འཕགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་པཉྩ་པཱ་ར་མི་ཏཱ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๑ · หน้า 57b

སངས་རྒྱས་ཀྱི་ས་ལ་འདོད་པར་བྱེད་ན། བྱང་ཆུབ་སེམས་དཔས་རང་གི་སྤྱོད་ཡུལ་བོར་ཏེ། གཞན་གྱི་སྤྱོད་ཡུལ་ལ་གནས་པ་ཡིན་པར་ཡང་རིག་པར་བྱའོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་གཞན་གྱི་སྤྱོད་ཡུལ་ལ་སྤྱོད་པ་ཞེས་བྱ། སྨྲས་པ།

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའམ། ཉན་ཐོས་ཀྱི་ཡིད་ལ་བྱེད་པ་རྣམས་སམ། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་རྣམས་སམ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་ལ་འདོད་པ་གང་ཡིན་པ་དེ་ནི་དེ་

ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་གཞན་གྱི་སྤྱོད་ཡུལ་ལ་སྤྱོད་པ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའི་རང་གི་སྤྱོད་ཡུལ་གང་ཡིན། སྨྲས་པ། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པར་ཡིད་ལ་བྱེད་པ་སྟེ། འདི་ལྟར་

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དག་ནི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཏེ།

འདི་དག་ལ་སྤྱོད་ན་བྱང་ཆུབ་སེམས་དཔའ་རང་གི་སྤྱོད་ཡུལ་ལ་སྤྱོད་པ་ཡིན་ནོ། །དེ་ལ་ནི་བདུད་སྡིག་ཅན་གྱིས་ཀྱང་གླགས་མི་རྙེད་དེ། དཔེར་ན་རུས་སྦལ་ལ་ཝས་གླགས་མི་རྙེད་དེ། དེ་གླགས་མ་རྙེད་ནས་སྐྱོ་སྟེ་ཕྱིར་འགྲོ་བ་དེ་བཞིན་དུ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་

དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ལ་བདུད་སྡིག་ཅན་གྱིས་གླགས་མི་རྙེད་དེ་གླགས་མ་རྙེད་ནས་སྐྱོ་སྟེ་ཕྱིར་འགྲོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་བདུད་སྡིག་ཅན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བདུད་སྡིག་ཅན་མངོན་

པར་སྤྲུལ་ལ་བདུད་རེ་རེ་ཡང་དེ་སྙེད་ཀྱི་འཁོར་གྱིས་བསྐོར་བར་གྱུར་ཀྱང་། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ལ་གླགས་རྙེད་པའི་སྐལ་བ་མེད་དེ་གླགས་མི་རྙེད་པས་སྐྱོ་ནས་ཕྱིར་འགྲོ་བར་འགྱུར་ཏེ། རུས་སྦལ་དང་ཝ་བཞིན་ནོ། །ཚེ་དང་ལྡན་པ་

เล่ม ๖๑ · หน้า 58a

ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་ཇི་ལྟར་བྱས་ན་བདག་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་འབྲལ་བའི་སེམས་སུ་འགྱུར་ལ། དེ་ལྟར་གྱུར་ན་བདག་ལ་བདུད་སྡིག་ཅན་གྱིས་གླགས་མི་རྙེད་དོ་སྙམ་དུ་ཡང་སེམས་བསྐྱེད་པར་མི་བྱའོ། །སྨྲས་པ།

ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་བདུད་ཀྱི་ལས་སུ་རིག་པར་བྱ། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཕ་རོལ་ཏུ་ཕྱིན་པ་རྣམས་མི་ཉན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་

ལ་མི་སྒྲུབ་པ་ནི་བྱང་ཆུབ་སེམས་དཔའི་བདུད་ཀྱི་ལས་སུ་རིག་པར་བྱའོ། །བདུད་སྡིག་ཅན་ནི་བདག་གི་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཆད་བྱ་བའི་ཕྱིར་ཉེ་བར་གནས་པའོ་ཞེས་ཀྱང་བྱང་ཆུབ་སེམས་དཔས་དེ་ལ་གནོད་སེམས་སམ། མི་བཟོད་པ་བསྐྱེད་པར་མི་བྱའོ། །དེ་ལྟར་སྤྱོད་ན་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་འདི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་

སྤང་བའི་ཕྱིར་ཆོས་བཤད་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེའི་ཚེ་དྲན་པ་རྙེད་ན། བདུད་སྡིག་ཅན་ཟིལ་གྱིས་གནོན་པ་ཡིན་ནོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དག་དང་བྲལ་

བར་གྱུར་ན་བདག་སྤྱོད་ཡུལ་མ་ཡིན་པར་ལྷུང་བར་མ་གྱུར་གྲང་ཞེས་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བདག་ཐམས་ཅད་མཁྱེན་པ་ཉིད་དང་མི་ལྡན་པའི་ཕྱིར་རོ་ཞེས་བདག་ཉིད་ཀྱི་སེམས་ལ་བརྒྱད་བཀག་པར་བྱའོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་

དཔའ་ཉིན་མོ་ཆུད་ཟོས་པར་བྱེད་པ་ཡིན། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་རྣམས་ལས་གང་ཡང་རུང་བ་སྤྱོད་པ་ན། ཐམས་ཅད་མཁྱེན་པ་ཉིད་ལ་མི་སེམས་སམ་དེར་ཡོངས་སུ་སྔོ་བར་མི་བྱེད་ན། བྱང་ཆུབ་སེམས་དཔའི་ཉིན་

เล่ม ๖๑ · หน้า 58b

མོ་ཆུད་ཟོས་པ་ཡིན་ཏེ། ཉིན་མོ་དེ་ནི་ཞེན་པ་དང་། རྨུགས་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཕྱིད་ཉིན་ནམ། ཡང་ན་ཕྱི་མའི་ཉིན་པར་རམ། ཉི་མ་བཞིའི་ཉིན་པར་སེམས་པར་གྱུར་ཏེ། སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་

རྣམས་སམ། ཤེས་རབ་ལ་སེམས་པར་གྱུར་ལ། བསམས་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོན་དེ་ལྟར་དེའི་ཉིན་མོ་ནི་དོན་ཡོད་པ་ཡིན་ཏེ། སྦྱིན་པ་དེ་ཡང་འབྲས་བུ་དང་བཅས་པ་ཡིན་ནོ། །ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ།

བསམ་གཏན་རྣམས་སམ། ཤེས་རབ་གང་ཡང་རུང་བ་སྒོམ་པ་དེ་ཡང་འབྲས་བུ་དང་བཅས་པ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའི་བཟོད་པ་གང་ཡིན་པ་དང་། དགྲ་བཅོམ་པ་ཟག་པ་ཟད་པའི་བཟོད་པ་གང་ཡིན་པའི་བཟོད་པ་འདི་གཉིས་ལ་ཁྱད་པར་ནི་ཅི་

ཡོད། ཐ་དད་དུ་དབྱེ་བ་ནི་གང་ཡིན། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རི་རབ་དང་ཡུངས་འབྲུ་ལ་འདི་ལྟ་སྟེ། ཆེ་ཆུང་དང་མཐོན་དམན་དང་། ལྕི་ཡང་གི་ཁྱད་པར་ནི་ཅི་ཡོད། ཐ་དད་དུ་དབྱེ་བ་ནི་གང་ཡིན། སྨྲས་པ། ཚེ་དང་ལྡན་པ་གང་པོ་རིའི་རྒྱལ་པོ་རི་རབ་དང་། ཡུངས་

འབྲུ་ནི་འདི་ལྟ་སྟེ། ཆེ་ཆུང་དང་། མཐོན་དམན་དང་། ལྕི་ཡང་གི་ཁྱད་པར་དཔག་ཏུ་མེད་དེ། ཐ་དད་དུ་དབྱེ་བ་དཔག་ཏུ་མེད་དོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའི་བཟོད་པ་དང་། ཉན་ཐོས་ཀྱིས་བཟོད་པ་ནི་ཁྱད་པར་དཔག་ཏུ་མེད་ཅིང་།

ཐ་དད་དུ་དབྱེ་བ་དཔག་ཏུ་མེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དཔེར་ན། རྒྱ་མཚོ་ཆེན་པོའི་ཆུ་དང་། རྒྱ་མཚོ་ཆེན་པོའི་ཆུ་ལས་སྐྲའི་རྩེ་མོའི་ཁྱོན་གྱིས་ཆུའི་ཐིགས་པ་གཅིག་བླངས་པ་གང་ཡིན་པ་དེ་ལ་ཆེས་མང་བའམ། ཆེས་དཔག་ཏུ་མེད་པ་གང་ཡིན་སྨྲས་པ། རྒྱ་མཚོ་ཆེན་པོའི་ཆུ་ལ་

ནི་སྐྲའི་རྩེ་མོའི་ཁྱོན་གྱིས་བླངས་པའི་ཆུའི་ཐིགས་པ་གཅིག་གིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བཟོད་པ་ལ་ཉན་ཐོས་ཀྱིས་བཟོད་པས། བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ལ།

เล่ม ๖๑ · หน้า 59a

སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བ་འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་བཀའ་སྩལ་པ། གང་པོ་འདི་ལྟར་ཁྱོད་སངས་

རྒྱས་ཀྱི་མཐུས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤོབས་པར་བྱས་པ་ལེགས་སོ་ལེགས་སོ། །གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཚད་འཛིན་པར་འདོད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་བཟོད་པ་

ལ་ཚད་འཛིན་པར་འདོད་ཅིང་རབ་ཏུ་རྣམ་པར་འབྱེད་པར་སེམས་སུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བཟོད་པ་དཔག་ཏུ་མེད་པ་དང་ལྡན་པ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་

ལྡན་པ་ཤ་ར་དྭ་ཏིའི་བུ་དང་། བྱམས་མའི་བུ་གང་པོ་དང་། ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་ནས་ལྷགས་པ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་

འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ལེའུ་གསུམ་པ་སྟེ་རྫོགས་སོ།། །།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་

ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ཇི་ཙམ་གྱིས་ན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་

เล่ม ๖๑ · หน้า 59b

པོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་ཐེག་པ་ལ་གསར་དུ་ཞུགས་པས་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། འདི་ལྟར་བདག་གི་ལུས་འདི་དང་། བདག་གི་ཁོག་པ་འདིས་གཞན་

གྱི་བྱ་བ་རྣམས་དང་། གཞན་གྱི་ཡོ་བྱད་རྣམས་ལ་ཐོག་མར་འགྲོ་བར་བྱའོ། །བདག་གིས་སེམས་ཅན་དེ་དག་གི་བསམ་པ་ཡོངས་སུ་རྫོགས་པར་བྱ་སྟེ། དཔེར་ན་བྲན་མོ་ཆུ་ཆུན་བཞིན་དུ་བདག་གིས་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དཔེར་ན་བྲན་མོ་ཆུ་ཆུན་ནི་འདི་ལྟར་བདག་

གི་རང་དགར་འདུག་པའམ། ཉལ་བར་མི་བྱའོ། །གལ་ཏེ་བདག་ཁྱིམ་ནས་ཚོང་འདུས་སུ་འགྲོ་བ་ན་རྗེ་བོ་དང་། རྗེ་མོ་དེ་ཉིད་ལ་ཞུས་ཏེ་འགྲོ་བར་བྱའོ། །བཟའ་བའམ། བཅའ་བ་དེ་ཡང་གང་གི་ཚེ། བདག་ལ་གནང་བར་གྱུར་ན་དེའི་ཚེ་བདག་གིས་ཕྱིས་བཟའ་བར་བྱ་སྟེ། བདག་

གིས་རྗེ་བོའི་དབང་དུ་གནས་པར་བྱའོ་སྙམ་པ་དེ་བཞིན་དུ་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་འདི་ལྟར་བདག་གི་ལུས་ལ་བདག་མི་དབང་སྟེ། གཞན་གྱི་བྱ་བ་རྣམས་དང་། གཞན་

གྱི་ཡོ་བྱད་རྣམས་ལ་བདག་གིས་ཕན་ཐོགས་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། གང་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་འབྲལ་བར་བྱའོ། །དེ་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་ཡང་བྱའོ། །

གང་པོ་དཔེར་ན་ལ་ལ་ཞིག་ལ་རྟ་རིན་པོ་ཆེ་ཡོད་དེ་མི་ལ་ལ་ཞིག་གིས་ཞོན་ལ། དེ་ནས་རྟ་རིན་པོ་ཆེ་དེ་འདི་སྙམ་དུ་བདག་གིས་མི་འདིའི་ཡན་ལག་གང་ཡང་རུང་བ་གཡོ་བའམ། སྣང་བར་མི་འགྱུར་བར་བྱའོ་སྙམ་སྟེ། དེའི་རྟ་དེ་དག་གི་སེམས་ཀྱི་རང་དགར་མི་འགྲོ་བར། མི་འདི་བདག་

གི་ལན་གྱིས་ཉེས་པ་ཅི་ཡང་འབྱུང་བར་མི་བྱའོ་སྙམ་དུ་ཞོན་པའི་མི་དེ་ཉིད་སྲུང་བར་བྱེད་དོ། །གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་དམིགས་པར་འདོད་པས་བདག་གི་སེམས་ཀྱི་དབང་དུ་འགྲོ་བར་མི་བྱ་སྟེ། སེམས་ཅན་གཞན་དག་དང་།

เล่ม ๖๑ · หน้า 60a

གང་ཟག་གཞན་རྣམས་སུ་ཡང་རུང་། བདག་ལ་དམིགས་པས་ཉེས་པ་འབྱུང་བར་མི་འགྱུར་བར་བྱའོ་སྙམ་སྟེ། ཡོན་ཏན་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཡོད་དོ། །གང་པོ་དེ་ལྟར་བྱང་ཆུབ་སེམས་དཔས་ཕ་རོལ་རྗེས་སུ་བསྲུང་བར་བྱ་ཞིང་།

འཐུན་པར་གནས་པར་བྱའོ། །འཐུན་པར་གནས་ཤིང་རྗེས་སུ་སྲུང་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་མི་ལྡོག་པ་གང་ཡིན་པ་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་

ཏུ་ཕྱིན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གལ་ཏེ་བདག་གིས་སངས་རྒྱས་ཀྱི་ཞིང་ཤིན་ཏུ་ཡོངས་སུ་དག་པར་ཇི་ལྟར་བྱ་ཞེས་ཤིན་ཏུ་ཡུན་རིང་པོར་མཚམས་སྦྱོར་ཞིང་འཁོར་བ་འདི་ཡང་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སྐྱེ་བ་གཅིག་གིས་ཐོགས་པའམ། སྐྱེ་བ་གཉིས་ཀྱིས་ཐོགས་པའམ། སྐྱེ་བ་གསུམ་གྱིས་ཐོགས་པའམ། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་འདི་སྐད་དུ། ཁྱོད་ཐོག་མ་ཁོ་ནར་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱིས་ཤིག །ཁོ་བོ་ནི་ཕྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་ཟེར་བ་འདི་ཡང་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གལ་ཏེ་སློང་བ་མཐོང་ན་གུད་དུ་

ཕྱོགས་པར་མི་བྱེད་ཅིང་དབང་པོ་རྣམས་ཀྱང་གཡེང་བར་མི་བྱེད་དེ། སེམས་ཅན་འདི་ནི་བདག་གི་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་འདོགས་པ་ཡིན་ནོ་སྙམ་པ་འདི་ཡང་། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་གལ་ཏེ་སེམས་ཅན་

གཅིག་གི་ཆེད་དུ་ཡང་བསྐལ་པའམ། བསྐལ་པ་ལས་ལྷག་པར་སེམས་ཅན་དམྱལ་བ་ཆེན་པོར་བདག་བཙོ་བར་སྤྲོ་བར་བྱེད་ཅིང་སེམས་ཅན་འདི་ནི་བདེ་བར་གྱུར་ཅིག་སྙམ་པ་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གལ་ཏེ་

เล่ม ๖๑ · หน้า 60b

ཡང་ཉི་མ་བསྐལ་པའི་ཚད་ཙམ་དུ་གྱུར་ལ། ཉི་མའི་ཚད་དེ་དག་གི་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ཅན་དམྱལ་བ་ཆེན་པོར་བདག་བཙོ་ཞིང་སེམས་ཅན་དམྱལ་བ་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་དེ་ལས་བྱུང་བར་གྱུར་ཅིག་སྙམ་སྟེ། གལ་ཏེ་དེ་དག་གིས་འཐོབ་པའི་ཆོས་

ཤིག་ཡོད་ན་བྱང་ཆུབ་སེམས་དཔས་ཁས་བླང་བར་བྱའོ། །གལ་ཏེ་ཁས་ལེན་ན་འདི་ཡང་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གལ་ཏེ་ཞུམ་ཞིང་མི་དགའ་ན་བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ཡིན་པར་རིག་པར་བྱའོ། །གལ་ཏེ་སེམས་དང་སེམས་

སུ་མཉམ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་འདི་ཁོ་ར་ཁོར་ཡུག་འཕྱག་ཅིང་འོངས་ཏེ། ཕྱོགས་དེ་ཉིད་དུ་འོངས་ནས་འདི་སྐད་དུ། བདག་འོངས་ནས་ཤིན་ཏུ་ཡུན་རིང་ངོ་

སྙམ་དུ་སེམས་ན་བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ཡིན་པར་རིག་པར་བྱའོ། །གལ་ཏེ་འདི་སྙམ་དུ་བདག་མྱུར་དུ་འོངས་སོ་སྙམ་དུ་སེམས་ན་ནི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་ཡིན་པར་རིག་པར་བྱ་སྟེ། འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོད་རྟེན་ནམ། དགེ་འདུན་གྱི་ཞལ་ཏ་བྱེད་ཅིང་ཉིན་མོ་འགྲོ་བ་ན་འདི་སྙམ་དུ། ཀྱེ་མ་ཉི་མ་འདི་རེ་རིང་འདི་རེ་བུལ་དུ་འགྲོ་སྙམ་དུ་སེམས་ན་བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ཡིན་པར་

རིག་པར་བྱའོ། །གལ་ཏེ་འདི་སྙམ་དུ་ཉི་མ་འདི་སེ་གོལ་གཏོགས་པ་ཙམ་གྱིས་སོང་ངོ་སྙམ་དུ་སེམས་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཡིན་ནོ། །

ཡང་དེའི་ལས་ལོ་གཅིག་གི་བྱ་བ་གང་ཡིན་པའི་ལས་དེ་ཉི་མ་གཅིག་གིས་ལས་འདྲ་བར་བསམ་ཞིང་ལོ་གཅིག་གི་བྱ་བའི་ལས་དེ་ཉི་མ་གཅིག་གིས་ཟིན་པར་བྱའོ། །བསྐལ་པ་ལས་ལྷག་པའི་ཚད་གང་ཡིན་པ་དེ་ཡང་ཉི་མ་གཅིག་ཙམ་དུ་རྩི་ཞིང་འཇུག་པར་བྱའོ། །བསྐལ་པ་གང་ཡིན་པ་དེ་ཡང་ཉི་

เล่ม ๖๑ · หน้า 61a

མ་གཅིག་ཙམ་དུ་བརྩི་བར་བྱའོ། །གལ་ཏེ་དེ་ལྟར་མི་རྩི་ཞིང་དེ་ལྟར་མི་རྟོག་ན་བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ཡིན་པར་རིག་པར་བྱའོ། །ཇི་སྟེ་དེ་ལྟར་རྩི་ཞིང་དེ་ལྟར་རྟོགས་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་ཡིན་པར་རིག་པར་བྱའོ། །

བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཕྱིར་སྤྱོད་པས་བསྐལ་པ་འདི་སྙེད་ཀྱིས་ན་རང་གི་མངོན་པར་ཤེས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ཀྱང་བསྐལ་པ་རྣམས་ཀྱི་གྲངས་བརྗོད་པར་མི་བྱའོ། །གལ་ཏེ་བསྐལ་པ་རྣམས་ཀྱི་ཚད་རྗོད་ན་

བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ཡིན་པར་རིག་པར་བྱའོ། །གལ་ཏེ་དེ་འདི་སྙམ་དུ་བསྐལ་པ་དཔག་ཏུ་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་དུ་ཟིན་ཀྱང་ཕྱིར་ཕྱོགས་པར་ནི་ཡེ་མི་བྱའོ་སྙམ་དུ་སེམས་ན། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་

འགྱུར་རོ། །འཁོར་བ་རིང་བར་བྱེད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ལ་རིའི་རྒྱལ་པོ་རི་རབ་འདི་ཁྱོད་ཀྱིས་ཉི་མ་གཅིག་གིས་ཕིགས་པར་གྱིས་ཤིག་ཅེས་བསྒོ་ལ། གལ་ཏེ་རིའི་རྒྱལ་པོ་རི་རབ་ཀྱི་ཚད་ཇི་ཙམ་པ་འདྲི་ན་བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ཡིན་པར་རིག་པར་བྱའོ། །གལ་

ཏེ་རིའི་རྒྱལ་པོ་རི་རབ་ལ་ཡུངས་འབྲུ་ཙམ་ཞིག་འབིགས་པར་ནུས་སུ་ཟིན་ཀྱང་རིའི་རྒྱལ་པོ་རི་རབ་འདི་ལྟ་བུ་ཞིག་ལ་དབུག་ཏུ་ཅི་ཡོད་དེ་འདི་ནི་ཕིགས་ཟིན་པ་དང་འདྲའོ་སྙམ་དུ་མཐོང་ཞིང་། ཉིན་གཅིག་ཀྱང་ཡུན་རིངས་ཀྱིས་སེ་གོལ་གཏོགས་པ་ཙམ་གྱིས་དབུག་གོ་སྙམ་སྟེ་དེ་ལྟར་རྩི་བར་འཇུག་ན།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་ཡིན་པར་རིག་པར་བྱའོ། །གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བསྐལ་པ་ཉིན་ཞག་གཅིག་ཏུ་གྱུར་དུ་ཟིན་ལ། ཉིན་མཚན་གྱི་ཚད་དེ་དག་གི་བསྐལ་པ་དཔག་ཏུ་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་

เล่ม ๖๑ · หน้า 61b

རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་དགོས་སུ་ཟིན་ན་ཡང་། མངོན་པར་རྫོགས་པར་སངས་རྒྱས་ཟིན་པ་དང་འདྲ་བར་མཐོང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་བརྩོན་འགྲུས་བརྩམས་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་བརྩོན་འགྲུས་རྩོམ་པ་འདིའི་

བསྔགས་པ་རྗོད་པ་ན་ཞུམ་ཞིང་སྐྲག་པར་འགྱུར་ན་ནི། བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ཡིན་པར་རིག་པར་བྱ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཞིང་ལ་འཇུག་པར་མི་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་རྗོད་པ་ན་འདི་ལྟར་བདག་

ཡོན་ཏན་འདི་ལྟ་བུ་འདི་དག་དང་ནམ་ཞིག་ལྡན་པར་འགྱུར་ཞིག་གུ་སྙམ་པའི་སེམས་འབྱུང་ན་བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ཡིན་པར་རིག་པར་བྱའོ། །གལ་ཏེ་ཡོན་ཏན་འདི་དག་ནི་བདག་ལ་ཡོད་དོ་སྙམ་དུ་བདག་ཉིད་ཀྱིས་ཤེས་ཏེ། བདག་བརྩོན་འགྲུས་ཀྱི་ཡོན་ཏན་འདི་དག་གི་ཕ་རོལ་

ཏུ་འགྲོ་བར་བྱའོ་སྙམ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་ལག་པའམ། རྐང་པའམ། མགོ་སློང་བ་ན། གལ་ཏེ་བྱིན་ན་ནི་ལག་པ་མེད་པ་དང་། རྐང་པ་མེད་པ་དང་། མགོ་མེད་

པ་སྙམ་དུ་སེམས་ན་བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ཡིན་པར་རིག་པར་བྱའོ། །གལ་ཏེ་འདི་སྙམ་དུ་ལག་པའམ། རྐང་པའམ། མགོ་བོ་ཡོངས་སུ་བཏང་ན་བདག་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་བླ་ན་མེད་པའི་ལག་པ་དང་། བླ་ན་མེད་པའི་རྐང་པ་

དང་། བླ་ན་མེད་པའི་མགོ་དང་ལྡན་པར་འགྱུར་རོ་སྙམ་དུ་སེམས་ཏེ། དེ་ལྟར་རྩི་བས་འཇུག་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའི་མིག་སློང་བ་ན་འདི་སྙམ་དུ་གལ་ཏེ་མིག་བྱིན་ན་ནི་མིག་མེད་པར་འགྱུར་རོ་སྙམ་དུ་

སེམས་ན་བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ཡིན་པར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའི་མིག་སློང་བ་ན་འདི་སྙམ་དུ་མིག་ཡོངས་སུ་བཏང་བས་བདག་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་བླ་ན་མེད་པའི་མིག་དང་ལྡན་ཞིང་། བླ་ན་མེད་པའི་ཡེ་ཤེས་ཀྱི་

เล่ม ๖๑ · หน้า 62a

མིག་ཏུ་འགྱུར་བར་བྱའོ་སྙམ་དུ་སེམས་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་ཡིན་པར་རིག་པར་བྱ་སྟེ། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་རིང་བར་བྱེད་ཅིང་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་རོ། །གལ་ཏེ་བྱང་

ཆུབ་སེམས་དཔའི་ཡན་ལག་དང་ཉིང་ལག་སློང་བ་ན་འདི་སྙམ་དུ། གལ་ཏེ་བདག་གིས་ཡན་ལག་དང་ཉིང་ལག་བྱིན་ན་ནི། ཡན་ལག་མེད་པར་འགྱུར་རོ་སྙམ་དུ་སེམས་ན་བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ཡིན་པར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའི་ཡན་ལག་དང་ཉིང་ལག་

ཡོངས་སུ་གཏོང་བ་ན་འདི་སྙམ་དུ་སངས་རྒྱས་ཀྱི་ཆོས་རྣམས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་ཡན་ལག་གི་མཆོག་ཏུ་འགྱུར་རོ་སྙམ་དུ་སེམས་ཤིང་། དེ་ལྟར་རྩི་བས་འཇུག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་

ཡིན་པར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ལ་སློང་བ་དག་སློང་བ་ན་འདི་སྙམ་དུ་བདག་ལ་སློང་བ་མང་ཆེས་ན་སློང་བ་འདི་དག་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་སུས་ནུས་སློང་བ་འདི་དག་གི་བསམ་པ་ཡོངས་སུ་རྫོགས་པར་ག་ལ་འགྱུར་སྙམ་དུ་དེ་ལྟར་སེམས་ན་བྱང་ཆུབ་

སེམས་དཔའ་ལེ་ལོ་ཅན་ཡིན་པར་རིག་པར་བྱའོ། །གལ་ཏེ་འདི་སྙམ་དུ་སློང་བ་འདི་དག་ནི་མང་བ་མ་ཡིན་ཏེ། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སློང་བ་ཡོད་པ་དེ་དག་ཐམས་ཅད་ཉི་མ་གཅིག་ལ་འོངས་སུ་ཟིན་ཀྱང་དེ་ལྟར་ན་ཡང་མང་བ་མ་ཡིན་ནོ་སྙམ་དུ་སེམས་ཏེ།

འདི་ལྟར་ཡང་དེའི་ཤེས་རབ་ཉེ་བར་གནས་པར་འགྱུར་ཞིང་། འདི་དག་ནི་ཉུང་སྟེ་གཞན་དག་ལ་ཡང་ཡང་དག་པར་ཀུན་བགེད་པ་སྤྲོའོ་ཞེས་དེ་སྙམ་དུ་སེམས་ཤིང་དེ་ལྟར་རྩི་བས་འཇུག་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་ཡིན་པར་རིག་པར་བྱའོ། །དེ་

ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔས་ནི་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་མངོན་པར་བསྒྲུབ་པར་བྱ་དགོས་ཏེ། བརྩོན་འགྲུས་དང་། སྦྱིན་པ་ཡོངས་སུ་གཏོང་བ་གྲངས་ཆད་པས་ནི་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་རྣམས་ཐོབ་པར་མི་ནུས་ཀྱི་གོ་ཆ་དཔག་ཏུ་མེད་པ་བགོས་

เล่ม ๖๑ · หน้า 62b

པས་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་རྣམས་ཐོབ་པར་ནུས་པའི་ཕྱིར་རོ། །དཔེར་ན་མི་ཞིག་རྒྱ་མཚོ་ཆེན་པོ་རྒལ་བར་འདོད་པར་གྱུར་ན་དེས་དཔག་ཚད་གཞན་དང་གཞན་སྟོང་ཕྲག་མང་པོར་གོ་ཆ་བགོ་བར་བྱ་དགོས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པར་གོ་ཆ་བགོ་བར་བྱ་དགོས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་བསྐལ་པ་གྲངས་མེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་

འཚང་རྒྱ་བར་བྱའོ་སྙམ་དུ་སེམས་ན། བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ཡིན་པར་རིག་པར་བྱའོ། །གལ་ཏེ་འདི་སྙམ་དུ་བསྐལ་པ་དཔག་ཏུ་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་ན། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་ཤིང་གོ་ཆ་ཆེན་པོ་བགོས་པ་ཡིན་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་དཀའ་བ་བགྱིད་པ་ལགས་སམ་བཀའ་

སྩལ་པ། གང་པོ་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་དཀའ་བ་ཅི་ཡང་མི་བྱེད་དམ། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་དཀའ་བ་ཅི་ཡང་མི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུར་བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་ཏེ། བདེ་བར་ཚོར་བ་གང་ལགས་པ་དང་། སྡུག་བསྔལ་བར་ཚོར་བ་གང་ལགས་པའི་ཆོས་འདི་གཉིས་ནི་སྒྱུ་མའི་ཆོས་ཉིད་ལས་འདས་པ་མ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་རྣམ་གྲངས་འདིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་དཀའ་བ་བྱེད་པར་རིག་པར་བྱ་སྟེ། སྒྱུ་མ་ལྟ་བུའི་ཆོས་རྣམས་ཀྱིས་སྤྲོ་ཞིང་། ལུས་སམ་སེམས་ཀྱིས་ཀྱང་ལེ་ལོར་མི་བྱེད་དེ། མངོན་པར་སྤྲོ་བར་བྱེད་པ་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་རིག་པར་བྱའོ། །དེ་ནས་

เล่ม ๖๑ · หน้า 63a

བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀའ་བ་བགྱིད་པ་ལགས་པར་རིག་པར་བགྱི་བ་ནི་ངོ་མཚར་ལགས་སོ། །འདི་ནི་བཅོམ་ལྡན་འདས་ཀྱིས་ལེགས་

པར་གསུངས་ཏེ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་དཔག་ཏུ་མ་མཆིས་ཤིང་གྲངས་མ་མཆིས་པ་རྣམས་ཀྱི་མི་ཤེས་པ་སྤང་བའི་སླད་དུ་ཆོས་སྟོན་ལ་མི་ཤེས་པ་དེ་ཡང་སུའི་ཡང་མ་ལགས་ཏེ། བདག་ཅེས་བགྱི་

བའམ། བདག་གི་ཞེས་བགྱི་བ་ནི་རང་གི་སེམས་ཀྱི་མི་ཤེས་པའི་བདག་ཏུ་འཛིན་པས་ཟིན་པའི་སེམས་ཅན་རྣམས་དེ་ལྟར་སེམས་པར་བས་སོ། །མི་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལགས་ཏེ། སུས་ཀྱང་མ་བསྐྱེད་ལགས་སོ། །རྒྱུ་ཚོགས་ཤིང་འདུས་པ་ལས་འབྱུང་

ལ། རྒྱུ་མ་མཆིས་པར་གྱུར་པས་ནི་འགག་པར་འགྱུར་རོ། །ཆོས་རྣམས་ནི་རང་གི་ངང་གིས་འགག་པས་ན་སུས་ཀྱང་བཀག་པ་མ་མཆིས་སོ། །བཀའ་སྩལ་པ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་རྩི་བས་འཇུག་ཅིང་དེ་ལས་སེམས་ཕྱིར་མི་ལྡོག་ན་དེ་ཉིད་བྱང་

ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་གལ་ཏེ་ཆོས་འདི་དག་སྟོང་པ་ཡིན་ན་ནི། བདག་གི་བརྩོན་འགྲུས་

བརྩམས་པ་མཐུ་མེད་པར་འགྱུར་རོ་སྙམ་དུ་སེམས་ན་བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ཡིན་པར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་གང་གི་ཕྱིར་ཆོས་འདི་དག་སྟོང་པ་དེའི་ཕྱིར་སྟོང་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་

རྒྱ་བར་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འགྲོ་བ་ལྔའི་སེམས་ཅན་འདི་དག་ནི་སྟོང་པ་ཉིད་ཀྱིས་བཅིངས་པས་འཁོར་བ་ལས་མི་འདའ་སྟེ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་འགྲོ་བ་ལྔའི་སེམས་ཅན་འདི་དག་འཁོར་བ་ལས་

เล่ม ๖๑ · หน้า 63b

རབ་ཏུ་རྣམ་པར་ཐར་བར་བྱ་བའི་ཕྱིར་ཆོས་བཤད་པར་བྱའོ། །རྒྱས་པར་རབ་ཏུ་བསྟན་པར་བྱའོ་སྙམ་དུ་སེམས་ན་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་དེ་འདི་སྙམ་དུ་འཁོར་བ་ཐོག་མ་དང་ཐ་མ་མེད་པ་

འདིར་སུ་ཞིག་འཁོར་ཞིང་འདུག་སྟེ། བདག་ནི་སྤྲོ་བ་མེད་ཀྱིས་བདག་ནི་འདི་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་སེམས་ན། བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ཡིན་པར་རིག་པར་བྱའོ། །གལ་ཏེ་དེ་འདི་སྙམ་དུ་བདག་ཇི་སྲིད་དུ་མཚམས་སྦྱར་ཅིང་འཁོར་བ་དེ་

སྲིད་དུ། གཞན་དུ་ཡང་མཚམས་སྦྱར་ཞིང་འཁོར་བར་འགྱུར་ཏེ། དེ་ཡང་མཚམས་སྦྱར་ཞིང་འཁོར་བར་བྱ་དགོས་ལ། འོན་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་འགྱུར་གྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་ལ། ཡང་དེ་འདི་སྙམ་དུ་ཇི་ལྟར་སེམས་བསྐྱེད་པ་འདི་ལྟར་འགྲོ་བ་བཞིན་དུ། ཉི་མ་ཡང་སེམས་བསྐྱེད་པ་ཙམ་དུ་སྣང་ངོ་སྙམ་དུ་སེམས་ཤིང་། དེའི་ཡིད་ལ་བྱེད་པ་རྣམས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་ཏེ།

དུས་ཚིགས་དང་། ལོ་དང་། ཟླ་བ་དང་། ཟླ་བ་ཕྱེད་པ་ཐམས་ཅད་འདའ་ཡང་མི་ཚོར་མི་ཤེས་ཏེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཡོངས་སུ་དག་པར་བྱས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་

ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཡོངས་སུ་དག་པར་བྱས་པས་དེའི་ཕྱིར་དུས་ཚིགས་དང་། ལོ་དང་། ཟླ་བ་དང་། ཟླ་བ་ཕྱེད་རྣམས་ཡིད་ལ་མི་སེམས་སོ། །དཔེར་ན་ཚོང་དཔོན་ཞིག་གིས་འབུམ་ཕྲག་མང་པོ་རི་བའི་རིན་པོ་ཆེ་ཐོབ་

ན། དེ་ཁྱིམ་གྱི་བྱ་བ་རྣམས་དང་། དེ་ལས་གཞན་པ་བུན་སྐྱིན་བཏང་བ་དང་། འདུ་བ་གང་ཅི་ཡང་རུང་བ་རྣམས་ཀྱང་ཡིད་ལ་མི་སེམས་སོ། །གལ་ཏེ་འབུམ་ཕྲག་མང་པོ་རི་བའི་རིན་པོ་ཆེ་དེ་གདོད་ཐོབ་པར་འགྱུར་དུ་རེ་བ་ཞིག་ཡོད་ན་ནི་ཁ་ཟས་བཟའ་བའང་ཡིད་ལ་མེད་དོ། །དེ་བཞིན་དུ་བྱང་

เล่ม ๖๑ · หน้า 64a

ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་སེམས་ཡོངས་སུ་དག་པར་གྱུར་པའང་། དུས་ཚིགས་དང་། ལོ་དང་། ཟླ་བ་དང་། ཟླ་བ་ཕྱེད་རྣམས་ཡིད་ལ་མི་བྱེད་དེ། ནམ་ཞིག་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེ་ཐོབ་པར་འགྱུར་སྙམ་པ་འབའ་ཞིག་ཡིད་ལ་བྱེད་དོ། །

གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་ཡོན་ཏན་འདི་དག་ཡོངས་སུ་སྒྲོགས་པ་ནི་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོ་བགོས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་

ཡོན་ཏན་འདི་དག་ཡོངས་སུ་སྒྲོགས་པ་ནི་བརྩོན་འགྲུས་ཀྱི་གོ་ཆ་ཆེན་པོ་བགོས་པ་ཡིན་ནོ། །གང་པོ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་ནང་ན། དེ་བཞིན་གཤེགས་པ་མ་གཏོགས་པར་བྱང་ཆུབ་སེམས་དཔའི་ཡོན་ཏན་འདི་དག་དང་ལྡན་པ་གང་ཡིན་པ་དང་། གང་ལ་ཡོན་

ཏན་འདི་དག་ཡོད་པ་ངས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་སྟན་ལས་ལངས་ཏེ། ཆོས་གོས་ཕྲག་པ་གཅིག་ཏུ་བགོས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་

ཚིག་ཏུ་སྨྲས་པ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ན། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གནས་པ་དེ་དག་ཕྱིར་མི་ལྡོག་པར་གྱུར་ཅིག །ཕྱིར་མི་ལྡོག་པ་གང་དག་ཡིན་པ་དེ་དག་ནི་མྱུར་དུ་ཐམས་ཅད་

མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་གྱུར་ཅིག །དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་གི་ཕྱོགས་དང་། དེ་བཞིན་དུ་ཕྱོགས་མཚམས་དང་ཕྱོགས་བཅུ་དག་ན་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གནས་

པ་དེ་དག་ཕྱིར་མི་ལྡོག་པར་གྱུར་ཅིག །ཕྱིར་མི་ལྡོག་པ་གང་དག་ཡིན་པ་དེ་དག་ནི། མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་ཚིག་ཏུ་སྨྲས་སོ། །དེ་སྐད་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་

เล่ม ๖๑ · หน้า 64b

བཀའ་སྩལ་ཏོ། །གང་པོ་ཁྱོད་ཀྱིས་དོན་གྱི་དབང་གང་ཡང་དག་པར་མཐོང་བས་ཚིག་འདི་སྐད་དུ། བྱང་ཆུབ་སེམས་དཔའ་དེ་དག་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་སྨྲས། གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་མ་

མཆིས་ན། འཇིག་རྟེན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་མི་འགྱུར་ལ། སངས་རྒྱས་འབྱུང་བ་མ་མཆིས་ན། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་ཡང་མ་མཆིས་ཏེ། བཅོམ་ལྡན་འདས་དེའི་སླད་དུ། བྱང་ཆུབ་སེམས་

དཔའི་སྤྱོད་པ་མཆིས་ན། འདི་ལྟར་འཇིག་རྟེན་དུ་སངས་རྒྱས་འབྱུང་བ་མཆིས་ལ། སངས་རྒྱས་འབྱུང་བ་མཆིས་ན། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་མཆིས་སོ། །བཅོམ་ལྡན་འདས་དཔེར་བགྱི་ན། ཤིང་ཆེན་པོ་སྡོང་པོ་དང་ལྡན་ཞིང་སྙིང་

པོ་དང་ལྡན་ན། མེ་ཏོག་རྣམས་མཆིས་ལ། མེ་ཏོག་ལས་འབྲས་བུ་རྣམས་མཆིས་པར་གྱུར་ཏེ། འབྲས་བུ་ལས་ཀྱང་ཤིང་ཆེན་པོ་འབྱུང་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་སངས་རྒྱས་བཞུགས་ན། ཉན་ཐོས་རྣམས་དང་། བྱང་ཆུབ་སེམས་དཔའི་སྤྱོད་

པ་མཆིས་ཏེ། དེ་ལས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བར་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་བཤད་པ་ལ་མངོན་པར་བསྟོད་དེ། གང་པོ་ལེགས་སོ། །ལེགས་སོ་

ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱིས་གོ་ཆ་ཆེན་པོ་བགོས་པ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཤིག །ཀུན་ཆུབ་པར་

གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་

เล่ม ๖๑ · หน้า 65a

པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་སོ།། །།བམ་པོ་དྲུག་པ་སྟེ་ཐ་མ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་

འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བགྱི། བཅོམ་ལྡན་འདས་ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བགྱི། དེ་སྐད་ཅེས་གསོལ་

པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བསམ་གཏན་དང་པོ་ལ་

མཉམ་པར་འཇོག་པ་ན། འདི་ལྟར་བསམ་གཏན་འདི་ལ་བདག་གིས་སྔོན་ཡང་སྙོམས་པར་ཞུགས་ཏེ། བསམ་གཏན་དང་པོ་འདི་ལ་སྔོན་འཁོར་བ་ཐོག་མ་དང་ཐ་མ་མེད་པའི་སྐྱེ་བར་སྙོམས་པར་ཞུགས་སོ་སྙམ་དུ་མཉམ་པར་གཞག་པར་མི་བྱའི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

མངོན་པར་རྫོགས་པར་འཚང་རྒྱ་བའི་རྟེན་དུ་འགྱུར་རོ། །དེ་བཞིན་དུ་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་ལ་མཉམ་པར་འཇོག་པ་ན། འདི་ལྟར་བསམ་གཏན་བཞི་པ་འདི་ལ་བདག་གིས་སྔོན་ཡང་སྙོམས་པར་ཞུགས་ཏེ། བསམ་གཏན་བཞི་པ་འདི་ལ་སྔོན་

འཁོར་བ་ཐོག་མ་དང་ཐ་མ་མེད་པའི་སྐྱེ་བར་སྙོམས་པར་ཞུགས་ཏེ། སྔོན་ཡང་བདག་གིས་བསམ་གཏན་འདི་དག་བསྐྱེད་དོ་སྙམ་དུ་མཉམ་པར་གཞག་པར་མི་བྱའི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་ཕན་འདོགས་པར་འགྱུར་ཞིང་

เล่ม ๖๑ · หน้า 65b

བསམ་གཏན་བཞི་པ་ལ་བརྟེན་ནས། མངོན་པར་ཤེས་པ་ལྔ་མངོན་པར་བསྒྲུབ་པར་བྱ་དགོས་ཏེ། བྱང་ཆུབ་སེམས་དཔའ་སྔ་མ་རྣམས་ཀྱིས་ཀྱང་འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མཉམ་པར་བཞག་ཅིང་བསྒོམས་ཏེ། དེ་བས་ན་བདག་གིས་ཀྱང་འདི་ལ་བསླབ་པར་བྱའོ། །

བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་འདོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མངོན་པར་བསྒྲུབ་བོ། །ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་པ་ལ་གནས་པས་ཟག་པ་ཟད་པ་མངོན་སུམ་དུ་བྱ་བའི་ཕྱིར་ནི་མཉམ་

པར་གཞག་པར་མི་བྱའི། འདི་ནི་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པའི་རྟེན་ཡིན་ནོ། །དེ་བསམ་གཏན་བཞི་པ་ལ་མཉམ་པར་འཇོག་པ་ན། བསམ་གཏན་རྣམས་དང་། བསམ་གཏན་གྱི་བདེ་བ་དང་། བསམ་གཏན་གྱི་རྒྱུ་འཐུན་པའི་རོ་མྱོང་བར་མི་བྱེད་དེ། འོན་

ཀྱང་གནས་པ་དེས་གནས་པར་བྱེད་དོ། །དེ་བསམ་གཏན་བཞི་པ་ལ་གནས་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་ཅིང་མངོན་པར་སྒྲུབ་བོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་ཅིང་མངོན་

པར་སྒྲུབ་བོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་ཅིང་མངོན་པར་སྒྲུབ་བོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་ཅིང་མངོན་པར་སྒྲུབ་བོ། །དེ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་འདི་

དག་གིས་གནས་ལ། དེ་དག་གི་རོ་ཡང་མྱོང་བར་མི་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་གྱི་དབང་གང་ཡང་དག་པར་མཐོང་

བས་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་པར་མི་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྷུང་དུ་དོགས་པའི་ཕྱིར་འདུ་ཤེས་དང་ཚོར་བ་

เล่ม ๖๑ · หน้า 66a

འགོག་པའི་སྙོམས་པར་འཇུག་པའི་བདེ་བ་ལ་མཉམ་པར་མི་གཞོག་སྟེ། འདུ་ཤེས་དང་། ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞག་ན་ནི། དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་བར་ཤེས་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དོན་གྱི་དབང་འདི་ཡང་

དག་པར་མཐོང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་མི་གཞོག་གོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདི་ལྟར་སྙོམས་པར་འཇུག་པ་འདི་དག་

ཉིད་ཀྱིས་གནས་ལ། སྙོམས་པར་འཇུག་པའི་རོ་ཡང་མྱོང་བར་མི་བགྱིད་ཅིང་། སྙོམས་པར་འཇུག་པ་འདི་དག་ལ་འདོད་ཆགས་དང་ཡང་མ་བྲལ་བ་ནི་ངོ་མཚར་བགྱིད་པ་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་འདི་

ལྟར་སྙོམས་པར་འཇུག་པ་འདི་དག་ཉིད་ཀྱིས་གནས་ལ། སྙོམས་པར་འཇུག་པ་འདི་དག་གི་རོ་ཡང་མྱོང་བར་མི་བྱེད་ཅིང་། སྙོམས་པར་འཇུག་པ་འདི་དག་ལ་འདོད་ཆགས་དང་ཡང་མ་བྲལ་བ་ནི་ངོ་མཚར་བྱེད་པ་ཡིན་ཏེ། ཤིན་ཏུ་ངོ་མཚར་ཏོ། །ཤ་ར་དྭ་ཏིའི་བུ་དེ་བས་ན་དོན་འདི་ཡང་རྒྱས་པར་བྱ་

བ་དང་། རྫོགས་པར་བྱ་བའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བྱའོ། །ཤ་ར་དྭ་ཏིའི་བུ་དཔེར་ན། འཛམ་བུའི་གླིང་གི་མི་འདོད་ཆགས་དང་མ་བྲལ། འདུན་པ་དང་མ་བྲལ་བ། བྱང་གི་སྒྲ་མི་སྙན་གྱི་གླིང་དུ་སོང་སྟེ། དེ་བྱང་གི་སྒྲ་མི་སྙན་གྱི་གླིང་དུ་སོང་ནས། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་

ཀྱི་བདག་གི་བ་མེད་ཅིང་ཡོངས་སུ་མ་བཟུང་བའི་བུད་མེད་རྣམས་དང་། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་རྣམས་དང་། མ་རྨོས་མ་བཏབ་པའི་འབྲས་རྣམས་དང་། རྒྱན་དང་ལྡན་པའི་ཤིང་དེ་དག་དང་། ཉེ་བར་སྤྱད་པ་དང་། ལོངས་སྤྱད་པ་དེ་དག་དང་། ཡོངས་སུ་མ་བཟུང་

བའི་གསེར་དང་། རིན་པོ་ཆེ་དེ་དག་མཐོང་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་མི་དེས་བྱང་གི་སྒྲ་མི་སྙན་གྱི་གླིང་དེའི་ཁོ་ར་ཁོར་ཡུག་མཐོང་ནས། ཕྱིར་འཁོར་ཏེ་འོངས་ན། དེ་ལ་ཆགས་པའམ་འཆིང་བ་ཡང་མེད་དོ། །དེ་ནས་མི་དེ་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཉེ་བར་སྤྱད་པ་དང་། ལོངས་

เล่ม ๖๑ · หน้า 66b

སྤྱད་པ་ཀུན་མཐོང་ནས། ཕྱིར་འཛམ་བུའི་གླིང་དུ་འོང་བ་དེ་བཞིན་དུ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་པོ་འདི་དག་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་ཀྱིས་གནས་ཀྱང་། དེ་དག་གི་རོ་ཡང་མྱོང་བར་མི་བྱེད་དོ། །བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྣམས་ལ་གནས་པ་དེ་དག་གིས་འདྲིས་པར་བྱས་ནས། ཡང་དེ་འདོད་པ་ན་སྤྱོད་པའི་ཆོས་རྣམས་ལ་དམིགས་ཏེ། དེའི་ལུས་ཞིག་པ་ན་ཕྱིར་ཡང་འདོད་པའི་ཁམས་སུ་ལུས་

མངོན་པར་འགྲུབ་བོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ཕྱིར་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བླངས་ཏེ་གནས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་གནས་ཁྱད་པར་ཅན་དང་། ས་ཁྱད་པར་ཅན་བོར་ཏེ། སླར་ཡང་འདོད་པའི་ཁམས་སུ་སྐྱེ་བར་གནང་བར་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་ཚེ་རིང་པོའི་ནང་དུ་སྐྱེ་བར་མ་གནང་ངོ་། །དེ་ཅིའི་

ཕྱིར་ཞེ་ན། ཕ་རོལ་ཏུ་ཕྱིན་པའི་ཕྱོགས་རིང་བར་བྱེད་དུ་འོང་བ་དང་། ཡུན་རིང་མོ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་དུ་དོགས་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གནས་གྱ་

ནོམ་པ་བོར་ཏེ། སླར་ཡང་ས་ཐ་ཆད་ལ་དམིགས་པ་ནི་དཀའ་བ་བགྱིད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དཔེར་བགྱི་ན། མི་འདོད་ཆགས་དང་མ་བྲལ་བ། འདུན་པ་དང་མ་བྲལ་བ་ལ་ལ་ཞིག་གིས་བུད་མེད་རིན་པོ་ཆེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཅེས་པར་མཆིས་

པ་ཞིག་མཐོང་ན། དེས་དེ་ཀུན་དུ་བརྟགས་ཏེ། ཡན་ལག་དང་ཉིང་ལག་གི་མཚན་མ་ཐམས་ཅད་ཀྱང་བཟུང་མོད་ཀྱི་དེ་ལ་བག་མ་མཆིས་པ་ཡང་མི་བགྱིད་དོ། །དེ་དུས་གཞན་ཞིག་ན་བུད་མེད་ངན་པ་བྲན་མོའམ། ལས་བགྱིད་པ་འགའ་ཞིག་ཕྱོགས་སྟོང་པར་མཐོང་ནས། དེ་ལ་ལྟ་སྟེ།

เล่ม ๖๑ · หน้า 67a

ཤིན་ཏུ་བལྟ་ན་སྡུག་པ་ཡང་མ་ལགས། ཤིན་ཏུ་གཟུགས་བཟང་བ་ཡང་མ་ལགས་མོད་ཀྱི། དེ་དེ་ལ་བག་མ་མཆིས་པར་བགྱིད་དོ། །བཅོམ་ལྡན་འདས་བདག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བསམ་གཏན་བཞི་དང་། གཟུགས་མ་མཆིས་

པའི་སྙོམས་པར་འཇུག་པ་བཞི་རྣམས་ལ། ཅི་བདེ་ཅི་དགར་གནས་ནས། གནས་དེ་དག་བོར་ཏེ། སླར་ཡང་འདོད་པའི་ཁམས་ལ་ལྷག་པར་དམིགས་པ་རྣམས་དཔེ་དེ་དང་འདྲ་བ་སྙམ་བགྱིད་དོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་

གནས་པ་འདི་དག་གིས་གནས་པ་ཕྱིར་ཡང་འདོད་པའི་ཁམས་ལ་དམིགས་པ་འདི་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་སྤངས་པའི་ཕྱིར་རོ། །བསམ་

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ལེའུ་དང་པོའོ།། །།དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བསམ་གཏན་དང་པོ་

ལ་མཉམ་པར་གཞག་པར་གནང་བར་མཛད་ཅིང་། བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་ལས་བརྩམས་ཏེ། མཉམ་པར་གཞག་པར་གནང་བ་མཛད་ལ། དེ་ལ་གནས་པར་ནི་གནང་བར་མ་མཛད། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་

བུས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་གང་པོ་ལུས་ཞིག་ནས་ལྷ་ཚེ་རིང་པོའི་ནང་དུ་སྐྱེ་བར་འགྱུར་དུ་དོགས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་གང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དོན་གྱི་དབང་འདི་ཡང་

དག་པར་གཟིགས་ནས་ལྷ་ཚེ་རིང་པོའི་ནང་དུ་སྐྱེ་བར་མ་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདོད་པའི་ཁམས་སུ་སྐྱེས་ན། ཆེས་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཇི་ཙམ་དུ། བྱང་ཆུབ་སེམས་

เล่ม ๖๑ · หน้า 67b

དཔའ་སེམས་དཔའ་ཆེན་པོ་གང་དག་གནས་པ་དེ་དག་གིས་གནས་ནས། ཕྱིར་ཡང་གནས་པ་དེ་དག་བོར་ཏེ་འོག་མའི་ཆོས་འདི་ལ་དམིགས་པ་ནི་དཀའ་བ་བྱེད་པ་སྟེ་ངོ་མཚར་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དཔེར་ན། མི་ལ་ལ་ཞིག་གིས་རིན་པོ་ཆེ་ཐམས་ཅད་ཀྱི་གཏེར་མཐོང་ནས།

བགྲངས་ཏེ་བསྣམས་ནས་སོང་ལ། དུས་གཞན་ཞིག་དུ་ཀ་ཀ་ནིའམ། ཀཱར་ཥཱ་པ་ཎ་མཐོང་ན། དེ་ལ་ལག་པས་བསྙབས་ཏེ། བླངས་ནས་འགྲོ་བ་དེ་བཞིན་དུ། ཚེ་དང་ལྡན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་

འཇུག་པ་བཞི་པོ་འདི་དག་ལ་ཅི་བདེ་ཅི་དགར་གནས་ནས་བགྲངས་ཏེ་གཅལ་ལ་མཉམ་པར་བཞག་ནས། ཕྱིར་ཡང་འདོད་པ་དང་ལྡན་པའི་ཆོས་རྣམས་ལ་དམིགས་ཤིང་། དེའི་ལུས་ཞིག་ནས་ཕྱིར་ཡང་འདོད་པའི་ཁམས་སུ་སྐྱེ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་

ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བླངས་ནས་གནས་པར་འགྱུར་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དོན་གྱི་དབང་འདི་ཡང་དག་པར་གཟིགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་ཚེ་

རིང་པོའི་ནང་དུ་སྐྱེ་བར་གནང་བར་མི་མཛད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་འདི་སྐད་དུ་སྟོན་ཅིང་འཆད་པ། དེ་བཞིན་གཤེགས་པས་གསུངས་པ་སྨྲ་བ་དང་། ཆོས་སྨྲ་བ་ལགས་སམ།

ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལུང་སྟོན་པ་ལགས་སམ། བཀའ་སྩལ་པ། གང་པོ་ཁྱོད་དེ་སྐད་སྟོན་ཅིང་དེ་སྐད་འཆད་ན། ཁྱོད་དེ་བཞིན་གཤེགས་པས་གསུངས་པ་སྨྲ་བ་ཡིན། ཆོས་སྨྲ་བ་ཡིན། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལུང་སྟོན་པ་ཡིན་ནོ། །གང་པོ་འདི་ལ་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གལ་ཏེ་བསམ་གཏན་དང་པོ་ལ་མཉམ་པར་གཞོག་ཅིང་། བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་ལ་མཉམ་པར་གཞོག་པ་ན། བྱང་ཆུབ་སེམས་དཔའ་འདི་སྙམ་དུ། བསམ་གཏན་འདི་དག་བསྐྱེད་དེ། གཟུགས་

เล่ม ๖๑ · หน้า 68a

ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་སུ་སྐྱེ་བར་བྱའོ་སྙམ་དུ་མི་སེམས་སོ། །གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལས་འདའ་བར་བྱའོ་སྙམ་དུ་ཡང་མི་སེམས་སོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས་པའི་

ཐམས་ཅད་མཁྱེན་པ་ཉིད་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མ་མཆིས་པའི་ཁམས་ལས་འདས་ཏེ། ཁོངས་སུ་མ་གཏོགས་པ་ཞིག་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ནི་འདོད་པའི་ཁམས་ལས་འདས། གཟུགས་ཀྱི་ཁམས་ལས་འདས། གཟུགས་མེད་པའི་ཁམས་ལས་འདས་ཤིང་། ཁམས་གསུམ་ལས་འདས་ཏེ་ཁོངས་སུ་མ་གཏོགས་པ་ཡིན་ནོ། །

གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་ཐམས་ཅད་མཁྱེན་པ་ཉིད་ཁམས་གསུམ་གྱི་ཁོངས་སུ་མ་གཏོགས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དོན་གྱི་དབང་གང་ཡང་དག་པར་གཟིགས་ན། བྱང་ཆུབ་

སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་ཞིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མ་མཆིས་པའི་ཁམས་ལས་ཡང་དག་པར་

འདའ་བར་གནང་བར་མི་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་གལ་ཏེ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ཅིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལ་འདོད་པའི་

ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བར་གནང་དུ་ཟིན་ན། བྱང་ཆུབ་སེམས་དཔའི་དམ་བཅས་པ་སྤོང་བར་འགྱུར་ཏེ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་རོ། །གང་པོ་བྱང་ཆུབ་སེམས་

เล่ม ๖๑ · หน้า 68b

དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་སྤོང་བའི་དུས་དེ་དང་སྐབས་དེ་ཡོད་དོ། །གང་པོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་སྐྱེ་བ་སྐྱེས་ཤིང་།

འབྱུང་ངོ་ཅོག་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཁམས་གསུམ་པ་རིང་བར་བྱེད་ཅིང་། ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་རོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་

ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ན་དེ་བསམ་གཏན་དེ་དག་དང་། བསམ་གཏན་གྱི་ཡན་ལག་དེ་དག་གི་རོ་ཡང་མྱང་བར་མི་བགྱིད་ལ། འབྲལ་བར་ཡང་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་འདི་ལ་བྱང་ཆུབ་སེམས་

དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་བསམ་གཏན་དང་། བསམ་གཏན་གྱི་ཡན་ལག་དེ་དག་ལ་བདག་མེད་པའི་འདུ་ཤེས་ཀྱིས་ཉེ་བར་གནས་པ་ཡིན་ཏེ། དེ་དང་ལྡན་པའི་དགེ་བའི་རྩ་བ་རྣམས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་དོ། །གང་པོ་དེ་ལྟར་

ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ཏེ། བསམ་གཏན་དང་། བསམ་གཏན་གྱི་ཡན་ལག་དེ་དག་གི་རོ་ཡང་མྱོང་བར་མི་བྱེད་ལ། འབྲལ་བར་ཡང་མི་བྱེད་དོ། །

གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་བསམ་

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འདོད་པའི་ཁམས་ལས་འདས་ནས། བསམ་གཏན་དེ་དག་ཀྱང་སྤངས་ལ། ཕྱིར་ཡང་འདོད་པའི་ཁམས་ལ་དམིགས་པ་སྟེ། གང་པོ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་།

เล่ม ๖๑ · หน้า 69a

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། གང་པོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ལྡན་ཞིང་། དེ་བསམ་གཏན་དེ་ཉིད་ལ་གནས་པ་ན་སེམས་གནོད་སེམས་མེད་པར་གནས་སོ། །གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་

པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་དག་གི་ཚེ་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ན། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་མཆོག་ཏུ་འཛིན་པར་མི་བྱེད་དེ། གང་པོ་དེ་ལྟར་ན་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་།

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ན། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྐྱེད་དེ། སེམས་ཅན་འདི་དག་ནི་

འཁོར་བ་ན་སྤྱོད་པའི་སྡུག་བསྔལ་རྣམས་ལས་ཡོངས་སུ་མ་གྲོལ་གྱིས། བདག་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་འདི་དག་ལ་ཆོས་ཀྱི་སྦྱིན་པས་ཕན་གདགས་ཤིང་། ཉོན་མོངས་པ་ཐམས་ཅད་སྤང་བའི་ཕྱིར་ཆོས་

เล่ม ๖๑ · หน้า 69b

ཀྱང་བཤད་དོ་སྙམ་སྟེ། གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཐབས་ལ་མཁས་པ་འདི་དང་ལྡན་པའི་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གང་ལགས་པར་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་རྣམས་སེམས་ཅན་དཔག་ཏུ་མ་མཆིས་པའི་སླད་དུ་གོ་ཆ་ཆེན་པོ་བགོས་ཏེ། བདག་གིས་སེམས་ཅན་དཔག་ཏུ་མེད་པ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །བདག་གིས་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པར་བྱ་བའི་ཕྱིར་འབད་པར་བྱའོ་སྙམ་སྟེ། འོན་ཀྱང་འདི་ལ་

ཡོངས་སུ་མྱ་ངན་ལས་ཟློ་བ་གང་ལགས་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མ་མཆིས་པ་ནི་དཀའ་བ་བགྱིད་པ་སྟེ། ངོ་མཚར་ཆེ་བར་རིག་པར་བགྱི་བ་ལགས་སོ། །བཀའ་སྩལ་པ། གང་

པོ་དེ་ལྟ་མོད་ཀྱི་སྡུག་བསྔལ་སྐྱེ་བར་འགྱུར་བ་ཉིད་ནི་སྐྱེ། སྡུག་བསྔལ་འགག་པར་འགྱུར་བ་ནི་འགག་སྟེ། གང་པོ་དེའི་ཕྱིར་རྣམ་གྲངས་འདིས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དཀའ་བ་བྱེད་པར་རིག་པར་བྱའོ། །གང་པོས་གསོལ་པ། བཙུན་པ་བཅོམ་

ལྡན་འདས་དེ་དེ་ལྟ་ལགས་སོ། །དེ་དེ་ལྟ་ལགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་དཀའ་བ་བགྱིད་པ་ལགས་པར་རིག་པར་བགྱི་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་མྱ་ངན་ལས་ཟློ་བ་གང་ལགས་པའམ། མྱ་ངན་ལས་འདའ་བར་འགྱུར་བའམ། བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་འགའ་ཡང་མི་དམིགས་ལ། སེམས་ཅན་དཔག་ཏུ་མ་མཆིས་པ་རྣམས་ཀྱི་ཆེད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་དེ་དག་གི་འདོད་

เล่ม ๖๑ · หน้า 70a

ཆགས་སྤང་བ་དང་། ཞེ་སྡང་སྤང་བ་དང་། གཏི་མུག་སྤང་བའི་སླད་དུ་ཆོས་ཀྱང་སྟོན་པའི་སླད་དུ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་གལ་ཏེ་བྱང་ཆུབ་སེམས་དཔའ་འདི་ལྟར་རྣམ་པར་མི་གཡེང་བར་གནས་ཤིང་། ཐམས་ཅད་མཁྱེན་

པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་འབྱུང་བ་འདི་ནི། དེའི་བསམ་གཏན་དང་ལྡན་པར་རིག་པར་བྱའོ། །གང་པོ་གལ་ཏེ་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ས་དང་ལྡན་པའམ། རང་སངས་རྒྱས་ཀྱི་ས་དང་ལྡན་པའི་ཡིད་ལ་བྱེད་པ་འབྱུང་ན། བྱང་ཆུབ་སེམས་དཔའ་སེམས་རྣམ་པར་

གཡེང་བ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་དེའི་འཇིགས་པར་བྱ་བ་ཡིན་པའི་ཕྱིར་རོ། །གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལ་དམིགས་པའམ། སྒྲ་ལ་དམིགས་པའམ། དྲི་ལ་དམིགས་པའམ། རོ་ལ་དམིགས་པའམ།

རེག་པ་ལ་དམིགས་པ་ཡིད་ལ་བྱེད་པ་འབྱུང་ན། གཞི་དེ་ལས་ཀྱང་བྱང་ཆུབ་སེམས་དཔའ་སེམས་རྣམ་པར་གཡེང་བར་འགྱུར་མོད་ཀྱི། ཆོས་འདི་དག་ནི་ཐམས་ཅད་མཁྱེན་པ་ཉིད་ལ་བར་ཆད་བྱེད་པར་ཉེ་བར་གནས་པ་མ་ཡིན་ནོ། །ཆོས་གང་དག་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཆད་བྱེད་པར་ཉེ་

བར་གནས་པ་མ་ཡིན་པ་དེ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་ས་ཡིན་པར་རིག་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ལེའུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་འདི་སྐད་ཅེས་

གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དོན་གྱི་དབང་ཅི་ཞིག་གཟིགས་ན། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤང་བར་བགྱི་བ་བསྔགས་པ་མཛད་ལ། ཉན་ཐོས་རྣམས་ཀྱི་ནི་མ་ལགས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། གང་པོ་དེའི་ཕྱིར་འདིར་ཁྱོད་ཉིད་ལ་དྲི་བར་བྱས། ཁྱོད་ཇི་ལྟར་བཟོད་པ་བཞིན་དུ་ལན་ཐོབ་ཤིག །གང་པོ་འདི་སྙམ་དུ་སེམས། ཉི་མའི་དཀྱིལ་འཁོར་འཛམ་བུའི་གླིང་གི་མི་རྣམས་ལ་བྱ་བ་གང་གིས་ཉེ་བར་གནས་པ་བཞིན་དུ། སྲོག་ཆགས་ཀྱི་རིགས་སྲིན་བུ་མེ་ཁྱེར་

เล่ม ๖๑ · หน้า 70b

ཡང་བྱ་བ་དེ་ཉིད་ཀྱིས་ཉེ་བར་གནས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱ་བ་གང་གིས་ཉེ་བར་གནས་པ་དེས་ཉན་ཐོས་ཉེ་བར་གནས་པ་མ་ཡིན་ནོ། །གང་པོ་

འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱ་བ་གང་གིས་ཉེ་བར་གནས་སྙམ། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟ་བུས་གནས་ཏེ། བདག་གིས་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་ཡོངས་སུ་མྱ་ངན་

ལས་བཟླ་བར་བྱའོ། །བདག་གིས་སངས་རྒྱས་ཀྱི་གདུང་མི་འཆད་པར་བྱ་བར་བསྒྲུབ་པར་བྱའོ་སྙམ་པའི་བྱ་བ་དེས་ཉེ་བར་གནས་པ་ལགས་ཏེ། ཉན་ཐོས་རྣམས་ནི་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་འདི་ཇི་སྙམ་དུ་སེམས། ཉན་ཐོས་ཀྱི་དགེ་འདུན་འདིའི་ནང་

ན་དགེ་སློང་གཅིག་ཙམ་ཡང་བྱང་ཆུབ་སེམས་དཔའ་བྱ་བ་གང་གིས་ཉེ་བར་གནས་པའི་བྱ་བ་དེས་ཉེ་བར་གནས་པ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དོན་གྱི་དབང་འདི་ཡང་དག་པར་གཟིགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འབའ་ཞིག་གི་སྤང་བར་བྱ་བ་བསྔགས་ཀྱི་ཉན་ཐོས་རྣམས་ཀྱི་ནི་དེ་ལྟ་མ་ཡིན་ནོ། །གང་པོ་དཔེར་ན། ཉི་མའི་དཀྱིལ་འཁོར་ནི་འཛམ་བུའི་

གླིང་གི་མི་རྣམས་ལ་སྣང་བ་དཔག་ཏུ་མེད་པས་ཉེ་བར་གནས་པ་ཡིན་ལ་སྲོག་ཆགས་ཀྱི་རིགས་སྲིན་བུ་མེ་ཁྱེར་ནི། འདི་ལྟར་རང་གི་རྒྱུད་ཉི་ཚེ་སྣང་བར་ཉེ་བར་གནས་པར་ཟད་དོ། །གང་པོ་དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་ནི་འདི་ལྟར་རང་གི་རྒྱུད་ཉི་ཚེའི་ཉོན་མོངས་པ་བཟློག་པའི་ཕྱིར་

ཉེ་བར་གནས་པར་ཟད་ཀྱི། གང་པོ་བྱང་ཆུབ་སེམས་དཔའ་ནི་བདག་དང་གཞན་མྱ་ངན་ལས་བཟླ་བའི་ཕྱིར་དང་། སེམས་ཅན་དཔག་ཏུ་མེད་ཅིང་གྲངས་མེད་པ་རྣམས་ཀྱི་དོན་གྱི་ཕྱིར་དང་། ཉོན་མོངས་པ་བཟློག་པའི་ཕྱིར་ཉེ་བར་གནས་པ་ཡིན་ན། གང་པོ་དཔེར་ན། འཕོང་གི་སློབ་དཔོན་

เล่ม ๖๑ · หน้า 71a

མཚོན་ཆ་ལ་གོམས་ཤིང་མཁས་པར་གྱུར་པ་ནི་ལོ་གཅིག་ཏུ་ཡང་རྒྱལ་པོའི་ཀཱར་ཥཱ་པ་ཎ་བརྒྱ་སྟོང་ཟ་ཞིང་། གང་གི་ཚེ་རྒྱལ་པོ་གཡུལ་འགྱེད་པའི་དུས་ལ་བབ་པ་དེའི་ཚེ། ཇི་ལྟར་འཕོང་གི་སློབ་དཔོན་དེ་རལ་གྲིས་འདེབས་སམ། མདའ་འཕེན་པ་ན། ཐམས་ཅད་དུ་དེ་

གདོན་མི་ཟ་བར་བྱེད་པ་ལྟར་གླང་པོ་ཆེ་དང་། རྟ་དང་། མི་གཞན་གྱིས་བྱ་བ་དེ་མི་བྱེད་དོ། །གང་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་འདོད་ཆགས་སྤྱོད་པ་དང་། ཞེ་སྡང་སྤྱོད་པ་དང་། གཏི་མུག་སྤྱོད་པ་རྣམས་ཀྱི་ཆེད་དུ་གོ་ཆ་གྱོན་ཏེ། སེམས་ཅན་དེ་དག་

གི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་འདོད་ཆགས་སྤང་བའི་ཕྱིར་དང་། ཞེ་སྡང་སྤང་བའི་ཕྱིར་དང་། གཏི་མུག་སྤང་བའི་ཕྱིར་ཆོས་ཀྱང་སྟོན་ཏོ། །གང་པོ་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་

ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ནམ་ཡང་མཉམ་པར་མ་བཞག་པ་མ་མཆིས་པར་རིག་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་

ཕྱིན་པ་ལ་གནས་པ་ན་ཡང་མཉམ་པར་གཞག་པར་རིག་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ན་ཡང་། མཉམ་པར་གཞག་པར་རིག་པར་བགྱིའོ། །བཅོམ་ལྡན་འདས་དཔེར་བགྱི་ན། ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ནི་གསེར་གྱི་སྣོད་དུ་བཞག་ན་ཡང་། རིན་པོ་ཆེའི་རང་བཞིན་མི་འདོར་ལ། དེ་བཞིན་དུ་དངུལ་གྱི་སྣོད་དང་། ཤེལ་གྱི་སྣོད་དང་། ལྕགས་

ཀྱི་སྣོད་དུ་བཞག་ན་ཡང་རིན་པོ་ཆེའི་རང་བཞིན་མི་འདོར་ཏེ། དེ་བཞིན་དུ་ཁམ་པའི་སྣོད་དང་། ས་ལ་བཞག་ན་ཡང་རིན་པོ་ཆེའི་རང་བཞིན་མི་འདོར་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ན་ཡང་མཉམ་

เล่ม ๖๑ · หน้า 71b

པར་གཞག་པར་རིག་པར་བགྱིའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ན་ཡང་མཉམ་པར་གཞག་པར་རིག་པར་བགྱི་སྟེ།

དེ་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་ཏོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་པོ་ལེགས་སོ་ལེགས་སོ། །གང་པོ་དེ་དེ་བཞིན་ནོ། །གལ་ཏེ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་འདོད་པ་རྣམས་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་ཤིང་། བསམ་གཏན་དང་པོ་ལ་གནས་

པ་ན་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་འདོད་པར་བྱེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་རྣམ་པར་གཡེངས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཉམ་པར་མ་བཞག་པའི་ས་ལ་གནས་པ་ཡིན་པར་རིག་པར་

བྱའོ། །གང་པོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟོག་པ་དང་དཔྱོད་པ་རྣམས་དང་བྲལ་ཞིང་། ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེ་བའི་དགའ་བ་དང་བདེ་བ་ཅན་བསམ་

གཏན་གཉིས་པ་བསྒྲུབས་ཏེ་གནས་ཤིང་། བསམ་གཏན་གཉིས་པ་ལ་གནས་པ་ན་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་འདོད་པར་བྱེད་ན། བྱང་ཆུབ་སེམས་དཔའ་སེམས་རྣམ་པར་གཡེངས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཉམ་

པར་མ་བཞག་པའི་ས་ལ་གནས་པ་ཡིན་པར་རིག་པར་བྱའོ། །གང་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་། དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་

เล่ม ๖๑ · หน้า 72a

ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ། བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་ཤིང་། བསམ་གཏན་གསུམ་པ་ལ་གནས་པ་ན་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་འདོད་པར་བྱེད་ན། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་སེམས་རྣམ་པར་གཡེངས་པ་ཡིན་པར་རིག་པར་བྱ་སྟེ། མཉམ་པར་མ་བཞག་པའི་ས་ལ་གནས་པ་ཡིན་པར་རིག་པར་བྱའོ། །གང་པོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ཤིང་། སྔ་ནས་ཡིད་བདེ་བ་དང་།

ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ། བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་ཤིང་། བསམ་གཏན་བཞི་པ་ལ་གནས་པ་ན་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་འདོད་པར་བྱེད་ན་བྱང་

ཆུབ་སེམས་དཔའ་སེམས་རྣམ་པར་གཡེངས་པ་ཡིན་པར་རིག་པར་བྱ་སྟེ། མཉམ་པར་མ་བཞག་པའི་ས་ལ་གནས་པ་ཡིན་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་མཉམ་པར་གཞག་པར་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། གང་པོ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་གང་དང་གང་མཐོང་བ་དེ་དང་དེ་ལ་འདི་ལྟར་སེམས་ཅན་འདི་དག་ནི། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གདུལ་བར་བྱ་བ་ཡིན་ནོ་སྙམ་དུ་སེམས་སྐྱེད་

ན། བྱང་ཆུབ་སེམས་དཔའ་མཉམ་པར་གཞག་པ་ཡིན་པར་རིག་པར་བྱའོ། །གང་པོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ཕ་རོལ་སྐྱབས་སུ་འགྲོ་བ་གསུམ་ལ་བཀོད་ལ་བཀོད་ནས་ཀྱང་། དགེ་བའི་རྩ་བ་དེ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ན། བྱང་ཆུབ་སེམས་དཔའ་མཉམ་

པར་གཞག་པ་ཡིན་པར་རིག་པར་བྱའོ། །གང་པོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ཕ་རོལ་བསླབ་པའི་གཞི་ལྔ་ལ་བཀོད་ལ། བཀོད་ནས་ཀྱང་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། བྱང་ཆུབ་སེམས་དཔའ་མཉམ་པར་གཞག་པ་

เล่ม ๖๑ · หน้า 72b

ཡིན་པར་རིག་པར་བྱའོ། །གང་པོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ཕ་རོལ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་ལ། བཀོད་ནས་ཀྱང་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། བྱང་ཆུབ་སེམས་དཔའ་མཉམ་པར་གཞག་པ་ཡིན་པར་རིག་པར་

བྱའོ། །གང་པོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་སྦྱིན་པ་ཡང་དག་པར་འཛིན་དུ་འཇུག་པར་བྱེད། གནས་པར་བྱེད། འགོད་པར་བྱེད། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཡང་དག་པར་

འཛིན་དུ་འཇུག་པར་བྱེད། གནས་པར་བྱེད། འགོད་པར་བྱེད་ལ། བཀོད་ནས་ཀྱང་དགེ་བའི་རྩ་བ་དེ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ན། བྱང་ཆུབ་སེམས་དཔའ་མཉམ་པར་གཞག་པ་ཡིན་པར་རིག་པར་བྱའོ། །གང་པོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ཐ་ན་ཕ་རོལ་སྦྱིན་པ་བྱེད་

པ་རྣམས་ལ་ཡང་རྗེས་སུ་ཡི་རང་བར་བྱེད་ལ། རྗེས་སུ་ཡི་རང་བའི་བསོད་ནམས་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ན། བྱང་ཆུབ་སེམས་དཔའ་མཉམ་པར་གཞག་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་པར་རིག་པར་བྱའོ། །

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་ཡོངས་སུ་མ་སྤངས་པའི་ཕྱིར་རོ། །གང་གི་ཚེ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང་མ་བྲལ་ན། དེ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱའོ། །དེ་ལྟར་ན་བྱང་

ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་གནས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བསམ་གཏན་ལ་རྟེན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་

འགྱུར་རོ། །དེ་བཞིན་གཤེགས་པ་ཡང་མི་གཡོ་བའི་གནས་ལ་གནས་ནས། ཚེའི་འདུ་བྱེད་འདོར་བར་མཛད་དེ། ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མཛད་དོ། །གང་པོ་དེ་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

เล่ม ๖๑ · หน้า 73a

བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་ལ་ཕན་འདོགས་པར་གྱུར་པ་ཡིན་ནོ། །གང་པོ་བྱང་ཆུབ་སེམས་དཔའི་བསམ་གཏན་ནི། དེ་བཞིན་གཤེགས་པའི་བསམ་གཏན་མ་གཏོགས་པར་དེ་ལས་གཞན་པའི་བསམ་གཏན་རྣམས་ཀྱི་མཆོག་ཅེས་བྱའོ། །གཙོ་བོ་དང་།

ཕུལ་དང་། རབ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། བླ་ན་མེད་པ་དང་། གོང་ན་མེད་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་འདི་ལྟར་བྱང་ཆུབ་སེམས་དཔའི་བསམ་གཏན་ནི་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་རྣམས་དང་མ་བྲལ་བ་ཡིན་ལ། ཉན་ཐོས་ཀྱི་བསམ་

གཏན་ལ་ནི་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་རྣམས་མེད་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉན་ཐོས་བསམ་གཏན་ལ་གནས་པས་ཀྱང་སངས་རྒྱས་བཅོམ་

ལྡན་འདས་ཆོས་ཉིད་གང་དང་ལྡན་པའི་ཆོས་ཉིད་དེ་མངོན་སུམ་དུ་བགྱིད་ན། བཅོམ་ལྡན་འདས་ཅིའི་སླད་དུ་ཉན་ཐོས་ཀྱི་བསམ་གཏན་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བགྱིད་པ་རྣམས་དང་བྲལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེའི་ཕྱིར་འདིར་ཁྱོད་ཉིད་

ལ་དྲི་བར་བྱས། ཁྱོད་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཅིག །གང་པོ་འདི་ཇི་སྙམ་དུ་སེམས། གལ་ཏེ་ཉན་ཐོས་བསམ་གཏན་ལ་གནས་པ་ཡང་། སངས་རྒྱས་བཅོམ་ལྡན་འདས་ཆོས་ཉིད་གང་དང་ལྡན་པའི་ཆོས་ཉིད་དེ་མངོན་སུམ་དུ་བྱེད་ན། ཉན་ཐོས་དེ་ཡང་དེ་བཞིན་གཤེགས་པ་

ཞེས་བྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེའི་ཕྱིར་ཁྱོད་ལ་དཔེར་བྱ་བ་བསྟན་ཏེ། འདི་ན་མི་མཛངས་པ་ཁ་ཅིག་ནི་བཤད་པའི་དོན་དཔེས་རྟོགས་པར་འགྱུར་བས་ཁྱོད་ལ་དཔེ་བསྟན་པར་བྱའོ། །གང་པོ་དཔེར་

ན། མི་ལ་ལ་ཞིག་རྒྱལ་པོའི་སྟན་ལ་འདུག་ན། གང་པོ་འདི་ཇི་སྙམ་དུ་སེམས། དེ་ཙམ་གྱིས་ན་མི་དེ་ཡང་རྒྱལ་པོ་ཞེས་བྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་མི་དེ་ནི་རྒྱལ་པོའི་མཚན་རྣམས་དང་བྲལ་

เล่ม ๖๑ · หน้า 73b

བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་དེ་བཞིན་ཏེ། ཉན་ཐོས་བསམ་གཏན་དང་པོ་ལ་མཉམ་པར་གཞོག་ཅིང་། བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་ལ་མཉམ་པར་གཞོག་གམ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་

མཉམ་པར་བཞག་སྟེ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཉིད་གང་དང་ལྡན་པའི་ཆོས་ཉིད་དེ་མངོན་སུམ་དུ་བྱེད་དུ་ཟིན་ཀྱང་། གང་པོ་ཉན་ཐོས་ལ་ནི་སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་དང་། མི་འཇིགས་པ་རྣམས་མེད་ལ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་བྲལ་ཏེ། ཇི་ལྟར་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་གང་དག་དང་ལྡན་པའི་ཡོན་ཏན་དེ་དག་དང་བྲལ་བས་ན། དེ་བཞིན་གཤེགས་པའི་ཉན་ཐོས་ཞེས་བྱ་བའི་མིང་འཐོབ་བོ། །བསམ་གཏན་དེ་དག་ཀྱང་འདི་ལྟར་ཡོན་ཏན་དེ་རྣམས་དང་བྲལ་བ་ཡིན་ཏེ།

བསམ་གཏན་དེ་དག་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་རྣམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་འདི་ལྟར་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི། ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་སུ་མ་སྤངས་པ་ཡིན་ལ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་པའི་ཕྱིར་རོ། །གནས་པ་འདིས་གནས་པའི་སྙོམས་པར་འཇུག་པ་འདི་ལ་བྱང་ཆུབ་སེམས་དཔའ་

གནས་པ་གང་གི་གནས་པ་དང་། སྙོམས་པར་འཇུག་པ་གང་གིས་གནས་པ་ཡང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གནས་པ་འདིའི་མིང་ཅི་ཞེས་བགྱི། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔའི་གནས་པ་འདིའི་མིང་ནི་གནས་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་འདི་ལྟར་གནས་པ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་འཐོབ་པའི་ཕྱིར་ཡང་དག་པར་འཇུག་པ་ཡིན་ནོ། །གང་པོ་དེ་ལྟ་བས་ན་

เล่ม ๖๑ · หน้า 74a

གནས་པ་དེའི་མིང་ནི་འཇིག་རྟེན་ཐམས་ཅད་ལ་ཕན་པར་འདོད་པའི་གནས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་ཆེད་དུ་གནས་པ་འདི་ལ་མཉམ་པར་འཇོག་སྟེ། གནས་

པ་འདི་དག་གིས་གནས་པ་གང་ཡིན་པ་དེ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན། སེམས་ཅན་དཔག་ཏུ་མེད་ཅིང་གྲངས་མེད་པ་རྣམས་ལ་ཟག་པ་མེད་པའི་བསམ་གཏན་རྣམས་ཀྱིས་འདོམས་ཤིང་རྗེས་སུ་སྟོན་ཏེ་འདུལ་བར་འགྱུར་རོ། །

གང་པོ་རྣམ་གྲངས་འདིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པ་གང་གིས་གནས་པའི་གནས་པ་འདིའི་མིང་འཇིག་རྟེན་ཐམས་ཅད་ལ་ཕན་པར་འདོད་པ་ཞེས་བྱ་སྟེ། གང་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་ཡང་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ལེའུ་གསུམ་པའོ།། །།དེ་ནས་

བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉན་ཐོས་ནི་བྱང་ཆུབ་སེམས་དཔའི་སྙོམས་པར་འཇུག་པ་རྣམས་ལས་ཁྱད་པར་དུ་འཕགས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཉན་ཐོས་ནི་མཐར་

གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཉམ་པར་འཇོག་ལ། བྱང་ཆུབ་སེམས་དཔའ་ནི་སྙོམས་པར་འཇུག་པ་བརྒྱད་ལ་མཉམ་པར་འཇོག་སྟེ། དེས་ན་ཉན་ཐོས་ཀྱི་ཏིང་ངེ་འཛིན་ནི་གཅིག་གིས་ལྷག་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལས་ཉན་ཐོས་སྙོམས་པར་འཇུག་པས་

ཁྱད་ཞུགས་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་པོ་བྱང་ཆུབ་སེམས་དཔའ་ལ་ཡང་འགོག་པའི་སྙོམས་པར་འཇུག་པ་ཡོད་དོ། །གང་པོ་བྱང་ཆུབ་སེམས་དཔས་འགོག་པའི་

เล่ม ๖๑ · หน้า 74b

སྙོམས་པར་འཇུག་པ་ལ་དབང་ཐོབ་མོད་ཀྱི། མཉམ་པར་གཞོག་པར་ནི་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྷུང་དུ་དོགས་པའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གནང་བར་མ་མཛད་དོ། །གང་

པོ་དེའི་ཕྱིར་ཁྱོད་ལ་དཔེས་བསྟན་པར་བྱ་སྟེ། འདི་ན་མི་མཛངས་པ་ལ་ལ་དཔེ་བསྟན་པས་བཤད་པའི་དོན་རྟོགས་པར་འགྱུར་རོ། །གང་པོ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་ཡུལ་མཐའ་འཁོབ་ཕྱོགས་ཀྱི་རྒྱལ་ཕྲན་མང་པོ་དག་པས་ཆེ་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་བདག་

ཉིད་དེར་མི་འགྲོ་ཞིང་། ས་ཕྱོགས་དེར་གནས་པར་ཡང་མི་བྱེད་མོད་ཀྱི། འོན་ཀྱང་ཡུལ་ཕྱོགས་དེ་དག་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ཤེས་ཤིང་། ཡུལ་གྱི་མི་དེ་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ཉིད་ཀྱི་བཀའ་ཉན་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་ཡུལ་ན་འཁོད་དོ། །

གང་པོ་དེ་བཞིན་དུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་ཡང་མི་འཇོག་ལ། བྱང་ཆུབ་སེམས་དཔས་སྙོམས་པར་འཇུག་པ་དེ་ལ་དབང་ཡང་ངེས་པར་ཐོབ་སྟེ། བྱང་ཆུབ་སེམས་དཔའ་ནི་ནམ་བྱང་

ཆུབ་ཀྱི་སྙིང་པོ་ལ་འདུག་པར་མ་གྱུར་གྱི་བར་དུ་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པའི་དུས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ཉིད་དུ་གནས་པར་འགྱུར་དུ་འོང་བ་དང་། ཉན་ཐོས་ཀྱི་ས་གནོན་པར་འགྱུར་དུ་འོང་བ་དང་། ཉན་ཐོས་རྣམས་དང་མཉམ་པར་འགྱུར་དུ་དོགས་

པའི་ཕྱིར་རོ། །གང་པོ་དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཚོང་འདུས་སུ་སོང་སྟེ། ཆང་གི་བཏུང་བ་འཐུང་འདོད་པར་གྱུར་ན། དེའི་བློན་པོ་མཁས་པའི་རང་བཞིན་ཅན་དག་འདི་སྐད་དུ་ལྷ་སྐྱེམས་གསོལ་བའི་དུས་འདི་མ་ལགས་སོ། །སྐབས་འདི་མ་ལགས་ཏེ། གང་

གི་ཚེ་ལྷ་བཙུན་མོའི་འཁོར་དུ་གཤེགས་པ་དེའི་ཚེ་སྐྱེམས་གསོལ་བའི་དུས་ལགས་སོ། །ཞེས་ཟེར་རོ། །གང་པོ་འདི་ཇི་སྙམ་དུ་སེམས། ཆང་གི་བཏུང་བ་དེ་རྒྱལ་པོ་ལ་མེད་དམ། གསོལ་པ། བཅོམ་ལྡན་འདས་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ལ་ཆང་

เล่ม ๖๑ · หน้า 75a

གི་བཏུང་བ་ཡོད་མོད་ཀྱི། བློན་པོ་རྣམས་ཀྱིས་འཐུང་དུ་མི་སྟེར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་གྲོང་ཁྱེར་མང་པོ་དང་གྲོང་ཁྱེར་བརྒྱ་ཕྲག་མང་པོ་དང་། ཡུལ་མང་པོ་དང་མི་འབུམ་ཕྲག་མང་པོ་དག་གི་རྗེ་ཡིན་པས་ན། དེ་ཚོང་འདུས་ཀྱི་ནང་དུ་ཆང་འཐུང་བ་མི་རིགས་པའི་ཕྱིར་རོ། །གང་པོ་དེ་བཞིན་དུ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་པ་གང་དང་ལྡན་ན། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་འཇོག་པའི་ཤེས་པ་ཡོད་མོད་ཀྱི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ལ་གནང་བར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། རེ་ཞིག་འདུ་ཤེས་དང་ཚོར་བ་འགོག་པའི་

སྙོམས་པར་འཇུག་པ་ལ་མཉམ་པར་བཞག་པའི་དུས་མ་ཡིན་ཞིང་། སྐབས་མ་ཡིན་པའི་ཕྱིར་རོ། །གང་པོ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་ཤེས་ཐམས་ཅད་དང་། མཚན་མ་ཐམས་ཅད་སྤང་བའི་ཕྱིར་བདུད་རྩིའི་དབྱིངས་མངོན་སུམ་དུ་བྱས་ནས་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་

པར་འཇུག་པ་ལ་མཉམ་པར་བཞག་སྟེ། གནས་པར་འགྱུར་བའི་དུས་དེ་དང་། སྐབས་དེ་ནི་ཕྱིས་འོང་བར་འགྱུར་ཏེ། གང་གི་ཚེ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་འགྱུར་བ་དེ་ནི་དེའི་དུས་དང་དེའི་སྐབས་ཡིན་ནོ། །འདུ་ཤེས་ཐམས་ཅད་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་

པར་འཇུག་པ་བསྒྲུབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་པ་བསྐོར་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་

ལྡན་འདས་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་ཟག་པ་ཟད་པ་མངོན་སུམ་དུ་བགྱིད་པ་ལ་མཐུ་མཆིས་ཤིང་། སྟོབས་དང་ལྡན་ལ། མངོན་སུམ་དུ་ཡང་མི་བགྱིད་པ་ནི་དཀའ་བ་བགྱིད་པ་ལགས་ཏེ། ངོ་མཚར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་

དཔའ་ནི་སེམས་ཅན་རྣམས་ལ་ཡུན་རིང་པོར་ཕན་པ་དང་། ལྷག་པའི་བསམ་པས་ཉེ་བར་གནས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་གྱི་དབང་འདི་ཡང་དག་པར་མཐོང་ནས། མཐར་གྱིས་གནས་པའི་

เล่ม ๖๑ · หน้า 75b

སྙོམས་པར་འཇུག་པ་འདི་དག་ལ་མཉམ་པར་མི་འཇོག་གོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ་སྙོམས་པར་འཇུག་པ་འདི་དག་ལ་དབང་ཡང་ཐོབ་ལ། མཉམ་པར་ཡང་མི་འཇོག་པ་གང་ཡིན་པ་དེ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པ་ཡིན་པར་རིག་པར་བྱའོ། །གང་པོ་བྱང་ཆུབ་སེམས་དཔའ་ཐེག་པ་ལ་

གསར་དུ་ཞུགས་པའམ། ཕྱིར་མི་ལྡོག་པ་ཡང་རུང་སྟེ། གང་ལ་ལ་དག་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འདི་ལྟར་གནས་པར་བྱས་ན་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བགྱི། ཇི་ལྟར་བསམ་གཏན་ལ་མཉམ་པར་བཞག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ།

དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་དང་པོ་བསྒྲུབས་ཏེ་གནས། དེ་བཞིན་དུ་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་བསྒྲུབས་ཏེ་གནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་

སྙོམས་པར་འཇུག་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་བསྒྲུབས་ཏེ་གནས་ཤིང་། དེ་གཟུགས་ན་སྤྱོད་པ་དང་། གཟུགས་མེད་པ་ན་སྤྱོད་པའི་བསམ་གཏན་དང་། སྙོམས་པར་འཇུག་པ་ལ་མཉམ་པར་བཞག་སྟེ། དེ་ལ་

འདྲིས་པར་བྱས་ཤིང་། དེ་ལ་རྩེ་བར་བྱས་ནས་ཕྱིར་ཡང་འདོད་པའི་ཁམས་སུ་སེམས་གློན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ན་སྤྱོད་པ་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་དུ་དོགས་པའི་ཕྱིར་ཏེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་བསམ་གཏན་རྣམས་ལ་མཉམ་པར་

གཞོག་ན། དེར་ཉིང་མཚམས་སྦྱོར་བར་བྱེད་པས་ན། དེ་ལས་སེམས་སྲུང་བར་བྱེད་དེ། དེར་སྐྱེ་བ་ལས་ཕྱིར་ཟློག་པར་བྱེད་དོ། །གཟུགས་ན་སྤྱོད་པ་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ན། སྐྱེ་བོ་སྟོང་ཕྲག་མང་པོ་དག་མགུ་བར་མི་འགྱུར་ཞིང་། སངས་རྒྱས་མཐོང་བ་དང་། སངས་

เล่ม ๖๑ · หน้า 76a

རྒྱས་སུ་སྦྱོར་བ་ལས་ཤིན་ཏུ་ཕྱི་རོལ་ཏུ་འགྱུར་དུ་དོགས་པ་དང་། གླེན་པའི་གནས་དག་ཏུ་སྐྱེས་ཏེ། གླེན་པའི་སྐྱེ་བ་ཡོངས་སུ་འཛིན་པར་འགྱུར་དུ་འོང་ངོ་སྙམ་ནས་བྱང་ཆུབ་སེམས་དཔའ་ཐབས་མཁས་པས་གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་སྙོམས་པར་འཇུག་པ་དེ་དག་ཐོབ་

ནས་དེ་ལ་འདྲིས་པར་བྱས་ཏེ། ཕྱིར་ཡང་ཐབས་ལ་མཁས་པས་འདོད་པའི་ཁམས་སུ་ཉིང་མཚམས་སྦྱོར་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན། མི་ཞིག་རྒྱལ་པོའི་བཙུན་མོ་དང་ལྷན་ཅིག་གནས་པར་འདོད་པ་དེ་འདི་སྙམ་དུ་ཐབས་ཇི་ལྟར་བྱས་ན། རྒྱལ་པོའི་བཙུན་མོ་དམ་པ་དང་ལྷན་ཅིག་གནས་པར་བྱ།

རྒྱལ་པོས་ཀྱང་མི་ཚོར་ལ། རྒྱལ་པོའི་མི་དག་གིས་ཀྱང་མི་ཚོར་ཞིང་། ཉེ་ཞོ་མེད་པར་ཕྱིར་ཡང་འགྲོ་བར་བྱ་སྙམ་དུ་སེམས་ཏེ། དེ་ཐབས་མཁས་པས་སྨན་གང་གིས་མི་དེའི་ཕོ་མཚན་མེད་པར་འགྱུར་བ་དེ་ལྟ་བུ་བཙལ་ནས། དེ་ཕོ་མཚན་མེད་པར་རྒྱལ་པོ་དེ་དང་འདྲིས་པར་བྱས་ཏེ། རྒྱལ་པོ་དེ་ལ་ཡང་འདི་སྐད་དུ། ལྷ་

མཁྱེན་པར་མཛད་དུ་གསོལ། བདག་གི་ཕོ་མཚན་མ་མཆིས་པར་གྱུར་ཏེ། བདག་མ་རུངས་པར་གྱུར་གྱིས་ལྷའི་བཙུན་མོའི་འཁོར་བསྲུང་བར་འཚལ་ལོ་ཞེས་གསོལ་ནས། དེ་རྒྱལ་པོ་དེས་བརྟགས་ཏེ། བཙུན་མོའི་འཁོར་དུ་བཏང་ངོ་། །བཏང་ནས་ཀྱང་མི་དེས་སྨན་གང་གིས་ཕོ་མཚན་འབྱུང་བར་འགྱུར་བ་དེ་ཟོས་

ནས། དེ་རྒྱལ་པོའི་བཙུན་མོ་དམ་པ་དང་ཟླ་བ་གཅིག་གམ། གཉིས་སམ། གསུམ་གྱི་བར་དུ་ལྷན་ཅིག་གནས་ནས། དེ་འདི་སྙམ་དུ་གལ་ཏེ་བདག་རྒྱལ་པོས་ཚོར་ན་གདོན་མི་ཟ་བར་སྲོག་དང་བྲལ་བར་བྱེད་ཀྱིས། བདག་ཕྱིར་ཡང་རྒྱལ་པོའི་ཕོ་བྲང་འདི་ནས་ཉེ་ཞོ་མེད་པ་དང་། བདེ་བར་འགྲོ་བར་བྱའོ་སྙམ་དུ་སེམས་ཏེ།

དེས་རྒྱལ་པོ་དེ་ལ་ལྷ་མཁྱེན་པར་མཛད་དུ་གསོལ། བདག་གི་ཕོ་མཚན་ཡང་སླར་བྱུང་གིས། ལྷའི་བཙུན་མོའི་འཁོར་ནས་བདག་སླར་མཆིའོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོ་དེ་འདི་སྙམ་དུ། ཀྱེ་མ་མི་འདི་འདི་ལྟར་འོངས་ནས་གཡོ་མེད་པར་ངའི་བཙུན་མོའི་འཁོར་དང་ལྷན་ཅིག་འདུག་པ་གང་ཡིན་པ་དེ་ནི་དགེ་བ་

ཞིག་ཡིན་ནོ་སྙམ་སེམས་ཏེ། རྒྱལ་པོས་དེ་ལ་ལུས་ལ་བགོ་བ་བྱིན་ཞིང་། སྦྱིན་པ་བྱིན་ནས་བཏང་ངོ་། །དེ་ལྟར་ཐབས་ལ་མཁས་པ་དང་། སྨན་ལ་མཁས་པས་རྒྱལ་པོའི་བཙུན་མོའི་འཁོར་སུན་ཕྱུང་ནས། ཕྱིར་ཡང་འདི་ལྟར་སྨན་གྱི་ཡོན་ཏན་དང་། འདི་ལྟར་ཐབས་མཁས་པའི་ཕྱིར་དེ་ཐབས་མཁས་པས་ཉེ་

เล่ม ๖๑ · หน้า 76b

ཞོ་མེད་པར་ཕྱིར་སོང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི། བསམ་གཏན་དང་པོ་ཐོབ་ནས་མཉམ་པར་གཞོག་གོ། །བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་ཐོབ་ནས་མཉམ་པར་གཞོག་གོ། །ནམ་མཁའ་མཐའ་

ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཐོབ་ནས་མཉམ་པར་འཇོག་སྟེ། དེ་ལ་འདྲིས་པར་

བྱས་ནས། ཐབས་མཁས་པས་ཕྱིར་ཡང་འདོད་པའི་ཁམས་སུ་བབས་ཏེ། འདོད་པའི་ཁམས་ལ་དམིགས་ཤིང་། དེ་སངས་རྒྱས་མཐོང་བ་དང་། སངས་རྒྱས་ལ་བསྙེན་བཀུར་བྱ་བ་དང་ཡང་འབྲལ་བར་མི་འགྱུར་ལ། ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་དོ། །

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་སྤངས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མ་སྤངས་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི། བསམ་གཏན་

གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་ལ་འགོག་པའི་སྙོམས་པར་འཇུག་པར་ཡང་མི་ལྟུང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་

དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ལེའུ་བཞི་པ་སྟེ་རྫོགས་སོ།། །།

འཕགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด