ་གང་པོ་དེ་ལྟ་བས་ན། ཐམས་ཅད་མཁྱེན་པ་ཉིད་ལ་བར་ཆད་བྱེད་
པར་འགྱུར་བའི་ཡིད་ལ་བྱེད་པ་གང་དག་ཡིན་པ་དེ་དག་འབྱུང་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་འདྲེས་པ་ཞེས་བྱ་བར་རིག་པར་བྱའོ། །དེ་དག་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་ལྡན་པ་དང་། རང་སངས་རྒྱས་དང་ལྡན་པར་འབྱུང་བ་དེ་དག་གིས་
སེམས་འདྲེས་པར་རིག་པར་བྱའོ། །དེ་ལས་གཞན་པའི་ཡིད་ལ་བྱེད་པ་སྲིད་པའི་རྗེས་སུ་འཐུན་པ་གང་དག་ཡིན་པ་དེ་དག་འབྱུང་བས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་འདྲེས་པར་གནས་པ་མ་ཡིན་ནོ། །ཡིད་ལ་བྱེད་པ་དེ་དག་ཅིའི་ཕྱིར་འདོད་པར་བྱ་ཞེ་
เล่ม ๖๑ · หน้า 14a
ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་འཁོར་བས་ཡོངས་སུ་མི་སྐྱོ་བའི་གོ་ཆ་བགོས་པའི་ཕྱིར་ཏེ། དེ་དག་འབྱུང་ན་སྐྱེ་བའི་གནས་རྣམས་ཡོངས་སུ་འཛིན་ལ། སྐྱེ་བའི་གནས་རྣམས་ཡོངས་སུ་བཟུང་བས་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་
པ་ཡང་དག་པར་བླངས་ཏེ་གནས་པར་འགྱུར་རོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏེ། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་སྒོམ་མོ། །དེ་ལྟར་ན་ཡིད་ལ་བྱེད་པ་གང་དག་གིས་སྲིད་པ་མངོན་པར་འགྲུབ་པར་འགྱུར་བ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་མ་གྱུར་གྱི་བར་དུ་འདོད་པར་བྱའོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་ཉོན་མོངས་པ་རྣམས་ལ་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་སྐྱོ་བའི་སེམས་བསྐྱེད་པར་མི་བྱའོ། །བྱང་ཆུབ་སེམས་དཔས་ཅིའི་ཕྱིར་འདོད་པར་བྱ་ཞེ་ན། འདི་དག་ནི་བདག་ལ་ཕན་འདོགས་པར་གྱུར་པ་དག་སྟེ། གལ་ཏེ་འདི་དག་གཟུགས་ཅན་ཞིག་ཡིན་དུ་ཟིན་ན། བདག་གིས་
བསྟི་སྟང་ཆེན་པོས་རི་མོ་བྱ་བ་ཞིག་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་དེའི་ཕན་ཡོན་རྣམས་ཉེ་བར་གནས་པའི་ཕྱིར་རོ། །གལ་ཏེ་ཐབས་ལ་མཁས་པ་གཟུགས་ཅན་ཞིག་ཡིན་དུ་ཟིན་ན་ནི། དེ་ལ་ཡང་དེ་བཞིན་གཤེགས་པ་བཞིན་དུ་བདག་གིས་བསྟི་སྟང་ཆེན་པོས་རི་མོ་བྱ་
བ་ཞིག་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བདག་གི་ཐབས་ལ་མཁས་པ་འདི་ནི་སྲིད་པར་ཀུན་ཏུ་སྦྱོར་བ་མི་གཅོད་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་འཕེལ་བ་དང་། ཡོངས་སུ་རྫོགས་པར་བྱེད་ཅིང་། ཐམས་ཅད་མཁྱེན་པ་ཉིད་ཀྱང་སྒྲུབ་པ་ཡིན་པའི་ཕྱིར་རོ། །ཇི་ལྟ་ཇི་ལྟར་ཕ་
རོལ་ཏུ་ཕྱིན་པ་དྲུག་འཕེལ་བ་དང་། ཡོངས་སུ་རྫོགས་པར་བྱེད་ཅིང་། ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པར་བྱེད་པ་དེ་ལྟ་དེ་ལྟར་སྲིད་པར་ཀུན་ཏུ་སྦྱོར་བ་རྣམས་སྲབ་པར་འགྱུར། ཉམ་དམས་པར་འགྱུར། ཞན་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། ཤིང་རྟ་ཁལ་ཆེན་པོ་
เล่ม ๖๑ · หน้า 14b
བཀལ་བ་ནི། ཇི་ལྟ་ཇི་ལྟར་ཤིང་རྟ་འགྲོ་བ་དེ་ལྟ་དེ་ལྟར་དེའི་སྲོག་ཤིང་ཡོངས་སུ་ཟད་པར་འགྱུར་ཏེ། སྲོག་ཤིང་དེ་ཡང་ཁལ་དེ་ཉིད་ཀྱིས་ཤིན་ཏུ་ནོན་པ་དང་། ཁལ་ཁྱེར་བས་ཡོངས་སུ་ཟད་པར་འགྱུར་ཞིང་ཞན་པར་འགྱུར་མོད་ཀྱི། སྲོག་ཤིང་དེ་གྲོང་ཁྱེར་གྱི་ནང་དུ་ཞུགས་ཏེ། བྱ་བ་བྱས་
ནས་ཆག་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྲིད་པ་འཐོབ་པར་བྱེད་པའི་ཀུན་ཏུ་སྦྱོར་བ་གང་དག་ཡིན་པ་འདི་དག་ནི་གང་དག་གིས་སྲིད་པ་ཡོངས་སུ་འཛིན་པར་བྱེད་པ་དག་སྟེ། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སྐྱེ་
བའི་གནས་རྣམས་མངོན་པར་སྒྲུབ་པར་བྱེད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟ་དེ་ལྟར་སྲིད་པར་ཀུན་ཏུ་སྦྱོར་བ་རྣམས་སྲབ་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་སྲིད་པར་ཀུན་ཏུ་སྦྱོར་བ་
རྣམས་སྲབ་པར་འགྱུར་བ་དེ་ལྟ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེས་པ་དེའི་ཚེ། ཀུན་ཏུ་སྦྱོར་བ་བྱ་བ་བྱས་པ་དེ་དག་ཕྱིས་དེ་དག་གིས་
བྱ་བ་མེད་དེ། ཇི་ལྟར་སྲོག་ཤིང་དེ་གྲོང་ཁྱེར་དུ་ཞུགས་ནས་བྱ་བ་བྱས་ཏེ། ཆག་ནས་ཕྱིས་དེས་བྱ་བ་མེད་པ་དེ་བཞིན་དུ། ཀུན་ཏུ་སྦྱོར་བ་བྱ་བ་བྱས་པ་དེ་དག་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གྱུར་པ་ལ། ཀུན་ཏུ་སྦྱོར་
བ་དེ་དག་གིས་ཕྱིས་བྱ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ནི་བྱ་བ་བྱས་པ་ཡིན་པའི་ཕྱིར་རོ། །སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གཤེ་ཞིང་བརྒྱད་བཀག་ལ། གཤེ་ཞིང་བརྒྱད་བཀག་ནས། བྱང་ཆུབ་སེམས་
དཔའ་དེ་ཉིད་ལ་འདི་བདག་ལ་དགོས་སོ་ཞེས་སློང་སྟེ། དེ་དག་ལ་སྦྱིན་པར་བྱེད་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕན་འདོགས་པར་གྱུར་པ་ཡིན་ནོ། །དམིགས་པ་དེས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་སྐྱེད་པར་བྱེད་དེ། དམིགས་པ་དེ་དག་
เล่ม ๖๑ · หน้า 15a
ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་འདོགས་པར་གྱུར་པ་ཡིན་པར་ཤེས་སོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་འདིར་ཡང་ཉན་ཐོས་ཀྱིས་འམ། རང་སངས་རྒྱས་ཀྱིས་མ་གཏོགས་པ་དེ་ལས་གཞན་པའི་ཡིད་ལ་བྱེད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་
ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕན་འདོགས་པར་གྱུར་པ་ཡིན་པར་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཉན་ཐོས་རྣམས་ཀྱང་དེ་ལ་ཕན་འདོགས་
པར་གྱུར་ཅིང་། རང་སངས་རྒྱས་རྣམས་ཀྱང་དེ་ལ་ཕན་འདོགས་པར་གྱུར་པར་རིག་པར་བྱ་སྟེ། ཉན་ཐོས་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་འདོམས་ཤིང་རྗེས་སུ་སྟོན་ལ། དེས་ཀྱང་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱར་བར་བྱ་དགོས་པས། དེ་དག་ཀྱང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་སྦྱིན་གནས་ཡིན་པའི་ཕྱིར། དེ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་འདོགས་པར་གྱུར་པ་ཡིན་ནོ། །རང་སངས་རྒྱས་རྣམས་ཀྱང་དེའི་སྦྱིན་གནས་ཡིན་པའི་ཕྱིར། ཕན་འདོགས་པར་གྱུར་པ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་
ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་དེ་དེ་བཞིན་ཏེ། གང་དག་དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་འདོམས་ཤིང་རྗེས་སུ་སྟོན་པ་དེ་དག་ཀྱང་དེའི་སྦྱིན་གནས་ཡིན་པའི་ཕྱིར་ཉན་ཐོས་རྣམས་ཀྱང་བྱང་
ཆུབ་སེམས་དཔའ་ལ་ཕན་འདོགས་པར་གྱུར་པ་ཡིན་ནོ། །རང་སངས་རྒྱས་རྣམས་ཀྱང་སྦྱིན་གནས་ཡིན་པའི་ཕྱིར། དེ་དག་ཀྱང་དེའི་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་འདོགས་པར་གྱུར་པ་ཡིན་ནོ། །གཞན་ཡང་གང་དག་དམིགས་པར་བྱ་སྟེ། སྦྱིན་པ་སྦྱིན་པ་དེ་ཡང་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ན། དེ་དག་ཐམས་ཅད་ཀྱང་དེ་ལ་ཕན་འདོགས་པར་གྱུར་པ་ཡིན་ཏེ། ཚེ་དང་ལྡན་པ་གང་པོ་འོན་ཀྱང་ཉན་ཐོས་དང་ལྡན་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་དག་ནི་དེས་བསྐྱེད་པར་མི་བྱའོ། །དེའི་ས་ལ་ཡང་འདོད་པར་མི་བྱའོ། །དེ་
เล่ม ๖๑ · หน้า 15b
ཅིའི་ཕྱིར་ཞེ་ན། དེ་ལས་བྱང་ཆུབ་སེམས་དཔའ་ལྡོག་པར་བྱ་བ་ཡིན་པའི་ཕྱིར་རོ། །རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་དག་ཀྱང་དེས་བསྐྱེད་པར་མི་བྱའོ། །དེའི་ས་ལ་ཡང་འདོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལས་བྱང་ཆུབ་སེམས་
དཔའ་ལྡོག་པར་བྱ་བ་ཡིན་པའི་ཕྱིར་ཏེ། ཚེ་དང་ལྡན་པ་གང་པོ་འོན་ཀྱང་ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ནི་ཕན་འདོགས་པར་གྱུར་པ་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ལ་ནི་
ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་མི་འགྱུར་བའི་ཆོས་དེ་གང་ཡང་མི་དམིགས་སོ། །དགྲ་བཅོམ་པའི་སེམས་དེ་དང་། ཤེས་པ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་ལ་ཕན་འདོགས་པར་གྱུར་པ་ཡིན་ཏེ། གལ་ཏེ་དེ་མེད་ན་དེ་ལས་ལྡོག་པ་མེད་པའི་ཕྱིར་རོ། །འདི་
ལྟ་བུར་དགྲ་བཅོམ་པའི་སེམས་བསྐྱེད་པར་མི་བྱའི། ཤེས་པ་གཅིག་པ་ཞེས་བྱ་བར་ནི་མ་ཡིན་ཏེ། དེས་དེ་སྤངས་ནས་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བ་གང་ཡིན་པ་དེར་སེམས་བསྐྱེད་པར་བྱའོ། །དེ་བཞིན་དུ་རང་སངས་རྒྱས་ཀྱི་སེམས་དང་། རང་སངས་རྒྱས་ཀྱིས་ཤེས་པ་ཡང་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་འདོགས་པར་གྱུར་པ་ཡིན་ནོ། །གལ་ཏེ་དགྲ་བཅོམ་པ་གང་ཡིན་པ་དང་། རང་སངས་རྒྱས་གང་ཡིན་པའི་སེམས་དང་། ཤེས་པ་ཞེས་བྱ་བ་དེ་མེད་དུ་ཟིན་ན། ཕན་འདོགས་པར་ཡང་མི་འགྱུར་རོ། །
དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་སེམས་དང་ཐུན་མོང་མ་ཡིན་པ་སྟེ། དེ་ལས་གཞན་པའི་སེམས་རྣམས་ལས་དེ་བཞིན་གཤེགས་པའི་སེམས་མ་གཏོགས་པར་བྱང་ཆུབ་
སེམས་དཔའི་སེམས་ཉིད་དེ་ལྟར་དེ་དག་གི་མཆོག་ཅེས་བྱ་བ་ནས། གོང་ན་མེད་པ་ཞེས་བྱ་བའི་བར་དང་། མི་མཉམ་པ་དང་། མཉམ་པ་ཞེས་བྱ་བའི་བར་དུ་བརྗོད་དོ། །ཚེ་དང་ལྡན་པ་གང་པོ་དེ་ལྟ་བས་ན། ས་འདི་གཉིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐམས་ཅད་
เล่ม ๖๑ · หน้า 16a
མཁྱེན་པ་ཉིད་ལ་ཕན་འདོགས་པར་གྱུར་པ་ཡིན་ཏེ། དེ་ལྟར་ན་འདི་ལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའི་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་མ་གྱུར་པའི་ཆོས་དེ་གང་ཡང་མི་དམིགས་སོ།། །།བམ་པོ་གཉིས་པ། ཚེ་དང་ལྡན་
པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དངོས་པོ་གང་ཡོངས་སུ་གཏོང་བའི་དངོས་པོ་དེ་ལ་མཚན་མའི་འདུ་ཤེས་མི་བྱའོ། །དེ་ལྟར་མཚན་མ་མེད་པར་ཡོངས་སུ་གཏོང་ཞིང་། ཐམས་ཅད་མཁྱེན་པ་ཉིད་དུ་
ཡོངས་སུ་སྔོ་ན། ཕན་འདོགས་པར་གྱུར་པ་ཡིན་ནོ། །མཚན་མ་མ་སྤངས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་རྙེད་པ་འདི་ནི་རྙེད་པ་ཆེ་བ་ཡིན་ནོ། །བྱ་བ་དག་གིས་གསེར་བྱེ་བའམ། རིན་
པོ་ཆེ་བྱེ་བ་འདུ་བ་གང་ཡིན་པ་དེ་ནི་རྙེད་པ་ཆེ་བ་མ་ཡིན་གྱི། གང་མཚན་མ་མེད་པར་དངོས་པོ་ཡོངས་སུ་བཏང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་འདི་ཉིད་རྙེད་པ་ཁྱད་པར་དུ་འཕགས་པ་ཡིན་ནོ། །གང་མཚན་མ་ཡོངས་
སུ་མ་སྤངས་པར་གླིང་ཆེན་པོ་བཞིར་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པར་གྱུར་དུ་ཟིན་ཀྱང་། དེ་ནི་རྙེད་པ་ཆེན་པོ་མ་ཡིན་ལ། མཚན་མ་མ་སྤངས་པར་འདོད་པའི་ཁམས་སུ་བདག་པོའི་བྱ་བ་བྱེད་དུ་འཇུག་པ་འདི་ཡང་རྙེད་པ་ཆེན་པོར་འགྱུར་བ་མ་ཡིན་ནོ། །གལ་ཏེ་མཚན་མ་
ཡོངས་སུ་སྤངས་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཐོབ་པར་གྱུར་ན། འདི་ནི་རྙེད་པ་ཤིན་ཏུ་ཆེ་བ་ཡིན་པར་རིག་པར་བྱའོ། །གང་མཚན་མ་ཡོངས་
སུ་སྤངས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་འདི་ཡང་རྙེད་པ་ཆེ་བ་ཡིན་ཏེ། འདི་ནི་རྙེད་པ་སྔ་མ་དེ་བས་རྙེད་པ་ཤིན་ཏུ་ཆེ་བ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྙེད་པ་འདི་ནི་མཉམ་པའི་ཟླ་མེད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་
เล่ม ๖๑ · หน้า 16b
པ་རྙེད་པ་ཡིན་ནོ། །གང་གོས་དང་། ཁ་ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་མཚན་མར་ཡོངས་སུ་གཟུང་བའི་དངོས་པོ་ནི་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་མཚན་མའི་གྲངས་སུ་གཏོགས་པའི་ཕྱིར་རོ། །གང་ཡང་གོས་
དང་། ཁ་ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དེ་ཡང་ཡོངས་སུ་བཏང་ལ། ཐབས་ལ་མཁས་པས་ཡོངས་སུ་བསྔོས་ན། ཐམས་ཅད་མཁྱེན་པ་ཉིད་འཐོབ་བོ། །དེ་ལྟ་བས་ན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྙེད་
པ་མཆོག་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་ལ་འདི་སྐད་དུ། ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ནི་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་གང་ལ་མཚན་མར་བཟུང་བའི་དངོས་པོ་འདི་ནི་རྙེད་པར་དཀའ་བ་སྟེ། ནང་དང་ཕྱི་རོལ་གྱི་དངོས་པོ་ཐམས་
ཅད་ནི་རང་བཞིན་གྱིས་དབེན་པའི་ཕྱིར་རོ། །དེ་ལྟར་ན་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ནི་ཐོབ་པར་འགྱུར་རོ། །གང་དག་གིས་ཐོབ་པ་དང་། གང་དག་འཐོབ་པ་དང་། འཐོབ་པར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་ཀྱང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ན་ཐོབ་བོ། །
འཐོབ་བོ། །འཐོབ་པར་འགྱུར་རོ་ཞེས་སྨྲ་བར་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་བགྲང་བ་འདི་བྱང་ཆུབ་སེམས་དཔའ་གང་གི་ཡིན་སྨྲས་པ། འདི་ནི་
བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའི་བགྲང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་འདི་དག་གིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ན་འཐོབ་པར་དེ་ལྟར་ཤེས་སུ་ཟིན་ན་ནི། སེམས་ཅན་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་ཞིག་ན། གང་གི་
ཕྱིར་འདི་ལྟར་དེ་དག་ཐམས་ཅད་མཁྱེན་པ་ཉིད་ལ་མ་མོས་ཤིང་། སེམས་མི་སྐྱེད་པའི་ཕྱིར་ཏེ། གང་དག་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་མི་སྐྱེད་པ་དེ་དག་ནི་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་རོ། །གང་དག་འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ལ་མོས་ཤིང་སེམས་
เล่ม ๖๑ · หน้า 17a
བསྐྱེད་པ་དག་ནི། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཏེ། སེམས་དེ་བསྐྱེད་ནས། དངོས་པོ་གང་དང་གང་ཡོངས་སུ་གཏོང་བ་དེ་དང་དེ་དངོས་པོ་མེད་པར་མཐོང་ངོ་། །དངོས་པོ་གང་དང་གང་ཤེས་པ་ལ་འདི་དག་ནི་སྒྱུ་མ་ལྟ་བུ་སྟེ། འདི་ནི་ཇི་ལྟར་བདག་
གིས་མཚན་མར་བཟུང་བ་ལྟར་མ་ཡིན་ནོ་སྙམ་ནས་དེ་གཏོང་བའི་བློ་ཤས་ཆེ་བར་འགྱུར་ཞིང་། སྦྱིན་པའི་བློ་དང་ལྡན་པར་འགྱུར་ཏེ། འཛིན་པའི་སེམས་མི་སྐྱེད་དོ། །འདི་ལྟར་དངོས་པོ་འདི་ནི་སྒྱུ་མ་ལྟ་བུར་སེམས་ཅན་རྣམས་ཀྱིས་དེ་ལྟར་མི་ཤེས་པས། དངོས་པོ་དེ་དག་ལ་ཤས་ཆེར་
མངོན་པར་ཞེན་པར་འགྱུར་ཏེ། ཡོངས་སུ་མི་གཏོང་བའི་བློར་འགྱུར་རོ། །ཡོངས་སུ་མི་གཏོང་བས་སེར་སྣ་ཡོངས་སུ་འཛིན་ཏོ། །སེར་སྣ་དེས་ཀྱང་ངན་སོང་རྣམས་སུ་སྐྱེ་བར་འགྱུར་ལ། དངོས་པོ་དེ་དང་ཡང་འབྲལ་བར་འགྱུར་རོ། །དེ་ལྟར་དངོས་པོ་དེ་ཡང་ཡོངས་སུ་
མི་གཏོང་ཞིང་ཡོངས་སུ་མ་སྤྱད་ལ། དངོས་པོ་དེ་ལས་བརྟེན་ནས་སེར་སྣ་བསྐྱེད་དེ། ངན་སོང་རྣམས་སུ་ཡང་སྐྱེ་བར་འགྱུར་རོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པས་འདི་ལྟར་ཤེས་ཏེ། དངོས་པོ་འདི་ནི་སྒྱུ་མ་ལྟ་བུ་སྟེ། ཡོངས་
སུ་གཏོང་བ་ཡང་སྒྱུ་མ་ལྟ་བུ་ཡིན་པས་ན། སྒྱུ་མ་ལྟ་བུ་གང་ཡིན་པ་དེ་ནི་བདག་གི་ཡང་མ་ཡིན་ཡོངས་སུ་གཏོང་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར། དེ་དངོས་པོ་དེ་རྒྱ་ཆེར་ཡོངས་སུ་གཏོང་ངོ་སྙམ་དུ་སེམས་སོ། །དེ་དེ་ཡོངས་
སུ་གཏོང་བས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་འདོད་པ་སྐྱེད་དེ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལེགས་པར་གསུང་བ། ཕྱིན་ཅི་མ་ལོག་པར་གསུང་བ་ཁོ་ན་སྟེ། སྒྱུ་མ་ལྟ་བུའི་དངོས་པོ་ཡོངས་སུ་བཏང་བས། ཡོད་པའི་མཚན་ཉིད་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་ནི་ངོ་མཚར་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་གང་དག་ཇི་ལྟར་བྱས་ན་བྱང་ཆུབ་སེམས་དཔའ་དངོས་པོ་དེ་དག་
เล่ม ๖๑ · หน้า 17b
ལ་མངོན་པར་ཞེན་པ་མི་སྐྱེད་ཅིང་། འདི་ལྟར་དེ་ཡོངས་སུ་གཏོང་བའི་བློར་འགྱུར་སྙམ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དངོས་པོ་དེ་དག་དང་། རྐྱེན་དེ་དག་མཚན་ཉིད་མེད་པར་སྟོན་པ་འདི་དག་ནི་དཀའ་བ་མཛད་པའོ་སྙམ་དུ་རིག་པར་བྱའོ། །ཚེ་
དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཐོབ་པར་འགྱུར་རོ་ཞེས་དེ་ལྟར་རིག་པར་བྱའོ། །ཚེ་དང་ལྡན་པ་གང་པོ་གལ་
ཏེ་འདི་ནི་ཤ་ར་དྭ་ཏིའི་བུའི་སྤོབས་པ་ཡིན་ནོ་སྙམ་དུ་ཁྱོད་ཀྱིས་ཤེས་ན་དེ་ལྟར་མི་བལྟའི། འདི་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཤ་ར་དྭ་ཏིའི་བུ་སྨྲ་བར་ཟད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་
ཀྱིས་གནས་བརྟན་ཤ་ར་དྭ་ཏིའི་བུས་ཇི་སྐད་སྨྲས་པ་བཞིན་དུ་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་མཚན་མ་མེད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་
མའི་བུ་གང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཡོངས་སུ་གཏོང་བ་དེས་ཅི་ཞིག་ཡོངས་སུ་བཏང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་དེ་ལྟར་ཡོངས་སུ་གཏོང་བ་དེས་ཅི་ཡང་ཡོངས་སུ་བཏང་བ་མེད་དོ། །ཇི་ལྟར་ཡོངས་སུ་བཏང་བ་མེད་པ་དེ་བཞིན་དུ་ཆོས་ཅི་ཡང་ཐོབ་པ་མེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དངོས་པོ་ཅི་ཡང་
ཡོངས་སུ་བཏང་བ་མེད་པ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ཀྱང་ཆོས་ཅི་ཡང་ཐོབ་པ་མེད་དོ། །གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགོད་པ་ཅི་འདྲ་བ་དེ་བཞིན་དུ། ཆོས་ཀྱི་འདུ་བའི་སྒོ་ཡང་
เล่ม ๖๑ · หน้า 18a
དེ་ཁོ་ན་དང་འདྲ་བར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་འགའ་ཞིག་ཡོངས་སུ་བཏང་བར་གྱུར་ན་ནི་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་ཀྱང་ཡོད་
པ་ཞིག་ཐོབ་པར་འགྱུར་ན་གང་པོ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་གཏོང་བ་བྱེད་པ་ན་དངོས་པོ་ཡོད་པ་ཅི་ཡང་ཡོངས་སུ་བཏང་བ་མེད་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་
པར་རྫོགས་པར་སངས་རྒྱས་ནས་ཡོད་པའི་ཆོས་ཅི་ཡང་ཐོབ་པ་མེད་དོ། །གང་པོ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མས་སྒྱུ་མ་མཁན་གྱི་ལག་ཏུ་ལ་དུ་ཞིག་བཙོངས་ལ། དེ་ལ་སྒྱུ་མ་མཁན་གྱིས་ཀཱར་ཥ་པ་ཎ་དག་གཅིག་མངོན་པར་སྤྲུལ་ཏེ་བྱིན་ན། གང་
པོ་དེ་ལྟར་ན། རིན་ཇི་ལྟ་བ་དེ་བཞིན་དུ་ལ་དུ་ཡང་དེ་དང་འདྲའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་ཇི་ལྟ་བུ་ཡོངས་སུ་བཏང་བ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་དེ་ཁོ་ན་དང་
འདྲའོ། །གང་པོ་དེ་ལྟ་བས་ན་འདུ་བ་ཅི་འདྲ་བ་དེ་བཞིན་དུ། དགོད་པ་ཡང་དེ་ཁོ་ན་དང་འདྲ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་རིན་ཅི་འདྲ་བ་དེ་བཞིན་དུ་རྙེད་པ་ཡང་དེ་ཁོ་ན་དང་འདྲ་བ་ཡིན་ནོ། །གང་པོ་དཔེར་ན། སྐྱེས་བུ་སྒྱུ་མ་མཁན་གྱིས་ཤིང་ལྗོན་པ་ཞིག་མངོན་པར་
སྤྲུལ་ལ། ཤིང་ལྗོན་པ་དེའི་དྲུང་དུ་ཡང་སྲོག་ཆགས་འབུམ་སྤྲུལ་ཏེ། སྲོག་ཆགས་དེ་དག་ཀྱང་ཤིང་ལྗོན་པ་དེའི་འབྲས་བུ་རྣམས་ཟ་ན། གང་པོ་དེ་ནི་འབྲས་བུ་ཇི་ལྟ་བ་བཞིན་དུ་ཟབ་པོ་རྣམས་ཀྱང་དེ་ཁོ་ན་དང་འདྲའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོའི་ཡོངས་སུ་གཏོང་བ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་འདུ་བའི་སྒོ་ཡང་དེ་ཁོ་ན་དང་འདྲའོ། །གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་གཏོང་བ་ན་རིན་དང་། རྙེད་པ་དང་། རྙེད་པ་དང་རིན་དུ་མཉམ་པར་འགྱུར་རོ། །གང་པོ་འདི་ལྟ་སྟེ་དཔེར་ན།
เล่ม ๖๑ · หน้า 18b
སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་ལམ་གྱི་བཞི་མདོ་ཆེན་པོར་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་བུད་མེད་གཅིག་མངོན་པར་སྤྲུལ་ལ། བུད་མེད་དེ་ཡང་སྦྲུམ་མར་མངོན་པར་སྤྲུལ་ཏེ་བུ་བྱུང་བར་བསྟན་ནས། བུད་མེད་དེའི་བུ་བཙས་ལ། ཁྱེའུ་ཞིག་ཏུ་བཙས་
ནས། ཁྱེའུ་དེ་ཡང་ཤི་བར་བསྟན་ན། གང་པོ་འདི་ཇི་སྙམ་དུ་སེམས། ཅི་ཁྱེའུ་ཤི་བ་དེའི་ཚེ་ན་བུད་མེད་དེ་ལ་བདག་གི་བུ་ཤིའོ་སྙམ་པའི་སེམས་སྐྱེ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་
ལྟ་ན། མ་ཇི་ལྟ་བ་དེ་བཞིན་དུ་བུ་ཡང་དེ་ཁོ་ན་དང་འདྲ་སྟེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པ་ཇི་ལྟ་བ་བཞིན་དུ། ཐམས་ཅད་མཁྱེན་པ་ཉིད་ཀྱང་དེ་ཁོ་ན་དང་འདྲའོ། །གང་པོ་དེ་ལྟར་ན་འདིར་ཡང་ཆོས་དེ་དག་གི་འདུ་བའི་སྒོ་གཉི་ག་མེད་དོ། །
གང་པོ་འདི་ཇི་སྙམ་དུ་སེམས། ཅི་ཁྱོད་ཀྱིས་ང་ཆོས་འགའ་ཞིག་ལ་འདོད་པ་ཆེ་བར་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ནི་ཆོས་དེ་དག་སྟོང་པར་མངོན་པར་རྫོགས་པར་
སངས་རྒྱས་པའི་སླད་དུ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་བཞིན་དུ་ཇི་ལྟར་དེ་བཞིན་གཤེགས་པ་ཆོས་གང་ལ་ཡང་འདོད་པ་ཆེ་བ་མེད་པ་དེ་བཞིན་དུ་ང་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་ཆོས་གང་ལ་ལ་ཞིག་ཡོངས་སུ་མ་བཏང་བ་དེ་མེད་དོ། །དེ་
བས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ནི་ཆགས་པའམ། ཁོང་ཁྲོ་བ་འགའ་ཡང་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི་ཆགས་པ་དང་ཁོང་ཁྲོ་བ་སྤངས་པ་ཡིན་པའི་ཕྱིར་རོ། །གང་པོས་གསོལ་པ། བཅོམ་ལྡན་འདས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དངོས་པོ་གང་དང་གང་ཡོངས་སུ་གཏོང་བ་དེ་དང་དེ་ཉིད་སྟོང་པའམ། ཡ་མ་བརླ་འམ། གསོབ་བམ། གསོག་ཏུ་མཐོང་བ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན།
เล่ม ๖๑ · หน้า 19a
གལ་ཏེ་བྱང་ཆུབ་སེམས་དཔས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དབྱིག་དང་། གསེར་གྱིས་བཀང་སྟེ་སློང་བ་རྣམས་ལ་སྩལ་ཀྱང་། བྱང་ཆུབ་སེམས་དཔས་ཇི་ལྟར་ཡོངས་སུ་གཏོང་བའི་ཐབས་མ་འཚལ་ན། དེ་ལྟ་ན་དེས་ནི་སྦྱིན་པ་ཉི་ཚེར་འགྱུར་གྱི།
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་ལགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་གཏོང་བ་ན། འདི་ལྟར་ཡང་བདག་གིས་བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་བྱའོ་སྙམ་དུ་ཡང་སེམས་བསྐྱེད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་
པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། བསྟན་པ་འདིའི་དོན་བཤད་པའི་ཕྱིར་སྤོབས་པར་གྱིས་ཤིག །ངས་བཤད་པའི་དུས་ལ་བབ་པ་ན་ཡང་བཤད་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་
ལྡན་པ་གང་པོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་ཐམས་ཅད་སྟོང་པར་ཡིད་ལ་བྱེད་ཅིང་སྦྱིན་པ་སྦྱིན་པར་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པར་
བྱས་ནས། བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་བྱའོ། །ཟིན་པ་དང་མ་ཟིན་པའི་དངོས་པོ་རྣམས་ཡོངས་སུ་མ་བཏང་བའམ། མ་བྱིན་པའམ། མཆོད་སྦྱིན་མ་བྱས་པ་ཅི་ཡང་མེད་པར་བྱའོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་སྒྱུ་མ་ལྟ་བུར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ལེགས་
སོ་ལེགས་སོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པ་བྱས་ལ་སྦྱིན་པ་སྦྱིན་པར་བྱའོ། །ཤ་ར་དྭ་ཏིའི་བུ་ཁྱོད་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བྱང་ཆུབ་སེམས་དཔའ་
เล่ม ๖๑ · หน้า 19b
སེམས་དཔའ་ཆེན་པོ་དག་སྦྱིན་པ་སྦྱིན་པར་བྱེད་པ་མཐོང་བར་འདོད་དམ། གསོལ་པ། བཅོམ་ལྡན་འདས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཇི་ལྟར་སྦྱིན་པ་སྦྱིན་པར་བགྱིད་པ་མཐོང་བར་འཚལ་ལོ། །
དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། དེ་ལས་གཞན་པའི་ཉན་ཐོས་ཆེན་པོ་རྣམས་དང་། ཐམས་ཅད་དང་ལྡན་པའི་འཁོར་གྱིས་འདི་ནས་ཐད་ཀའི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་སྒྱུ་མ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་ཕུང་པོ་ཆེན་པོ་ཞེས་བྱ་བ་ཉན་ཐོས་རྣམས་ལ་ཆོས་སྟོན་ཏེ། དེ་ན་བྱང་ཆུབ་སེམས་དཔའ་ཐོགས་པ་མེད་པ་ཞེས་བྱ་བ་ཁྱིམ་ན་འདུག་ཅིང་ཁྱིམ་ན་འདུག་བཞིན་དུ་དབྱིག་དང་། གསེར་གྱི་ཕུང་པོ་རི་ཙམ་སྦྱིན་པ་སྦྱིན་ཞིང་ཡོངས་སུ་གཏོང་སྟེ། འདི་
ལས་ཁྱེར་བའི་སེམས་ཅན་དེ་དག་ལ་སྦྱིན་པ་བྱིན་པར་གྱུར་ཅིག་ཅེས་སྒྲོགས་སོ། །གོས་ཀྱི་ཕུང་པོ་རི་ཙམ་དག་སྦྱིན་པར་བྱེད་དོ། །བཟའ་བ་དང་། བཅའ་བའི་ཕུང་པོ་རི་ཙམ་དག་སྦྱིན་པ་སྦྱིན་པར་བྱེད་དེ། སེམས་ཅན་གང་དག་གིས་ཕ་བི་ལས་ཁྱེར་བ་དེ་དག་ལ་སྦྱིན་པ་བྱིན་པར་གྱུར་
ཅིག་ཅེས་སྒྲོགས་སོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཐོགས་པ་མེད་པས་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་འབུམ་ཕྲག་མང་པོ་བཀྲམ་སྟེ་ཤིང་རྟ་རེ་རེ་ལ་ཡང་བུད་མེད་ཁ་དོག་སྟོང་གིས་བརྒྱན་པ་དག་
བསྐྱོན་ནས། ཚོང་འདུས་ཀྱི་སྲང་དུ་སྦྱིན་པར་བྱེད་དེ། ཚིག་འདི་སྐད་དུ་གང་ཤིང་རྟ་འདི་དག་དང་། བུད་མེད་འདི་དག་འདོད་པ་དེས་ཁྱེར་ཅིག་ཅེས་ཀྱང་ཟེར་རོ། །བུད་མེད་དེ་དག་རེ་རེ་ཡང་བུད་མེད་བརྒྱ་བརྒྱའི་འཁོར་དང་ལྡན་ཏེ། ཤིང་རྟ་དབྱིག་དང་བཅས་པ་བུད་མེད་ཀྱི་
འཁོར་དང་བཅས་པ་དེ་བུད་མེད་དེ་དག་ལ་སྦྱིན་པར་བྱེད་ཅིང་ཡོངས་སུ་གཏོང་ངོ་། །ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་ཐོགས་པ་མེད་པ་སྦྱིན་པ་སྦྱིན་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་
เล่ม ๖๑ · หน้า 20a
སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྦྱིན་པ་སྦྱིན་པར་བྱའོ། །དེ་ནས་ཉན་ཐོས་ཆེན་པོ་དེ་དག་གིས་ཀྱང་སངས་རྒྱས་ཀྱི་མཐུས་སྦྱིན་པ་སྦྱིན་པ་དེ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། སྦྱིན་པ་འདི་རྒྱ་ཆེ་བ་ཡིན་ནམ། གསོལ་པ། ཨ་ལ་ལ་བཅོམ་ལྡན་འདས་རྒྱ་ཆེ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་སྦྱིན་པ་འདི་ལྟར་བྱིན་ཞིང་
ཡོངས་སུ་བཏང་བ་འདི་ལ་དེ་ལས་གཞན་པའི་སྦྱིན་པ་རྣམས་ནི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་སྦྱིན་པ་དེ་བྱིན་ནས། འདི་སྐད་དུ་དགེ་བའི་རྩ་བ་འདིས་ཐེག་པ་ལ་གསར་དུ་ཞུགས་
པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་ཕྱིར་མི་ལྡོག་པ་ཉིད་དུ་གྱུར་ཅིག །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཡིན་པ་དེ་དག་ནི་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་ཡོངས་སུ་སྔོ་བར་བྱེད་པ་ཡང་མཐོང་ངོ་། །
དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་ལ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་
སེམས་དང་པོ་བསྐྱེད་པ། སེམས་དང་པོ་བསྐྱེད་པ་ལ་གནས་པ་ནི་དགྲ་བཅོམ་པའི་སེམས་ལས་འདའོ། །སེམས་གཉིས་པ་བསྐྱེད་པ་ནི་རང་སངས་རྒྱས་ཀྱི་སེམས་ལས་འདའོ། །ཕྱིར་མི་ལྡོག་པའི་སེམས་ལ་གནས་པ་ནི་བྱང་ཆུབ་སེམས་དཔའ་མ་ངེས་ཤིང་ལུང་མ་
བསྟན་པའི་སེམས་ལས་འདའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ལ། ཐམས་ཅད་མཁྱེན་པ་མ་ཐོབ་པར་དེ་ལས་ལྡང་བ་འདི་ནི་མི་སྲིད་དེ། གོ་སྐབས་མ་ཡིན་ཞིང་གནས་མེད་
เล่ม ๖๑ · หน้า 20b
དེ། མ་བྱུང་འབྱུང་བར་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དེའི་ཚེ། ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས། ཚངས་པ་དང་བཅས། ལྷ་དང་མི་དང་། ལྷ་མ་ཡིན་དང་བཅས་པའི་
འཇིག་རྟེན་གྱིས་འདི་ལྟར་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་སོ་ཞེས་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྣག་པ་ཡོངས་སུ་རྫོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་
པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཅན་དུ་གྱུར་པའི་ཕྱིར་རོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཉན་ཐོས་དེ་དག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ་གང་
དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་གང་དག་རབ་ཏུ་འབྱུང་བའི་ཕྱིར་མངོན་པར་འབྱུང་བ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་
དཔའ་གྲངས་མེད་པ་གང་དག་ཁྱིམ་ན་གནས་ཤིང་སྦྱིན་པ་གཏོང་བ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་གང་དག་སློང་བ་རྣམས་སློང་བ་ན། མགོ་ཡོངས་སུ་གཏོང་བ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་གང་དག་སློང་བ་རྣམས་
སློང་བ་ན། ལུས་འབིགས་སུ་བཅུག་སྟེ། ཁྲག་སྦྱིན་པ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་གང་དག་བུ་དང་ཆུང་མ་ཡོངས་སུ་གཏོང་བ་དང་། ཁྱིམ་གྱི་དངོས་པོ་དང་། ཞིང་གི་དངོས་པོ་དང་། རྟ་དང་། བ་ལང་དང་། བྲན་དང་། བྲན་མོ་དང་།
ལས་བྱེད་པ་དང་། ཞོ་ཤས་འཚོ་བ་རྣམས་ཡོངས་སུ་གཏོང་བ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་གང་དག་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བྱེད་པ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་གང་དག་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བ་དག་ཀྱང་
เล่ม ๖๑ · หน้า 21a
མཐོང་ངོ་། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་གང་དག་དགའ་ལྡན་གྱི་གནས་ནས་ཤི་འཕོས་ཏེ། མའི་མངལ་དུ་སྐྱེ་བ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་གང་དག་བཙའ་བ་དང་ཆོས་སྟོན་པ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་
གྲངས་མེད་པ་གང་དག་སེམས་ཅན་རྣམས་ཀྱི་ཆེད་དུ་སྡུག་བསྔལ་རྣམས་ཡང་དང་ཡང་མྱོང་བ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་གང་དག་སེམས་ཅན་རྣམས་ཀྱི་ཆེད་དུ་དཔག་ཚད་བརྒྱར་ཡང་འགྲོ་ཞིང་། ཉིས་བརྒྱའམ། སུམ་བརྒྱའམ། བཞི་བརྒྱའམ།
ལྔ་བརྒྱའམ། དཔག་ཚད་སྟོང་ངམ། དེ་ལས་ལྷག་པར་ཡང་འགྲོ་བ་དང་། སེམས་ཅན་རྣམས་ཀྱི་ཆེད་དུ་ཇི་ལྟར་བྱས་ན། སེམས་ཅན་འགའ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་གནས་པར་འགྱུར་བར་ཡང་དག་པར་འཛིན་དུ་འཇུག་པ་དང་། ཡང་ན་གསུམ་ལ་སྐྱབས་
སུ་འགྲོ་བར་འགྱུར་བར་འདི་ལ་ཡང་དག་པར་འཛིན་དུ་འཇུག་པར་བྱ་བ་དང་། ཡང་ན་བསླབ་པའི་གཞི་གཅིག་འཛིན་པར་འགྱུར་བའམ། ཡང་ན་བསླབ་པའི་གཞི་གཉིས་སམ། གསུམ་མམ། བཞིའམ། ལྔ་འཛིན་པར་འགྱུར་བའམ། ཡང་ན་སེམས་ཅན་འགའ་ཡང་བྱང་
ཆུབ་ལ་གནས་པར་འགྱུར་བར་ཡང་དག་པར་འཛིན་དུ་འཇུག་པར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་ཏུ་འགྲོ་བ་ཡང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་གང་དག་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་དག་གི་ནང་དུ་བྱུང་ནས། ཕ་རོལ་ཏུ་ཕྱིན་
པ་རྣམས་མི་ཐོས་མི་མཐོང་བ་དག་ལ་བྱང་ཆུབ་སེམས་དཔའ་འདི་དག་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་མི་ཐོས་ཤིང་མི་མཐོང་བས་བསྐལ་པ་འབུམ་དག་ཏུ་འཁྱམ་ཞིང་འཁོར་ཏེ། ཡུན་རིང་པོས་ཐམས་ཅད་མཁྱེན་པ་ཉིད་འཐོབ་པ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་གྲངས་
མེད་པ་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་སྟོན་པ་ཡང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་གང་དག་ཕ་རོལ་ཏུ་ཕྱིན་པ་རྣམས་ཚོལ་ན་ཡང་མི་རྙེད་པ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་གང་དག་ཕ་རོལ་ཏུ་ཕྱིན་པ་རྣམས་
เล่ม ๖๑ · หน้า 21b
ཚོལ་ཞིང་དེ་དག་གིས་རྙེད་པ་ཡང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་གྲངས་མེད་པ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཀྱང་མཐོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་ཆོས་སྟོན་པ་དག་ཀྱང་མཐོང་ངོ་། །སངས་
རྒྱས་བཅོམ་ལྡན་འདས་གྲངས་མེད་པ་གང་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོར་བྱང་ཆུབ་ཏུ་སེམས་སྐྱེད་དུ་འཇུག་པར་མཛད་པ་དག་ཀྱང་མཐོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་གང་དག་སེམས་ཅན་རྣམས་
ཡོངས་སུ་སྨིན་པར་མཛད་པ་དང་། གང་དག་བྱང་ཆུབ་ཏུ་སེམས་སྐྱེད་དུ་འཇུག་པར་མཛད་པ་དག་ཀྱང་མཐོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་གང་དག་སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ་སྨིན་པར་མཛད་པ་དག་ཀྱང་མཐོང་ངོ་། །སངས་རྒྱས་བཅོམ་
ལྡན་འདས་གྲངས་མེད་པ་གང་དག་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་ཏུ་གཤེགས་ནས། སེམས་ཅན་རྣམས་ཀྱི་ཆེད་དུ་ཆོས་སྟོན་པ་དག་ཀྱང་མཐོང་ངོ་། །དེ་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དཀའ་བ་མཛད་པའོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤ་
ར་དྭ་ཏིའི་བུ་དང་། དགེ་སློང་གི་དགེ་འདུན་གྱིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དེ་དག་ན། བྱང་ཆུབ་སེམས་དཔའ་གང་དག་གནས་པ་དེ་དག་ཀྱང་མཐོང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ན། སངས་རྒྱས་བཅོམ་
ལྡན་འདས་གང་དག་བཞུགས་པ་དེ་དག་ཀྱང་མཐོང་། ལྷོ་ཕྱོགས་དང་། ནུབ་དང་། བྱང་དང་། ཕྱོགས་མཚམས་དང་། འོག་དང་། སྟེང་དུ་ཡང་དེ་བཞིན་དུ་སྦྱར་ཏེ། དེ་ལྟར་ཁོ་ར་ཁོར་ཡུག་ཏུ་ཕྱོགས་བཅུའི་བར་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དང་། སངས་
རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་མཐོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་རྒྱ་ཆེན་པོ་དང་ལྡན་ཏེ། ཇི་ལྟ་ཞེ་ན། ཤར་ཕྱོགས་
เล่ม ๖๑ · หน้า 22a
ཀྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས་པ་དག་ན། བྱང་ཆུབ་སེམས་དཔའ་གྲངས་མ་མཆིས་པ་དག་དང་། སངས་རྒྱས་བཅོམ་ལྡན་འདས་གྲངས་མ་མཆིས་པ་དག་མཐོང་བ་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་
མཚམས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མ་མཆིས་པ་དག་ཏུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མ་མཆིས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མ་མཆིས་པ་དག་མཐོང་བ་ནི་ངོ་མཚར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་
ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཆོས་རྒྱ་ཆེན་པོ་དང་ལྡན་ཏེ། གང་དག་གིས་རྒྱ་ཆེན་པོའི་གནས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་རྒྱ་ཆེན་པོ་བསྐྱེད་པར་བྱའོ། །གསོལ་པ་བཅོམ་ལྡན་འདས་མི་འགྱུར་བར་འཚལ་
བས་ནི། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་བགྱིའོ། །ལྷར་འགྱུར་བར་འཚལ་བས་ནི། དཔེར་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལྟར་བགྱིའོ། །ཚེ་རིང་བ་ཡོངས་སུ་འཛིན་པར་འཚལ་བས་ནི། དཔེར་ན་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་
བའི་ལྷ་རྣམས་ལྟར་བགྱིའོ། །བཅོམ་ལྡན་འདས་དེ་བཞིན་དུ་འཇིག་རྟེན་གྱི་སྦྱིན་གནས་སུ་འགྱུར་བར་འཚལ་བ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་འབེལ་བའི་ཆོས་ཀྱི་གཏམ་བགྱི་བར་འཚལ་བ་དང་། སངས་རྒྱས་འཚལ་བས་ནི་ཐམས་ཅད་མཁྱེན་པ་
ཉིད་དུ་སེམས་བསྐྱེད་པར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འཇིག་རྟེན་གྱི་སྦྱིན་གནས་ཀྱི་མཆོག་ཏུ་འགྱུར་བར་འདོད་པས།
เล่ม ๖๑ · หน้า 22b
ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དང་པོ་སེམས་བསྐྱེད་པ་འདི་ལས་གུད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
སེམས་བསྐྱེད་པ་ཆེས་བཟང་བའམ། ཆེས་རྒྱ་ཆེ་བ་འགའ་ལྟ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡོངས་སུ་འདྲི་བར་སེམས་པ་ལེགས་སོ་ལེགས་སོ། །
ཤ་ར་དྭ་ཏིའི་བུ་དགྲ་བཅོམ་པའི་ཟག་པ་མེད་པའི་སེམས་གང་ཡིན་པ་དེ་ནི་སྤོང་བའི་སེམས་ཀྱིས་རང་གི་རྒྱུད་དང་ལྡན་པའི་ཉོན་མོངས་པ་རྣམས་སྤང་བར་ཟད་ཀྱི། སེམས་དེ་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་ཆེད་དུ་བསྐྱེད་པ་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་ཀྱི་སེམས་ནི་སེམས་ཅན་
དཔག་ཏུ་མེད་པའི་ཆེད་དུ་བསྐྱེད་པ་ཡིན་གྱི། ཉི་ཚེའི་སེམས་ཅན་རྣམས་ཀྱི་ཕྱིར་ནི་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་རང་སངས་རྒྱས་ཀྱི་སེམས་ཀྱང་རང་གི་རྒྱུད་དང་ལྡན་པའི་ཉོན་མོངས་པ་རྣམས་ཟློག་པར་ཟད་ཀྱི། བྱང་ཆུབ་ཀྱི་སེམས་ནི་སེམས་ཅན་དཔག་ཏུ་མེད་པའི་ཉོན་མོངས་པ་
རྣམས་ཟློག་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཡང་བྱང་ཆུབ་ཀྱི་སེམས་ནི་བསྟེན་ཅིང་བསྙེན་ཏེ་བསྒོམས་ལ་མང་དུ་བྱས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་འཐོབ་བོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་ན། དེས་ཉན་ཐོས་རྣམས་དང་། རང་སངས་
རྒྱས་རྣམས་རབ་ཏུ་ཕྱེའོ། །གང་དག་འདི་ལ་དགེ་བའི་རྩ་བ་སྐྱེད་དེ། འདི་ལྟ་སྟེ། རང་བྱང་ཆུབ་ལ་སེམས་ཤིང་སྒོམ་ན། དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཁྱེད་ནི་རང་སངས་རྒྱས་སུ་འགྱུར་ཏེ། བསྐལ་པ་འདི་སྙེད་ཅིག་ན་ལྷ་རྣམས་དང་། མི་རྣམས་ཀྱི་ནང་དུ་
མཚམས་སྦྱར་ཏེ་འཁོད་ནས་རང་སངས་རྒྱས་ཐོབ་པར་འགྱུར་རོ་ཞེས་ལུང་སྟོན་གྱི། ཤ་ར་དྭ་ཏིའི་བུ་རང་སངས་རྒྱས་རྣམས་ནི་བྱང་ཆུབ་སེམས་དཔའ་ལ་མ་འོངས་པའི་དུས་ན་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །ཞེས་ལུང་མི་སྟོན་
เล่ม ๖๑ · หน้า 23a
ཏོ། །ཉན་ཐོས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ལ་ལུང་མི་སྟོན་ཏོ། །གལ་ཏེ་ཉན་ཐོས་ལུང་སྟོན་ན་ཡང་། དེ་བཞིན་གཤེགས་པ་ལས་ཐོས་ནས་ལུང་སྟོན་ཏོ། །ཤ་ར་དྭ་ཏིའི་བུ་གང་གིས་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ལ་བཀོད་ཀྱང་། དེས་ནི་ཐམས་ཅད་མཁྱེན་
པ་ཉིད་ཡོངས་སུ་བཟུང་བ་མ་ཡིན་གྱི། ཤ་ར་དྭ་ཏིའི་བུ་གང་བྱང་ཆུབ་སེམས་དཔའ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱི་འདོམས་ཤིང་རྗེས་སུ་སྟོན་ན། འདི་ལྟར་དེས་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཟུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་ཉན་ཐོས་ལས་ནི་
སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་བྱུང་བ་མ་ཡིན་གྱི་བྱང་ཆུབ་སེམས་དཔའ་ལས་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་བྱུང་བའི་ཕྱིར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་འཇིག་རྟེན་གྱི་ཁམས་གྲངས་མེད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སངས་རྒྱས་
བསྟན་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔར་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་
བྱང་ཆུབ་སེམས་དཔའ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་འདི་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་འཐོབ་བོ། །གསོལ་པ་བཅོམ་ལྡན་འདས་ཟག་པ་མ་མཆིས་པའི་སེམས་ལས་བྱང་ཆུབ་ཀྱི་སེམས་ཁྱད་པར་དུ་འཕགས་པར་བཤད་པ་འདིའི་དོན་
ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་ཇི་ལྟར་ལུང་བསྟན་པ་བཞིན་དུ་ཡང་དག་པར་གཟུང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའི་སེམས་འདོད་ཆགས་དང་བཅས་པ། ཞེ་སྡང་དང་
བཅས་པ། གཏི་མུག་དང་བཅས་པ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། དགྲ་བཅོམ་པའི་
เล่ม ๖๑ · หน้า 23b
སེམས་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་ཏེ། དགྲ་བཅོམ་པའི་སེམས་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ་ལགས་སོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གལ་ཏེ་དགྲ་བཅོམ་པ་ཟག་པ་ཟད་པས་སེམས་ཅན་དཔག་ཏུ་མེད་པ་རྣམས་ལ་བྱམས་པ་དང་། སྙིང་རྗེས་ཁྱབ་པར་བྱས་ཀྱང་། དེའི་ཚེ་སེམས་ཅན་དེ་དག་བདེ་བས་ཚིམ་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་
དེ་ལྟར་དགྲ་བཅོམ་པ་ནི་ཐབས་ལ་མཁས་པ་མ་མཆིས་ན། སེམས་ཅན་དཔག་ཏུ་མ་མཆིས་པ་རྣམས་ལ་བྱམས་པས་ཇི་ལྟར་ཁྱབ་པར་བགྱི། བཅོམ་ལྡན་འདས་འདི་ལྟར་ཇི་སྲིད་དུ་མཉམ་པར་གཞག་པ་དེ་སྲིད་ཀྱི་བར་དེར་བྱམས་པ་དེས་ཁ་ཅིག་ནི་བདེ་བར་འགྱུར། ཁ་ཅིག་ནི་སྡུག་
བསྔལ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པ་དེའི་ཚེ་སེམས་ཀྱི་སྐད་ཅིག་ལ། བྱམས་པ་ལ་གནས་ཤིང་བྱམས་པ་མངོན་པར་སྒྲུབ་པ་མ་ལགས་མོད་ཀྱི། བཅོམ་ལྡན་འདས་གནས་མ་མཆིས་པ་ནན་གྱིས་
དཔེར་བགྱིས་ཏེ་བཤད་པར་བགྱི་ན། བཅོམ་ལྡན་འདས་གལ་ཏེ་འཛམ་བུའི་གླིང་འདིར་བདག་དང་འདྲ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཤ་སྟག་གིས་གང་བར་གྱུར་ལ། དེ་དག་ཀྱང་བྱམས་པ་ལ་སྙོམས་པར་ཞུགས་སམ། གལ་ཏེ་སྙོམས་པར་འཇུག་པར་འཚལ་ན་
ཡང་སྙོམས་པར་འཇུག་པའི་འོས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རྣམ་གྲངས་འདིས་ཀྱང་ཟག་པ་མེད་པའི་སེམས་ལས་བྱང་ཆུབ་སེམས་དཔའི་སེམས་མཆོག་ཅེས་བྱ་བ་ནས། གོང་ན་མེད་པ་ཞེས་བྱ་བའི་བར་དུའོ། །ཤ་ར་དྭ་ཏིའི་བུ་གཞན་
ཡང་གལ་ཏེ་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་མངོན་པར་ཤེས་པ་དྲུག་དང་ལྡན་པ་ཤ་སྟག་ཏུ་གྱུར་ལ། དགྲ་བཅོམ་པ་རེ་རེས་ཀྱང་བདུད་ཀྱི་སྡེ་འཁྲུགས་མེད་འཁྲུགས་མེད་སྙེད་མངོན་པར་སྤྲུལ་ན། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། འཁྲུགས་མེད་དེ་དག་མང་བ་ཡིན་ནམ།
เล่ม ๖๑ · หน้า 24a
གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། དགྲ་བཅོམ་པ་དེ་དག་དང་། དཔུང་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་
དཔའི་བྱང་ཆུབ་ཀྱི་སེམས་དེ་བཟློག་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། སེམས་དེ་གཉིས་ཀྱི་ནང་ན་གང་མཐུ་ཆེ། སེམས་ཅན་ཐམས་ཅད་ཟག་པ་ཟད་པར་
གྱུར་པ་རྣམས་ཀྱི་ཟག་པ་མེད་པའི་སེམས་གང་ཡིན་པ་མཐུ་ཆེའམ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སེམས་མཐུ་ཆེ། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སེམས་ཆེས་མཐུ་ཆེ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱིར་མི་ལྡོག་པའི་
བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ཆེས་མཐུ་ཆེ་བ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་ཟག་པ་མེད་པའི་སེམས་ཀྱིས་བདུད་ཀྱི་སྡེ་འཁྲུགས་མེད་དཔག་ཏུ་མེད་པ་རྫུ་འཕྲུལ་གྱིས་མངོན་པར་སྤྲུལ་ན་ཡང་འདོད་ཆགས་དང་བྲལ་བའི་སེམས་ཀྱིས། འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ།
གཏི་མུག་དང་བཅས་པའི་སེམས་ཡོངས་སུ་གཏུགས་པར་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། སེམས་འདི་དག་གི་ནང་ན་སེམས་གང་མཆོག་ཅེས་བྱ་བ་ནས། གོང་ན་མེད་པ་ཞེས་བྱ་བའི་བར་དུ་གང་ཡིན། གསོལ་པ། བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་
སེམས་དཔའི་སེམས་མཆོག་ཅེས་བགྱི་བ་ནས། གོང་ན་མ་མཆིས་པ་ཞེས་བགྱི་བའི་བར་དུ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཟག་པ་མ་མཆིས་པའི་སེམས་ཀྱིས་གཏུགས་པར་བགྱིར་རྔོ་མི་ཐོགས་པའི་སླད་དུའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་ཁྱོད་ཉིད་ལ་ཡོངས་སུ་དྲི་བར་བྱས། ཁྱོད་
ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག །ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གལ་ཏེ་མཆིང་བུའི་ནོར་བུ་དག་གི་ནང་དུ། ནོར་བུ་རིན་པོ་ཆེ་བཻ་དཱུརྱ་བཞག་ན། ཅི་མཆིང་བུའི་ནོར་བུ་དེ་དག་གིས་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ལ་གསལ་བ་དང་། རིན་ཐང་གིས་ཐུབ་བམ། གསོལ་པ།
เล่ม ๖๑ · หน้า 24b
བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །མཆིང་བུའི་ནོར་བུ་དག་གི་ཕུང་པོ་ཆེན་པོས་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་གཅིག་ཀྱང་ཟིལ་གྱིས་གནོན་པར་རྔོ་མི་ཐོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཅིའི་ཕྱིར། གསོལ་པ། བཅོམ་ལྡན་འདས་མཆིང་བུའི་ནོར་བུ་དེ་དག་ནི་ཡོངས་
སུ་དག་པ་ཡང་མ་ལགས། ཁ་དོག་བཟང་བ་ཡང་མ་ལགས། རིན་ཐང་ཡང་ཆུང་ལ། བརྗོད་པར་ཡང་ནུས་པ་ལགས་ཏེ། བཅོམ་ལྡན་འདས་མཆིང་བུའི་ནོར་བུ་ནི་གནས་རྒྱ་ཆེན་པོ་ནས་བྱུང་བ་ཡང་མ་ལགས་སོ། །བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ནི་རིགས་ཀྱིས་འཕགས་པ་
ལགས་ཏེ། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་རྒྱ་མཚོ་ཆེན་པོའི་ནང་ནས་བྱུང་བ་ལགས་ཏེ། དེ་ནི་མཆིང་བུའི་ནོར་བུ་མང་པོས་ཟིལ་གྱིས་གནོན་པར་རྔོ་མི་ཐོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ནི་ཉན་ཐོས་ཐམས་ཅད་ཀྱི་སེམས་ཟིལ་གྱིས་གནོན་པར་འདུག་སྟེ། དེ་བཞིན་གཤེགས་པས་དོན་གྱི་དབང་འདི་ཡང་དག་པར་གཟིགས་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མཆོག་ཉིད་དུ་བཞག་པ་ནས།
གོང་ན་མེད་པ་ཉིད་ཀྱི་བར་དུ་བཞག་པ་ཡིན་ནོ། །ཉན་ཐོས་དགྲ་བཅོམ་པ་ཐམས་ཅད་ཀྱིས་ནི་བྱང་ཆུབ་སེམས་དཔའི་སེམས་གང་བྱམས་པ་དང་ལྡན་པ་དང་། སྙིང་རྗེ་དང་ལྡན་པ་ཡང་ཟད་པར་བྱེད་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་དགྲ་བཅོམ་པ་ཟག་པ་ཟད་པ་མངོན་པར་ཤེས་པ་དྲུག་དང་ལྡན་
པ་དེ་དག་གིས་ཀྱང་། འཇིག་རྟེན་གྱི་ཁམས་འདི་འཇིག་རྟེན་གྱི་ཁམས་གཞན་དུ་རྫུ་འཕྲུལ་གྱིས་འཕང་བར་ནུས་མོད་ཀྱི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སེམས་ནི་ཟད་པར་བྱེད་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་དགྲ་བཅོམ་པ་ཟག་པ་ཟད་པ། མངོན་པར་ཤེས་པ་དྲུག་དང་ལྡན་
པ་དེ་དག་གིས་ཀྱང་། རྒྱ་མཚོ་ཆེན་པོ་ཁའི་དབུགས་ཀྱིས་སྐམ་པར་ནུས་མོད་ཀྱི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ནི་ཟིལ་གྱིས་མནན་པའམ། ཟད་པར་བྱེད་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་དགྲ་བཅོམ་པ་ཟག་པ་ཟད་པ། མངོན་པར་ཤེས་པ་
เล่ม ๖๑ · หน้า 25a
དྲུག་དང་ལྡན་པ་དེ་དག་གིས་ཀྱང་། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྲེག་པའི་མེའི་ཕུང་པོ་ཆེན་པོ་དེ་ཡང་ཁའི་དབུགས་ཀྱིས་གསད་པར་ནུས་མོད་ཀྱི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ནི་ཟིལ་གྱིས་མནན་པའམ། ཟད་
པར་བྱེད་མི་ནུས་སོ། །ཤ་ར་དྭ་ཏིའི་བུ་རྣམ་གྲངས་འདིས་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མཆོག་ཅེས་བྱ། གཙོ་བོ་དང་། ཕུལ་དང་། ར་བ་དང་། རབ་མཆོག་དང་། བླ་ན་མེད་པ་ནས་གོང་ན་མེད་པ་ཞེས་བྱ་བའི་བར་དུ་བརྗོད་དོ། །དེ་
སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་རྒྱ་ཆེ་ཞིང་ཟད་པར་བགྱི་བའམ། བཟློག་པར་མི་ནུས་པ་ངོ་
མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཉིས་སུ་མི་གསུང་སྟེ། དེ་བཞིན་གཤེགས་པ་རྣམས་ནི་གཉིས་སུ་མེད་པར་གསུང་ཞིང་། དེ་བཞིན་
ཁོ་ན་སྟེ་གཞན་དུ་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་གཞན་དག་བྱུང་བར་གྱུར་ལ། སའི་ཁམས་ཇི་སྙེད་པ་དང་། ཆུའི་ཁམས་ཇི་སྙེད་པ་དང་། མེའི་ཁམས་ཇི་སྙེད་པ་དང་། རླུང་གི་ཁམས་
ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་གཞན་དག་བྱུང་བར་གྱུར་ན། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། སེམས་ཅན་དེ་དག་མང་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་
ར་དྭ་ཏིའི་བུ་སེམས་ཅན་དེ་དག་ཀྱང་མངོན་པར་ཤེས་པ་དྲུག་དང་ལྡན་པར་གྱུར་ཏེ། རེ་རེ་ཞིང་འདི་ལྟར་མཽད་གལ་གྱི་བུ་ཆེན་པོ་ལྟ་བུར་རྫུ་འཕྲུལ་དང་ལྡན་པར་གྱུར་ལ། རྫུ་འཕྲུལ་ཅན་དེ་དག་གིས་འདི་ལྟར་སེམས་ཅན་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་བདུད་སྡིག་ཅན་མངོན་པར་སྤྲུལ་ཏེ། སྡིག་ཅན་
เล่ม ๖๑ · หน้า 25b
རེ་རེ་ལ་ཡང་སེམས་ཅན་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་གླང་པོ་ཆེའི་ཚོགས་ཡོད་པ་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་ཡོད་པར་གྱུར་ཏེ། བགྲང་བ་འདི་ལྟ་བུའི་ཚུལ་གྱིས། དགྲ་བཅོམ་པ་རྫུ་འཕྲུལ་ཅན་དེ་དག་རེ་རེ་སྤྲུལ་པ་བྱེད་པའི་སྤྲུལ་པ་དེ་དག་རེ་
རེས་ཀྱང་དེ་བཞིན་དུ་སྤྲུལ་པ་མངོན་པར་སྤྲུལ་ན། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། དེ་དག་བགྲང་བ་ལ་འཇུག་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་དེ་དག་གིས་ཕྱིར་མི་ལྡོག་པའི་རིགས་
ཀྱི་བུའམ། རིགས་ཀྱི་བུ་མོ་དེ་གང་ན་གནས་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྲེག་པར་མངོན་པར་སྤྲུལ་པ་བྱེད་ན། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། ཅི་སེམས་ཅན་དེ་དག་རྫུ་འཕྲུལ་ཆེན་པོ་རྣམ་པར་སྟོན་པ་ཡིན་ནམ། གསོལ་པ། བཅོམ་
ལྡན་འདས་དེ་དག་ནི་རྫུ་འཕྲུལ་ཆེ་བ་ལགས་སོ། །རྫུ་འཕྲུལ་ཆེན་པོ་དང་ལྡན་ཞིང་། འཇིགས་པ་ཆེན་པོའི་ཚུལ་གྱིས་ཉེ་བར་གནས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གལ་ཏེ་དེ་དག་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་གང་གཱའི་
ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་གནས་ལ། དེ་ལྟར་འཇིགས་པ་དྲག་པོ་ཀུན་ནས་སྟོན་ཀྱང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སེམས་ཟད་པར་བྱ་བའམ། ཟིལ་གྱིས་མནན་པའམ། བཟློག་ནུས་པའི་སྐལ་བ་མེད་དོ། །ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་
དུ་སེམས། སེམས་ཅན་དཔག་ཏུ་མེད་པ་དེ་དག་དང་། བདུད་སྡིག་ཅན་དེ་དག་གི་རྫུ་འཕྲུལ་གང་ཡིན་པ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གང་ཡིན་པ་འདི་གཉིས་ལ། གང་ཆེས་མཐུ་དང་ལྡན་པ་ཡིན། གསོལ་པ། བཅོམ་ལྡན་འདས་རྫུ་འཕྲུལ་དང་ལྡན་
པ་འདི་དག་གི་ནང་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྫུ་འཕྲུལ་དང་། སེམས་འདི་ནི་ཆེས་མཐུ་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། འདི་ལྟ་བུའི་རྫུ་འཕྲུལ་དང་། སྟོབས་དང་
เล่ม ๖๑ · หน้า 26a
ལྡན་པ་གང་ཡིན་པ་དེ་མཆོག་བྱེད་པའམ། མཆོག་ཏུ་འབྱུང་བར་འོས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན། རྣམ་གྲངས་འདིས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མ་གཏོགས་པར་བྱང་ཆུབ་སེམས་
དཔའི་སེམས་མཆོག་ཅེས་བགྱི་བ་ནས་གོང་ན་མ་མཆིས་པ་ཞེས་བགྱི་བའི་བར་དུ་སྟེ། དེ་ཅིའི་སླད་དུ་ཞེ་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སེམས་ནི་ཟད་པར་བགྱིར་རྔོ་མི་ཐོགས་པའི་སླད་དུ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་
ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སེམས་ནི་ཟད་པར་བྱར་མི་ནུས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མི་ལྡོག་པའི་སའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་
གང་པོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་གང་གིས་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཟད་པར་བྱར་མི་ནུས། སྨྲས་པ། ཚེ་དང་ལྡན་པ་གང་པོ་གང་གི་ཕྱིར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གང་དང་གང་སྦྱིན་པ་ན་དེ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་ནས་སྦྱིན་པར་བྱེད་དེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཟད་པར་བྱ་བའམ། ཟིལ་གྱིས་མནན་པར་མི་ནུས་སོ། །ཚེ་དང་ལྡན་པ་གང་པོ་དཔེར་ན།
སྐྱེས་བུ་ཚོང་པ་ཞིག་ཟོང་འབུམ་ཕྲག་མང་པོ་སྤྱོད་ཅིང་། དེ་ཚོང་བྱེད་ལ། ཚོང་པ་དེས་ཚོང་དཔོན་ནམ། དེད་དཔོན་གང་ཡང་རུང་བ་ལས་ལོ་འབུམ་ཕྲག་མང་པོ་ཞིག་ནས་སྐྱིན་པོ་བླངས་པ་ལས། དེའི་ཚོང་མ་རུང་བར་གྱུར་ནས། དེས་རྒྱལ་པོ་ལ་བསྐོར་ཏེ་རྒྱལ་པོའི་གན་དུ་སོང་ངོ་། །
དེ་རྒྱལ་པོའི་དཔུང་དེས་ན་རྒྱལ་པོས་ཡོངས་སུ་བཟུང་བའི་མི་དེ་ལ་ཚོང་དཔོན་དེ་དང་། དེད་དཔོན་དེས་ཚུགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་དཔུང་དང་ལྡན་པའི་ཕྱོགས་འདི་ལྟ་སྟེ། རྒྱལ་པོའི་ཕྱོགས་དཔུང་དང་ལྡན་པའི་ཕྱོགས་དེ་ལ་རྟེན་པའི་ཕྱིར་རོ། །
เล่ม ๖๑ · หน้า 26b
ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སེམས་ནི་དཔུང་དང་ལྡན་པའི་ཕྱོགས་ལ་རྟེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་
དཔུང་དང་ལྡན་པའི་ཕྱོགས་དེ་ལ་རྟེན་པས་ན། དེ་ཉན་ཐོས་ཐམས་ཅད་ཀྱིས་ཟིལ་གྱིས་མནན་པར་མི་ནུས་སོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། སྐྱེས་བུ་རྒྱལ་པོ་ལ་རྟེན་པ་ནི་ལོངས་སྤྱོད་ཟད་པར་གྱུར་ཀྱང་། འོན་ཀྱང་ཚུགས་པར་མི་ནུས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་ལ་རྟེན་པ་ཡང་། འདི་ལྟར་ཉན་ཐོས་ཐམས་ཅད་དང་། བདུད་ཐམས་ཅད་ཀྱིས་མི་ཚུགས་སོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཉན་ཐོས་ཐམས་ཅད་ཀྱིས་ཚུགས་པར་འགྱུར། སྨྲས་པ།
ཚེ་དང་ལྡན་པ་གང་པོ་གལ་ཏེ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱིས་སྒྲོགས་ཤིང་འཆད་པ་ན། དེའི་སེམས་སྐྱེད་ཅིང་བདག་ཀྱང་དེ་ལྟར་གྱུར་ཅིག་ཅེས་སེམས་སྐྱེད་ན། ཉན་ཐོས་རྣམས་ཀྱིས་ཚུགས་པ་ཡིན་ནོ། །གང་དེའི་གཏམ་གྱི་རོ་མྱོང་བར་བྱེད་པ་དང་། དེ་ལ་ཡང་དགའ་
བར་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་བསྐྱེད་པ་དེས་ན་ཚུགས་པར་འགྱུར་རོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཅིའི་ཕྱིར་ན། དེ་དག་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཞེས་བྱ། སྨྲས་པ། འདི་དག་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་ཐམས་ཅད་མཁྱེན་པ་ཉིད་ལ་གེགས་བྱེད་པ་ཡིན་ཏེ། འདི་དག་སྐྱེད་པར་བྱེད་པ་མ་ཡིན་ལ། འདི་དག་ནི་ཐམས་ཅད་མཁྱེན་པ་ཉིད་རིང་བར་བྱེད་པ་ཡིན་ཏེ། དེ་བས་ན་འདི་དག་ནི་བྱང་ཆུབ་སེམས་དཔའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཞེས་བྱའོ། །ཚེ་དང་ལྡན་པ་
གང་པོ་དཔེར་ན། རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་ཡང་དག་པའི་མཐའ་མངོན་སུམ་དུ་བྱ་བར་འདོད་ཅིང་། ཡང་དག་པ་ལ་ངེས་པར་འཇུག་པར་འདོད་པའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཀུན་ཏུ་འབྱུང་བ་ནི་དགྲ་བཅོམ་པ་ཉིད་རིང་བར་བྱེད་པ་ཡིན་ཏེ། དེ་དག་དེའི་ཚུལ་བཞིན་
เล่ม ๖๑ · หน้า 27a
མ་ཡིན་པ་ཡིད་ལ་བྱེད་པ་ཞེས་བྱའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་ཉན་ཐོས་དང་ལྡན་པའམ། རང་སངས་
རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་རྣམས་གེགས་བྱེད་པ་ཡིན་ཏེ། ཡིད་ལ་བྱེད་པ་དེ་དག་སྐྱེད་ན་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་རྣམས་ཀྱིས་ཟིལ་གྱིས་ནོན་པ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟ་ན་བྱང་ཆུབ་སེམས་དཔའ་ཉན་ཐོས་
རྣམས་ཀྱིས་ཟིལ་གྱིས་ནོན་པ་ཡིན་ཏེ། གང་ཉན་ཐོས་དང་ལྡན་པའམ། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་སྐྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་ལ་བྱེད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་མི་ཆུད་པའི་ཕྱིར་རོ། །
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དཔེར་ན། རྒྱུན་དུ་ཞུགས་པ་ཉོན་མོངས་པ་ཀུན་ཏུ་སྤྱོད་ན་སྦྱིན་གནས་སུ་མི་འགྱུར་ཏེ། གལ་ཏེ་གང་གིས་དེའི་ཉོན་མོངས་པ་རྣམས་སྤོང་བའི་ཤེས་པ་ཐོབ་ན། དེས་དེ་རྒྱུན་དུ་ཞུགས་པ་ཞེས་བྱ་བར་རབ་ཏུ་ཕྱེ་བ་ཡིན་གྱི། ཉོན་མོངས་པ་རྣམས་ཀྱིས་
རབ་ཏུ་ཕྱེ་བ་མ་ཡིན་ཏེ། དེ་ལྟར་ན་ཤེས་པ་ཡོངས་སུ་ཤེས་པ་དང་། སྤོང་བ་ལ་འདྲིས་པས་དེ་རྒྱུན་དུ་ཞུགས་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་ལྡན་པའམ། རང་སངས་རྒྱས་དང་ལྡན་པའི་སེམས་ཀུན་ཏུ་སྤྱོད་ཅིང་སྐྱེ་བས། བྱང་
ཆུབ་སེམས་དཔའ་ཞེས་རབ་ཏུ་ཕྱེ་བ་མ་ཡིན་གྱི། ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་པའི་སེམས་དང་སེམས་ལས་བྱུང་བ་གང་དག་ཡིན་པ་དེ་དག་སྐྱེ་བས། འདི་ལྟ་སྟེ། དེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་རབ་ཏུ་ཕྱེ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་
ལ་གནས་ན་ཚུགས་པར་མི་ནུས་སོ། །ཚེ་དང་ལྡན་པ་དཔེར་ན། འཕོང་གི་སློབ་དཔོན་ནི་གནས་ན་འདུག་ཀྱང་རུང་། འགྲོ་ཡང་རུང་། དགྲ་རྣམས་ཀྱིས་ཚུགས་པར་དཀའ་བ་ཡིན་ཏེ། གཞན་གྱི་མདའ་ཡང་གཅོད་ཅིང་བདག་ཀྱང་སྲུང་ངོ་། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་
เล่ม ๖๑ · หน้า 27b
ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་གནས་པ་ཡང་ཚུགས་པར་དཀའོ། །ཉན་ཐོས་ཀྱི་སྤྱོད་པའམ། རང་སངས་རྒྱས་ཀྱི་སྤྱོད་པ་ཐོས་ན་ཡང་འདི་ལྟར་བདག་ཀྱང་མྱུར་བ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། འདི་ལྟ་སྟེ་དཔེར་ན།
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ད་ལྟར་ཉན་ཐོས་རྣམས་ལ་ཆོས་སྟོན་པ་དེ་བཞིན་དུ། བདག་ཀྱང་ཉན་ཐོས་རྣམས་ལ་ཆོས་སྟོན་པར་གྱུར་ཅིག་ཅེས་ཡོངས་སུ་སྔོ་བར་བྱེད་དོ། །ཚེ་དང་ལྡན་པ་དེ་ལྟར་ན་ཐབས་ལ་མཁས་པའི་བྱང་ཆུབ་
སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་གནས་པ་ལ་ཚུགས་པར་མི་ནུས་ཏེ། ཉན་ཐོས་ཀྱི་གཏམ་མམ། རང་སངས་རྒྱས་ཀྱི་གཏམ་ཐོས་ན་ཡང་། ཆོས་ཀྱི་གཏམ་འདི་ནི་དེ་བཞིན་གཤེགས་པ་ལས་བྱུང་ངོ་ཞེས་དེ་བཞིན་གཤེགས་པ་དྲན་པར་བྱེད་དེ། ཉན་ཐོས་རྣམས་ལ་ཆགས་པ་མི་
སྐྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་གནས་པ་ནི་ཐུབ་པར་དཀའ་བ་ཡིན་ནོ། །ཚེ་དང་ལྡན་པ་དཔེར་ན། རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དམིགས་པ་ཐོབ་ཅིང་། ཏིང་ངེ་འཛིན་ལེགས་པར་བསྒོམས་པའི་ཕྱིར་རྣམ་པར་རྟོག་
པ་རྣམས་ཀྱིས་མི་ཚུགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དམིགས་པ་དེ་ལ་རབ་ཏུ་གོམས་པའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་གནས་པ་ཡང་ཐུབ་པར་དཀའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་འབྲལ་བའི་
ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་གལ་ཏེ་བྱང་ཆུབ་སེམས་དཔའ་ཐུབ་པར་དཀའ་བར་རིག་པར་བྱ་ན། ཐེག་པ་ལ་གསར་དུ་ཞུགས་པ་གང་དག་ཡིན་པ་རྣམས་དང་། ཕྱིར་མི་ལྡོག་པ་གང་དག་ཡིན་པ་རྣམས་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་གང་དག་ཡིན་པ་ཐམས་ཅད་
དམ། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཐུབ་པར་དཀའ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་དག་དམ་བཅས་པ་ལས་བསྐྱོད་མི་ནུས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་དམ་བཅས་པ་ལ་གནས་པ་དང་། བྱང་ཆུབ་ཀྱི་
เล่ม ๖๑ · หน้า 28a
སེམས་ལ་གནས་པ་དེ་དག་ནི་ཐམས་ཅད་ཀྱང་ཐུབ་པར་དཀའ་བ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དཔེར་ན། བྱང་ཆུབ་སེམས་དཔའ་ད་ལྟར་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་དང་། དེ་བཞིན་གཤེགས་པ་ལོ་བྱེ་བ་བརྒྱ་ཕྲག་མང་པོ་ནས་མངོན་པར་
རྫོགས་པར་སངས་རྒྱས་ཏེ། བཞུགས་ཤིང་གཞེས་པ་གང་ཡིན་པ་དེ་གཉི་ག་ཡང་ཐམས་ཅད་མཁྱེན་པ་ཉིད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་གང་ཡིན་
པ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའ་ཐ་མའི་སེམས་ཐོབ་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་རྣམས་ཀྱིས་མཉམ་མོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་འདི་དག་ཇི་ལྟར་ཁྱད་པར་མེད། སྨྲས་
པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་ཀྱི་སེམས་ལ་ནི་ཁྱད་པར་མེད་དེ། འོན་ཀྱང་མགྱོགས་བུལ་གྱིས་ནི་ཁྱད་པར་ཡོད་དོ། །སེམས་དེ་གཉི་ག་ནི་མཉམ་སྟེ། གང་ཞེ་ན། བྱང་ཆུབ་ཏུ་མངོན་པར་སྒྲུབ་པ་གང་དག་ཡིན་པ་རྣམས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་
སེམས་དཔའི་སེམས་ལ་གནས་པ་ནི་ཕྱིར་མི་ལྡོག་གོ། །དགྲ་བཅོམ་པ་གང་དགྲ་བཅོམ་པ་ཉིད་ལས་ལྡོག་ལ། ཟག་པ་མེད་པའི་སེམས་ལས་ཀྱང་ལྡོག་ན། དེ་དགྲ་བཅོམ་པ་ཉིད་དུ་རིག་པར་བྱའམ། སྨྲས་པ། ཚེ་དང་ལྡན་པ་གང་པོ་དེ་ནི་མ་ཡིན་ཏེ། དེ་ནི་ལྷག་པའི་ང་རྒྱལ་
ཅན་ཡིན་པར་རིག་པར་བྱའོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སེམས་ལས་ཕྱིར་ལྡོག་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཏུ་ཁས་འཆེ་བར་ཟད་དེ། དེ་ནི་བྱང་ཆུབ་སེམས་དཔའ་མ་ཡིན་གྱི། དེ་ནི་བྱང་ཆུབ་སེམས་དཔའ་
སུན་འབྱིན་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་རིག་པར་བྱ་བ་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཚེ་དང་ལྡན་པ་གང་པོ་དཔེར་ན། མི་ཞིག་ཕོ་མཚན་དང་ལྡན་པར་གྱུར་ཏེ། དབང་པོ་མ་ཚང་བ་མ་ཡིན་པ་ལས།
เล่ม ๖๑ · หน้า 28b
ཕྱིས་དེའི་ཕོ་མཚན་མེད་པར་གྱུར་ལ། ཕོ་མཚན་གྱི་བྱ་བ་བྱེད་མི་ནུས་ན། དེ་ནི་མ་ནིང་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་སེམས་རྨུག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་མི་འགྲོའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་
བྱང་ཆུབ་སེམས་དཔའ་ཡོངས་སུ་སྦྱང་བར་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཡིད་ལ་བྱེད་པ་ཇི་ལྟ་བུ་བསྐྱེད་པར་བྱའི། སྨྲས་པ། ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་བསྐྱེད་པར་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལ་གནས་པ་ཡིན་ནོ། །དེ་ལྟར་གནས་
པའི་བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་གང་དང་གང་སྦྱིན་པ་དེ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གལ་ཏེ་དེ་ལྟར་ཡོངས་སུ་སྔོ་བར་མི་བྱེད་ན། དེ་ནི་སྦྱིན་པ་ཡིན་གྱི།
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཚེ་དང་ལྡན་པ་གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་སྦྱིན་པ་སྦྱིན་པ་ན་རྣམ་པར་རྟོག་སྟེ། བདག་གིས་ཅུང་ཟད་ནི་ཡོངས་སུ་བཏང་ལ་ཅུང་ཟད་ནི་ཡོངས་སུ་མ་བཏང་ངོ་ཞེས་རྣམ་པར་རྟོག་པར་བྱེད་ཅིང་འདི་ནི་བདག་གིས་སྦྱིན་པར་བྱ། འདི་ནི་
སྦྱིན་པར་མི་བྱའོ། །འདི་ལ་ནི་སྦྱིན། འདི་ལ་ནི་མི་སྦྱིན་ནོ་ཞེས་རྣམ་པར་རྟོག་པར་བྱེད་དེ། ངན་པ་ནི་སྦྱིན་པར་བྱ། བཟང་པོ་ནི་སྦྱིན་པར་མི་བྱ། ཚུལ་ཁྲིམས་ཅན་ལ་ནི་སྦྱིན་པར་བྱ། ཚུལ་ཁྲིམས་འཆལ་པ་ལ་ནི་སྦྱིན་པར་མི་བྱའོ་ཞེས་རྣམ་པར་རྟོག་པར་བྱེད་ན། རྣམ་པར་རྟོག་པ་འདི་
དག་ནི་བྱང་ཆུབ་སེམས་དཔའི་ཐམས་ཅད་མཁྱེན་པ་ཉིད་ལ་བར་ཆད་བྱེད་པ་ཡིན་ནོ། །དེ་ལྟར་རྣམ་པར་རྟོག་པ་ནི་ཡུན་རིང་མོ་ཞིག་གིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །བདག་ཡུན་རིང་མོ་ཞིག་གིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་གྲང་ཞེས་རྣམ་པར་རྟོག་
เล่ม ๖๑ · หน้า 29a
པར་མི་བྱའོ། །ཐམས་ཅད་ལ་མཉམ་པར་གཏོང་ཞིང་སེམས་མཉམ་པ་ནི་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་
དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །སྦྱིན་པ་ཟིལ་གྱིས་མནན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ནི་གལ་ཏེ། བྱང་ཆུབ་སེམས་དཔའ་སྔ་དྲོའི་དུས་ཀྱི་ཚེ། སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་ཟན་བྱིན་ལ། ཟན་ཟོས་པའི་འོག་ཏུ་
སེམས་ཅན་དེ་དག་ལ་གསེར་གྱི་དོང་ཙེ་དང་། རས་བཅོས་བུ་ཟུང་དང་། གསེར་ཐགས་ཅན་གྱི་རས་བྱིན་ལ། དེ་བཞིན་དུ་ཉི་མ་གུང་དང་། ཕྱེ་མ་རེད་དང་། དེ་བཞིན་དུ་མཚན་མོ་ནམ་གྱི་ཆ་སྟོད་དང་། དེ་བཞིན་དུ་ནམ་གྱི་གུང་དང་། དེ་བཞིན་དུ་ནམ་གྱི་ཆ་སྨད་ཀྱི་ཐུན་ལ། སེམས་ཅན་
གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་ཟན་བྱིན་ལ། དེ་བཞིན་དུ་སྦྱིན་པ་ཡང་བྱིན་ཏེ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཤིང་། དེ་བཞིན་དུ་ཡོངས་སུ་གཏོང་ཡང་ཇི་ལྟར་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱ་བ་མི་ཤེས་ན། དེ་ནི་སྦྱིན་པ་ཡིན་གྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་
མ་ཡིན་ནོ། །ཇི་སྟེ་ཡོངས་སུ་བསྔོ་བ་ཤེས་ན། བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །དེ་ནི་བྱང་ཆུབ་སེམས་དཔའི་ཐད་ན་མང་དུ་ཡོངས་སུ་གཏོང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཆོས་ཚད་མེད་པའི་ཆོས་ཐོབ་པར་འདོད་ཅིང་། བྱང་ཆུབ་
སེམས་དཔའི་ཆོས་ཀྱང་ཐོབ་པར་འདོད་ན། ཚད་དང་ལྡན་པའི་ཡོངས་སུ་གཏོང་བས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་པའི་ཕྱིར་རོ། །གལ་ཏེ་སྦྱིན་པ་དེ་ཚད་ངེས་པར་གྱུར་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། གང་གི་ཕྱིར་སྦྱིན་པ་དེ་ཚད་ངེས་པ་མ་ཡིན་པ་དེའི་ཕྱིར། སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚད་ངེས་པ་མ་ཡིན་པའི་སྦྱིན་པ་སྦྱིན་པར་བྱའོ། །དེ་ནས་ཕྱིས་ཀྱང་ཡོངས་སུ་གཏང་བར་བྱའོ་ཞེས་དེ་ལྟར་ཡོངས་སུ་གཏང་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་ཐབས་
เล่ม ๖๑ · หน้า 29b
དེས་ན། སེར་སྣ་ཚར་གཅོད་ཅིང་། ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་འཛིན་ཏོ། །དེ་ཡང་འདི་ལྟར་བདག་གིས་སྦྱིན་པ་དཔག་ཏུ་མེད་པ་སྦྱིན་པར་བྱ་སྟེ། གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་གྱི་བར་དུ་སྦྱིན་པར་བྱའོ། །
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པས་སེམས་ཅན་རྣམས་ལ་ཕན་གདགས་པར་བྱའོ། །ད་ལྟར་ནི་ཇི་སྲིད་དུ་བྱང་ཆུབ་ཏུ་སྤྱོད་པའི་བར་དུ་ཟང་ཟིང་གིས་ཕན་གདགས་པར་བྱའོ། །བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ནི། ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པས། སེམས་ཅན་རྣམས་ལ་ཕན་གདགས་པར་བྱའོ་སྙམ་དུ་སེམས་སྐྱེད་དོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། མི་ཞིག་རྒྱལ་པོ་ལ་སྟེན་ཏེ། དེ་རྒྱལ་པོ་ལ་སྟེན་ཅིང་འཁོར་ལ་བསྙེན་བཀུར་
བྱས་པས། རྒྱལ་པོ་དེས་དེ་ལ་ཟན་སྦྱིན་ཞིང་། དེས་ཟང་ཟིང་གི་སྦྱིན་པས་ཕན་འདོགས་ཏེ། དེས་བསྟེན་ཅིང་བསྐོར་ཏེ། བསྙེན་བཀུར་བྱས་པས་རྒྱལ་པོ་མཉེས་ཤིང་དགྱེས་པར་གྱུར་ནས། རིན་པོ་ཆེ་བརྒྱ་སྟོང་དུ་མ་བསྐོན་པ་དེ་བཞིན་དུ། ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཀྱང་། བྱང་ཆུབ་ཏུ་སྤྱོད་པ་ན། སེམས་ཅན་དཔག་ཏུ་མེད་པ་ལ་ཟང་ཟིང་གི་སྦྱིན་པས་ཕན་འདོགས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་།
ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པས། སེམས་ཅན་རྣམས་ལ་འདོམས་ཤིང་རྗེས་སུ་སྟོན་ཏེ། སེམས་ཅན་དཔག་ཏུ་མེད་པ་དག་འཁོར་བའི་སྡུག་བསྔལ་རྣམས་ལས་གྲོལ་བར་བྱེད་དོ། །ཚེ་དང་ལྡན་པ་གང་པོ་དཔེར་ན། རྒྱལ་པོའི་བུ་ཞིག་ཡོད་ལ། མི་མང་པོ་གང་དག་གིས་རྒྱལ་པོའི་བུ་
དེ་ལ་སྟེན་ཅིང་བསྐོར་ཏེ། བསྙེན་བཀུར་བྱེད་ན། རྒྱལ་པོའི་བུ་དེས་བསྟེན་པའི་མི་དེ་དག་ཐམས་ཅད་ལ་ཁ་ཟས་གཡོས་པས་ཕན་འདོགས་པར་བྱེད་དེ། ཇི་ཙམ་ན་རྒྱལ་པོའི་བུ་དེ་རྒྱལ་སྲིད་ལ་གནས་པའི་དུས་ལ་བབ་སྟེ། རྒྱལ་སྲིད་ཀྱི་དབང་བསྐུར་ཞིང་། རྒྱལ་སྲིད་ཀྱི་དབང་བསྐུར་བ་ཐོབ་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด