འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་སཱུརྱ་གརྦྷ་ནཱ་མ་མ་ཧཱ་བཻ་བུ་ལྱཾ་སཱུ་ཏྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๖๖ · หน้า 208a

ཡིན་ཏེ། །ཚེས་བཅུ་གསུམ་ལ་མཆུ་ཡིན་ནོ། །ཚེས་བཅུ་བཞི་ལ་གྲེ་ཡིན་ཏེ། །ཟླ་རངས་ཚེས་བཅོ་ལྔ་ལ་དབོ། །འདིར་ནི་དཔྱིད་ཟླ་ར་བ་ཡིས། །རང་བཞིན་ཡང་ནི་བརྗོད་པར་བྱ། །བྱང་ཕྱོགས་སུ་ནི་ཁ་བལྟས་ཏེ། །ཉི་མ་ཡོངས་སུ་འཁོར་

བར་བྱེད། །ཉིན་པར་བཅུ་གསུམ་ཤེས་པར་གྱིས། །མཚན་མོ་བཅུ་བདུན་འགྲོ་བར་བྱེད། །མཆུས་ཀྱང་མཚན་མོ་འཐོབ་པར་བྱེད། །ཉིན་པར་ཁྲུམས་སྟོད་འགྲོ་བར་བྱེད། །གྲིབ་ཚོད་སོར་ནི་བཅུ་གཉིས་སུ། །ཉི་མ་ཡོངས་སུ་འཁོར་བར་བྱེད། །ཞིང་དེར་ལྷ་

ཡི་བླ་མ་ཡང་། །རྣམ་པར་གནས་པ་ཁོ་ནར་ནི། །བཤད་པ་ཡིན་ཏེ་འདིར་ཡང་ནི། །དེར་ནི་མཚན་མོ་འབྱུང་བ་ཡིན། །དཔྱིད་ཟླ་འབྲིང་པོའི་ཟླ་ངོ་ཡི། །དང་པོར་ཚེས་གཅིག་མེ་བཞི་སྟེ། །ཚེས་གཉིས་ལ་ནི་ནག་པ་ཡིན། །ཚེས་གསུམ་ལ་ནི་ས་རི་ཡིན། །ཚེས་བཞི་

ལ་ནི་ས་ག་སྟེ། །ཚེས་ལྔ་ལ་ནི་ལྷ་མཚམས་ཡིན། །ཚེས་དྲུག་ལ་ནི་སྣྲོན་ཡིན་ནོ། །ཚེས་བདུན་ལ་ནི་སྣྲུབས་ཡིན་ནོ། །ཚེས་བརྒྱད་ལ་ནི་ཆུ་སྟོད་ཡིན། །ཚེས་དགུ་ལ་ནི་ཆུ་སྨད་ཡིན། །ཚེས་བཅུ་ལ་ནི་བྱི་བཞིན་ཏེ། །ཚེས་བཅུ་གཅིག་ལ་གྲོ་བཞིན་ཡིན། །

ཚེས་བཅུ་གཉིས་ལ་མོན་གྲུ་སྟེ། །ཚེས་བཅུ་གསུམ་ལ་མོན་གྲེ་ཡིན། །ཚེས་བཅུ་བཞི་ལ་ཁྲུམས་སྟོད་ཡིན། །ཚེས་བཅོ་ལྔ་ལ་ཁྲུམས་སྨད་ཡིན། །དེ་ནི་ཟླ་བ་ཕྱེད་ཡིན་ཏེ། །ཟླ་བ་ཡར་གྱི་ཚེས་གཅིག་ལ། །ནམ་གྲུ་ཚེས་གཉིས་ཐ་སྐར་ཏེ། །ཚེས་གསུམ་ལ་ནི་

བྲ་ཉེ་ཡིན། །ཚེས་བཞི་ལ་ནི་སྨིན་དྲུག་སྟེ། །ཚེས་ལྔ་ལ་ནི་སྣར་མ་ཡིན། །ཚེས་དྲུག་ལ་ནི་མགོ་ཡིན་ཏེ། །ཚེས་བདུན་ལ་ནི་ལག་ཡིན་ནོ། །ཚེས་བརྒྱད་ལ་ནི་ནབ་སོ་སྟེ། །ཚེས་དགུ་ལ་ནི་རྒྱལ་ཡིན་ནོ། །ཚེས་བཅུ་ལ་ནི་སྐག་ཡིན་ཏེ། །ཚེས་བཅུ་གཅིག་ལ་

མཆུ་ཡིན་ནོ། །ཚེས་བཅུ་གཉིས་ལ་གྲེ་ཡིན་ཏེ། །ཚེས་བཅུ་གསུམ་ལ་དབོ་ཡིན་ནོ། །ཚེས་བཅུ་བཞི་ལ་མེ་བཞི་སྟེ། །ཚེས་བཅོ་ལྔ་ལ་ནག་པ་ཡིན། །དཔྱིད་ཟླ་འབྲིང་པོ་ཁོ་ན་ཡི། །རང་བཞིན་ཡང་ནི་བརྗོད་པར་བྱ། །བྱང་གི་ཕྱོགས་སུ་ཁ་བལྟས་ཏེ། །ཉི་མ་ཡོངས་

เล่ม ๖๖ · หน้า 208b

སུ་འཁོར་བར་བྱེད། །འདིར་ནི་ཕྱིས་ཀྱང་ཡུད་ཙམ་དག །ཡོངས་སུ་འཁོར་བར་ཤེས་པར་བྱེད། །ཡུད་ཙམ་ཡང་ནི་རེ་རེ་ཞིག །ཉིན་མཚན་དག་ལ་འཇུག་པར་བྱེད། །ཉིན་པར་བཅུ་བཞི་ཤེས་པར་གྱིས། །མཚན་མོའང་བཅུ་དྲུག་ཤེས་པར་གྱིས། །གྲེ་དབོ་མཚན་མོ་

འཐོབ་པར་བྱེད། །ཉི་མའི་མདུན་ན་ཐ་སྐར་ཡིན། །གྲིབ་ཚོད་སོར་བརྒྱད་ཉི་མ་འཁོར། །ཉི་མའི་བུ་ནི་མིག་དམར་ཏེ། །གཟའ་རྣོ་ཤིན་ཏུ་མི་བཟད་ཡིན། །ཁྱིམ་ལུག་ལ་ནི་ཡང་དག་གནས། །དཔྱིད་ཟླ་ཐ་ཆུངས་མར་གྱི་ངོ་། །དང་པོ་ཚེས་གཅིག་ས་རི་སྟེ། །ཚེས་

གཉིས་ལ་ནི་ས་ག་ཡིན། །ཚེས་གསུམ་ལ་ནི་ལྷ་མཚམས་ཡིན། །ཚེས་བཞི་ལ་ནི་སྣྲོན་ཡིན་ཏེ། །ཚེས་ལྔ་ལ་ནི་སྣྲུབས་ཡིན་ནོ། །ཚེས་དྲུག་ལ་ནི་ཆུ་སྟོད་ཡིན། །ཚེས་བདུན་ལ་ནི་ཆུ་སྨད་ཡིན། །ཚེས་བརྒྱད་ལ་ནི་བྱི་བཞིན་ཏེ། །ཚེས་དགུ་ལ་ནི་གྲོ་བཞིན་ཡིན། །

ཚེས་བཅུ་ལ་ནི་མོན་གྲུ་སྟེ། །ཚེས་བཅུ་གཅིག་ལ་མོན་གྲེ་ཡིན། །ཚེས་བཅུ་གཉིས་ལ་ཁྲུམས་སྟོད་ཡིན། །ཚེས་བཅུ་གསུམ་ལ་ཁྲུམས་སྨད་ཡིན། །ཚེས་བཅུ་བཞི་ལ་ནམ་གྲུ་སྟེ། །ཚེས་བཅོ་ལྔ་ལ་ཐ་སྐར་ཡིན། །དེ་ནི་ཟླ་བ་ཕྱེད་ཡིན་ཏེ། །ཟླ་བ་ཡར་གྱི་ཚེས་

གཅིག་ལ། །བྲ་ཉེ་སྒྲུབ་པར་བྱེད་པ་ཡིན། །ཚེས་གཉིས་ལ་ནི་སྨིན་དྲུག་སྟེ། །ཚེས་གསུམ་ལ་ནི་སྣར་མ་ཡིན། །ཚེས་བཞི་ལ་ནི་མགོ་ཡིན་ཏེ། །ཚེས་ལྔ་ལ་ནི་ལག་ཡིན་ནོ། །ཚེས་དྲུག་ལ་ནི་ནབ་སོ་སྟེ། །ཚེས་བདུན་ལ་ནི་རྒྱལ་ཡིན་ནོ། །ཚེས་བརྒྱད་ལ་ནི་

སྐག་ཡིན་ཏེ། །ཚེས་དགུ་ལ་ནི་མཆུ་ཡིན་ནོ། །ཚེས་བཅུ་ལ་ནི་གྲེ་ཡིན་ཏེ། །ཚེས་བཅུ་གཅིག་ལ་དབོ་ཡིན་ནོ། །ཚེས་བཅུ་གཉིས་ལ་མེ་བཞི་ཡིན། །ཚེས་བཅུ་གསུམ་ལ་ནག་པ་སྟེ། །ཚེས་བཅུ་བཞི་ལ་ས་རི་ཡིན། །ཟླ་རངས་ཚེས་ནི་བཅོ་ལྔ་ལ། །ས་ག་ཡིན་ཏེ་ས་ག་

ཡི། །གོ་རིམས་བརྗོད་བྱ་བྱང་ཕྱོགས་སུ། །ཁ་བལྟས་ཉི་མ་ཡོངས་སུ་འཁོར། །མཚན་མོ་མཉམ་མཚུངས་རྣམ་པ་སྟེ། །བཅོ་ལྔ་བཅོ་ལྔར་བཤད་པ་ཡིན། །ནག་པས་མཚན་མོ་འཐོབ་པར་བྱེད། །ཉིན་པར་ཡང་ནི་སྨིན་དྲུག་ཡིན། །གྲིབ་ཚོད་དག་ཀྱང་གོམ་པ་དྲུག

เล่ม ๖๖ · หน้า 209a

ཉི་མ་ཡོངས་སུ་འཁོར་བར་བྱེད། །ལྷ་མིན་བླ་མ་པ་བ་སངས། །འདིར་ཡང་ཞིང་ཞེས་གདགས་པ་ཡིན། །ཁྱིམ་གླང་ཡིན་ཏེ་མཁས་རྣམས་ཀྱིས། །ཟླ་བ་བདུན་པོ་བཤད་པ་ཡིན། །དབྱར་ཟླ་ར་བ་མར་གྱི་ངོའི། །དང་པོ་ཚེས་གཅིག་ལྷ་མཚམས་

སྒྲུབ། །ཚེས་གཉིས་ལ་ནི་སྣྲོན་ཡིན་ཏེ། །ཚེས་གསུམ་ལ་ནི་སྣྲུབས་ཡིན་ནོ། །ཚེས་བཞི་ལ་ནི་ཆུ་སྟོད་ཡིན། །ཚེས་ལྔ་ལ་ནི་ཆུ་སྨད་ཡིན། །ཚེས་དྲུག་ལ་ནི་བྱི་བཞིན་ཡིན། །ཚེས་བདུན་ལ་ནི་གྲོ་བཞིན་ཡིན། །ཚེས་བརྒྱད་ལ་ནི་མོན་གྲུ་སྟེ། །ཚེས་དགུ་ལ་ནི་མོན་གྲེ་

ཡིན། །ཚེས་བཅུ་ལ་ནི་ཁྲུམས་སྟོད་ཡིན། །ཚེས་བཅུ་གཅིག་ལ་ཁྲུམས་སྨད་ཡིན། །ཚེས་བཅུ་གཉིས་ལ་ནམ་གྲུ་སྟེ། །ཚེས་བཅུ་གསུམ་ལ་ཐ་སྐར་ཡིན། །ཚེས་བཅུ་བཞི་ལ་བྲ་ཉེ་ཡིན། །ཚེས་བཅོ་ལྔ་ལ་སྨིན་དྲུག་སྟེ། །དེ་ནི་ཟླ་ཕྱེད་ཟླ་བ་ཡར། །ཚེས་གཅིག་

ལ་ནི་སྣར་མ་སྒྲུབ། །ཚེས་གཉིས་ལ་ནི་མགོ་ཡིན་ཏེ། །ཚེས་གསུམ་ལ་ནི་ལག་ཡིན་ནོ། །ཚེས་བཞི་ལ་ནི་ནབ་སོ་སྟེ། །ཚེས་ལྔ་ལ་ནི་རྒྱལ་ཡིན་ནོ། །ཚེས་དྲུག་ལ་ནི་སྐག་ཡིན་ཏེ། །ཚེས་བདུན་ལ་ནི་མཆུ་ཡིན་ནོ། །ཚེས་བརྒྱད་ལ་ནི་གྲེ་ཡིན་ཏེ། །ཚེས་དགུ་

ལ་ནི་དབོ་ཡིན་ནོ། །ཚེས་བཅུ་ལ་ནི་མེ་བཞི་སྟེ། །ཚེས་བཅུ་གཅིག་ལ་ནག་པ་ཡིན། །ཚེས་བཅུ་གཉིས་ལ་ས་རི་སྟེ། །ཚེས་བཅུ་གསུམ་ལ་ས་ག་ཡིན། །ཚེས་བཅུ་བཞི་ལ་ལྷ་མཚམས་ཏེ། །ཚེས་བཅོ་ལྔ་ལ་སྣྲོན་ཡིན་ནོ། །དབྱར་ཟླ་ར་བའི་རིམ་བརྗོད་བྱ། །བྱང་ཕྱོགས་

ཁ་བལྟས་ཉི་མ་འཁོར། །འཕེལ་བྱེད་ཉིན་པར་བཅུ་དྲུག་ཏུ། །ཤེས་བྱ་མཚན་མོའང་བཅུ་བཞི་ཡིན། །ས་གས་མཚན་མོ་འཐོབ་པར་བྱེད། །ཉི་མའི་མདུན་ན་མགོ་ཡིན་ནོ། །གྲིབ་ཚོད་གོམ་པ་བཞི་ཡིན་ཏེ། །དེ་ནི་ཡོངས་སུ་འཁོར་བར་བྱེད། །དེར་ཞིང་གཟའ་

ལྷག་ཉི་མའི་བུ། །འཇམ་པོར་བྱེད་པའི་གཟའ་ཡིན་ནོ། །སྦྱོར་བའི་ཁྱིམ་ཡིན་ཉིན་པར་འགྲོ། །བརྒྱད་པ་ཡིན་པར་བརྗོད་པ་ཡིན། །དབྱར་ཟླ་འབྲིང་པོའི་ཚེས་གཅིག་ལ། །སྣྲུབས་ནི་སྒྲུབ་པར་བྱེད་པ་ཡིན། །ཚེས་གཉིས་ལ་ནི་ཆུ་སྟོད་ཡིན། །ཚེས་གསུམ་ལ་ནི་

เล่ม ๖๖ · หน้า 209b

ཆུ་སྨད་ཡིན། །ཚེས་བཞི་ལ་ནི་བྱི་བཞིན་ཏེ། །ཚེས་ལྔ་ལ་ནི་གྲོ་བཞིན་ནོ། །ཚེས་དྲུག་ལ་ནི་མོན་གྲུ་སྟེ། །ཚེས་བདུན་ལ་ནི་མོན་གྲེ་ཡིན། །ཚེས་བརྒྱད་ལ་ནི་ཁྲུམས་སྟོད་ཡིན། །ཚེས་དགུ་ལ་ནི་ཁྲུམས་སྨད་ཡིན། །ཚེས་བཅུ་ལ་ནི་ནམ་གྲུ་སྟེ། །ཚེས་བཅུ་གཅིག་ལ་ཐ་

སྐར་ཡིན། །ཚེས་བཅུ་གཉིས་ལ་བྲ་ཉེ་སྟེ། །ཚེས་བཅུ་གསུམ་ལ་སྨིན་དྲུག་ཡིན། །ཚེས་བཅུ་བཞི་ལ་སྣར་མ་སྟེ། །ཚེས་བཅོ་ལྔ་ལ་མགོ་ཡིན་ནོ། །དེ་ནི་ཟླ་བ་ཕྱེད་ཡིན་ཏེ། །ཟླ་བ་ཡར་གྱི་ཚེས་གཅིག་ལ། །ལག་ནི་སྒྲུབ་པར་བྱེད་པ་ཡིན། །ཚེས་གཉིས་ལ་ནི་

ནབ་སོ་ཡིན། །ཚེས་གསུམ་ལ་ནི་རྒྱལ་ཡིན་ནོ། །ཚེས་བཞི་ལ་ནི་སྐག་ཡིན་ནོ། །ཚེས་ལྔ་ལ་ནི་མཆུ་ཡིན་ནོ། །ཚེས་དྲུག་ལ་ནི་གྲེ་ཡིན་ནོ། །ཚེས་བདུན་ལ་ནི་དབོ་ཡིན་ཏེ། །ཚེས་བརྒྱད་ལ་ནི་མེ་བཞི་ཡིན། །ཚེས་དགུ་ལ་ནི་ནག་པ་སྟེ། །ཚེས་བཅུ་ལ་ནི་

ས་རི་ཡིན། །ཚེས་བཅུ་གཅིག་ལ་ས་ག་སྟེ། །ཚེས་བཅུ་གཉིས་ལ་ལྷ་མཚམས་ཡིན། །ཚེས་བཅུ་གསུམ་ལ་སྣྲོན་ཡིན་ཏེ། །ཚེས་བཅུ་བཞི་ལ་སྣྲུབས་ཡིན་ནོ། །ཟླ་ཉའི་ཟླ་བར་ཆུ་སྟོད་ཡིན། །བདག་གིས་དབྱར་འབྲིང་རིམ་བརྗོད་བྱ། །བྱང་ཕྱོགས་བཞིན་གྱི་དཀྱིལ་འཁོར་

བལྟས། །ཉི་མ་ཡོངས་སུ་འཁོར་བར་བྱེད། །ཉིན་པར་ཡུད་ཙམ་བཅུ་བདུན་ཏེ། །མཚན་མོ་ཡང་ནི་བཅུ་གསུམ་ཡིན། །སྣྲོན་གྱིས་ཀྱང་ནི་མཚན་མོ་འཐོབ། །ཉིན་པར་བཅས་ན་ནབ་སོ་ཡིན། །གྲིབ་ཚོད་གོམ་པ་གཉིས་ཡིན་ཏེ། །ཉི་མ་ཡོངས་སུ་འཁོར་བར་བྱེད། །

ཟླ་བ་ཞེས་བྱ་ཞིང་ཡིན་ཏེ། །ལག་དང་ཡང་དག་ལྡན་པ་ཡིན། །འདི་ཁྱིམ་སྦལ་པ་ཞེས་བྱ་བ། །ཟླ་བ་དགུ་པར་བཤད་པ་ཡིན། །དབྱར་ཟླ་ཐ་ཆུངས་མར་ངོ་ཡི། །ཚེས་གཅིག་ལ་ནི་ཆུ་སྨད་སྒྲུབ། །ཚེས་གཉིས་བྱི་བཞིན་གྲོ་བཞིན་ཏེ། །ཚེས་གསུམ་ལ་ནི་མོན་གྲུ་

ཡིན། །ཚེས་བཞི་ལ་ནི་མོན་གྲེ་སྟེ། །ཚེས་ལྔ་ལ་ནི་ཁྲུམས་སྟོད་ཡིན། །ཚེས་དྲུག་ལ་ནི་ཁྲུམས་སྨད་ཡིན། །ཚེས་བདུན་ལ་ནི་ནམ་གྲུ་སྟེ། །ཚེས་བརྒྱད་ལ་ནི་ཐ་སྐར་ཡིན། །ཚེས་དགུ་ལ་ནི་བྲ་ཉེ་སྟེ། །ཚེས་བཅུ་ལ་ནི་སྨིན་དྲུག་ཡིན། །ཚེས་བཅུ་གཅིག་ལ་སྣར་མ་

เล่ม ๖๖ · หน้า 210a

ཡིན། །ཚེས་བཅུ་གཉིས་ལ་མགོ་ཡིན་ནོ། །ཚེས་བཅུ་གསུམ་ལ་ལག་ཡིན་ནོ། །ཚེས་བཅུ་བཞི་ལ་ནབ་སོ་ཡིན། །ཚེས་བཅོ་ལྔ་ལ་རྒྱལ་ཡིན་ཏེ། །དེ་ནི་ཟླ་བ་ཕྱེད་ཡིན་ནོ། །ཟླ་བ་ཡར་གྱི་ཚེས་གཅིག་ལ། །སྐག་ནི་སྒྲུབ་པར་བྱེད་པ་ཡིན། །

ཚེས་གཉིས་ལ་ནི་མཆུ་ཡིན་ནོ། །ཚེས་གསུམ་ལ་ནི་གྲེ་ཡིན་ཏེ། །ཚེས་བཞི་ལ་ནི་དབོ་ཡིན་ནོ། །ཚེས་ལྔ་ལ་ནི་མེ་བཞི་སྟེ། །ཚེས་དྲུག་ལ་ནི་ནག་པ་ཡིན། །ཚེས་བདུན་ལ་ནི་ས་རི་སྟེ། །ཚེས་བརྒྱད་ལ་ནི་ས་ག་ཡིན། །ཚེས་དགུ་ལ་ནི་ལྷ་མཚམས་ཏེ། །

ཚེས་བཅུ་ལ་ནི་སྣྲོན་ཡིན་ནོ། །ཚེས་བཅུ་གཅིག་ལ་སྣྲུབས་ཡིན་ཏེ། །ཚེས་བཅུ་གཉིས་ལ་ཆུ་སྟོད་ཡིན། །ཚེས་བཅུ་གསུམ་ལ་ཆུ་སྨད་ཡིན། །ཚེས་བཅུ་བཞི་ལ་བྱི་བཞིན་ཏེ། །ཟླ་བ་རངས་ལ་གྲོ་བཞིན་ནོ། །བདག་གིས་དབྱར་ཐའི་རིམ་བརྗོད་བྱ། །

དེ་བཞིན་བྱང་གི་ཕྱོགས་སུ་ནི། །ཉི་མ་གདོང་ཕྱེད་བལྟས་ཏེ་འཁོར། །ཉིན་པར་བཅོ་བརྒྱད་ཐོབ་ནས་ཀྱང་། །མཚན་མོ་ཡང་ནི་བཅུ་གཉིས་ཏེ། །ཆུ་སྟོད་ཀྱིས་ནི་མཚན་མོ་འཐོབ། །ཉི་མའི་མདུན་ན་མཆུ་ཡིན་ནོ། །གྲིབ་ཚོད་གོམ་པ་ཕྱེད་ཡིན་ཏེ། །ཉི་མ་

ཡོངས་སུ་འཁོར་བར་བྱེད། །འདིར་ཞིང་ཉི་མ་ལྡན་པ་ཡིན། །སས་ཀྱང་གཟེར་ནི་གཏོང་བར་བྱེད། །འདིར་ཁྱིམ་སེང་གེར་ཤེས་པར་གྱིས། །ཟླ་བ་བཅུ་པོ་བཤད་པ་ཡིན། །སྟོན་ཟླ་ར་བ་མར་གྱི་ངོའི། །དང་པོར་ཚེས་གཅིག་མོན་གྲུ་སྒྲུབ། །ཚེས་གཉིས་ལ་ནི་

མོན་གྲེ་སྟེ། །ཚེས་གསུམ་ལ་ནི་ཁྲུམས་སྟོད་ཡིན། །ཚེས་བཞི་ལ་ནི་ཁྲུམས་སྨད་ཡིན། །ཚེས་ལྔ་ལ་ནི་ནམ་གྲུ་སྟེ། །ཚེས་དྲུག་ལ་ནི་ཐ་སྐར་ཡིན། །ཚེས་བདུན་ལ་ནི་བྲ་ཉེ་སྟེ། །ཚེས་བརྒྱད་ལ་ནི་སྨིན་དྲུག་ཡིན། །ཚེས་དགུ་ལ་ནི་སྣར་མ་སྟེ། །ཚེས་

བཅུ་ལ་ནི་མགོ་ཡིན་ནོ། །ཚེས་བཅུ་གཅིག་ལ་ལག་ཡིན་ཏེ། །ཚེས་བཅུ་གཉིས་ལ་ནབ་སོ་ཡིན། །ཚེས་བཅུ་གསུམ་ལ་རྒྱལ་ཡིན་ཏེ། །ཚེས་བཅུ་བཞི་ལ་སྐག་ཡིན་ནོ། །ཚེས་བཅོ་ལྔ་ལ་མཆུ་ཡིན་ཏེ། །དེ་ནི་ཟླ་བ་ཕྱེད་ཡིན་ནོ། །ཟླ་བ་ཡར་གྱི་ཚེས་

เล่ม ๖๖ · หน้า 210b

གཅིག་ལ། །གྲེ་ནི་སྒྲུབ་པར་བྱེད་པ་སྟེ། །ཚེས་གཉིས་ལ་ནི་དབོ་ཡིན་ནོ། །ཚེས་གསུམ་ལ་ནི་མེ་བཞི་སྟེ། །ཚེས་བཞི་ལ་ནི་ནག་པ་ཡིན། །ཚེས་ལྔ་ལ་ནི་ས་རི་སྟེ། །ཚེས་དྲུག་ལ་ནི་ས་ག་ཡིན། །ཚེས་བདུན་ལ་ནི་ལྷ་མཚམས་ཏེ། །ཚེས་བརྒྱད་ལ་ནི་

སྣྲོན་ཡིན་ནོ། །ཚེས་དགུ་ལ་ནི་སྣྲུབས་ཡིན་ཏེ། །ཚེས་བཅུ་ལ་ནི་ཆུ་སྟོད་ཡིན། །ཚེས་བཅུ་གཅིག་ལ་ཆུ་སྨད་ཡིན། །གྲོ་བཞིན་བྱི་བཞིན་ཚེས་བཅུ་གཉིས། །ཚེས་བཅུ་གསུམ་ལ་མོན་གྲུ་སྟེ། །ཚེས་བཅུ་བཞི་ལ་མོན་གྲེ་ཡིན། །ཟླ་བ་ཉ་བའི་ཟླ་རངས་ལ། །

ཁྲུམས་སྟོད་ཅེས་ནི་བྱ་བ་ཡིན། །བདག་གིས་སྟོན་ཟླ་ར་རིམ་བརྗོད། །ལྷོ་ཕྱོགས་ཉི་མའི་འཁོར་ལོ་ལྡོག །ཉིན་པར་ཡང་ནི་བཅུ་བདུན་ཏེ། །མཚན་མོ་ཡང་ནི་བཅུ་གསུམ་ཡིན། །གྲོ་བཞིན་གྱིས་ཀྱང་མཚན་མོ་འཐོབ། །ཉི་མའི་མདུན་ན་གྲེ་ཡིན་ཏེ། །གྲིབ་

ཚོད་དག་ཀྱང་གོམ་པ་གཉིས། །ཉི་མ་ཡོངས་སུ་འཁོར་བར་བྱེད། །ཟླ་བུ་གཟའ་ལྷག་ཅེས་བྱ་བ། །དེར་ནི་ཞིང་ལ་ཡང་དག་གནས། །དེར་ཁྱིམ་བུ་མོ་བཞག་པ་སྟེ། །ཟླ་བ་བཅུ་གཅིག་བདག་གིས་བཤད། །སྟོན་ཟླ་འབྲིང་པོའི་མར་གྱི་ངོའི། །དང་པོར་ཚེས་

གཅིག་ཁྲུམས་སྨད་སྒྲུབ། །ཚེས་གཉིས་ལ་ནི་ནམ་གྲུ་སྟེ། །ཚེས་གསུམ་ལ་ནི་ཐ་སྐར་ཡིན། །ཚེས་བཞི་ལ་ནི་བྲ་ཉེ་སྟེ། །ཚེས་ལྔ་ལ་ནི་སྨིན་དྲུག་ཡིན། །ཚེས་དྲུག་ལ་ནི་སྣར་མ་སྟེ། །ཚེས་བདུན་ལ་ནི་མགོ་ཡིན་ནོ། །ཚེས་བརྒྱད་ལ་ནི་ལག་ཡིན་ཏེ། །ཚེས་

དགུ་ལ་ནི་ནབ་སོ་ཡིན། །ཚེས་བཅུ་ལ་ནི་རྒྱལ་ཡིན་ཏེ། །ཚེས་བཅུ་གཅིག་ལ་སྐག་ཡིན་ནོ། །ཚེས་བཅུ་གཉིས་ལ་མཆུ་ཡིན་ཏེ། །ཚེས་བཅུ་གསུམ་ལ་གྲེ་ཡིན་ནོ། །ཚེས་བཅུ་བཞི་ལ་དབོ་ཡིན་ཏེ། །ཚེས་བཅོ་ལྔ་ལ་མེ་བཞི་ཡིན། །དེ་ནི་ཟླ་བ་ཕྱེད་ཡིན་

ཏེ། །ཟླ་ཡར་ཚེས་གཅིག་ནག་པ་སྒྲུབ། །ཚེས་གཉིས་ལ་ནི་ས་རི་སྟེ། །ཚེས་གསུམ་ལ་ནི་ས་ག་ཡིན། །ཚེས་བཞི་ལ་ནི་ལྷ་མཚམས་ཏེ། །ཚེས་ལྔ་ལ་ནི་སྣྲོན་ཡིན་ནོ། །ཚེས་དྲུག་ལ་ནི་སྣྲུབས་ཡིན་ཏེ། །ཚེས་བདུན་ལ་ནི་ཆུ་སྟོད་ཡིན། །ཚེས་བརྒྱད་

เล่ม ๖๖ · หน้า 211a

ལ་ནི་ཆུ་སྨད་ཡིན། །ཚེས་དགུར་བྱི་བཞིན་གྲོ་བཞིན་ཏེ། །ཚེས་བཅུ་ལ་ནི་མོན་གྲུ་ཡིན། །ཚེས་བཅུ་གཅིག་ལ་མོན་གྲེ་ཡིན། །ཚེས་བཅུ་གཉིས་ལ་ཁྲུམས་སྟོད་ཡིན། །ཚེས་བཅུ་གསུམ་ལ་ཁྲུམས་སྨད་ཡིན། །ཚེས་བཅུ་བཞི་ལ་ནམ་གྲུ་

སྟེ། །ཟླ་རངས་ཉ་ཚེ་ཐ་སྐར་ཡིན། །དེ་ནི་ཟླ་བ་ཕྱེད་ཡིན་ཏེ། །སྟོན་ཟླ་འབྲིང་པོའི་ངོ་ལ་ནི། །ལོ་སྐོར་བདག་གིས་བརྗོད་པར་བྱ། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ཏེ། །ཉི་མ་ཡོངས་སུ་འཁོར་བར་བྱེད། །ཉིན་པར་བཅུ་དྲུག་འགྲོ་བྱེད་ཅིང་། །མཚན་མོ་ཡང་ནི་

བཅུ་བཞི་ཡིན། །ཁྲུམས་སྟོད་ཀྱིས་ནི་མཚན་མོ་འཐོབ། །ཉི་མའི་མདུན་ན་ནག་པ་ཡིན། །གྲིབ་ཚོད་དག་ནི་གོམ་བཞི་སྟེ། །ཉི་མ་ཡོངས་སུ་འཁོར་བར་བྱེད། །ལྷ་མིན་བླ་མ་པ་བ་སངས། །གཟའ་ནི་ཞིང་ལ་རྣམ་པར་གཞག །འདིར་ཁྱིམ་སྲང་ཞེས་བྱ་བ་

བཞག །ཟླ་བ་བཅུ་གཉིས་བཤད་པ་ཡིན། །ཡོངས་སུ་འཁོར་བ་དེ་ཡིས་ནི། །ལོ་ནི་དེ་ལྟར་འགྲོ་བར་བྱེད། །མིག་སྟོང་ཡང་དང་ཡང་དུ་ནི། །འདུས་ཏེ་ཆོས་ཀྱི་ཕྱོགས་ལ་ལྟོས། །ཁྱོད་ནི་ཤེས་རབ་གཞི་ཡིན་ན། །ཆོས་མ་ཡིན་པའང་བཟློག་པར་གྱིས། །

ཆོས་གནས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཐོས་ཕྱུག་མཁས་པ་བསམ་གཏན་པ། །དེ་དག་ཁྱོད་ཀྱིས་ཆོས་གོས་དང་། །བཟའ་བཏུང་རྣམས་ཀྱིས་རྗེས་སུ་སྲུངས། །ཡང་དག་གནས་ཏེ་བརྒྱ་བྱིན་གྱིས། །རྔ་བོང་ལ་ནི་ཐལ་སྦྱར་ནས། །རབ་ཏུ་སྨྲས་པ་བདག་

ཅག་གིས། །བྱ་བ་ཡང་ནི་བསྒོ་བར་གྱིས། །སྨྲས་པ། ལྷ་ཡི་བླ་མ་ཁྱོད་ཀྱིས་སུ། །རྟག་པར་ཚངས་པར་སྤྱོད་པ་སྲུངས། །རིག་སྔགས་སྨན་དང་གསང་སྔགས་རྣམས། །ཐམས་ཅད་ལ་ནི་བྱ་བ་སྒྲུབས། །ལས་ཀུན་དྲང་སྲོང་ཟླ་བ་དང་། །ཟླ་བ་ཆུང་དང་ཞག་

དང་བཞི། །བཟོ་ཡི་ལས་ཀྱི་མཐའ་ཀུན་ལ། །གཙོ་བོ་ཡིན་པར་བཀོད་པ་ཡིན། །དྲག་པོ་དུང་གི་སྣ་ཅན་དང་། །དགོན་པ་དང་ནི་ལྕི་བ་སྟེ། །གནོད་སྦྱིན་བཞི་པོ་དེ་དག་ནི། །མཆོད་སྦྱིན་རིབ་མར་གཙོ་བོར་བཀོད། །རྒྱ་མཚོ་ཆུ་ལྷ་འཇོག་པོ་དང་། །རིན་ཆེན་

เล่ม ๖๖ · หน้า 211b

སྐྱོང་དང་རིང་དུ་འགྲོ། །ས་ཡིད་ཚེས་དང་ཟླ་སྲུངས་དང་། །གནས་ཐར་བྱེད་པ་རྒྱ་མཚོ་ནི། །གཙོ་བོར་གཞག་སྟེ་མ་དྲོས་དང་། །ཁབ་ཀྱིས་ལུས་འབིགས་ཆུ་ལྷས་བྱིན། །རི་དགས་འཁྲུགས་པ་ཀླུ་དེ་བཞི། །ཀླུ་རྣམས་ཀྱི་ནི་གཙོ་བོར་བཀོད། །ཁྱོད་ནི་དགེ་བ་

རབ་སྐྱེད་པ། །ནེ་ཙོ་ཡི་ནི་ཁྱབ་བྱེད་པ། །མཁས་པ་ཞིང་གི་གཙོ་བོ་སྟེ། །དེ་འདྲ་བ་ནི་ཇི་ལྟ་བུ། །ཁྱོད་ནི་སྙིང་པོ་ཁོ་ནས་ཀྱང་། །མེ་ཡི་རྩེ་མོའི་གཙོ་བོ་སྟེ། །ཁྱོད་ནི་རླུང་དམར་འགུལ་གཡོ་བ། །རླུང་ཡང་བ་ཡི་གཙོ་བོ་ཡིན། །རྡོ་རྗེའི་མིག་དང་སེང་གེའི་

མིག །ལེགས་མཐོང་ལག་ན་མདུང་གསུམ་ཐོགས། །ལྷ་མོ་བཞི་པོ་དེ་དག་ནི། །གྲོང་ཁྱེར་གཙོ་བོར་བཀོད་པ་ཡིན། །གོང་མའི་ཆར་སྐྱེས་རྩིབས་མུ་ཁྱུད། །འཁོར་ལོ་སྤེན་པ་གནོད་སྦྱིན་བཞི། །དེ་དག་རིན་ཆེན་བརྟགས་པ་ལ། །ཉོ་ཚོང་བྱེད་པའི་གཙོ་བོར་

བཀོད། །ཕྱོགས་མཚམས་སུ་ནི་བཞི་ཡིན་ཏེ། །བསྲུང་བའི་ཕྱིར་ནི་ཡང་དག་གནས། །ཡུལ་འཁོར་གྲོང་ཁྱེར་ཐམས་ཅད་དུ། །བསྲུང་བའི་ཕྱིར་ནི་འབྱུང་པོ་བཀོད། །དྲང་སྲོང་དག་ནི་ཐམས་ཅད་དང་། །ལྷ་ཡི་ཚོགས་དང་ཀླུ་རྣམས་དང་། །ལྷ་མ་ཡིན་

དང་མི་རྣམས་ཀྱི། །བར་ཡང་རྗེས་སུ་ཡི་རང་བྱེད། །ལུང་བསྟན་རབ་ཏུ་རྒྱལ་བ་མཆོག །ཐུབ་པ་ཡི་ནི་གཙོ་བོ་སྟེ། །ཁྱོད་ནི་སྐྱེ་དང་འགག་པ་དང་། །ཟས་དང་རོ་དང་མེ་ཏོག་མཆོག །ཁྱོད་ནི་དྲི་འཕེལ་བྱེད་པ་སྟེ། །ཤུ་དག་རྫོགས་བྱེད་འབྲས་བུའི་མཆོག །ཁྱོད་

ནི་ལམ་བདེ་སྐྱེད་པ་སྟེ། །རྣམ་པར་འཚེ་ལས་རྒྱལ་བའི་གཙོ། །དགའ་བོ་དང་ནི་ཉེ་དགའ་གཉིས། །རི་བོ་རྣམས་ཀྱི་གཙོ་བོར་བཀོད། །ནོར་རྒྱས་བུ་དང་ཐང་ཤིང་ཞིང་། །ལྕི་མཆོག་མིག་དམར་སྨུགས་བྱེད་སྐེམ། །ཁྱོད་ནི་དབྱངས་ཅན་ཆུ་ཡི་གཙོ། །ཁྱོད་ནི་

གྲུབ་དང་ཡིད་འཕྲོག་པ། །ཟླ་བ་འཕྲོག་པར་བྱེད་པ་སྟེ། །བཅུད་ཀྱི་ལེན་གྱི་གཙོ་བོ་ཡིན། །གཟའ་དང་རྒྱུ་སྐར་དུས་ཀྱང་ཡིན། །ཁྱིམ་རྣམས་ཐམས་ཅད་རྣམ་པར་གཞག །རྒྱལ་པོ་ཆེན་པོ་བཞི་ཡང་ནི། །སྐལ་ལྡན་རྒྱུར་ནི་རྣམ་པར་གཞག །ལུས་ངན་གནོད་སྦྱིན་རྣམས་

เล่ม ๖๖ · หน้า 212a

ཀྱི་གཙོ། །གྲུལ་བུམ་རྣམས་ཀྱི་འཕགས་སྐྱེས་པོ། །ཀླུ་རྣམས་ཀྱི་ནི་མིག་མི་བཟང་། །དྲི་ཟ་རྣམས་ཀྱི་ཡུལ་འཁོར་སྲུང་། །ཐམས་ཅད་ཀྱི་གླིང་ཆེན་པོ་བཞི། །གླིང་གཞན་བརྒྱད་ཁྲི་ཐམས་ཅད་དུ། །དྲང་སྲོང་རྔ་བོང་གིས་གང་ཡོངས་སུ་སྐྱོང་བ་མ་

བཀོད་པར་བཏང་བའི་གནས་ཅི་ཡང་མེད་དོ། །དེར་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་བྱས་པར་

གྱུར་ཏོ། །དྲང་སྲོང་རྔ་བོང་གི་བྱ་བ་དེ་ལ་ཡང་དག་པར་རྗེས་སུ་ཡི་རང་བར་གྱུར་ཏོ། །བྱ་བ་དེ་ནི་མཆོད་པ་དང་། རིམ་གྲོ་བྱ་བར་སོ་སོར་གནས་པར་གྱུར་ཏོ། །དེའི་རྗེས་ལ་ཤིན་ཏུ་ཡུན་རིང་ཞིག་ན་དྲང་སྲོང་ཐུབ་པ་ལམ་ཞེས་བྱ་བ་བྱུང་སྟེ། དེས་ཀྱང་སྐར་མའི་

དཔྱད་རབ་ཏུ་བྱས་སོ། །ཞག་གིས་མི་ཐུབ་པ་དང་། ཤོལ་ཡོད་པ་ཡང་བཤད་དོ། །ཡང་དེའི་ཚེ་དྲང་སྲོང་ཐུབ་པའི་གནས་རྟེན་ག་ལ་བར་ཀླུ་ཐམས་ཅད་འདུས་ཏེ། དེ་དག་དྲང་སྲོང་སྐར་མ་ལ་དགའ་བ་མཆོག་ཏུ་བླ་མ་ལ་གུས་པ་དང་གཅེས་པར་བྱེད་པ་སྐྱེས་ཏེ།

དེ་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཅི་ནུས་སུ་བརྩོན་པར་གྱུར་ཏོ། །འཕགས་པ་འདུས་པ་ཆེན་པོའི་སྡེ་ཐེག་པ་ཆེན་པོའི་མདོ་ལས་ཉི་མའི་སྙིང་པོའི་ལེའུ་བཅུ་གཅིག་པ་རྫོགས་ཏེ། རྒྱུ་སྐར་གྱི་སྦྱོར་བ་རྣམ་པར་གཞག་པའི་ལེའུ་སྟེ་བདུན་པ་རྫོགས་སོ།། །།

འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། བམ་པོ་བཅུ་གཅིག་པ། རྒྱ་མཚོས་སྨྲས་པ། ནམ་མཁའ་ལ་ནི་རྒྱུ་སྐར་ཚོགས། །ཇི་ལྟར་བཞག་པ་བཞིན་དུ་ནི། །ཁྱོད་ཀྱིས་སྔོན་གྱི་ཚེ་རབས་དྲན། །མཁས་ཁྱོད་སྲིད་གསུམ་ཀུན་གྱི་གཙོ། །

ཁྱོད་ཀྱི་སྙིང་རྗེ་བྱམས་པ་དཔེར། །ཤེས་གསལ་འགྲོ་ལ་སྙིང་བརྩེ་བཞིན། །ཀུན་དཔལ་འདི་ནས་ཁྱོད་ཀྱིས་ནི། །ལག་འགྲོ་ཐམས་ཅད་ཐར་བར་གྱིས། །སྲིད་གསུམ་ཚུལ་བརྟུལ་མཚུངས་མེད་ཁྱོད། །ལག་འགྲོ་དེ་ཀུན་ཚིམ་བྱེད་ཁྱོད། །ཁྱོད་ནི་དྲང་སྲོང་ཀུན་གྱི་བླ། །

เล่ม ๖๖ · หน้า 212b

མི་རྣམས་ཀྱིས་ནི་མཆོད་པར་འོས། །འགྲོ་བ་ཀུན་དཔལ་ཁྱོད་ལ་ནི། །ལྷ་དང་ལག་འགྲོ་གནོད་སྦྱིན་ཚོགས། །རྟེན་གྱི་ཡུལ་རྣམས་ཐམས་ཅད་པ། །ལག་འགྲོ་མྱུར་དུ་ཐར་བར་གྱིས། །དེ་ནས་དྲང་སྲོང་སྐར་མ་ལ་དགའ་བ་དཀོན་མཆོག་གསུམ་ལ་མཆོག་ཏུ་

ཡིད་དང་བ་བསྐྱེད་པར་འདོད་ནས་དེ་ལྟ་བུའི་ཀླུའི་ཚོགས་ཐམས་ཅད་ལ་ཤིན་ཏུ་རིགས་པའི་ཚིག་སྙན་པ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཡོན་ཏན་དེ་འདྲ་བདག་ལ་མེད། །དྲང་སྲོང་རྔ་བོང་བདག་མ་ཡིན། །ཁྱེད་ཅག་འདི་ནས་ཐར་བྱེད་པར། །བདག་གིས་ནུས་པ་

མ་ཡིན་ནོ། །གང་གིས་བསྐལ་པ་དུ་མར་ནི། །དཀའ་ཐུབ་དཀའ་བ་བཟོད་པ་སྤྱད། །ཁྱོད་ཅག་ཐར་བར་བྱེད་པ་ཡི། །དྲང་སྲོང་གཞན་དེ་བལྟ་བར་གྱིས། །རྟག་ཏུ་བརྩོན་ཞིང་སྦྱིན་པ་བྱིན། །མཁས་ཤིང་གླང་ཆེན་རྟ་དང་ནི། །ཤིང་རྟ་བུ་དང་ཆུང་མ་དང་། །ནོར་

གྱིས་སེམས་ཅན་ཕན་པ་བྱས། །རྐང་ལག་མགོ་དང་རྣ་བ་དང་། །མིག་དང་པགས་པ་ཁྲག་དང་ནི། །བུ་བྲན་བྲན་མོ་བཟའ་བཏུང་མང་། །མལ་ཆ་ཁ་ཟས་སྔོན་ཆད་བཏང་། །སྙིང་རྗེ་དང་ནི་བྱམས་པ་ཡིས། །ཁྱེད་ཅག་ཐར་བྱེད་སྲིད་གསུམ་ན། །མཚུངས་མེད་

བསམ་གཏན་དགའ་འབྱུང་བ། །དེ་ནི་དྲང་སྲོང་རྔ་བོང་སྟེ། །ཀུན་ཏུ་བརྩེ་ཞིང་བྱང་ཆུབ་སེམས། །སྔོན་ཆད་རིག་བྱེད་ཕ་རོལ་ཕྱིན། །སེམས་ཅན་མང་པོ་སྡུག་བསྔལ་གྱིས། །ཉམ་ཐག་པ་ནི་ཐར་བར་བྱས། །སེམས་ཅན་གཅིག་གི་ཆེད་དུ་ཡང་། །སྔོན་གྱི་ཚེ་

རབས་དེ་བསྐལ་པར། །དམྱལ་བར་འགྲོ་བཟོད་དེ་ཡི་དགས། །དེ་ནི་འཇིག་རྟེན་སངས་རྒྱས་བྱུང་། །སེམས་ཅན་སྡུག་བསྔལ་ཉམ་ཐག་ཀུན། །སྡུག་བསྔལ་མཐར་མཛད་རྔ་བོང་ཡིན། །སེམས་ཅན་སྨན་ཕྱིར་བརྩོན་འགྲུས་དང་། །སྙིང་རྗེ་བརྟན་པོས་དེ་

སྲིད་འཁོར། །རྔ་བོང་དེ་ནི་སྐྱེས་པ་ན། །རྒྱལ་སྲས་བུ་རམ་ཤིང་བ་ཡི། །རིགས་སུ་ཟས་གཙང་གི་ནི་སྲས། །དེས་ནི་བཙས་མ་ཐག་ཏུ་ཁྱབ། །སྲིད་གསུམ་བདེ་འབྱུང་འཇིག་རྟེན་དཔལ། །ཡིད་བདེ་རྣམ་པ་སྣ་ཚོགས་དང་། །ལྷ་དང་ཀླུ་ཡི་བུ་རྣམས་དང་། །

เล่ม ๖๖ · หน้า 213a

འབྱུང་པོ་གནོད་སྦྱིན་རྒྱལ་པོས་ཁྱབ། །དེར་ནི་མཆོད་ཕྱིར་ཐམས་ཅད་ལྷགས། །དེ་ཡིས་གོམ་པ་བདུན་བོར་ཏེ། །རི་དང་རྒྱ་མཚོར་བཅས་པ་ཡི། །ས་ནི་ཐམས་ཅད་འཁྲུགས་པར་གྱུར། །འགྲོ་བ་རྒ་ནད་སྡུག་བསྔལ་དང་། །འཆི་བས་གཟིར་ལས་

ངས་བསྒྲལ་ཞིང་། །ཞི་བ་བདེ་བ་མྱ་ངན་མེད། །སྐམ་ལ་དགོད་ཅེས་ཤཱཀ་སྲས་གསུངས། །མེ་ཏོག་དྲི་དང་རིན་ཆེན་དག །ལྷ་ཀླུ་རྣམས་ཀྱིས་གཏོར་གྱུར་ཅིང་། །འབྱུང་པོའི་ཚོགས་རྣམས་སྣ་ཚོགས་ཀྱིས། །སྲས་པོ་ལ་ནི་བསྟོད་གྱུར་པ། །བསྐལ་པ་མང་པོ་དུ་མར་

ཡང་། །སྔོན་ཆད་ཁྱོད་ཀྱིས་དུལ་བ་དང་། །སྦྱིན་དང་བསམ་གཏན་དགྱེས་ལ་བརྟེན། །སེམས་ཅན་ཀུན་ཆེད་སྡུག་བསྔལ་བཟོད། །འདི་ལ་སྐྱེ་བ་འདི་ཡང་ནི། །ཐམས་ཅད་ཀྱི་ནི་ཐ་མ་ལགས། །སྡུག་བསྔལ་ཐམས་ཅད་ཞི་མཛད་པར། །རིང་པོར་མི་ཐོགས་

ཁྱོད་འཚང་རྒྱ། །དེས་ཀྱང་དཔའ་བོ་བརྟན་པར་གྱུར། །མཚུངས་པ་མེད་དེ་བུད་མེད་ཚོགས། །དྲུག་ཁྲི་ཐམ་པ་སྤངས་ནས་སུ། །སྤྱོད་པ་རབ་བསྟན་ལོ་དྲུག་སྤྱད། །གཡོ་སྒྱུ་ཅན་ནི་སྡེར་བཅས་པའི། །བདུད་ནི་གཅིག་པུས་བཅོམ་ནས་ཀྱང་། །བྱང་ཆུབ་ཞི་མཆོག་

གཞལ་མེད་བརྙེས། །མྱ་ངན་མེད་ལམ་དོན་དམ་གཟིགས། །བྱམས་དང་ཡེ་ཤེས་ཐུགས་རྗེ་ཡིས། །སེམས་ཅན་ཀུན་དང་མི་མཉམ་ཞིང་། །འབྱུང་པོ་དག་ནི་ཐམས་ཅད་ལ། །དེ་ནི་བྱམས་པའི་ཐུགས་མཉམ་པ། །སེམས་ཅན་གང་ལའང་མཐོ་མི་འཚམ། །སེམས་

ཅན་ཐམས་ཅད་སྡུག་བསྔལ་ལས། །ཐར་བར་མཛད་ཅིང་དེ་ཡང་ནི། །རྣམ་བཅིངས་བཙོན་ར་ཐར་མཛད་པ། །མ་ག་དྷཱ་ན་དེ་གནས་ཤིང་། །འགྲོ་བའི་ནང་ན་ཆོས་ཀྱང་སྟོན། །དེ་ལ་ཁྱོད་ཀྱིས་གསོལ་བ་ཐོབ། །བྱམས་པའི་ཡིད་ཀྱིས་རྣམ་པར་ལྟོས། །དྲང་སྲོང་མཆོག་གི་

ཐད་དུ་དེང་། །འགྲོ་བའི་སྡུག་བསྔལ་ཐམས་ཅད་ལས། །ཁྱེད་ཅག་ཡོངས་སུ་ཐར་བར་བྱེད། །རང་ཉིད་ཀྱང་ནི་འདོང་བར་གྱིས། །དགའ་མཆོག་བདེ་བ་འདོད་རྣམས་ཀྱིས། །ཕྱིན་ཅད་མཁའ་ལྡིང་ཐམས་ཅད་ལས། །འཇིགས་པ་ཁྱེད་ལ་མི་འབྱུང་ངོ་། །རྟག་བདེ་སྡུག་

เล่ม ๖๖ · หน้า 213b

བསྔལ་བྲལ་དགར་གྱིས། །བཙོན་ར་འདི་ནི་གཡོ་སྒྱུ་ཅན། །བདུད་ནི་ཁྱེད་ལ་རྣམ་པར་འཚེ། །ཇི་ལྟར་ང་ཡིས་བཤད་པ་བཞིན། །ཐམས་ཅད་ཀྱང་ནི་གཟུང་བར་གྱིས། །ཡང་དེའི་ཚེ་དྲང་སྲོང་ཐུབ་པའི་གནས་རྟེན་དུ་ཀླུ་དང་། ཀླུ་ཆེན་པོ་ཕོ་དང་། མོ་དང་། ཁྱེའུ་དང་།

བུ་མོ་གང་དག་ཐམས་ཅད་འདུས་པ་དེ་དག་ཐམས་ཅད་ཀྱིས་ཐལ་མོ་རབ་ཏུ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ། ཆོས་ཐམས་ཅད་ཀྱི་དབང་གི་ཕ་རོལ་ཏུ་ཕྱིན་པ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བར་མཛད་

པ། བདེ་བ་ཐམས་ཅད་སྦྱིན་པར་མཛད་པ། དགའ་བ་ཐམས་ཅད་སྐྱེད་པར་མཛད་པ། ཤེས་རབ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ། རྟག་ཏུ་བྱམས་པའི་ཐུགས་དང་ལྡན་པ། ཐུགས་རྗེ་ཐམས་ཅད་ཀྱིས་ཁྱབ་པ། ཕྲིན་ལས་ཐམས་ཅད་སྒྲུབ་པར་མཛད་པ། ལམ་

ཐམས་ཅད་སྟོན་པ། ཡང་དག་པའི་མིག་གསུང་བ། ལྷ་དང་ཀླུ་རྣམས་ཀྱིས་མཆོད་པ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་གྱི་དགྲ་བཅོམ་པ། མཆོད་པ་ཐམས་ཅད་འོས་པ། བདག་ཅག་ཐམས་ཅད་སྡུག་བསྔལ་གྱི་བཙོན་ར་འདིར་འཕངས་ལགས་ན་འདི་ནས་བདག་

ཅག་ཐར་བར་མཛད་པར་གསོལ། ཀླུ་དེ་དག་དང་ལྷན་ཅིག་བདག་ཅག་གནས་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་ཀླུ་དེ་དག་ཐམས་ཅད་སྔོན་གྱི་ལུས་ཀྱི་གཟུགས་ཇི་ལྟ་བ་བཞིན་དུ་བཀོད་དེ། གནས་དེ་ནས་འགྲོ་བར་མ་ནུས་སོ། །དེ་དག་ཐམས་ཅད་ཀྱིས་དྲང་སྲོང་སྐར་

མ་ལ་དགའ་བ་ལ་སྨྲས་པ། དེ་བཞིན་གཤེགས་པ་དེ་ནི་བདེན་ཏེ། སེམས་ཅན་ཐམས་ཅད་ལ་བདེ་བར་བཞེད་པ་རྣམ་པར་མི་འཚེ་བའི་ཆོས་ཉིད་ཡིན་ནོ། །དེ་ལ་བདག་ཅག་སྐྱབས་སུ་ཉེ་བར་གནས་སོ། །འདི་ནས་མྱུར་དུ་བཞུད་ཅིག །བདུད་ཀྱི་འཆིང་བ་འདི་ལས་བདག་

ཅག་ཐར་བར་མཛོད་ཅིག །སྐར་མ་ལ་དགའ་བས་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་དྲང་སྲོང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་སྙིང་རྗེ་ཆེན་པོའི་རྒྱུ་འཐུན་པ་ཐམས་ཅད་མཁྱེན་པ་ཐུབ་པ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་

เล่ม ๖๖ · หน้า 214a

ལ་འཁོར་བའི་འཁོར་ལོ་རྣམ་པར་ལྡོག་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ལམ་རྣམ་པར་དག་པར་བྱ་བའི་ཕྱིར་དང་། རྒྱུ་དང་འབྲས་བུའི་སེམས་ཅན་ཡང་དག་པར་བསྟན་པའི་ཕྱིར་ཞེས་བྱ་བ་ནས་སངས་རྒྱས་ཀྱི་སྤྱན་གྱི་བར་དུ་ཐོབ་པར་བྱ་བའི་ཕྱིར་མང་པོར་མ་

བྱུང་བ་ལ་དམིགས་པ་དང་། ཉན་ཐོས་དང་ཐུན་མོང་བ་སེམས་ཅན་ལ་དམིགས་པའི་གནས་པ་མཆོག་བསྟན་ཏོ། །ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སློབ་དཔོན་ལ་རག་ལས་པ་རྣམས་ལ་རྒྱུ་ལས་ཡང་དག་པར་བྱུང་བ་དང་། སོ་སོར་བརྟགས་པ་

ལ་དམིགས་པ་ཚངས་པའི་གནས་པ་བསྟན་ཏོ། །ད་ལྟར་དེ་བཞིན་གཤེགས་པ་དེ་ནི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་གྲངས་མེད་པ་དཔག་ཏུ་མེད་པ་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ན་ཐེག་པ་བླ་ན་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་རྣམས་དང་། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར་དང་། བདུད་བཞི་གདུལ་བའི་ཕྱིར་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅད་པའི་ཕྱིར་ཆོས་ཀྱི་ཆུས་ཁྲུས་མཛད་དོ། །ད་ལྟར་ཤིན་ཏུ་ཀུན་ཏུ་རྟོག་པའི་

ཉོན་མོངས་པའི་ཚོགས་ཀྱི་སེམས་ཅན་གྱི་ཁམས་ལ་དམིགས་པ་མེད་པ། ཀུན་ནས་ལྡང་བ་མེད་པ། རྒྱུ་བ་མེད་པ། གཞི་མེད་པ། མཚན་ཉིད་མེད་པ། མཚན་མ་མེད་པ། ཆགས་པ་མེད་པ། རྣམ་པར་གཞག་པ་མེད་པ། རྡུལ་མེད་པ། མུན་པ་མེད་པ། སྣང་

བ་མེད་པ། གཟུང་བ་མེད་པ། གསལ་བྱེད་མེད་པ། སྤྱོད་པ་མེད་པ། ཐ་མི་དད་པ་ཉིད་ཅེས་བྱ་བ་ནས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། འབྱུང་བ་ཆེན་པོ་ཐམས་ཅད་དང་། མིག་གི་རང་བཞིན་ཚོར་བ་པོ་མེད་པའི་སྲེད་པ་ཞེས་བྱ་བའི་བར་ནས། ཡིད་ཀྱི་

རང་བཞིན་ཚོར་བ་པོ་མེད་པའི་སྲེད་པའི་བར་ལ་སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། འཇུག་པ་མེད་པའི་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། འགག་པ་མེད་པ་དང་། དེ་བཞིན་ཉིད་འདྲེས་པ་མེད་པ་དང་། གང་འཇུག་པ་མེད་པའི་ཆོས་ཀྱི་

เล่ม ๖๖ · หน้า 214b

དབྱིངས་དོན་དམ་པ་སྟོང་པ་ཉིད་དང་། ཕྱིར་མི་ལྡོག་པའི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་སྒྲོལ་བ། ཕྱད་པའི་ཡེ་ཤེས་ཀྱི་སྤྱོད་པ་དང་ལྡན་པ། ཡང་དག་པར་དམིགས་པའི་དེ་བཞིན་གཤེགས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་

ཕྱིན་པ་དྲུག་གི་སྤྱོད་པ་དག་ལ་ཡོངས་སུ་སྦྱང་བ་བྱས་པ། སེམས་ནམ་མཁའ་དང་མཉམ་ཞིང་མཚུངས་པ། མ་ཆགས་པའི་ཡེ་ཤེས་མཉམ་པ་ཉིད་ཐོབ་པ། ལྟ་བ་ཐམས་ཅད་ཀྱི་བག་ཆགས་ཀྱི་ཉོན་མོངས་པ་ཡང་དག་པར་བཅོམ་པ་རྣམས་ལ་ཚངས་པའི་གནས་པ་

དམིགས་པ་མེད་པ་སྟོན་ཏོ། །ཀྱེ་དྲང་སྲོང་སྐར་མ་ལ་དགའ་བས་བསྟན་པ་འདི་བཤད་པ་ན་ཡང་ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་ལུས་འབིགས་པའི་ཁབ་ཅེས་བྱ་བ་དང་། ཀླུའི་རྒྱལ་པོ་ཟླ་བ་ལ་རྩུབ་པ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་རིན་ཆེན་སྐྱོང་ཞེས་བྱ་བ་དེ་

དག་བྱང་ཆུབ་ཀྱི་སྤྱོད་པའི་དགེ་བའི་རྩ་བ་སྔོན་བསགས་པའི་སྨོན་ལམ་ཡང་དག་པར་རྗེས་སུ་དྲན་པས་དེ་དག་སྣང་བ་དང་། རྣམ་པར་བསྒྱིངས་པ་དང་ལྡན་པའི་གཟུངས་ཐོབ་པར་གྱུར་ཏོ། །དེའི་ཚེ་ཀླུ་གཞན་བརྒྱད་ཅུ་རྩ་བཞི་ནི་བྱང་ཆུབ་ཀྱི་སྤྱོད་པའི་དགེ་བའི་རྩ་བ་སྔོན་

བསགས་པའི་སྨོན་ལམ་ཡང་དག་པར་རྗེས་སུ་དྲན་པས་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སྐར་མ་ལ་དགའ་བ་ལ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཁྱོད་བཞུད་ལ་སྙིང་རྗེ་ཆེན་པོ་ཐོབ་པ་གང་གིས་འདིར་བདག་ཅག་

བདུད་ཀྱི་འཆིང་བ་འདི་ལས་ཡོངས་སུ་ཐར་བར་བགྱིད་པའི་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ཐོབ་པ་དེ་ལ་བདག་ཅག་གི་ཚིག་གིས་གསོལ་བ་ཐོབ་ཤིག །དེ་བཞིན་དུ་བྱའོ་ཞེས་སྨྲས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མ་ལ་དགའ་བ་དྲང་སྲོང་གི་ཆ་བྱད་

ཀྱིས་འཁོར་དྲང་སྲོང་སྟོང་ཕྲག་མང་པོ་དང་དེ་ནས་རྫུ་འཕྲུལ་གྱིས་སོང་ངོ་། །འཕགས་པ་འདུས་པ་ཆེན་པོའི་སྡེ་ཐེག་པ་ཆེན་པོའི་མདོ་ལས་ཉི་མའི་སྙིང་པོའི་ལེའུ་བཅུ་གཅིག་པ་ལས་བརྒྱད་པའོ།། །།བཅོམ་ལྡན་འདས་ལ་ཀླུ་ཐམས་ཅད་སྐྱབས་སུ་ཉེ་

เล่ม ๖๖ · หน้า 215a

བར་གནས་པ་བདུད་སྡིག་ཅན་གྱིས་ཐོས་ཏེ། ཤས་ཆེར་འཁྲུགས་ཤིང་སྐྲག་ལ་རྒྱ་ཤུག་གི་འདབ་མ་བཞིན་དུ་ལུས་རབ་ཏུ་འདར་ཞིང་ལུས་རྔུལ་ནས་ལག་པ་གཉིས་བསྒྲེང་སྟེ་འདི་སྐད་ཅེས་སྨྲས་སོ། །ལག་འགྲོ་རྣམས་ནི་སྐྱབས་སུ་དོང་། །

སྐྱེ་དགུ་ཐམས་ཅད་རྨོངས་གྱུར་ཅིང་། །འཆི་མེད་ལམ་ལ་གཞོག་བྱེད་པ། །མི་ཟད་གཡོ་སྒྱུ་ཅན་ལ་ལྟོས། །དེའི་ཚེ་ན་བདུད་ཀྱི་བུ་མོ་མུན་བྲལ་མ་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། །སེམས་ཅན་གང་དག་ཐོས་ཙམ་གྱིས། །དགེ་སྦྱོང་ལ་ནི་སྐྱབས་སུ་

མཆིས། །གང་དག་དེ་ཡི་ཚིག་ཐོས་ཤིང་། །དེ་མཐོང་བ་ལྟ་སྨོས་ཅི་འཚལ། །བརྩོན་འགྲུས་སྣ་ཚོགས་སྦྱོར་བ་ཡིས། །ཁྱོད་ཀྱིས་ཡུན་ནི་རིང་དུ་གཟིགས། །བཀའ་མཆིད་སྣ་ཚོགས་ལྷན་ཅིག་མཛད། །དེ་ཡི་སྒྱུ་ནི་མ་བསླབས་སམ། །བདུད་ཀྱིས་སླར་

སྨྲས་པ། །དགེ་སྦྱོང་གཽ་ཏམ་བརྟན་པ་ཡིན། །རང་བཞིན་མཁས་པ་ཆེན་པོ་སྟེ། །སྟོང་པའི་ཆོས་ལ་ཡང་དག་ཞུགས། །རྒལ་ནས་སྐྱེ་དགུ་སྒྲལ་བར་བྱེད། །མུན་བྲལ་མས་སྨྲས་པ། སྟོང་པ་ལ་ནི་གང་ཞུགས་པ། །བདུད་རྣམས་བྱེ་བས་མི་བསྐྱོད་དེ། །བྱང་གྲོལ་

བདེ་བ་སྦྱིན་བགྱིད་པ། །དེ་ལ་བདག་ནི་སྐྱབས་སུ་མཆི། །མཚན་ཉིད་མ་མཆིས་ལྡན་པ་ཡི། །དེ་བཞིན་ཉིད་ལ་གང་རྟེན་ཅིང་། །ཡེ་ཤེས་ཀྱི་ནི་ཕ་རོལ་ཕྱིན། །དེ་ལ་བདག་ནི་སྐྱབས་སུ་མཆིས། །སྒྱུ་དེ་བདག་གིས་བསླབ་པར་བགྱི། །སེམས་ཅན་ཐམས་ཅད་

རྣམ་པར་དགྲོལ། །ཆོས་རྣམས་ཀུན་ལ་དབང་སྒྱུར་བའི། །བླ་མེད་སངས་རྒྱས་འགྲུབ་པར་ཤོག །བདུད་ཀྱི་བུ་མོ་ལྔ་བརྒྱ་སྙེད་བདུད་ཀྱི་གནས་དེར་འཁོད་ནས་བྱང་ཆུབ་ཏུ་སྨོན་ལམ་བཏབ་པར་གྱུར་ཏེ། བདུད་སྡིག་ཅན་ཤས་ཆེར་འཁྲུགས་ཤིང་དངངས་ཏེ་རྨོངས་ནས་སྟོབས་

ཀྱི་ཤུགས་ཀྱིས་འཆག་སར་ཞུགས་ཏེ། བདུད་ཀྱི་སྟོབས་ཀྱི་ཤུགས་ཀྱི་ཆོ་འཕྲུལ་གྱིས་བྱིན་གྱིས་བརླབ་པ་དེ་ལྟ་བུ་བྱིན་གྱིས་བརླབས་སོ། །གང་གིས་དྲང་སྲོང་སྐར་མ་ལ་དགའ་བ་དེ་ནས་སོང་ནས་རིང་པོ་མ་ལོན་པར་དྲང་སྲོང་ཐུབ་པའི་གནས་རྟེན་དེར་བདུད་ཀྱི་གནས་དེ་

เล่ม ๖๖ · หน้า 215b

ནས་ནམ་མཁའ་ལས་རྡོའི་ཆར་པ་མེ་རབ་ཏུ་འབར་བའི་ཆར་མངོན་པར་རབ་ཏུ་དབབ་པར་བརྩམས་ཏེ། ཀླུ་ཐམས་ཅད་ཐལ་བར་རླག་པར་འདོད་ན། བཅོམ་ལྡན་འདས་ཀྱི་མཐུས་དེར་མེ་ཏོག་གི་ཆར་རྣམ་པ་སྣ་ཚོགས་རབ་ཏུ་བབ་སྟེ། ཀླུ་ཐམས་ཅད་རབ་ཏུ་དགའ་བར་

གྱུར་ཏོ། །དགའ་ཁྱབ་མས་སྨྲས་པ། ཀྱེ་བདུད་ཀྱི་བུ་མོ་དག་ཁྱེད་ལྟོས་ཤིག །འཛམ་བུའི་གླིང་དེར་དགེ་སྦྱོང་གཽ་ཏ་མ་ལ་ཀླུ་གང་དག་སྐྱབས་སུ་དོང་བ་དེ་དག་ཐམས་ཅད་ཀྱང་འདི་སྡུག་བསྔལ་མང་པོས་གནོད་པར་བྱེད་ན་གང་དག་འདིར་འཁོད་ནས་དགེ་སྦྱོང་གཽ་ཏ་མ་ལ་སྐྱབས་

སུ་དོང་བ་རང་གི་བུ་མོ་ཁྱེད་ལ་ལྟ་སྨོས་ཀྱང་ཅི་དགོས། བདུད་ཀྱི་བུ་མོས་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་གསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཀྱང་། །དེ་ནི་ངེས་པར་སྐྱེ་

བའི་ཕ་རོལ་འགྲོ། །སྟོན་པ་ལ་ནི་མེ་ཏོག་གཅིག་གཏོར་ཞིང་། །བྱང་ཆུབ་སྨོན་ལམ་བརྟན་པོ་བསྐྱེད་པས་ན། །དེ་ནི་བདུད་རྣམས་དུ་མས་གསད་མི་ནུས། །ནེམ་ནུར་མེད་པར་འཇིག་རྟེན་སངས་རྒྱས་འགྱུར། །དེ་ཡིས་བསླབ་པའི་གཞི་ནི་གཅིག་བླངས་ཤིང་། །

ཚིག་གི་དོན་གཅིག་ཙམ་ཡང་ཉན་བྱེད་ལ། །བྱང་ཆུབ་ཕྱིར་ནི་སེམས་ཀྱང་བསྐྱེད་པ་དེ། །སེམས་ཅན་ཁ་ལོ་སྒྱུར་འགྱུར་ནེམ་ནུར་མེད། །ཡབ་ཀླུ་ཚོགས་འདི་མཐོང་སྟེ་སངས་རྒྱས་ཀྱིས། །དེར་ནི་མེ་ཏོག་ཆར་པ་སྣ་ཚོགས་འབེབས། །སངས་རྒྱས་ཡུལ་གཅིག་

གིས་ནི་ཁྱོད་ལ་བསྔོས། །དེར་ནི་ཅི་ཡང་ནུས་པར་མ་གྱུར་ཏོ། །གང་གིས་སེམས་ཅན་དེ་དག་སྡིག་ཟད་ཅིང་། །བདག་ཅག་གི་ནི་ལས་ཀྱི་སྒྲིབ་འབྱང་བ། །ཆེད་དུ་ལུང་བསྟན་པ་ནི་དེར་ཉན་པའི། །རིག་པ་གཅིག་ཀྱང་དེར་ནི་སྟོན་པས་གསུངས། །དེ་ནས་བདུད་

སྡིག་ཅན་ཤས་ཆེར་འཁྲུགས་ཤིང་གཤེ་སྟེ། སྡུག་བསྔལ་ཞིང་ཡིད་མི་བདེ་བ་སྐྱེས་ནས་མྱ་ངན་གྱི་ཁང་པར་གཅིག་པུ་འདུག་གོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མ་ལ་དགའ་བ་བཅོམ་ལྡན་འདས་ཀྱི་ཚངས་པའི་གནས་པ་དམིགས་པ་མེད་

เล่ม ๖๖ · หน้า 216a

པའི་གཏམ་གྱི་ཐ་མར་མཇུག་ཐོགས་སུ་བཅོམ་ལྡན་འདས་བཞུགས་པ་དེར་ཕྱིན་ཏེ་འདུག་གོ། །བཅོམ་ལྡན་འདས་ག་ལ་བ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མ་ལ་དགའ་བས་འདི་སྐད་ཅེས་གསོལ་ཏོ་ཞེས་

བྱ་བའི་བར་དུའོ། །བཙུན་པ་བཅོམ་ལྡན་འདས་བཞི་པ་རབ་ཀྱི་མཐའ་གནས་ཡིད་ལ་བགྱིད་པའི་གཟུངས་སྔགས་བཤད་པར་གསོལ། གཟུངས་སྔགས་ཀྱི་གཞི་དེ་དག་གིས་ནི་སྔོན་བདག་ཅག་གཉིས་བྲམ་ཟེའི་ཁྱེའུ་གཉིས་སུ་གྱུར་པ་ན་ལུས་ཀྱི་སླད་དུ་རྒྱལ་པོ་རྒྱལ་གྱི་ལྷ་

ལ་ནོངས་པ་བགྱིས་པས་འགུམ་པ་ལ་ཐུག་སྟེ་བཙོན་རར་སྩལ་ནས། ཟླ་བ་ཕྱེད་ཟས་དང་བྲལ་ཞིང་བཅིང་བ་ལྔས་བཅིངས་ནས་དེ་བཞིན་གཤེགས་པ་མན་དཱ་ར་བའི་བསུང་ལ་ཡིད་ལ་གཞན་མི་སེམས་པར་གསོལ་བ་བཏབ་པ་ལགས་སོ། །དེ་ནས་དེ་བཞིན་གཤེགས་པ་

མན་དཱ་ར་བའི་བསུང་བདག་ཅག་ལ་ཐུགས་བརྩེ་བས་རང་གི་གནས་ཀྱི་ཤུལ་ཀར་བཞུགས་ནས་སངས་རྒྱས་ཀྱི་ཡུལ་གྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལུང་བསྟན་པ་དེ་ལྟ་བུས་བཞི་པ་རབ་ཀྱི་མཐའ་གནས་ཡིད་ལ་བགྱིད་པའི་གཟུངས་སྔགས་བསྟན་ཏེ། སངས་རྒྱས་ཀྱི་མཐུས་

བརྩོན་ར་དེར་བདག་ཅག་གི་རྣ་ལམ་དུ་དོན་དང་བཅས། ཚིག་འབྲུ་དང་བཅས་པར་གྲགས་སོ། །གསང་སྔགས་ཡིད་ལ་བགྱིད་པ་དེ་དག་གིས་བདག་ཅག་དགའ་བ་དང་དད་པ་ཡང་དག་པར་བསྐྱེད་ནས་དེའི་ཚེ་བདག་ཅག་གི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ཐམས་

ཅད་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཐམས་ཅད་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་དང་། སྦྱིན་པའི་སྒྲིབ་པ་ཞེས་

བགྱི་བ་ནས་ཤེས་རབ་ཀྱི་སྒྲིབ་པ་ཞེས་བྱ་བའི་བར་དང་། ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་ཀྱི་སྒྲིབ་པ་དང་། ཚེའི་འདུ་བྱེད་བས་པའི་སྒྲིབ་པ་དང་། བསམས་བཞིན་དུ་སྲིད་པར་སྐྱེ་བའི་སྒྲིབ་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་འགྲོ་བའི་སྒྲིབ་

เล่ม ๖๖ · หน้า 216b

པ་ཡོངས་སུ་བས་ཤིང་། དེར་བདག་ཅག་བཞི་པ་རབ་ཀྱི་མཐའ་གནས་ཡིད་ལ་བགྱིད་པའི་གཟུངས་སྔགས་ཐོས་པ་ཙམ་གྱིས་མོད་ལ་མགྲིན་པ་འཆིང་བ་ལྔ་ལས་གྲོལ་ཏེ། བཙོན་ར་ནས་རྫུ་འཕྲུལ་གྱི་ཡུལ་ཐོབ་པར་གྱུར་ཅིང་། དེ་ནས་ནམ་མཁའ་ལ་ཆས་ནས་བཅོམ་

ལྡན་འདས་དེ་བཞིན་གཤེགས་པ་མན་དཱ་ར་བའི་བསུང་གི་ཐད་དུ་ཉེ་བར་ཕྱིན་ཏོ། །དེ་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་རི་བོའི་འོད་ཅེས་བགྱི་བར་སྐྱེས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གྱི་མདོག་གི་ཐད་དུ་རབ་ཏུ་བྱུང་ནས་ཞེས་བགྱི་བ་ནས་སླན་ཆད་བསྐལ་

པ་དཔག་ཏུ་མ་མཆིས་པར་སངས་རྒྱས་ཀྱི་ཞིང་སྟོང་པ་རྣམས་སུ་བདག་ཅག་མ་སྐྱེས་སོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་ད་ལྟར་སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་དུ་འདི་དང་འོག་མིན་ལ་ཐུག་པའི་བར་གྱིས་ཐམས་ཅད་སེམས་ཅན་མི་དང་མི་མ་ལགས་པ་

དཔག་ཏུ་མ་མཆིས་པས་ཁྱབ་སྟེ། དེ་དག་ནི་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་རྣམ་པ་སྣ་ཚོགས་ཀྱིས་ཟིན་ཏོ་ཞེས་བགྱི་བ་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་ལས་ཡོངས་སུ་

མ་དག་པ་དག་གིས་བསྒྲིབས་ཏེ་མཆིས་པར་མི་ནུས་པ་ལགས་སོ་ཞེས་བགྱི་བའི་བར་དུའོ། །སེམས་ཅན་གྱི་ལས་ཀྱི་གཟུངས་སྔགས་ཐོས་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང་། ལས་

ཀྱི་སྒྲིབ་པ་ཐམས་ཅད་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། སེམས་ཅན་གྱི་སྒྲིབ་པ་དང་། སྦྱིན་པའི་སྒྲིབ་པ་ཞེས་བགྱི་བ་ནས་ཤེས་རབ་ཀྱི་སྒྲིབ་པ་ཞེས་བྱ་བའི་བར་དང་། ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་ཀྱི་སྒྲིབ་པ་དང་། དགེ་བ་བཅུའི་

ལས་ཀྱི་ལམ་གྱི་སྒྲིབ་པ་མཆིས་པ་ཐམས་ཅད་དང་། ཐོས་མ་ཐག་ཏུ་སྐྱེ་བའི་སྒྲིབ་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་འགྲོ་བའི་སྒྲིབ་པ་མཆིས་པ་ཐམས་ཅད་ཡོངས་སུ་བས་པར་འགྱུར་བ་དང་། ཆོས་བསྟན་པ་དེས་སེམས་ཅན་རྣམས་བཟོད་པ་དང་

เล่ม ๖๖ · หน้า 217a

ཏིང་ངེ་འཛིན་རྣམ་པ་སྣ་ཚོགས་ཐོབ་པར་འགྱུར་བ་དང་། ཇི་སྲིད་འཚོ་བའི་མཐའི་བར་དུ་དེར་འཆི་བའི་དུས་བགྱིས་ནས་སེམས་ཅན་རྣམས་ཇི་ལྟར་བསམ་པ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པར་རྔོ་ཐོགས་པར་འགྱུར་བ་དང་། ཚེ་རབས་དྲན་པར་འགྱུར་བ་དང་།

རྟག་པར་རྒྱུན་དུ་བརྩོན་འགྲུས་བརྩམས་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་ལེན་པ་དང་། ལོག་པར་མི་ལྟུང་བའི་ཆོས་ཅན་རྣམས་སུ་འགྱུར་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མངོན་པར་བརྩོན་པ་དང་། བསྡུ་བའི་དངོས་པོ་བཞི་ལ་མངོན་པར་བརྩོན་པ་

དང་། ཆོས་ཉན་པ་དང་། དགེ་འདུན་ལ་རིམ་གྲོ་བགྱི་བ་དང་། བསམ་གཏན་གྱིས་རྣམ་པར་རོལ་པ་དང་། མངོན་པར་ཤེས་པ་དང་། ཚངས་པའི་གནས་པ་སྒོམ་པ་ལ་མངོན་པར་བརྩོན་པར་འགྱུར་བ་དང་། འགྲོ་བ་ཐམས་ཅད་དུ་བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་

འདས་པའི་བར་དུ་ཆོས་དེ་དག་དང་འབྲལ་བར་མི་འགྱུར་བར་བཅོམ་ལྡན་འདས་ད་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་སླད་དུ་བཙུན་པ་བཅོམ་ལྡན་འདས་བཞི་པ་རབ་ཀྱི་མཐའ་གནས་ཡིད་ལ་བགྱིད་པའི་གཟུངས་སྔགས་དེ་ལེགས་པར་བཤད་པར་གསོལ། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བའི་བར་དུའོ། །དགེ་སློང་ངམ། དགེ་སློང་མའམ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་

དད་པ་ཅན་སུ་ལ་ལ་ཐེག་པ་གསུམ་ལས་ཐེག་པ་གང་ཡང་རུང་བས་སྲིད་པའི་རྒྱ་མཚོ་ལས་རྒལ་བར་འདོད་པ་ནི་མྱུར་དུ་ཐེག་པ་དེ་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་ཡིན་ལ། སྡུག་བསྔལ་ཐམས་ཅད་འཇོམས་པར་འདོད་པ་ཡིན། ཐོས་པ་ཐམས་ཅད་ཀུན་ཏུ་འཛིན་པར་འདོད་

པ་ཡིན། ལུས་དང་། ངག་དང་། ཡིད་ཀྱི་གནས་ངན་ལེན་ཐམས་ཅད་ལས་ཡོངས་སུ་ཐར་བར་འདོད་པ་ཡིན། བསྟན་པ་བསྲུང་བར་འདོད་པ་ཡིན། སྙན་པ་འདོད་པ་དང་། རྙེད་པ་འདོད་པ་ཡིན། བཟའ་བ་དང་བཏུང་བ་མང་པོ་འདོད་པ་དང་། དབང་ཕྱུག་འདོད་པ་དང་།

เล่ม ๖๖ · หน้า 217b

གཟུགས་འདོད་པ་དང་། སྟོབས་འདོད་པ་དང་། འཁོར་འདོད་པ་དང་། ནོར་དང་འབྲུ་འདོད་པ་དང་། ཐུ་བོ་འདོད་པ་དང་། མི་དང་མི་མ་ཡིན་ཐམས་ཅད་ཀྱིས་མཆོད་པར་འོས་པར་འདོད་པ་ཡིན། རྟག་ཏུ་ལུས་འདོད་པ་ཡིན། རྟག་ཏུ་ལུས་དང་། ངག་དང་ཡིད་ཀྱིས་ཀུན་

ཏུ་གནོད་པར་འདོད་པ་ཡིན་ཞིང་མྱུར་དུ་བསམ་གཏན་དང་། ཏིང་ངེ་འཛིན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། ཚངས་པའི་གནས་པ་དང་། གཟུངས་དང་། བཟོད་པ་རྣམ་པ་སྣ་ཚོགས་བསྒྲུབ་པར་འདོད་པ་ཡིན་ནོ། །དེ་ལྟར་

ཡང་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་ཤས་ཆེར་འཕངས་པ་རྣམ་པ་སྣ་ཚོགས་ཀྱིས་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྲོ་བའི་སྒྲིབ་པ་རྣམས་ཀྱིས་བསམས་བཞིན་དུ་སྲིད་པར་སྐྱེ་བ་བླངས་པ་དེའི་བར་གྱིས་མྱུར་དུ་དགེ་བའི་རྩ་བ་རྣམ་

པ་སྣ་ཚོགས་དེ་ལྟ་བུ་དེ་དག་སྒྲུབ་པར་མི་ནུས་ཏེ། ལས་ཀྱི་སྒྲིབ་པ་དེ་ལྟ་བུ་དེ་དག་གིས་ཟིན་པའི་ཕྱིར་རོ། །གང་ཟག་དེ་ཁྲུས་བྱས་ཏེ་གོས་གཙང་མ་བགོས་ཤིང་། ཁ་ཟས་གཙང་མ་དང་མལ་གཙང་མ་དེར་སྐྱིལ་མོ་ཀྲུང་དམ་འཆགས་པས་ཀྱང་རུང་སྟེ། རྗེས་སུ་འཐུན་

པའི་ཚེས་བརྒྱད་ལ་སངས་རྒྱས་ཀྱི་སྐུའི་གཟུགས་ཡིད་ལ་བྱེད་པས་གཞན་ཡིད་ལ་མི་སེམས་པར་ཞེས་བྱ་བ་ནས་ལས་གཞན་མི་བྱེད་ཅིང་སེམས་རྣམ་པར་གཡེངས་པ་མ་ཡིན་པའི་བར་གྱིས་རེ་ཤིག་མཚན་གཅིག་གམ་ཞེས་བྱ་བ་ནས་མཚན་བདུན་གྱི་བར་དུ་གནས་པར་བྱེད་

ན་དེས་རང་གི་སྐུ་བྱད་དུ་སངས་རྒྱས་མཐོང་ངོ་ཞེས་བྱ་བའི་བར་དུའོ། །གལ་ཏེ་སངས་རྒྱས་ཀྱི་སྐུའི་གཟུགས་ཆུང་ངུར་རྟོག་པར་བྱེད་ན་ཆུང་ངུ་ཁོ་ནར་མཐོང་ངོ་། །ཡང་ན་ཚད་མེད་པར་རྟོག་པར་བྱེད་ན་གཟུགས་ཀྱི་སྐུ་ཚད་མེད་པ་ཡང་དག་པར་རྗེས་སུ་མཐོང་ངོ་། །དེས་མཚན་

ཐོག་ཐག་མཚན་སུམ་ཅུ་རྩ་གཉིས་མཐོང་ངོ་། །མཚན་གང་ལས་ཁ་དོག་སྔོན་པོའི་འོད་འཕྲོ་བའི་མཚན་གཅིག་པོ་དེ་ཉིད་ལ་ཡིད་ཀྱིས་རྗེས་སུ་བལྟས་ནས་གསང་སྔགས་འདི་དག་བརྗོད་དོ། །ཏདྱ་ཐཱ། བི་ཛྲིམ་བྷུ་བི་ཛྲི་མ་བྷ། ཨུད་པཱ་ད། བྱ་ཡ། བི་ཛྲི་མ་བྷ། སྣ་བ་

เล่ม ๖๖ · หน้า 218a

བ་ར་ཨ་ནུ་ད་ཏ་ཐཱ་ཏཱ་བྷཱུ་ཏ་ཀོ་ཊི་བི་ཛྲིམ་བྷ་སྭཱ་ཧཱ། ཇི་སྲིད་དུ་དེས་ཁ་དོག་སྔོན་པོའི་འོད་འཕྲོ་བ་རྣམ་པར་སྤེལ་ནས་དེ་དག་བྱུང་སྟེ། རང་གི་མགོའི་སྤྱི་བོར་ཞུགས་པ་དེ་སྲིད་དུ་དེས་མཚན་གཅིག་ལ་རྣམ་པར་མི་གཡེང་བའི་ཡིད་ཀྱི་རྗེས་སུ་བལྟས་ནས་ཚིག་འདི་དག་

བརྗོད་ཅིང་མི་སྐྲག་པར་བྱ། མི་དངང་བར་བྱའོ། །རང་གི་ལུས་ལ་མེར་རྣམ་པར་བལྟ་བར་བྱ་སྟེ། ཇི་ལྟ་ཞེ་ན། དེས་ཁ་དོག་སྔོན་པོའི་འོད་འཕྲོ་བ་རང་གི་ལུས་ཀྱི་ཡན་ལག་དང་ཉིང་ལག་ཐམས་ཅད་དུ་འགྲོ་བ་མཐོང་ནས་རང་གི་ལུས་ཐམས་ཅད་རབ་ཏུ་འབར་བར་མཐོང་ངོ་ཞེས་བྱ་

བ་ནས་ཐལ་བ་བཞིན་དུ་མཐོང་ངོ་ཞེས་བྱ་བའི་བར་དང་། ཕྱོགས་བཞིར་རླུང་གིས་མ་ལུས་པར་ཁྱེར་བ་སྟོང་པ་བཞིན་དུ་མཐོང་ངོ་ཞེས་བྱ་བའི་བར་དུ་སྟེ། ཕྱོགས་ཐམས་ཅད་དུ་དེ་ལ་གཟུགས་སྣང་བ་གང་ཡང་མི་འབྱུང་བ་འདི་ནི་དེའི་ཐམས་ཅད་སྒྲུབ་པ་ཡིན་ནོ། །རིགས་ཀྱི་བུ་སུ་ལ་

ལ་སངས་རྒྱས་རྗེས་སུ་དྲན་པ་དེ་ལྟ་བུའི་བཞི་པ་རབ་ཀྱི་མཐའ་གནས་ཡིད་ལ་བྱེད་པའི་གཟུངས་སྔགས་ཤིན་ཏུ་བསྒོམས་ཞིང་མཆོད་སྦྱིན་ལེགས་པར་བྱས་ལ་ཤིན་ཏུ་ཡིད་ལ་བྱས་ན་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་ཞེས་བྱ་

བ་ནས་མ་ལུས་པའི་བར་དུ་ཡོངས་སུ་བྱང་བར་འགྱུར་རོ། །མཚམས་མེད་པའི་ལས་རྣམས་དང་། དམ་པའི་ཆོས་སྤངས་པ་རྣམས་དང་། འཕགས་པ་ལ་སྐུར་པ་འདེབས་པ་རྣམས་ནི་མ་གཏོགས་སོ། །དེ་འདོད་ན་དེ་ལྟར་ཉིན་མཚན་གཅིག་གིས་སངས་རྒྱས་ཀྱི་གསུང་ཐམས་

ཅད་དང་། ཕྱི་རོལ་པའི་བསྟན་བཅོས་ཐམས་ཅད་དང་། རིག་པའི་གནས་བཅོ་བརྒྱད་དང་། གཞན་ཡང་གང་དག་སྙན་དངགས་སུ་བྱས་པ་རྣམས་དེས་ཐེ་ཚོམ་མེད་པར་ཤིན་ཏུ་ཀུན་ཏུ་འཛིན་པར་འགྱུར་རོ། །དེ་ཉིན་མཚན་གཅིག་གིས་བསམ་གཏན་བཞི་དང་། གོང་མ་རྫུ་

འཕྲུལ་གྱི་རྐང་པ་དང་། ཚངས་པའི་གནས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒོམ་པར་འདོད་ན་དེས་ཤིན་ཏུ་བསྒོམས་པ་ཡིན་ནོ། །དེ་འདོད་ན་སྐད་ཅིག་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་

เล่ม ๖๖ · หน้า 218b

གྱི་འགྲོ་བའི་འཆི་འཕོ་དང་། སྐྱེ་བ་དང་སེམས་ཀྱི་སྤྱོད་པ་རབ་ཏུ་ཤེས་པར་འགྱུར་རོ། །དེ་འདོད་ན་སྐད་ཅིག་གཅིག་གིས་ནམ་མཁའ་ཐམས་ཅད་རང་གི་ལུས་སམ། སངས་རྒྱས་ཀྱི་སྐུའམ། བརྒྱ་བྱིན་གྱི་བར་རམ། ཚངས་པའི་བར་རམ། སྲེད་མེད་ཀྱི་བུའི་

བར་རམ། དབང་ཕྱུག་ཆེན་པོའི་བར་རམ། རྒྱལ་ཆེན་བཞིའི་བར་རམ། འཁོར་ལོས་སྒྱུར་བའི་བར་རམ། ཆུའི་བར་རམ། མེའི་བར་རམ། སའི་བར་གྱིས་གང་བར་བྱེད་དོ། །དེ་འདོད་ན་སྐད་ཅིག་གཅིག་གིས་ནམ་མཁའ་ཐམས་ཅད་མེ་ཏོག་གི་བར་དང་། རིན་

པོ་ཆེའི་ཕྲེང་བ་དང་། སྤོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རས་བཅོས་བུ་དང་། ཆོས་གོས་དང་། རྒྱན་རྣམ་པ་སྣ་ཚོགས་ཀྱི་བར་དག་གིས་གང་བར་བྱེད་དོ། །སུས་བཞི་པ་རབ་ཀྱི་མཐའ་གནས་ཡིད་ལ་བྱེད་པ་སངས་རྒྱས་རྗེས་སུ་དྲན་

པ་དེ་ལྟ་བུ་ཤིན་ཏུ་བསྒོམས་པ་ཡིན་ཞིང་ཤིན་ཏུ་འདྲེས་པར་བྱས་ལ་ཤིན་ཏུ་ཡིད་ལ་བྱས་པ་ཡིན་པ་དེའི་ལས་ཚད་མེད་པ་དེ་ལྟ་བུ་མ་ལུས་པར་བྱང་བར་འགྱུར་རོ། །དེ་དེ་ལྟར་བསོད་ནམས་དང་། སྟོབས་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། གཟུངས་དང་།

བཟོད་པ་དང་། རྣམ་པར་རོལ་པ་དང་། མངོན་པར་ཤེས་པ་ཚད་མེད་པར་འགྱུར་རོ། །དེས་དེ་ལྟར་གང་ཡང་རུང་བ་དག་ཡོངས་སུ་རྫོགས་པར་བྱས་ན་མྱུར་དུ་འཁོར་བ་ལས་རྣམ་པར་ཐར་བར་འགྱུར་ཏེ། མཚམས་མེད་པ་བྱེད་པ་དང་། དམ་པའི་ཆོས་སྤོང་བ་དང་།

འཕགས་པ་ལ་སྐུར་པ་འདེབས་པ་རྣམས་ནི་མ་གཏོགས་སོ། །དེ་ལྟ་ཡིན་ཡང་མཚམས་མེད་པ་བྱེད་པ་དང་། དམ་པའི་ཆོས་སྤོང་བ་དང་། འཕགས་པ་ལ་སྐུར་པ་འདེབས་པ་དེ་ཡང་བདུན་ཕྲག་བདུན་དུ་བཞི་པ་རབ་ཀྱི་མཐའ་གནས་ཡིད་ལ་བྱེད་པ་སངས་རྒྱས་རྗེས་སུ་

དྲན་པ་འདི་འདིར་ཇི་ལྟར་བསྟན་པ་བཞིན་སྒོམ་པར་བྱེད་ན་བདུན་ཕྲག་བདུན་པོ་དེ་འདས་ནས་ལས་ཀྱི་སྒྲིབ་པ་སུམ་ཆ་མ་ཟད་ཅིང་ལྷག་མ་སྐྱོན་མེད་པར་མ་ལུས་པར་བྱང་བར་འགྱུར་རོ། །བཞི་པ་རབ་ཀྱི་མཐའ་གནས་ཡིད་ལ་བྱེད་པ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པ་དེ་ལྟ་

เล่ม ๖๖ · หน้า 219a

བུ་དེ་ནི་དེ་ལྟར་དོན་ཆེ་བ་ཡིན་ནོ། །སུ་ལ་ལ་བཞི་པ་རབ་ཀྱི་མཐའ་གནས་ཡིད་ལ་བྱེད་པ་སངས་རྒྱས་རྗེས་སུ་དྲན་པ་འདི་དེ་ལྟར་ཐོས་པ་ཙམ་རྣ་ལམ་དུ་ཐོས་ན། དེ་ལ་མིའམ་མི་མ་ཡིན་པའི་བར་དེ་ཉེ་བར་བརྟགས་ནས་དད་པ་དང་། དགའ་བ་དང་། མཆོག་

ཏུ་དགའ་བ་སྐྱེའོ། །དེ་བཙོན་རའི་འཆིང་བ་དམ་པོ་ལས་ཡོངས་སུ་ཐར་བར་འགྱུར་རོ། །གང་སུ་དག་སྡུག་བསྔལ་བར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་དག་ལས་ཡོངས་སུ་ཐར་བར་འགྱུར་རོ། །ལོངས་སྤྱོད་ཀྱི་སྡུག་བསྔལ་དང་། ཆད་པ་དང་། བརྡེག་

པ་དང་། གཡང་ས་དང་། མེ་དང་། ཆུ་དང་། དུག་དང་། དགྲ་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་དང་། ནད་ཀྱི་འཇིགས་པ་དང་། གནས་ཀྱི་འཇིགས་པ་དང་། རྒྱལ་པོའི་འཇིགས་པ་དང་ཞེས་བྱ་བ་ནས་བྲན་གྱི་འཇིགས་པ་ཞེས་བྱ་བའི་བར་དང་། ངན་

འགྲོར་འགྲོ་བའི་འཇིགས་པ་ཞེས་བྱ་བའི་བར་ལས་ཡོངས་སུ་ཐར་བར་འགྱུར་རོ། །བདེ་འགྲོར་འགྲོ་བའི་རྒྱུར་འགྱུར་རོ། །སུ་སངས་རྒྱས་རྗེས་སུ་དྲན་པ་དེ་ལྟ་བུ་ཐོས་པ་ཙམ་རྣ་ལམ་དུ་གྲགས་ན་དེ་ལ་ཉེ་བར་བརྟགས་ནས་དད་པ་སྐྱེས་ཏེ། དེ་ལྟར་དོན་ཆེ་ཞིང་ཕན་ཡོན་ཆེ་བ་

ཡིན་ན་སུ་ཇི་ལྟར་བསྟན་པ་བཞིན་དེ་བཞིན་དུ་བསྒོམ་པ་ལྟ་སྨོས་ཀྱང་ཅི་དགོས། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྔོན་ཡོངས་སུ་སྦྱང་བ་བྱས་པ་དཀྲིགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་དྲུག་ནི་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དེ་ཐོབ་པར་གྱུར་ཏོ། །ཇི་

ལྟར་སྔར་བཤད་པ་བཞིན་དུ་ཡོན་ཏན་དེ་དག་དང་ཡང་ལྡན་པར་གྱུར་ཏོ། །དེའི་ཚེ་སྲོག་ཆགས་ཁྲག་ཁྲིག་ཕྲག་བརྒྱད་ཅུ་རྩ་བཞི་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཐོབ་པར་གྱུར་ཏོ། །དེའི་ཚེ་སེམས་ཅན་དཔག་ཡས་པ་ཁ་ཅིག་ནི་མཐར་གྱིས་གནས་པའི་སྙོམས་

པར་འཇུག་པའི་རྣལ་འབྱོར་དང་འབྲས་བུ་དང་པོ་ལ་གནས་པར་གྱུར་ཏོ། །ཁ་ཅིག་ནི་དགྲ་བཅོམ་པ་ཉིད་ཀྱི་བར་ཐོབ་པར་གྱུར་ཏོ། །དེའི་ཚེ་སེམས་ཅན་དཔག་ཡས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོན་མ་བསྐྱེད་པའི་སེམས་བསྐྱེད་དོ། །མུན་བྲལ་མ་

เล่ม ๖๖ · หน้า 219b

ལ་སོགས་པའི་བདུད་ཀྱི་བུ་མོ་ལྔ་བརྒྱ་པོ་དེ་དག་ཀྱང་སངས་རྒྱས་ཀྱི་མཐུས་བདུད་ཀྱི་གནས་སུ་འཁོད་བཞིན་སེམས་ཡོངས་སུ་སྦྱང་བའི་སངས་རྒྱས་རྗེས་སུ་དྲན་པའི་ལུང་བསྟན་པ་འདི་ཐམས་ཅད་ཐོས་སོ། །ཐོས་ནས་ཀྱང་བུད་མེད་ཀྱི་དངོས་པོ་མི་སྣང་བར་གྱུར་ཏེ་སྐྱེས་

པ་ཉིད་ཐོབ་བོ། གང་དག་སྔོན་ཡོངས་སུ་སྦྱང་བ་བྱས་པ་དེ་དག་ཐམས་ཅད་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དང་ལྡན་པར་གྱུར་ཏོ། །ཇི་སྐད་བཤད་པ་བཞིན་དུ་ཡོན་ཏན་དེ་དག་དང་ལྡན་པར་གྱུར་ཏོ། །དེ་དག་ཐམས་ཅད་ཚངས་པ་ཆེན་པོའི་ཆ་བྱད་དུ་བདག་ཉིད་

མངོན་པར་སྤྲུལ་ནས་ཚངས་པ་ཆེན་པོ་རེ་རེ་ཡང་བྱེ་བ་བརྒྱ་སྟོང་ཕྲག་མང་པོས་ཡོངས་སུ་བསྐོར་ཅིང་བྱེ་བ་བརྒྱ་སྟོང་ཕྲག་མང་པོས་མདུན་གྱིས་བལྟས་ཏེ། སིལ་སྙན་དང་། ཕེག་རྡོབ་པ་བྱེ་བ་བརྒྱ་ཕྲག་མང་པོས་ཡོངས་སུ་བསྐོར་ནས་དེ་དག་བདུད་ཀྱི་གནས་བསམ་གྱིས་མི་ཁྱབ་

པ་བཀོད་པ་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་བབས་ཏེ། བཅོམ་ལྡན་འདས་དེ་ལ་ལྷ་རྫས་ཀྱི་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དག་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་དང་། རིན་པོ་ཆེའི་རས་བཅོས་བུ་དང་། ཆོས་གོས་སྣ་ཚོགས་གཏོར་

ཅིང་མངོན་པར་གཏོར་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །འཕགས་པ་འདུས་པ་ཆེན་པོ་ཉི་མའི་སྙིང་པོའི་ལེའུ་བཅུ་གཅིག་པ་ལས་སངས་རྒྱས་རྗེས་སུ་

དྲན་པའི་ལེའུ་སྟེ་དགུ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མ་ལ་དགའ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལག་འགྲོའི་ཚོགས་ཐམས་ཅད་ཀྱི་ཞལ་ཏ་བྱོས་ཤིག་ཅེས་བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ་དང་། ཉོན་མོངས་པ་མེད་པའི་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་དུས་ལགས་ཀྱིས་གཤེགས་ཤིག །བཅོམ་ལྡན་འདས་གང་ཁྱོད་ཀྱིས་མཛད་པ་མཛོད་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་

เล่ม ๖๖ · หน้า 220a

གང་དེ་བཞིན་གཤེགས་པས་ལག་འགྲོའི་ལས་བསྟན་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་འབྱང་བ་ལུང་བསྟན་པ་བཤད་པ་རབ་ཏུ་བསྟན་པའི་དུས་ཡིན་ནོ། །ཡང་དེའི་ཚེ་ལྷ་ཐམས་ཅད་ཅེས་བྱ་བ་ནས་གྲུལ་བུམ་ཐམས་ཅད་ཅེས་བྱ་བའི་བར་དག་མེ་

ཏོག་དང་། སྤོས་དང་། རིན་པོ་ཆེ་དང་། རས་བཅོས་བུ་དང་། ཆོས་གོས་དང་། རྒྱན་དང་། སྤུད་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་ཆར་པ་དག་རབ་ཏུ་འབེབས་ཤིང་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་རོལ་མོའི་སྒྲ་འབྱིན་པ་ལ་མི་

དང་མི་མ་ཡིན་པ་ཐམས་ཅད་ཀྱིས་བསྔགས་པའི་ཡོན་ཏན་གྱིས་བསྟོད་ནས་བཅོམ་ལྡན་འདས་གདན་ལས་མངོན་པར་བཞེངས་ཏེ་རིའི་རྒྱལ་པོ་རི་རབ་ག་ལ་བར་བྱང་ཕྱོགས་སུ་ཉེ་བར་གཤེགས་སོ། །འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་ཐམས་ཅད་

ཀྱིས་ཀྱང་གང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་གྱིས་མདུན་དུ་བདར་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཏེ་རི་རབ་ཀྱི་རྩེ་མོར་གཤེགས་པར་བཞེད་པར་ཤེས་སོ། །དེ་ལྟར་རིག་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ཀྱི་

ཕྱིར་རིན་པོ་ཆེ་སྣ་བདུན་ལས་བྱས་པ་རས་བཅོས་བུ་སྣ་ཚོགས་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་མེ་ཏོག་བཀྲམ་པའི་ཐེམ་སྐས་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་ཐེམ་སྐས་ལས་གཤེགས་པར་གསོལ། ལྷའི་བུ་གཞན་འཕྲུལ་དབང་

བྱེད་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཕྱིར་འཛམ་བུའི་ཆུ་བོའི་གསེར་གྱི་ཐེམ་སྐས་ཙན་དན་སྦྲུལ་གྱི་སྙིང་པོའི་ཕྱེ་མ་སྣ་ཚོགས་བཀྲམ་པ་དག་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་ཐེམ་སྐས་རྣམས་ལས་གཤེགས་པར་གསོལ། ལྷའི་

བུ་འཕྲུལ་དགས་ཀྱང་བཅོམ་ལྡན་འདས་ཀྱི་ཕྱིར་ལྷ་རྫས་ཀྱི་གསེར་གྱི་ཐེམ་སྐས་ཙན་དན་ས་མཆོག་སྣ་ཚོགས་བཀྲམ་པ་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་ཐེམ་སྐས་ལས་གཤེགས་པར་གསོལ། ལྷའི་བུ་ཡོངས་སུ་དགའ་ལྡན་

เล่ม ๖๖ · หน้า 220b

གྱིས་བཅོམ་ལྡན་འདས་ཀྱི་ཕྱིར་ལྷ་རྫས་ཀྱི་བཻ་དཱུརྱའི་ཐེམ་སྐས་དུས་ཀྱི་རྗེས་སུ་འབྲང་བའི་ཙན་དན་གྱི་ཕྱེ་མ་སྣ་ཚོགས་བཀྲམ་པ་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་ཐེམ་སྐས་ལས་གཤེགས་པར་གསོལ། ལྷའི་བུ་རབ་འཐབ་བྲལ་གྱིས་

བཅོམ་ལྡན་འདས་ཀྱི་ཕྱིར་ལྷ་རྫས་ཀྱི་བཻ་དཱུརྱའི་ཐེམ་སྐས་ལྷ་རྫས་ཀྱི་ཕྱེ་མ་སྣ་ཚོགས་བཀྲམ་པ་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་ཐེམ་སྐས་ལས་གཤེགས་པར་གསོལ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཀྱང་བཅོམ་ལྡན་

འདས་ཀྱི་ཕྱིར་མུ་ཏིག་དམར་པོའི་ཐེམ་སྐས་ལྷ་རྫས་ཀྱི་ཙན་དན་གྱི་ཕྱེ་མ་སྣ་ཚོགས་དང་། རིན་པོ་ཆེའི་དྲ་བ་སྣ་ཚོགས་ཀྱིས་ཡོངས་སུ་ཁེབས་པ་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་ཐེམ་སྐས་ལས་གཤེགས་པར་གསོལ། རྒྱལ་པོ་ཆེན་པོ་

བཞིས་ཀྱང་བཅོམ་ལྡན་འདས་ཀྱི་ཕྱིར་ལྷ་རྫས་ཀྱི་རིན་པོ་ཆེ་རྡོའི་སྙིང་པོ་ལས་བྱས་པ་ལྷ་རྫས་ཀྱི་རས་བཅོས་བུ་སྣ་ཚོགས་ཀྱིས་རབ་ཏུ་ཁེབས་པའི་ཐེམ་སྐས་དེ་ཉིད་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་ཐེམ་སྐས་ལས་རི་རབ་ཀྱི་རྩེ་མོར་

གཤེགས་པར་གསོལ། ལྷ་མ་ཡིན་གྱི་དབང་པོ་བཞི་འཁོར་དང་བཅས་པས་ཀྱང་བཅོམ་ལྡན་འདས་ཀྱི་ཕྱིར་ལྷ་རྫས་ཀྱི་སྤུག་གི་ཐེམ་སྐས་ལྷ་རྫས་ཀྱི་གསེར་གྱི་ཕྱེ་མ་སྣ་ཚོགས་ཀྱིས་ཡོངས་སུ་ཁེབས་པ་དེ་ཉིད་དུ་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་

འདས་བདག་ཅག་གི་ཐེམ་སྐས་ལས་རི་རབ་ཀྱི་རྩེ་མོར་གཤེགས་པར་གསོལ། དེ་ནས་བཅོམ་ལྡན་འདས་དེ་དག་ལ་ཐུགས་བརྩེ་ནས་བདག་ཉིད་འདུན་པས་བདག་དང་འདྲ་བའི་སངས་རྒྱས་ཀྱི་སྐུ་དྲུག་སྤྲུལ་ནས་སངས་རྒྱས་བདུན་པོ་དེ་དག་ལྷའི་དབང་པོ་དང་། ལྷ་མ་

ཡིན་གྱི་དབང་པོ་ཐམས་ཅད་ཀྱི་མདུན་དུ་ཉན་ཐོས་ཀྱིས་མདུན་དུ་བདར་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་ཡོངས་སུ་བསྐོར་ནས་བཅོམ་ལྡན་འདས་བཀོད་པ་ཆེན་པོ་དེ་ལྟ་བུས་རི་རབ་ཀྱི་རྩེ་མོར་གཤེགས་སོ། །སངས་རྒྱས་བདུན་པོ་དེ་དག་མཆོག་ཏུ་ལྷན་ནེ་

เล่ม ๖๖ · หน้า 221a

ལྷང་ངེར་རི་རབ་ཀྱི་རྩེ་མོ་ན་བཞུགས་སོ། །སངས་རྒྱས་ཀྱི་སྐུ་རེ་རེ་ལས་འོད་ཟེར་འདི་ལྟ་བུ་བྱུང་སྟེ། དཔེར་ན་ཟླ་བ་དང་ཉི་མ་བྱེ་བ་ཕྲག་སྟོང་ཤར་བ་བཞིན་ནོ། །ཀླུ་གང་དག་དྲང་སྲོང་ཐུབ་པའི་གནས་རྟེན་དུ་ལྷགས་པ་དེ་དག་ཐམས་ཅད་ཀྱིས་དེ་མཐོང་

ནས་ལྟད་མོར་གྱུར་ཏེ་གཅིག་ལ་གཅིག་དྲིས་པ། སྣང་བ་ཆེན་པོའི་ནང་ན་རྟེན་པ་རི་རབ་ཀྱི་རྩེ་མོ་ལ་གནས་པ་བདུན་པོ་དེ་དག་ག་ལས་འོངས། དགའ་བོ་དང་ཉེ་དགའ་གཉིས་ཀྱིས་སྨྲས་པ། རི་རབ་རྩེ་ལ་ལྷ་རྣམས་ལྷན་ཅིག་ཚངས་པའི་མདུན་ན་འདོན་པ་འདི་གནས་པ།

ཀུན་མཆོག་ལྷ་ཡི་དབང་ཕྱུག་ཤིན་ཏུ་མཁས་པ་རྣམས་ཀྱི་རིག་པའི་ཕ་རོལ་ཕྱིན། །བདག་ཅག་ལ་ནི་བརྩེ་བས་འདིར་གནས་དཔལ་གྱི་གཟི་བརྗིད་ཀྱིས་ནི་ལོངས་སྤྱོད་བྱེད། །འཆིང་བ་རྣམས་ལས་ཐར་བར་བྱེད་ཀྱིས་ཀུན་ཀྱང་དེ་ལ་མགོ་བོས་ཕྱག་འཚོལ་ཅིག །མ་

དྲོས་པས་འདི་སྐད་ཅེས་སྨྲས་སོ། །དེ་འདི་མ་ཡིན་འདི་བདུད་སྡིག་ཅན་འགྲོ་གཙོ་འདོད་པའི་དབང་ཕྱུག་རྫུ་འཕྲུལ་ཅན། །ཁྱེད་ལ་སྙིང་བརྩེ་བ་ཡིས་བུ་དང་སྐྱེ་བོས་ཡོངས་བསྐོར་འདི་ནི་གནས་པ་ཡིས། །འདི་ནི་གང་ཞིག་ལ་ལ་འདོད་ཁམས་སྡུག་བསྔལ་བཀྲེས་

ཤིང་སྐོམ་པའི་ནད་ཀྱིས་འཇིག །སེམས་ཅན་དེ་ཡང་རབ་ཏུ་ཐར་བྱེད་ཁྱེད་ཅག་མྱུར་དུ་སྡུག་བསྔལ་རྣམས་ལས་ཐར་བར་བྱེད། །ས་ཡི་དབང་ཕྱུག་གིས་འདི་སྐད་ཅེས་སྨྲས་སོ། །དེ་ལྟ་མ་ཡིན་འདིར་རྒྱལ་ལྷ་དབང་འཐབ་བྲལ་དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་

བ། །དེ་དག་ཁྱེད་ལ་སྙིང་བརྩེ་བ་ཡིས་རི་ལ་གནས་ཤིང་ཀླུ་ཡི་ཚོགས་ལ་ལྟ། །བདག་ཅག་ཡོངས་སུ་སྐྱོབས་ཞེས་ཀུན་གྱིས་གསང་མཐོར་དེ་དག་ལ་ནི་འོ་དོད་བོས། །དེ་དག་རྟག་ཏུ་བདེ་དང་ལྡན་པས་ཁྱེད་ཅག་བཙོན་ར་དག་ནས་ཞི་བར་བྱེད། །རྒྱ་མཚོས་སྨྲས་པ།

དེ་དག་མ་ཡིན་འདི་ནི་ལྷ་དབང་བརྒྱ་བྱིན་ཚོགས་བཅས་གཟི་བརྗིད་ལྷང་ངེ་བ། །དེ་ནི་གླིང་བཞིའི་ནང་ན་ཆོས་དང་ལྡན་པ་སུ་ཡོད་བརྩེ་བའི་ཡིད་ཀྱིས་བལྟ། །ཁྱེད་ཅག་ཐམས་ཅད་བྱམས་པའི་ཡིད་དུ་གྱིས་ལ་ཁྲོ་བ་མྱུར་དུ་དོར་བར་གྱིས། །དེ་ཡིས་མྱུར་དུ་ལག་འགྲོ་ཐར་

เล่ม ๖๖ · หน้า 221b

བྱེད་འདི་ནས་འཇིགས་པ་ཀུན་ནས་ཐར་བར་བྱེད། །ཤིན་ཏུ་བརྟན་གྱིས་སྨྲས་པ། དེ་ལྟ་མ་ཡིན་འདི་ཀུན་གཟུགས་བརྟེན་ལྷ་ཚོགས་བསམ་གཏན་བདེ་ལྡན་གཟི་བརྗིད་ཅན། །སེམས་ཅན་རྣམས་ཀྱི་ཆེད་དུ་དྲང་སྲོང་འདིར་འཛེགས་འཁོད་ནས་བརྩེ་བས་ཕྱོགས་རྣམས་

སུ། །མྱུར་དུ་སྲོག་ཆགས་རྣམས་ཀྱི་འགྲོ་བའི་སྡུག་བསྔལ་ཞི་བྱེད་ཆོས་ཆུའི་ཆར་པ་འབེབས། །ལྷ་ཡི་ཡིད་ཀྱིས་ཐམས་ཅད་དེ་ལ་ཕྱག་འཚོལ་འདི་ནས་བདག་ཅག་ཐར་བར་བྱེད། །ཀླུ་ལུས་འབིགས་པའི་ཁབ་ཀྱིས་འདི་སྐད་ཅེས་སྨྲས་སོ། །འདི་ནི་གཟུགས་ན་བརྟེན་པའི་ལྷ་

མིན་བཞི་པོ་འདི་ཀུན་བདུད་ཀྱི་འབྱོར་པ་ཡིན། །ལུས་ངན་སྐྱེ་མཆོག་བདུད་རྩིའི་སྐོམ་དང་རྒྱུ་བར་བཏགས་པ་འདི་དག་གནས་པ་ནི། །གནོད་སྦྱིན་སྡེ་དང་བཅས་པས་ཡོངས་བསྐོར་ཕྱོགས་བཞི་སྐྱོང་བྱེད་སྡིག་པའི་སྐྱེ་བོ་སྒྲོལ། །དེ་དག་གིས་ནི་བདག་ཅག་སེམས་ཅན་གཞན་

མཐོང་འདི་ནས་མྱུར་དུ་ཐར་བར་བྱེད། །ཀླུ་རིན་ཆེན་སྐྱོང་གིས་འདི་སྐད་ཅེས་སྨྲས་སོ། །དེ་དག་མ་ཡིན་དེ་ནི་མགོ་བྲེགས་ངུར་སྨྲིག་གོས་ཅན་འཁོད་པར་སྣང་བ་ཡིན། །དེ་དག་ལ་ནི་ཀུན་ལྟ་ཐལ་མོ་སྦྱར་འཁོད་སྐར་མའི་ནང་ན་ཟླ་བ་བཞིན། །བདུན་པོ་དེ་དག་ཆེར་བསྒྲུབས་བརྟུལ་

ཞུགས་བརྟན་པ་མགོ་བྲེགས་དག་གིས་མཐོང་བ་ཡིན། །ངུར་སྨྲིག་གོས་བགོས་མཚན་གྱིས་རབ་བརྒྱན་འགྲོ་བ་ཀུན་གྱིས་མཆོད་པར་འོས་པར་མཐོང་། །ཀླུ་ལུས་འབིགས་པའི་ཁབ་ཀྱིས་འདི་སྐད་ཅེས་སྨྲས་སོ། །འདི་ནི་བདག་ཉིད་ཀྱིས་ཀྱང་འཇིག་རྟེན་འདྲེན་པ་ཡིན་ཏེ་

ང་ལ་དེ་ལྟར་སྣང་། །སེམས་ཅན་རྣམས་ཀྱི་མཉམ་གཉེན་འགྲོ་བ་སྐྱོབ་པ་སྡུག་བསྔལ་རྒྱ་མཚོ་སེལ་བྱེད་པ། །གང་དག་ལྷན་ཅིག་སྣང་བ་དྲང་སྲོང་གཞན་རྣམས་ཀྱང་ནི་དེ་ཡིས་སྤྲུལ་པ་ཡིན། །བདག་ཅག་ལ་ནི་བརྩེ་བས་འདིར་གནས་ཁྱེད་ཅག་སྡུག་བསྔལ་རྣམས་

ལས་ཐར་བར་བྱེད། །དེ་ནས་བཅོམ་ལྡན་འདས་རི་རབ་ཀྱི་རྩེ་མོ་དེ་ལ་བཞུགས་མ་ཐག་ཏུ་རི་རབ་དཔག་ཚད་བརྒྱད་ཅུ་རྩ་བཞིར་འཁོར་བརྒྱ་སྟོང་ཡོད་པར་གྱུར་ཏོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྟེང་དུ་ལྷ་རྫས་ཀྱི་

เล่ม ๖๖ · หน้า 222a

རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁང་པ་བརྩེགས་པ་འོག་མིན་གྱི་ལྷའི་གནས་ལ་ཐུག་པའི་བར་མན་ཆད་སྣ་ཚོགས་པ། བལྟ་ན་སྡུག་པ། དཔག་ཚད་བརྒྱ་སྟོང་དུ་མར་སྤྲས་པ་དེ་སྲིད་ཅིག་སྤྲུལ་ཏེ། དེ་ནི་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་

ཕྱིར་ལྷ་རྫས་ཀྱི་རས་བཅོས་བུ་དང་། ཆོས་གོས་དང་། རྒྱན་དང་། སྦུད་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སྤོས་དང་། མེ་ཏོག་སྣ་ཚོགས་ཀྱིས་ཤིན་ཏུ་བརྒྱན་པར་སྤྲུལ་པ་ཡིན་ནོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་

པོ་བརྒྱ་བྱིན་ལ་བོས་ཏེ་བཀའ་སྩལ་པ། ཀཽ་ཤི་ཀ་སངས་རྒྱས་ཀྱི་ཞིང་མི་མཇེད་ནི་ང་དང་། སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་། དྲང་སྲོང་རྣམས་དང་། བདུད་རྣམས་དང་། དབང་ཆེ་

བར་གྲགས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་རྣམས་དང་། མི་དང་། མི་མ་ཡིན་པ་རྣམས་ཀྱིས་ཤིན་ཏུ་ལོངས་སྤྱད་ཟིན་ཏོ། །དེ་བཞིན་དུ་ད་ལྟར་རི་རབ་འདི་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་ཤིན་ཏུ་ལོངས་སྤྱད་ཟིན་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་

ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ལྷ་དབང་ཆེ་བར་གྲགས་པ་རྣམས་ཀྱིས་ཤིན་ཏུ་ལོངས་སྤྱད་ཟིན་ཏོ། །རི་རབ་ཀྱི་རྩེ་མོ་ན་གནས་པའི་འབྱུང་པོ་ཁྱེད་ལ་ཕན་པ་དང་བདེ་བར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་ཅག་

ལ་ཐུགས་བརྩེ་བར་མཛད་ན་བཙུན་པ་བཅོམ་ལྡན་འདས། བཅོམ་ལྡན་འདས་ལ་ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། རི་རབ་ལ་ལོངས་སྤྱད་པར་བགྱི་བའི་སླད་དུ་སངས་རྒྱས་ཀྱི་ཞིང་མི་མཇེད་འདི་ཐམས་ཅད་ན་གལ་ཏེ་ཡང་གང་སུ་དག་བདུད་དམ། བརྒྱ་

བྱིན་ནམ། ཚངས་པའམ། ལྷའི་དབང་པོའམ། ཀླུའི་དབང་པོའམ། གནོད་སྦྱིན་གྱི་དབང་པོའམ། དྲི་ཟའི་དབང་པོའམ། ལྷ་མ་ཡིན་གྱི་དབང་པོའམ། ནམ་མཁའ་ལྡིང་གི་དབང་པོའམ། མི་འམ་ཅིའི་དབང་པོའམ། ལྟོ་འཕྱེ་ཆེན་པོའི་དབང་པོའམ།

เล่ม ๖๖ · หน้า 222b

སེམས་ཅན་དབང་ཆེ་བར་གྲགས་པ། དབང་ཆེ་བར་གྲགས་པ་ལྷའི་དྲང་སྲོང་གི་བར་ཞེས་བགྱི་བ་ནས་མིའི་དྲང་སྲོང་གི་བར་དེ་དག་ཐམས་ཅད་འདིར་ལྷགས་པར་གྱུར་ན་འདིར་བདག་ཅག་ལ་ཤས་ཆེར་ཕན་པ་དང་བདེ་བར་འགྱུར་ལགས་སོ། །དེར་བཅོམ་ལྡན་འདས་བཞུགས་

ནས་འཛུམ་པ་མཛད་དེ། དེའི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་གྱི་ཁ་དོག་ལྟ་བུ་རྣམ་པ་སྣ་ཚོགས་བྱུང་ངོ་། །འོད་ཟེར་དེ་དག་གཤེགས་ནས་བདུད་ཀྱི་གནས་བྱེ་བ་ཕྲག་བརྒྱ་དང་།

བརྒྱ་བྱིན་གྱི་གནས་བྱེ་བ་ཕྲག་བརྒྱ་དང་། ཚངས་པའི་གནས་ཞེས་བྱ་བ་ནས་ལྷའི་དབང་པོ་ཐམས་ཅད་ཀྱི་གནས་དང་། ལྷ་མ་ཡིན་གྱི་གནས་དང་། དྲང་སྲོང་གི་གནས་བྱེ་བ་ཕྲག་བརྒྱའི་སངས་རྒྱས་ཀྱི་ཞིང་འདི་ཇི་སྙེད་པ་ཐམས་ཅད་དུ་འོད་ཟེར་དེ་དག་ཞུགས་སོ། །དེ་དང་དེ་

དག་ཏུ་སེམས་ཅན་དབང་ཆེ་བར་གྲགས་པ་དབང་ཆེ་བར་གྲགས་པ་བདུད་དམ་ཞེས་བྱ་བ་ནས་དྲང་སྲོང་རྣམས་ཞེས་བྱ་བའི་བར་དུ་མིང་དུ་བཏགས་པ་དེ་དང་དེ་དག་ཐམས་ཅད་ལ་རབ་ཏུ་གོ་བར་མཛད་ནས་བདུད་ཅེས་བྱ་བ་ནས་དྲང་སྲོང་ཞེས་བྱ་བའི་བར་དེ་དང་དེ་དག་དེ་ནས་ཆས་ཏེ་

བཅོམ་ལྡན་འདས་ག་ལ་བ་དང་། སངས་རྒྱས་ཀྱི་སྐུ་དྲུག་པོ་དེ་དག་ག་ལ་བར་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་གིས་འདིར་རི་རབ་ཀྱི་རྩེ་མོར་འཁོད་དོ། །བཅོམ་ལྡན་འདས་ཀྱིས་སྤྲུལ་པ་དག་རྒྱུན་བཅད་ནས་བཀའ་སྩལ་པ། ངའི་སངས་རྒྱས་ཀྱི་ཞིང་འདི་ན་རིའི་རྒྱལ་པོ་

རི་རབ་བྱེ་བ་ཕྲག་བརྒྱ་ཇི་སྙེད་ཡོད་པ་ཐམས་ཅད་ཀྱི་ནང་ན་རི་རབ་འདི་ནི་མཆོག་དང་ཕུལ་ཡིན་པར་ངས་བཤད་དེ། རི་རབ་འདི་ནི་འདུས་པ་ཆེན་པོ་ཐམས་ཅད་ཀྱིས་ལོངས་སྤྱོད་པ་ཡིན་ཞིང་རི་རབ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ནོ། །དེ་ཐོས་ནས་བརྒྱ་བྱིན་ཀཽ་ཤི་ཀ་དང་ཞེས་བྱ་བ་ནས་མི་

མཇེད་ཀྱི་བདག་པོ་ཚངས་པ་ཞེས་བྱ་བའི་བར་མཆོག་ཏུ་ཡིད་བདེ་བ་དང་རངས་པ་སྐྱེས་སོ། །བཅོམ་ལྡན་འདས་ཀྱི་མཐུས་ཀླུའི་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་དྲང་སྲོང་ཐུབ་པའི་གནས་རྟེན་དེ་ནས་སོང་སྟེ། ཀླུའི་རྒྱལ་པོ་རྒྱ་མཚོ་ནི་འདི་ནས་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོའི་ནང་དུ་

เล่ม ๖๖ · หน้า 223a

མཇུག་མས་འདུག་ནས་རི་རབ་ཀྱི་རྩེ་མོའི་བར་དུ་དེའི་མགོ་བཞག་སྟེ་བཅོམ་ལྡན་འདས་འབའ་ཞིག་ལ་ལྟའོ་ཞེས་བྱ་བ་ནས་ཀླུའི་རྒྱལ་པོ་རིན་ཆེན་སྐྱོང་ཞེས་བྱ་བ་ནུབ་ཕྱོགས་ཀྱི་ཞེས་བྱ་བའི་བར་དང་། ཀླུའི་རྒྱལ་པོ་ལུས་འབིགས་པའི་ཁབ་ནི་བྱང་ཕྱོགས་ཀྱི་

ཞེས་བྱ་བའི་བར་དང་། ཀླུའི་རྒྱལ་པོ་ཟླ་བ་ལ་རྩུབ་པ་ནི་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོའི་ནང་དུ་མཇུག་མ་བཞག་ནས་ཞེས་བྱ་བ་ནས་རི་རབ་ཀྱི་རྩེ་མོའི་བར་དུ་དེའི་མགོ་བཞག་སྟེ་བཅོམ་ལྡན་འདས་འབའ་ཞིག་ལ་ལྟའོ་ཞེས་བྱ་བའི་བར་དུའོ། །ཀླུ་ལྷག་མ་ཁྲག་ཁྲིག་བརྒྱ་སྟོང་

ཕྲག་དཔག་ཏུ་མེད་པ་དེ་དག་ནི་དེ་ནས་འདོང་བར་མ་ནུས་སོ། །དེ་དག་ཐམས་ཅད་ཀྱིས་གསང་བསྟོད་དེ་འདི་སྐད་ཅེས་སྨྲས་སོ། །བཙོན་ར་འདི་ནས་བདག་ཅག་ཡོངས་སུ་བསྐྱབ་པར་གསོལ། ཡོངས་སུ་ཐར་བར་མཛད་པར་གསོལ། ཀླུའི་རྒྱལ་པོ་དགའ་བོ་དང་

ཉེ་དགའ་གཉིས་བཅོམ་ལྡན་འདས་རི་རབ་ཀྱི་རྩེ་མོ་ནས་འདིར་གཤེགས་ཤིང་གནས་རྟེན་འདིར་བཞུགས་ནས་ཀླུ་རྣམས་ལ་ཆོས་སྟོན་པར་འགྱུར་རོ་སྙམ་སྟེ། དེ་དག་གཉི་གས་གནས་རྟེན་ནས་རི་རབ་ཀྱི་རྩེ་མོའི་བར་དུ་དེ་སྲིད་ཀྱི་རང་གི་ལུས་སྤྲུལ་ཏོ། །དེ་ནས་བརྒྱ་

བྱིན་འདི་སྙམ་དུ་སེམས་ཏེ། ཀླུ་དེ་དག་ནི་ལུས་རྩུབ་ཅིང་འདུས་ཏེ་རེག་ན་གདུག་པ་ཡིན་པས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་དག་རལ་བར་གྱུར་ན་མི་རུང་ངོ་སྙམ་ནས། དེས་ལག་འགྲོའི་ལུས་ལྷ་རྫས་ཀྱི་རས་བཅོས་བུ་དག་གིས་ཡོངས་སུ་གཡོགས་ཤིང་

མགོ་ལ་ཙན་དན་སྦྲུལ་གྱི་སྙིང་པོ་དང་ཏ་མ་ལའི་ལོ་མའི་ཕྱེ་མས་ཡོངས་སུ་གཡོགས་ཏེ་ལྷ་རྫས་ཀྱི་མེ་ཏོག་དག་མངོན་པར་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཐུབ་པའི་གནས་རྟེན་དེ་རྒྱར་དཔག་ཚད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པར་སྤྲུལ་

ཏོ། །མི་མཇེད་ཀྱི་བདག་པོ་ཚངས་པས་དེའི་དབུས་སུ་ལྷ་རྫས་ཀྱི་རིན་པོ་ཆེའི་རས་བཅོས་བུ་དང་། རྒྱན་དང་། ནོར་བུ་དང་། རིན་པོ་ཆེ་རྣམས་ཀྱི་གདན་དག་བཏིང་ངོ་། །དེའི་ཚེ་བཅོམ་ལྡན་འདས་རི་རབ་ཀྱི་རྩེ་མོ་ལ་བཞུགས་ནས་ཀུན་ཤེས་ཀཽ་ཌི་ནྱ་ལ་བཀའ་སྩལ་པ།

เล่ม ๖๖ · หน้า 223b

ཅི་ནས་ཀྱང་སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་དུ་ཆུད་པ་ཐམས་ཅད་ཀྱིས་ཐོས་པར་དེ་ལ་སངས་རྒྱས་ཀྱི་ཡུལ་གྱི་ཆོ་འཕྲུལ་གྱི་བྱིན་གྱིས་རླབས་ཀྱི་སྟོབས་དེ་ལྟ་བུས་ཆོས་སྟོན་ཏེ། ཀཽ་ཌི་ནྱ་གང་མིག་གི་སྐྱེ་བ་དང་། གནས་པ་དང་། འབྱུང་བ་དང་། ཉེ་བར་ལེན་པ་ལ་

མངོན་པར་ཞེན་པ་འདི་ནི་སྡུག་བསྔལ་གྱི་སྐྱེ་བའོ། །འདི་ནི་ནད་དང་སྲིད་པའི་ཡན་ལག་རྣམས་ཀྱི་གནས་པའོ། །འདི་ནི་རྒ་ཤིའི་འབྱུང་བའོ། །ཀཽ་ཌི་ནྱ་གང་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྐྱེ་བ་དང་། གནས་པ་དང་། འབྱུང་བ་དང་། ཉེ་

བར་ལེན་པ་ལ་མངོན་པར་ཞེན་པ་འདི་ནི་སྡུག་བསྔལ་གྱི་སྐྱེ་བའོ། །འདི་ནི་ནད་དང་། སྲིད་པའི་ཡན་ལག་རྣམས་ཀྱི་གནས་པའོ། །འདི་ནི་རྒ་ཤིའི་འབྱུང་བའོ། །ཀཽ་ཌི་ནྱ་གང་མིག་གི་འགོག་པ་དང་། ཉེ་བར་ཞི་བ་དང་། ནུབ་པ་དང་། ཉེ་བར་ལེན་པ་ཉེ་བར་ཞི་བ་

འདི་ནི་སྡུག་བསྔལ་གྱི་འགོག་པའོ། །འདི་ནི་སྲིད་པའི་ཡན་ལག་རྣམས་ཀྱི་ཉེ་བར་ཞི་བའོ། །འདི་ནི་རྒ་ཤིའི་ནུབ་པའོ། །ཀཽ་ཌི་ནྱ་གང་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འགོག་པ་དང་། ཉེ་བར་ཞི་བ་དང་། ནུབ་པ་དང་། ཉེ་བར་ལེན་པ་

རྣམ་པར་ཞི་བ་འདི་ནི་སྡུག་བསྔལ་གྱི་འགོག་པའོ། །འདི་ནི་སྲིད་པའི་ཡན་ལག་རྣམས་ཀྱི་ཉེ་བར་ཞི་བའོ། །འདི་ནི་རྒ་ཤིའི་ནུབ་པའོ། །ཆོས་གང་གིས་ང་ལྷ་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་། བྲམ་ཟེར་བཅས་པ་དང་། ལྷ་དང་

མིར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་ཕུལ་ཡིན་པར་གྲགས་པ་དང་། བྱམས་པ་ཆེན་པོས་མཆོག་ཡིན་པར་གྲགས་པ་དང་། སྙིང་རྗེ་ཆེན་པོས་དམ་པ་ཡིན་པར་གྲགས་པ་དང་། འཁོར་བའི་ཕ་རོལ་ཏུ་ཕྱིན་པས་བླ་ན་མེད་པར་གྲགས་པ་དང་། སྦྱིན་པ་དང་། དུལ་

བ་དང་། ཡང་དག་པར་སྡོམ་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་གྲགས་པའི་ཆོས་ཀྱི་སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་དང་། ཚངས་པའི་གནས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་བསྒོམ་པའི་རྒྱུ་འཐུན་

เล่ม ๖๖ · หน้า 224a

པའི་ཆོས་དེ་ནི་ངས་སེམས་ཅན་ཐམས་ཅད་ལ་རྒྱ་ཆེར་བསྟན་ཏོ། །གསལ་བར་མཛད་དོ། །སྟོན་པ་ཐུགས་བརྩེ་བ་ཅན་ཕན་པར་བཞེད་པས་གང་ཉན་ཐོས་རྣམས་ལ་མཛད་པ་ནི་ངས་མཛད་ཟིན་ཏེ། ད་ཁྱེད་ཅག་གིས་བྱ་བ་ཡིན་ནོ། །རྒ་ཤིའི་མཐར་དབྱུང་

བའི་ཕྱིར་དགོན་པ་རྣམས་དང་། ཤིང་དྲུང་དང་། དུར་ཁྲོད་དང་། རི་དང་། རི་ཁྲོད་དང་། བས་མཐའི་གནས་མལ་དེ་དག་ཏུ་ཕྱིས་འགྱོད་པ་ཅན་དུ་གྱུར་ན་མི་རུང་གིས་སྒོམས་ཤིག །རྩོལ་ཅིག །ངེད་ཀྱིས་རྗེས་སུ་བསྟན་པ་ནི་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་

ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། སངས་རྒྱས་ཀྱི་ཞིང་མི་མཇེད་འདིའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་གང་ཡིན་པ་ཐམས་ཅད་དུ་གླིང་བཞི་པ་རེ་རེར་ཡང་སེམས་ཅན་དཀྲིགས་པ་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དེ་དག་གིས་ནི་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་བསྐྱེད་དོ། །ཁ་ཅིག་

ནི་ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་རྣམས་ལ་རྣམ་པར་གནས་པར་གྱུར་ཏོ། །དེ་བཞིན་དུ་ཆོས་རྣམས་ལ་ཆོས་ཀྱི་མིག་བསྐྱེད་དོ། །ཁ་ཅིག་ནི་སེམས་ཅན་དམྱལ་བར་འགྲོ་བའི་ལས་ཀྱི་སྒྲིབ་པ་རྣམས་བྱང་ངོ་ཞེས་བྱ་བ་ནས་ཁ་ཅིག་ནི་སེམས་ཅན་དམྱལ་བ་དང་།

དུད་འགྲོའི་བར་དང་། ཁ་ཅིག་གནོད་སྦྱིན་དབུལ་པོ་ཉིད་ཀྱི་བར་དང་། ཁ་ཅིག་ནི་མི་དབུལ་པོ་ཉིད་དུ་འགྲོ་བའི་ལས་ཀྱི་སྒྲིབ་པ་རྣམས་ཡོངས་སུ་བྱང་ངོ་། །ནད་ཀྱིས་བཏབ་པ་རྣམས་ནི་ནད་མེད་པར་གྱུར་ཏོ། །སེམས་ཅན་རྣམས་བཙོན་ར་ནས་ཡོངས་སུ་ཐར་བར་གྱུར་ཏོ། །

དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་ཚིགས་སུ་བཅད་དེ་གསོལ་པ། དགེ་བ་སྣ་ཚོགས་དྲི་མ་མེད་པའི་གསེར་ཅན་སྤྱོད་པ་རྣམ་དག་ཐུགས་རྗེས་ཕྱུག །ལྷ་དང་ཤེད་ལས་སྐྱེས་དང་ལག་འགྲོའི་དམ་པ་ཉོན་མོངས་རྙོག་པ་སེལ་མཛད་པ། །ཚུལ་ཁྲིམས་ཐོས་

རིག་གསུམ་པོ་ཕུན་སུམ་ཚོགས་པ་སེམས་ཅན་ཐམས་ཅད་འཛུད་པའོ། །ལག་འགྲོའི་ཚོགས་རབ་ཐར་མཛད་ཐུགས་རྗེ་བརྟན་པོ་སྔོན་གྱི་དམ་བཅས་དགོངས་པར་མཛོད། །གཞན་སེམས་སེམས་ཅན་སླད་དུ་སྡུག་བསྔལ་ཇི་ལྟར་གཏར་བ་བཞིན། །ལག་འགྲོའི་སྐད་ཅིག་

เล่ม ๖๖ · หน้า 224b

མཐའ་ཡས་འདིར་རྨོངས་སྡུག་བསྔལ་སྣ་ཚོགས་ཐེབས། །དགྲ་ཡིས་ཕྱག་བགྱིས་བརྩོན་བརྟན་སྐྱེ་བའི་དགོན་པ་ལས་གྲོལ་བ། །ཡེ་ཤེས་ཆབ་ཀྱིས་ལག་འགྲོ་ཐམས་ཅད་ཚིམ་པར་མཛད་དུ་གསོལ། །འཕགས་པ་འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་ཉི་མའི་སྙིང་

པོའི་ལེའུ་བཅུ་གཅིག་པ་ལས་རི་རབ་ལ་གཤེགས་པའི་ལེའུ་སྟེ་བཅུ་པའོ།། །།འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། བམ་པོ་བཅུ་གཉིས་པ། དེ་ནས་བཅོམ་ལྡན་འདས་མེ་ཏོག་དང་། རིན་པོ་ཆེ་དང་། ཆོས་གོས་དག་

གི་ཆར་རབ་ཏུ་འབེབས་ཤིང་། སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་དག་གི་རོལ་མོའི་སྒྲ་འབྱིན་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་ཐམས་ཅད་སྡོད་པས་རི་རབ་ཀྱི་རྩེ་མོ་ནས་གཤེགས་ཏེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་

གྱིས་མདུན་དུ་བདར་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་ཡོངས་སུ་བསྐོར་ནས་དྲང་སྲོང་ཐུབ་པའི་གནས་རྟེན་གྱི་དབུས་སུ་གདན་བཏིང་བ་ཉིད་ལ་བཞུགས་སོ། །བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་སྟེང་གི་ནམ་མཁའ་ལ་ལྷ་དང་། ཀླུ་དང་། གནོད་

སྦྱིན་དང་། ལྷ་མ་ཡིན་དང་། མི་འམ་ཅི་ཐམས་ཅད་ཀྱིས་རྒྱན་དང་། ཕྱེ་མ་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་རབ་ཏུ་ཕབ་བོ། །བཅོམ་ལྡན་འདས་ལ་ཀླུ་དེ་དག་གིས་ཀྱང་མེ་ཏོག་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རིན་པོ་ཆེ་སྣ་

ཚོགས་དང་། རས་གོས་དང་། རས་བཅོས་བུ་དང་། ཆོས་གོས་དང་། རྒྱན་སྣ་ཚོགས་ཀྱིས་མཆོད་པ་བྱས་ནས་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་སྤྱན་སྔར་ཆོས་མཉན་པའི་ཕྱིར་འཁོད་དོ། །དེ་ནས་

བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སུག་ལས་གང་དག་གིས་སེམས་ཅན་རྣམས་ཀླུའི་སྐྱེ་གནས་སུ་སྐྱེ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་ལས་ཀྱི་སྒྲིབ་པ་བཅུས་སེམས་

เล่ม ๖๖ · หน้า 225a

ཅན་འབྱུང་པོ་རྣམས་མྱུར་དུ་ཀླུའི་སྐྱེ་གནས་སུ་སྐྱེའོ། །བཅུ་གང་ཞེ་ན། སེམས་ཅན་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མངོན་པར་བརྩོན་ཞིང་བླ་ན་མེད་པའི་ཐེག་པ་ཡོངས་སུ་ཚོལ་བའི་སེམས་དང་ལྡན་པ་དག་ཡིན་ལ་མྱུར་དུ་འདོད་པ་རྣམས་ལ་ཉེས་དམིགས་

སུ་ལྟ་བ་མ་ཡིན་ཞིང་ཤིན་ཏུ་སྦྱིན་པ་ལ་མངོན་པར་བརྩོན་ལ་ལག་པ་བརྐྱང་བ་དག་ཡོད་དེ། དེ་དག་སྨོན་ལམ་གྱི་དབང་གིས་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། །ཡང་སེམས་ཅན་གང་དག་བླ་ན་མེད་པའི་ཐེག་པ་ཡོངས་སུ་ཚོལ་བའི་སེམས་དང་ལྡན་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་

མངོན་པར་བརྩོན་པ་དག་ཡོད་དེ། དེ་དག་གིས་ཚུལ་ཁྲིམས་ཐམས་ཅད་རྫོགས་པར་སྐྱོན་མེད་པར་བསྲུང་བར་ནི་མ་ནུས་སོ། །དེ་དག་སེམས་ཅན་དམྱལ་བ་དང་། ཡི་དགས་ཀྱི་འཇིགས་པས་སྐྲག་ནས་རང་གི་སྨོན་ལམ་གྱིས་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། །ཡང་སེམས་ཅན་

གང་དག་བླ་ན་མེད་པའི་ཐེག་པ་ཡོངས་སུ་ཚོལ་བར་བྱེད་ཅིང་ཤིན་ཏུ་ང་རྒྱལ་གྱིས་ཁེངས་པ་དག་ཡོད་དེ། དེ་དག་ང་རྒྱལ་གྱི་མཐུས་རང་གི་སྨོན་ལམ་གྱིས་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། །ཡང་སེམས་ཅན་གང་དག་བླ་ན་མེད་པའི་ཐེག་པའི་སྤྱོད་པ་ལ་མངོན་པར་བརྩོན་པ་དག་ཡོད་

དེ། དེ་དག་ཤིན་ཏུ་ཁྲོ་བ་མང་ཞིང་སེམས་ཅན་གཞན་རྣམས་ལ་རབ་ཏུ་སྡང་སྟེ། དེ་དག་ཤ་ཁོན་ལ་རྟེན་པས་འཆི་བའི་དུས་ཐ་མར་ཀླུ་རྣམས་ཀྱི་ནང་དུ་སྨོན་ལམ་འདེབས་ཏེ། དེ་དག་སྨོན་ལམ་གྱིས་དེར་སྐྱེའོ། །ཡང་སེམས་ཅན་གང་དག་ཉན་ཐོས་ཀྱི་ཐེག་པ་དང་ཡང་

དག་པར་ལྡན་ཞིང་སྣོད་དུ་གྱུར་པའི་སྦྱིན་གནས་ཡོངས་སུ་བཙལ་བ་དང་མཆོད་པའི་སེམས་དང་ལྡན་པ་དག་ཡོད་དེ། དེ་དག་རང་གི་སྨོན་ལམ་གྱིས་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། །ཡང་སེམས་ཅན་གང་དག་སེར་སྣ་ཅན་དང་ང་རྒྱལ་གྱི་སྐྱོན་དང་ལྡན་པ་དག་ཡོད་དེ། དེ་དག་ལས་དེས་ཀླུ་རྣམས་

ཀྱི་ནང་དུ་སྐྱེའོ། །ཡང་སེམས་ཅན་གང་དག་ང་རྒྱལ་ལ་མངོན་པར་དགའ་ཞིང་མུ་ཅོར་སྨྲ་ལ་བརྫུན་དུ་སྨྲ་བ་དག་ཡོད་དེ། དེ་དག་ལས་དེས་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། །ཡང་སེམས་ཅན་གང་དག་སངས་རྒྱས་ལ་གཅེས་པར་བྱེད་པ་མ་ཡིན་པ་མང་བ་དག་ཡིན་ཞིང་། ཆོས་དང་།

เล่ม ๖๖ · หน้า 225b

དགེ་འདུན་དང་། བསླབ་པ་དང་། མཁན་པོ་དང་། སློབ་དཔོན་དང་། བླ་མའི་གནས་ལྟ་བུ་དང་། ཕ་མ་རྣམས་ལ་གཅེས་པར་བྱེད་པ་མ་ཡིན་པ་མང་བ་དག་ཡིན་པ་ཡོད་དོ། །དེའི་ཚེ་དེ་དག་ང་རྒྱལ་གྱི་རྒྱུ་དང་། ལུས་དང་། ངག་དང་། ཡིད་ཆུང་ངུས་འཁྲུལ་པས་ཀླུ་རྣམས་

ཀྱི་ནང་དུ་སྐྱེའོ། །ཡང་སེམས་ཅན་གང་དག་ང་རྒྱལ་དང་། གཏི་མུག་གིས་ཟིལ་གྱིས་ནོན་ཅིང་མ་དུལ་ལ་སྐྱོན་མེད་པ་མ་ཡིན་པར་སྤྱོད་པ་དག་ཡོད་དེ། དེ་དག་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། །ཡང་སེམས་ཅན་གང་དག་ང་རྒྱལ་དང་། ཕྲ་མ་སྨྲ་བ་དང་། ཚིག་རྩུབ་པོ་སྨྲ་བ་

ལ་གོམས་པ་དག་ཡོད་དེ། དེ་དག་འཆི་བའི་དུས་བྱས་ནས་ཀླུ་རྣམས་ཀྱི་ནང་དུ་སྐྱེ་སྟེ་བཅུ་པོ་དེ་དག་ཡིན་ནོ། །ཆོས་གཞན་གསུམ་དང་ལྡན་ན་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། །གསུམ་གང་ཞེ་ན། སེམས་ཅན་གང་དག་ལུས་དང་། ངག་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་

ཤིན་ཏུ་དམ་པོ་དག་གིས་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེས་པ་དག་ཡོད་དེ། དེ་དག་དེ་ནས་ཤི་འཕོས་ནས་ཉེས་པར་སྤྱོད་པའི་ལྷག་མ་ཆུང་ངུས་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། །དེ་བཞིན་དུ་དུད་འགྲོ་རྣམས་དང་། དེ་བཞིན་དུ་ཡི་དགས་རྣམས་ནས་ཞེས་བྱ་བའི་བར་དུ་

སྟེ། ཆོས་གསུམ་པོ་དེ་དག་གིས་སེམས་ཅན་རྣམས་ཀླུ་རྣམས་ཀྱི་ནང་དུ་སྐྱེའོ། །རྒྱ་མཚོས་ཀྱང་གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བཙུན་པ་བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བཙུན་པ་བཅོམ་ལྡན་འདས་འདི་ན་ཀླུ་གང་དག་ལོངས་སྤྱོད་པ་

དང་། ཉེ་བར་སྤྱོད་པའི་དཔལ་དང་ལྡན་པ་ལྷ་དང་འདྲ་བ་དག་མཆིས་པ་ནས་མི་སྨད་རིམས་དང་འདྲ་བ་དག་མཆིས་པའི་བར་དང་། ཡི་དགས་དང་འདྲ་བ་དག་མཆིས་པའི་བར་དང་། གང་དག་དུད་འགྲོའི་སྐྱེ་གནས་པ་དང་འདྲ་བ་དག་མཆིས་པའི་བར་ནས་ཀླུ་གང་དག་སེམས་

ཅན་དམྱལ་བ་དང་འདྲ་བ་དག་གི་བར་མཆིས་ལགས་ཏེ། དེ་དག་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་ལགས་སོ། །དེ་ནས་ཀླུའི་རྒྱལ་པོའི་བུ་པད་མའི་གདོང་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །བདག་སུ་ག་ལས་གང་གིས་ཀླུའི་རིགས་སུ་སྐྱེས་ནས་གཟུགས་

เล่ม ๖๖ · หน้า 226a

མཆོག་ཏུ་ལྷམ་མེ་ཞིང་ལུས་ཀྱིས་རེག་པ་གང་ཆུང་ཟད་ཅི་རེག་ཀྱང་ཀུན་ཏུ་ཚིག་ཅིང་འབར་བ་ལགས། བདག་དུས་ཐམས་ཅད་དུ་མཆིལ་ལྷམ་བོར་ནས་གཅེར་བུར་རྒྱུ་བར་བགྱིད་ལགས། བདག་གི་ཕ་མ་དེ་ནི་དཔལ་ཕུན་སུམ་ཚོགས་པའི་ཆེས་ཁྱད་པར་དུ་

འཕགས་པ་མྱོང་སྟེ། དཔེར་ན་གླིང་བཞི་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ལག་འགྲོ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་སུམ་ཅུ་རྩ་གཅིག་འདས་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་ཞེས་བྱ་

བ་ནས་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་གཙུག་ཏོར་ཅན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེའི་ཚེ་རྒྱལ་པོ་མེ་ཏོག་བྲལ་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་མེ་ཏོག་བྲལ་དེས་ཀྱང་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་

དགེ་འདུན་བརྒྱ་སྟོང་ཕྲག་མང་པོའི་འཁོར་དང་ལྡན་པ་དེ་ལ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཕུལ་ནས་རྟག་ཏུ་ཆོས་མཉན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་དེའི་གཙུག་ལག་ཁང་ཡོ་བྱད་ཐམས་ཅད་དང་ལྡན་པ་ཞིག་

ཀྱང་བརྩིགས་སོ། །རྒྱལ་པོ་མེ་ཏོག་བྲལ་དེའི་བུ་སྲིད་སྒྲུབ་བཅས་ཞེས་བྱ་བ་ཞིག་ཡོད་དེ། དེ་ཤིན་ཏུ་འཁོར་བས་སྐྲག་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ་ཕའི་དགེ་འདུན་གྱི་ཀུན་དགའི་ར་བ་དེ་རྗེས་སུ་སྐྱོང་ཞིང་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཉན་

ཐོས་ཀྱི་དགེ་སློང་གང་དག་གནས་པ་དང་། དེ་ན་གང་དག་བཟའ་བ་དང་། བཏུང་བ་དང་། མལ་ཆ་ལ་ལོངས་སྤྱོད་པར་བྱེད་པ་ཐམས་ཅད་ལ་མེ་ཏོག་བྲལ་གྱི་བུ་དགེ་སློང་སྲིད་སྒྲུབ་བཅས་དེ་ཕྲག་དོག་བྱེད་དོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་སློང་དེ་དག་ཀྱང་གནས་དེ་ནས་

དོང་ངོ་། །དེ་ཡང་ཡིད་མཆོག་ཏུ་དགའ་ནས་བདག་ཉིད་ཀྱིས་ཀྱང་ལོངས་སྤྱོད་པར་མི་བྱེད། གཞན་དག་ལ་ཡང་མི་སྟེར་རོ་ཞེས་བྱ་བ་ནས་དགེ་སློང་དེ་ཡང་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་ཀྱི་ནང་དུ་སྐྱེས་སོ་ཞེས་བྱ་བའི་བར་དུའོ། །དེ་ལོ་ཁྲག་ཁྲིག་བརྒྱ་

เล่ม ๖๖ · หน้า 226b

སྟོང་ཕྲག་མང་པོར་སེམས་ཅན་དམྱལ་བ་ཆེན་པོའི་ནང་དུ་སྐྱེས་ནས་བཙོས་སོ། །དེ་དེ་ནས་ཤི་འཕོས་ནས་ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་ཏེ། ལོ་བརྒྱ་སྟོང་ཕྲག་མང་པོར་དེར་སྡུག་བསྔལ་མྱོང་ངོ་། །ཕྱིས་ཡང་སེམས་ཅན་དམྱལ་བ་དང་ཡི་དགས་རྣམས་ཀྱི་ནང་དུ་སྡུག་

བསྔལ་མྱོང་ངོ་། །ལག་འགྲོ་འཁོར་བས་སྐྲག་པའི་སེམས་དང་ལྡན་པའི་སྲིད་སྒྲུབ་བཅས་ཞེས་བྱ་བ་རབ་ཏུ་བྱུང་སྟེ། དེ་ནས་ཤི་འཕོས་ནས་དེ་ལྟར་ཡུན་རིང་པོར་ངན་སོང་གསུམ་དུ་སྡུག་བསྔལ་མྱོང་བ་དེ་གཞན་ཞིག་ཡིན་པར་ཁྱོད་སེམས་ན། གཞན་ཡིན་པར་བལྟ་བར་

མི་བྱ་སྟེ། དེ་ལྟར་ལས་ཀྱི་སྒྲིབ་པ་དམ་པོས་ཟིན་པ་ཡང་ཁྱོད་ཡིན་ནོ། །འདི་ཕན་ཆད་བསྐལ་པ་སུམ་ཅུ་རྩ་གཅིག་ཏུ་ཁྱོད་རྟག་པར་ངན་སོང་གསུམ་གྱི་ནང་དུ་སྐྱེས་སོ། །དེའི་ལས་ཀྱི་སྒྲིབ་པ་ལྷག་མ་ལུས་པ་དེས་འདིར་ཀླུ་རྣམས་ཀྱི་ནང་དུ་སྐྱེས་པ་ནི་གཞན་མ་ཡིན་གྱི་ཁྱོད་

ཡིན་ཏེ། སྡུག་བསྔལ་གྱི་ཚོར་བ་དེ་ལྟ་བུ་མྱོང་ངོ་། །གང་ཁྱོད་འདི་ནས་ཤི་འཕོས་ནས་ཕྱིས་ཀྱང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་ཀྱི་ནང་དུ་རྟག་ཏུ་སྡུག་བསྔལ་གྱིས་གཟིར་བར་འགྱུར་བ་འདི་ནི་གནས་ཡོད་དོ། །ཀླུའི་བུ་དེ་མཆོག་ཏུ་ཡིད་མི་

དགའ་ནས་རབ་ཏུ་ངུ་ཞིང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱིས་པ་ཇི་ལྟ་བ་དང་། རྨོངས་པ་ཇི་ལྟ་བ་དང་། མི་གསལ་བ་དང་། མི་མཁས་པ་ཇི་ལྟ་བ་བཞིན་དུ་ནོངས་པ་སོ་སོར་འཆགས་ལགས་སོ་ནོངས་པ་སོ་སོར་འཆགས་ལགས་སོ། །

བཙུན་པ་བཅོམ་ལྡན་འདས་བདག་གི་བསམ་པས་སྡོམ་པ་གཟུང་བར་བགྱིའོ། །བདག་དེ་བཞིན་གཤེགས་པའི་དགེ་བསྙེན་ལགས་ཏེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་པ་ལགས་སོ། །བདག་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིས་པ་ལགས་སོ། །བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ལྷག་པའི་བསམ་པས་ང་ལ་སྐྱབས་སུ་སོང་བས་ཁྱོད་ཀྱི་ངན་སོང་ཐམས་ཅད་ཡོངས་སུ་ཟད་དོ། །འདི་ནས་ཤི་འཕོས་ནས་ཁྱོད་ཀྱིས་བྱམས་པའི་ཚེ་ན་མིའི་རྙེད་པ་ཐོབ་པར་འགྱུར་ཏེ། བྱམས་

เล่ม ๖๖ · หน้า 227a

པའི་ཐད་དུ་རབ་ཏུ་འབྱུང་བར་འགྱུར་ཞིང་དགྲ་བཅོམ་པ་ཉིད་ཀྱི་བར་དུ་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེའི་ཚེ་དེའི་དུས་ན་གང་གིས་གཙུག་ཏོར་ཅན་འཁོར་དང་བཅས་པ་ལ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་པ་དང་། དེའི་ཕྱིར་དགེ་འདུན་གྱི་ཀུན་

དགའ་ར་བ་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་བྱས་པའི་རྒྱལ་པོ་མེ་ཏོག་བྲལ་ཞེས་བྱ་བ་གཞན་ཞིག་ཡིན་པར་ཁྱོད་སེམས་ན་དེ་གཞན་ཡིན་པར་ཡང་མི་བལྟ་སྟེ། དེ་ནི་ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ཡིན་ནོ། །འདི་ནི་བསྐལ་པ་སུམ་ཅུ་རྩ་གཅིག་ཏུ་ནམ་ཡང་ངན་འགྲོར་

མ་སྐྱེས་སོ། །ལྷའི་དཔལ་དང་སྐལ་བ་བཟང་པོ་ཕུན་སུམ་ཚོགས་པ་ཤིན་ཏུ་རྒྱ་ཆེན་པོ་མྱོང་ངོ་། །འདི་ནི་བླ་ན་མེད་པའི་ཐེག་པའི་ཕྱིར་སྨོན་ལམ་གྱི་དབང་གིས་འདིར་ཀླུ་རྣམས་ཀྱི་ནང་དུ་སྐྱེས་ཏེ། འདིར་དཔལ་དང་སྐལ་བ་བཟང་པོ་དེ་ལྟ་བུ་མྱོང་ངོ་། །དེ་སྐད་ཅེས་ཐོས་ནས་ཀླུ་

ཐམས་ཅད་སྐྱོ་ཞིང་མཆོག་ཏུ་ཡིད་མི་བདེ་ནས་བཅོམ་ལྡན་འདས་ལ་མཆོག་ཏུ་གུས་པ་སྐྱེས་ཤིང་ཉེ་བར་རྟོག་པས་གཅེས་པར་བྱེད་པར་གྱུར་ཏོ། །དེའི་ནང་ན་ཀླུ་གཞན་མིག་མེད་པ་ལོང་བ་འབྲས་བུ་ཉམ་ཆུང་བ་ཞེས་བྱ་བ་ཞིག་ཡོད་དེ། དེས་གསང་བསྟོད་ནས་འོ་དོད་བོས་ཏེ་

གསོལ་པ། སེམས་ཅན་རྣམས་ལ་ཐུགས་བརྩེ་བདག་ཅག་ཡོངས་སུ་བསྐྱབ་པར་གསོལ། །ཡུན་རིང་བདག་གི་ལུས་ལ་སྡུག་བསྔལ་ཚོར་བ་རབ་མི་བཟད། །སྲིན་བུ་སྦལ་པ་སྐྱེ་བོ་སྲོག་ཆགས་སྣ་ཚོགས་འཚལ་བར་བགྱིད། །བཟའ་བ་བཏུང་བ་མ་མཆིས་

ཆབ་ཚན་ནང་ན་བདག་གནས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་བ་འཇིག་རྒྱལ་བསྟན་པ་ལ། །སྔོན་ནི་དགེ་སྦྱོང་ཁྱོད་གྱུར་ཏོ། །མཁས་ཤིང་གཙང་སྦྲ་སྤྱོད་ལམ་ལྡན། །དབེན་པ་དག་ཏུའང་སྡིག་པ་བྱེད། །ལྷན་ཅིག་གནས་པ་དག་

ཀྱང་མང་། །ཁྱོད་བདག་སྟོན་པ་འདྲ་བར་གྱུར། །དགྲ་བཅོམ་རྫུ་འཕྲུལ་ཆེན་པོ་ཡང་། །ཁྱོད་ལ་སློབ་མ་རྣམས་ཀྱིས་བརྗོད། །རྙེད་དང་བཀུར་སྟི་བྱུང་བ་ནི། །ཁྱོད་གཅིག་བུ་ཡིས་ལོངས་སྤྱད་ཅིང་། །ཁྱོད་ཀྱིས་དགེ་སློང་དེས་པ་མཐོང་། །དེ་དག་ལ་ནི་མི་སྙན་བརྗོད། །

เล่ม ๖๖ · หน้า 227b

ལྷན་ཅིག་གནས་དེ་མི་དགར་གནས། །ཁྱོད་ནི་ཚེ་རབས་སྟོང་དག་ཏུ། །ངེད་ཀྱི་ཟས་སུ་གྱུར་ཅིག་ཅེས། །དེ་ལྟ་བུ་ཡི་སེམས་བསྐྱེད་དོ། །ལས་ཀྱི་རྣམ་པར་སྨིན་པ་དེས། །འདིར་ཡང་ཁྱོད་ནི་ལག་འགྲོར་སྐྱེས། །ཁྱོད་རང་གི་ཡང་ལྷན་ཅིག་གནས། །ཕྱི་ཕྱིར་ཟ་

བར་བྱེད་པ་ཡིན། །ཆུ་ཚན་ནང་ན་གནས་པ་དང་། །ལོང་བར་དེ་ཡིས་གྱུར་པ་ཡིན། །ཀུན་ཏུ་འབར་བའི་ལྕགས་དང་ཟངས། །ཕྱིས་ཀྱང་དམྱལ་བར་ཟ་བར་འགྱུར། །སྟོབས་མེད་ཡིད་ནི་མི་དགའ་བས། །ཀླུ་དབང་ཀུན་གྱི་ནང་ན་ངུ་། །ཉེས་པ་སོ་སོར་བཤགས་

བྱས་ན། །སྡུག་བསྔལ་རྣམས་ལས་ཡོངས་སུ་གྲོལ། །དེ་ནས་བཅོམ་ལྡན་གསེར་འདྲ་བའི། །ཕྱག་གི་མཐིལ་གྱི་དཀྱིལ་འཁོར་རེག །སྤྱོད་པར་དཀའ་བ་དགོངས་མཛད་ནས། །སྟོན་པས་འདི་སྐད་བཀའ་སྩལ་ཏོ། །རྒྱལ་པོ་མིག་བཟངས་ང་བྱུང་སྟེ། །སྔོན་ཚེ་

བདེན་པ་གང་གིས་ངས། །བྲམ་ཟེ་ལོང་བའི་དོན་དུ་ནི། །མིག་དག་གཉིས་ཀ་ཕྱུང་བར་གྱུར། །བདེན་པའི་ཚིག་དེ་ཁོ་ན་ཡིས། །ཁྱོད་ཀྱིས་དྲི་མེད་མིག་ཐོབ་ཤོག །ང་ཡི་ལེགས་པར་སྤྱོད་པས་ཁྱོད། །སྔོན་གྱི་ལས་དེ་བྱང་བར་ཤོག །ཏདྱ་ཐཱ། ཙཀྵུ་ཁ་བ། ར་

ས་ན་ཁ་བ། ཀརྨ་ཁ་བ། ཨ་ནན་ཛ་ན། བི་ར་ཛ། བ་ར་ཨན་ཏ། ཛྙཱ་མ། ནི་ས་ར་ཎ་ཏྲོ་ཡ། ཨ་ཧེ་ཙན་དྲ་ཌ་ནེ་ཀྲི་མི་ཤུད་དྷེ། ཕ་ལ་ཤུད་དྷེ། ཨ་ཛེ་ཏ་ཛེ། ཏ་ལེ་ཏན་ཏ་ལེ། བ་སེ་དྷ་ས་ཀེ། བ་ས་ཏེ། རཱུ་ར་ཏི། མ་ཧཱ་རཱུ་ར་བི། ཏྲི་རད་ན་བྲ་ཏེ་སྭཱ་ཧཱ། བཅོམ་ལྡན་

འདས་ཀྱིས་བདེན་པའི་ཚིག་དེ་བཤད་པ་ན་ཀླུ་འབྲས་བུ་ཉམ་ཆུང་བའི་མིག་ཡོངས་སུ་དག་པར་གྱུར་ཏོ། །ཀླུ་གཞན་སྟོང་ཕྲག་ལྔ་བཅུ་རྩ་གསུམ་གྱི་མིག་ཀྱང་ཡོངས་སུ་དག་པར་གྱུར་ཏོ། །གཞན་གནོད་སྦྱིན་དང་། གྲུལ་བུམ་དང་། ཡི་དགས་དང་། ཤ་ཟ་

དང་། མི་ཁྲག་ཁྲིག་ཕྲག་བརྒྱད་ཅུ་རྩ་བཞི་ནི་སྔོན་གྱི་ལས་ཀྱི་སྒྲིབ་པ་ཟད་ཅིང་མིག་ཡོངས་སུ་དག་པར་གྱུར་ཏོ། །དེ་ནས་ལྷའི་བུ་མཚམས་བཟངས་ཐལ་མོ་རབ་ཏུ་སྦྱར་བ་བྱས་ནས་སྨྲས་པ། འཇིག་རྟེན་འདྲེན་པ་རྣམས་ཀྱི་སྟོབས་ལ་ལྟོས། །རབ་ཏུ་ལམ་མེད་

เล่ม ๖๖ · หน้า 228a

རྣམས་ལ་མིག་ཀྱང་བྱིན། །གལ་ཏེ་སྟོན་པ་འཇིག་རྟེན་མི་འབྱུང་ན། །སུ་ཡང་འགྲོ་བར་ཤའི་མིག་ཕྱིས་མི་འཐོབ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱ་ལ་བཀའ་སྩལ་པ། ཀཽ་ཌི་ནྱ་ཁྱོད་ཀྱིས་གསང་སྔགས་ཆེན་པོའི་

གཞིའི་གཟུངས་སྔགས་མིག་སྒྲུབ་པ་འདི་ཟུང་ཤིག །ད་ལྟར་དང་མ་འོངས་པའི་དུས་ན་སུ་ལ་ལ་སེམས་ཅན་རྣམས་ཀྱི་སྔོན་གྱི་ལས་ཀྱི་ལྷག་མ་དང་། ཁམས་ཀུན་ཏུ་འཁྲུགས་པ་དང་། གསང་སྔགས་དང་། སྨན་དང་། དུག་གི་སྦྱོར་བས་ལོང་བར་འགྱུར་བ་དང་། ཆུང་ཟད་

མཐོང་བར་ཡང་འགྱུར་བ་དེས་མིག་སྒྲུབ་པའི་གཟུངས་སྔགས་འདི་རང་གིས་བཀླག་པར་བྱའོ། །རང་གི་ལས་སོ་སོར་བཤགས་པར་བྱའོ། །དེས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་ཞིང་ལས་གཞན་མི་བྱེད་པར་ཞག་

བདུན་ཕྲག་བདུན་དུ་རང་གི་མིག་ལ་བྱབས་ན་མིག་ཡོངས་སུ་དག་པར་འགྱུར་རོ། །ཡང་སེམས་ཅན་གང་དག་མཚམས་མེད་པའི་ལས་ལྷག་མ་ལུས་པས་ལོང་བར་གྱུར་ཅིང་དམ་པའི་ཆོས་སྤོང་བའི་ལྷག་མ་ལུས་པ་དང་། འཕགས་པ་ལ་སྐུར་པ་འདེབས་པའི་ལྷག་མ་ལུས་

པ་དང་། ཆོས་ཀྱི་སྦྱིན་པའི་སྒྲིབ་པའི་ལྷག་མ་ལུས་པ་དང་། གླེགས་བམ་དུ་བྲིས་པ་རྣམ་པར་འཇིག་པའི་ལྷག་མ་ལུས་པ་དང་། གཞན་གྱི་མིག་རྣམ་པར་འཇིག་པའི་ལས་ཀྱི་ལྷག་མས་ལོང་བར་གྱུར་པ་དེ་དག་གིས་གཟུངས་སྔགས་འདི་ཡི་གེར་འདྲིར་བཅུག་སྟེ། ཡང་

དང་ཡང་དུ་ཀློག་ཏུ་གཞུག་གོ། །ལས་ཀྱི་སྒྲིབ་པ་བཤགས་པར་བྱའོ། །གཞན་ཡང་རྒྱ་མཚོའི་ལྦུ་བ་དང་། ཤིང་མངར་དང་། སྨན་ཀ་ཙ་དང་། འབྲས་བུ་གསུམ་དང་། རུས་སྦལ་གྱི་སྙིང་རྙིང་པ་སྦྲང་རྩི་དང་ལྷན་ཅིག་བཏག་ཅིང་བཙོས་ལ་གསང་སྔགས་འདི་དག་ལན་

སྟོང་རྩ་བརྒྱད་མངོན་པར་བརྗོད་ཅིང་མིག་གི་ཕྱི་རོལ་དུ་བསྐུ་བར་བྱའོ། །ཞག་བདུན་ཕྲག་བདུན་དུ་ལས་གཞན་མི་བྱེད་པར་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་ཞིང་སངས་རྒྱས་ཀྱི་སྐུ་གཟུགས་ཀྱང་བྱས་ན་དེའི་ལས་ཀྱི་སྒྲིབ་པ་མ་ལུས་པར་བྱང་བར་འགྱུར་ཞིང་དེའི་མིག་ཡོངས་

เล่ม ๖๖ · หน้า 228b

སུ་དག་པར་འགྱུར་རོ། །གཞན་ཡང་དགེ་སློང་རྣམས་ཀྱི་གནས་དགེ་འདུན་གྱི་ཀུན་དགའ་ར་བ་བྱས་ན་ཡང་དེའི་ལས་ཀྱི་སྒྲིབ་པར་བྱང་བར་འགྱུར་རོ། །ཕྱིས་ཀྱང་འཁོར་བར་མིག་མ་ཚང་བར་མི་འགྱུར་རོ། །དེ་ནས་ཐམས་ཅད་དང་ལྡན་པའི་ཀླུའི་འཁོར་དེས་འདི་སྐད་ཅེས་

གསོལ་ཏོ། །ཐུགས་རྗེ་ཆེན་པོ་དང་ལྡན་པ་དུས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པ་ནད་ལས་རབ་ཏུ་ཐར་བར་མཛད་པ་ལ་ཕྱག་འཚལ་ལོ། །དེ་ནས་དེའི་ཚེ་ཀླུ་ཚོན་རྩི་སྔོན་པོས་གསང་བསྟོད་དེ་འདི་སྐད་ཅེས་གསོལ་ཏོ། །སྡིག་པ་ཐམས་ཅད་

སྦྱོང་བ་ཁྱོད། །ཁྱོད་ནི་དཀའ་མཛད་དཔལ་ཀུན་ལྡན། །ཁྱོད་ཀྱིས་ལས་ཀྱང་རབ་ཏུ་མཁྱེན། །སྲོག་ཆགས་ཀུན་གྱི་རྒྱལ་པོ་ཁྱོད། །བདག་ནི་ཆུ་དང་རྣམ་བྲལ་ཞིང་། །ཚ་བའི་ཀླུང་གིས་ཀུན་གདུངས་པའི། །འབྲོག་དགོན་པ་ན་གནས་པ་ལགས། །དྲི་མི་ཞིམ་པའི་

གནས་ན་གནས། །ལོ་ནི་བྱེ་བ་ཕྲག་སྟོང་དུ། །ཞག་གཅིག་བདག་ལ་བདེ་མ་མཆིས། །རྟག་པར་འཁོར་དང་ལྷན་ཅིག་ཏུ། །བདག་ནི་གཞན་གྱིས་བཟའ་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སེམས་ཅན་གང་དག་སྡིག་བྱས་ནས། །ཕྱིས་ཀྱང་བདག་

ཉིད་བསོད་ནམས་སྒྲུབ། །ལུས་ཀྱིས་གཎྜཱི་བརྡུངས་ནས་སུ། །དགེ་སློང་དགེ་འདུན་ཚིམ་བྱེད་ནའང་། །ལས་ཀྱི་ལྷག་མ་དེ་ཡིས་སུ། །གང་དང་གང་དུ་སྐྱེས་པར་ནི། །སྡུག་བསྔལ་ཅི་འདྲ་འབྱུང་འགྱུར་ཞིང་། །བཟའ་བཏུང་དག་དང་ཡང་དག་ལྡན། །ཡང་ན་ཀླུ་ཡི་སྐྱེ་

གནས་སུ། །ལུས་ཀྱིས་སྐྱེ་བར་འགྱུར་བ་ཡིན། །དེ་ཡི་མགོ་ཡི་ཀླད་པ་དེར། །ནོར་བུའི་རྒྱལ་པོ་འབྱུང་བར་འགྱུར། །ཀུན་ཏུ་ཆུ་འབྱུང་ཞེས་བྱ་བ། །ཆུ་སྦྱིན་བྱེད་པའི་ཀླུར་འགྱུར་རོ། །གང་ན་ཀླུ་ནི་གནས་བྱེད་པ། །དེ་ནས་ཆུ་ནི་འབབ་པར་འགྱུར། །ས་འམ་ནམ་

མཁའ་ལ་ཡང་རུང་། །གང་དང་གང་དུ་འགྲོ་བ་དེར། །སེམས་ནི་བསྐྱེད་མ་ཐག་ཏུ་ཡང་། །ཆུ་ནི་འབྱུང་བར་འགྱུར་བ་ཡིན། །ཡང་ན་སེམས་ཅན་གང་དག་གིས། །མི་ཡི་དངོས་པོ་ཐོབ་ནས་སུ། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །དགེ་འདུན་རིམ་གྲོ་མི་བྱེད་ན། །

เล่ม ๖๖ · หน้า 229a

དེ་དག་སྡུག་བསྔལ་སྣ་ཚོགས་ནི། །ངན་སོང་གསུམ་དུ་མྱོང་ནས་ཀྱང་། །དེ་ཉིད་ཀླུ་ཡི་སྐྱེ་གནས་སུ། །སྐྱེ་བ་ཐོབ་པར་འགྱུར་བ་ཡིན། །དེ་ལས་ཀུན་ཏུ་ཆུ་མི་འབྱུང་། །མགོ་ལ་ནོར་བུ་རིན་ཆེན་མེད། །སྟོང་པ་སྐོམ་པའི་གནས་དག་ཏུ། །ཆུ་

མེད་པར་ནི་གནས་པར་འགྱུར། །སྔོན་འདས་དུས་ན་ཁྱོད་ཀྱིས་ནི། །རྒྱལ་བ་སྐར་རྒྱལ་བསྟན་པ་ལ། །དགེ་སློང་དགོན་པ་པར་གྱུར་ཏེ། །ཕྲག་དོག་སེར་སྣས་གང་བ་ཡིན། །དགེ་སློང་བློ་བུར་འོངས་མཐོང་ནས། །ཁྲོ་གཉེར་ཅན་གྱི་བཞིན་བྱས་ནས། །དེ་དག་

ལ་ནི་སྦྱིན་གཏོང་བྱེད། །དེ་ལ་ཡང་ནི་མངོན་སུམ་གཤེ། །དེར་ནི་གང་དག་ཆུར་ཡང་ནི། །མྱུར་དུ་མི་གཙང་བ་ཡིས་བཀང་། །འཆག་ས་གནས་ཁང་དག་གི་གནས། །དྲི་ང་བ་ཡིས་བཀང་བར་གྱུར། །དགེ་སློང་དེས་པ་འགྲོ་བ་ན། །བརྒྱད་བཀག་གིས་

ནི་གཤེ་བར་གྱུར། །དགེ་སློང་དེས་པ་གཞན་དག་ཀྱང་། །རྒྱང་རིང་བར་ནི་ཡོངས་སུ་སྤངས། །དེ་ཕྱིར་ཕྲག་དོག་སེར་སྣའི་རྒྱུས། །མ་ཆོད་པར་ནི་ཁྱོད་གྱུར་ནས། །དགེ་སྦྱོང་སུ་ཞིག་ལ་ལ་མཐོང་། །མྱུར་དུ་ཁྲོས་ནས་གཤེ་བར་འགྱུར། །སྦྱིན་པ་པོ་ལ་ཁྲོ་

བས་གཤེ། །ངོ་ཚ་ཁྲེལ་ཡོད་རྣམ་པར་སྤངས། །ལས་ཀྱི་རྣམ་པར་སྨིན་པ་དེས། །སེམས་ཅན་དམྱལ་བར་སོ་སོར་སྐྱེས། །ལུས་ནི་བྱེ་བས་སེམས་དམྱལ་དུ། །སྡུག་བསྔལ་མང་པོ་ཉམས་སུ་མྱོང་། །ཡི་དགས་རྣམས་སུ་དུས་རིང་པོར། །སྡུག་བསྔལ་

རབ་ཏུ་མི་བཟད་མྱོང་། །ཁྱོད་ནི་ཀླུ་ཡི་སྐྱེ་གནས་སུ། །སྐྱེས་ནས་ཤིན་ཏུ་སྡུག་བསྔལ་གྱུར། །སྟོང་པ་འབྲོག་དགོན་རྫོང་རྣམས་སུ། །ཆུ་དང་བྲལ་བར་གནས་པ་ཡིན། །སེམས་ཅན་དམྱལ་བ་རྣམས་སུ་ཁྱོད། །སྡུག་བསྔལ་ཚོར་བ་ཕྱི་ཕྱིར་མྱོང་། །ཤིན་ཏུ་

ཡུན་རིང་ཡི་དགས་དང་། །དུད་འགྲོར་སྡུག་བསྔལ་ཚོར་བ་མྱོང་། །སུ་ཞིག་ཐ་མའི་དུས་ཚེ་གནོད་སེམས་བྱུང་། །རྟག་ཏུ་ཕྲག་དོག་སེར་སྣ་ཁྲོས་པ་ལ། །བསམ་གཏན་མི་སྐྱོབ་སངས་རྒྱས་མཆོད་པ་མིན། །ཚུལ་ཁྲིམས་མི་སྐྱོབ་དགོན་པར་གནས་པ་མིན། །

เล่ม ๖๖ · หน้า 229b

ཡང་དེའི་ཚེ་ཀླུའི་འཁོར་དེའི་ནང་ན་ཀླུ་ཡི་དགས་ལྟ་བུ་བྱེ་བ་ཕྲག་ཉི་ཤུ་རྩ་དྲུག་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་གྱུར་ཏེ། སྐད་པོ་ཆེར་རབ་ཏུ་ངུ་ཞིང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཡོངས་སུ་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བདག་ཅག་

ཡོངས་སུ་བསྐྱབ་ཏུ་གསོལ། སྔོན་གྱི་རྒྱལ་བའི་བསྟན་པ་ལ་བདག་ཅག་གིས་འདྲ་མཚུངས་པར་ལས་ཀྱི་སྒྲིབ་པ་དེ་ལྟ་བུ་འཕངས་ལགས་སོ། །དེ་ལྟར་ཡུན་རིང་པོར་ངན་སོང་གསུམ་དུ་སྡུག་བསྔལ་མྱོང་ལགས་སོ། །ད་ལྟར་ཡང་ཀླུ་ཡི་དགས་ལྟ་བུ་རྣམས་ཀྱི་

ནང་དུ་རྟག་ཏུ་སྡུག་བསྔལ་དེ་ལྟ་བུས་གཟིར་ལགས་ཏེ། དཔེར་ན་ཀླུ་ཡི་དགས་ལྟ་བུ་ཚོན་རྩི་སྔོན་པོ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་ཆུ་ལོང་ལ་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་ཆག་ཆག་ཐོབ་ཤིག་དང་། དེས་ནི་ཁྱེད་ཀྱི་སྡུག་བསྔལ་

ཐམས་ཅད་ཡོངས་སུ་ཟད་པར་འགྱུར་རོ། །དེ་ནས་ཀླུ་ཡི་དགས་ལྟ་བུ་དེ་དག་ཐམས་ཅད་ཀྱིས་ལག་པ་གཉིས་ཀྱིས་ཆུ་བླངས་པ་དང་། ལག་ན་ཆུ་འདུག་པ་དེ་རབ་ཏུ་འབར་རོ། །དེ་ནས་མེའི་ཕུང་པོ་ཤིང་ཏ་ལ་དྲུག་སྲིད་དུ་འཕགས་ཏེ། ལན་བདུན་གྱི་བར་དུ་དེ་བཞིན་

ནོ། །ཀླུའི་ཚོགས་དེ་མཆོག་ཏུ་ཡིད་མི་དགའ་ནས་མཆི་མ་དག་ཕྱུང་ངོ་། །ཐམས་ཅད་དང་ལྡན་པའི་འཁོར་དེ་ཡང་ཡིད་ཀུན་ཏུ་མི་དགའ་ནས་དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཅི་འདྲ་བ་ཡི་ལས་བྱས་པ། །དེ་འདྲ་བ་ཡི་འབྲས་བུ་འཐོབ། །

དགེ་བ་ཡིན་ན་བཟང་པོ་སྟེ། །སྡིག་པ་བྱེད་པའང་སྡིག་ཏོའོ། །དེ་ནས་ཡི་དགས་ལྟ་བུའི་ཀླུ། །ཁྱེད་ཀུན་འདི་སྐད་ཚིག་སྨྲོས་ཤིག །བདེན་པ་གང་གིས་སྟོན་པ་ནི། །སེམས་ཅན་ཀུན་ལ་ཐུགས་སྙོམས་པ། །བདེན་པའི་ཚིག་དེ་ཁོ་ན་ཡིས། །ངེད་ཀྱི་ཆུ་

ནི་མ་འབར་ཅིག །ཀླུ་ཐམས་ཅད་ཀྱིས་འདི་སྐད་ཅེས་སྨྲས་སོ། །ལན་བརྒྱད་པ་ལ་ལག་པ་གཉིས་ཀྱིས་ཆུ་བླངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏོར་ནས་ཉེས་པ་ལ་ཉེས་པར་སོ་སོར་བཤགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་པའི་

เล่ม ๖๖ · หน้า 230a

ལས་ཀྱི་སྒྲིབ་པ་ཡི། །ལྷག་མ་ལུས་པ་ཡོངས་སུ་ཟད། །བྱམས་པའི་ཚེ་ན་ཁྱེད་ཅག་ནི། །མི་ཡི་སྲིད་པ་ཐོབ་པར་འགྱུར། །བྱམས་པ་ཡི་ནི་བསྟན་པ་ལ། །མྱུར་དུ་རབ་ཏུ་འབྱུང་བ་ཐོབ། །རྣལ་འབྱོར་ལ་ནི་མངོན་བརྩོན་དང་། །མྱུར་

དུ་དགྲ་བཅོམ་ཐོབ་པར་འགྱུར། །ཡང་དེའི་ཚེ་བཅོམ་ལྡན་འདས་ཀྱི་མཐུས་ཀླུའི་ཚོགས་དེ་ཇི་ལྟར་ལྷགས་པ་བཞིན་དེ་དག་ཐམས་ཅད་ཀྱིས་སྔོན་གྱི་ཚེ་རབས་དང་། བདག་གི་ལས་དང་། འགྲོ་བ་དང་། སྐྱེ་བ་རྗེས་སུ་དྲན་ཏེ། འཁོར་དེའི་ནང་ནས་ཀླུ་བརྒྱ་སྟོང་ཕྲག་

མང་པོ་རང་གིས་ཉེས་པར་བྱས་པའི་སྡིག་པའི་ལས་ཀྱིས་རབ་ཏུ་དུས་ནས་ཁ་ཅིག་གིས་འདི་སྐད་ཅེས་གསོལ་ཏོ། །སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པ་ལ་བདག་ཅག་ཁྱིམ་ན་གནས་པར་གྱུར་ཏེ། ཉེ་དུ་དང་འགྲོགས་པའི་རྐྱེན་དང་། ཆོས་མཉན་

པའི་རྐྱེན་གྱིས་དགེ་སློང་རྣམས་དང་ལྷན་ཅིག་ཏུ་དགེ་འདུན་གྱི་མངོན་དུ་གྱུར་པ་བསྔོས་པའི་མེ་ཏོག་དང་། འབྲས་བུ་དང་། ཁུ་བ་དང་། བཟའ་བ་དང་། བཏུང་བ་ལོངས་སྤྱད་ལགས་སོ་ཞེས་བྱ་བ་ནས་ཁ་ཅིག་གིས་གསོལ་པ། བདག་ཅག་གིས་ཕྱོགས་བཞི་པ་

ལ་བསྔོས་པ་ལོངས་སྤྱད་ལགས་སོ་ཞེས་བྱ་བའི་བར་དུའོ། །ཁ་ཅིག་གིས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གིས་རང་གིས་བསྔོས་པ་ལོངས་སྤྱོད་ལགས་སོ་ཞེས་བྱ་བའི་བར་དུའོ། །ཁ་ཅིག་གིས་གསོལ་པ། བདག་ཅག་དེ་བཞིན་གཤེགས་པ་རྣམ་པར་

གཟིགས་ཀྱི་ཞེས་བྱ་བའི་བར་དང་། བདག་ཅག་གཙུག་ཏོར་ཅན་གྱི་ཞེས་བྱ་བའི་བར་དང་། བདག་ཅག་འཁོར་བ་འཇིག་གི་ཞེས་བྱ་བའི་བར་དང་། བདག་ཅག་གསེར་ཐུབ་ཀྱི་ཞེས་བྱ་བའི་བར་དུའོ། །ཀླུ་ཁ་ཅིག་གིས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་

པ་འོད་སྲུང་གི་བསྟན་པ་ལ་བདག་ཅག་ཁྱིམ་ན་གནས་པར་གྱུར་ཏེ། ཉེ་དུ་དང་འགྲོགས་པའི་རྐྱེན་དང་། ཆོས་མཉན་པའི་རྐྱེན་གྱིས་དེ་བཞིན་དུ་བསྔོས་པའི་དགེ་འདུན་གྱི་མེ་ཏོག་དང་། འབྲས་བུ་དང་། ཁུ་བ་དང་། བཟའ་བ་དང་། བཏུང་བ་དགེ་སློང་རྣམས་

เล่ม ๖๖ · หน้า 230b

ལ་སྩལ་པ་དེ་བདག་ཅག་གིས་ལོངས་སྤྱད་ལགས་སོ། །སྡིག་པའི་ལས་དེས་ཀྱང་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྡུག་བསྔལ་མི་བཟད་པ་ཆེན་པོ་རྣམ་པ་སྣ་ཚོགས་རབ་ཏུ་མི་བཟད་པ་མང་པོ་ཡང་དང་ཡང་ཉམས་སུ་མྱོང་ལགས་སོ། །དུད་འགྲོ་དང་ཡི་

དགས་རྣམས་ཀྱི་ནང་དུ་དུས་ཡུན་རིང་པོར་རྟག་ཏུ་སྡུག་བསྔལ་གྱིས་གཟིར་ལགས་སོ། །ལས་ཀྱི་ལྷག་མ་དེས་བདག་ཅག་ཀླུའི་སྐྱེ་གནས་དམན་པ་འདིར་སྐྱེས་ནས་ཆབ་བསྐོལ་བ་ཀུན་ཏུ་ཚ་བའི་ནང་དུ་བཙོས་ལགས་སོ། །བྱེ་མ་ཀུན་ཏུ་ཚ་བའི་ནང་དུ་བསྲེགས་

ལགས་སོ། །བདག་ཅག་གི་ཁའི་སྒོར་ཁ་ཟས་སྩལ་བ་ཡང་ལྕགས་ཀྱི་ཐུ་ལུམ་དུ་གྱུར་ལགས་སོ། །དེ་བཞིན་དུ་ཁར་བཏུང་བ་སྩལ་བ་ཡང་ལྕགས་དང་ཟངས་སུ་གྱུར་ལགས་སོ། །གང་དང་གང་དུ་མཆིས་པ་ཐམས་ཅད་དུ་སྡུག་བསྔལ་གྱི་ཚོར་བ་དེ་ལྟ་བུ་མྱོང་

ལགས་ན་བདག་ཅག་ཡོངས་སུ་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ལག་འགྲོ་དག་ཁྱེད་ཀྱིས་དགེ་འདུན་གྱི་ལོངས་སྤྱོད་པ་དེ་ནི་འོས་པ་མ་ཡིན་ཏེ། མཚམས་མེད་པ་དང་ཉེ་བ་ཡིན་ནོ། །རྣམ་པར་མ་སྨིན་པར་གང་གིས་ཀྱང་མྱུར་

དུ་བཤགས་པར་མི་ནུས་སོ། །ཀྱེ་ལག་འགྲོ་དག་དེ་ལྟ་ཡིན་ཡང་ཇི་སྲིད་འཚོའི་བར་དུ་སྐྱབས་གསུམ་དུ་འགྲོ་བ་ལ་འཁོད་ཅིག་དང་། དེ་ལྟ་ན་ཁྱེད་ལ་ཕན་པ་དང་བདེ་བར་འགྱུར་རོ། །རྒྱུ་དེས་དེ་བཞིན་གཤེགས་པས་ཁྱེད་འདོད་པ་བཞིན་འཁོར་བར་གཞོག་པར་མཛད་

དོ། །དེ་དག་ཐམས་ཅད་གསུམ་ལ་སྐྱབས་སུ་འགྲོ་བ་ལ་ཡང་བཀོད་པར་གྱུར་ཏོ། །ཡང་འཁོར་དེའི་ནང་ན་ཀླུ་མོ་ལོང་མ་ཞིག་ཡོད་དེ། དེའི་ཁ་སྲིན་བུས་གང་ཞིང་གཅིན་རུལ་པ་ལྟ་བུའི་རྣག་དྲི་ང་བ་ཟག་གོ། །སྨད་ཀྱི་མཚན་མ་ལ་ཡང་དེ་བཞིན་ནོ། །དེའི་ལུས་

ཐམས་ཅད་རུལ་ཅིང་རྣག་འཛག་པ་ཕོལ་མིག་དང་སྲིན་བུས་གང་བ་ལ་ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དང་། སྦྲང་བུ་གདུག་པ་རྣམས་ཀྱིས་ཟ་བར་བྱེད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོས་གཟིགས་ཏེ། བཀའ་སྩལ་པ། སྲིང་མོ་ཁྱོད་ཀྱིས་ལུས་

เล่ม ๖๖ · หน้า 231a

ལ་སྡིག་པའི་ལས་ནི་ཅི་བྱས། ཇི་ལྟ་བུ་ཞིག །དེས་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་གི་ཚོར་བ་སྡུག་བསྔལ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བདག་གི་ཚོར་བ་ཚ་བ་ལགས་ཏེ། གང་ནས་ཀླུའི་སྐྱེ་གནས་དམན་པ་འདིར་སྐྱེས་

པའི་དགུང་ལོ་སྟོང་ཕྲག་སུམ་ཅུ་རྩ་དྲུག་བདག་གིས་མངོན་པར་འཚལ་ལགས་སོ། །བདག་གི་སྡུག་བསྔལ་གྱི་ཚོར་བ་དེ་ལྟ་བུ་ནི་གདུགས་ཞག་གཅིག་ཀྱང་རྒྱུན་མ་ཆད་ལགས་སོ། །བཀའ་སྩལ་པ། སྔོན་གྱི་ལས་ཅི་ཞིག་བྱས། དེས་གསོལ་པ། འདི་ནས་

བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་རྒྱལ་བ་རྣམ་པར་གཟིགས་ཀྱི་བསྟན་པ་ལ་མིའི་རྒྱུད་ཀྱི་བུད་མེད་དུ་གྱུར་ལགས་ཏེ། བདག་དེར་འདོད་པའི་དྲེགས་པས་མྱོས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་དང་ལྷན་ཅིག་ཏུ་དགེ་འདུན་གྱི་གཙུག་ལག་ཁང་ན་དགེ་འདུན་གྱི་མལ་ཆའི་སྟེང་

དུ་ཡང་དང་ཡང་འཁྲིག་པ་དང་ལྡན་པའི་ཆོས་འདོད་པ་དག་སོ་སོ་ཡང་དག་པར་མྱོང་ལགས་ཏེ། ནོར་གྱི་སླད་དུ་མ་སྐྲག་ལགས་སོ། །བཅོམ་ལྡན་འདས་དེ་ཚུན་ཆད་བདག་རྟག་ཏུ་ལྷ་དང་མིའི་རྙེད་པ་དང་བྲལ་ལགས་སོ། །རྟག་ཏུ་ངན་སོང་གསུམ་གྱི་ཚོར་བ་མི་བཟད་པས་རབ་ཏུ་གཟིར་

ལགས་སོ། །བཀའ་སྩལ་པ། སྲིང་མོ་གང་གི་ཚེ་འདིར་བསྐལ་པ་ཆེན་པོ་འཇིག་པར་གྱུར་པ་དེའི་ཚེ་ཁྱོད་གང་དུ་སོང་། དེས་གསོལ་པ། སྔོན་གྱི་ལས་ལ་རྟེན་པའི་རླུང་ཆེན་པོ་དེ་དག་གིས་འཕངས་ནས། འཇིག་རྟེན་གྱི་ཁམས་སྙིགས་མ་ལྔ་དང་ལྡན་པ་གཞན་དག་ཏུ་

འཕངས་ལགས་སོ། །ཡང་གང་གི་ཚེ་དེར་འཇིག་པར་གྱུར་ནས་དེ་ནས་ཡང་འདིར་འཕངས་ལགས་ན། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་བདག་ཡོངས་སུ་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བདག་ཡོངས་སུ་བསྐྱབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱི་

ཕྱག་གཉི་གས་རྨ་རྩི་སྤོས་དང་སྦྱར་བའི་ཆུ་བཞེས་ཏེ་བདེན་པ་བརྗོད་པར་མཛད་དོ། །བདེན་པ་གང་གིས་སྔོན་ཐི་བའི་ཕྱིར་ངའི་ལུས་ཆགས་པ་མེད་པར་ཡོངས་སུ་བཏང་བའི་བདེན་པ་དེས་ཁྱོད་ཀྱི་ནད་དེ་དག་ཞི་བར་གྱུར་ཅིག །ཀླུ་མོ་དེའི་ཁར་བླུགས་ཤིང་ལུས་ལ་གཏོར་བས་

เล่ม ๖๖ · หน้า 231b

ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཏེ། གསུམ་ལ་སྐྱབས་སུ་ཉེ་བར་གནས་པར་གྱུར་ཏོ། །ཡང་དེ་ཉིད་ན་ཀླུ་གཞན་ཞིག་ལུས་དྲི་ང་ཞིང་སྲིན་བུས་གང་ལ་སྲིན་བུ་སེར་སྐྱས་གང་ནས་དེ་ལས་རྣག་ཁྲག་ཚ་ཞིང་གོར་གོར་པོ་ཟག་པ། སྨྲ་མི་ནུས་པ། མཆོག་ཏུ་སྐྱོན་དུ་བགྲང་

བ་ཞིག་ཡོད་དོ། །བཅོམ་ལྡན་འདས་ཀྱིས་ཀླུ་དེ་གཟིགས་ནས་བཀའ་སྩལ་པ། ལག་འགྲོ་ཁྱོད་ཀྱིས་སྔོན་མི་དགེ་བའི་ལས་ཅི་ཞིག་བྱས། ཀླུ་དེས་ཁའི་སྒོ་ཕྱེ་ནས་སྲིན་བུའི་རིགས་དང་། རྣག་ཁྲག་དང་། མེས་གང་བའི་ཁའི་སྒོ་སྦྱང་བྲིམས་ཏེ་སྨྲ་མ་ནུས་སོ། །དེ་

ནས་བཅོམ་ལྡན་འདས་ཀྱིས་སྐྱོར་ཆུ་ཞིག་བཞེས་ཏེ་བཀའ་སྩལ་པ། རི་བོང་གྱུར་ཏེ་དྲང་སྲོང་ཕྱིར། །རང་གིས་མེ་ཡི་ནང་བོར་བ། །བདེན་པའི་ཚིག་དེ་ཁོ་ན་ཡིས། །ཀླུ་ནི་སྨྲ་བར་ནུས་པར་ཤོག །སྐྱོར་ཆུ་དེ་ཀླུའི་ཁར་བླུགས་ནས་དེའི་ཁའི་ནང་དུ་མེ་རབ་ཏུ་ཞི་ཞིང་སྲིན་

བུ་དང་རྣག་ཁྲག་ཁའི་ཕྱི་རོལ་དུ་བྱུང་ངོ་། །ཀླུ་དེ་ཁ་ཡོངས་སུ་དག་པར་གྱུར་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་རྒྱལ་བ་འོད་སྲུང་གི་བསྟན་པ་ལ་བདག་ཞིང་པར་གྱུར་ལགས་སོ། །བདག་གིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་གཞན་ཞིག་

ལ་སྐྱེད་དུ་སྩོལ་ཅིག་དང་། སྟོན་གྱི་དུས་སུ་ཁྱོད་ལ་དབུལ་ལོ་ཞེས་གསེར་ལྔ་བཅུ་ཞིག་གསོལ་བ་བཏབ་ལགས་སོ། །དེས་བདག་ལ་འགྲོན་བུ་བརྒྱད་ཅུའི་རིན་བཅུ་ཞིག་སྩལ་ཏེ། ལྔ་བཅུར་མ་སྩལ་ལགས་སོ། །བདག་གིས་དགེ་སློང་དེ་ལ་ཁྲོ་བས་ཟིལ་གྱིས་ནོན་ནས་

འགྲོན་བུ་བརྒྱད་ཅུའི་རིན་བཅུ་བླངས་ཏེ། དེ་ལ་སླར་ཡང་མ་སྩལ་ལགས་སོ། །གཞན་ཡང་དུས་གཞན་ཞིག་ན་དགེ་སློང་རྣམས་ཀྱི་ཀུན་དགའ་ར་བ་དེར་བདག་མཆིས་ནས་དེར་དགེ་འདུན་གྱི་མངོན་དུ་གྱུར་པ་བསྔོས་པ་ཨ་མྲའི་འབྲས་བུ་བཅུ་གསུམ་པ་ལོངས་སྤྱད་ལགས་

སོ། །སུག་ལས་ཀྱི་སྒྲིབ་པའི་ལྷག་མ་དེ་ཁོ་ནས་དེ་ནས་ཤི་འཕོས་ནས་འབྲོག་དགོན་པ་སྐམ་པོ་འདིར་ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེས་ཏེ། རྟག་ཏུ་བདག་གི་ལུས་སྲིན་བུ་དག་དང་རྣག་ཁྲག་བརྡུས་པས་གང་ལགས་སོ། །བཀྲེས་པ་དང་སྐོམ་པས་

เล่ม ๖๖ · หน้า 232a

ཀུན་ཏུ་གཟིར་ནས་སྡུག་བསྔལ་གྱི་ཚོར་བ་མྱོང་ལགས་སོ། །ཡང་མི་དགེ་བའི་ལས་ཀྱི་རྒྱུ་དེས་བདག་འདི་ནས་ཤི་འཕོས་ནས་ཡང་སེམས་ཅན་དམྱལ་བ་ཆེན་པོ་རྣམས་ཀྱི་ནང་དུ་སྐྱེས་ལགས་སོ། །དགེ་སློང་དེ་ཡང་ཁྲོ་བ་དང་སེར་སྣའི་རྒྱུ་དེས་འཆི་

བའི་དུས་བགྱིས་ནས་འདིར་ཀླུ་རྣམས་ཀྱི་ནང་དུ་བདག་གི་མཆན་ཁུང་དུ་སྐྱེས་ཏེ། དུས་རྟག་ཏུ་བདག་ལ་གཡོ་བར་བགྱིད་དོ། །དེ་རྟག་ཏུ་ཁྲོ་བས་ཟིལ་གྱིས་ནོན་ནས་དབུགས་ཚ་བས་བདག་གི་ལུས་ལ་ཡོངས་སུ་གང་བར་བགྱིད་དོ། །རྒྱུ་དེས་རྟག་པར་རྒྱུན་ཏུ་བདག་

གི་ལུས་སྲིན་བུ་དག་དང་རྣག་ཁྲག་གིས་གང་ལགས་ན་དེ་བཞིན་གཤེགས་པས་བདག་ཡོངས་སུ་བསྐྱབ་ཏུ་གསོལ། སྦྲུལ་དགྲ་དང་འདྲ་བ་དེ་ལས་བདག་ཡོངས་སུ་ཐར་བར་མཛད་པར་གསོལ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཕྱག་ཏུ་ཆབ་བཞེས་ཏེ་འདི་

སྐད་ཅེས་བཀའ་སྩལ་ཏོ། །མུ་གེ་དག་ནི་བྱུང་བའི་ཚེ། །ང་ནི་འདིར་ཡང་ཉར་གྱུར་ཏེ། །ཤ་དང་ཁྲག་གིས་ཚིམ་བྱས་པས། །ཁྱེད་ཅག་གཉི་ག་བདེ་བར་ཤོག །ཆུ་དེས་ཀླུ་ལ་གཏོར་ནས་དེའི་མཆན་ཁུང་ནས་ཀླུའི་བུ་བྱུང་ངོ་། །གཉི་གས་འདི་སྐད་ཅེས་གསོལ་

ཏོ། །ཡུན་ཇི་ཙམ་གྱིས་ངན་སོང་དག་ལས་བདག་ཅག་ཐར་བར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ལག་འགྲོ་དག་གང་ཕྱོགས་བཞིའི་དགེ་འདུན་ནས་དགེ་འདུན་གྱི་མངོན་དུ་གྱུར་པ་བསྔོས་པའི་མེ་ཏོག་དང་། འབྲས་བུ་དང་། འདབ་མ་དང་།

བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། རྩི་དང་། ཡོ་བྱད་ཀྱང་རུང་། དགེ་འདུན་ལས་གལ་ཏེ་བདག་གིར་ལོངས་སྤྱད་དམ། གཞན་ལ་བྱིན་ན་སྡིག་པའི་ལས་དེ་རྣམ་པར་སྨིན་ཅིང་སོ་སོ་ཡང་དག་པར་མ་མྱོང་བར་སུས་ཀྱང་མྱུར་དུ་ཟད་པར་བྱ་བར་མི་ནུས་ཏེ་འདི་

ནི་མཚམས་མེད་པ་དང་ཉེ་བ་ཤིན་ཏུ་ལྕི་བ་ཡིན་ནོ། །ལག་འགྲོ་དག་ཁྱེད་ཚུར་ཤེག །དཀོན་མཆོག་གསུམ་ལ་སྐྱབས་སུ་དེང་ཤིག་དང་། དེས་ན་ཁྱེད་ཅག་ཆུ་ལ་གནས་པ་དག་ཏུ་འགྱུར་རོ་ཞེས་བྱ་བ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་རྣམ་པར་བཀོད་དེ་ཆུ་ལ་གནས་པར་

เล่ม ๖๖ · หน้า 232b

གྱུར་ཏོ་ཞེས་བྱ་བའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤུ་གྲི་རྣོན་པོ་དག་གིས་སུ། །རང་གི་ཡན་ལག་གཏུབས་པ་སླའི། །བསྔོས་ཟིན་པ་ཡི་དངོས་པོ་ནི། །ཁྱིམ་པ་རྣམས་ལ་སྦྱིན་མི་བྱ། །མེ་ལྕེ་འབར་བ་ལྟ་བུ་ཡི། །ལྕགས་ཀྱི་ཐུ་

ལུམ་ཟོས་སླ་ཡི། །དགེ་འདུན་དག་ལས་གལ་ཏེ་ནི། །དགེ་འདུན་གྱི་ལ་ལོངས་མི་སྤྱད། །ལྷུན་པོ་དང་ནི་འདྲ་བའི་མེ། །བླང་བ་བྱས་ཏེ་ཟོས་པ་སླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱད་པར་ནི་མི་བྱའོ། །ཐམས་ཅད་དབྱུང་བ་བྱས་པ་དང་། །

གསལ་ཤིང་སྟེང་དུ་བཏེག་པ་སླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱད་པར་ནི་མི་བྱའོ། །མེ་མདག་གིས་ནི་གང་བ་ཡི། །གནས་ཁང་དེར་ནི་ཞུགས་པ་སླའི། །ཁྱིམ་པས་དགེ་འདུན་གནས་ཁང་དུ། །མཚན་མོ་གནས་པར་མི་བྱའོ། །མེ་

ལྕེ་འབར་བ་ལྟ་བུ་ཡི། །ལྕགས་ཀྱི་ཐུ་ལུམ་བླངས་པ་སླའི། །རབ་ཏུ་བྱུང་དང་ཁྱིམ་པ་ཡིས། །དབྱིག་ནི་བླང་བར་མི་བྱའོ། །འཁོར་ལོ་རྣོན་པོས་བདག་གི་ལུས། །ཀུན་ཏུ་གཏུབ་པར་བྱས་པ་སླའི། །ལེགས་པར་གསུངས་པའི་ཆོས་རྣམས་ལ། །རྒྱགས་

དང་གཤེ་བ་བསྐྱེད་མི་བྱ། །ལེགས་པར་གསུངས་པའི་ཆོས་ཅན་གྱི། །མིག་ནི་རང་གི་ཕྱུང་བ་སླའི། །སེམས་ཅན་དུ་ནི་བགྲང་བ་ལ། །ཁྲོས་པས་སྐྱེ་དགུ་མི་མངག་གོ། །ལེགས་པར་གསུངས་པའི་ཆོས་ཅན་གྱི། །མེ་ཡི་གོས་ནི་གྱོན་པ་སླའི། །ཚུལ་འཆོས་

པ་དང་མཐུ་ཡིས་སུ། །ཁྱིམ་པ་ལས་ནི་གོས་མི་བསླང་། །མེ་འདྲ་བར་ནི་བསྐོལ་བ་ཡི། །རྩུབ་འགྱུར་ཆུ་ནི་འཐུངས་པ་སླའི། །རབ་ཏུ་བྱུང་བས་གཡོ་སྒྱུ་ཡིས། །བཟའ་བཏུང་བསླང་བར་མི་བྱའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀླུ་ཁྲི་བཞི་སྟོང་སྙེད་སྔོན་གྱི་ཉེས་

པར་བྱས་པའི་སྡུག་བསྔལ་གྱི་ཚོར་བ་དེ་ལྟ་བུ་དག་ལས་ཡོངས་སུ་ཐར་བར་མཛད་དེ་སྐྱབས་གསུམ་ལ་ཡང་རྣམ་པར་བཀོད་དོ། །དེའི་ཚེ་ཀླུ་གཞན་བྱེ་བ་ཕྲག་བརྒྱད་ཅུ་ནི་སྐྱབས་གསུམ་དུ་འགྲོ་བ་དང་། ཐེག་པ་གསུམ་ལ་ངེས་པར་རྣམ་པར་བཀོད་དོ། །དེའི་ཚེ་བཅོམ་

เล่ม ๖๖ · หน้า 233a

ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀཽ་ཌི་ནྱ་ལ་བཀའ་སྩལ་པ། ཀཽ་ཌི་ནྱ་སེམས་ཅན་རྣམས་རང་ལ་སླུ་བ་ལ་ལྟོས། སེམས་ཅན་གང་དག་དབུལ་པོ་ཉིད་ཀྱི་འཇིགས་པས་སྐྲག་ནས་རང་གིས་དགེ་སློང་ཆོས་ཀྱིས་གནས་པ་རྣམས་ལ་ཕན་གདགས་པའི་

ཕྱིར་ཡོ་བྱད་ཀྱི་དངོས་པོ་རྣམ་པ་སྣ་ཚོགས་བསྔོས་ལ། ཁ་ཅིག་གིས་ནི་རང་གིས་ལོངས་སྤྱད་དོ། །ཁ་ཅིག་གིས་ནི་གཞན་དག་ལོངས་སྤྱད་པར་བྱ་བའི་ཕྱིར་བྱིན། ཁ་ཅིག་གིས་ནི་མཐུས་ཕྲོགས་ནས་ལོངས་སྤྱད་པས་དེ་ལྟར་ཡུན་རིང་པོར་ངན་སོང་གསུམ་དུ་

སྡུག་བསྔལ་བརྟེན་ཏོ། །ཡང་སེམས་ཅན་གང་དག་དབུལ་པོ་ཉིད་ཀྱིས་འཇིགས་པས་སྐྲག་ནས་འཁོར་བའི་སྲིད་པའི་བཙོན་ར་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱ་བའི་ཕྱིར་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་དག་རབ་ཏུ་བྱུང་ནས་ཆོས་

དང་ལྡན་པའི་རྣལ་འབྱོར་ཡིད་ལ་བྱེད་པ་དང་། ཚིག་འདོན་པ་བཏང་ནས་ཉམས་པར་གྱུར་པ་དེ་དག་ཁ་ཅིག་ནི་དགེ་སློང་ཆོས་ཀྱིས་གནས་པ་རྣམས་ལ་དངོས་པོ་རྣམ་པ་སྣ་ཚོགས་དེ་བཞིན་དུ་བསྔོས་པ་རང་གིས་ཕྲོགས་ཏེ་ལོངས་སྤྱོད་པར་བྱེད་དོ། །ཁ་ཅིག་གིས་ནི་ཁྱིམ་པ་

རྣམས་ལ་སྦྱིན་པར་བྱེད་དེ། དེ་དག་གཉི་ག་དེ་ལྟར་ཡུན་རིང་པོར་ངན་སོང་གསུམ་དུ་སྡུག་བསྔལ་གྱིས་གཟིར་ཏོ། །ངས་ཉེས་དམིགས་དེ་ཡང་དག་པར་གཟིགས་ནས་ངའི་ཉན་ཐོས་རྣམས་ལ་དྲན་པར་བྱ་བ་བཅའ་བ་མཛད་དེ། ངའི་ཉན་ཐོས་སུས་ཀྱང་དགེ་སློང་ལ་བསྔོས་

པ་དང་། དགེ་སློང་གི་དགེ་འདུན་ལ་བསྔོས་པའི་མེ་ཏོག་དང་། འབྲས་བུ་དང་། ལོ་མ་དང་། བཅུད་ཁྱིམ་པ་རྣམས་ལ་སྦྱིན་པར་མི་བྱའོ། །གང་ཟག་གི་འདུ་ཤེས་ཀྱིས་ལོངས་སྤྱད་པར་མི་བྱའོ། །དགེ་འདུན་ལས་ཕྱི་རོལ་དུ་ཡང་ཉོ་ཚོང་མི་བྱའོ། །བསྐོར་བ་དང་།

བསྒྱུར་བ་དང་། དབྱིག་གི་གཏམ་མི་བྱའོ། །སེམས་ཅན་རྣམས་ཟང་ཟིང་གིས་ཡོངས་སུ་བསྡུ་བའི་རྐྱེན་གྱིས་ངན་སོང་གི་སྡུག་བསྔལ་དག་ལ་དགོད་པར་མི་བྱའོ། །སེམས་ཅན་རྣམས་ཆོས་ཀྱིས་བསྡུ་བས་བསྡུ་བར་བྱའོ། །མི་ཕྱེད་པའི་དད་པ་བཞི་དང་། ཐེག་པ་

เล่ม ๖๖ · หน้า 233b

གསུམ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་དགོད་པར་བྱའོ། །འཕགས་པ་འདུས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོའི་མདོ་ལེའུ་བཅུ་གཅིག་པ་ལས་ཀླུ་སྐྱབས་སུ་འགྲོ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་

སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ་བམ་པོ་བཅུ་གསུམ་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་ཀུན་ཤེས་ཀཽ་ཌི་ནྱས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལག་འགྲོ་དག་བྱིན་གྱིས་བརླབ་ཏུ་གསོལ། བསམ་གྱིས་མི་ཁྱབ་པའི་ལས་

བསྟན་པའི་སྤྱོད་པ་དང་འབྲེལ་པའི་ཆོས་ཀྱི་རྣམ་གྲངས་ཡུན་རིང་པོར་འབར་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་སྲིད་དུ་གླིང་བཞི་པ་འདིར་མཆོད་རྟེན་ཆེན་པོ་འདི་དག་རྣལ་འབྱོར་ཡིད་ལ་བྱེད་པ་ལ་མངོན་པར་བརྩོན་པ་ཐམས་ཅད་ཀྱིས་སྟོངས་

པར་མ་གྱུར་པ་དེ་སྲིད་དུ་གླིང་བཞི་པ་འདིར་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པར་འགྱུར་རོ། །མཆོད་རྟེན་ཆེན་པོ་གང་དག་ཅེ་ན། འཛམ་བུའི་གླིང་འདི་ན་མཆོད་རྟེན་དྲང་སྲོང་ཐུབ་པའི་གནས་ཀུན་རྟེན་འདི་ནི་སྔོན་ཆད་སྔོན་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་།

རང་རྒྱལ་བ་དང་། ཉན་ཐོས་མང་པོ་གནས་གནས་ཤིང་མ་འོངས་པའི་དུས་ན་ཡང་གནས་པར་འགྱུར་བ་སྟེ། རྗེས་སུ་བསྟན་པ་ཆེན་པོ་ཡུན་རིང་དུ་གནས་པར་མཛད་པའི་ཕྱིར་དྲང་སྲོང་ཐུབ་པའི་གནས་ཀུན་རྟེན་འདི་ནི་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་

ཆུ་ལྷའི་ལག་ཏུ་ཡོངས་སུ་གཏད་པ་མཛད་དོ། །ངས་ཀྱང་དེ་ཉིད་ཀྱི་ལག་ཏུ་ཡོངས་སུ་གཏད་དེ། འདི་ཡང་སྤྲོ་བར་འགྱུར་ཞིང་གང་ཟག་ཆོས་ཀྱིས་གནས་པ་རྣལ་འབྱོར་ཡིད་ལ་བྱེད་པ་ལ་མངོན་པར་བརྩོན་པ་དག་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །གང་དག་གང་

ཟག་ཆོས་ཀྱིས་གནས་པ་རྣམས་ལ་བསྙེན་བཀུར་ལ་མངོན་པར་བརྩོན་པའི་སྦྱིན་པ་པོ་དང་། སྦྱིན་བདག་དེ་དག་ཀྱང་ཡོངས་སུ་སྲུང་བར་འགྱུར་རོ། །ཀླུའི་རྒྱལ་པོ་ཆུ་ལྷས་གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་འཁོར་བ་

เล่ม ๖๖ · หน้า 234a

འཇིག་གིས་དྲང་སྲོང་ཐུབ་པའི་གནས་ཀུན་རྟེན་འདི་ཆང་ཁྱིར་ཡོངས་སུ་གཏད་ལགས་སོ། །གང་དག་གང་ཟག་མཉམ་པ་ཉིད་ལ་མངོན་པར་བརྩོན་པ་ཆོས་ཀྱིས་གནས་པ་རྣམས་ཀྱང་ཆང་ཁྱིར་ཡོངས་སུ་གཏད་ལགས་སོ། །གང་དག་གང་ཟག་མཉམ་པ་

ཉིད་ལ་མངོན་པར་བརྩོན་པ་ཆོས་ཀྱིས་གནས་པ་རྣམས་ལ་རིམ་གྲོ་ལ་མངོན་པར་བརྩོན་པའི་སྦྱིན་པ་པོ་དང་སྦྱིན་བདག་དེ་དག་ཀྱང་དེ་བཞིན་ལགས་ཏེ། ཇི་སྲིད་དུ་དམ་པའི་ཆོས་འབར་བར་འགྱུར་བ་དེ་ཁོ་ན་བཞིན་དུ་བདག་གིས་གཉི་ག་བསྲུངས་ལགས་སོ། །དེ་བཞིན་དུ་དེ་

བཞིན་གཤེགས་པ་གསེར་ཐུབ་ཀྱི་བར་དང་། དེ་བཞིན་གཤེགས་པ་འོད་སྲུང་གི་བར་གྱིས་ཀྱང་དེའི་ཆོས་ཀྱི་ཚུལ་འབར་བར་བགྱི་བའི་སླད་དུ་གཏད་ལགས་སོ། །དེ་བཞིན་དུ་ད་ལྟར་ཡང་བཅོམ་ལྡན་འདས་ཀྱི་བཀས་དྲང་སྲོང་ཐུབ་པའི་གནས་ཀུན་རྟེན་ནས་གང་ཟག་

མཉམ་པ་ཉིད་ལ་མངོན་པར་བརྩོན་པ་ཆོས་ཀྱིས་གནས་པ་རྣམས་ཀྱི་བར་དང་། གང་དག་མཉམ་པ་ཉིད་ལ་མངོན་པར་བརྩོན་པ་ཆོས་ཀྱིས་གནས་པ་རྣམས་ལ་རིམ་གྲོ་དང་བསྙེན་བཀུར་ལ་མངོན་པར་བརྩོན་པའི་སྦྱིན་པ་པོ་དང་། སྦྱིན་བདག་དེ་དག་གི་བར་དག་དང་། ཇི་སྲིད་

དུ་ཉན་ཐོས་དེ་དག་ཡོངས་སུ་འཛིན་པ་མ་མཆིས་པར་གནས་པར་དེ་དག་ཐམས་ཅད་བསྲུང་བར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་འགྲོའི་བདག་པོ་ལེགས་སོ་ལེགས་སོ། །དེ་ལྟར་བྱིན་གྱིས་བརླབས་པས་ངའི་ཆོས་ཀྱི་ཚུལ་སྦྱིན་བདག་

ཆེན་པོ་དེ་ལྟ་བུ་དག་གིས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ། །བ་ལང་སྤྱོད་ཀྱི་གླིང་གི་ངོས་ན་རྡུལ་གྱི་རི་དེ་ལ་དྲང་སྲོང་ཐུབ་པའི་གནས་བཀྲ་བ་ནི་ཀླུའི་རྒྱལ་པོ་རིན་པོ་ཆེའི་ཕྲེང་བ་ཅན་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བའི་བར་དུའོ། །ཀླུའི་རྒྱལ་པོ་རིན་པོ་ཆེའི་ཕྲེང་བ་

ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་འཁོར་བ་འཇིག་གིས་དེར་དྲང་སྲོང་ཐུབ་པའི་གནས་བཀྲ་བ་དེ་ཆང་ཁྱིར་ཡོངས་སུ་གཏད་ལགས་སོ་ཞེས་བྱ་བ་ནས། ཇི་སྲིད་དུ་ཉན་ཐོས་དེ་དག་ཡོངས་སུ་འཛིན་པ་

เล่ม ๖๖ · หน้า 234b

མ་མཆིས་པར་གནས་པ་དེ་སྲིད་དུ་བདག་གིས་ཐམས་ཅད་ཡོངས་སུ་བསྐྱང་བར་བགྱི་ལགས་སོ་ཞེས་བྱ་བའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་བདག་རྣམས་ཀྱིས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །ཤར་གྱི་

ལུས་འཕགས་ཀྱི་ངོས་ན་ནི་ལང་ག་ཎའི་རི་ལ་དྲང་སྲོང་ཐུབ་པའི་གནས་དྲང་སྲོང་འབྱུང་བ་ནི་ཀླུའི་རྒྱལ་པོ་ཟླ་སྲུང་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་དེ་སྲིད་དུ་བདག་གིས་ཡོངས་སུ་བསྐྱང་བར་བགྱི་ལགས་སོ་ཞེས་བྱ་བའི་བར་དུའོ། །བྱང་གི་སྒྲ་མི་སྙན་གྱི་ངོས་ན་

རྒྱལ་དགའི་རི་ལ་དྲང་སྲོང་ཐུབ་པའི་གནས་སྤོས་བརྩེགས་ནི་ཀླུའི་རྒྱལ་པོ་ལུས་འབིགས་པའི་ཁབ་ལ་ཆང་ཁྱིར་ཡོངས་སུ་གཏད་དེ། གང་ཟག་མཉམ་པ་ཉིད་ལ་མངོན་པར་བརྩོན་པ་ཆོས་ཀྱིས་གནས་པ་རྣམས་ཀྱང་ཆང་ཁྱིར་ཡོངས་སུ་གཏད་དོ། །དེ་བཞིན་དུ་གང་ཟག་དགེ་

སློང་མཉམ་པ་ཉིད་ལ་མངོན་པར་བརྩོན་པ་ཆོས་ཀྱིས་གནས་པ་རྣམས་ལ་རིམ་གྲོ་དང་བསྙེན་བཀུར་ལ་མངོན་པར་བརྩོན་པའི་སྦྱིན་པ་པོ་དང་། སྦྱིན་བདག་དེ་དག་ཀྱང་ཆང་ཁྱིར་ངས་ཡོངས་སུ་གཏད་དོ། །ཀླུའི་རྒྱལ་པོ་ལུས་འབིགས་པའི་ཁབ་ཀྱིས་འདི་སྐད་ཅེས་གསོལ་

ཏོ། །བཙུན་པ་བཅོམ་ལྡན་འདས་དེ་དེ་བཞིན་ཏེ། སྔོན་དེ་བཞིན་གཤེགས་པ་འཁོར་བ་འཇིག་གིས་དྲང་སྲོང་ཐུབ་པའི་གནས་སྤོས་བརྩེགས་དེ་ཡང་ཆང་ཁྱིར་ཡོངས་སུ་གཏད་ལགས་སོ། །ཆོས་ཀྱིས་གནས་པ་ཡང་དེ་བཞིན་ལགས་སོ། །གསེར་ཐུབ་ཀྱིས་ཀྱང་དེ་

བཞིན་ལགས་སོ་ཞེས་བྱ་བ་ནས་འོད་སྲུང་གིས་ཀྱང་དེ་བཞིན་ལགས་སོ་ཞེས་བྱ་བའི་བར་དང་། བདག་གིས་ཆོས་ཀྱི་ཚུལ་ཡང་དག་པར་བཟུང་ལགས་སོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ད་ལྟར་ཡང་བཅོམ་ལྡན་འདས་ཀྱི་བཀས་བདག་གིས་དྲང་སྲོང་ཐུབ་པའི་གནས་སྤོས་

བརྩེགས་ཐམས་ཅད་བསྲུང་བར་བགྱི་ལགས་སོ་ཞེས་བྱ་བའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་འགྲོའི་བདག་པོ་ལེགས་སོ་ལེགས་སོ། །དེ་ལྟར་བྱིན་གྱིས་བརླབས་པས་ཆོས་ཀྱི་ཚུལ་སྦྱིན་བདག་ཆེན་པོ་དེ་ལྟ་བུ་དག་གིས་ཡུན་རིང་པོར་འབར་བར་བྱེད་

เล่ม ๖๖ · หน้า 235a

པར་འགྱུར་རོ། །དེ་བཞིན་དུ་བ་ལང་སྤྱོད་ཀྱི་གླིང་ན་དྲང་སྲོང་ཐུབ་པའི་གནས་འོད་ཟེར་བྱུང་བ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཀླུའི་རྒྱལ་པོ་བ་ལང་མགོ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །

དེ་བཞིན་དུ་ཤར་གྱི་ལུས་འཕགས་གླིང་ན་དྲང་སྲོང་ཐུབ་པའི་གནས་པད་མའི་ཤིང་ནྱ་གྲོ་དྷ་ལྟ་བུ་གང་ཡིན་པ་དེ་ནི་ཀླུའི་རྒྱལ་པོ་དབྱིག་གཏོང་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་བྱང་གི་

སྒྲ་མི་སྙན་གྱི་གླིང་ན་དྲང་སྲོང་ཐུབ་པའི་གནས་སྤོས་བརྩེགས་འོད་ཟེར་ཅེས་བྱ་བ་གང་ཡིན་པ་དེ་ནི་ཀླུའི་རྒྱལ་པོ་གནས་ན་རྒྱུ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་རྒྱ་མཚོ་ཆེན་པོའི་ནང་ན་ཀླུའི་

རྒྱལ་པོ་རྒྱ་མཚོའི་གནས་ན་དྲང་སྲོང་ཐུབ་པའི་གནས་ནོར་བུའི་སྙིང་པོའི་འོད་འཕྲོ་བ་གང་ཡིན་པ་དེ་ནི་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་རི་རབ་ཀྱི་རྩེ་མོ་ན་སུམ་

ཅུ་རྩ་གསུམ་པའི་གནས་ན་དྲང་སྲོང་ཐུབ་པའི་གནས་མེ་ཏོག་རབ་ཏུ་རྒྱས་པའི་སྙིང་པོ་གང་ཡིན་པ་དེ་ནི་ཀླུའི་རྒྱལ་པོ་ས་སྲུང་གི་བུ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་འཛམ་བུའི་གླིང་འདི་ན་དགའ་

འཕེལ་ཞེས་བྱ་བ་ནས་དྲང་སྲོང་ཐུབ་པའི་གནས་གནས་བརྟན་གྱི་ཕུག་གང་ཡིན་པ་དེ་ནི་ཀླུའི་རྒྱལ་པོ་ཅེ་སྤྱང་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་ཡངས་པ་ཅན་ན་དྲང་སྲོང་ཐུབ་པའི་གནས་

ཤིན་ཏུ་བརྟན་པ་ནི་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་སེར་སྐྱའི་གནས་ན་དྲང་སྲོང་ཐུབ་པའི་གནས་གསེར་སྒྲོན་དྲི་ཞིམ་ནི་ཀླུའི་རྒྱལ་པོ་མ་དྲོས་པ་ལ་

เล่ม ๖๖ · หน้า 235b

ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་ཡུལ་མ་ག་དྷཱ་ན་དྲང་སྲོང་ཐུབ་པའི་གནས་རྒྱ་ཆེན་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་རི་བོས་བྱིན་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་

འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་བཅོམ་བརླག་ན་དྲང་སྲོང་ཐུབ་པའི་གནས་སྟུག་པའི་སྤྲིན་ནི་ཀླུའི་རྒྱལ་པོ་ཅེ་སྤྱང་དང་རྒྱུ་བ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །

དེ་བཞིན་དུ་ཡུལ་འཁོར་ཀོ་ས་ལ་ན་དྲང་སྲོང་ཐུབ་པའི་གནས་རྒྱལ་བ་དག་པ་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་སྲིན་བུ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་ཕུག་གི་ཕ་རོལ་ན་དྲང་སྲོང་ཐུབ་པའི་གནས་

བཏང་བཟུང་བདེན་པའི་དྲི་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་བཏང་བཟུང་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་ཡུལ་འཁོར་ས་འཛིན་ན་དྲང་སྲོང་ཐུབ་པའི་གནས་མཐོང་བའི་ལམ་རྒྱགས་ཞེས་

བྱ་བ་ནི་ཀླུའི་རྒྱལ་པོ་ཨེ་ལའི་འདབ་མ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་ཁ་ཆེའི་ཡུལ་ན་དྲང་སྲོང་ཐུབ་པའི་གནས་གུར་ཀུམ་གྱི་རྩེ་མོ་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་ཧུ་ལུ་རུ་ལ་ཆང་ཁྱིར་

ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་ཡུལ་ཆུ་ལེན་ན་དྲང་སྲོང་ཐུབ་པའི་གནས་འོད་ཟེར་བྱེད་པའི་སྙིང་པོ་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་འཕྱང་བ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་

པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་རྒྱ་ཡུལ་ན་དྲང་སྲོང་ཐུབ་པའི་གནས་སྲེད་མེད་ཀྱི་བུའི་འོད་ཅེས་བྱ་བ་ནི་ཀླུའི་རྒྱལ་པོ་རྒྱ་མཚོས་བྱིན་གྱི་ལག་ཏུ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་

เล่ม ๖๖ · หน้า 236a

བར་དུའོ། །དེ་བཞིན་དུ་ཁ་ཤའི་ཡུལ་ན་སའི་ནུ་མའི་གནས་རི་གླང་རུའི་དྲུང་ཆུ་བོ་གོ་མ་ཏིའི་ངོགས་ན་དྲང་སྲོང་ཐུབ་པའི་གནས་གོ་མ་སཱ་ལ་གན་དྷ་ཞེས་བྱ་བ་མཆོད་རྟེན་ཆེན་པོའི་གནས་ནི་ཀླུའི་རྒྱལ་པོ་ཁྱིམ་བདག་གིས་བྱིན་གྱི་ལག་ཏུ་ཆང་ཁྱིར་ཡོངས་སུ་

གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །མཆོད་རྟེན་ཆེན་པོ་དེ་དག་ནི་སྔོན་ཆད་དྲང་སྲོང་ཐུབ་པའི་ཁྱུ་མཆོག་མང་པོ་གནས་ཤིང་སྔོན་ཆད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་པོ་ཡང་གནས་གནས། སྔོན་ཆད་རང་རྒྱལ་

བ་མང་པོ་ཡང་གནས་གནས། སྔོན་ཆད་ཉན་ཐོས་ཆེན་པོ་མང་པོ་ཡང་གནས་གནས། སྔོན་ཆད་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་མང་པོ་ཡང་གནས་གནས་པ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་འདིར་གང་དག་སྐྱེས་པ་དེ་དག་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་

སེམས་ཅན་འཁོར་བས་སྐྲག་པ་ཡོངས་སུ་སྐྱོ་བ་རྣམས་ཀྱི་དོན་དུ་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་དབང་ཆེ་བར་གྲགས་པ། དབང་ཆེ་བར་གྲགས་པ་ཐམས་ཅད་ཀྱིས་དེ་དག་གི་ལག་ཏུ་ཡོངས་སུ་གཏད་པ་ཡིན་ནོ། །དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་

གྲངས་མེད་པ་དཔག་ཏུ་མེད་པ་ན་གང་དག་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱུང་བ་དེ་དག་ཐམས་ཅད་ཀྱིས་ཀྱང་སེམས་ཅན་རྣམས་ཀྱི་ལས་ཟད་པར་བྱ་བའི་ཕྱིར་མཆོད་རྟེན་ཆེན་པོ་ཉི་ཤུ་པོ་དེ་དག་དགོངས་ཤིང་བསམས་

ལ་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་མ་འོངས་པའི་དུས་ན་དེའི་ཚེ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་དཔག་ཏུ་མེད་པ་དེ་དག་ཏུ་གང་དག་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་

ཀྱང་མཆོད་རྟེན་ཆེན་པོ་ཉི་ཤུ་པོ་དེ་དག་དགོངས་ཤིང་བསམས་པར་འགྱུར་ལ་བྱིན་གྱིས་རློབ་པར་འགྱུར་རོ། །མ་འོངས་པའི་དུས་ན་སངས་རྒྱས་ཀྱི་ཞིང་འདིར་རྒྱལ་བའི་ཟླ་བ་གང་དག་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་ཀྱང་སེམས་ཅན་གྱི་དོན་དུ་ལས་ཟད་པར་བྱ་

เล่ม ๖๖ · หน้า 236b

བའི་ཕྱིར་མཆོད་རྟེན་ཆེན་པོ་ཉི་ཤུ་པོ་དེ་དག་ལ་གནས་པར་འགྱུར་ཞིང་བྱིན་གྱིས་རློབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་དང་། རང་རྒྱལ་བ་ཐམས་ཅད་དང་། ཉན་ཐོས་ཆེན་པོ་ཐམས་ཅད་དང་། དེ་བཞིན་དུ་དྲང་

སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ཀྱིས་ཀྱང་སེམས་ཅན་གྱི་དོན་དུ་ལས་ཟད་པར་བྱ་བའི་ཕྱིར་མཆོད་རྟེན་ཆེན་པོ་ཉི་ཤུ་པོ་དེ་དག་ལ་གནས་པར་འགྱུར་ཞིང་བྱིན་གྱིས་རློབ་པར་ཡང་འགྱུར་ཏེ། སེམས་ཅན་དབང་ཆེ་བར་གྲགས་པ་དེ་དག་གི་ལག་ཏུ་ཆང་ཁྱིར་

ངས་ཡོངས་སུ་གཏད་པར་མཛད་དོ། །དེ་བཞིན་དུ་ད་ལྟར་ཡང་མཆོད་རྟེན་ཆེན་པོའི་གནས་ཉི་ཤུ་པོ་དེ་དག་ཁྱེད་ཀྱིས་ཇི་ལྟར་མིང་ཡོངས་སུ་བཟུང་བ་བཞིན་ངས་ཡོངས་སུ་གཏད་ཀྱིས། སེམས་ཅན་འཁོར་བས་ཡོངས་སུ་སྐྱོ་བ་རྣམས་ཀྱི་དོན་དུ་ཁྱེད་ཀྱིས་དེ་དག་

སྲུངས་ཤིག །ཆོས་རབ་ཏུ་མི་འཇིག་པར་ཡང་དག་པར་ཟུང་ཤིག །དེ་ནས་གང་དག་གི་ལག་ཏུ་མཆོད་རྟེན་ཆེན་པོའི་གནས་ཉི་ཤུ་པོ་དེ་དག་ཡོངས་སུ་གཏད་པའི་ཀླུ་དེ་དག་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་ཀླུ་

རྣམས་ནི་རྨུགས་པ་དང་གཉིད་ཀྱི་སྒྲིབ་པས་ཤིན་ཏུ་མྱོས་པ་ལགས་ཏེ། གང་བདག་ཅག་མཚན་གཅིག་གཉིད་ལོག་པ་དེ་ནི་མིའི་ལྟར་བརྩིས་ན་དགུང་ལོ་ཉི་ཤུ་རྩ་གཅིག་འདས་པར་འགྱུར་ལགས་སོ། །གལ་ཏེ་བདག་ཅག་གཉིད་ཀྱིས་ལོག་ནས་དྲང་སྲོང་ཐུབ་པའི་གནས་

དེ་དག་ཏུ་ལྷའི་ཀུན་ཏུ་འཁྲུག་པ་འགའ་ཞིག་བྱུང་བར་གྱུར་ཏམ། མིའི་ཀུན་ཏུ་འཁྲུག་པའམ། ཞུགས་སམ། ཆབ་ཀྱིས་ཀུན་ཏུ་འཁྲུག་པ་འགའ་ཞིག་བྱུང་བར་གྱུར་ན་མཆོད་རྟེན་ཆེན་པོའི་གནས་དེ་དག་རྣམ་པར་འཇིག་པར་འགྱུར་ལགས་ན་བདག་ཅག་གཉིད་ཀྱིས་

ལོག་ཅིང་མྱོས་པ་དེ་དག་གིས་རབ་ཏུ་འཇིག་པ་དེ་བསལ་བར་རྔོ་མི་ཐོགས་ལགས་ཏེ། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བདག་ཅག་ནོངས་པ་བྱུང་བ་ལགས་པར་འགྱུར་ལགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་

เล่ม ๖๖ · หน้า 237a

དཔོན་ཉི་ཤུ་རྩ་བརྒྱད་པོ་དེ་དག་ལ་བཀའ་སྩལ་པ། རྟག་པར་རྒྱལ་བ་རྣམས་ཀྱིས་དགོངས་པའི་མཆོད་རྟེན་ཆེན་པོའི་གནས་དྲང་སྲོང་ཐུབ་པའི་གནས་ཁྱེད་ཀྱིས་ལོང་ཤིག །ཆང་ཁྱིར་ཡོངས་སུ་སྐྱོངས་ཤིག །ཡོངས་སུ་སྲུངས་ཤིག །དེའི་ཚེ་གནོད་

སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་དྲུག་གིས་ཇི་ལྟར་རྗེས་སུ་འཐུན་པར་སྔོན་ཆད་དྲང་སྲོང་ཐུབ་པའི་གནས་སུ་ཇི་ལྟར་གནས་པར་གྱུར་པ་བཞིན་དུ་ཆང་ཁྱིར་ཡོངས་སུ་བླངས་སོ། །གོ་མ་སཱ་ལ་གན་དྷའི་གནས་ནི་མ་གཏོགས་ཏེ་མ་བླངས་སོ། །དེའི་ཚེ་བཅོམ་ལྡན་འདས་ལ་ཀླུའི་

རྒྱལ་པོ་ཁྱིམ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སའི་ནུ་མའི་གནས་རི་གླང་རུའི་དྲུང་ཆུ་བོ་གོ་མ་ཏིའི་ངོགས་གང་ན་དྲང་སྲོང་ཐུབ་པའི་གནས་གོ་མ་སཱ་ལ་གན་དྷ་ཞེས་བགྱི་བ་མཆོད་རྟེན་ཆེན་པོའི་གནས་མཆིས་པ་ནི་ཡོངས་སུ་བསྐྱང་བའི་སླད་

དུ་བདག་གིས་བླངས་ལགས་ན་ས་ཕྱོགས་དེ་ན་ཡུལ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་མ་མཆིས་ལགས་སོ། །མི་རྣམས་ཀྱི་གནས་མ་མཆིས་ལགས་ཏེ། ཡུལ་གཞན་ནམ། གླིང་བཞི་པ་གཞན་ནམ། སངས་རྒྱས་ཀྱི་ཞིང་གཞན་གྱི་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་རྒྱལ་བ་དང་། ཉན་ཐོས་ཆེན་པོ་རྣམས་དང་། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྫུ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་མ་གཏོགས་ཏེ། དེ་དག་ནི་རྫུ་འཕྲུལ་གྱི་སྟོབས་ཀྱིས་མཆོད་པ་བགྱི་

བའི་སླད་དུ་དྲང་སྲོང་ཐུབ་པའི་གནས་གོ་མ་སཱ་ལ་གན་དྷ་དེར་ལྷགས་ཏེ། དེ་ནས་སླར་ཡང་མཆི་བར་བགྱིད་དོ། །བཙུན་པ་བཅོམ་ལྡན་འདས་ད་ལྟར་གནོད་སྦྱིན་གྱི་སྡེ་དཔོན་སུ་ཡང་དེ་ཀུན་ཏུ་བསྲུང་བའི་སླད་དུ་སྤྲོ་བར་མ་གྱུར་པ་ལ་གཟིགས། གནས་དེ་ངན་པར་རྩི་བ་

ཞིག་མ་ལགས་སམ་ཞེས་བདག་ངོ་མཚར་དུ་གྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་འགྲོའི་བདག་པོ་དེ་སྐད་མ་སྨྲ་ཤིག །ཁ་ཤའི་ཡུལ་ན་བདེན་པ་མཐོང་བ་དང་། དབང་ཆེ་བར་གྲགས་པ་དབང་ཆེ་བར་གྲགས་པ་ཉི་ཁྲི་གནས་པ་གང་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด