སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
ชื่อสันสกฤต (อักษรทิเบต ตามตัวบท) བུད་དྷ་པཱི་ཊ་ཀ་དུཿཤཱི་ལ་ནི་གྲ་ཧཱི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๖๓ · หน้า 30b
གི་གཞི་དང་། དམིགས་པའི་གཞིའོ། །ཤཱ་རིའི་བུ་ལོག་པར་འཛིན་པ་འདི་ལྟ་བུ་འདི་དག་རབ་ཏུ་སྟོན་པར་འགྱུར་ཏེ། དེ་ནི་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་ཀྱིས་ཀྱང་མ་བཤད་དོ། །དེའི་ཚེ་བདུད་སྡིག་ཅན་གྱིས་དེ་དག་མངོན་པར་ཟིལ་གྱིས་མནན། རྨོངས་པར་བྱས། རྨུགས་
པར་བྱས། ལྷག་པར་ཟིལ་གྱིས་མནན། མཐུ་ཅན་དུ་བྱས། མངོན་པར་ཞེན་པར་བྱས་ནས། རང་རང་གི་ལྟ་བ་མཆོག་ཏུ་འཛིན་ཏེ། འདི་ཁོ་ན་བདེན་གྱི་གཞན་གྱི་འདི་ཁོ་ན་ནི་རྨོངས་པ་ཡིན་ནོ་ཞེས་གླེང་བར་བྱེད་དོ། །ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པས་མ་འོངས་པའི་ཆོས་ཀྱི་
བར་ཆད་ལ་ཀུན་ཏུ་གཟིགས་ནས། སྔ་ནས་བདུད་སྡིག་ཅན་གྱི་ཕྱོགས་བཅད་པ་དང་། གཞོམ་པའི་ཕྱིར་འདི་ལྟ་བུའི་མདོ་སྡེ་འདི་ཡང་དག་པར་སྟོན་ཏོ། །ཤཱ་རིའི་བུ་དེའི་ཚེ་མངོན་པའི་ང་རྒྱལ་ཅན་གྱིས་འཛམ་བུའི་གླིང་འདི་རབ་ཏུ་གང་བར་འགྱུར་རོ། །དེ་དག་གནས་སྐབས་ཙམ་གྱིས་མ་ཐོབ་པ་
ཐོབ་བོ་སྙམ་པའི་འདུ་ཤེས་ཅན་དུ་འགྱུར་ཏེ། དེ་དག་འཆི་བའི་དུས་ཀྱི་ཚེ་ཕལ་ཆེར་ངན་འགྲོ་རྣམས་སུ་རབ་ཏུ་ལྟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་སྐྱེས་བུ་བླུན་པོ་དེ་དག་གིས་བདག་ནི་ཡུན་རིང་མོ་ཞིག་ནས་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་གཞན་ལ་ཡང་དེ་ལྟ་བུའི་
འདུ་ཤེས་སུ་བྱེད་ཅིང་དེ་དག་དགྲ་བཅོམ་པའི་བསོད་སྙོམས་ལ་ལོངས་སྤྱོད་པས་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཆོམ་རྐུན་པ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གིས་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དོན་དམ་པའི་གཏམ་གསུངས་པ་ཐོས་ནས་གཡང་
སའི་འདུ་ཤེས་སུ་འགྱུར་ཞིང་སྐྲག་པ་ཆེན་པོ་སྐྱེ་བར་འགྱུར་རོ། །ཤཱ་རིའི་བུ་བཟོད་པ་མཆོག་ལ་མོས་པར་མི་འགྱུར་བ་གང་ཡིན་པ་དེ་དག་ཕན་ཚུན་ནས་གཅིག་ཏུ་འདུས་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ལ་སྨོད་པར་འགྱུར་ཞིང་། ཤཱ་རིའི་བུ་དེའི་ཚེ་མངོན་པའི་ང་རྒྱལ་ཅན་གྱི་ཕྱོགས་མང་བར་
འགྱུར་རོ། །དེའི་ཚེ་བདུད་སྡིག་ཅན་གྱིས་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་ཀུན་ནས་སྐུལ་བར་འགྱུར་ཞིང་། གང་ཡང་ཆོས་མ་ཡིན་པའི་ཕྱོགས་ཡོངས་སུ་འཛིན་པར་འགྱུར་རོ། །དེའི་ཚེ་ཆོས་སྨྲ་བའི་ཕྱོགས་ནི་ཉུང་ཞིང་ཚར་གཅད་པར་འགྱུར་རོ། །ཤཱ་རིའི་བུ་དེའི་ཚེ་དགེ་སློང་གསར་བུ་རྣམས་ལ་
เล่ม ๖๓ · หน้า 31a
ཤེས་རབ་རྣོན་པོ་ཕལ་ཆེར་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་གང་དག་བསྟན་པ་འདི་ལ་རབ་ཏུ་བྱུང་ནས་ཀུན་ནས་ཉོན་མོངས་པའི་སྤྱོད་པ་ལ་སྤྱད་པ་ཡིན་མོད་ཀྱི། དེ་དག་ལས་མང་དུ་མི་རྣམས་སུ་སླར་སྐྱེ་བ་བླངས་ཤིང་རབ་ཏུ་འབྱུང་བའི་ཕྱིར།
དེ་དག་མྱུར་བ་ཁོ་ནར་མངོན་པར་བྱུང་བ་དག་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་དགེ་སློང་དེ་དག་ནི་སངས་རྒྱས་ཀྱི་གསུང་དོན་དམ་པར་གང་ཡིན་ཞེས་ཡོངས་སུ་འདྲི་བའི་རང་བཞིན་ཅན་དུ་འགྱུར་རོ། །ཤཱ་རིའི་བུ་དེ་ལ་མངོན་པའི་ང་རྒྱལ་ཅན་བདུད་ཀྱི་ཕྱོགས་ལ་ཞེན་པ། འཚོ་བའི་ཡོ་བྱད་ལྷུར་ལེན་པ། སོ་
སོའི་སྐྱེ་བོ་བྱིས་པ་རྣམས་ཀྱིས་དགྲ་བཅོམ་པར་བཀུར་བ་དག་འབྱུང་བར་འགྱུར་ཏེ། དེ་དག་དེ་རྣམས་ཀྱི་དྲུང་དུ་དོང་ནས་འདི་སྐད་ཅེས་བཙུན་པ་དག་ཆོས་འདུལ་བ་འདི་ལ་རབ་ཏུ་བྱུང་ནས་ཅི་ཞིག་བསྒོམ་པར་བྱ། སངས་རྒྱས་ཀྱི་གསུང་ནི་དོན་དམ་པར་གང་ཡིན་ཞེས་འདྲི་བར་བྱེད་དོ། །ཤཱ་རིའི་
བུ་དེ་ནས་མངོན་པའི་ང་རྒྱལ་ཅན་གྱི་དགེ་སློང་གནས་བརྟན་རྒན་པོ་རྨོངས་པ་འཁོགས་པ་ལམ་གོལ་བར་གཞོལ་བདག་ལ་དགེ་སློང་གསར་བུ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་དེ་དག་གིས་དྲིས་པ་ན། འདི་སྐད་ཅེས་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་གིས་ལེགས་པར་སྤྱད་
པ་དང་། ཡིད་ཀྱིས་ལེགས་པར་སྤྱད་པ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པ་དང་། ཀློག་པ་དང་། འདོན་པ་དང་། མང་དུ་ཐོས་པ་ལ་མངོན་པར་བརྩོན་པ་དང་། སངས་རྒྱས་ལ་ཡིད་དང་བ་སྟེ། འདི་ནི་རྗེས་སུ་འཐུན་པའི་བཟོད་པ་ཡིན་ནོ། །དེ་ལྟ་མོད་ཀྱི་སེམས་ལ་དམིགས་པ་ཉེ་བར་
སྦྱར་ཏེ། ནམ་ཞིག་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་སྤངས་པར་འགྱུར་ཞིང་མྱ་ངན་ལས་འདས་པ་ལ་དམིགས་པར་འགྱུར་ཞེས་ཡིད་ལ་བྱེད་པ་བསྐྱེད་པར་བྱའོ། །ཕུང་པོ་རྣམས་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་ལ་ཡིད་འབྱུང་བར་བྱེད་པའམ། དབེན་པར་སོང་སྟེ། ཡང་
ཕུང་པོ་རྣམས་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་ལ་མི་རྟག་པ་ལ་སོགས་པར་ཡིད་ལ་བྱེད་པ་དང་། ཡང་ལུས་ལ་མི་གཙང་བ་རྣམ་པ་དུ་མའི་འདུ་ཤེས་ཉེ་བར་སྒྲུབ་པར་བྱེད་དེ། དེ་དེ་ལྟར་ཡིད་ལ་བྱེད་པ་ན་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པར་འགྱུར་རོ། །ཕུང་པོ་དེ་ཉིད་
เล่ม ๖๓ · หน้า 31b
སྡུག་བསྔལ་བ་ཉིད་དང་། ཕུང་པོ་སྟོང་པ་ཉིད་དང་། ཕུང་པོ་ཉམ་ཆུང་བ་ཉིད་དུ་ཡིད་ལ་བྱེད་པ་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་པར་འགྱུར་རོ། །དེ་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་དང་། དེ་བཞིན་དུ་དགྲ་བཅོམ་པ་ཉིད་འཐོབ་པར་འགྱུར་རོ། །འདི་ནི་སངས་རྒྱས་ཀྱི་གསུང་དོན་
དམ་པ་ཡིན་ཏེ། འདི་ལྟ་སྟེ་དགྲ་བཅོམ་པ་ཉིད་ཐོབ་པ་ཡིན་ནོ་ཞེས་སྨྲ་བར་བྱེད་དོ། །ཤཱ་རིའི་བུ་དེ་ལ་དགེ་སློང་ཤེས་རབ་རྣོན་པོ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་དག་གིས་འདི་སྐད་ཅེས། བདག་ཅག་ཀྱང་སངས་རྒྱས་ཀྱི་གསུང་དོན་དམ་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་དགྲ་བཅོམ་པ་ཉིད་ཐོབ་པ་
ཡིན་པར་དེ་ལྟར་ནི་ཤེས་ན། ཇི་ག་ཕུང་པོ་ལྔ་རྣམས་ཡིད་ལ་བྱེད་པས་འཐོབ་པར་འགྱུར་རམ། འོན་ཏེ་ཡིད་ལ་བྱེད་པ་མེད་པས་འགྱུར་ཞེས་དྲིས་པ་དང་། དེ་དག་འདི་སྐད་ཅེས་འདི་ལྟར་ཕུང་པོ་ལྔ་རྣམས་ཡིད་ལ་བྱེད་པས་འཐོབ་པར་འགྱུར་གྱི། ཡིད་ལ་བྱེད་པ་མེད་པས་ནི་མ་ཡིན་
ནོ་ཞེས་སྨྲས་སོ། །དེ་དག་གིས་ཡང་འདི་སྐད་ཅེས་ཇི་ག་ཕུང་པོ་ཡང་གཞན་ཡིན་ལ། ཡིད་ལ་བྱེད་པ་ཡང་གཞན་ཡིན་ནམ་ཞེས་དྲིས་པ་དང་། དེ་དག་གིས་འདི་སྐད་ཅེས་ཕུང་པོ་ཡང་གཞན་ཡིན་ལ་ཡིད་ལ་བྱེད་པ་ཡང་གཞན་ཡིན་ནོ་ཞེས་སྨྲས་སོ། །དེ་དག་གིས་འདི་སྐད་ཅེས་གལ་ཏེ་ཕུང་
པོ་ཡང་གཞན་ཡིན་ལ། ཡིད་ལ་བྱེད་པ་ཡང་གཞན་ཡིན་ཞིང་དེས་ལམ་བསྒོམས་ན་མྱ་ངན་ལས་འདའ་བར་འགྱུར་བའི་ཕུང་པོ་གང་ཡིན་པ་དེ་དག་དང་། ཡིད་ལ་བྱེད་པ་གཞན་གང་ཡིན་པ་དེ་འགའ་ཞིག་ཀྱང་ཡོད་པར་འགྱུར་རམ་ཞེས་དྲིས་པ་དང་། དེ་དག་གིས་འདི་སྐད་ཅེས་ཕུང་པོ་
གང་ཡིན་པ་དེ་དག་དང་། ཡིད་ལ་བྱེད་པ་གང་ཡིན་པ་དེ་ཡང་དེ་ལྟར་མ་གྱུར་ན། ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་ཕུང་པོ་གང་ཡིན་པ་དེ་དག་དང་། ཡིད་ལ་བྱེད་པ་གང་ཡིན་པ་དེ་ཡང་ཡོད་པས། དེས་ལམ་བསྒོམས་ནས་ཡོངས་སུ་མྱ་ངན་ལས་
འདའ་བར་འགྱུར་རོ་ཞེས་སྨྲའོ། །ཤཱ་རིའི་བུ་འདི་ལྟར་དེའི་ཚེ་དགེ་སློང་དེ་དག་ཕལ་ཆེར་དེ་ལྟ་བུའི་བཟོད་པ་ཅན་དུ་འགྱུར་རོ། །ཤཱ་རིའི་བུ་དེ་ན་ཡང་སངས་རྒྱས་ཀྱི་གསུང་དོན་དམ་པར་ཉན་པར་འདུས་པའི་ལྷ་གང་ཡིན་པ་དེ་དག་གིས་དེ་ལྟ་བུའི་བཤད་པ་ཐོས་ནས། གཡང་ས་ཆེན་
เล่ม ๖๓ · หน้า 32a
པོར་རབ་ཏུ་ལྟུང་བར་འགྱུར་རོ་ཞེས་སྐྲག་པ་ཆེན་པོ་སྐྱེ་བར་འགྱུར་ཞིང་འདི་སྐད་ཅེས། ཀྱེ་མའོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ནི་མྱུར་དུ་ཞི་བ་དང་། མྱུར་དུ་ནུབ་པའི་བར་དུ་འགྱུར་རོ་ཞེས་སྨྲའོ། །ཤཱ་རིའི་བུ་དེ་ལ་དགེ་སློང་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་
བྱས་པ། དགེ་བའི་རྩ་བ་ཉེ་བར་བརྟན་པ། དགེ་བའི་རྩ་བ་འབར་བར་བྱས་པ་གང་ཡིན་པ་དེ་དག་ནི་སྐྱེས་བུ་གཏི་མུག་ཕུང་པོའི་འདུ་ཤེས་དང་། གང་ཟག་གི་འདུ་ཤེས་ཅན་གྱི་གནས་བརྟན་རྒན་པོ་རྨོངས་པ་འཁོགས་པ། ལམ་གོལ་བ་ལ་ཞུགས་པ། མངོན་པའི་ང་རྒྱལ་དང་།
ལོག་པའི་ལྟ་བ་ཅན་དེ་དག་གིས་སྨྲས་པ་དེ་ལ་མངོན་པར་བསྟོད་པར་མི་བྱེད་ཅིང་སྟན་ལས་ལངས་ནས་འདོང་བར་འགྱུར་རོ། །ཤཱ་རིའི་བུ་དེ་ལ་ལྷའི་ཚོགས་མང་པོ་དག་ཡིད་ལྷག་པར་དགའ་ནས་ཕྱོགས་བཞིར་ད་དུང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཉན་ཐོས་རྣམས་གནས་པ་ལྟ་ཅི་ཞིག་
ཅེས་དབྱངས་སུ་སྒྲོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུ་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ཡིན་པའི་ཕྱིར་རོ། །དེ་དག་འདི་ལྟ་བུའི་ཡོངས་སུ་མ་དག་པའི་བཟོད་པ་ལ་དགའ་བར་མི་བྱེད་དེ། འདི་ལྟ་སྟེ་གང་ཟག་ཏུ་ལྟ་བ་མ་ཡིན་ནོ། །འདི་ལྟར་
ལྷ་མང་པོ་འདུས་པ་དེས་དེ་དག་གི་བསམ་པ་རིག་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། ལྷག་པར་ཡིད་དགའ་ནས་ཆེད་དུ་བརྗོད་པ་ཆེན་པོ་ཆེད་དུ་བརྗོད་པར་འགྱུར་རོ། །ཤཱ་རིའི་བུ་དགེ་སློང་ཡོངས་སུ་འདྲི་བའི་རང་བཞིན་ཅན་སངས་རྒྱས་ཀྱི་སྲས་དེ་དག་ནི་དམིགས་སུ་མེད་པའི་བཟོད་པ་ལ་དགའ་
བར་འགྱུར་ཏེ། དེ་དག་དེ་ན་ལྷན་ཅིག་དེ་ལྟ་བུ་སྟོན་པར་འགྱུར་རོ། །ཤཱ་རིའི་བུ་དེའི་ཚེ་འདི་ལྟར་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཚོགས་ཤིང་སྤྱོད་པ་ལྷག་པར་ཆགས་པ་རྣམས་ཀྱིས་ཚར་གཅད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཅི་ནས་ཀྱང་ཤིན་ཏུ་ཟིལ་གྱིས་མནན་པར་བྱ་བའི་ཕྱིར་རོ། །
ཤཱ་རིའི་བུ་འདི་ལྟར་དེའི་ཚེ་ངའི་སྲས་ངའི་ཉན་ཐོས་རྣམས་ཀྱི་ཡབ་ཀྱི་གནས། ཡབ་ཀྱི་སྤྱོད་ཡུལ། ཡབ་ཀྱི་རིགས་རྒྱུད་ལ་དགའ་བའི་ཚིག་ཙམ་ཡང་སྨྲ་བར་མི་འགྱུར་ན། གཙུག་ལག་ཁང་དུ་གནས་པ་ལྟ་ཅི་སྨོས། བཀུར་སྟི་བྱ་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །
เล่ม ๖๓ · หน้า 32b
ཤཱ་རིའི་བུ་ལྟོས་ཤིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྲས་ཤིན་ཏུ་དུལ་བ་ཤིན་ཏུ་བྱང་བ་དམིགས་སུ་མེད་པའི་བཟོད་པ་ཅན་གང་ཡིན་པ་དེ་དག་དེའི་ཚེ་ཤིན་ཏུ་ཟིལ་གྱིས་གནོན་པ་དང་། ཤིན་ཏུ་སྤངས་པར་གྱུར་པ་དེའི་ཚེ་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ཐིབས་
ཀྱིས་མནན་པར་འགྱུར། གང་ཡང་དེས་ངའི་སྲས་རྣམས་ཡབ་ཀྱི་སྤྱོད་ཡུལ་གང་ཡིན་པས་བདེ་བ་ལ་རེག་པར་གནས་པར་འགྱུར་བར་བྱ་བའི་ཕྱིར་དེ་དག་གི་དོན་དུ་བསྐལ་པ་གྲངས་མེད་པ་ནས་བཟུང་སྟེ། གཡུལ་ཆེན་པོ་བཅོམ་ནས་ཆོས་ཀྱི་རྒྱལ་སྲིད་ཀྱིས་བསྐྱངས་ན། ཤཱ་རིའི་བུ་འདི་ལྟར་
གསལ་ཞིང་རྒྱ་ཆེ་བའི་ཆོས་འདུལ་བ་འདི་ལ་ཆོམ་རྐུན་པ་ཆེན་པོའི་དགེ་འདུན་དེ་དག་གིས་གཡག་ཆེན་པོ་ལྟ་བུའི་དགེ་འདུན་ཕྱེ་བར་འགྱུར་རོ། །ཤཱ་རིའི་བུ་འདི་ལྟར་ངས་ཆོས་དང་འཐུན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། དགེ་སྦྱོང་
ངམ། བྲམ་ཟེའམ། ལྷའམ་བདུད་དམ། ཚངས་པ་སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པས་མ་བསྐོར་བའི་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཆོས་དང་འཐུན་པས་བསྐོར་གྱི། ཆོས་དང་མི་འཐུན་པས་མ་ཡིན་པའི་གནས་འདི་ལ་ལྷ་དང་བཅས་པའི་འཇིག་རྟེན་མངོན་སུམ་དང་
དབང་དུ་གྱུར་པ་ཡིན་ནོ། །ཤཱ་རིའི་བུ་དེ་ལ་འདི་ལྟ་བུའི་གཏན་ཚིགས་འདི་མངོན་སུམ་དུ་ཡོད་བཞིན་དུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡིད་ལ་བྱེད་པ་ན། ཆོས་དང་འཐུན་པས་དབང་པོ་དྲིས་ན་ཡང་
ལན་ལྡོན་པར་མི་ནུས་ཤིང་དེའི་ཚེ་ངའི་སྲས་རྣམས་ལ་ཡང་མི་འཇིགས་པ་སྦྱིན་པར་མི་བྱེད་དོ། །ཤཱ་རིའི་བུ་དཔེར་ན་མི་འགའ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་སྦྲང་རྩིའི་བུམ་པ་ཞིག་བཞག་ནས་འདི་སྐད་ཅེས། གང་གི་སྦྲང་རྩིའི་བུམ་པ་འདི་ལས་ཐ་ན་སྐྲའི་རྩེ་མོའི་ཆ་ཤས་ཙམ་
ཞིག་ཟོས་ན་ཡང་དེ་ནི་རྒ་བ་དང་འཆི་བ་མེད་པར་འགྱུར་རོ་ཞེས་སྨྲས་ལ། སྦྲང་རྩིའི་བུམ་པ་དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་ཕལ་ཆེར་གྱིས་ལག་པར་མཚོན་ཆ་བླངས་ནས་གང་གིས་སྦྲང་རྩིའི་བུམ་པ་འདི་ལས་ཐ་ན་སྐྲའི་རྩེ་མོའི་ཆ་ཤས་ཙམ་ཞིག་ཟོས་ན་དེའི་སྲོག་ཀྱང་མེད་པར་
เล่ม ๖๓ · หน้า 33a
འགྱུར་རོ་ཞེས་སྲུང་ཞིང་སྦེད་པར་བྱེད་དོ། །ཤཱ་རིའི་བུ་དེ་ལ་འགའ་ཞིག་འདི་སྙམ་དུ་སུ་ཡང་རུང་སྦྲང་རྩིའི་བུམ་པ་འདི་ལས་ཐ་ན་སྐྲའི་རྩེ་མོའི་ཆ་ཤས་ཙམ་ཞིག་ཟོས་ན་ཡང་དེ་ཁོ་ནས་ན་བ་དང་འཆི་བར་མི་འགྱུར་བས་མ་ལ་བདག་གིས་སྲོག་དང་ཡང་བསྡོས་ཏེ། སྦྲང་རྩིའི་
བུམ་པ་འདི་ལས་ཟོས་ན། གལ་ཏེ་མཚོན་ཆ་རྣམས་མངོན་དུ་འབབ་མོད་ཀྱི། སྦྲང་རྩིའི་བུམ་པ་འདི་ལས་ཅུང་ཟད་ཅིག་མྱང་བར་ནུས་ན་བདག་ལ་མཚོན་གྱིས་གསོད་པའི་འཇིགས་པ་ཡང་མི་འབྱུང་ཞིང་རྒ་བ་དང་འཆི་བ་མེད་པ་ཡང་འཐོབ་པར་འགྱུར་གོར་མ་ཆག་གོ་སྙམ་དུ་བསམས་ནས་
དེས་སྲོག་དང་བསྡོས་ཤིང་སྲོག་ལ་མི་བལྟ་བར་བྱས་ཏེ། སྦྲང་རྩིའི་བུམ་པ་དེ་ལ་རེག་པ་ན་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མའི་ལག་པ་ནས་མཚོན་ཆ་མངོན་དུ་འཕེན་ནོ། །དེ་ལྟར་མཚོན་ཆ་མངོན་དུ་འཕེན་པས་འཇིགས་བཞིན་དུ་སྦྲང་རྩིའི་བུམ་པ་ལས་སྐྲའི་རྩེ་མོའི་ཆ་ཤས་ཙམ་
ཞིག་ཟོས་ནས་དེ་དེ་ནས་ལངས་པ་དང་། རྒ་བ་དང་། འཆི་བ་ལས་ཡོངས་སུ་ཐར་བར་གྱུར་ཏོ། །ཤཱ་རིའི་བུ་དེ་བཞིན་དུ་ཆོས་དཀར་པོ་རྣམས་ཀྱི་བར་ཆད་བྱ་བའི་ཕྱིར་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་སམ། བདུད་ཀྱིས་མངགས་པའི་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ།
དགེ་བསྙེན་མ་མང་པོ་གང་ཡིན་པ་དག་རབ་ཏུ་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ན་སྟོང་པ་ཉིད་དམིགས་སུ་མེད་པའི་ཆོས་དེ་ལ་སོམ་ཉི་མེད་ཅིང་ཡིད་གཉིས་མི་ཟ་སྟེ་འཇུག་པ་དང་། གང་ཡང་ཆོས་དེ་དག་ལ་མོས་པར་བྱེད་པའི་སངས་
རྒྱས་ཀྱི་སྲས་དམིགས་སུ་མེད་པའི་སྤྱོད་པ་བཟོད་པ་མཆོག་དང་ལྡན་པ་དེ་དག་དང་། གང་དག་ཡང་ཆོས་དེ་དག་ལ་མངོན་པར་བརྩོན་པར་འགྱུར་བ་སྟེ། དེ་རྣམས་ནི་དེའི་ཚེ་ཅི་ནས་ཀྱང་ཤིན་ཏུ་ཟིལ་གྱིས་གནོན་པར་འགྱུར་རོ། །སྲོག་ལ་ཡང་མི་ལྟོས་པར་ཞེས་བྱ་བ་ནི་དེ་བཞིན་དུ་དེ་དག་
མངོན་པར་འདུ་བྱེད་པ་མེད་པར་སོ་སོར་རྟོགས་པར་འགྱུར་ཞིང་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །ཤཱ་རིའི་བུ་སྦྲང་རྩིའི་བུམ་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་ཆོས་འདུལ་བ་འདི་སོ་སོར་བསྟན་པའི་ཚིག་བླ་དགས་ཡིན་ཏེ། འདི་ལྟ་སྟེ་སྟོང་པ་ཉིད་དང་།
เล่ม ๖๓ · หน้า 33b
མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་སོ། །ཤཱ་རིའི་བུ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྲུང་ཞིང་སྦེད་པ་ཞེས་བྱ་བ་ནི་ལྷ་དང་བཅས་པའི་འཇིག་རྟེན་མི་དགེ་བའི་ཕྱོགས་ལ་རབ་ཏུ་ཞེན་པ་དང་། བདུད་ཀྱི་ཕྱོགས་སུ་ཞུགས་པ་དང་། བདུད་ཀྱི་ཕྱོགས་ལ་ཆགས་པ་
ཕལ་མོ་ཆེ་གང་ཡིན་པ་སྟེ། དེ་དག་བདག་ཉིད་ཀྱང་ཤིན་ཏུ་ཉམས་ཤིང་གང་དག་ཆོས་དེ་དག་ལ་མངོན་པར་བརྩོན་པར་བྱེད་པ་དེ་དག་གི་བར་ཆད་བྱ་བའི་ཕྱིར་ཡང་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་མངོན་པའི་ང་རྒྱལ་ཅན་གྱི་དགེ་སློང་གང་ཡིན་པ་དེ་རྣམས་ཀྱང་ཞེས་བྱ་བ་ལ་དེ་དག་ནི་བདུད་ཀྱི་དབང་
དུ་སོང་བ། བདུད་ཀྱི་ཕྱོགས་སྐྱོང་བར་བྱེད་པ། བདུད་ཀྱི་ཕྱོགས་ལ་ཆགས་པ་རྣམས་ཡིན་ཏེ། དེ་དག་ཀྱང་སྟོང་པ་ཉིད་དམིགས་སུ་མེད་པའི་ཆོས་ཡིད་ལ་བྱེད་པ་འདི་ལ་སྨོད་པར་འགྱུར་རོ། །ཤཱ་རིའི་བུ་མ་འོངས་པའི་དུས་ན་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་གང་ཡིན་པ་དེ་དག་
ཀྱང་བདག་ཏུ་དམིགས་པ་དང་། སེམས་ཅན་དུ་དམིགས་པ་དང་། སྲོག་ཏུ་དམིགས་པ་དང་། གང་ཟག་ཏུ་དམིགས་པ་དང་། ཕུང་པོར་དམིགས་པ་དང་། ཁམས་སུ་དམིགས་པ་དང་། སྐྱེ་མཆེད་དུ་དམིགས་པ་དང་། སྲིད་པར་དམིགས་པ་དང་། ལམ་དུ་དམིགས་པ་དང་།
མྱ་ངན་ལས་འདས་པར་དམིགས་པ་དང་། འབྲས་བུར་དམིགས་པ་དང་། ཐོབ་པར་དམིགས་པ་དང་། མ་ཐོབ་པར་ཐོབ་པའི་འདུ་ཤེས་ཅན་དུ་འགྱུར་རོ།། །།སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ། བམ་པོ་བཞི་པ། དེ་དག་ཀྱང་སངས་
རྒྱས་ཀྱི་བྱང་ཆུབ་ཟབ་མོ་དམིགས་སུ་མེད་པའི་ཆོས་སྟོང་པ་ཉིད་འདི་ལ་སྨོད་པར་འགྱུར་ཏེ། དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པས་བདུད་ཀྱི་འཁོར། བདུད་ཀྱི་བྱིན་གྱིས་བརླབས་པ་ཡིན་པར་གསུངས་སོ། །དེ་དག་ནི་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་འཚོ་བར་མི་འགྱུར་རོ། །
བདུད་ཀྱི་ཕྱོགས་ཀྱང་རབ་ཏུ་རྒྱས་པར་འགྱུར་རོ། །བདུད་ཀྱི་བྱ་བ་ཡང་བྱེད་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལ་གང་དག་བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། དམིགས་སུ་མེད་པའི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།
เล่ม ๖๓ · หน้า 34a
སྨོན་པ་མེད་པའི་ཆོས་རྣམས་བཤད་པ་ན། སྐྲག་པར་འགྱུར་བ་དང་། དངང་བར་འགྱུར་བ་དང་། ཀུན་ཏུ་དངང་བར་འགྱུར་བའི་ཁྱིམ་པའམ། རབ་ཏུ་བྱུང་བ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་བདུད་ཀྱིས་མངགས་པ་དང་། དགེ་སྦྱོང་མ་ཡིན་པར་དགེ་
སྦྱོང་ལྟར་བཅོས་པ་དང་། ཆོས་ཀྱི་ཆོམ་རྐུན་གནས་པ་དང་། ཆོས་ཀྱི་ཆོམ་རྐུན་པ་དང་། སྤྲེའུ་དང་འདྲ་བར་སྤྱོད་པ་དང་། བདུད་ཀྱི་འཁོར་ཡིན་པ་དེ་ལྟར་ཤེས་པར་བྱའོ། །ཤཱ་རིའི་བུ་གང་དག་བདག་ཏུ་ལྟ་བ་དང་ལྡན་པ་དང་། སེམས་ཅན་ཏུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་
ཟག་ཏུ་ལྟ་བ་དང་ལྡན་པ་དེ་དག་ཐམས་ཅད་ནི་ཆོས་འདུལ་བ་འདི་ལ་བདུད་ཀྱི་ཕྱོགས་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པས་འདུས་བྱས་སུ་གཏོགས་པ་འདི་ལ་ནི་བདག་གམ། བདག་གིའམ། སེམས་ཅན་ནམ། སྲོག་གམ། གསོ་བའམ། སྐྱེས་བུ་
འམ། གང་ཟག་གམ། ཤེད་ལས་སྐྱེས་སམ། ཤེད་བུའམ། བྱེད་པ་པོའམ། བྱེད་དུ་འཇུག་པ་པོའམ། ཚོར་བ་པོའམ། ཀུན་ཏུ་ཚོར་བ་པོའམ། ལྷའམ། དྲི་ཟའམ། རྟག་པའམ། བརྟན་པའམ། ཐེར་ཟུག་གམ། ཡོངས་སུ་མི་འགྱུར་བའི་ཆོས་ཅན་རྣམས་
ཀྱིས་སྟོང་ངོ་ཞེས་གསུངས་པ་ནི་འདི་ཡིན་ཏེ། མདོ་སྡེའི་ཚིག་འདི་དག་དེ་དག་གིས་འཛིན་པར་འགྱུར། གཞན་ལ་ཡང་སྟོན་པར་འགྱུར་ཞིང་གང་ཟག་ཏུ་ལྟ་བར་ཡང་བྱིང་བར་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་སྐྱེས་བུ་དམ་པ་མ་ཡིན་པ་དེ་ལྟ་བུ་དེ་དག་ནི་སྐལ་བ་ངན་པ་ཅན་ཞེས་བྱའོ། །
འབྱེད་པ་པོ་ཞེས་བྱའོ། །དགེ་འདུན་འབྱེད་པ་པོ་ཞེས་བྱའོ། །ཁ་དྲངས་པ་ཞེས་བྱའོ། །དགེ་སྦྱོང་སུན་འབྱིན་པ་ཞེས་བྱའོ། །དགེ་སྦྱོང་སྲེད་ཞེས་བྱའོ། །རོ་ཞེས་བྱའོ། །ངོ་འཛུམ་གནག་པ་ཞེས་བྱའོ། །ཕྲ་མ་ཅན་ཞེས་བྱའོ། །དགེ་སྦྱོང་གི་རིགས་ཅན་ཞེས་བྱའོ། །དགེ་སྦྱོང་
གི་སྙིགས་མ་ཞེས་བྱའོ། །དགེ་སྦྱོང་བཀྲེན་པ་ཞེས་བྱའོ། །དགེ་སྦྱོང་ཕལ་པ་ཞེས་བྱའོ། །ཁུར་བླངས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ལ་གསོད་པ་ཞེས་བྱའོ། །མཚམས་མེད་པ་དང་ལྡན་པ་ཞེས་བྱའོ། །སྡིག་པའི་གྲོགས་པོ་ཞེས་བྱའོ། །ཚུལ་ཁྲིམས་
เล่ม ๖๓ · หน้า 34b
འཆལ་པ་ཞེས་བྱའོ། །ལོག་པར་ལྟ་བ་ཞེས་བྱའོ། །མུ་སྟེགས་པ་ཞེས་བྱའོ། །བར་ཆད་བྱེད་པ་ཞེས་བྱའོ། །སྡིག་པ་དང་འགྲོགས་པ་ཞེས་བྱའོ། །མདངས་འཇོམས་པར་བྱེད་པ་ཞེས་བྱའོ། །རྨ་དང་བཅས་པ་ཞེས་བྱའོ། །ཟུག་རྔུ་དང་བཅས་པ་ཞེས་བྱའོ། །སྙིགས་མ་དང་བཅས་
པ་ཞེས་བྱའོ། །ཆོག་མི་ཤེས་པ་ཞེས་བྱའོ། །ཡོངས་སུ་གདུང་བ་དང་བཅས་པ་ཞེས་བྱའོ། །སྒྱུ་མ་ཞེས་བྱའོ། །རབ་རིབ་དང་མུན་པར་ལྷུང་བ་ཞེས་བྱའོ། །ཚང་ཚིང་དུ་རྒྱུ་བ་ཞེས་བྱའོ། །རྒྱུན་གྱི་རྗེས་སུ་སྤྱོད་པ་ཞེས་བྱའོ། །རྗེས་སུ་ཆགས་པ་ལ་སྤྱོད་པ་ཞེས་བྱའོ། །གཞན་སྦེད་པ་ཞེས་
བྱའོ། །སེམས་ཅན་དམྱལ་བ་པ་ཞེས་བྱའོ། །དུད་འགྲོའི་སྐྱེ་གནས་པ་ཞེས་བྱའོ། །གཤིན་རྗེའི་འཇིག་རྟེན་པ་ཞེས་བྱའོ། །ལྷ་མ་ཡིན་གྱི་རིས་པ་ཞེས་བྱའོ། །རིགས་པ་མེད་པ་ཞེས་བྱའོ། །གྲོལ་བ་མེད་པ་ཞེས་བྱའོ། །ངན་གཡོ་ཅན་ཞེས་བྱའོ། །ཚུལ་འཆོས་པ་ཞེས་བྱའོ། །ཐོབ་
ཀྱིས་འཇལ་བ་ཞེས་བྱའོ། །གཞོགས་སློང་པ་ཞེས་བྱའོ། །རྙེད་པ་དང་བཀུར་སྟི་ལྷུར་ལེན་པ་ཞེས་བྱའོ། །ལྷག་པར་ཞེན་པ་ཞེས་བྱའོ། །ཁྱིམ་སུན་འབྱིན་པ་ཞེས་བྱའོ། །ཕོ་ཉས་ཉོན་མོངས་པ་ཞེས་བྱའོ། །ཕོ་ཉ་མངག་གཞུག་པ་ཞེས་བྱའོ། །རྒོད་པ་ཞེས་བྱའོ། །ཁེངས་པ་ཞེས་
བྱའོ། །མི་བརྟན་པ་ཞེས་བྱའོ། །རྩམ་པ་མེད་པ་ཞེས་བྱའོ། །ཚིག་ཟློས་བུ་ཅན་ཞེས་བྱའོ། །ལེ་ལོ་ཅན་ཞེས་བྱའོ། །བརྩོན་འགྲུས་ཞན་པ་ཞེས་བྱའོ། །སེམས་མཉམ་པར་མ་བཞག་པ་ཞེས་བྱའོ། །སེམས་འཁྲུགས་པ་ཞེས་བྱའོ། །དྲན་པ་ཉམས་པ་ཞེས་བྱའོ། །ཕལ་པའི་
དབང་པོ་ཅན་ཞེས་བྱའོ། །ཤེས་རབ་འཆལ་པ་ཞེས་བྱའོ། །ལུག་ལྟར་ལྐུགས་པ་ཞེས་བྱའོ། །ངན་པར་བསྒྲགས་པ་ཞེས་བྱའོ། །ཉེས་པར་རྟོགས་པ་ཞེས་བྱའོ། །དགེ་སྦྱོང་གི་དྲི་མ་ཞེས་བྱའོ། །འདོད་ཆགས་ཀྱིས་བཅོམ་པ་ཞེས་བྱའོ། །ཞེ་སྡང་གིས་བཅོམ་པ་ཞེས་བྱའོ། །གཏི་
མུག་གིས་བཅོམ་པ་ཞེས་བྱའོ། །ང་རྒྱལ་གྱིས་བཅོམ་པ་ཞེས་བྱའོ། །ཆོམ་རྐུན་པ་ཞེས་བྱའོ། །གཡོན་ཅན་ཞེས་བྱའོ། །བུ་ངན་པ་ཞེས་བྱའོ། །སླུ་བ་པ་ཞེས་བྱའོ། །རྩོད་པ་ལ་དགའ་བ་ཞེས་བྱའོ། །རྩོད་པས་སྦགས་པ་ཞེས་བྱའོ། །རྩོད་པ་ལེན་པ་ཞེས་བྱའོ། །རྩོད་པ་ལ་གནས་
เล่ม ๖๓ · หน้า 35a
པ་ཞེས་བྱའོ། །ཡོངས་སུ་མ་གྲོལ་བ་ཞེས་བྱའོ། །ཡོངས་སུ་མ་དག་པ་ཞེས་བྱའོ། །མྱ་ངན་གྱིས་བཅོམ་པ་ཞེས་བྱའོ། །མྱ་ངན་གྱིས་དཀྲུགས་པ་ཞེས་བྱའོ། །དགེ་སྦྱོང་ཙམ་ཞེས་བྱའོ། །དགེ་སྦྱོང་གིས་མདུད་པ་ཞེས་བྱའོ། །དགེ་སྦྱོང་གཏུམ་པོ་ཞེས་བྱའོ། །དགེ་
སྦྱོང་རུལ་པ་ཞེས་བྱའོ། །དགེ་སྦྱོང་སྦུན་པ་ཞེས་བྱའོ། །དགེ་སྦྱོང་ཀླན་ཀ་ཚོལ་བ་ཞེས་བྱའོ། །དགང་དཀའ་བ་ཞེས་བྱའོ། །གསོ་དཀའ་བ་ཞེས་བྱའོ། །བློ་གྲོས་འཆལ་པ་ཞེས་བྱའོ། །ཉེས་པར་གནས་པ་ཞེས་བྱའོ། །འཕགས་པ་མ་ཡིན་པ་ཞེས་བྱའོ། །འཛེམ་པ་མེད་པ་ཞེས་བྱའོ། །ངོ་ཚ་མེད་
པ་ཞེས་བྱའོ། །མགོ་བཅད་པ་ཞེས་བྱའོ། །རྣམ་པར་བརྟགས་པ་ཞེས་བྱའོ། །བསགས་པ་དང་ཀུན་ནས་བསགས་པ་ཞེས་བྱའོ། །འབྲས་གདུག་པ་ཅན་ཞེས་བྱའོ། །ཁོང་འབྲས་ཅན་ཞེས་བྱའོ། །ཞེན་པ་དང་ཉེས་པ་དང་རྨོངས་པ་ཞེས་བྱའོ། །བརྐམ་ཆགས་དང་ཞེན་པ་ཞེས་བྱའོ། །
ཀུན་ནས་བཅིངས་པ་ཞེས་བྱའོ། །ངན་པས་གོས་ཤིང་རྨོངས་པས་གཏུགས་པ་ཞེས་བྱའོ། །སྟོང་པ་ཅན་དང་། ཟད་པ་ཅན་དང་། ཉམས་པ་ཅན་ཞེས་བྱའོ། །སྟོང་པ་དང་། ཟད་པ་དང་། ཉམས་པ་ཞེས་བྱའོ། །ཤཱ་རིའི་བུ་ཅིའི་ཕྱིར་སྟོང་པ་དང་། ཟད་པ་དང་། ཉམས་པ་ཞེས་བྱ་ཞེ་ན།
སངས་རྒྱས་ཀྱིས་བསྔགས་པ་དང་། སྐྱེས་བུ་དམ་པའི་མཚན་ཉིད་དང་། དགེ་སྦྱོང་གི་ཆོས་དང་། དགེ་སྦྱོང་གི་ཡོན་ཏན་དང་། དགེ་སྦྱོང་གི་ཆོ་ག་དང་། དགེ་སྦྱོང་གི་ཚུལ་རྣམས་ལས་ཡོངས་སུ་ཉམས་ཤིང་ཤིན་ཏུ་ཡོངས་སུ་ཉམས་པ་སྟེ། ཤཱ་རིའི་བུ་དེའི་ཕྱིར་སྟོང་པ་དང་། ཟད་པ་དང་།
ཉམས་པ་ཞེས་བྱའོ། །འཕགས་པའི་གསུང་རབ་འདི་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར། དེས་ན་ཉམས་པ་ཞེས་བྱའོ། །སངས་རྒྱས་ཀྱི་བྱང་ཆུབ་འདི་ལས་ཐ་དད་པར་བྱེད་ཅིང་དམིགས་སུ་མེད་པའི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་མཚན་ཉིད་ཀྱི་ཆོས་ལས་ཐ་དད་པར་
བྱེད་པས་ཤཱ་རིའི་བུ་དེས་ན་སྟོང་པ་དང་། ཟད་པ་དང་། ཉམས་པ་ཞེས་བྱའོ། །ཡང་དག་པ་མ་ཡིན་པ་ལ་ཞེན་པ་དང་སྙིང་པོ་མེད་པ་ལ་ཞེན་པ་དེ་དག་ནི་བདུད་སྡིག་ཅན་དགའ་བར་བྱེད་དུ་འཇུག་པ་ཡིན་ནོ། །དེ་དག་ནི་ཚུལ་ཁྲིམས་སམ། འཇིག་རྟེན་པའི་སྤྱོད་ཚུལ་ཐམས་ཅད་ཀྱིས་བྱིས་པ་སོ་སོའི་སྐྱེ་བོ་
เล่ม ๖๓ · หน้า 35b
རྣམས་དང་མཚུངས་པ་ཡིན་ནོ། །སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གང་ཞིག་དང་ལྡན་ན། མ་ཡིན་པའི་བཟོད་པ་དང་ལྡན་པ་ཞེས་བྱ་སྟེ། སྤོང་བ་པ་རྣམས་དང་མཚུངས་པ་མ་ཡིན། མཉམ་པ་མ་ཡིན་འདྲ་བ་མ་ཡིན་ཏེ། དམིགས་པའི་ལྟ་བ་ཅན་རྣམས་ནི་དགེ་སྦྱོང་གི་ཡོན་ཏན་དང་། དགེ་སྦྱོང་
གི་ཆོས་དང་། དགེ་སྦྱོང་གི་ཆོ་ག་དང་། དགེ་སྦྱོང་གི་ཚུལ་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རོ། །བྱེ་བ་བརྒྱ་སྟོང་གི་ཆ་ཙམ་དུ་ཡང་ཉེ་བར་མི་འགྲོ་སྟེ། ཤཱ་རིའི་བུ་དེས་ན་སྟོང་པ་དང་ཟད་པ་དང་ཉམས་པ་ཞེས་བྱའོ། །འཇིག་རྟེན་གྱི་ཟང་ཟིང་ལ་ལྷག་པར་ཞེན་པ་དགེ་སྦྱོང་དུ་ཁས་འཆེ་བ་དེ་དག་ནི་དགེ་སྦྱོང་མ་
ཡིན་པར་དགེ་སྦྱོང་ལྟར་བཅོས་པ། དད་པས་བྱིན་པ་ལ་ལོངས་སྤྱོད་པར་བྱེད་པ། རྟག་ཏུ་ཆོམ་རྐུན་པའི་རྟགས་ཐོགས་པ། རྒྱལ་མཚན་སྙོལ་བར་བྱེད་པ་ཡིན་ཏེ། ཇི་ལྟར་ཡོངས་སུ་དག་པའི་ཡོན་གནས་འཇིག་རྟེན་པའི་བསོད་ནམས་ཀྱི་ཞིང་རྣམས་ཀྱིས་ཡོངས་སུ་ལོངས་སྤྱད་པ་ལྟར་ཁམ་གཅིག་
ཙམ་ཡང་ཡོངས་སུ་དག་པར་ལོངས་སྤྱོད་པར་མི་བྱེད་པས་དེ་དག་ནི་ཡོངས་སུ་ལོངས་མ་སྤྱད་པ། རིགས་པ་མེད་པ། གྲོལ་བ་མེད་པ་ཡིན་པས། ཤཱ་རིའི་བུ་དེས་ན་སྟོང་པ་དང་། ཉམས་པ་དང་། ཟད་པ་ཞེས་བྱའོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཁྱིམ་པ་སྲོག་གཅོད་པ་དང་། མ་
བྱིན་པར་ལེན་པ་དང་། འདོད་པ་རྣམས་ལ་ལོག་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མའི་ཚིག་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་གང་ཡིན་པ་ཞིག་ཡོད་པར་གྱུར་ལ། སྲོག་གཅོད་པའི་ཁྱིམ་པ་དེ་འདུག་ནས་
ཅི་ནས་ཀྱང་རྟག་པར་རྒྱུན་ཏུ་སྲོག་གཅོད་ཅིང་འཚེ་བར་བྱེད་དམ། འོན་ཏེ་དུས་ཐམས་ཅད་དུ་ནི་མ་ཡིན། གསོལ་པ། བཅོམ་ལྡན་འདས་སྲོག་གཅོད་པའི་ཁྱིམ་པ་མཆིས་ཀྱང་རྟག་པར་རྒྱུན་དུ་སྲོག་ཆགས་རྣམས་ཀྱི་སྲོག་ལ་འཚེ་བར་མི་བགྱིད་དེ། བཅོམ་ལྡན་འདས་སྲོག་གཅོད་པའི་ཁྱིམ་པ་གང་
ཞིག་གདུགས་གཅིག་གམ། མཚན་གཅིག་སྲོག་མི་འགུམ་ཞིང་འཚེ་བར་མི་བགྱིད་པ་ནི་ཆེས་ངོ་མཚར་ལགས་ཀྱི། བཅོམ་ལྡན་འདས་སྲོག་གཅོད་པའི་ཁྱིམ་པ་གང་ཞིག་གདུགས་གཅིག་གམ་མཚན་གཅིག་སྲོག་ཆགས་རྣམས་ཀྱི་སྲོག་ལ་འཚེ་བར་བགྱིད་པ་ནི་ངོ་མཚར་མི་ཆེ་ལགས་སོ། །
เล่ม ๖๓ · หน้า 36a
ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། མ་བྱིན་པར་ལེན་པའི་ཁྱིམ་པ་གང་ཞིག་མ་བྱིན་པར་མི་ལེན་པ་དང་། གང་ཡང་མ་བྱིན་པར་ལེན་པ་གང་ངོ་མཚར་ཆེ། གསོལ་པ། བཅོམ་ལྡན་འདས་མ་བྱིན་པར་ལེན་པའི་ཁྱིམ་པ་གང་ཞིག་གདུགས་གཅིག་གམ་མཚན་གཅིག་མ་བྱིན་
པར་མི་ལེན་པ་ནི་ཆེས་ངོ་མཚར་ལགས་ཀྱི། བཅོམ་ལྡན་འདས་མ་བྱིན་པར་ལེན་པའི་ཁྱིམ་པ་གང་ཞིག་གདུགས་གཅིག་གམ། མཚན་གཅིག་གམ། གདུགས་གཉིས་སམ། གསུམ་འམ། དགུང་ཟླའམ། དགུང་ཟླ་ཕྱེད་ཀྱི་བར་དུ་མ་བྱིན་པར་ལེན་ཅིང་མ་བྱིན་པར་བླངས་པ་ནི་ངོ་
མཚར་མི་ཆེ་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། འདོད་པ་རྣམས་ལ་ལོག་པར་སྤྱོད་པའི་ཁྱིམ་པ་གང་ཞིག་འདོད་པ་རྣམས་ལ་ལོག་པར་མི་སྤྱོད་པ་དང་། གང་ཞིག་འདོད་པ་རྣམས་ལ་ལོག་པར་མི་སྤྱོད་པ་དང་། དེ་བཞིན་དུ་བརྫུན་དུ་སྨྲ་བ་དང་། ཕྲ་མའི་
ཚིག་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་མི་སྤྱོད་པ་གང་ངོ་མཚར་ཆེ། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ལོག་པར་ལྟ་བའི་ཁྱིམ་པ་གང་ཞིག་ལོག་པར་ལྟ་བ་ཡིད་ལ་བྱེད་པ་དང་། གང་ཞིག་ལོག་པའི་ལྟ་བ་ཡིད་ལ་མི་བྱེད་པ་གང་ངོ་
མཚར་ཆེ། གསོལ་པ། བཅོམ་ལྡན་འདས་འདོད་པ་རྣམས་ལ་ལོག་པར་སྤྱོད་པའི་ཁྱིམ་པ་གང་ཞིག་གདུགས་གཅིག་གམ་མཚན་གཅིག་འདོད་པ་རྣམས་ལ་ལོག་པར་མི་སྤྱོད་པ་ནི་ཆེས་ངོ་མཚར་ལགས་ཀྱི། བཅོམ་ལྡན་འདས་འདོད་པ་རྣམས་ལ་ལོག་པར་སྤྱོད་པའི་ཁྱིམ་པ་གང་ཞིག་
གདུགས་གཅིག་གམ་མཚན་གཅིག་འདོད་པ་རྣམས་ལ་ལོག་པར་སྤྱོད་པ་ནི་ངོ་མཚར་མི་ཆེ་ལགས་སོ། །གང་ཞིག་འདོད་པ་རྣམས་ལ་ལོག་པར་མི་སྤྱོད་པ་ཆེས་ངོ་མཚར་ལགས་པ་དེ་བཞིན་དུ་བཅོམ་ལྡན་འདས་བརྫུན་དུ་སྨྲ་བ་དང་། ཕྲ་མའི་ཚིག་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་
པ་དང་། བརྣབ་སེམས་དང་། གནོད་སེམས་ལ་ཡང་གནོད་སེམས་དང་ལྡན་པའི་ཁྱིམ་པ་གང་ཞིག་གདུགས་གཅིག་གམ། མཚན་གཅིག་གནོད་སེམས་མི་བགྱིད་པ་ནི་ཆེས་ངོ་མཚར་ལགས་ཀྱི། བཅོམ་ལྡན་འདས་གནོད་སེམས་དང་ལྡན་པའི་ཁྱིམ་པ་གང་ཞིག་གདུགས་གཅིག་
เล่ม ๖๓ · หน้า 36b
གམ་མཚན་གཅིག་གནོད་སེམས་བགྱིད་པ་ནི་ངོ་མཚར་མི་ཆེ་ལགས་སོ། །བཅོམ་ལྡན་འདས་ལོག་པའི་ལྟ་བ་ཅན་ནི་ལན་འགའ་ཡང་ཡང་དག་པའི་ལྟ་བ་ཅན་དུ་མི་འགྱུར་ལ། ལན་འགའ་ཡང་ཡང་དག་པའི་ལྟ་བ་ཡིད་ལ་མི་བགྱིད་པས། བཅོམ་ལྡན་འདས་བདག་ནི་མི་དགེ་བའི་ལས་
ཀྱི་ལམ་བཅུ་པོ་འདི་རྣམས་ལས་ལོག་པར་ལྟ་བ་ནི་ཐམས་ཅད་དུ་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་ལགས་སོ་ཞེས་མཆི་ལགས་སོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ལོག་པའི་ལྟ་བ་ཅན་ནི་ལྟ་བ་ཉམས་པས་རྟག་པར་རྒྱུན་དུ་ཀུན་ནས་ཉོན་མོངས་པའི་སེམས་དང་།
ཡོངས་སུ་མ་དག་པའི་སེམས་སུ་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །ཤཱ་རིའི་བུ་སྲོག་གཅོད་པའི་མི་གང་ཞིག་ཉི་མ་རེ་རེ་ཞིང་སྲོག་ཆགས་བྱེ་བ་བརྒྱ་སྟོང་གི་སྲོག་ལ་འཚེ་བར་བྱེད་པ་དང་། མ་བྱིན་
པར་ལེན་པའི་མི་གང་ཞིག་ཉི་མ་རེ་རེ་ཞིང་ཁྱིམ་བྱེ་བ་བརྒྱ་སྟོང་ནས་ནོར་དང་། འབྲུ་དང་། གསེར་དང་། དངུལ་དང་། རང་གི་ནོར་ཐམས་ཅད་འཕྲོག་པར་བྱེད་པ་དང་། འདོད་པ་རྣམས་ལ་ལོག་པར་སྤྱོད་པའི་མི་གང་ཞིག་རྟག་པར་རྒྱུན་དུ་དུབ་པ་མེད་པར་འདོད་པ་རྣམས་ལ་ལོག་པར་སྤྱོད་པ་དང་།
བརྫུན་དུ་སྨྲ་བའི་མི་གང་ཞིག་ཉིན་མཚན་རྟག་པར་རྒྱུན་དུ་བརྫུན་གྱི་ཚིག་སྨྲ་བར་བྱེད་དེ། བདེན་པའི་རྗེས་སུ་འཐུན་པའམ། བདེན་པའི་རྗེས་སུ་འགྲོ་བའི་ཚིག་གཅིག་ཙམ་ཡང་མི་སྨྲ་བས་རྟག་པར་ཚིག་ཡོངས་སུ་མ་དག་པར་བྱེད་པ་དང་། ཕྲ་མའི་ཚིག་སྨྲ་བའི་མི་གང་ཞིག་རྟག་པར་
རྒྱུན་དུ་འཁྲུག་པ་ལ་དགའ། འཁྲུག་པ་ལ་མགུ་བར་བྱེད་པས་འཁྲུག་པར་བྱེད་པའི་ཚིག་སྨྲ་སྟེ། འཐུན་པ་རྣམས་འབྱེད་པར་བྱེད་ཅིང་། ཕྱེ་བ་རྣམས་ནི་ལྷག་པར་ཡང་འབྱེད་པར་བྱེད་པས། ལྷག་པར་ཡང་སྦེད་པ་དང་། ཚིག་རྩུབ་པོ་སྨྲ་བར་བྱེད་པའི་མི་གང་ཞིག་རྟག་པར་རྒྱུན་དུ་རྩོད་པའི་
གཏམ་ལ་སྦྱོར་བའི་རྗེས་སུ་བརྩོན་པར་གནས་ཏེ། ཚིག་འཇམ་པོ་གཅིག་ཙམ་ཡང་མི་སྨྲ་བ་དང་། ཚིག་ཀྱལ་པ་སྨྲ་བའི་མི་གང་ཞིག་དེ་གཞན་དྲིས་པ་ན། གཞན་དུ་སྨྲ་སྟེ། བདེན་པར་མི་སྨྲ་ཞིང་གཞན་གྱི་ཚིག་འཁྲུགས་པར་བྱ་བའི་ཕྱིར་ཚིག་བརྒྱུད་པ་སྟེ། ཡུད་ཙམ་ལ་ཚིག་བརྒྱ་འམ་སྟོང་
เล่ม ๖๓ · หน้า 37a
སྨྲ་བར་བྱེད་ན། ཉིན་པར་རམ་མཚན་མོ་ལྟ་ལ་ཅི་སྨོས་ཏེ། ཚིག་ཀྱལ་པ་སྨྲ་བ་དང་། བརྣབ་སེམས་ཅན་གྱི་མི་གང་ཞིག་རྟག་པར་རྒྱུན་དུ་མཉམ་པ་དང་མི་མཉམ་པས་གཞན་གྱིས་ཡོངས་སུ་བཟུང་བའི་ཡོ་བྱད་རྣམས་ལ་མངོན་པར་ཞེན་པར་བྱེད། ལྷག་པར་འབྲང་བར་བྱེད་
པ་དང་། གནོད་སེམས་ཅན་གྱི་མི་གང་ཞིག་རྟག་པར་རྒྱུན་དུ་འཚེ་བས་ཁྲོ་བ་དང་། འཁོན་དུ་འཛིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལྷག་པར་བདོ་བར་བྱེད་པ་དང་། ལོག་པར་ལྟ་བའི་མི་གང་ཞིག་ལྟ་བ་ཉམས་པས་རྟག་པར་རྒྱུན་ཏུ་ལམ་གོལ་བ་ལ་གཞོལ་ཞིང་། ཡང་དག་པའི་ལྟ་བ་ཡིད་
ལ་བྱེད་པའི་སེམས་གཅིག་ཙམ་ཡང་སྐྱེད་པར་མི་བྱེད་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཇི་ག་མི་དགེ་བ་བཅུའི་ལས་ཀྱི་ལམ་དེ་ལྟ་བུ་དང་ལྡན་པའི་མི་དེ་དག་བསོད་ནམས་མ་ཡིན་པའི་ཕུང་པོ་མང་དུ་མངོན་པར་འདུ་བྱེད་པར་འགྱུར་རམ། བཅོམ་ལྡན་འདས་མང་དུ་འགྱུར་ལགས་སོ། །
བདེ་བར་གཤེགས་པ་མང་དུ་འགྱུར་ལགས་སོ། །ཤཱ་རིའི་བུ་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །གང་ཡང་མི་དགེ་བ་བཅུའི་ལས་ཀྱི་ལམ་དེ་ལྟ་བུ་དང་ལྡན་པའི་མི་དེ་དག་རྟག་པར་རྒྱུན་དུ་བར་ཆད་མེད་པར་ལོ་བརྒྱའི་བར་དུ་བསོད་ནམས་མ་ཡིན་པའི་ཕུང་པོ་བསགས་པ་
བས། དགེ་སློང་ཚུལ་ཁྲིམས་རལ་བ་གང་ཞིག་བསྟན་པ་འདི་ལ་དྲང་སྲོང་གི་རྒྱལ་མཚན་གྱིས་གཡོགས་ནས་དད་པས་བྱིན་པ་ལ་ཞག་གཅིག་ལོངས་སྤྱོད་པར་བྱེད་ན། དེ་བས་ནི་ཆེས་མང་དུ་འདི་མི་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པར་འགྱུར་རོ། །དེའི་ཕྱིར་ཚུལ་ཁྲིམས་རལ་བའི་དགེ་
སློང་འདི་ནི་ཉིན་ཞག་གཅིག་དད་པས་བྱིན་པ་ལ་ལོངས་སྤྱོད་ན་དེ་ཉིད་དེ་དག་ལས་མི་དགེ་བའི་རྩ་བ་ཆེས་མང་དུ་མངོན་པར་འདུ་བྱེད་པ་ཡིན་ཏེ། འདི་ལྟ་སྟེ་ཚུལ་ཁྲིམས་རལ་བའི་དགེ་སློང་ཉིན་ཞག་གཅིག་དད་པས་བྱིན་པ་ལ་ལོངས་སྤྱོད་པར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་
སྲོག་གཅོད་པའི་མི་ནི་སྐྱེ་བོ་མང་པོས་ངོ་ཤེས་པར་བྱ་བ་དང་། སྐྱེ་བོ་མང་པོས་རིག་པར་བྱ་བ་དང་། སྐྱེ་བོ་མང་པོས་སྨད་པའི་འོས་ཡིན་ནོ། །དེ་ནི་ཐམས་ཅད་ཀྱི་ཚུལ་ཁྲིམས་འཆལ་པ་ཞེས་བྱ་བ་དང་། གཏུམ་པོ་ཞེས་བྱ་བ་དང་། སྡིག་ཅན་ཞེས་བྱ་བ་དང་། བཤུང་བ་ཞེས་བྱ་བ་དང་།
เล่ม ๖๓ · หน้า 37b
མི་གཙང་བ་ཞེས་བྱ་བ་དང་། མི་དགེ་བ་ཞེས་བྱ་བ་དང་། དགེ་ལེགས་མ་ཡིན་པ་ཞེས་བྱ་བ་དང་། ཡོན་ཏན་མེད་པ་ཞེས་བྱ་བ་དང་། ཡོན་ཏན་དང་བྲལ་བ་ཞེས་བྱ་བར་གྲགས་ཤིང་ཡོངས་སུ་སྤང་བར་བྱ་བའི་འོས་སུ་འགྱུར་རོ། །དེ་ནི་སྐྱེ་བོ་མང་པོས་ཀྱང་ལྷག་པར་ཡང་ཡོན་ཏན་མེད་དོ་
ཞེས་བྱ་བར་ཤེས་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལྟ་མོད་ཀྱི་སྲོག་གཅོད་པས་སྲོག་ཆགས་ཀྱི་སྲོག་ལ་གནོད་པར་བྱས་ནས་རེས་འགའ་བདག་ལ་རྣམ་པར་སྨིན་པ་མི་སྡུག་པར་འགྱུར་བས་བདག་གི་འདི་ནི་ཆ་མ་ཡིན་ནོ་ཞེས་སྨོད་པའི་འདུ་ཤེས་སྐྱེ་བར་འགྱུར་ཡང་། དེ་ནི་སྐྱེ་བོ་རྣམས་ཀྱིས་
ཚུལ་ཁྲིམས་འཆལ་པ་དེ་ལྟར་ཡང་དག་པར་ཤེས་ཏེ། དེ་ལ་ཆུང་ངུ་ཡོན་ཏན་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆ་ཙམའམ། ཡུངས་འབྲུ་བྱེ་བ་བརྒྱ་སྟོང་དུ་གཤགས་པའི་ཆ་ཙམ་ཡང་རྟོག་པར་མི་བྱེད་ན། དེ་ལ་ཡོན་གནས་སུ་སེམས་པ་ལྟ་ཅི་སྨོས། དེ་ལ་ཡོན་དབུལ་བ་དང་།
སྐལ་བ་བཟང་པོ་དང་ལྡན་པ་དང་། རྣམ་པར་སྨིན་པ་བདེ་བ་དང་མཐོ་རིས་སུ་འབྱུང་བ་དང་། གོང་མའི་ཆར་འགྲོ་བའི་འོས་སུ་འགྱུར་བར་ལྟ་ཅི་སྨོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །གང་ཡང་དེའི་བུ་དང་བུ་མོ་དང་། གྲོགས་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་དང་འབྲེལ་
པ་དེ་དག་ཀྱང་དེའི་ཚུལ་ཁྲིམས་འཆལ་པར་ཡང་དག་པར་ཤེས་ནས་དེ་དག་གིས་དེ་མཐོང་ན་ལྡང་བར་མི་བྱེད། མངོན་དུ་སྨྲ་བར་མི་བྱེད་ན། བཀུར་སྟི་བྱ་བ་གཞན་ལྟ་ཅི་སྨོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །དེ་ལས་དེས་བསྒྲུབས་པའི་ལོངས་སྤྱོད་གང་ཡིན་པ་དེ་དག་གིས་བུ་དང་བུ་
མོ་དག་གི་འཚོ་བ་བྱེད་པར་འགྱུར་རོ། །ཤཱ་རིའི་བུ་གང་གི་ཕྱིར་རྔོན་པ་ཡང་འདི་ལྟ་བུའི་ཡོན་གནས་སུ་འགྱུར་བའི་དུས་དེ་དང་དེ་ཡོད་དེ། ལས་གང་གི་རྣམ་པར་སྨིན་པས་འཕགས་པ་རྣམས་དང་ཕྲད་ནས་གལ་ཏེ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་
མ་འགའ་ཞིག་གིས་སྲོག་གཅོད་པ་ལས་ཡིད་འབྱུང་བར་འགྱུར་བ་ཡང་དག་པར་འཛིན་དུ་བཅུག་སྟེ། དེ་རྒྱུན་དེ་ལས་ལོག་ཅིང་གལ་ཏེ་སྲོག་གཅོད་པ་སྤང་བའི་ཕྱིར་བསྟན་པ་འདི་ལ་དད་པ་རྙེད་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་སྒྲིབ་པ་མེད་པར་བྱ་བའི་ཕྱིར་སངས་རྒྱས་རྣམས་
เล่ม ๖๓ · หน้า 38a
དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་ནས་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་ཅིང་བསྙེན་ཏེ་བཀུར་སྟི་བྱེད་པ་ན། དགེ་སྦྱོང་གི་ས་འཐོབ་པར་འགྱུར་ཞིང་། དེ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་སྡུག་བསྔལ་སྐྱེས་པ་གང་
ཡང་རུང་བ་དང་དེ་སྒྲིབ་པ་མེད་པར་བྱས་ནས་འཕགས་པའི་ལམ་སྐྱེ་བར་འགྱུར་ཞིང་ངན་སོང་ལས་ཀྱང་ཡོངས་སུ་ཐར་བར་འགྱུར་རོ། །ཤཱ་རིའི་བུ་འདི་ན་ཡང་དགེ་སློང་སྡིག་ཅན་དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་ལྟར་བཅོས་པ། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ་
དག་དགེ་བའི་ཆོས་ཐམས་ཅད་འགོག་པ་ཡིན་ནོ། །དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བཅད་པ་ཡིན་ནོ། །དེས་དགེ་བའི་རྩ་བ་ཐམས་ཅད་ཉམས་པར་བྱས་པས་དགེ་བ་གང་ལ་ཡང་བྱ་བའི་མཐུ་མེད་པར་འགྱུར་རོ། །སྨད་པའི་ལམ་སེམས་ཅན་དམྱལ་བའི་འཁོར་དུ་ལྷུང་བ། ལམ་
སྟོར་བ། ལམ་བཀག་པ། གཟི་བརྗིད་ཉམས་པ། མདོག་ཉམས་པ། དཔེ་བླང་དུ་མེད་པ། དགེ་བའི་ཡན་ལག་ཉམས་པ། ལྷོད་པ། འབབ་སྟེགས་ཡོངས་སུ་ཉམས་པ། ལོག་པའི་འབབ་སྟེགས་སུ་ཞུགས་པ། ཉེས་པ་བསྒྲགས་པ། ཉེས་པར་རྟོགས་པ། གདོལ་པ་ལྟ་
བུ། ངང་ཚུལ་ཞིག་པ། ཞི་བ་དོན་མེད་པར་སྤྱོད་པ། དུར་ཁྲོད་དང་མཚུངས་པ་ཆོ་ག་ཡོངས་སུ་ཉམས་པ་དེ་ནི་ངའི་བསྟན་པ་འདི་ལ་ལམ་སུན་འབྱིན་པ། ཆོས་ཀྱི་རྐུན་མར་གནས་པ། ཐབ་ཀྲོལ་བ། ཉན་རྣ་བ། བདུད་ཀྱི་མངག་གཞུག་པ། ཕྲ་མའི་ཚིག་ཅན། གཅུགས་པ་རྣམས་ཀྱིས་
མཉན་པར་མི་འོས་པ་ཡིན་ནོ། །ཤཱ་རིའི་བུ་ཇི་ལྟར་སེང་གེའི་དབུས་ན་ཝའམ་འཁོར་ལོས་སྒྱུར་བའི་དབུས་ན་མ་ནིང་ངམ། ལྷའི་འཁོར་གྱི་དབུས་ན་སྤྲེའུའམ། ཀླུའི་རྒྱལ་པོའི་དབུས་ན་ལོངས་སྤྱོད་དང་བྲལ་བའམ། ལྷའི་མིག་ཅན་གྱི་དབུས་ན་དམུས་ལོང་འམ། འདབ་བཟངས་བྱའི་
རྒྱལ་པོའི་དབུས་ན་སྲོག་ཆགས་པད་པ་འདུག་པ་དེ་བཞིན་དུ། ཤཱ་རིའི་བུ་ངའི་ཉན་ཐོས་ཀྱི་དབུས་ན་ཚུལ་ཁྲིམས་རལ་པའི་དགེ་སློང་འདུག་པ་ལྷ་བརྒྱ་སྟོང་ཕྲག་དུ་མས་མཐོང་ན་ཡིད་མི་བདེ་བ་ཆེན་པོ་སོ་སོར་མྱོང་བར་འགྱུར་ན། བདུད་ཀྱི་ཕོ་ཉ་དེ་གས་སྦྱོང་གི་ལས་སམ་དགག་དབྱེའི་
เล่ม ๖๓ · หน้า 38b
ལས་ལྟ་ཅི་སྨོས། དེ་ནི་བདུད་ཀྱི་མངག་གཞུག་པ་ཡིན་ཏེ། དེས་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་ཕུལ་འདི་ཐོས་ནས་ཁྱིམ་པ་རྣམས་ལ་སྒྲོགས་པ་ན་དེ་ལ་མ་དད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་ཁ་ཅིག་གད་རྒྱངས་ཆེན་པོས་གད་མོ་འདེབས་ཤིང་། རྟ་ཅང་ཤེས་རྣམས་ཀྱི་
དབུས་ན་རྟ་རྒོད་དང་འདྲ་བར་དགེ་སློང་སྡིག་ཅན་སྦེད་པ་འཆབ་པ་འདི་སྟན་འདི་ལ་ཅིའི་ཕྱིར་འདུག་ཅེས་འཕྱ་བར་བྱེད་དོ། །དེ་ལྟར་སྐྱེས་བུ་དམ་པ་མ་ཡིན་པས་བདག་ལ་ཤེས་པའམ་ལྟ་བ་ནི་འགའ་ཡང་མེད་པ་མ་ཡིན་ནོ་ཞེས་མི་སེམས་པས། དེ་ལྷ་དང་མི་དང་བདག་ལ་སླུ་བར་བྱེད་པ་
ཡིན་ནོ། །ལྟོས་ཤིག །འདི་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཆོམ་རྐུན་པ་ཡིན་ནོ། །དེ་ནི་དེ་ལྟར་ལྷས་ཀྱང་ཡོན་ཏན་མ་ཡིན་པ་དང་ལྡན་པར་ཤེས་བཞིན་དུ་དད་པས་བྱིན་པ་ལ་ལོངས་སྤྱོད་པར་བྱེད་དོ། །མངོན་དུ་སྨྲ་བ་དང་། ཕྱག་དང་། ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་
པའི་ལས་བདག་གིར་བྱེད་དོ། །ཁྱིམ་པ་དང་། རབ་ཏུ་བྱུང་བ་ལས་རིགས་ཉམས་པ་དང་། བཤུང་བ་དང་། དུར་ཁྲོད་ཀྱི་རོ་དང་འདྲ་བར་སྤྱོད་པ་ཡིན་ནོ། །དེ་ཆོས་གོས་མ་བྱིན་པ་ལ་གྱོན་པར་བྱེད་དོ། །ལྷུང་བཟེད་མ་བྱིན་པ་ལ་ལོངས་སྤྱོད་པར་བྱེད་དོ། །ཟས་མ་བྱིན་པ་ལ་ལོངས་
སྤྱོད་པར་བྱེད་དོ། །གདུགས་དང་མཆིལ་ལྷམ་མ་བྱིན་པ་ལ་ལོངས་སྤྱོད་པར་བྱེད་དོ། །བསོད་སྙོམས་སྤྱོད་པ་མ་བྱིན་པ་ལ་ལོངས་སྤྱོད་པར་བྱེད་དོ། །གནས་མལ་མ་བྱིན་པ་ལ་ལོངས་སྤྱོད་པར་བྱེད་དོ། །གདིང་བ་མ་བྱིན་པ་ལ་ལོངས་སྤྱོད་པར་བྱེད་དོ། །གཡོག་པ་མ་བྱིན་
པ་ལ་ལོངས་སྤྱོད་པར་བྱེད་དོ། །གཙུག་ལག་ཁང་མ་བྱིན་པ་ལ་ལོངས་སྤྱོད་པར་བྱེད་དོ། །ཆུ་སྣོད་མ་བྱིན་པ་ལ་ལོངས་སྤྱོད་པར་བྱེད་དོ། །འཆག་པ་དང་འདུག་པ་མ་བྱིན་པ་ལ་ལོངས་སྤྱོད་པར་བྱེད་དོ། །ཁབ་རལ་མ་བྱིན་པ་ལ་ལོངས་སྤྱོད་པར་བྱེད་དོ། །འདི་ལྟར་ཤར་དང་།
ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་གང་དུ་གོམ་པ་འདོར་བ་དེ་ཡང་མ་བྱིན་པར་གོམ་པ་འདོར་བ་ཡིན་ནོ། །སྤྱོད་ལམ་ན་ཡང་ཆོམ་རྐུན་བྱེད་དོ། །ཀུན་ཏུ་བརྟགས་ཤིང་ཡང་ཆོམ་རྐུན་བྱེད་དོ། །ལྟ་བ་ཡང་། གཡས་གཡོན་དུ་ལྟ་བ་དང་། བསྐུམ་པ་དང་། བརྐྱང་བ་དང་།
เล่ม ๖๓ · หน้า 39a
སྣམ་སྦྱར་དང་། ལྷུང་བཟེད་དང་། ཆོས་གོས་གྱོན་པ་ན་ཡང་ཆོམ་རྐུན་བྱེད་དོ། །དེའི་ལུས་དང་ངག་དང་སེམས་ཀྱི་གཡོ་བ་དང་རྩོམ་པ་གང་ཡིན་པ་དེ་དག་ཐམས་ཅད་དུ་ཡང་ཆོམ་རྐུན་བྱེད་དོ། །དེའི་སྐྲ་འདྲེག་ཏུ་འཇུག་པ་གང་ཡིན་པ་དེ་དག་ཀྱང་ཆོམ་རྐུན་པའི་སྐྲ་འདྲེག་
ཏུ་འཇུག་པ་ཡིན་ནོ། །ཤཱ་རིའི་བུ་ཚུལ་ཁྲིམས་ཀྱི་སྦྱོར་བ་ཞིག་པའི་དགེ་སློང་རྣམས་ཀྱི་གཡོ་བ་དང་། སེམས་པ་དང་། སྤྱོད་པ་དང་། ཡོངས་སུ་སྤྱོད་པ་དེ་དག་ཐམས་ཅད་ནི་ཆོམ་རྐུན་པ་ཡིན་ནོ་ཞེས་གསུང་ངོ་། །ཤཱ་རིའི་བུ་ཆུང་ངུ་ན་དགེ་སློང་སྡིག་ཅན་དེའི་ལག་པ་འཁྲུ་བ་དང་། བཤང་བ་
དང་། གཅི་བ་བྱེད་ན་ཡང་ཆོམ་རྐུན་པ་ཡིན་ནོ་ཞེས་གསུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འཛམ་བུའི་གླིང་འདི་ནི་རྒྱལ་པོ་དང་། རྒྱལ་པོའི་བློན་པོ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱིས་ཡོངས་སུ་གཟུང་བ་ཡིན་ན། སྐྱེས་བུ་གཏི་མུག་འདི་ནི་ལྷ་དང་མིའི་ཆོམ་རྐུན་པ་
ཡིན་ནོ། །ཤཱ་རིའི་བུ་རྣམ་གྲངས་འདིས་ཀྱང་རྒྱལ་པོའམ། རྒྱལ་པོའི་བློན་པོ་ཆེན་པོ་དག་ནི་ཆོམ་རྐུན་པ་འདི་ནི་ཡོན་ཏན་གྱིས་བདག་ཅག་པས་ཆེས་གཙོ་བོའམ། ཆེས་ཁྱད་པར་དུ་འཕགས་པ་ཡིན་ནོ་བར་ཅུང་ཟད་ཀྱང་རྟོག་པར་མི་བྱེད་དོ། །ཤཱ་རིའི་བུ་ཡང་རྒྱལ་པོའམ། རྒྱལ་
པོའི་བློན་པོ་ཆེན་པོ་དག་ནི་ཚུལ་ཁྲིམས་རལ་པའི་དགེ་སློང་དྲང་སྲོང་གི་རྒྱལ་མཚན་གྱིས་གཡོགས་པ་ལ་ཡོན་ཏན་ཡོད་པར་འདུ་ཤེས་པར་མི་བྱེད་པས། དེའི་ཕྱིར་དེ་དག་ས་ལ་གོམ་པ་གཅིག་འདོར་བ་ཡང་རྗེས་སུ་མ་གནང་ངོ་། །ཤཱ་རིའི་བུ་དེ་ལ་སྐྱེས་བུ་དམ་པ་མ་ཡིན་པ་ལ་རྗེས་སུ་
མ་གནང་བ་དེ་ལྟ་བུ་གང་ཅི་ཡང་རུང་མཆིལ་མ་དོར་བ་ཙམ་དེ་ཐམས་ཅད་ཀྱང་དད་པས་བྱིན་པ་ཡིན་ནོ། །ཤཱ་རིའི་བུ་རྣམ་གྲངས་འདིས་ཀྱང་དགེ་སློང་སྡིག་ཅན་ནི་ཉིན་མཚན་རྟག་པར་རྒྱུན་ཏུ་ཆོམ་རྐུན་པའི་སྤྱོད་པ་ཁོ་ན་སྤྱོད་པར་བྱེད། ཆོམ་རྐུན་པའི་གཡོ་བ་ཁོ་ན་གཡོ་བར་བྱེད་དེ།
ཤཱ་རིའི་བུ་ཐམས་ཅད་ཀྱི་ཆོམ་རྐུན་པ་ཞེའམ། ཆོམ་རྐུན་པར་གྲགས་པ་ཞེའམ། ཐམས་ཅད་འཕྲོག་པ་ཞེས་བྱ་བ་དེ་ནི་དགེ་སློང་སྡིག་ཅན་གྱི་ཚིག་བླ་དགས་ཡིན་ནོ། །ཤཱ་རིའི་བུ་རྣམ་གྲངས་འདིས་ཀྱང་དགེ་སློང་སྡིག་ཅན་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཆོམ་རྐུན་པ་ཞེས་
เล่ม ๖๓ · หน้า 39b
བྱའོ། །ཤཱ་རིའི་བུ་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཆོམ་རྐུན་པ་གང་ཡིན་པ་དེས་ནི་དད་པས་བྱིན་པའི་ཆུ་ཕོར་བུ་གང་ཡང་ཡོངས་སུ་སྦྱང་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་རྔོ་མི་ཐོགས་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་དེ་ལ་མི་དགེ་བ་ལས་ཇི་སྐད་བརྗོད་
པར་བྱ། སྡིག་ཅན་གྱི་དགེ་སློང་ལས་ཇི་སྐད་བརྗོད་པར་བྱ། ཤཱ་རིའི་བུ་ཚུལ་ཁྲིམས་རལ་བའི་དགེ་སློང་འདི་ནི་གང་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཆོམ་རྐུན་པ་ཉེས་པ་ཆེན་པོའི་སྐྱོན་ཅན་ཡིན་ཏེ། ཤཱ་རིའི་བུ་དེ་བཞིན་གཤེགས་པས་དོན་འདི་ལ་གཟིགས་ནས། འདི་སྐད་ཅེས་
ལྕགས་ཀྱི་ཐུ་ལུམ་མེ་ལྕེ་འབར་བ་ལྟ་བུ་ཟ་བ་ནི་བླའི་ཚུལ་ཁྲིམས་འཆལ་པ་མ་བསྡམས་པའི་ཡུལ་འཁོར་གྱི་བསོད་སྙོམས་ཟ་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་གསུངས་སོ། །ཤཱ་རིའི་བུ་ཡང་ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི་རིགས་ཉམས་པ་དང་། དཔེ་བླང་དུ་མེད་པ་དང་། དེའི་ལུས་
ཡོངས་སུ་གདུངས་པ་དང་། སེམས་ཡོངས་སུ་གདུངས་པ་ཡིན། རྨི་ལམ་དུ་སྡིག་པ་རྨི་བ་ཡིན། གཅིག་པུ་ལ་མངོན་པར་མི་དགའ་བ་དང་། དབེན་པར་སོང་ནས་དབུགས་རིང་དུ་འདྲེན་པ་དང་། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱི་མདུན་དུ་ཞུམ་པ་དང་། ཀུན་ཏུ་ཞུམ་པ་དང་།
བག་འཁུམས་པ་དང་། བག་ཚ་བ་ཡིན། དད་པས་བྱིན་པ་ལེན་ན་ཡང་ཕྱོགས་འཁྲུགས་པའི་སེམས་དང་ལྡན་པ་ཡིན། ཟང་ཟིང་ལ་ཞེན་པ་དང་། རོའི་སྲེད་པ་ལ་ཞེན་པ་ཡིན་ཏེ། ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་
བར་འགྱུར་རོ། །ཤཱ་རིའི་བུ་འདི་ཡང་དགེ་སློང་ཚུལ་ཁྲིམས་འཆལ་པའི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་བདུན་པ་ཡིན་ཏེ། ངན་སོང་རབ་ཏུ་རྫོགས་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་ཚུལ་ཁྲིམས་འཆལ་པའི་དགེ་སློང་ནི་བྲེ་མོའི་གཏམ་ལ་དགའ་བ་དང་།
བྲེ་མོའི་གཏམ་ལ་མངོན་པར་དགའ་བ་དང་། ཕྲག་དོག་ཅན་ཡིན་ནོ། །ཚུལ་ཁྲིམས་འཆལ་པའི་འཁོར་ཅན་ཡིན་ནོ། །ཚུལ་ཁྲིམས་འཆལ་པ་སྟེན་པ་དང་། ཚུལ་ཁྲིམས་ཀྱི་གཏམ་ལ་མི་དགའ་བ་ཡིན་ནོ། །མདོ་སྡེ་ཟབ་མོ་འདི་ལྟ་བུ་དག་དང་མི་འཐུན་པར་བྱེད་པ་ཡིན་ནོ། །
เล่ม ๖๓ · หน้า 40a
མདོ་སྡེ་འདི་ལྟ་བུ་འདི་དག་སྨྲ་བ་ལ་མི་འཐུན་པར་བྱེད་ཅིང་རྩོད་པ་དང་། སྟན་ལ་མངོན་པར་མི་དགའ་བ་དང་། ཕྱོགས་དང་ཕྱོགས་མཚམས་སུ་ལྟ་བར་བྱེད་པ་དང་། ལག་པས་གདོང་འགེབས་པ་དང་། བར་སྣང་ལ་ལྟ་བར་བྱེད་པ་དང་། སྟན་ལས་ལངས་ཏེ་འགྲོ་
བ་དང་། དེ་བཞིན་གཤེགས་པའི་གསུང་ལ་སྨོད་པ་དང་། ཆོས་སྨྲ་བ་ལ་ཁྲོ་བར་བྱེད་པ་ཡིན་ནོ། །དེ་མི་དགེ་བ་དེ་དང་ལྡན་པའི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པས་ངན་སོང་དུ་འགྲོ་བར་འགྱུར་རོ། །ཤཱ་རིའི་བུ་འདི་ཡང་དགེ་སློང་ཚུལ་ཁྲིམས་འཆལ་པའི་འཆལ་པའི་
ཚུལ་ཁྲིམས་ཀྱི་སྐྱོན་བརྒྱད་པ་ཡིན་ཏེ། ངན་སོང་རབ་ཏུ་རྫོགས་པར་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་དགེ་སློང་ཚུལ་ཁྲིམས་འཆལ་པ་ནི་ཡོན་ཏན་སྒྲོགས་པས་སློབ་དཔོན་གཙོ་བོར་བྱེད་པ་ཡིན། གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་མངོན་པར་བསྟོད་པས་
མཁན་པོ་གཙོ་བོར་བྱེད་པ་ཡིན་ནོ། །ཚུལ་ཁྲིམས་དང་ལྡན་པའི་མིང་ཡོངས་སུ་བསྒྲགས་པས་འཚོ་བ་ཡོངས་སུ་སྒྲུབ་པ་དང་། གྲིམས་པ་དང་། གཏོགས་འདོད་ཆེ་བ་ཡིན་ནོ། །དཔེར་ན་བྱ་རོག་བཞིན་དུ་དགེ་འདུན་གྱི་མིང་གིས་བདག་ཉིད་ཀྱི་ཆོས་གོས་དང་། བསོད་སྙོམས་དང་། གནས་
མལ་དང་། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཡོངས་སུ་སྒྲུབ་པར་བྱེད་པ་ཡིན་ནོ། །མཐུ་དང་ལྡན་པ་དང་ལུས་ཀྱི་འཇོ་སྒེག་ལ་བརྩོན་པ་ཡིན་ནོ། །ངོ་ཚ་མེད་པ་དང་འཛེམ་པ་མེད་པ་ཡིན་ནོ། །ཚིག་ཐུན་ཚགས་སུ་སྨྲ་བ་དང་། ལག་པ་དང་རྐང་པ་རྒོད་པ་ཡིན་ནོ། །རིགས་ཉམས་པ་
ཡིན་ནོ། །བུད་མེད་ལ་སྟེན་པ་ཡིན་ནོ། །སྐྱེས་པ་ལ་མི་སྟེན་པ་ཡིན་ནོ། །ཤིན་ཏུ་ཡོངས་སུ་འདྲིས་པར་བྱེད་པས་གུས་པ་མེད་པ་ཡིན་ནོ། །དེའི་བསྔགས་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་ཡང་མི་སྨྲའོ། །དེའི་བསྔགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་གསུང་བར་མི་
འགྱུར་རོ། །འཚེ་བ་ལ་དཔའ་བ་དང་། དགེ་འདུན་གྱི་ཐ་སྙད་དང་ལྡན་པ་ཀུན་བྱེད་པ་ཡིན་ནོ། །ཤཱ་རིའི་བུ་གང་ཟག་དེ་ལྟ་བུ་ནི་དགེ་འདུན་གྱི་དབང་ཕྱུག་འདོད་པ་ཡིན་ནོ། །གང་ཅི་ལ་མངགས་ཀྱང་མ་དྲིས་པར་སྨྲ་བ་ཡིན་ནོ། །ཆོས་གོས་ཚོལ་བ་ཡིན་ནོ། །གཞན་ཚུལ་ཁྲིམས་དང་ལྡན་པ་
เล่ม ๖๓ · หน้า 40b
རྣམས་ལ་གླགས་ལྟ་བ་ལ་བརྩོན་པ་ཡིན་ནོ། །མཚུངས་པར་བྱེད་པ་ཡིན་ནོ། །དམ་པ་མ་ཡིན་པའི་ཆོས་འཛིན་པ་དང་དམ་པ་མ་ཡིན་པའི་ཆོས་ལེན་པ་ཡིན་ནོ། །ཚོགས་ལ་དགའ་བ་ཡིན་ནོ། །རྩོད་པ་འབར་བར་བྱེད་པ་ཡིན་ནོ། །ཤཱ་རིའི་བུ་འདི་ཡང་དགེ་སློང་ཚུལ་ཁྲིམས་འཆལ་པའི་
འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་དགུ་པ་ཡིན་ཏེ། ངན་སོང་རབ་ཏུ་རྫོགས་པར་བྱ་བའི་ཕྱིར་ཀུན་ཏུ་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་དགེ་སློང་ཚུལ་ཁྲིམས་འཆལ་པ་ནི་རྩོད་པ་ལེན་པ་ཡིན་ནོ། །ཐབ་མོས་དགའ་བ་འཐོབ་པ་དང་། ཆོས་གོས་ལ་ཞེན་པ་ཡིན་ནོ། །འགྲོ་བ་ངན་པར་
འགྲོ་བ་དང་ཉལ་བའི་བདེ་བ་ལ་གཞོལ་བ་ཡིན་ནོ། །བསྔགས་པ་རྙེད་ན་དགའ་བ་དང་། བཤེས་པའི་ཁྱིམ་དང་། སློང་མོ་པའི་ཁྱིམ་ལ་འཆུམས་པ་ཡིན་ནོ། །ཁྱིམ་ལ་ཕྲག་དོག་བྱེད་པ་དང་། གནས་ལ་ཕྲག་དོག་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་མ་བདག་གི་འདི་དགེ་སློང་
དེ་དག་གིས་མ་ཤེས་ཀྱང་ཅི་མ་རུང་སྙམ་དུ་སེམས་པའི་ཕྱིར་རོ། །ཚུལ་ཁྲིམས་ལ་སྡང་བ་ཡིན་ནོ། །འཆལ་པའི་ཚུལ་ཁྲིམས་ལ་ཀུན་ཏུ་དགའ་བ་དང་། སྦྱིན་པའི་བསྔགས་པ་འབའ་ཞིག་ལྷག་པར་སྨྲ་བ་ཡིན་ཏེ། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་
གཏན་དང་། ཤེས་རབ་དང་། ཉེ་བར་ཞི་བ་རྣམས་ཀྱི་མ་ཡིན། དགོན་པའི་གནས་དབེན་པ་ཅུང་ཟད་དོན་གྱི་སྒོ་ནས་སམ། ཅུང་ཟད་ཡི་གེའི་སྒོ་ནས་ཀྱང་མ་ཡིན་ཏེ། དགེ་སློང་ངོ་ཚ་ཤེས་པ་རྣམས་ལ་བསྔགས་པ་མ་ཡིན་པ་སྤྱོད་པས་མངོན་པར་བརྩོན་པར་བྱེད་པ་ཡིན་ནོ། །དེ་དགེ་སློང་
སྦྱངས་པའི་ཡོན་ཏན་དང་ལྡན་པ་རྣམས་ལ་ཅུང་ཟད་དོན་གྱི་སྒོ་ནས་སམ། ཅུང་ཟད་ཡི་གེའི་སྒོ་ནས་ཀྱང་བསྔགས་པ་མ་ཡིན་པ་སྨྲ་ཞིང་ཅི་ནས་ཀྱང་སྐྱོན་འདོགས་པ་ཡིན་ནོ། །རིགས་རྒྱུད་སྨྲ་བ་ལ་ཞུགས་པ་ཡིན་ནོ། །སྔོན་གྱི་ཉེ་དུ་ལ་སྨོས་པ་དང་ཅིའི་རྒྱུས་ཆོས་སྟོན་ཀྱང་འདི་ལྟར་བཀྲེན་པའི་ཕྱིར་ཡིན་པ་དང་།
བག་ཚ་བས་ལྕེ་གཉིས་སུ་སྨྲ་བ་དང་། རང་གི་སྐྱེ་བོ་མི་སྤོང་བ་དང་། སྐྱེ་བོ་མང་པོས་མྱུར་དུ་ཟིལ་གྱིས་མནན་པ་འཐོབ་པ་དང་། ཡིད་དུ་མི་འཐད་པ་ཡིན་ནོ། །ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཁ་ཟེར་བ་དང་། གདམས་ངག་སྨྲ་བའི་སྐྱེས་པ་དང་། བུད་མེད་རྣམས་ལ་མི་སྟེན་པ་དང་། དེ་མདོ་སྡེ་
เล่ม ๖๓ · หน้า 41a
འདི་ལྟ་བུ་འདི་དང་། མདོ་སྡེ་འདི་ལྟ་བུ་འཆང་བ་དང་། སྟོན་པ་གང་ཡིན་པ་དེ་དག་ཡིད་ལ་མི་འཐད་པ་དང་། མདོ་སྡེ་འདི་ལྟ་བུ་འདི་སྟོན་པ་རྣམས་ལ་དགའ་བ་དང་། མགུ་བར་བྱེད་པ་གང་ཡིན་པ་དེ་དག་ལ་ཡང་སྡང་ཞིང་ཡིད་དུ་མི་འོང་བས་ཚུལ་ཁྲིམས་ཀྱི་བསྔགས་པ་མི་
རྗོད་པ་ཡིན་ནོ། །འདི་ལྟ་བུའི་མདོ་སྡེ་སྟོན་པ་རྣམས་ཀྱི་དྲུང་དུ་ཉེ་བར་མི་འགྲོའོ། །ཉེ་བར་སོང་ན་ཡང་སླར་མྱུར་དུ་ལྡོག་པ་དང་། ལྟོས་པ་མེད་པར་སྟོན་པ་ཡིན་ནོ། །བྱུང་རྒྱལ་དུ་སྨྲ་བ་དང་། ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་ཉེ་དུར་སྨོས་པ་ཡིན་ནོ། །དབང་ཕྱུག་གི་ཕྱིར་འབྱེ་བར་བྱེད་པ་དང་། ཚུལ་
ཁྲིམས་དང་ལྡན་པའི་ཕྱོགས་ལ་སྨོད་པར་བྱེད་པ་ཡིན་ནོ། །ཤཱ་རིའི་བུ་འདི་ཡང་དགེ་སློང་ཚུལ་ཁྲིམས་འཆལ་པའི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་བཅུ་པ་ཡིན་ཏེ། །ངན་སོང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཀུན་ཏུ་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་དགེ་སློང་ཚུལ་ཁྲིམས་འཆལ་པ་རྣམས་
ཀྱི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐྱོན་ནི་བཅུ་པོ་འདི་དག་ཡིན་ཏེ། ངན་སོང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཀུན་ཏུ་ཞུགས་པ་ཡིན་ནོ། །འཆལ་པའི་ཚུལ་ཁྲིམས་ཀྱི་ལེའུ་སྟེ་ལྔ་པའོ།། །།ཤཱ་རིའི་བུ་འཚོ་བའི་ལམ་དུ་བྱིང་བ། རྩོད་པ་ལ་ཞེན་པ། བདག་དང་
གཞན་ལ་གནོད་པ་བྱེད་པ་སྐྱེས་བུ་དམ་པ་མ་ཡིན་པ་དེ་ལྟ་བུ་དག་གིས་འཛམ་བུའི་གླིང་འདི་རབ་ཏུ་གང་བར་འགྱུར་རོ། །ཤཱ་རིའི་བུ་དེ་ལྟ་མོད་ཀྱི་བཅོམ་ལྡན་འདས་འོད་སྲུང་གིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་གསུང་རབ་དེ་ནི་ལྷག་པར་རྙེད་པ་དང་བཀུར་སྟི་བྱེད་པས་མྱུར་དུ་ནུབ་པར་
འགྱུར་རོ་ཞེས་ལུང་བསྟན་ཏེ། ཤཱ་རིའི་བུ་འདི་ལྟར་ཆོས་འདུལ་བ་འདི་ནི་རྙེད་པ་དང་བཀུར་སྟིས་མྱུར་དུ་ནུབ་པར་འགྱུར་རོ། །ཤཱ་རིའི་བུ་དཔེར་ན་མི་དབུལ་པོ་ཞིག་གིས་གཏེར་ཆེན་པོ་ཞིག་རྙེད་ནས་གཞི་དེ་ལས་བདེ་བ་དང་། ཡིད་བདེ་བ་ཉམས་སུ་མྱོང་ངོ་། །ཤཱ་རིའི་བུ་དེ་བཞིན་དུ་མ་འོངས་
པའི་དུས་ན། དགེ་སློང་དག་འདི་ལྟར་ཁྱིམ་པ་ལ་སྟེན་པ་དང་། ཕུ་དུད་བྱེད་པ་དང་། བཀུར་སྟི་བྱེད་པ་དག་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ་དེ་ལ་ཁྱིམ་པ་གང་དག་གིས་དགེ་སློང་གང་དག་འཇིག་རྟེན་གྱི་ཟང་ཟིང་གིས་ཟང་ཟིང་ལ་མགྲོན་དུ་འབོད་པར་འགྱུར་ཞིང་། དེ་དག་འཇིག་རྟེན་གྱི་ཟང་
เล่ม ๖๓ · หน้า 41b
ཟིང་གིས་ཡིད་བདེ་བར་བྱ་བའི་ཕྱིར་ལས་ཀྱི་མཐའ་དེ་དག་རིམ་བཞིན་དུ་བྱེད་པར་འགྱུར་རོ། །མི་དབུལ་པོ་གཏེར་ལ་ཆགས་པས་བདེ་བ་མ་མཐོང་བ་དེ་བཞིན་དུ་དགེ་སློང་གང་དག་འཇིག་རྟེན་གྱི་ཟང་ཟིང་ལྷུར་ལེན་པར་འགྱུར་ཏེ། འཇིག་རྟེན་གྱི་ཟང་ཟིང་གིས་འཁོལ་བས་ཆོག་མི་ཤེས་པ་དང་ཉེ་དུ་ལ་
འདོད་པར་འགྱུར་རོ། །བདག་ཉིད་མི་ཤེས་བཞིན་དུ་ཁྱིམ་པས་ཤེས་པར་བྱ་བའི་ཕྱིར་བདག་ཉིད་དགྲ་བཅོམ་པ་ཡིན་པར་སྒྲོགས་པར་བྱེད་དོ། །དེ་དག་དེ་ལྟར་ཤེས་པར་བྱེད་པ་ཡོངས་སུ་ཚོལ་བ་ན་སངས་རྒྱས་ཀྱི་བྱང་ཆུབ་འདོར་བར་འགྱུར་རོ། །དེ་དག་གང་ཁོ་ན་ལ་སྤྱོད་པ་དེ་ཁོ་ནས་མགུ་བར་
འགྱུར་བས་དེ་ཡོངས་སུ་སྒྲུབ་པར་བྱེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་དེ་བཞིན་གཤེགས་པས་སྐྱེས་བུ་བླུན་པོ་དེ་དག་གི་དོན་དུ་འདི་ལྟ་བུའི་མདོ་སྡེ་འདི་རབ་ཏུ་སྟོན་པར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཚུལ་ཁྲིམས་རལ་བའི་དགེ་སློང་འབྱུང་བ་གང་ཡིན་པ་དེ་དག་དེ་བཞིན་གཤེགས་
པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་ཐོས་ནས་ཉམས་པར་བྱ་བའི་ཕྱིར་འཇུག་པར་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་དེ་ལ་དད་པས་བྱིན་པ་རྣམས་ལ་ལོངས་སྤྱོད་པར་བྱེད་པ་དག་ནི་ཆོམ་རྐུན་པ་ཆེན་པོ་ཡིན་ནོ། །ཤཱ་རིའི་བུ་ཆོས་འདུལ་བ་འདི་ཐོས་ནས་དགའ་བའམ་རངས་པར་མི་འགྱུར་
བ་གང་ཡིན་པ་དེ་ནི་ལྷག་པར་ཡང་དགེ་སློང་སྡིག་ཅན་ཡིན་པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དག་ལ་ནི་ཡང་ན་ཚུལ་ཁྲིམས་ཀྱི་གཏམ་འམ། ཡང་ན་ཏིང་ངེ་འཛིན་གྱི་གཏམ་འམ། ཡང་ན་ཤེས་རབ་ཀྱི་གཏམ་འམ། ཡང་ན་ཀུན་
ཏུ་སྐྱོ་བར་འགྱུར་བའི་ཆོས་ཀྱི་གཏམ་དེ་ལྟ་བུ་གང་ཡང་ཡིད་དུ་མི་འོང་བར་མི་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་འདི་ལྟ་བུའི་མདོ་སྡེ་འདི་ཐོས་ན་གསུམ་ཡིད་མི་བདེ་བར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན། ཚུལ་ཁྲིམས་རལ་བའི་དགེ་སློང་གང་ཡིན་པ་དང་། མངོན་པའི་ང་རྒྱལ་ཅན་གྱི་དགེ་
སློང་གང་ཡིན་པ་དང་། ཆོས་མ་ཡིན་པའི་གཏམ་ཆོས་ཀྱི་གཏམ་ལྟར་བཅོས་པས་ཡོངས་སུ་མ་དག་པ་སྟོན་པའི་དགེ་སློང་གང་ཡིན་པའོ། །གཞན་ཡང་གསུམ་ཡིད་མི་བདེ་བར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན། བདག་ཏུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བའོ། །
เล่ม ๖๓ · หน้า 42a
གཞན་ཡང་གསུམ་ཡིད་མི་བདེ་བར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན། ཕུང་པོར་ལྟ་བ་དང་། ཁམས་སུ་ལྟ་བ་དང་། སྐྱེ་མཆེད་དུ་ལྟ་བའོ། །ཤཱ་རིའི་བུ་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་སྙིང་བརྩེ་བ་
དང་། དོན་དུ་འདོད་པ་དང་། ཕན་པར་འདོད་པ་དང་། བདེ་བར་འདོད་པ་དང་། གྲུབ་པ་དང་བདེ་བར་འདོད་པ་དེ་ལྟར་སྨྲ་ཡིས། ཤཱ་རིའི་བུ་ངའི་ཚིག་ཉོན་ལ་བག་ཡོད་པས་བསླབ་པར་བྱའོ། །ཁྱོད་ཀྱིས་དགེ་བ་ཅི་ཡིན་ཞེས་བཙལ་ཞིང་གོམས་པར་བྱའོ། །ཤཱ་རིའི་བུ་ལྔ་པོ་འདི་དག་ནི་
ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་གི་ཡིད་མི་བདེ་བར་འགྱུར་ཏེ། ལྔ་གང་ཞེ་ན། སངས་རྒྱས་ཀྱི་གསུང་ཐམས་ཅད་ཆུབ་པར་མ་བྱས་པ་དང་། མདོ་སྡེ་རྣམས་ཀྱི་གདམས་ངག་མེད་པ་དང་། རྩོད་པའི་གཏམ་ལ་མངོན་པར་དགའ་བ་དང་། ཆོས་རྣམས་ལ་མ་དད་པ་སྐྱེས་
པས་མདོ་སྡེས་མདོ་སྡེ་ལ་སྐྱོན་འདོགས་པ་དང་། རྙེད་པ་དང་བཀུར་སྟི་སྔོན་དུ་བཏང་སྟེ་ཆོས་སྟོན་པའོ། །ཤཱ་རིའི་བུ་ལྔ་པོ་འདི་དག་ནི་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་རྣམས་ལ་ཡིད་མི་བདེ་བར་འགྱུར་རོ། །ཤཱ་རིའི་བུ་ང་ནི་དེ་ལྟ་བུའི་ཆོས་སྨྲ་བ་ནི་ངན་སོང་རྩོམ་པ་དང་། མྱ་
ངན་ལས་འདས་པ་མི་རྩོམ་པ་ཡིན་ནོ་ཞེས་གསུང་ངོ་། །ཤཱ་རིའི་བུ་གཞན་ཡང་འདི་ན་དགེ་སློང་ཁ་ཅིག་ཆོས་མ་ཡིན་པའི་གཏམ་ཆོས་ཀྱི་གཏམ་ལྟར་བཅོས་ནས་འཁོར་གྱི་ནང་དུ་སོང་སྟེ། དད་པས་བྱིན་པའི་གནས་མལ་བཤམས་པ་འདི་ལ་འདུག་ནས་འཇིག་རྟེན་རྒྱང་པན་ལ་མཁས་པ་
དག་རབ་ཏུ་སྟོན་པར་བྱེད། སངས་རྒྱས་ཀྱི་གསུང་ཉེ་བར་གཏོད་པར་བྱེད། གང་ཟག་ཏུ་ལྟ་བ་ཉེ་བར་གཏོད་པར་བྱེད་དེ། སངས་རྒྱས་ཀྱི་གསུང་གི་རྣམ་གྲངས་མི་ཤེས་པས་བདག་མེད་པའི་མཚན་ཉིད་ནི་སྤོང་བར་བྱེད་དོ། །དེ་ལ་དགེ་སློང་དེས་པ་རྣམས་ཀྱིས་མདོ་སྡེ་དང་རྗེས་སུ་འཐུན་པར་
བསྐུལ་བ་ན། ཡིད་གཉིས་སུ་ལྷུང་ནས་བདག་ལ་མ་སྨྲ་ཤིག་ཅེས་མདོ་སྡེས་མདོ་སྡེ་ལ་སྐྱོན་འདོགས་པར་བྱེད། མདོ་སྡེས་མདོ་སྡེ་ལ་ཕྱིར་སུན་འབྱིན་པར་བྱེད་ཀྱི། རྗེས་སུ་སློབ་པར་ནི་མི་བྱེད་དོ། །མདོ་སྡེ་ལ་ཅུང་ཟད་ཅི་ཡང་རུང་བར་དཀྱོགས་ནས་འཕགས་པའི་ཕྱོགས་ཀྱི་ཆོས་སྟོན་ཏོ། །
เล่ม ๖๓ · หน้า 42b
ཉེ་དུ་འདོད་པས་ཆོས་སྟོན་ཏོ། །ཟང་ཟིང་སྔོན་དུ་བཏང་སྟེ་ཆོས་སྟོན་ཏོ། །ཟིལ་གྱིས་མནན་པའི་ཕྱིར་ཆོས་སྟོན་ཏོ། །ཤཱ་རིའི་བུ་དེ་ལ་དད་པས་བྱིན་པའི་སྟན་ལ་འདུག་པའི་དགེ་སློང་གང་ཡིན་པ་དེ་འཇིག་རྟེན་རྒྱང་པ་ན་པའི་མཁས་པ་དག་རབ་ཏུ་སྟོན་པར་བྱེད་ན་དེས་སྟན་དེ་ལས་བསླང་བར་བྱའོ། །
དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དེ་ནི་དད་པས་བྱིན་པའི་འཕགས་པའི་སྟན་ལ་འདུག་ནས་གཅེར་བུ་པའི་ཚིག་སྨྲ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ལྡང་དུ་མ་བཏུབ་ན་དེ་ནི་རུང་བ་མ་ཡིན་པ་སྟོན་པའི་གསུང་རྗེས་སུ་སྲུང་བ་མ་ཡིན་པ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟར་སྟོན་ན་ལྟོས་པ་དང་
བཅས་པས་ཆོས་མཉན་པར་བྱའོ། །ཤཱ་རིའི་བུ་ང་ནི་འདི་ལྟ་བུའི་ཆོས་སྨྲ་བ་ནི་དགེ་སྦྱོང་གི་སྙིང་པོ་མ་ཡིན་གྱི། གཅེར་བུ་པའི་སྙིང་པོ་ཡིན་ནོ་ཞེས་གསུང་ངོ་། །དེ་ལུས་ཞིག་ནས་ཤི་བའི་འོག་ཏུ་སྐྱེས་བུ་དམ་པ་མ་ཡིན་པ་རྣམས་དང་། གཅེར་བུ་པ་རྣམས་ཀྱི་འགྲོ་བ་གང་ཡིན་པ་དེར་འགྲོ་བར་
འགྱུར་རོ། །ཤཱ་རིའི་བུ་འོ་ན་གཅེར་བུ་པ་རྣམས་ཀྱི་འགྲོ་བ་གང་ཞེ་ན། ལོག་པར་ལྟ་བ་རྣམས་ཀྱི་གང་ཡིན་པའོ། །འོ་ན་ལོག་པར་ལྟ་བ་རྣམས་ཀྱི་འགྲོ་བ་གང་ཞེ་ན། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་
བུ་བདག་ཉིད་མི་མཁས་པ་དང་། མ་བསླབས་པས་གཞན་ལ་ཆོས་སྟོན་པ་དང་། ལུས་ཀྱིས་མངོན་སུམ་དུ་མ་བྱས་པར་སེང་གེའི་ཁྲི་དོན་དུ་གཉེར་བ་དང་། སྲེད་པར་ལྷུང་ནས་སེང་གེའི་ཁྲི་དོན་དུ་གཉེར་བ་གང་ཡིན་པ་དེ་དེ་ལྟར་འགྱུར་བའི་ཕྱིར་རོ། །ཤཱ་རིའི་བུ་འདི་ལྟར་ཁ་སྣ་ཚོགས་
དང་། འཛིན་པ་སྣ་ཚོགས་དང་། ལྟ་བ་སྣ་ཚོགས་དང་། བློ་གྲོས་སྣ་ཚོགས་དང་། བསམ་པ་སྣ་ཚོགས་ཀྱིས་བསྟན་པ་འདི་ནུབ་པར་འགྱུར་བའི་དོན་འདི་དེ་བཞིན་གཤེགས་པས་མཁྱེན་ཏོ། །ཤཱ་རིའི་བུ་སྐྱེས་བུ་བླུན་པོ་དེ་དག་གིས་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་
ཟབ་མོ་དམིགས་སུ་མེད་པ། སངས་རྒྱས་ཀྱི་བྱང་ཆུབ་དོན་དམ་པ་སྟོང་པ་ཉིད་འདི་ལྟ་བུ་འདི་ཐོས་ན་ཆེར་དངངས་པར་འགྱུར་ཞིང་གཡང་ས་ཆེན་པོར་ལྷུང་བར་འགྱུར་རོ། །ཤཱ་རིའི་བུ་དཔེར་ན་སྔོན་བྱུང་བ་འདས་པའི་དུས་ན་མིག་མེད་པའི་དམུས་ལོང་ལྔ་བརྒྱ་ལམ་རིང་པོར་འདོང་བ་ལས་
เล่ม ๖๓ · หน้า 43a
གྲོང་རྡལ་ཞིག་ཏུ་ཉེ་བར་ལྷགས་པ་དང་། བཀྲེས་པ་དང་། སྐོམ་པས་དེ་དག་གིས་གྲོང་རྡལ་དེ་ཉིད་དུ་བྲུངས་བཏབ་སྟེ། དམུས་ལོང་གཅིག་བྲུངས་སྲུང་བར་བཞག་ནས། ལྷག་མ་རྣམས་སློང་ཞིང་དོང་ངོ་། །ཤཱ་རིའི་བུ་དེ་ནས་དམུས་ལོང་དེ་དག་དོང་ནས་རིང་མོ་མ་ལོན་པར་
གཡོན་ཅན་ཞིག་བྲུངས་སྲུང་བའི་དམུས་ལོང་གང་ན་བ་དེར་སོང་ནས། བྲུངས་སྲུང་བའི་དམུས་ལོང་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་འབའ་ཞིག་དེ་ན་ཅི་བྱེད། དེས་སྨྲས་པ། ཁོ་བོ་འབའ་ཞིག་མ་ཡིན་ཏེ། གཞན་དག་ཀྱང་ཡོད་དོ། །གཡོན་ཅན་གྱིས་སྨྲས་པ། གྲོགས་པོ་ཕྱོགས་ག་
གེ་མོ་ཞེས་བྱ་བ་ན། ཟས་དོན་དུ་གཉེར་བ་རྣམས་ལ་ནི་ཟས། སྐོམ་དོན་དུ་གཉེར་བ་རྣམས་ལ་ནི་སྐོམ་སྟེ། སྦྱིན་པ་མང་པོ་གཏོང་བ་ཡོད་དེ། མ་སོང་བ་ལ་ནི་མི་སྟེར་རོ། །གལ་ཏེ་འདོད་ན་ཁོ་བོས་ཁྱོད་དེར་བཀྲིའོ། །དེས་སྨྲས་པ། དེ་བཞིན་དུ་བགྱིའོ། །དེས་དམུས་ལོང་དེ་མཐའ་གཅིག་ཏུ་
བཞག་སྟེ། དམུས་ལོང་དེ་རྣམས་ཀྱི་རྫས་གང་ཡིན་པ་དེ་དག་ཐམས་ཅད་བརྐུས་སོ། །དེ་ནས་དམུས་ལོང་སློང་མོ་པ་དེ་དག་ལྷགས་པ་དང་། དེ་ནས་གཡོན་ཅན་དེ་དམུས་ལོང་དེ་དག་གང་ན་བ་དེར་སོང་སྟེ། དམུས་ལོང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཇི་ག་གཏོང་བ་ཆེན་པོ་ལ་འདེང་
ངམ། དེ་དག་གིས་སྨྲས་པ། གྲོགས་པོ་མེད་པ་སྙམའམ། དེས་སྨྲས་པ། ཉོན་མོངས་དག་བསླངས་པ་ངན་པ་འདི་ད་འོར་ཅིག་དང་། ཁྱེད་ཁོ་བོས་དེར་བཀྲིའོ། །དེ་དག་གིས་བསླངས་པ་རྣམས་བོར་ནས་གཡོན་ཅན་དེའི་ཕྱི་བཞིན་དུ་དོང་བ་དང་། གཡོན་ཅན་དེས་བགྲོད་དཀའ་བའི་རྫོང་
གཡང་ས་ཆེན་པོ་ཞིག་ཡོད་པ་དེར་དེང་ནས་དེས་སྨྲས་པ། ཕྱོགས་འདི་ནི་མཉམ་པ་ཉམས་དགའ་བ་ཡིན་ནོ། །ཕྱོགས་འདི་ནས་ནི་སྦྱིན་པ་ཆེན་པོ་གཏོང་བ་ཡིན་ནོ་ཞེས་དེས་ཧ་ཅང་མི་རིང་བ་ཞིག་ཏུ་འདུག་ནས། ང་རོ་དག་ཕྱུང་ཞིང་མདུན་འོ་ནི་ནས་སྦྱིན་པ་ཆེན་པོ་ལོང་ཤིག་ཅེས་སྒྲ་དག་རྗེས་སུ་
བསྒྲགས་སོ། །ཤཱ་རིའི་བུ་དེ་ལ་དམུས་ལོང་དེ་དག་ཐམས་ཅད་གཡང་ས་ཆེན་པོ་དེར་བཙུད་ནས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །ཤཱ་རིའི་བུ་དེ་ལྟར་མིག་མེད་པའི་དམུས་ལོང་རྣམས་ཁ་ཟས་ཀྱི་རྒྱུས་སྲོག་དང་བྲལ་བར་གྱུར་ཏོ། །ཇི་ལྟར་གཡོན་ཅན་བརྐམ་ཆགས་ཅན་དེས་
เล่ม ๖๓ · หน้า 43b
དམུས་ལོང་དེ་དག་ཐམས་ཅད་དེང་ནས་གཡང་ས་ཆེན་པོར་བཙུད་པ་དེ་བཞིན་དུ་མ་འོངས་པ་ན་འབྱུང་བར་འགྱུར་བའི་དགེ་སློང་དེ་དག་ལ་བདུད་སྡིག་ཅན་གྱིས་འཇིག་རྟེན་རྒྱང་པན་པའི་གདམས་ངག་རྣམས་ཀྱིས་བསླུས་པར་འགྱུར་ཞིང་། འཇིག་རྟེན་རྒྱང་པན་པའི་གདམས་ངག་རྣམས་ལ་མངོན་པར་
དགའ་བ་སྐྱེ་བར་འགྱུར་རོ། །དེ་དག་ལྷག་པར་ཡང་དགེ་བའི་ཆོས་རྣམས་ལ་ཀུན་ཏུ་རྨོངས་པར་བྱས་པར་འགྱུར་རོ། །ཤཱ་རིའི་བུ་དགེ་སློང་སྒྲ་ལ་དགའ་བ་དང་སྒྲ་ལ་སེམས་པ་གང་ཡིན་པ་དེ་དག་འབྱུང་བར་འགྱུར་ཏེ། དེ་དག་གི་བསམ་པ་ཡང་ལྷག་པར་ཡང་ཤེས་པར་འགྱུར་ཞིང་། དགེ་སློང་
འཇིག་རྟེན་རྒྱང་པན་ལ་མངོན་པར་བརྩོན་པ་གང་ཡིན་པ་དེ་དག་གིས་དེ་དག་གི་ཕྱིར་བློ་གྲོས་དང་སྤོབས་པ་ལྷག་པར་ཡང་སྦྱིན་པར་འགྱུར་རོ། །ཤཱ་རིའི་བུ་དགེ་སློང་སངས་རྒྱས་ཀྱི་གསུང་ལ་མངོན་པར་བརྩོན་པར་འགྱུར་བ་གང་ཡིན་པ་དེ་དག་འབྱུང་བར་འགྱུར་ཏེ། དེ་དག་ཀྱང་ཀུན་ཏུ་རྨོངས་པར་བྱེད་
པར་འགྱུར་རོ། །གང་གི་ཕྱིར་དགེ་སློང་དག་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་གཉིས་སམ་གསུམ་བཟུང་བར་གྱུར་པ་དང་། དེ་འདི་སྙམ་དུ་བདག་གིས་སངས་རྒྱས་ཀྱི་གསུང་ལ་ནི་བྱས་ཟིན་གྱིས། རེ་ཞིག་བདག་གིས་ཡང་འཇིག་རྟེན་རྒྱང་པན་པ་བཙལ་ཞིང་ཆུབ་པར་བྱའོ་སྙམ་དུ་སེམས་
སོ། །ཤཱ་རིའི་བུ་འཇིག་རྟེན་རྒྱང་པན་པའི་དགེ་སློང་གང་ཡིན་པ་དེ་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་དེ་རྣམས་ལ་འདི་ཁོ་ན་མཆོག་གོ། །འདི་ཁོ་ན་གཙོ་བོ་ཡིན་ནོ་ཞེས་སྤྲོ་བ་སྐྱེད་པར་འགྱུར་རོ། །དེ་ལྟར་སྐྱེས་བུ་བླུན་པོ་དེ་དག་དམུས་ལོང་རྣམས་གཡང་ས་ཆེན་པོར་ལྟུང་བར་གྱུར་
པ་དེ་བཞིན་དུ་བདུད་སྡིག་ཅན་གྱིས་མངོན་པར་ཟིལ་གྱིས་མནན་པར་འགྱུར་རོ། །སྲེད་པ་དང་ཆགས་པའི་ཟིལ་གྱིས་ནོན་པ་དང་། འཇིག་རྟེན་གྱི་ཟང་ཟིང་གི་རྒྱུ་ལ་མངོན་པར་བརྩོན་པ་དང་། དམུས་ལོང་རྣམས་ཞེས་བྱ་བ་དེ་ལྟ་བུ་དེ་ནི། ཤཱ་རིའི་བུ་འདི་ལྟར་དགེ་སློང་རྣམས་ཀྱི་ཚིག་བླ་
དགས་ཡིན་ཏེ། གང་ཡང་སངས་རྒྱས་ཀྱི་བྱང་ཆུབ་སྤོང་ཞིང་གཅེར་བུ་པའི་ཚིག་ཚོལ་བའི་ཕྱིར་རོ། །ཤཱ་རིའི་བུ་གཡོན་ཅན་ཞེས་བྱ་བ་དེ་ནི་བདུད་སྡིག་ཅན་གྱི་ཚིག་བླ་དགས་ཡིན་ཏེ། ལམ་ལོག་པ་ཐོབ་པར་བྱེད་པའི་ཕྱིར་རོ། །ཤཱ་རིའི་བུ་དཔེར་ན་དམུས་ལོང་དེ་དག་གིས་གྲོང་རྡལ་གྱི་བསླངས་
เล่ม ๖๓ · หน้า 44a
པ་བོར་ཏེ། སྦྱིན་བདག་ཆེན་པོ་ལ་མངོན་པར་དགའ་ནས་གཏོང་བ་ཆེན་པོ་ཚོལ་བ་ན་གཡང་ས་ཆེན་པོར་བཙུད་པ་དེ་བཞིན་དུ། ཤཱ་རིའི་བུ་གང་ཡང་དགེ་སློང་དེ་དག་གིས་ངའི་རྗེས་སུ་བསྟན་པ་བོར་ཏེ། བསོད་སྙོམས་ཕལ་པས་ཆོག་མི་ཤེས་ཤིང་། མགྲོན་དུ་གཉེར་བ་
ཆེན་པོ་ཚོལ་བར་འགྱུར་རོ། །དེ་དག་ཟང་ཟིང་གི་རྒྱུས་ངན་པའི་ཞགས་པས་བཅིངས་ནས། བདུད་སྡིག་ཅན་གྱིས་གཡང་ས་ཆེན་པོར་གཏོང་བར་འགྱུར་ཞིང་། ཤེས་རབ་འཆལ་པ་ཤེས་རབ་ཡོངས་སུ་ཉམས་པ་རྣམས་མནར་མེད་པ་ཆེན་པོར་ལྟུང་བར་འགྱུར་རོ། །ཤཱ་རིའི་བུ་དེ་ལ་ལྷག་མ་
ཡོངས་སུ་མ་དག་པར་ཆོས་སྟོན་པའི་དགེ་སློང་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་གསུང་ཐམས་ཅད་ཆུབ་པར་མ་བྱས་པ་དང་། བདག་ཉིད་མི་མཁས་པ་དང་། མ་བསླབས་པར་འཁོར་གྱི་ནང་དུ་སོང་ནས་གཞན་ལ་ཆོས་སྟོན་པར་འགྱུར་ཏེ། དེའི་ཚེ་འདི་ལ་དགེ་སློང་ལྷའི་མིག་དང་ལྡན་པའམ།
ལྷའམ། གང་དག་ཕ་རོལ་གྱི་སེམས་རིག་པ་མ་གཏོགས་པར་མིས་མི་ཤེས་པའི་སྐྱོན་ལྔ་དང་ལྡན་པར་འགྱུར་ཏེ། དེ་དེ་ན་བདག་ལ་འགའ་ཞིག་རྩོད་པར་མི་འགྱུར་གྲང་ཞེས་ཡིད་གཉིས་ཀྱིས་ཆོས་སྟོན་པར་འགྱུར་བས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཤེས་པར་དཀའ་བའི་ཟུག་རྔུ་དེའི་
སེམས་ལ་གནས་པ་དང་། རང་གི་སྤོབས་པ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཚིག་དང་ཡི་གེ་འཆལ་པ་དང་། དེའི་སྡིག་པའི་ཚིག་གི་རྣམ་པར་སྨིན་པ་སྟེ། རྒྱུ་འཐུན་པའི་རྣམ་པར་སྨིན་པ་དང་། འགྱོད་པ་ཡིད་ལ་བྱེད་པ་དང་། དགེ་འདུན་གྱི་ནང་ན་འདུག་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་
ཤེས་པར་དཀའ་བ་སེམས་ལ་གནས་པས་གདུང་བར་འགྱུར་བ་སྟེ། མདོ་སྡེའི་ཚུལ་མི་ཤེས་པར་གཞན་ལ་ཅི་དགར་མངོན་སུམ་དུ་ཆོས་སྟོན་པར་འགྱུར་བའི་ཤེས་པ་དེ་ལྟ་བུ་ནི་དེ་ལ་ཡོད་པ་མ་ཡིན་པས། དེའི་ཡིད་གཉིས་གང་ཡིན་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཤེས་པར་སླ་བ་མ་ཡིན་པའི་
ཕྱིར་རོ། །དེ་ངེས་པ་མེད་པའི་ཤེས་པ་དང་། ང་རྒྱལ་གྱི་དབང་དང་། ཕྲན་ཚེགས་ཀྱི་ཆེད་དུ་སེམས་པ་དང་། ཉེ་དུ་འདོད་པས་མ་བརྟགས་པར་ཟུག་རྔུ་དང་བཅས་པའི་ཆོས་སྟོན་པར་འགྱུར་ཏེ། ཡུན་རིང་པོར་འདོད་ཆགས་ཀྱི་ཟུག་རྔུ་དང་། ཞེ་སྡང་གི་ཟུག་རྔུ་དང་། གཏི་མུག་གི་ཟུག་རྔུ་རྙེད་
เล่ม ๖๓ · หน้า 44b
པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མ་ངེས་པར་ཆོས་སྟོན་པའི་རྣམ་པར་སྨིན་པ་ལས་སྐྱེས་པའི་བཟང་པོའི་གནས་སྐབས་ཤིག་བྱུང་ན་ཡང་། དེ་འདི་ལྟར་འགྱུར་ཏེ། གནས་སྐབས་དེ་ཡང་མྱུར་བ་ཁོ་ནར་འཇིག་པར་འགྱུར་རོ། །ཤཱ་རིའི་བུ་ངས་ནི་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་
དགེ་སློང་རྣམས་ཀྱི་སྐྱོན་ཇི་ལྟར་དགེ་སློང་རྣམས་དང་ལྷ་རྣམས་ཀྱིས་ཀྱང་མི་ཤེས་པ་འདི་དག་རབ་ཏུ་མཁྱེན་ཏོ། །ཤཱ་རིའི་བུ་གཞན་ཡང་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་ནི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་མི་ཤེས་པར་གཞན་ལ་ཆོས་སྟོན་པར་བྱེད་དེ། དེ་དེ་བཞིན་
གཤེགས་པས་སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པའི་ཆོས་བསྟན་པ་གང་ཡིན་པ་དེ་དག་ལ་དེ་བདག་ཅེའམ། སེམས་ཅན་ཞེའམ། སྲོག་ཅེའམ། གང་ཟག་ཅེས་ཆོས་སྟོན་ཅིང་དེ་ང་ལ་ཡང་ཁ་ཟེར། དེ་ཆོས་ལ་ཡང་སྨོད། དགེ་འདུན་
ལ་ཡང་སྐུར་པ་འདེབས་པར་འགྱུར་རོ། །དེའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་མ་གཏོགས་པར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་རིག་པའམ་ཡོངས་སུ་ཤེས་པར་མི་ནུས་སོ། །ཤཱ་རིའི་བུ་ཡང་ངས་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་རྣམས་ཀྱི་
སྐྱོན་དགེ་སློང་རྣམས་དང་ལྷ་རྣམས་ཀྱིས་ཀྱང་མི་ཤེས་པ་གང་ཡིན་པ་འདི་དག་མཁྱེན་ཏོ། །ཤཱ་རིའི་བུ་གཞན་ཡང་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་གང་ཡིན་པས་སངས་རྒྱས་ཀྱི་བྱང་ཆུབ་འདི་མི་ཤེས་པར་གཞན་ལ་ཆོས་སྟོན་པར་བྱེད་ན། དེ་མི་དགེ་བའི་རྩ་བ་ཇི་སྙེད་ཅིག་དང་ལྡན་པར་འགྱུར་
བ་དེའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཤཱ་རིའི་བུ་འདི་ལྟར་ཁྱོད་ལ་དཔེས་བསྟན་པར་བྱའོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། འཛམ་བུའི་གླིང་འདིའི་སེམས་ཅན་མང་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གང་གིས་འཛམ་བུའི་གླིང་གི་སེམས་ཅན་རྣམས་སྲོག་དང་ཕྲལ་ན། དེ་ཇི་ག་གཞི་དེ་ལས་མི་དགེ་བ་མང་དུ་མངོན་པར་འདུ་བྱེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །
เล่ม ๖๓ · หน้า 45a
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་བས་ནི་གང་ཞིག་སངས་རྒྱས་ཀྱི་བྱང་ཆུབ་འདི་མི་ཤེས་པར་གཞན་ལ་ཡོངས་སུ་མ་དག་པའི་ཆོས་སྟོན་པ་དེ་ཆེས་མང་དུ་མི་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་སངས་
རྒྱས་ཀྱི་བྱང་ཆུབ་ལ་སྨོད་པར་བྱེད་པ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཁ་ཟེར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་འདས་པའི་དུས་ན་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་གང་ཡིན་པ་དེ་དག་ཆོས་སྟོན་པ་ཡང་ཆོས་ཐམས་ཅད་སྟོང་པ་ཡིན་ཏེ། སེམས་ཅན་མེད་པ། སྲོག་མེད་པ། གསོ་བ་མེད་པ། གང་ཟག་མེད་པའོ། །ཤཱ་རིའི་བུ་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་
ཡིན་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་དེ་དག་གི་ཆོས་བསྟན་པ་ཡང་ཆོས་ཐམས་ཅད་སྟོང་པ་ཡིན་ཏེ། སེམས་ཅན་མེད་པ། སྲོག་མེད་པ། གསོ་བ་མེད་པ། གང་ཟག་མེད་པའོ། །ཤཱ་རིའི་བུ་ད་ལྟར་གྱི་ང་དང་། ཤར་དང་། ལྷོ་དང་། ནུབ་དང་། བྱང་
དང་། ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་གང་ཡིན་པ་དེ་དག་ཐམས་ཅད་ཆོས་སྟོན་པ་ཡང་དོན་དམ་པ་སྟོང་པ་ཉིད་བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གསོ་བ་མེད་པ། གང་ཟག་
མེད་པ་ཁོ་ན་རབ་ཏུ་སྟོན་ཏོ། །ཤཱ་རིའི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡང་དག་ཕུལ་གྱི་ཆོས་བསྟན་པ་འདི་ནི་དོན་དམ་པ་སྟོང་པ་ཉིད་ཡིན་ཏེ། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་རང་གི་ངང་གིས་འབྱུང་བ། དངོས་པོ་མེད་པ། དམིགས་པ་མེད་པ། སྟོང་པ་ཉིད་རང་བཞིན་ལས་
ལོག་པ། འགག་པ་མེད་པ། མིང་དང་མཚན་མ་མེད་པ། རང་གི་མཚན་ཉིད་སྟོང་པ་རྟོག་པ་སྤངས་པའོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་རྟོག་པ་མེད་པའི་བྱང་ཆུབ་ཀྱི་ཆོས་སྟོན་ཏོ། །ཤཱ་རིའི་བུ་རྟོག་པ་གང་ཞེ་ན་འདི་ལྟ་སྟེ། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟི་བ་དང་། སྲོག་ཏུ་ལྟ་བ་དང་། གང་
เล่ม ๖๓ · หน้า 45b
ཟག་ཏུ་ལྟ་བའོ། །ཤཱ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་རྟོག་པ་འདི་དང་ལྡན་པའི་ཕྱིར་རོ། །གང་ལ་རྟོག་པ་འདི་དག་མེད་པ་དེ་ལ་ནི་ཆོས་ཐམས་ཅད་ཡིད་ལ་བྱེད་པ་མེད་པའི་ཕྱིར་རོ།། །།སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ། བམ་
པོ་ལྔ་པ། དེ་ལྟ་མོད་ཀྱི་ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པར་ཡིད་ལ་བྱེད་དོ། །དེ་དེ་ལྟར་ཡིད་ལ་བྱེད་པ་ན་རབ་ཏུ་དགའ་བ་སྐྱེ་བར་འགྱུར་རོ། །དོན་དམ་པ་སྟོང་པ་
ཉིད་ཀྱིས་ཀྱང་སྐྲག་པ་དང་། དངང་བ་དང་། ཀུན་ཏུ་དངང་བར་མི་འགྱུར་རོ། །ཕུང་པོ་ལྔ་རྣམས་མ་སྐྱེས་པ་དང་། ཁམས་རྣམས་དང་སྐྱེ་མཆེད་རྣམས་མ་བྱུང་བར་ཡང་དག་པར་ཤེས་ནས། དེ་མྱ་ངན་ལས་འདས་པ་ལ་ཡང་རློམ་སེམས་སུ་མི་བྱེད། མྱ་ངན་ལས་འདས་པས་ཀྱང་རློམ་སེམས་
སུ་མི་བྱེད་དེ། མྱ་ངན་ལས་འདས་པ་དམིགས་སུ་མེད་པའི་ཕྱིར་རོ། །གང་གིས་ཞི་བ་དང་། གང་ཞི་བ་དང་། གང་དུ་ཞི་བ་དེ་ཡང་རློམ་སེམས་སུ་མི་བྱེད་དེ། དམིགས་སུ་མེད་པའི་ཕྱིར་རོ། །ཤཱ་རིའི་བུ་དོན་དམ་པ་སྟོང་པ་ཉིད་དེ་ནི་རྗེས་སུ་འཐུན་པའི་བཟོད་པ་ཡིན་ནོ། །དེ་རྗེས་སུ་འཐུན་
པའི་བཟོད་པ་དེ་དང་ལྡན་ན་དོན་དམ་པ་གང་ཡིན་པ་དེ་ལ་རང་གི་མཚན་ཉིད་དམིགས་སུ་མེད་དོ། །ཤཱ་རིའི་བུ་བཟོད་པའི་རང་གི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ་མཚན་ཉིད་མེད་པའོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། བཟོད་པའི་མཚན་ཉིད་གང་ཡིན་པ་དེ་ཇི་ག་བདག་ཡིན་ནམ། སེམས་ཅན་
ཡིན་ནམ། སྲོག་ཡིན་ནམ། གསོ་བ་ཡིན་ནམ། གང་ཟག་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཤེས་པ་དེ་དང་ལྡན་པ་གང་ཡིན་པ་དེ་ནི་དགྲ་བཅོམ་པ་ཡིན་ནོ། །སངས་རྒྱས་ཀྱི་སྲས་ཡིན་ནོ། །མི་གནས་
པའི་བསམ་གཏན་པ་ཡིན་ནོ། །ཤཱ་རིའི་བུ་འདི་ནི་སངས་རྒྱས་ཀྱི་གསུང་གང་ལ་ཡང་མི་རྟོག་པ། རྣམ་པར་རྟོག་པ་མེད་པ་སྟེ། འདི་ནི་དོན་དམ་པའི་རྣམ་པར་ཐར་པའི་སྒོ་ཡིན་ནོ། །སྐྱེས་བུ་བླུན་པོ་གང་ཞིག་འཁོར་གྱི་ནང་དུ་སོང་སྟེ། བརྟགས་ཤིང་བརྟགས་ནས་འདི་ནི་སངས་རྒྱས་ཀྱི་གསུང་
เล่ม ๖๓ · หน้า 46a
ཡིན་ནོ། །འདི་ནི་འཕགས་པའི་ལམ་ཡིན་ནོ་ཞེས་སྟོན་ཅིང་ལོག་པའི་ལྟ་བ་སྟོན་པར་བྱེད་ན། དེ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྨོད་པ་དང་། སྡིག་པའི་གྲོགས་པོ་ཡིན་ཏེ། སྐྱེས་བུ་དམ་པ་མ་ཡིན་པ་དེ་ནི་དགེ་བའི་
བཤེས་གཉེན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཇི་ལྟར་ཡང་ཕས་ཀྱི་རྒོལ་བ་འགའ་ཞིག་གིས་མཛའ་བཤེས་ཀྱི་སྲོག་དང་འབྲལ་བར་བྱེད་ན་དེ་ནི་ཚེ་གཅིག་གི་ཡིན་ནོ། །སྐྱེས་བུ་བླུན་པོ་ཡོངས་སུ་མ་དག་པའི་ཆོས་སྟོན་པ་འདི་ནི་སྲིད་པ་བྱེ་བ་ཕྲག་བརྒྱ་སྟོང་རྣམས་སུ་གནོད་པ་ཆེན་པོ་བྱེད་པ་
ཡིན་ཏེ། དེ་དག་སངས་རྒྱས་ཀྱི་བྱང་ཆུབ་ལ་རྨོངས་པ་དང་། སྔོན་གྱི་འཛིན་པ་དེ་ཉིད་འབར་བར་བྱེད། ཀུན་དུ་འཇུག་པར་བྱེད་དེ། འཛིན་པ་གང་གིས་ང་རྒྱལ་རྒྱུན་གཅོད་པར་མི་བྱེད་པ་ཡིན་ནོ། །ཤཱ་རིའི་བུ་རྣམ་གྲངས་འདིས་ཀྱང་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་ནི་བསོད་ནམས་མ་ཡིན་
པ་མང་དུ་སྐྱེད་པར་བྱེད་པས་སྡིག་པའི་གྲོགས་པོ་ཡིན་ནོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་བྱང་ཆུབ་ལ་སྨོད་པ་ཡིན་ནོ། །ཤཱ་རིའི་བུ་འཛམ་བུའི་གླིང་ན་སེམས་ཅན་ཇི་སྙེད་འཁོད་པ་དང་། སྤྱི་ཕུད་ཀྱི་འཇིག་རྟེན་གྱི་
ཁམས་སུ་ཇི་སྙེད་གཏོགས་པ་དང་། ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་འགའ་ཞིག་གིས་སྲོག་དང་ཕྲལ་བ་བས་ནི་གང་ཞིག་གཞན་ལ་ཡོངས་སུ་མ་དག་པའི་ཆོས་སྟོན་པར་བྱེད་ན། འདི་ཉིད་དེ་བས་ཆེས་བསོད་ནམས་མ་ཡིན་པ་མང་
དུ་སྐྱེད་པར་འགྱུར་རོ། །དེ་བཞིན་དུ་གླིང་བཞི་པ་རྣམས་དང་། སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ལ་ཡང་བརྗོད་པར་བྱ་སྟེ། ཤཱ་རིའི་བུ་འཛམ་བུའི་གླིང་གི་སེམས་ཅན་རྣམས་ཀྱང་ཞོག །སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པ་ཇི་སྙེད་པ་ཡང་ཞོག །
ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་འགའ་ཞིག་གིས་སྲོག་དང་ཕྲལ་བ་བས། གང་གིས་གཞན་ལ་ཡོངས་སུ་མ་དག་པའི་ཆོས་སྟོན་ན་འདི་ཉིད་དེ་བས་ཆེས་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།
เล่ม ๖๓ · หน้า 46b
ཤཱ་རིའི་བུ་འདི་ལྟར་དེ་སངས་རྒྱས་ཀྱི་བྱང་ཆུབ་ལ་སྨོད་པ་དང་། བདུད་ཀྱི་ཕྱོགས་འབར་བར་བྱེད་པ་དང་། སེམས་ཅན་རྣམས་ལ་ཡང་སྲིད་པ་བྱེ་བ་བརྒྱ་སྟོང་རྣམས་སུ་གནོད་པ་ཆེན་པོ་བྱེད་པ་དང་། རྨོངས་པར་བྱེད་པའི་ཕྱིར་རོ། །སྐྱེས་བུ་བླུན་པོ་དེ་ནི་གྲོལ་བར་མི་བྱེད་པས་དེའི་ཕྱིར་དེ་ནི་སེམས་ཅན་ཐམས་
ཅད་ཀྱི་སྡིག་པའི་གྲོགས་པོ་བདེན་པ་མ་ཡིན་པར་སྨྲ་བ་ཡིན་ནོ། །སྐྱེས་བུ་དམ་པ་མ་ཡིན་པ་གང་ཡིན་པ་དེ་འཁོར་གྱི་ནང་དུ་སོང་སྟེ། སངས་རྒྱས་ལ་སྨོད་པར་བྱེད་དེ། དེའི་ཕྱིར་དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཞེས་བྱའོ། །སྐྱེ་བོ་མང་པོ་ལོག་པའི་ལྟ་བ་འཛིན་དུ་འཇུག་པ་ཡིན་ནོ། །སྲིད་པ་བརྒྱ་
ཕྲག་སྟོང་དུ་སངས་རྒྱས་ཀྱི་བྱང་ཆུབ་ལ་དགའ་བར་མི་འགྱུར་ཏེ། ཤཱ་རིའི་བུ་གང་ཟག་ཏུ་ལྟ་བ་ནི་ཕལ་ཆེར་ལོག་པ་ཉིད་དུ་ལྟུང་བར་འགྱུར་རོ། །སྟོང་པར་ལྟ་བ་ནི་ཕལ་ཆེར་ཆོས་ཀུན་མྱུར་དུ་ཤེས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལྟ་བ་དེ་མྱུར་དུ་སྤོང་བའི་ཕྱིར་རོ། །ཤཱ་རིའི་བུ་མཚོན་རྣོན་པོས་ལྕེ་
གཏུབས་པ་ནི་བླའི། འཁོར་གྱི་ནང་དུ་སོང་ནས་སམ། དབེན་པར་སོང་ནས་སམ། བདག་དང་གཉིས་ཀྱིས་ཡོངས་སུ་མ་དག་པའི་ཆོས་སྟོན་པ་ནི་དེ་ལྟ་མ་ཡིན་ནོ། །ཤཱ་རིའི་བུ་འདི་ནི་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་རྣམས་ཀྱི་སྐྱོན་ཡིན་ཏེ། ངན་སོང་རབ་ཏུ་རྫོགས་པར་བྱ་བའི་
ཕྱིར་ཀུན་ཏུ་ཞུགས་པ་ཡིན་ནོ། །ཡོངས་སུ་མ་དག་པའི་ཆོས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།ཤཱ་རིའི་བུ་ཁྱོད་ཀྱིས་རྣམ་གྲངས་འདི་དག་གིས་ཀྱང་དེ་ལྟར་ཁོང་དུ་ཆུད་པར་བྱ་སྟེ། སྔོན་བྱུང་བ་འདས་པའི་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ། ཡོངས་
པ། རྒྱ་ཆེན་པོ། ཚད་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ།
སངས་རྒྱས་བཅོམ་ལྡན་འདས་བཀོད་པ་ཆེན་པོ་ཞེས་བྱ་བ་བྱུང་ངོ་། །ཤཱ་རིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཀོད་པ་ཆེན་པོ་དེའི་ཚེའི་ཚད་ནི་ལོ་བྱེ་བ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་དུ་གྱུར་ཏོ། །ཉན་ཐོས་ཀྱི་དགེ་སློང་ནི་བརྒྱ་སྟོང་བྱེ་བ་ཕྲག་དྲུག་ཅུ་རྩ་བརྒྱད་འདུས་པར་གྱུར་ཏོ། །བཅོམ་ལྡན་
เล่ม ๖๓ · หน้า 47a
འདས་ཡོངས་སུ་མྱ་ངན་ལས་འདས་པ་དེའི་སྐུ་གདུང་རྒྱས་པར་གྱུར་པ་ནི་དཔེར་ན་མ་འོངས་པ་ན་ངའི་དམ་པའི་ཆོས་ལོ་ལྔ་བརྒྱར་གནས་པར་འགྱུར་བ་དང་། དཔེར་ན་མ་འོངས་པ་ན་ངའི་དེ་ལས་ལྷག་པར་གནས་པར་མི་འགྱུར་བ་བཞིན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
དེ་ཡོངས་སུ་མྱ་ངན་ལས་འདས་ནས། དེ་ནས་ཉན་ཐོས་ཀྱི་དགེ་འདུན་མང་པོ་ལས་ཉི་མ་གཅིག་གིས་དགེ་སློང་བརྒྱ་ཡོངས་སུ་མྱ་ངན་ལས་འདས་པ་ནས། དགེ་སློང་ཉིས་བརྒྱ་དང་། སུམ་བརྒྱ་དང་། བཞི་བརྒྱ་དང་ལྔ་བརྒྱ་ཡོངས་སུ་མྱ་ངན་ལས་འདས་པ་ནས། ཤཱ་རིའི་བུ་གང་ཡང་ཉི་མ་གཅིག་གིས་
དགེ་སློང་བྱེ་བ་བརྒྱ་ཕྲག་སྟོང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པའི་དུས་དེ་དང་། དེ་ལྟ་བུ་བྱུང་བར་གྱུར་ཏོ། །ཤཱ་རིའི་བུ་རྣམ་གྲངས་འདིས་བཅོམ་ལྡན་འདས་དེའི་ཉན་ཐོས་མངོན་པར་ཤེས་པའི་ཡེ་ཤེས་དང་། མཐུ་ཆེན་པོ་དང་ལྡན་པ་ཇི་སྙེད་པ་དེ་དག་ཐམས་ཅད་ལོ་གསུམ་གྱིས་ཡོངས་
སུ་མྱ་ངན་ལས་འདས་པར་གྱུར་ཏོ། །ཤཱ་རིའི་བུ་ཡང་བཅོམ་ལྡན་འདས་དེའི་གསུང་རབ་རྒྱས་པ་དེ་ལ་ལྷ་དང་མིའི་འགྲོ་བར་གཏོགས་པ་མང་པོས་མཆོད་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཉན་ཐོས་དེ་རྣམས་ཀྱང་ཡོངས་སུ་མྱ་ངན་
ལས་འདས་པ་དང་། རིམ་གྱིས་སྐྱེ་བོའི་ཚོགས་ཆེན་པོ་དག་རབ་ཏུ་བྱུང་ནས་དེ་དག་ནད་མེད་པའི་དགེ་སྦྱོང་དང་། དེ་དག་མྱ་ངན་ལས་འདས་པའི་དགེ་སྦྱོང་དུ་གྱུར་ཏེ། དེ་དག་རྙེད་པ་དང་། བཀུར་སྟིས་ཟིལ་གྱིས་ནོན་ཅིང་ལེན་པ་ལ་ཞེན་པའི་སེམས་ཀྱིས་དེ་བཞིན་གཤེགས་པས་གསུངས་པའི་
མདོ་སྡེ་ཟབ་མོ་སངས་རྒྱས་ཀྱི་བྱང་ཆུབ་དམིགས་སུ་མེད་པ། དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་དེ་དག་ལ་མི་འཇུག་ཅིང་མ་མོས་པར་གྱུར་ཏེ། གཞན་དུ་ན་ངེས་པ་མེད་པའི་ཤེས་པ་དང་། ངེས་པ་མེད་པའི་དོན་དང་། ཡོངས་སུ་མ་དག་པའི་ཆོས་སྤྱོད་ཅིང་ཡོངས་སུ་མ་དག་པའི་ཆོས་བདག་
ཏུ་སྨྲ་བ་དང་། སྲོག་ཏུ་སྨྲ་བ་དང་། གང་ཟག་ཏུ་སྨྲ་བ་སྟོན་གྱི། སྟོང་པ་ཉིད་སྨྲ་བར་ནི་མ་གྱུར་ཏོ། །ཤཱ་རིའི་བུ་བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་འདས་ནས་ལོ་བརྒྱ་ལོན་པ་དང་། ཆོས་འདུལ་བ་ལ་རྣམ་པ་ལྔར་གྱུར་ཏེ། བཀུར་བའི་གཞི་པ་ཞེས་བྱ་བ་དང་། འབྱུང་བར་དམིགས་པ་ཞེས་བྱ་བ་དང་།
เล่ม ๖๓ · หน้า 47b
ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་བ་དང་། ཚོགས་ནས་བྱུང་བ་ཞེས་བྱ་བ་དང་། ཉེ་བར་བཅིངས་པ་ཞེས་བྱ་བའོ། །ཤཱ་རིའི་བུ་དེ་ལ་དགེ་སློང་བཀུར་བའི་གཞི་པ་ཞེས་བྱ་བ་དང་། འབྱུང་བར་དམིགས་པ་ཞེས་བྱ་བ་དང་། ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་བ་དང་། ཚོགས་ནས་བྱུང་བ་ཞེས་བྱ་བ་
དང་། ཉེ་བར་བཅིངས་པ་ཞེས་བྱ་བ་དང་། ལྔ་པོ་དེ་དག་ནི་འཁོར་གྱི་གཙོ་བོར་གྱུར་ཏོ། །ཤཱ་རིའི་བུ་དེ་ལ་བཀུར་བའི་གཞི་པ་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་དག་ནི་སངས་རྒྱས་ཀྱི་གསུང་དུ་གྱུར་པ་དེ་དག་ཀུན་ཤེས་ཤིང་དམིགས་སུ་མེད་པའི་སྟོང་པ་དེ་ཉིད་སྨྲ་བར་གྱུར་ཏོ། །འདི་ལྟར་དགེ་སློང་
བཞི་པོ་དེ་དག་ནི་འཁོར་དང་བཅས་ཏེ། ལམ་གོལ་བ་བཟུང་བས་ཕལ་ཆེར་གང་ཟག་ཏུ་སྨྲ་བར་གྱུར་ཏོ། །ཤཱ་རིའི་བུ་དེ་ལ་བཀུར་བའི་གཞི་པ་ཞེས་བྱ་བ་གང་ཡིན་པ་དེ་དག་ཕྱོགས་དགུའམ། བཞི་ནས་ཤིན་ཏུ་སྤ་བཀོང་བས་སྲན་གཟུགས་མི་ནུས་ཤིང་སྐྱེ་བོ་མང་པོས་ཀྱང་མི་སྟེན་པར་གྱུར་ཏོ། །
ཤཱ་རིའི་བུ་དེ་ལྟར་དགེ་སློང་སྡིག་ཅན་བཞི་པོ་དེ་དག་གིས་སྐྱེ་བོའི་ཚོགས་ཆེན་པོ་ལོག་པའི་ལྟ་བ་ཡང་དག་པར་འཛིན་དུ་བཅུག་གོ། །དེ་ལྟར་བཅོམ་ལྡན་འདས་དེའི་གསུང་རབ་དེ་ཡང་གཅིག་ལ་གཅིག་བཀུར་སྟི་མེད་པ་དང་། གཅིག་ལ་གཅིག་སྨོད་པས་ནུབ་པར་གྱུར་ཏོ། །ཤཱ་རིའི་བུ་དེ་
ལ་བཀུར་བའི་གཞི་པའི་ཆོས་རྣམས་བསྟན་པ་ན་ཀུན་ཤེས་པ་དང་ལྡན་པ་དང་། རྟོགས་པ་དང་ལྡན་པ་དང་། མོས་པ་དང་ལྡན་པ་གང་ཡིན་པ་དེ་དག་ནི་ངས་སངས་རྒྱས་སྟོང་ཕྲག་ལྔའི་ཉན་ཐོས་སུ་གྱུར་པ་བྱེ་བ་དུང་ཕྱུར་ཕྲག་དྲུག་ཅུ་རྩ་བརྒྱད་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པ་དེ་དག་
ཡིན་པར་མཁྱེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ལྟར་དེ་དག་གིས་སྔོན་གྱིས་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། མྱ་ངན་ལས་འདས་པ་དམིགས་སུ་མེད་པ་ལ་སྤྱད་པ་དག་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་ལ་འབྱུང་བར་དམིགས་པ་ཞེས་བྱ་བ་དང་། ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་བ་
དང་། ཚོགས་ནས་བྱུང་བ་ཞེས་བྱ་བ་དང་། ཉེ་བར་བཅིངས་པ་ཞེས་བྱ་བའི་དགེ་སློང་འཁོར་དང་བཅས་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་དམིགས་པ་ཅན་དུ་གྱུར། བདག་ཏུ་སྨྲ་བ་ལ་ཀུན་ཏུ་རྟེན། སེམས་ཅན་དུ་སྨྲ་བ་དང་། སྲོག་ཏུ་སྨྲ་བ་དང་། གང་ཟག་ཏུ་སྨྲ་བ་དང་། སྐྱེ་བོ་མང་པོའི་འཁོར་
เล่ม ๖๓ · หน้า 48a
དང་། གང་ཟག་ཏུ་སྨྲ་བ་ལ་མངོན་པར་ཞེན་པར་གྱུར་ཏོ། །ཤཱ་རིའི་བུ་དེ་ལྟར་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གིས་རབ་ཏུ་བྱུང་བ་དང་། ཁྱིམ་པའི་སྐྱེ་བོའི་ཚོགས་ཆེན་པོ་དག་ལོག་པའི་ལྟ་བ་ལ་མངོན་པར་ཞེན་པར་བྱས་ནས་དོན་དམ་པ་ནི་སྤངས། དམིགས་སུ་མེད་པའི་སྟོང་
པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་སངས་རྒྱས་ཀྱི་བྱང་ཆུབ་ནི་གཅེར་བུ་པའི་ཚིག་གིས་བཅབས་ནས་ལོག་པར་ལྟ་བ་ཡོངས་སུ་བཟུང་བར་གྱུར་ཏོ། །ཤཱ་རིའི་བུ་དེ་ལ་དགེ་སློང་བཞི་པོ་གང་ཡིན་པ་དེ་དག་འཁོར་གྱི་གཙོ་བོ་ཡིན་པས་སྐྱེས་བུ་དམ་པ་མ་ཡིན་པ་བཞི་པོ་གང་
ཡིན་པ་དེ་དག་གི་རྗེས་སུ་ཕྱོགས་པ་དེ་རྣམས་ཀྱང་དེ་སྐད་དུ་སྨྲ་བས། དེ་རྣམས་ཀྱིས་གསུང་རབ་རྒྱ་ཆེན་པོ་དེ་ནུབ་པར་བྱས་སོ། །ཤཱ་རིའི་བུ་དེ་ལ་གང་དག་གིས་ཆོས་མ་ཡིན་པ་དེ་ལ་ཆོས་སུ་བཟུང་ནས་དེ་དག་གིས་བཙལ་བ་དང་། འབད་པ་དང་། བརྩོན་པ་བྱས་ཀྱང་རྗེས་སུ་འཐུན་པའི་བཟོད་པ་ཡང་
སྐྱེས་པར་མ་གྱུར་ན། འབྲས་བུ་ཐོབ་པ་ལྟ་ཅི་སྨོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་འདི་ལྟར་ཁྱིམ་པ་དང་རབ་ཏུ་བྱུང་བ་དེ་དག་ཕལ་ཆེར་ངན་སོང་དུ་དོང་བར་གྱུར་གྱི། བདེ་འགྲོར་དོང་བ་ནི་མ་ཡིན་ནོ། །ཤཱ་རིའི་བུ་འདི་ལྟར་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་གིས་སངས་རྒྱས་ཀྱི་བྱང་
ཆུབ་དེ་ནུབ་པར་བྱས་པས། སེམས་ཅན་མང་པོ་ལ་གནོད་པ་བྱེད་པ་ཡིན་ཏེ། སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ཀྱང་དུས་ལས་འདས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ནས་དེར་ལོ་བྱེ་བ་བརྒྱ་སྟོང་ཕྲག་དགུར་ཁས་བུབ་ཏུ་བཙོས་པར་གྱུར་ཏོ། །ལོ་སྟོང་ཕྲག་དགུར་ནི་གློ་གཡས་
གཡོན་ནས་བཙོས་ཏེ། དེ་དག་དེ་ནས་ཤི་འཕོས་ནས་རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་གཞོམ་དང་། ཐིག་ནག་དང་། ཡང་སོས་ཀྱི་དམྱལ་བ་ཆེན་པོ་རྣམས་སུ་ལྷུང་ནས། རྣམ་གྲངས་འདི་དག་གིས་དམྱལ་བ་ཆེན་པོ་རེ་རེར་ཡང་དུས་དེ་སྲིད་དུ་བཙོས་པར་
གྱུར་ཏོ། །དེ་དག་དེ་ནས་ཡང་ཡང་སོས་ཀྱི་དམྱལ་བ་ཆེན་པོ་ནས་ཐིག་ནག་ཏུ་ལྷུང་ཞིང་། ཐིག་ནག་ནས་བསྡུས་གཞོམ་དང་། བསྡུས་གཞོམ་ནས་ངུ་འབོད་དང་། ངུ་འབོད་ནས་ངུ་འབོད་ཆེན་པོ་དང་། ངུ་འབོད་ཆེན་པོ་ནས་ཚ་བ་དང་། ཚ་བ་ནས་རབ་ཏུ་ཚ་བར་ལྷུང་བ་ནས་མནར་མེད་པ་དང་། མནར་
เล่ม ๖๓ · หน้า 48b
མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་བར་གྱུར་ཏོ། །ཤཱ་རིའི་བུ་རྣམ་གྲངས་འདིས་ཁྱིམ་པ་དང་རབ་ཏུ་བྱུང་བ་དེ་དག་དང་འབྲེལ་བ་གང་ཡིན་པ་དག་དང་། སློང་བའི་ཁྱིམ་དང་མཛའ་བཤེས་ཀྱི་རྒྱུད་དུ་གྱུར་པ་གང་ཡིན་པ་དེ་དག་ཀྱང་དེ་རྣམས་དང་ལྷན་ཅིག་དེ་དག་ནས་ཤི་འཕོས་ནས་སེམས་ཅན་དམྱལ་
བ་ཆེན་པོར་སྐྱེས་ཏེ། མི་ཟད་པའི་ཚོར་བ་མྱོང་བར་གྱུར་ཏོ། །དེ་དག་ལས་ཡང་སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞི་སྔ་ཕྱི་མེད་པར་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་དུ་སྐྱེས་པར་གྱུར་ཏོ། །དེ་དག་ལས་འགྲོགས་བཤེས་ཀྱི་རྒྱུད་དང་། རིམ་གྲོ་བྱེད་པའི་རྒྱུད་དང་། རིམ་གྲོ་བྱེད་པའི་དགེ་
སློང་དང་། སློབ་དཔོན་དང་། བརྒྱུད་པའི་སློབ་དཔོན་དང་། ཉེ་གནས་དང་། བརྒྱུད་པའི་ཉེ་གནས་ཤི་འཕོས་པར་གྱུར་པ་གང་ཡིན་པ་དེ་དག་ལས་ཕལ་མོ་ཆེ་ཞིག་དང་། ཤཱ་རིའི་བུ་རྗེས་སུ་ཕྱོགས་པར་གྱུར་པ་ཇི་ལྟར་དེ་བཞིན་གཤེགས་པས་མཁྱེན་གྱི་དེ་དག་གི་གྲངས་ཁྱེད་ཀྱིས་ཤེས་པར་སླ་
བ་མ་ཡིན་པ་གང་ཡིན་པ་ཇི་སྙེད་པ་དེ་དག་དང་། དེས་ཟིན་པའི་སེམས་ཅན་ལོག་པར་ལྟུང་བའི་འགྲོ་བར་གྱུར་པ་ཇི་སྙེད་པ་དེ་དག་དང་། དེ་དག་ནས་ཤི་འཕོས་པའི་སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞི་པོ་དེ་དག་དང་ལྷན་ཅིག་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སྐྱེས་པར་གྱུར་ཏོ། །
ཤཱ་རིའི་བུ་རྣམ་གྲངས་འདིས་དེ་དག་བསྐལ་པ་ཡོངས་སུ་རྫོགས་པར་ངན་སོང་ཐོབ་པར་གྱུར་ཏོ། །ཤཱ་རིའི་བུ་གང་གི་ཚེ་སྲེག་པའི་བསྐལ་པ་འབྱུང་བ་དེའི་ཚེ་ཡང་སྐྱེས་བུ་བླུན་པོ་དེ་དག་དེ་ཉིད་དུ་དེ་ཁོ་ན་བཞིན་དུ་ལྷུང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་
ཀྱི་བསྟན་པ་ལ་སྨད་པའི་ལས་དྲག་པོ་གང་ཡིན་པ་དེ་བྱས་པའི་ཕྱིར་རོ། །ཤཱ་རིའི་བུ་ཡང་འཇིག་པའི་བསྐལ་པ་བྱུང་བ་ན། སྐྱེས་བུ་དམ་པ་མ་ཡིན་པ་བཞི་པོ་དེ་དག་དང་། སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞི་པོ་དེ་དག་དེ་ནས་ཤི་འཕོས་ནས། འདི་ནས་འཇིག་རྟེན་གྱི་
ཁམས་གཞན་ནམ། འཇིག་རྟེན་གྱི་བར་གྱི་སེམས་ཅན་དམྱལ་བ་ཤིན་ཏུ་ཆེན་པོར་ལྷུང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དྲག་པོའི་ལས་བྱས་ཤིང་བསགས་པའི་རྣམ་པར་སྨིན་པ་ནི་ཆུང་ངུར་མི་འགྱུར་ཏེ། དེ་དག་དེ་ན་ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་
เล่ม ๖๓ · หน้า 49a
དང་། ལོ་བརྒྱ་སྟོང་ཕྲག་མང་པོ་དང་། ལོ་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་རྣམས་སུ་སྡུག་བསྔལ་དྲག་པོ་རྩུབ་པ་མི་ཟད་པ་ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་གྱུར་ཏོ། །ཤཱ་རིའི་བུ་འཇིག་རྟེན་གནས་པ་གང་ཡིན་པ་འདི་ཞིག་པར་གྱུར་ཏེ། དེར་ཡང་སྲེག་པའི་བསྐལ་པ་ཆེན་
པོ་ཉེ་བར་གནས་པའི་དུས་དེ་དང་དེ་དག་བྱུང་བར་གྱུར་ཏོ། །ཤཱ་རིའི་བུ་དེ་ནས་སྐྱེས་བུ་དམ་པ་མ་ཡིན་པ་བཞི་པོ་དེ་དག་དང་། སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞི་པོ་དེ་དག་དང་། གཞན་ཡང་སེམས་ཅན་དམྱལ་བ་ལས་ཀྱི་རྣམ་པར་སྨིན་པ་མི་བཟད་པ་གང་ཡིན་པ་དེ་རྣམས་དེ་
ནས་ཤི་འཕོས་ནས་ཡང་འཇིག་རྟེན་གྱི་ཁམས་འདི་ཉིད་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་དག་ཏུ་སྐྱེས་པར་གྱུར་ཏོ། །ཤཱ་རིའི་བུ་ཡང་སྐྱེས་བུ་དམ་པ་མ་ཡིན་པ་བཞི་པོ་དེ་དག་དང་། སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བཞི་པོ་དེ་དག་མི་རྣམས་སུ་སྐྱེས་པར་གྱུར་ཏེ། དེར་ཡང་ཐམས་ཅད་
དམུས་ལོང་ཤ་སྟག་ཏུ་གྱུར་ཏོ། །ཤཱ་རིའི་བུ་རྣམ་གྲངས་འདིས་མི་རྣམས་སུ་སྐྱེ་བ་ལྔ་བརྒྱར་དམུས་ལོང་ཤ་སྟག་ཏུ་གྱུར་ཏོ། །སྐྱེ་བ་ལྔ་བརྒྱར་ནི་དམྱལ་བ་ཆེན་པོར་ལྷུང་བར་གྱུར་ཏེ། དེར་ཡང་ཐམས་ཅད་དམུས་ལོང་ཤ་སྟག་ཏུ་གྱུར་ཏོ། །དེ་དག་སྐྱེ་བ་ལྔ་བརྒྱའི་ཐ་མ་ལ་མིའི་རང་བཞིན་སླར་
ཐོབ་ནས་ཤའི་མིག་དང་ལྡན་པར་གྱུར་ཏོ། །ཤཱ་རིའི་བུ་དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་
སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཀུན་ནས་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བཅོམ་ལྡན་འདས་དེའི་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་བརྒྱ་སྟོང་དུ་གྱུར་ཏོ། །དེའི་ཉན་ཐོས་འདུས་པ་ཆེན་པོ་ནི་བྱེ་བ་ཕྲག་དུང་ཕྱུར་ཡོངས་སུ་ཚང་བར་གྱུར་ཏོ། །དེའི་ཚེ་མི་དེ་དག་གི་ལུས་ནི་ཁྲུ་དགུ་བཅུ་
རྩ་དགུ་ཡོད་དོ། །བཅོམ་ལྡན་འདས་ཀྱི་སྐུ་ལ་ནི་ཁྲུ་ཕལ་པ་དེའི་ཉིས་འགྱུར་ཡོད་དོ། །སངས་རྒྱས་བཅོམ་ལྡན་འདས་དེའི་འོད་ནར་མ་གང་ཡིན་པ་དེས་ནི་དཔག་ཚད་བྱེ་བ་དུང་ཕྱུར་ཕྲག་བརྒྱ་སྟོང་སྣང་བས་ཁྱབ་པར་གྱུར་ཏོ། །བཅོམ་ལྡན་འདས་དེའི་བསྟན་པ་ལ་སྐྱེས་བུ་དམ་པ་མ་ཡིན་པ་
เล่ม ๖๓ · หน้า 49b
དེ་དག་རབ་ཏུ་བྱུང་ནས་ལོ་བརྒྱ་སྟོང་དུ་མ་མགོ་ལ་མེ་འབར་བ་བཞིན་དུ་འབྲས་བུ་འདོད་པའི་ཕྱིར་བཙལ་བར་བྱས་ཀྱང་རྗེས་སུ་འཐུན་པའི་བཟོད་པ་ཡང་མ་སྐྱེས་ན། འབྲས་བུ་ཐོབ་པ་ལྟ་ཅི་སྨོས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སངས་རྒྱས་ཀྱི་བྱང་ཆུབ་
ལ་སྨོད་པ་གང་ཡིན་པ་ནི་དེ་ལྟར་འགྱུར་ཏེ། འདི་ལྟར་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མངོན་པར་འདུས་བྱས་པའི་ཕྱིར་རོ། །ཤཱ་རིའི་བུ་རྣམ་གྲངས་འདིས་ཇི་སྲིད་དུ་འདིར་ང་མ་བྱུང་བའི་བར་མ་དོར་དེ་དག་དེ་ནས་ཤི་འཕོས་ནས་ཀྱང་སྔོན་གྱི་མི་དགེ་བའི་ལས་མངོན་པར་འདུས་བྱས་
པས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་བར་གྱུར་ཏོ། །དེ་དག་གིས་ང་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་དང་ཐབས་ཅིག་ཏུ་མཉེས་པར་བྱས་ན། འོན་ཀྱང་དེ་དག་གིས་སངས་རྒྱས་དེ་སྙེད་ཅིག་ལས་ཀྱང་རྗེས་སུ་འཐུན་པའི་བཟོད་པ་ཡང་མ་ཐོབ་པོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་
བུ་དེ་བཞིན་གཤེགས་པས་གསུངས་པ་ལ་མ་དད་ཅིང་སྨོད་པ་དང་། འཕགས་པའི་དགེ་སློང་རྣམས་ལ་ཁ་ཟེར་བ་གང་ཡིན་པ་དེ་ནི་དེ་ལྟར་འགྱུར་ཏེ། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མངོན་པར་འདུས་བྱས་པའི་ཕྱིར་རོ། །ཤཱ་རིའི་བུ་འཕགས་པ་རྣམས་ལ་སྐུར་པ་བཏབ་པས་ཇི་
སྙེད་ཀྱི་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་གྱུར་པ་ལ་ལྟོས། འོན་ཀྱང་ངན་སོང་རྣམས་ལས་ནི་མ་ཐར་ཏོ། །ཤཱ་རིའི་བུ་བསྟན་པ་དེ་ལ་སྨོད་པའི་སེམས་ཅན་གང་དག་ཡིན་པ་དང་། དེ་ལ་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མངོན་པར་འདུ་བྱེད་པ་གང་དག་ཡིན་པའི་སེམས་ཅན་ཇི་སྙེད་
པ་དེ་དག་ནི་རེ་ཞིག་དཔག་ཏུ་མེད་ཅིང་རེ་ཞིག་གྲངས་མེད་པ་ཡིན་ན། ཤཱ་རིའི་བུ་དེ་ལས་བསྐལ་པ་གྲངས་མེད་པ་འདི་སྙེད་དང་། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་འདས་ཀྱི་བར་དུ་སེམས་ཅན་གཅིག་ཀྱང་ཡོངས་སུ་མྱ་ངན་ལས་འདས་པར་མི་དགོངས་སོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱིས་
པ་མངོན་པའི་ང་རྒྱལ་ཅན་དང་། དགེ་སློང་སྡིག་ཅན་ཚུལ་ཁྲིམས་དང་སྡོམ་པ་ཞིག་པ་དང་། ཡོངས་སུ་མ་དག་པའི་ཆོས་སྟོན་པ་མ་གཏོགས་པར་སུ་ཞིག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་སྨོད་པར་བྱེད། དེ་དག་ལ་ནི་ཆོས་གསུམ་པོ་འདི་དག་ཡོད་པས། དགེ་བ་ནི་དེ་
เล่ม ๖๓ · หน้า 50a
ཉིད་ཀྱིས་རིག་པ་མེད་པ། གྲོལ་བ་མེད་པ་ཡིན་ཏེ། དེ་དག་ནི་དེ་བཞིན་གཤེགས་པའི་གསུང་ལ་མ་དད་ཅིང་སྨོད་པར་བྱེད་དོ། །ཤཱ་རིའི་བུ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ཀྱི་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་ངེས་པར་འབྱུང་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་
ཡིན་པ་སྙམ་དུ་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཙོམ་ཟ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་གཏི་མུག་ལྷ་སྦྱིན་འདི་དེའི་ཚེ་དེའི་དུས་ན། ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་ངེས་པར་འབྱུང་བ་ཞེས་བྱ་བར་གྱུར་ཏོ། །ཤཱ་རིའི་བུ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་
ཀྱི་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཙོམ་ཟ་ན། ཤཱ་རིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དགེ་སློང་ཀོ་ཀ་ལི་ཀ་འདི་དེའི་ཚེ་དེའི་དུས་
ན་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་བར་གྱུར་ཏོ། །ཤཱ་རིའི་བུ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་ཚོགས་ནས་བྱུང་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སོམ་ཉིའམ། ཡིད་གཉིས་སམ། ཐེ་
ཙོམ་ཟ་ན། ཤཱ་རིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དགེ་སློང་སེར་སྐྱ་འདི་དེའི་ཚེ་དེའི་དུས་ན་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་ཚོགས་ནས་བྱུང་བ་ཞེས་བྱ་བར་གྱུར་ཏོ། །ཤཱ་རིའི་བུ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་ཡོངས་སུ་མ་དག་པའི་ཆོས་སྟོན་
པའི་དགེ་སློང་ཉེ་བར་བཅིངས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སོམ་ཉིའམ་ཡིད་གཉིས་སམ་ཐེ་ཙོམ་ཟ་ན། ཤཱ་རིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གཅེར་བུ་པའི་བུ་བདེན་ལྡན་འདི་དེའི་ཚེ་དེའི་དུས་ན་ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་
སློང་ཉེ་བར་བཅིངས་པ་ཞེས་བྱ་བར་གྱུར་ཏོ། །ཤཱ་རིའི་བུ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་གང་གིས་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་སྟོན་པ་ཡོངས་སུ་དག་པའི་ཆོས་སྟོན་པ་དང་ལྡན་པ་སེམས་ཅན་མང་པོའི་དོན་བྱེད་པ་དང་ལྡན་པ་དེའི་ཆོས་བསྟན་པ་ལ་སངས་རྒྱས་སྟོང་
เล่ม ๖๓ · หน้า 50b
ཕྲག་ལྔའི་ཉན་ཐོས་སུ་གྱུར་པ་བྱེ་བ་དུང་ཕྱུར་ཕྲག་དྲུག་ཅུ་རྩ་བརྒྱད་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པ་དག་གིས་རྗེས་སུ་བསླབས་པའི་དགེ་སློང་བཀུར་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སོམ་ཉིའམ། ཡིད་གཉིས་ཟ་ན། ཤཱ་རིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་
ཕྱིར་ཞེ་ན། ཤཱ་རིའི་བུ་བྱམས་མའི་བུ་གང་པོ་འདི་ཉིད་དེའི་ཚེ་དེའི་དུས་ན་གང་གིས་སངས་རྒྱས་ཀྱི་བྱང་ཆུབ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་སྟོན་པ་ཡོངས་སུ་དག་པའི་ཆོས་སྟོན་པ། སེམས་ཅན་མང་པོའི་དོན་བྱེད་པ་དེའི་ཆོས་བསྟན་པ་ལ་ཡང་སངས་རྒྱས་སྟོང་ཕྲག་ལྔའི་ཉན་ཐོས་སུ་གྱུར་
པ་བྱེ་བ་དུང་ཕྱུར་ཕྲག་དྲུག་ཅུ་རྩ་བརྒྱད་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པ་དག་གིས་རྗེས་སུ་བསླབས་པའི་དགེ་སློང་བཀུར་བ་ཞེས་བྱ་བར་གྱུར་ཏོ། །ཤཱ་རིའི་བུ་གང་དག་ངེས་པའི་དོན་གྱི་ཆོས་ཀྱི་གཏམ་དང་། ཡོངས་སུ་དག་པའི་ཆོས་རྣམས་སྟོན་པ་ཡིན་ནོ་ཞེས་ཡང་དག་པར་སྨྲ་བས་
སྨྲ་བ་དེ་དག་གིས་ནི་བྱམས་མའི་བུ་གང་པོ་ཁོ་ན་ཡིན་ནོ་ཞེས་ཡང་དག་པར་སྨྲ་བས་སྨྲོས་ཤིག །ཤཱ་རིའི་བུ་དགེ་སློང་གང་པོ་ནི་ངེས་པ་མ་ཡིན་པ་ངེས་པར་བྱེད་པ་མ་ཡིན་ཏེ། ཤཱ་རིའི་བུ་དེ་ལྟ་བས་ན་གང་པོ་ནི་ངེས་པའི་དོན་གྱི་ཆོས་ཀྱི་ཚུལ་རབ་ཏུ་སྟོན་པ་ཡིན་ནོ། །དགེ་སློང་གང་
པོ་ནི་མ་ངེས་པའི་དོན་གྱི་ཆོས་སྟོན་པ་མ་ཡིན་ཏེ། དགེ་སློང་གང་པོ་ནི་ངེས་པའི་དོན་གྱི་ཆོས་སྟོན་པ་ཡིན་ནོ། །དགེ་སློང་གང་པོ་ནི་མཐར་ཕྱིན་པ་མ་ཡིན་པའི་ཆོས་སྟོན་པ་མ་ཡིན་ཏེ། དགེ་སློང་གང་པོ་ནི་མཐར་ཕྱིན་པའི་ཆོས་སྟོན་པ་ཡིན་ནོ། །ཤཱ་རིའི་བུ་དགེ་སློང་གང་པོ་ནི་ཐེ་ཙོམ་
དང་བཅས་པས་ངེས་པར་བྱེད་པ་མ་ཡིན་ཏེ། དགེ་སློང་གང་པོ་ནི་ཐེ་ཙོམ་མེད་པ་དང་། ངེས་པའི་དོན་དང་། མཐར་ཕྱིན་པའི་ཆོས་སྟོན་པ་ཡིན་ནོ། །ཤཱ་རིའི་བུ་གང་དག་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཆོས་ཀྱི་གཏམ་དང་ལྡན་པ་ཡིན་ནོ་ཞེས་ཡང་དག་པར་སྨྲ་བས་སྨྲ་
བ་དེ་དག་གིས་ནི་གང་པོ་ཁོ་ན་ཡིན་ནོ་ཞེས་ཡང་དག་པར་སྨྲ་བས་སྨྲོས་ཤིག །ཤཱ་རིའི་བུ་དགེ་སློང་གང་པོ་ནི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པ་དང་ལྡན་པ་ཡིན་ཏེ། ཤཱ་རིའི་བུ་བྱམས་མའི་བུ་གང་པོ་ནི་སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཕྲག་དགུ་འདས་ཤིང་འཁྲུངས་
เล่ม ๖๓ · หน้า 51a
པའི་གནས་དེ་དང་དེ་དག་ཏུ་ཆོས་སྨྲ་བར་གྱུར་ཏེ། ཐམས་ཅད་དུ་ཡང་ཡོངས་སུ་དག་པའི་ཆོས་སྟོན་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྤྱན་སྔར་ཚེ་ཇི་སྲིད་པར་ཚངས་པར་སྤྱད་པས་ཡོངས་སུ་དག་པའི་ཆོས་སྟོན་པ་ཡིན་ནོ། །ཤཱ་རིའི་བུ་དགེ་སློང་གང་པོ་
འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་རྣམས་ཀྱི་ཆོས་སྨྲ་བར་ཡང་གྱུར་ཏོ། །ཤཱ་རིའི་བུ་དགེ་སློང་གང་པོ་འདི་ནི་ད་ལྟར་ངའི་ཆོས་སྨྲ་བ་དགྲ་བཅོམ་པ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཡང་ཡིན་ནོ། །ཤཱ་རིའི་བུ་གང་དག་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་ཡིན་ནོ་ཞེས་
ཡང་དག་པར་སྨྲ་བས་སྨྲ་བ་དེ་དག་གིས་ནི་གང་པོ་ཁོ་ན་ཡིན་ནོ་ཞེས་ཡང་དག་པར་སྨྲ་བས་སྨྲོས་ཤིག །ཤཱ་རིའི་བུ་གང་པོ་ནི་སངས་རྒྱས་བྱེ་བ་ཕྲག་དགུའི་སངས་རྒྱས་ཀྱི་བྱང་ཆུབ་ཤིན་ཏུ་རྣམ་པར་ངེས་པ་གང་ཡིན་པ་དེ་དག་ལ་ལེགས་པར་བསླབས་པས་ཤེས་རབ་ཆེན་པོ་ཡིན་ཏེ་དགེ་སློང་
གང་པོ་ནི་དེའི་ཕྱིར་དེ་བཞིན་གཤེགས་པས་ཆོས་སྨྲ་བ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །ཤཱ་རིའི་བུ་ངས་དགེ་སློང་གང་པོའི་བསྔགས་པ་ཉིན་པར་རམ། མཚན་མོའམ། ཉིན་མཚན་དུ་གསུངས་ཀྱང་། ཤཱ་རིའི་བུ་དགེ་སློང་གང་པོ་ཁོ་ནའི་བསྔགས་པ་ནི་མ་བསྒྲགས་པར་ཟད་དོ། །ཤཱ་
རིའི་བུ་ངས་དགེ་སློང་གང་པོའི་བསྔགས་པ་ཉི་མ་གཉིས་སམ། གསུམའམ། བཞིའམ། ལྔའམ། བཅུའམ། ཟླ་བ་ཕྱེད་དམ། ཟླ་བའམ། དེ་བས་ལྷག་པར་གསུངས་ཀྱང་དགེ་སློང་གང་པོ་ཁོ་ནའི་བསྔགས་པ་ནི་མ་བསྒྲགས་པར་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ངའི་ཉན་ཐོས་
རྣམ་པ་ཐམས་ཅད་དུ་ངེས་པའི་དོན་དང་། ཡོངས་སུ་དག་པའི་ཆོས་སྟོན་པ་དང་ལྡན་པ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དམིགས་སུ་མེད་པའི་སྟོང་པ་ཉིད་ཀྱིས་གནས་པ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་དགེ་སློང་གང་པོ་ནི་ལྷའི་མིག་གིས་དཔག་ཚད་བརྒྱ་སྟོང་ན། སེམས་
ཅན་ཉན་ཐོས་ཀྱིས་འདུལ་བར་འགྱུར་བ་གང་ཡིན་པ་དེ་དག་མཐོང་ན་དགེ་སློང་གང་པོ་དེར་སོང་ནས་དེ་དག་ལ་ཆོས་སྟོན་པར་བྱེད་དེ། ཤཱ་རིའི་བུ་དགེ་སློང་གང་པོ་ནི་ཡུན་རིང་པོར་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཤཱ་རིའི་བུ་དགེ་སློང་གང་པོ་
เล่ม ๖๓ · หน้า 51b
ཆོས་སྟོན་པ་ནི་ཉོན་མོངས་པ་མེད་པ་དང་། ཟང་ཟིང་ལ་མི་ལྟ་བ་དང་། རྙེད་པ་དང་། བཀུར་སྟི་ལ་མ་ཞེན་པར་ཆོས་སྟོན་པ་ཡིན་ནོ། །ཤཱ་རིའི་བུ་དགེ་སློང་གང་པོ་ནི་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་ཆོས་སྨྲ་བ་ཡིན་པས་སྟོན་པ་མ་གཏོགས་པར་གང་པོ་ལ་ལྷ་དང་བཅས་པའི་འཇིག་རྟེན་
གྱིས་དོན་ཏམ། ཚིག་མཐར་གཏུག་པར་མི་ནུས་ཏེ། དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟ་བས་ན། ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །གང་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་རྗེས་སུ་འཐུན་པའི་ཆོས་སྟོན་པ་དེ་ནི་སྐྱེ་བོ་མང་པོའི་དོན་བྱེད་
པ་ཡིན་པས་དགེ་བའི་རྩ་བ་དཔག་ཏུ་མེད་པ་མངོན་པར་འདུ་བྱེད་པ་ཡིན་ནོ། །ཤཱ་རིའི་བུ་གང་ཞིག་སངས་རྒྱས་ཀྱི་བྱང་ཆུབ་ལ་སྨོད་པར་བྱེད་པ་དེ་ནི་སྐྱེ་བོ་མང་པོ་ལ་ཡང་གནོད་པ་བྱེད་པ་ཡིན་པས་མི་དགེ་བའི་རྩ་བ་མང་དུ་མངོན་པར་འདུ་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་
སྡིག་པའི་རྣམ་པར་སྨིན་པ་ནི་སྡིག་པ་ཡིན་ལ། ཟག་པ་དང་བཅས་པའི་མི་དགེ་བའི་རྣམ་པར་སྨིན་པ་ཡང་ཟག་པ་དང་བཅས་པ་ཡིན་ཞིང་། ཟག་པ་མེད་པའི་རྣམ་པར་སྨིན་པ་ནི་ཟག་པ་མེད་པ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟ་བས་ན་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་
དག་འཁོར་བཞི་ལ་རྒྱས་པར་བཤད་ཅིང་རབ་ཏུ་བསྟན་པ་ན། ཤཱ་རིའི་བུ་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དེ་དག་དགའ་བ་དང་མགུ་བ་ཐོབ་པར་གྱུར་ན་ཤཱ་རིའི་བུ་དེ་དག་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །གང་དག་ཡང་དེ་བཞིན་གཤེགས་པས་
གསུངས་པའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་ཐོས་ནས་དགའ་བ་དང་མགུ་བ་མ་ཐོབ་ཅིང་ལྷག་པར་ཡང་མ་དད་པ་ཉེ་བར་སྟོན་པར་འགྱུར་ན། གདོན་མི་ཟ་བར་དེ་དག་ནི་ཚུལ་ཁྲིམས་རལ་བའམ། མངོན་པའི་ང་རྒྱལ་ཅན་ནམ། ཡོངས་སུ་མ་དག་པའི་ཆོས་སྟོན་པ་ཡིན་ནོ། །ཡང་གང་ཞིག་སྨོད་པར་
བྱེད་ན་དེ་དེ་ཉིད་ནས་དམུས་ལོང་དུ་འགྱུར་རོ། །ཤཱ་རིའི་བུ་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །ཤཱ་རིའི་བུ་ང་ནི་ཇི་ལྟར་རྫ་མཁན་གྱིས་སོ་མ་བཏང་བའི་སྣོད་རྣམས་ལ་ཁྱད་དུ་གསོད་པར་བྱེད་པ་དེ་ལྟར་ཕ་རོལ་གནོན་པར་མི་མཛད་ཀྱི། ཤཱ་རིའི་བུ་ང་ནི་སངས་རྒྱས་ཀྱི་བྱང་ཆུབ་དམིགས་
เล่ม ๖๓ · หน้า 52a
སུ་མེད་པ་དོན་དམ་པ་སྟོང་པ་ཉིད་ཀྱིས་ཟིལ་གྱིས་མནན་ཅིང་ཟིལ་གྱིས་མནན་ནས་གཞན་ལ་ཆོས་སྟོན་པ་ན་སྙིང་པོར་འགྱུར་བ་གང་ཡིན་པ་དེ་ན་འདུག་ལ་སྦུན་པར་འགྱུར་བ་གང་ཡིན་པ་དེ་ནི་འདོར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་སྟོན་པར་མཛད་པ་ནི་ལོག་པའི་ལྟ་བ་ལ་བརྟེན་ནས་མ་ཡིན་ཏེ། བདག་ཏུ་སྨྲ་བ་ལ་མ་ཡིན། སེམས་ཅན་དུ་སྨྲ་བ་ལ་མ་ཡིན། སྲོག་ཏུ་སྨྲ་བ་
ལམ་ཡིན། གང་ཟག་ཏུ་སྨྲ་བ་ལ་མ་ཡིན། རྟག་པར་སྨྲ་བ་ལ་མ་ཡིན། ཆད་པར་སྨྲ་བ་ལ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་དེ་ལྟ་བུ་ལ་ཞེན་པ་དེ་དག་ཐམས་ཅད་ནི་ལོག་པའི་ལྟ་བ་ཞེས་བྱའོ། །ཤཱ་རིའི་བུ་བདག་གི་འདུ་ཤེས་དང་། སེམས་ཅན་གྱི་འདུ་ཤེས་
དང་། སྲོག་གི་འདུ་ཤེས་དང་། གང་ཟག་གི་འདུ་ཤེས་དང་། རྟག་པའི་འདུ་ཤེས་དང་། ཆད་པའི་འདུ་ཤེས་གང་ཡིན་པས་ནི་རྗེས་སུ་འཐུན་པའི་བཟོད་པ་སྐྱེ་བར་འགྱུར་བ་ཡང་གནས་མ་ཡིན་ཞིང་གོ་སྐབས་མེད་ན་འབྲས་བུ་ཐོབ་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་ཡོད་
པ་མ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟ་བས་ན་དེ་བཞིན་གཤེགས་པས་དེ་ལྟ་བུའི་ལྟ་བ་དང་ལྡན་པ་རྣམས་ལ་ནི་དད་པས་བྱིན་པ་རྗེས་སུ་མ་གནང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་རིགས་པ་མེད་པ། གྲོལ་བ་མེད་པ་དེ་དག་ནི་ཇི་སྲིད་དུ་ལུས་གསོ་བའི་དོན་དུ་བསྟན་པ་འདི་ལ་
རབ་ཏུ་བྱུང་བ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་ལྟ་བས་ན་ངས་སྔོན་གྱི་མུ་སྟེགས་ཅན་བསྟན་པ་འདི་ལ་རབ་ཏུ་བྱུང་བ་གང་ཡིན་པ་དེ་ཟླ་བ་བཞིའི་གནས་བཅའ་བར་བྱའོ་ཞེས་གཞན་མུ་སྟེགས་ཅན་རྣམས་ཀྱི་གནས་བཅའ་བར་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གཞན་མུ་
སྟེགས་ཅན་རྣམས་ནི་ཕལ་ཆེར་བདག་ཏུ་སྨྲ་བ་དང་། སེམས་ཅན་དུ་སྨྲ་བ་དང་། སྲོག་ཏུ་སྨྲ་བ་དང་། གང་ཟག་ཏུ་སྨྲ་བ་དང་། རྟག་པར་སྨྲ་བ་དང་། ཆད་པར་སྨྲ་བ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་ང་དང་ངའི་ཉན་ཐོས་རྣམས་ནི་བདག་མེད་པར་སྨྲ་བ། སྟོང་པ་ཉིད་དུ་སྨྲ་བ།
เล่ม ๖๓ · หน้า 52b
མཚན་མ་མེད་པའི་བསམ་གཏན་པ། རྗེས་སུ་འཐུན་པའི་བཟོད་པ་དང་ལྡན་པ། རྣམ་པར་ཤེས་པ་རྣམས་ལ་མི་གནས་པ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་གང་ཞིག་བཟོད་པ་དེ་ལྟ་བུ་དང་ལྡན་པ་དེ་ལ་ནི་ངས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དང་། དད་པས་བྱིན་པའི་ཆོས་
གོས་དང་། བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་དང་། མཁོ་བའི་ཡོ་བྱད་རྣམས་སྐབས་དབྱེ་བར་བྱའོ། །གང་ཞིག་མི་ལྡན་པ་དེ་ནི་གནས་བཅའ་བའི་དོན་དུ་བདག་མེད་པ་ལ་མངོན་པར་སྦྱར་བར་བྱའོ། །ཤཱ་རིའི་བུ་གང་ཞིག་དོན་དམ་པ་སྟོང་པ་ཉིད་རབ་ཏུ་
བཤད་པ་ན་དེ་ལ་བཟོད་པ་དང་དད་པ་མ་ཐོབ་ཅིང་སྐྲག་པར་གྱུར། དངང་བར་གྱུར། ཀུན་ཏུ་དངང་བར་གྱུར། ཀུན་ཏུ་རྨོངས་པར་གྱུར་ཏེ། དོན་དམ་པ་སྟོང་པ་ཉིད་ལ་སྨོད་ཅིང་གང་ཟག་ཏུ་ལྟ་བ་ལ་དགའ་བ་འཐོབ་པ་ལྟ་ན། དེ་ནི་ངེས་པར་ཡུན་རིང་པོ་ནས་བདུད་ཀྱིས་མངགས་པའམ།
སྔོན་གྱི་མུ་སྟེགས་ཅན་གཞན་གང་ཡིན་པ་ཞིག་ཡིན་པར་རྟོགས་པར་བྱ་སྟེ། དེ་ལ་མཁས་པས་ཡིད་མི་བདེ་བ་བསྐྱེད་པར་མི་བྱའི། སྙིང་རྗེ་དང་བྱམས་པ་ཡང་དག་པར་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ནི་འདི་ལྟར་ཚིག་གིས་རྫོགས་པར་མི་ནུས་པས་བྱ་བ་ཇི་སྙེད་
དང་ལྡན་པ་དེ་ལྟ་བུའི་བཟོད་པ་ཅན་ལ་ནི་རྣམ་པར་སྨིན་པར་འགྱུར་རོ། །གཞན་དུ་ན་དེ་ལ་རྗེས་སུ་གཟུང་བའི་འདུ་ཤེས་བསྐྱེད་པར་བྱའོ། །སྟོང་པ་ཞེས་བྱ་བ་བདག་མེད་པའི་ཆོས་རྣམས་དང་། གང་ཟག་མེད་པའི་འདུ་ཤེས་ཁོ་ན་བསྐྱེད་པར་བྱའོ། །དེ་འདི་ལྟར་སྟོང་པ་ཉིད་དེ་ལ་ལྟོས་པ་
མེད་ཅིང་སྤོང་བ་དང་། སངས་རྒྱས་ཀྱི་བྱང་ཆུབ་སྤོང་བ་དང་། སངས་རྒྱས་ཀྱི་ཆོས་དང་། དགེ་སྦྱོང་གི་ཆོས་སྤོང་ན། དེ་ལ་ཚངས་པ་མཚུངས་པར་སྤྱོད་པ། སྟོང་པ་ཉིད་ཀྱིས་གནས་པ། མཚན་མ་མེད་པས་གནས་པ། སྨོན་པ་མེད་པས་གནས་པ་རྣམས་ཀྱིས་ཡང་དག་པར་བསྟན་པར་བྱ། ཡང་དག་པར་འཛིན་དུ་གཞུག་
པར་བྱ། ཡང་དག་པར་གཟེངས་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱ་སྟེ། དེ་སངས་རྒྱས་ཀྱི་གསུང་ལ་ཉེ་བར་སྦྱར་བར་བྱའོ། །དོན་དམ་པ་སྟོང་པ་ཉིད་དམིགས་སུ་མེད་པ་རབ་ཏུ་བསྟན་པར་བྱའོ། །གལ་ཏེ་སངས་རྒྱས་ཀྱི་བྱང་ཆུབ་ཀྱིས་སྐྲག་པར་གྱུར་ན།
เล่ม ๖๓ · หน้า 53a
དེའི་མཁན་པོ་དང་སློབ་དཔོན་ལ་དགེ་སློང་མང་པོས་སམ། དགེ་སློང་གི་དགེ་འདུན་གྱིས་ཚིག་འདི་སྐད་ཅེས་དེ་ལ་བཅོམ་ལྡན་འདས་ཀྱིས་གང་དག་ཆོས་རྣམས་ཀྱི་རང་གི་མཚན་ཉིད་རབ་ཏུ་ཤེས་ཤིང་སྟོང་པ་ཉིད་ཀྱིས་གནས་པ་དེ་ལྟ་བུ་དག་གི་སྟོན་པ་ནི་ང་ཡིན་གྱི། གང་ཟག་གི་
འདུ་ཤེས་ཅན་ལོག་པར་ཞུགས་པ། ལམ་གོལ་བར་གཞོལ་བ་རྣམས་ཀྱི་སྟོན་པ་ནི་ང་མ་ཡིན་ནོ་ཞེས་གསུངས་ལ་བཅོམ་ལྡན་འདས་ཀྱིས་ཡང་དག་པའི་ཚུལ་ཁྲིམས་དང་། ལྟ་བ་ཕུན་སུམ་ཚོགས་པ་རྣམས་ཀྱི་གསོ་སྦྱོང་གི་ལས་ནི་གསུངས་ཀྱི། འདི་ལྟར་ཚུལ་ཁྲིམས་ཉམས་པ་
རྣམས་ཀྱི་ནི་མ་ཡིན་པས་ཚེ་དང་ལྡན་པའི་ལྷན་ཅིག་གནས་པ་ནི་དམིགས་སུ་མེད་པའི་སྟོང་པ་ཉིད་ཀྱི་ཆོས་རྣམས་ལ་མ་མོས་ཤིང་གཞན་མུ་སྟེགས་ཅན་གྱི་སྨྲ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་གཞན་མུ་སྟེགས་ཅན་གྱི་སྨྲ་བ་དང་ལྷན་ཅིག་ཏུ་གསོ་སྦྱོང་གི་ལས་མ་གསུངས་པས་
དེ་ནི་མི་བསྟེན་ཏོ། །དེ་ལྟ་བུའི་བཟོད་པ་དང་ལྡན་པ་གང་ཡིན་པ་དེ་དག་ནི་དགེ་འདུན་གྱི་བྱ་བ་ལ་བསྐོ་བར་མི་བྱའོ། །འདུན་པ་བླང་བར་མི་བྱའོ། །དེའི་ཡོངས་སུ་མ་དག་པའི་བཟོད་པ་དེ་ལྟ་བུ་དེ་དག་ཚེ་དང་ལྡན་པ་དག་གིས་ཀྱང་འདི་ལྟར་ཕྱིར་བཟློག་པར་ནུས་པར་གྱིས་ཤིག་ཅེས་
བརྗོད་པར་བྱའོ། །ཤཱ་རིའི་བུ་དགེ་སློང་གི་དགེ་འདུན་གྱིས་དེ་ལྟར་བྱས་ན་ང་ལ་ཡང་མཆོད་པ་བྱས་པ་ཡིན་ནོ། །གཞན་མུ་སྟེགས་ཅན་ཡང་ཤིན་ཏུ་ཚར་གཅད་པ་ཡིན་ནོ། །གསོ་སྦྱོང་གི་ལས་ཀྱང་ཤིན་ཏུ་ཡོངས་སུ་དག་པར་བྱས་པ་ཡིན་ནོ། །ཤཱ་རིའི་བུ་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་
ཆུད་པར་བྱའོ། །གང་ཞིག་འདི་ལྟ་སྟེ། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་སྟེ། ལྟ་བ་འདི་དག་འཛིན་པར་བྱེད་ན་དེ་དག་ནི་ངའི་རྗེས་སུ་རབ་ཏུ་བྱུང་བ་མ་ཡིན། དེ་དག་ནི་ང་ལ་མཉེས་པར་བྱེད་པ་མ་ཡིན་ཏེ། དེ་དག་གི་སྟོན་པ་ཡང་
ང་མ་ཡིན་ནོ། །དེ་དག་ནི་སྟོན་པ་དྲུག་པོའི་རྗེས་སུ་རབ་ཏུ་བྱུང་བ་ཡིན། དེ་དག་ནི་སྟོན་པ་དྲུག་པོ་མཉེས་པར་བྱེད་པ་ཡིན་པས། དེ་དག་གི་སྟོན་པ་ཡང་སྟོན་པ་དྲུག་པོ་ཡིན་ནོ། །དེ་ལ་གང་དག་ཤིན་ཏུ་གྱ་ནོམ་པའི་ཆོས་རྣམས་ལ་བཟོད་པ་མ་ཐོབ་པར་དད་པས་བྱིན་པ་ལ་ལོངས་སྤྱོད་པར་
เล่ม ๖๓ · หน้า 53b
བྱེད་ན། དེ་དག་ནི་དད་པས་བྱིན་པ་ལ་ཤིན་ཏུ་ལོངས་མ་སྤྱད་པ་ཡིན་ནོ། །དེ་དག་གིས་ཅི་ནས་ཀྱང་བསྟན་པ་འདི་ལ་རབ་ཏུ་བྱུང་ནས་སོ་སོར་ཐར་པའི་སྡོམ་པས་བསྡམས་པར་གྱུར་ཀྱང་། དོན་དམ་པ་སྟོང་པ་ཉིད་ལ་འཇུག་པར་མི་འགྱུར་བ་དང་། མོས་པར་མི་འགྱུར་བ་དང་། སྟོང་པ་ཉིད་
དམིགས་སུ་མེད་པའི་ཆོས་རྣམས་ལ་ཡིད་གཉིས་དང་ཐེ་ཙོམ་ཟ་བར་གྱུར་ན། དེ་དག་ཕལ་ཆེར་ཚུལ་ཁྲིམས་གཙོ་བོར་བྱེད་པ་དང་། ཏིང་ངེ་འཛིན་གཙོ་བོར་བྱེད་པ་དང་། ཐོས་པ་གཙོ་བོར་བྱེད་པ་ཡིན་ཡང་། ཤཱ་རིའི་བུ་དེ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་མ་ཡིན།
གུས་པར་བྱས་པ་མ་ཡིན། བླ་མར་བྱས་པ་མ་ཡིན། རྗེད་པར་བྱས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་སེམས་ཅན་གང་ཞིག་བསམ་གཏན་བཞི་པོ་དག་ཐོབ་པར་གྱུར་པ་དེ་ནི་ཤིན་ཏུ་རྙེད་པར་མི་སླ་བ་མ་ཡིན་ན། ཤཱ་རིའི་བུ་དེ་ལ་དེ་བཞིན་གཤེགས་པ་ལ་ཅི་ཞིག་གིས་
བཀུར་སྟི་བྱས། གང་དག་དེ་ཙམ་གྱིས་དགེ་སྦྱོང་དུ་ཁས་འཆེ་བ་དེ་དག་ནི་སྡུག་བསྔལ་གྱི་སྦྱོར་བ་ཐམས་ཅད་ལས་ཡོངས་སུ་མ་གྲོལ་བ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཁྱོད་ལ་གོ་བར་བྱའོ། །ཁོང་དུ་ཆུད་པར་བྱའོ། །ཆོས་འདུལ་བ་འདི་ནི་མང་པོའི་འཛིན་པ་སྣ་ཚོགས་ཀྱིས་ལྟ་
བ་ཉམས་པར་འགྱུར་རོ། །ཤཱ་རིའི་བུ་འདི་ལྟར་ཡོངས་སུ་མ་དག་པའི་ཚུལ་ཁྲིམས་གཙོ་བོར་བྱེད་པ་དང་། ཡོངས་སུ་མ་དག་པའི་ཏིང་ངེ་འཛིན་གཙོ་བོར་བྱེད་པ་དང་། ཡོངས་སུ་མ་དག་པའི་ཐོས་པ་གཙོ་བོར་བྱེད་པས་ཡོངས་སུ་དག་པའི་དགེ་སྦྱོང་མ་ཡིན་ནོ། །ཤཱ་རིའི་བུ་དེ་ལ་ནི་དགེ་སྦྱོང་ཞེས་
མི་གསུང་ངོ་། །བྲམ་ཟེ་ཞེས་མི་གསུང་ངོ་། །ཤཱ་རིའི་བུ་གང་ཞིག་བདག་མེད་པའི་ཆོས་རྣམས་ལ་བདག་མེད་པའི་ཆོས་རྣམས་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ལ་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་
ཡིན་ནོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ནི་དེའི་ཚེ་ཉིད་ནས་ཚུལ་ཁྲིམས་གཙོ་བོར་བྱེད་པ་མ་ཡིན་ཏེ། ཏིང་ངེ་འཛིན་གཙོ་བོར་བྱེད་པ་མ་ཡིན། ཐོས་པ་གཙོ་བོར་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་མངོན་པར་འདུ་བྱེད་པ་མེད་ན་ཆོས་གང་ཞིག་གཙོ་
เล่ม ๖๓ · หน้า 54a
བོར་བྱ། ཤཱ་རིའི་བུ་དེ་ལྟ་བས་ན་མི་གཉིས་པའི་གནས་གཅིག་པོ་གང་ཡིན་པ་དེ་ལ་ནི་ཚུལ་ཁྲིམས་སུ་དམིགས་པ་ཡང་མེད་ན། འཆལ་པའི་ཚུལ་ཁྲིམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཆོས་གང་ཞིག་གཙོ་བོར་བྱ་བ་དེ་ནི་གནས་ཡོད་པ་མ་ཡིན་ནོ། །ཤཱ་རིའི་བུ་དེ་བཞིན་གཤེགས་
པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པ་དང་། གང་ཟག་མེད་པ་དང་། མཚན་ཉིད་མེད་པ་ཡིན་ནོ། །གང་དག་བཟོད་པ་དེ་ལྟ་བུ་ཅན་དེ་དག་ནི་རིགས་པ་དང་གྲོལ་བ་ཡིན་ཏེ། ཁྱིམ་མེད་པའི་
རབ་ཏུ་བྱུང་བ་ཡིན་ནོ། །དེ་དག་ནི་དད་པས་བྱིན་པ་ལ་ཁ་ན་མ་ཐོ་བ་མེད་ཅིང་བརྟགས་པ་ཡིན་ནོ། །དེ་ཉིད་དེ་དག་གིས་བསྙེན་པར་རྫོགས་པའི་ལས་ཡོངས་སུ་དག་པ་ཡིན་ནོ། །ཤཱ་རིའི་བུ་སེམས་ཅན་རྣམས་དང་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་ནི་གཅིག་པོ་འདི་ཡིན་ཏེ། འདི་ལྟ་སྟེ་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཇི་ལྟར་གཅིག་པོ་འདི་ཡིན་ཞེ་ན། ཇི་ལྟ་བ་བཞིན་དུ་འདོད་ཆགས་དང་བྲལ་ཞིང་སྤངས་པའོ། །གང་ཞིག་སྤངས་པ་ཡིན་ཞེ་ན། འདོད་པ་རྣམས་དང་ལྟ་བ་རྣམས་སོ། །འདོད་པ་རྣམས་གང་ཞེ་ན། ཐོག་མའིའོ། །ལྟ་བ་གང་ཞེ་ན། ཡིད་
ལ་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཆོས་ཐམས་ཅད་ནི་ཡིད་ལ་བྱེད་པ་ལས་བྱུང་བ་ཡིན་ཏེ། གང་ཡིད་ལ་བྱེད་པ་དེ་ནི་འདུ་ཤེས་ཡིན་ནོ། །གང་འདུ་ཤེས་པ་དེ་ནི་ལྟ་བ་ཡིན་ནོ། །ལྟ་བ་གང་ཡིན་པ་དེ་ནི་ལོག་པར་ལྟ་བ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་
དགེ་བའི་ཆོས་དེ་ཡང་ལོག་པར་ལྟ་བ་ཡིན་ནོ་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་འདོད་ཆགས་དང་བྲལ་བ་ལ་ནི་ཆོས་སམ། ཆོས་མ་ཡིན་པའམ། དགེ་བའམ། མི་དགེ་བ་སྤངས་པའི་ཕྱིར་རོ། །དེ་ནི་ལྟ་བ་ཐམས་ཅད་དང་། འཛིན་པ་ཐམས་ཅད་དང་། ཡིད་ལ་བྱེད་
པ་ཐམས་ཅད་ཀྱིས་མ་ཆགས་པ་ཡིན་པས་དེའི་ཕྱིར་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་གསུངས་སོ། །ཤཱ་རིའི་བུ་བྱང་ཆུབ་ནི་སྤངས་པ་ཡིན་ནོ། །གང་གི་སྤངས་པ་ཡིན་ཞེ་ན། འདོད་པར་གཏོགས་པ་རྣམས་ཀྱིའོ། །འདོད་པར་གཏོགས་པ་རྣམས་གང་ཞེ་ན། འདོད་པར་གཏོགས་པ་
เล่ม ๖๓ · หน้า 54b
རྣམས་ཀྱི་ཚུལ་བཞིན་མ་ཡིན་པ་མི་དགེ་བ། བདག་ཅེའམ། བདག་གི་ཞེའམ། བདག་ཏུ་བྱེད་པ་དང་། བདག་གིར་བྱེད་པ་གང་ཡིན་པ་དེ་དག་སྟེ། དེ་དག་ནི་འདོད་པར་གཏོགས་པ་རྣམས་ཡིན་ནོ། །འདི་ལྟ་སྟེ་བདག་ཏུ་འདུ་ཤེས་པ་སྤངས་པ་གང་ཡིན་པ་དེ་དག་ནི་མངོན་པར་ཞེན་པ་
མེད་པ་ཡིན་ནོ། །དེ་ནི་སྤངས་པ་ཡིན་ཏེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ནོ། །སྔོན་གྱི་སྦྱོར་བའི་ལེའུ་སྟེ་བདུན་པའོ།། །།ཤཱ་རིའི་བུ་ང་འདས་པ་མངོན་པར་དྲན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་འདི་ལ་བརྟེན་ནས་ང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ན། སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཤ་དག་བྱེ་བ་ཕྲག་སུམ་ཅུ་ཉན་ཐོས་ཀྱི་ཚོགས་དང་བཅས་པ་གང་ཡིན་པ་དག་ཆོས་གོས་དང་བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་དང་། མཁོ་བའི་ཡོ་བྱད་རྣམས་
ཀྱིས་བསྟི་སྟང་དུ་བྱས། བླ་མར་བྱས། རྗེད། མཆོད་དེ་མཉེས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཁོ་ན་བསྒྲུབས་ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ང་ལ་ཁྱོད་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ང་དམིགས་པའི་འདུ་ཤེས་ཅན་དུ་གྱུར་ཅིང་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པར་གྱུར་པའི་ཕྱིར་རོ། །ཤཱ་རིའི་བུ་ངས་གཞན་ཡང་འདས་པ་མངོན་པར་དྲན་ཏེ། ང་འཁོར་ལོས་སྒྱུར་བའི་
རྒྱལ་པོར་གྱུར་པ་ན་སངས་རྒྱས་མར་མེ་མཛད་ཅེས་བྱ་བར་གྱུར་པ་ཤ་དག་བརྒྱད་སྟོང་བྱུང་བར་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་ཚོགས་དང་བཅས་པ་དེ་དག་ལ་ཡང་ངས་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་དང་། མཁོ་བའི་ཡོ་བྱད་
རྣམས་ཀྱིས་བསྟི་སྟང་དུ་བྱས། བླ་མར་བྱས། རྗེད། མཆོད་དེ་མཉེས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་བསྒྲུབས་ན། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ང་ལ་ཁྱོད་མ་འོངས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
เล่ม ๖๓ · หน้า 55a
པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ང་དམིགས་པའི་འདུ་ཤེས་ཅན་དུ་གྱུར་ཅིང་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པའི་ཕྱིར་རོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། བླ་ན་མེད་པའི་བྱང་ཆུབ་འདི་ཉིད་
ལས་བརྩམས་ཏེ། སངས་རྒྱས་རབ་ཏུ་འབར་བ་ཞེས་བྱ་བ་ཤ་སྟག་དྲུག་སྟོང་པོ་དེ་དག་ལ་ཡང་ང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ན་ཞེས་བྱ་བ་ནས་བཀུར་སྟི་བྱས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུ་ཐམས་ཅད་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། སངས་
རྒྱས་སྐར་རྒྱལ་ཞེས་བྱ་བ་ཤ་དག་བྱེ་བ་ཕྲག་གསུམ་པོ་དེ་དག་ལ་ཡང་ཞེས་བྱ་བ་ནས་ང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ན་བཀུར་སྟི་བྱས་སོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། སངས་རྒྱས་སཱ་ལའི་རྒྱལ་པོ་ཞེས་བྱ་བ་ཤ་སྟག་ཁྲི་
དྲུག་སྟོང་པོ་དེ་དག་བསྐལ་པ་གཅིག་ལ་བྱུང་སྟེ། ཤཱ་རིའི་བུ་བསྐལ་པ་དེའི་མིང་ཡང་གོང་མས་འཕགས་ཞེས་བྱ་བར་གྱུར་ཏོ། །ཤཱ་རིའི་བུ་དེ་ལ་ཡང་ངས་མངོན་པར་དྲན་ཏེ། སངས་རྒྱས་ཁྲི་དྲུག་སྟོང་པོ་དེ་དག་ལ་ངས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། དད་པས་
ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གྱུར་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་ལ་བརྟེན་ནས་ཞེས་བྱ་བ་ནས་ང་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ལུང་མ་བསྟན་ཏོ་ཞེས་བྱ་བ་དང་། འདི་ལྟར་ཡང་ང་སྨྲ་བ་དེ་དག་ལ་མངོན་པར་ཞེན་པ་དང་། དམིགས་
པའི་ལྟ་བ་ཅན་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་ངས་མངོན་པར་དྲན་ཏེ། སངས་རྒྱས་པད་མས་འཕགས་པ་ཞེས་བྱ་བ་ཤ་སྟག་ཁྲི་ལྔ་བརྒྱ་པོ་དེ་དག་ལ་ཡང་ཞེས་བྱ་བ་ནས། ང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་དུ་གྱུར་པ་ན་ཞེས་བྱ་བའི་བར་དུ་བརྗོད་པར་
བྱའོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། སངས་རྒྱས་རབ་ཏུ་འབར་བ་ཞེས་བྱ་བ་ཤ་དག་ཁྲི་ལྔ་སྟོང་པོ་དེ་དག་ལ་ཡང་ཞེས་བྱ་བ་ནས་ང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་དུ་གྱུར་པ་ན་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། སངས་
เล่ม ๖๓ · หน้า 55b
རྒྱས་ཀཽཎྜི་ནྱས་རིགས་ཞེས་བྱ་བ་བྱེ་བ་ཕྲག་དགུ་བཅུ་པོ་དག་ལ་ཡང་ཞེས་བྱ་བ་ནས་ང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་དུ་གྱུར་པ་ན་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། སངས་རྒྱས་འོད་སྲུང་ཞེས་བྱ་བ་ཤ་དག་སྟོང་ཕྲག་དགུ་པོ་དེ་དག་ལ་
ཡང་ཉན་ཐོས་ཀྱི་ཚོགས་དང་བཅས་པར་ཡང་ངས་ཆོས་གོས་དང་ཞེས་བྱ་བ་ནས། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་ཐམས་ཅད་དུ་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་བཀུར་སྟི་བྱས་ཞེས་བྱ་བ་ནས། མཉེས་པར་བྱས་སོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །སངས་རྒྱས་
བཅོམ་ལྡན་འདས་དེ་དག་གིས་ང་ལ་ཁྱོད་མ་འོངས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་མ་བསྟན་ཏེ། གང་ཡང་ངས་འདི་ལྟར་ཆོས་རྣམས་ཀྱི་རང་གི་མཚན་ཉིད་མ་ཤེས་ཤིང་དམིགས་པ་ཅན་གྱི་ལྟ་བར་གྱུར་ནས་
བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པའི་ཕྱིར་རོ་ཞེས་བྱ་བའི་བར་དུའོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། བསྐལ་པ་ཁྲིར་འཇིག་རྟེན་འདི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྟོངས་པར་གྱུར་ཏོ། །དེ་ལ་བསྐལ་པ་ལྔ་བརྒྱ་པོ་གང་དག་ལ་རང་སངས་རྒྱས་ཤ་སྟག་བྱུང་
བར་གྱུར་ཏོ། །ཤཱ་རིའི་བུ་ངས་མངོན་པར་དྲན་ཏེ། རང་སངས་རྒྱས་བརྒྱ་སྟོང་ཕྲག་དགུ་བཅུ་གང་དག་ལ་ངས་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང་བསོད་སྙོམས་དང་ཞེས་བྱ་བ་ནས། བཀུར་སྟི་བྱས། མཉེས་པར་བྱས་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་ངས་བསྐལ་པ་ལྔ་བརྒྱར་རང་སངས་
རྒྱས་བྱེ་བ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་བཀུར་སྟི་བྱས་ཞེས་བྱ་བ་ནས། མཉེས་པར་བྱས་སོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་འདི་ལྟར་བསྐལ་པ་ལྔ་བརྒྱ་པོ་དེ་དག་རྫོགས་ཤིང་རང་སངས་རྒྱས་གང་ཡིན་པ་དེ་དག་ཀྱང་བྱུང་བ་དང་། དེའི་ཚེ་ང་མི་རྣམས་ལས་ཤི་འཕོས་ནས་ཚངས་
པའི་འཇིག་རྟེན་དུ་སྐྱེས་ཏེ། དེར་ཚངས་པར་གྱུར་པ་ན་ཡང་ཚངས་པ་ཆེན་པོར་གྱུར་ཏོ། །ཤཱ་རིའི་བུ་རྣམ་གྲངས་འདིས་བསྐལ་པ་ལྔ་བརྒྱར་རྟག་པར་རྒྱུན་དུ་ཚངས་པ་ཆེན་པོར་གྱུར་ཏོ། །ཤཱ་རིའི་བུ་འདི་ལྟར་ཡང་བསྐལ་པ་ལྔ་བརྒྱ་པོ་དེ་དག་འདས་ནས་སླར་འཛམ་བུའི་གླིང་དུ་རྒྱལ་སྲིད་
เล่ม ๖๓ · หน้า 56a
བྱེད་དུ་བཅུག་སྟེ། རྒྱལ་པོ་ཆེན་པོ་རྣམས་དང་། ལྷ་རྣམས་ཀྱི་སྐལ་པ་ཆེན་པོ་དང་ལྡན་པར་སྐྱེས་སོ། །དེ་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་དབང་པོ་གཅིག་པུར་གྱུར་ཏོ། །ཤཱ་རིའི་བུ་རྣམ་གྲངས་འདིས་བསྐལ་པ་ལྔ་བརྒྱར་འཛམ་བུའི་གླིང་དུ་སྐྱེས་ཏེ། དེ་བསྐལ་པ་
ལྔ་བརྒྱར་ཚངས་པར་གྱུར་ན་ཡང་ཚངས་པ་ཆེན་པོར་གྱུར་ཏེ། ཤཱ་རིའི་བུ་བསྐལ་པ་བརྒྱ་སྟོང་ཕྲག་དགུར་སྐྱེ་བ་གཅིག་པོ་མི་རྣམས་ཀྱི་ནང་དུ་སྐྱེས་སོ། །ཤཱ་རིའི་བུ་འདི་ལྟར་བསྐལ་པ་བརྒྱ་སྟོང་ཕྲག་དགུར་རང་སངས་རྒྱས་ནི་བྱུང་བར་གྱུར་གྱི། སངས་རྒྱས་ནི་བྱུང་བར་མ་གྱུར་ཏོ། །སེམས་ཅན་ཕལ་
ཆེར་ངན་འགྲོར་འགྲོ་བར་གྱུར་པ་ན། ཤཱ་རིའི་བུ་འདི་ལྟར་བསྐལ་པ་བརྒྱ་སྟོང་ཕྲག་དགུ་པོ་དེ་དག་ཏུ་སྐྱེ་བ་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། འཇིག་རྟེན་འདི་འཇིག་པ་ན་ནི་འོད་གསལ་གྱི་ལྷའི་ནང་དུ་སྐྱེས་སོ། །འཇིག་རྟེན་འདི་ཆགས་པ་ན་ནི་འདོད་པ་ན་སྤྱོད་པའི་ལྷ་རྣམས་སུ་སྐྱེས་ཏེ། འདོད་པ་ན་སྤྱོད་པའི་
ལྷ་ཆེན་པོའི་རིས་ཀྱི་བདག་པོར་གྱུར་ཏོ། །ཤཱ་རིའི་བུ་འདི་ལྟར་ཡང་བསྐལ་པ་ཁྲི་པོ་དེ་དག་འདས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྦས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བ་དང་། ང་ཡང་ཚངས་པའི་འཇིག་རྟེན་ནས་ཚེ་འཕོས་ནས་འཛམ་བུའི་གླིང་དུ་
སྐྱེས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལེགས་མཐོང་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་མི་དེ་དག་གི་ཚེ་ནི་ལོ་སྟོང་ཕྲག་དགུ་བཅུ་ཐུབ་པར་གྱུར་རོ།། །།སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ། བམ་པོ་དྲུག་པ། དེ་ནས་ངས་བཅོམ་ལྡན་འདས་དེ་དགེ་སློང་
གི་དགེ་འདུན་དགེ་སློང་བརྒྱ་སྟོང་བྱེ་བ་ཕྲག་དགུ་བཅུ་དང་ཐབས་ཅིག་ཏུ་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང་ཞེས་བྱ་བ་ནས། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་ཐམས་ཅད་དུ་བདེ་བར་གནས་པར་བྱ་བའི་ཕྱིར་བཀུར་སྟི་བྱས། མཉེས་པར་བྱས་སོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་དེས་ཀྱང་ང་ལུང་
མ་བསྟན་ཏོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱ་སྟེ། འདི་ལྟར་ཆོས་རྣམས་ཀྱི་རང་གི་མཚན་ཉིད་མི་ཤེས་ཤིང་། བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་དང་། དམིགས་པ་ཅན་གྱི་ལྟ་བར་གྱུར་པའི་ཕྱིར་རོ། །ཤཱ་རིའི་བུ་དེའི་ཚེ་བསྐལ་པ་ཡོངས་སུ་ཚང་བར་སངས་རྒྱས་མཚན་ཐ་དད་པ་སྟོང་
เล่ม ๖๓ · หน้า 56b
བྱུང་བ་དེ་ཡང་ང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ན། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་དང་། མཁོ་བའི་ཡོ་བྱད་རྣམས་ཀྱིས་ཐམས་ཅད་དུ་བདེ་བར་གནས་པར་བྱ་བའི་ཕྱིར། བཀུར་སྟིར་བྱས། བླ་མར་
བྱས། མཆོད། རྗེད་དེ་མཉེས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་བསྒྲུབས་ན། སངས་རྒྱས་དེ་དག་གིས་ང་ལ་ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་མ་བསྟན་ཏོ། །དེ་
ཅིའི་ཕྱིར་ཞེ་ན། འདི་ལྟར་ངས་ཆོས་རྣམས་ཀྱི་རང་གི་མཚན་ཉིད་མི་ཤེས་ཤིང་། བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་དང་། དམིགས་པ་ཅན་གྱི་ལྟ་བ་ལ་མངོན་པར་ཞེན་པར་གྱུར་པའི་ཕྱིར་རོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། བསྐལ་པ་གྲངས་མེད་པ་བདུན་བརྒྱའི་ཚེ་
སངས་རྒྱས་འཛམ་བུ་འདུད་པ་ཞེས་བྱ་བ་སྟོང་ཡོངས་སུ་ཚང་བར་བྱུང་བ་ཞེས་བྱ་བ་ནས་དེ་དག་ཀྱང་ངས་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །བསྐལ་པ་གྲངས་མེད་པ་བརྒྱ་པོ་དེ་ཉིད་ལ་སངས་རྒྱས་དོན་ཐམས་ཅད་གཟིགས་པ་ཞེས་བྱ་བ་ཤ་སྟག་དྲུག་ཁྲི་ཉིས་སྟོང་ཞེས་བྱ་བ་ནས་དེ་དག་ཀྱང་
ངས་བཀུར་སྟི་བྱས་ཞེས་བྱ་བ་ནས། ཇི་ལྟར་ཡང་དམིགས་པ་ཅན་གྱི་འདུ་ཤེས་སུ་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །གྲངས་མེད་པའི་བསྐལ་པ་བརྒྱ་པོ་དེ་ཉིད་ལ་སངས་རྒྱས་དབང་པོའི་རྒྱལ་མཚན་ཞེས་བྱ་བ་ཤ་དག་བརྒྱད་ཁྲི་བཞི་སྟོང་ཞེས་བྱ་བ་ནས། དེ་དག་ཡང་
ངས་བཀུར་སྟི་བྱས་ཞེས་བྱ་བ་དང་། ཇི་ལྟར་ཡང་དམིགས་པ་ཅན་གྱི་འདུ་ཤེས་སུ་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། སངས་རྒྱས་ཉི་མ་ཞེས་བྱ་བ་ཤ་དག་ལྔ་བརྒྱ་ཞེས་བྱ་བ་ནས། དེ་དག་ཀྱང་ངས་ཞེས་བྱ་བ་དང་། ཇི་ལྟར་
ཡང་དམིགས་པ་ཅན་གྱི་འདུ་ཤེས་སུ་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཞི་བར་མཛད་ཅེས་བྱ་བ་ཤ་སྟག་དྲུག་ཁྲི་ཉིས་སྟོང་ཉན་ཐོས་ཀྱི་ཚོགས་དང་བཅས་པ་དེ་དག་ཡང་ང་འཁོར་ལོས་སྒྱུར་བའི་
เล่ม ๖๓ · หน้า 57a
རྒྱལ་པོར་གྱུར་པ་ན། ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ནད་ཀྱི་རྐྱེན་སྨན་དང་། མཁོ་བའི་ཡོ་བྱད་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རྗེད་མཆོད་དེ་མཉེས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་བསྒྲུབས་ན། སངས་
རྒྱས་བཅོམ་ལྡན་འདས་དེ་དག་གིས་ང་ལ་ལུང་མ་བསྟན་ཏོ་ཞེས་བྱ་བ་ནས། ཇི་ལྟར་ཡང་དམིགས་པའི་འདུ་ཤེས་ཅན་དུ་གྱུར་ཅིང་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པའི་ཕྱིར་རོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཤཱ་རིའི་བུ་དེ་ལྟར་རིམ་གྱིས་བཅོམ་ལྡན་འདས་མར་མེ་མཛད་ཀྱིས་ང་ལུང་བསྟན་ཏོ། །
དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བཅོམ་ལྡན་འདས་མར་མེ་མཛད་དེ་ངས་མཐོང་མ་ཐག་ཁོ་ནར་ཆོས་རྣམས་ལ་མ་སྐྱེས་པའི་བཟོད་པ་ཐོབ་ནས། བཅོམ་ལྡན་འདས་མར་མེ་མཛད་ཀྱིས་ཐོག་མ་རང་ལ་ཁྱོད་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པའི་ཕྱིར་རོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། རྒྱལ་པོ་ང་ལས་ནུ་ཞེས་བྱ་བ་ཤ་སྟག་བྱེ་བ་ཕྲག་བཅུ་གཉིས་བྱུང་སྟེ། ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །
ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། རྒྱལ་པོ་མང་པོས་བཀུར་བ་ཞེས་བྱ་བ་ཤ་དག་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་གཉིས་བྱུང་སྟེ། ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་ཤ་དག་བྱེ་བ་
ཕྲག་བཞི་བཅུ་བྱུང་སྟེ། ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ཤ་སྟག་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བྱུང་སྟེ། ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །ཤཱ་རིའི་བུ་གཞན་ཡང་ངས་
མངོན་པར་དྲན་ཏེ། རྒྱལ་པོ་བུ་རམ་ཤིང་པ་ཞེས་བྱ་བ་ཤ་དག་བྱེ་བ་བྱུང་སྟེ། ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །ཤཱ་རིའི་བུ་གཞན་ཡང་ངས་མངོན་པར་དྲན་ཏེ། འདས་པའི་དུས་ན་རྒྱལ་པོ་རབ་འབར་ཞེས་བྱ་བ་ཤ་དག་ཁྲི་བྱུང་སྟེ། ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด