འདུལ་བ་རྣམ་པར་འབྱེད་པ

ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་བི་བྷང་ག

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๗ · หน้า 30b

པར་ཤེས་བཞིན་དུ་ཕྱིས་འོངས་ནས་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ་ཕྱིས་གནོན་བྱས་ནས་སྟན་ལ་ཉལ་ལམ་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། །།བར་སྡོམ་ལ། ངན་དང་བསོད་དང་གྲང་དྲོ་དང་། །ཆོལ་ཟངས་དང་ནི་བཀྲུས་སྨན་དང་། །

རྣལ་འབྱོར་མཐུན་དང་ཁ་ཏོན་དང་། །འཇིགས་དང་བཅས་དང་འཇིགས་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་དག་ལ་ཚེ་དང་ལྡན་

པ་དག་ཚུར་ཤོག །ལྗོངས་རྒྱུར་འདོང་དང་དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ་རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་ཁྱེད་ཅག་ཀྱང་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ལུང་དབོག་པ་དང་། བཀླག་

པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ་ཞེས་སྤྲོ་བར་བྱས་པ་དང་། དེ་དག་གིས་སློབ་དཔོན་དང་། མཁན་པོ་དག་ལ་ཞུས་པ། མཁན་པོ་བདག་ཅག་ལྗོངས་རྒྱུར་མཆིའོ། །སུ་དང་ལྷན་ཅིག་ཏུ། བཙུན་པ་འཆར་ཀ་དང་ངོ་། །ཚེ་དང་ལྡན་པ་

དག་དེ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་པས་ཁྱེད་ལ་མཐོ་འཚམ་པར་འགྱུར་རོ། །མཁན་པོ་བཙུན་པ་འཆར་ཀ་ནི་བདག་ཅག་གི་ཕ་མ་ལྟ་བུར་རྣམ་པར་གནས་པ་ལགས་པས་ཅིའི་སླད་དུ་བདག་ཅག་ལ་མཐོ་འཚམ་པར་འགྱུར་ཞེས་དེ་དག་གིས་དེ་དག་གི་ཚིག་ཚིག་མ་ཡིན་པར་བྱས་ཏེ་དེ་དང་ལྷན་ཅིག་

ལྗོངས་རྒྱུར་འཕགས་སོ། །འཆར་ཀས་གང་གི་ཚེ་ཕྱི་རོལ་གྱི་མཚམས་འདས་པ་དེའི་ཚེ་ན་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ཅིའི་ཕྱིར་གནས་མ་བཅས་པར་ལྗོངས་རྒྱུར་འདོང་བར་བྱེད། ཚུར་ཤོག་གནས་ཆོས་ཤིག་ཅེས་དེས་དེ་དག་མདུན་དུ་ཙོག་པུར་འདུག་ཏུ་བཅུག་སྟེ་གནས་འཆར་བཅུག་

གོ། །དེས་དེ་དག་ལ་ལ་ལ་གཏུར་བུ་གཏད། ལ་ལ་ལ་ལྷུང་བཟེད་ཀྱི་སྣོད་གཏད། ལ་ལ་ལ་བར་བུར་སྣོད་གཏད། ལ་ལ་ལ་ཕོར་བུ་གཏད། ལ་ལ་ལ་རིལ་བ་སྤྱི་བླུགས་གཏད་ནས་དེ་ལག་པ་གཉིས་བརྐྱང་སྟེ་རྔུལ་གཟན་ལས་གཞན་མེད་པར་འཇིག་རྟེན་ལ་མཐོ་འཚམ་ཞིང་འགྲོ་བ་ན་

เล่ม ๗ · หน้า 31a

དེ་དག་རི་བྲགས་ཤིག་ཏུ་ཕྱིན་ནས། དེ་དག་དེར་ཁྲོན་པ་ཞིག་གི་དྲུང་དུ་ངལ་སོ་བར་བྱེད་པ་ན་དེ་ན་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ཡོད་པ་དེར་གཎྜཱི་བརྡུངས་པ་དང་། དེ་དག་གིས་ཐོས་ནས་སྨྲས་པ། སློབ་དཔོན་གཙུག་ལག་ཁང་དུ་གཎྜཱི་བརྡུངས་ཀྱིས་བཞུད་དོ། །འཆར་

ཀས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་ལས་མེད་པ་དག་གིས་ལས་ཀྱི་གཎྜཱི་བརྡུངས་ཤིང་། བདག་ཅག་ངལ་བ་དག་གིས་ལས་བྱ་དགོས་པར་འགྱུར་བ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །སློབ་དཔོན་རྙེད་པའི་གཎྜཱི་མ་ལགས་སམ་དེ་ཡིན་ན་བདག་ཅག་མཚམས་སུ་ཕྱིན་ན་འཐོབ་བོ། །སློབ་

དཔོན་ནི་གྲགས་པ་བསོད་ནམས་ཆེ་བ་ལགས་པས་འཐོབ་ཀྱི་བདག་ཅག་སུས་སྩོལ་བར་འགྱུར། དེང་ལ་གལ་ཏེ་རྙེད་པ་ཡོད་ན་ཁོ་བོའི་ཡང་ནོས་ཤིག །དེ་དག་དོང་བ་དང་ཇི་ཙམ་ན་དེར་གནས་མལ་གྱི་གཎྜཱི་བརྡུངས་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་གནས་མལ་ནོས་ཤིག །

དེ་དག་གིས་སྨྲས་པ། བདག་ཅག་ལས་ཆེས་རྒན་པ་ཡང་ཡོད་དོ། །སུ་ཡིན། སློབ་དཔོན་འཆར་ཀའོ། །དེའི་ཡང་ནོས་ཤིག་དེ་དག་གིས་གནས་མལ་མནོས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་དེ་ན་འདུ་འཛིའི་གཏམ་གྱིས་འདུག་སྟེ་རི་བྲགས་འདི་སུའི། གཙུག་ལག་ཁང་འདི་

སུའི། ལྷ་ཁང་འདི་སུའི། སྐྱེད་མོས་ཚལ་འདི་སུའི། ཀུན་དགའ་ར་བ་འདི་སུའི། ཁྲོན་པ་འདི་སུའི། ཞིང་འདི་སུའི། བ་ལང་འདི་དག་སུའི། མ་ཧེ་འདི་དག་སུའི་ཞེས་འདུ་འཛིའི་གཏམ་གྱིས་འདུག་གོ། །དེ་དག་གིས་ཀྱང་བསམས་པ། སློབ་དཔོན་འཆར་ཀ་ཡུན་རིང་

དུ་ཐོགས་པར་འགྱུར་རོ་སྙམ་ནས་དེ་དག་གིས་གཅིག་ལ་གཅིག་ཞུས་ཏེ། ཚེ་དང་ལྡན་པ་འཆར་ཀའི་མལ་བཤམས་ནས། རྐང་པའི་ཆུ་དང་། རྐང་པ་བསྐུ་བ་མཐའ་གཅིག་ཏུ་བཞག་སྟེ། གཅིག་ལ་གཅིག་སྨྲས་པ། ཚེ་དང་ལྡན་པ་དག་དེང་བདག་ཅག་གིས་ཁ་ཟས་ངན་པ་དག་ཟོས་

པས་ཁ་ཏོན་མི་ནུས་ཀྱིས་རེ་ཞིག་ཡིད་ལ་བྱེད་པ་བསྐྱེད་པར་བྱའོ་ཞེས་དེ་དག་དཔོང་སའི་ཁང་པར་ཞུགས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་བསམ་གཏན་བྱ་བར་བརྩམས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་ཇི་སྲིད་དུ་དེའི་འདུ་འཛིའི་གཏམ་གྱི་ཟླ་ཡོད་པ་དེ་སྲིད་དུ་འདུག་འདུག་ནས་གང་གི་ཚེ་དེའི་འདུ་འཛིའི་

เล่ม ๗ · หน้า 31b

གཏམ་གྱི་ཟླ་མེད་པ་དེའི་ཚེ་ན་མིག་ལམ་ཆད་པའི་དུས་ཀྱི་ཚེ་གཙུག་ལག་ཁང་དུ་འོངས་ཏེ། ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་དག་ཅེས་བོད་པར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་འདམ་བུ་ཐིབས་པོའི་གསེབ་ཏུ་ཞུགས་པ་བཞིན་དུ་ཅི་འབོད། འཆར་

ཀས་སྨྲས་པ། འདི་ན་ཁོ་བོའི་གཞོན་ནུ་དག་ཅིག་འཁོད་ན་དེ་དག་ལས་འགའ་ཞིག་ན་བར་མ་གྱུར་ཏམ། དེ་དག་གིས་དེ་ཐོས་ནས་སྨྲས་པ། སློབ་དཔོན་མ་འབོད་ཅིག །གནས་ཁང་འོ་ནིར་གཟིམས་མལ་བཤམས་ཏེ། ཞབས་ཀྱི་ཆབ་དང་། ཞབས་བསྐུ་བ་ཡང་བཞག་གིས་དེར་གཟིམས་

ཤིག །བདག་ཅག་དེང་ཁ་ཟས་ངན་པ་དག་འཚལ་བས་ཁ་ཏོན་རྔོ་མི་ཐོག་ནས་རེ་ཞིག་དཔོང་སའི་ཁང་པ་འདིར་བསམ་གཏན་བགྱིད་དོ། །འཆར་ཀས་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་མི་ཀློག་པ་ལ་ཤེས་རབ་མེད་དོ་ཞེས་མ་གསུངས་སམ། ཚུར་ཤེག་ཁ་ཏོན་གྱིས་ཤིག་

ཅེས་དེས་དེ་དག་ཟུང་དུ་ལྷན་ཅིག་བཞག་སྟེ། མཚན་ཐོག་ཐག་ཁ་ཏོན་བྱེད་དུ་བཅུག་གོ། །དེ་དག་ནང་པར་སྔར་ལངས་ཏེ་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ། །བདག་ཅག་མཆིའོ། །གར་འདོང་། མཉན་ཡོད་དུའོ། །སྡོད་ཅིག་དང་ཁོ་བོས་ཁྱེད་ཅག་ན་བ་རྣམས་ཀྱི་ནད་གཡོག་

བྱའོ། །སློབ་དཔོན་ཁྱོད་ཀྱིས་བདག་ཅག་མི་ན་བ་ཡང་ན་བར་བྱས་པས་ན་བ་རྣམས་ཀྱི་ནད་གཡོག་བྱས་རེ་སྐན་ཞེས་དེ་དག་མཉན་ཡོད་དུ་དོང་བ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ།

ཇི་ལྟར་བདེ་བར་བརྒྱུས། བདག་ཅག་སློབ་དཔོན་འཆར་ཀས་མཚན་ཐོག་ཐག་ཐོ་བཙམས་སོ། །ཇི་ལྟར་ཐོ་བཙམས། དེ་དག་གིས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་དོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཆེད་དུ་བསམས་ཏེ་དགེ་སློང་རྣམས་ལ་མཐོ་འཚམ་པར་བྱེད་

ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་ལ་མཐོ་འཚམ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། །།

เล่ม ๗ · หน้า 32a

འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཞི་བཅུ་རྩ་ལྔ་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་དག་ལ་ཚེ་དང་ལྡན་པ་དག་ཚུར་

ཤེག །ལྗོངས་རྒྱུར་འདོང་དང་དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་། ཁྱེད་ཅག་ཀྱང་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ལུང་དབོག་པ་དང་།

བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ་ཞེས་སྤྲོ་བར་བྱས་པ་དང་། དེ་དག་གིས་སློབ་དཔོན་དང་། མཁན་པོ་དག་ལ་ཞུས་པ། མཁན་པོ་བདག་ཅག་ལྗོངས་རྒྱུར་མཆིའོ། །སུ་དང་ལྷན་ཅིག་ཏུ། བཙུན་པ་འཆར་ཀ་དང་ངོ་། །ཚེ་དང་ལྡན་

པ་དག་དེ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་པས་ཁྱེད་ལ་མཐོ་འཚམ་པར་འགྱུར་རོ། །མཁན་པོ་བཙུན་པ་འཆར་ཀ་ནི་བདག་ཅག་གི་ཕ་མ་ལྟ་བུར་རྣམ་པར་གནས་པ་ལགས་པས་ཅིའི་སླད་དུ་བདག་ཅག་ལ་མཐོ་འཚམ་པར་འགྱུར་ཞེས་དེ་དག་གིས་དེ་དག་གི་ཚིག་ཚིག་མ་ཡིན་པར་བྱས་ཏེ་དེ་དང་

ལྷན་ཅིག་ལྗོངས་རྒྱུར་འཕགས་སོ། །འཆར་ཀས་གང་གི་ཚེ་ཕྱི་རོལ་གྱི་མཚམས་འདས་པ་དེའི་ཚེ་ན་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ཅིའི་ཕྱིར་གནས་མ་བཅས་པར་ལྗོངས་རྒྱུར་འདོང་བར་བྱེད། ཚུར་ཤེག་གནས་ཆོས་ཤིག་ཅེས་དེས་དེ་དག་མདུན་དུ་ཙོག་པུར་འདུག་ཏུ་བཅུག་སྟེ་གནས་

འཆར་བཅུག་གོ། །དེས་དེ་དག་ལ་ལ་ལ་གཏུར་བུ་གཏད། ལ་ལ་ལ་ལྷུང་བཟེད་ཀྱི་སྣོད་གཏད། ལ་ལ་ལ་བར་བུར་སྣོད་གཏད། ལ་ལ་ལ་ཕོར་བུ་གཏད། ལ་ལ་ལ་རིལ་བ་སྤྱི་བླུགས་གཏད་ནས། དེ་ལག་པ་གཉིས་བརྐྱང་སྟེ། རྔུལ་གཟན་ལས་གཞན་མེད་པར་འཇིག་རྟེན་ལ་མཐོ་འཚམ་ཞིང་

འགྲོ་བ་ན། དེ་དག་རི་བྲགས་ཤིག་ཏུ་ཕྱིན་ནས་དེ་དག་དེར་ཁྲོན་པ་ཞིག་གི་དྲུང་དུ་ངལ་སོ་བར་བྱེད་པ་ན་དེ་ན་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ཡོད་པ་དེར་གཎྜཱི་བརྡུངས་པ་དང་། དེ་དག་གིས་ཐོས་ནས་སྨྲས་པ། སློབ་དཔོན་གཙུག་ལག་ཁང་དུ་གཎྜཱི་བརྡུངས་ཀྱིས་བཞུད་དོ། །འཆར་ཀས་སྨྲས་པ།

เล่ม ๗ · หน้า 32b

ལྷུང་བཟེད་ནག་པོ་ཅན་ལས་མེད་པ་དག་གིས་ལས་ཀྱི་གཎྜཱི་བརྡུངས་ཤིང་བདག་ཅག་ངལ་བ་དག་གིས་ལས་བྱ་དགོས་པར་འགྱུར་བ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །སློབ་དཔོན་རྙེད་པའི་གཎྜཱི་མ་ལགས་སམ། དེ་ཡིན་ན་བདག་ཅག་མཚམས་སུ་ཕྱིན་ན་ཐོབ་བོ། །སློབ་དཔོན་ནི་གྲགས་པ་

བསོད་ནམས་ཆེ་བ་ལགས་པས་འཐོབ་ཀྱི་བདག་ཅག་སུས་སྩོལ་བར་འགྱུར། དེང་ལ་གལ་ཏེ་རྙེད་པ་ཡོད་ན་ཁོ་བོའི་ཡང་ནོས་ཤིག །དེ་དག་དོང་བ་དང་ཇི་ཙམ་ན་དེར་གནས་མལ་གྱི་གཎྜཱི་བརྡུངས་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་གནས་མལ་ནོས་ཤིག །དེ་དག་གིས་སྨྲས་

པ། བདག་ཅག་ལས་ཆེས་རྒན་པ་ཡང་ཡོད་དོ། །སུ་ཡིན། སློབ་དཔོན་འཆར་ཀའོ། །དེའི་ཡང་ནོས་ཤིག །དེ་དག་གིས་གནས་མལ་མནོས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་དེ་ན་འདུ་འཛིའི་གཏམ་གྱིས་འདུག་སྟེ་རི་བྲགས་འདི་སུའི། གཙུག་ལག་ཁང་འདི་སུའི། ལྷ་ཁང་

འདི་སུའི། སྐྱེད་མོས་ཚལ་འདི་སུའི། ཀུན་དགའ་ར་བ་འདི་སུའི། ཁྲོན་པ་འདི་སུའི། ཞིང་འདི་སུའི། བ་ལང་འདི་དག་སུའི། མ་ཧེ་འདི་དག་སུའི་ཞེས་འདུ་འཛིའི་གཏམ་གྱིས་འདུག་གོ། །དེ་དག་གིས་ཀྱང་བསམས་པ། སློབ་དཔོན་འཆར་ཀ་ཡུན་རིང་དུ་ཐོགས་པར་འགྱུར་

རོ་སྙམ་ནས་དེ་དག་གིས་གཅིག་ལ་གཅིག་ཞུས་ཏེ། ཚེ་དང་ལྡན་པ་འཆར་ཀའི་མལ་བཤམས་ནས། རྐང་པའི་ཆུ་དང་། རྐང་པ་བསྐུ་བ་མཐའ་གཅིག་ཏུ་བཞག་སྟེ་གཅིག་ལ་གཅིག་སྨྲས་པ། ཚེ་དང་ལྡན་པ་དེང་བདག་ཅག་གིས་ཁ་ཟས་བསོད་པ་དག་ཟོས་པས་རེ་ཞིག་ཟུང་གིས་

ལྷན་ཅིག་ཁ་ཏོན་བྱའོ་ཞེས་དེ་དག་གིས་ཟུང་གིས་ཁ་ཏོན་བྱ་བར་བརྩམས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་ཇི་སྲིད་དུ་དེའི་འདུ་འཛིའི་གཏམ་གྱི་ཟླ་ཡོད་པ་དེ་སྲིད་དུ་འདུག་འདུག་ནས་གང་གི་ཚེ་དེའི་འདུ་འཛིའི་གཏམ་གྱི་ཟླ་མེད་པ་དེའི་ཚེ་ན་མིག་ལམ་ཆད་པའི་དུས་ཀྱི་ཚེ་གཙུག་ལག་ཁང་དུ་འོངས་ཏེ་

དེ་དག་ལ་དྲིས་པ། ཚེ་དང་ལྡན་པ་དག་ཅི་བྱེད། སློབ་དཔོན་བདག་ཅག་གིས་དེང་ཁ་ཟས་བསོད་པ་དག་འཚལ་བས་རེ་ཞིག་ཟུང་གིས་ཁ་ཏོན་བགྱིད་དོ། །འཆར་ཀས་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་བསམ་གཏན་མི་བྱེད་པ་ལ་ཤེས་རབ་མེད་དོ་ཞེས་མ་

เล่ม ๗ · หน้า 33a

གསུངས་སམ། ཚུར་ཤོག་བསམ་གཏན་གྱིས་ཤིག་ཅེས་དེས་དེ་དག་དཔོང་སའི་ཁང་པར་བཙུད་དེ་སྐྱིལ་མོ་ཀྲུང་འཆར་བཅུག་ནས་མཚན་ཐོག་ཐག་བསྲེལ་ཏོ། །དེ་དག་ནང་པར་སྔར་ལངས་ཏེ་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ། །བདག་ཅག་མཆིའོ། །གར་

འདོང་། མཉན་ཡོད་དུའོ། །སྡོད་ཅིག་དང་ཁོ་བོས་ཁྱེད་ཅག་ན་བ་རྣམས་ཀྱི་ནད་གཡོག་བྱའོ། །སློབ་དཔོན་ཁྱོད་ཀྱིས་བདག་ཅག་མི་ན་བ་ཡང་ན་བར་བྱས་པས་ན་བ་རྣམས་ཀྱི་ནད་གཡོག་བྱས་རེ་སྐན་ཞེས་དེ་དག་མཉན་ཡོད་དུ་དོང་བ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་

ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། ཇི་ལྟར་བདེ་བར་བརྒྱུས། བདག་ཅག་སློབ་དཔོན་འཆར་ཀས་མཚན་ཐོག་ཐག་ཐོ་བཙམས་སོ། །ཇི་ལྟར་ཐོ་བཙམས། དེ་དག་གིས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་དོ། །

དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཆེད་དུ་བསམས་ཏེ་དགེ་སློང་རྣམས་ལ་མཐོ་འཚམ་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་ལ་མཐོ་འཚམ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་དག་

ལ་ཚེ་དང་ལྡན་པ་དག་ཚུར་ཤེག །ལྗོངས་རྒྱུར་འདོང་དང་དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་། ཁྱེད་ཅག་ཀྱང་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་།

ལུང་དབོག་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ་ཞེས་སྤྲོ་བར་བྱས་པ་དང་། དེ་དག་གིས་སློབ་དཔོན་དང་། མཁན་པོ་དག་ལ་ཞུས་པ། མཁན་པོ་བདག་ཅག་ལྗོངས་རྒྱུར་མཆིའོ། །སུ་དང་ལྷན་ཅིག་ཏུ། བཙུན་པ་འཆར་ཀ་དང་

เล่ม ๗ · หน้า 33b

ངོ་། །ཚེ་དང་ལྡན་པ་དག་དེ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་པས་ཁྱེད་ལ་མཐོ་འཚམ་པར་འགྱུར་རོ། །མཁན་པོ་བཙུན་པ་འཆར་ཀ་ནི་བདག་ཅག་གི་ཕ་མ་ལྟ་བུར་རྣམ་པར་གནས་པ་ལགས་པས་ཅིའི་སླད་དུ་བདག་ཅག་ལ་མཐོ་འཚམ་པར་འགྱུར་ཞེས་དེ་དག་གིས་དེ་དག་གི་ཚིག་ཚིག་མ་ཡིན་པར་

བྱས་ཏེ་དེ་དང་ལྷན་ཅིག་ལྗོངས་རྒྱུར་འཕགས་སོ། །འཆར་ཀས་གང་གི་ཚེ་ཕྱི་རོལ་གྱི་མཚམས་འདས་པའི་ཚེ་ན་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ཅིའི་ཕྱིར་གནས་མ་བཅས་པར་ལྗོངས་རྒྱུར་འདོང་བར་བྱེད། ཚུར་ཤོག་གནས་ཆོས་ཤིག་ཅེས་དེས་དེ་དག་མདུན་དུ་ཙོག་པུར་འདུག་ཏུ་བཅུག་སྟེ་

གནས་འཆར་བཅུག་གོ། །དེས་དེ་དག་ལ་ལ་ལ་གཏུར་བུ་གཏད། ལ་ལ་ལ་ལྷུང་བཟེད་ཀྱི་སྣོད་གཏད། ལ་ལ་ལ་བར་བུར་སྣོད་གཏད། ལ་ལ་ལ་ཕོར་བུ་གཏད། ལ་ལ་ལ་རིལ་བ་སྤྱི་བླུགས་གཏད་ནས། དེ་ལག་པ་གཉིས་བརྐྱང་སྟེ་རྔུལ་གཟན་ལས་གཞན་མེད་པར་འཇིག་རྟེན་ལ་མཐོ་

འཚམ་ཞིང་འགྲོ་བ་ན་དེ་དག་རི་བྲགས་ཤིག་ཏུ་ཕྱིན་ནས་དེ་དག་དེར་ཁྲོན་པ་ཞིག་གི་དྲུང་དུ་ངལ་སོ་བར་བྱེད་པ་ན། དེ་ན་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ཡོད་པ་དེར་གཎྜཱི་བརྡུངས་པ་དང་། དེ་དག་གིས་ཐོས་ནས་སྨྲས་པ། སློབ་དཔོན་གཙུག་ལག་ཁང་དུ་གཎྜཱི་བརྡུངས་ཀྱིས་བཞུད་དོ། །འཆར་

ཀས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་ལས་མེད་པ་དག་གིས་ལས་ཀྱི་གཎྜཱི་བརྡུངས་ཤིང་བདག་ཅག་ངལ་བ་དག་གིས་ལས་བྱ་དགོས་པར་འགྱུར་བ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །སློབ་དཔོན་རྙེད་པའི་གཎྜཱི་མ་ལགས་སམ། དེ་ཡིན་ན་བདག་ཅག་མཚམས་སུ་ཕྱིན་ན་འཐོབ་པོ། །སློབ་དཔོན་

ནི་གྲགས་པ་བསོད་ནམས་ཆེ་བ་ལགས་པས་ཐོབ་ཀྱི་བདག་ཅག་ལ་སུས་སྩོལ་བར་འགྱུར། དེང་ལ་གལ་ཏེ་རྙེད་པ་ཡོད་ན་ཁོ་བོའི་ཡང་ནོས་ཤིག །དེ་དག་དོང་བ་དང་། ཇི་ཙམ་ན་དེར་གནས་མལ་གྱི་གཎྜཱི་བརྡུངས་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་གནས་མལ་ནོས་ཤིག་དེ་དག་གིས་སྨྲས་

པ་བདག་ཅག་ལས་ཆེས་རྒན་པ་ཡང་ཡོད་དོ། །སུ་ཡིན། སློབ་དཔོན་འཆར་ཀའོ། །དེའི་ཡང་ནོས་ཤིག་དེ་དག་གིས་གནས་མལ་མནོས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་དེ་ན་འདུ་འཛིའི་གཏམ་གྱིས་འདུག་སྟེ་རི་བྲགས་འདི་སུའི། གཙུག་ལག་ཁང་འདི་སུའི། ལྷ་ཁང་འདི་སུའི། སྐྱེད་

เล่ม ๗ · หน้า 34a

མོས་ཚལ་འདི་སུའི། ཀུན་དགའ་ར་བ་འདི་སུའི། ཁྲོན་པ་འདི་སུའི། ཞིང་འདི་སུའི། བ་ལང་འདི་དག་སུའི། མ་ཧེ་འདི་དག་སུའི་ཞེས་འདུ་འཛིའི་གཏམ་གྱིས་འདུག་གོ། །དེ་དག་གིས་ཀྱང་བསམས་པ། སློབ་དཔོན་འཆར་ཀ་ཡུན་རིང་དུ་ཐོགས་པར་འགྱུར་རོ་

སྙམ་ནས་དེ་དག་གིས་གཅིག་ལ་གཅིག་ཞུས་ཏེ། ཚེ་དང་ལྡན་པ་འཆར་ཀའི་མལ་བཤམས་ནས། རྐང་པའི་ཆུ་དང་། རྐང་པ་བསྐུ་བ་མཐའ་གཅིག་ཏུ་བཞག་སྟེ་གཅིག་ལ་གཅིག་སྨྲས་པ། ཚེ་དང་ལྡན་པ་དག་ད་ལྟར་གྲང་བའི་དུས་ལ་བབ་ཀྱིས་བདག་ཅག་མེ་ཁང་དུ་ཞུགས་ཏེ་ཉལ་ལོ་ཞེས་

དེ་དག་མེ་ཁང་དུ་ཞུགས་ཏེ་ཉལ་ལོ། །ཚེ་དང་ལྡན་པ་འཆར་ཀ་ཡང་ཇི་སྲིད་དུ་དེའི་འདུ་འཛིའི་གཏམ་གྱི་ཟླ་ཡོད་པ་དེ་སྲིད་དུ་འདུག་འདུག་ནས་གང་གི་ཚེ་དེའི་འདུ་འཛིའི་གཏམ་གྱི་ཟླ་མེད་པ་དེའི་ཚེ་ན་མིག་ལམ་ཆད་པའི་དུས་ཀྱི་ཚེ་གཙུག་ལག་ཁང་དུ་འོངས་ཏེ་ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་དག་

ཅེས་བོད་པར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་འདམ་བུ་ཐིབས་པོའི་གསེབ་ཏུ་ཞུགས་པ་བཞིན་དུ་ཅི་འབོད། འཆར་ཀས་སྨྲས་པ། འདི་ན་ཁོ་བོའི་གཞོན་ནུ་དག་ཅིག་འཁོད་ན་དེ་དག་ལས་འགའ་ཞིག་ན་བར་མ་གྱུར་ཏམ། དེ་དག་

གིས་དེ་ཐོས་ནས་སྨྲས་པ། སློབ་དཔོན་མ་འབོད་ཅིག །གནས་ཁང་འོ་ནིར་གཟིམས་མལ་བཤམས་ཏེ་ཞབས་ཀྱི་ཆབ་དང་། ཞབས་བསྐུ་བ་ཡང་བཞག་གིས་དེར་གཟིམས་ཤིག །བདག་ཅག་ད་ལྟར་གྲང་བའི་དུས་ལ་བབ་པས་མེ་ཁང་དུ་ཞུགས་ཏེ་མཆིས་ཉལ་ལོ། །ཚེ་དང་ལྡན་

པ་དག་ཁྱེད་ཅག་གལ་ཏེ་ཁྲག་ནད་དམ། མཁྲིས་ནད་གཡོས་པར་གྱུར་ན་ཁོ་བོས་ཡུན་དེ་སྲིད་དུ་ཁྱེད་ཀྱི་ནད་གཡོག་བྱེད་པར་ག་ལ་ནུས་ཕྱིར་བྱུང་ཤིག་ཅེས་དེས་དེ་དག་བླ་གབ་མེད་པར་བཏོན་ཏེ་ཆུ་གྲང་མོས་བཏབ་ནས་མཚན་ཐོག་ཐག་བསིལ་ཡབ་ཀྱིས་གཡབས་སོ། །དེ་དག་གིས་མཚན་མོའི་

ནམ་ནངས་ནས་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ། །བདག་ཅག་མཆིའོ། །གར་འདོང་། མཉན་ཡོད་དུའོ། །སྡོད་ཅིག་དང་ཁོ་བོས་ཁྱེད་ཅག་ན་བ་རྣམས་ཀྱི་ནད་གཡོག་བྱའོ། །སློབ་དཔོན་ཁྱེད་ཀྱིས་ཁོ་བོ་ཅག་མི་ན་བ་ཡང་ན་བར་བྱས་པས་ན་བ་རྣམས་ཀྱི་ནད་གཡོག་བྱས་རེ་སྐན་ཞེས་དེ་དག་

เล่ม ๗ · หน้า 34b

མཉན་ཡོད་དུ་དོང་བ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། ཇི་ལྟར་བདེ་བར་བརྒྱུས། བདག་ཅག་སློབ་དཔོན་འཆར་ཀས་མཚན་ཐོག་ཐག་ཐོ་བཙམས་སོ། །ཇི་ལྟར་ཐོ་བཙམས། དེ་

དག་གིས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་དོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཆེད་དུ་བསམས་ཏེ་དགེ་སློང་རྣམས་ལ་མཐོ་འཚམ་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་

ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་ཙམ་ཅུང་ཟད་དགེ་སློང་ལ་མཐོ་འཚམ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །

དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་དག་ལ་ཚེ་དང་ལྡན་པ་དག་ཚུར་ཤོག །ལྗོངས་རྒྱུར་འདོང་དང་། དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་། ཁྱེད་ཅག་ཀྱང་ལྷུང་

བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ལུང་དབོག་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ་ཞེས་སྤྲོ་བར་བྱས་པ་དང་། དེ་དག་གིས་སློབ་དཔོན་དང་། མཁན་པོ་དག་ལ་

ཞུས་པ། མཁན་པོ་བདག་ཅག་ལྗོངས་རྒྱུར་མཆིའོ། །སུ་དང་ལྷན་ཅིག་ཏུ། བཙུན་པ་འཆར་ཀ་དང་ངོ་། །ཚེ་དང་ལྡན་པ་དག་དེ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་པས་ཁྱེད་ལ་མཐོ་འཚམ་པར་འགྱུར་རོ། །མཁན་པོ་བཙུན་པ་འཆར་ཀ་ནི་བདག་ཅག་གི་ཕ་མ་ལྟ་བུར་

རྣམ་པར་གནས་པ་ལགས་པས་ཅིའི་སླད་དུ་བདག་ཅག་ལ་མཐོ་འཚམ་པར་འགྱུར་ཞེས་དེ་དག་གིས་དེ་དག་གི་ཚིག་ཚིག་མ་ཡིན་པར་བྱས་ཏེ་དེ་དང་ལྷན་ཅིག་ལྗོངས་རྒྱུར་འཕགས་སོ། །འཆར་ཀས་གང་གི་ཚེ་ཕྱི་རོལ་གྱི་མཚམས་འདས་པ་དེའི་ཚེ་ན་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་

เล่ม ๗ · หน้า 35a

ཅག་ཅིའི་ཕྱིར་གནས་མ་བཅས་པར་ལྗོངས་རྒྱུར་འདོང་བར་བྱེད། ཚུར་ཤོག་གནས་ཆོས་ཤིག་ཅེས་དེས་དེ་དག་མདུན་དུ་ཙོག་པུར་འདུག་ཏུ་བཅུག་སྟེ་གནས་འཆར་བཅུག་གོ། །དེས་དེ་དག་ལ་ལ་ལ་གཏུར་བུ་གཏད། ལ་ལ་ལ་ལྷུང་བཟེད་ཀྱི་སྣོད་གཏད། ལ་ལ་

ལ་བར་བུར་སྣོད་གཏད། ལ་ལ་ལ་ཕོར་བུ་གཏད། ལ་ལ་ལ་རིལ་བ་སྤྱི་བླུགས་གཏད་ནས། དེ་ལག་པ་གཉིས་བརྐྱང་སྟེ། རྔུལ་གཟན་ལས་གཞན་མེད་པར་འཇིག་རྟེན་ལ་མཐོ་འཚམ་ཞིང་འགྲོ་བ་ན། དེ་དག་རི་བྲགས་ཤིག་ཏུ་ཕྱིན་ནས་དེ་དག་དེར་ཁྲོན་པ་ཞིག་གི་དྲུང་དུ་ངལ་སོ་བར་བྱེད་

པ་ན་དེ་ན་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ཡོད་པ་དེར་གཎྜཱི་བརྡུངས་པ་དང་། དེ་དག་གིས་ཐོས་ནས་སྨྲས་པ། སློབ་དཔོན་གཙུག་ལག་ཁང་དུ་གཎྜཱི་བརྡུངས་ཀྱིས་བཞུད་དོ། །འཆར་ཀས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་ལས་མེད་པ་དག་གིས་ལས་ཀྱི་གཎྜཱི་བརྡུངས་ཤིང་བདག་ཅག་

ངལ་བ་དག་གིས་ལས་བྱ་དགོས་པར་འགྱུར་བ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །སློབ་དཔོན་རྙེད་པའི་གཎྜཱི་མ་ལགས་སམ། དེ་ཡིན་ན་བདག་ཅག་མཚམས་སུ་ཕྱིན་ན་འཐོབ་བོ། །སློབ་དཔོན་ནི་གྲགས་པ་བསོད་ནམས་ཆེ་བ་ལགས་པས་འཐོབ་ཀྱི་བདག་ཅག་ལ་སུས་སྩོལ་བར་འགྱུར།

དེང་ལ་གལ་ཏེ་རྙེད་པ་ཡོད་ན་ཁོ་བོའི་ཡང་ནོས་ཤིག །དེ་དག་དོང་བ་དང་ཇི་ཙམ་ན་དེར་གནས་མལ་གྱི་གཎྜཱི་བརྡུངས་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་གནས་མལ་ནོས་ཤིག །དེ་དག་གིས་སྨྲས་པ། བདག་ཅག་ལས་ཆེས་རྒན་པ་ཡང་ཡོད་དོ། །སུ་ཡིན།

སློབ་དཔོན་འཆར་ཀའོ། །དེའི་ཡང་ནོས་ཤིག །དེ་དག་གིས་གནས་མལ་མནོས་སོ། །ཚེ་དང་ལྡན་པ་འཆར་ཀ་ཡང་དེ་ན་འདུ་འཛིའི་གཏམ་གྱིས་འདུག་སྟེ་རི་བྲགས་འདི་སུའི། གཙུག་ལག་ཁང་འདི་སུའི། ལྷ་ཁང་འདི་སུའི། སྐྱེད་མོས་ཚལ་འདི་སུའི། ཀུན་དགའ་ར་བ་

འདི་སུའི། ཁྲོན་པ་འདི་སུའི། ཞིང་འདི་སུའི། བ་ལང་འདི་དག་སུའི། མ་ཧེ་འདི་དག་སུའི་ཞེས་འདུ་འཛིའི་གཏམ་གྱིས་འདུག་གོ། །དེ་དག་གིས་བསམས་པ། སློབ་དཔོན་འཆར་ཀ་ཡུན་རིང་དུ་ཐོགས་པར་འགྱུར་རོ་སྙམ་ནས། དེ་དག་གིས་གཅིག་ལ་གཅིག་ཞུས་

เล่ม ๗ · หน้า 35b

ཏེ་ཚེ་དང་ལྡན་པ་འཆར་ཀའི་མལ་བཤམས་ནས་རྐང་པའི་ཆུ་དང་། རྐང་པ་བསྐུ་བ་མཐའ་གཅིག་ཏུ་བཞག་སྟེ་གཅིག་ལ་གཅིག་སྨྲས་པ། ཚེ་དང་ལྡན་པ་དག་ད་ལྟར་དྲོ་བའི་དུས་ལ་བབ་ཀྱིས་བདག་ཅག་དཔོང་སའི་ཁང་པར་ཞུགས་ཏེ་ཉལ་ལོ་ཞེས་དེ་དག་དཔོང་སའི་ཁང་པར་ཞུགས་

ཏེ་ཉལ་ལོ། །ཚེ་དང་ལྡན་པ་འཆར་ཀ་ཡང་ཇི་སྲིད་དུ་དེའི་འདུ་འཛིའི་གཏམ་གྱི་ཟླ་ཡོད་པ་དེ་སྲིད་དུ་འདུག་འདུག་ནས་གང་གི་ཚེ་འདུ་འཛིའི་གཏམ་གྱི་ཟླ་མེད་པ་དེའི་ཚེ་ན་མིག་ལམ་ཆད་པའི་དུས་ཀྱི་ཚེ་གཙུག་ལག་ཁང་དུ་འོངས་ཏེ་ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་དག་ཅེས་བོད་པར་བརྩམས་པ་དང་།

དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་འདམ་བུ་ཐིབས་པོའི་གསེབ་ཏུ་ཞུགས་པ་བཞིན་དུ་ཅི་འབོད། འཆར་ཀས་སྨྲས་པ། འདི་ན་ཁོ་བོའི་གཞོན་ནུ་དག་ཅིག་འཁོད་ན་དེ་དག་ལས་འགའ་ཞིག་ན་བར་མ་གྱུར་ཏམ། དེ་དག་གིས་དེ་ཐོས་ནས་སྨྲས་པ། སློབ་དཔོན་མ་

འབོད་ཅིག །གནས་ཁང་འོ་ནིར་གཟིམས་མལ་བཤམས་ཏེ་ཞབས་ཀྱི་ཆབ་དང་། ཞབས་བསྐུ་བ་ཡང་བཞག་གིས་དེར་གཟིམས་ཤིག །བདག་ཅག་ད་ལྟར་དྲོ་བའི་དུས་ལ་བབ་པས་དཔོང་སའི་ཁང་པར་ཞུགས་ཏེ་ཉལ་ལོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་གལ་ཏེ་རླུང་ངམ།

བད་ཀན་གཡོས་པར་གྱུར་ན་ཁོ་བོས་ཡུན་དེ་སྲིད་དུ་ཁྱེད་ཀྱི་ནད་གཡོག་བྱེད་པར་ག་ལ་ནུས། བྱིབས་ཤིག་ཅེས་དེས་དེ་དག་ནང་དུ་བཙུད་ནས་སྐར་ཁུང་དག་བཅད་དེ་མེ་སྦར་ནས་སྒོ་བཅད་དེ། ལ་བ་ཇི་སྙེད་ཡོད་པ་དག་གིས་དཀྲིས་ཏེ་སྟེང་དུ་མནན་ནས་འདུག་གོ། །དེ་དག་གིས་མཚན་མོའི་

ནམ་ནངས་ནས་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ། །བདག་ཅག་མཆིའོ། །གར་འདོང་། མཉན་ཡོད་དུའོ། །སྡོད་ཅིག་དང་ཁོ་བོས་ཁྱེད་ཅག་ན་བ་རྣམས་ཀྱི་ནད་གཡོག་བྱའོ། །སློབ་དཔོན་ཁྱེད་ཀྱིས་བདག་ཅག་མི་ན་བ་ཡང་ན་བར་བྱས་པས་ན་བ་རྣམས་ཀྱི་ནད་གཡོག་བྱས་རེ་

སྐན་ཞེས་དེ་དག་མཉན་ཡོད་དུ་དོང་བ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། ཇི་ལྟར་བདེ་བར་བརྒྱུས། བདག་ཅག་སློབ་དཔོན་འཆར་ཀས་མཚན་ཐོག་ཐག་ཐོ་བཙམས་སོ། །

เล่ม ๗ · หน้า 36a

ཇི་ལྟར་ཐོ་བཙམས། དེ་དག་གིས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་དོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཆེད་དུ་བསམས་ཏེ་དགེ་སློང་རྣམས་ལ་མཐོ་འཚམ་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་

སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཇི་ཙམ་དུ་ཅུང་ཟད་དགེ་སློང་ལ་མཐོ་འཚམ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་

ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་དག་ལ་ཚེ་དང་ལྡན་པ་དག་ཚུར་ཤོག །ལྗོངས་རྒྱུར་འདོང་དང་དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ།

རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་ཁྱེད་ཅག་ཀྱང་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ལུང་དབོག་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ། །ཁྱེད་ཅག་ན་བ་དག་གི་ནད་གཡོག་

ཀྱང་བྱའོ་ཞེས་སྤྲོ་བར་བྱས་པ་དང་། དེ་གང་གི་ཚེ་ན་དགེ་སློང་རྣམས་ཀྱིས་འདི་གནས་ངན་ལེན་ཀུན་ཏུ་སྤྱོད་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་གྱུར་པ་དེའི་ཚེ་ན་འགའ་ཡང་དེ་དང་ལྷན་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་མེད་ནས། དེ་གཅིག་པུ་ལྗོངས་རྒྱུར་སོང་བ་ན་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་

ཏུ་ཕྱིན་ཏོ། །གཙུག་ལག་ཁང་དེ་ན་བཤང་བའི་སྐྱབས་ཀྱང་མེད། གཅི་བའི་སྐྱབས་ཀྱང་མེད་དེ་དེ་ན་དགེ་སློང་དག་གིས་གྱོ་མོ་དག་བཞག་སྟེ། དེར་བཤང་བ་དང་གཅི་བ་དག་བྱས་ནས་འདོར་བར་བྱེད་དོ། །འཆར་ཀ་གཙུག་ལག་ཁང་དེར་ཞུགས་པ་ན་དགེ་སློང་རྣམས་ཀྱིས་འདི་གནས་

ངན་ལེན་ཀུན་དུ་སྤྱོད་པ་ཡིན་ནོ་ཞེས་བྱ་བར་དེ་ཤེས་ནས་དགེ་སློང་འགས་ཀྱང་དེ་མཁོས་སུ་མ་ཕབ་པ་དང་། དེས་བསམས་པ། ལྷུང་བཟེད་ནག་པོ་ཅན་འདི་དག་མི་དགའ་བར་བྱའོ་སྙམ་ནས་དེ་གཙུག་ལག་ཁང་དེའི་སྟེང་དུ་འཛེགས་པ་དང་། ཇི་ཙམ་ན་དེས་དེ་ན་གྱོ་མོ་དག་བཞག་པ་

เล่ม ๗ · หน้า 36b

མཐོང་ནས། དེས་སྨྲས་པ། ཅི་གཙུག་ལག་ཁང་འདི་ཆོལ་ཟངས་ཅན་ཡིན་ནམ་ཞེས་གྱོ་མོ་དེ་དག་རྐང་པའི་མཐེ་བོས་བཟུང་སྟེ་ཕྱི་རོལ་དུ་བོར་རོ། །དགེ་སློང་དག་མཚན་མོ་ལངས་པ་དང་ཇི་ཙམ་ན་གྱོ་མོ་དག་མི་སྣང་ནས་དེ་དག་གིས་ཝའི་ཁར་བཤང་བ་དང་། གཅི་བ་བྱས་སོ། །དེ་

ནས་མཚན་མོའི་ནམ་ལངས་པ་ན་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་ལྷགས་པ་དང་། དེས་དེ་དག་ལ་སྨྲས་པ། ཤེས་ལྡན་དག་ཇི་ལྟར་ལྷུང་བཟེད་ནག་པོ་ཅན་གནས་ངན་ལེན་ཀུན་ཏུ་སྤྱོད་པ་དག་གིས་གཙུག་ལག་ཁང་ཐམས་ཅད་བཤང་བ་དང་། གཅི་བས་མ་རུང་

བར་བྱས་པ་ལ་ལྟོས་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་ལ་མཐོ་འཚམ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །སངས་རྒྱས་བཅོམ་

ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་དག་ལ་ཚེ་དང་ལྡན་པ་དག་ཚུར་ཤེག །ལྗོངས་རྒྱུར་འདོང་དང་དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་

བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་ཁྱེད་ཅག་ཀྱང་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ལུང་དབོག་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་པར་

བྱའོ། །ཁྱེད་ཅག་ན་བ་དག་གི་ནད་གཡོག་ཀྱང་བྱའོ། །ཞེས་སྤྲོ་བར་བྱས་པ་དང་། དེ་གང་གི་ཚེ་ན་དགེ་སློང་རྣམས་ཀྱིས་འདི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་གྱུར་པ་དེའི་ཚེ་ན་འགའ་ཡང་དེ་དང་ལྷན་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་མེད་ནས་དེ་གཅིག་པུ་ལྗོངས་རྒྱུར་

སོང་བ་ན་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་དུ་ཕྱིན་ཏོ། །འཆར་ཀ་གཙུག་ལག་ཁང་དེར་ཞུགས་པ་ན་དགེ་སློང་རྣམས་ཀྱིས་འདི་གནས་ངན་ལེན་ཀུན་ཏུ་སྤྱོད་པ་ཡིན་ནོ་ཞེས་བྱ་བར་དེ་ཤེས་ནས་དགེ་སློང་འགས་ཀྱང་དེ་མཁོས་སུ་མ་ཕབ་པ་དང་། དེས་བསམས་པ། ལྷུང་བཟེད་ནག་པོ་ཅན་

เล่ม ๗ · หน้า 37a

འདི་དག་མི་དགའ་བར་བྱའོ་སྙམ་ནས་དེས་བཀྲུ་སྨན་གྱི་རིལ་དུ་ཟོས་ནས་མེ་ཁང་དུ་ཞུགས་ཏེ་འདུག་པ་ན་དེར་དེས་འཁྲུ་བར་བརྩམས་སོ། །བཅོམ་ལྡན་འདས་ཀྱིས་ནད་པ་དུས་གསུམ་དུ་བལྟ་བར་བྱའོ་ཞེས་བཀའ་སྩལ་པས། དགེ་སློང་གནས་བརྟན་གནས་

བརྟན་དག་དེའི་ནད་འདྲིར་ལྷགས་ནས། དེ་དག་གིས་དེ་ལ་དྲིས་པ། ཚེ་དང་ལྡན་པ་རུང་ངམ། དེས་སྨྲས་པ། རུང་ངོ་། །གནས་བརྟན་དག་ཡུད་ཙམ་ཞིག་འཁོད་ནས་འདོང་བར་བརྩམས་པ་དང་། དེས་སྨྲས་པ། གནས་བརྟན་དག་རེ་ཞིག་ཡུད་ཙམ་ཞིག་གཞེས་ཤིག །

དེ་དག་གིས་ཡུད་ཙམ་ཞིག་འཁོད་ནས་དོང་བར་བརྩམས་པ་དང་། དེས་ཡང་སྨྲས་པ། གནས་བརྟན་དག་ད་དུང་ཡང་ཡུད་ཙམ་ཞིག་གཞེས་ཤིག །ཚེ་དང་ལྡན་པ་ཆེད་དུ་བསམས་ཏེ་མཐོ་འཚམ་པར་མི་བྱེད་དམ། ལྷུང་བཟེད་ནག་པོ་ཅན་ཁྱེད་དེ་ལྟར་མི་དགའ་བར་བྱའོ་ཞེས་

ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་ལ་མཐོ་འཚམ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་

བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་དག་ལ་ཚེ་དང་ལྡན་པ་དག་ཚུར་ཤེག་ལྗོངས་རྒྱུར་འདོང་དང་། དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་

ཡང་བསྒྲག་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་། ཁྱེད་ཅག་ཀྱང་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ལུང་དབོག་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ། །ཁྱེད་

ཅག་ན་བ་དག་གི་ནད་གཡོག་ཀྱང་བྱའོ་ཞེས་སྤྲོ་བར་བྱས་པ་དང་། དེ་གང་གི་ཚེ་དགེ་སློང་རྣམས་ཀྱིས་འདི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་ནོ། །ཞེས་བྱ་བར་ཤེས་པར་གྱུར་པ་དེའི་ཚེ་ན་འགའ་ཡང་དེ་དང་ལྷན་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་མེད་ནས་དེ་གཅིག་པུ་ལྗོངས་རྒྱུར་སོང་བ་ན་རི་

เล่ม ๗ · หน้า 37b

བྲགས་ཀྱི་གཙུག་ལག་ཁང་ཞིག་ཏུ་ཕྱིན་ཏོ། །གཙུག་ལག་ཁང་དེ་ན་དགེ་སློང་སྤོང་བ་པ་ཤ་སྟག་འཁོད་དོ། །འཆར་ཀ་གཙུག་ལག་ཁང་དེར་ཞུགས་པ་ན་དགེ་སློང་རྣམས་ཀྱིས་འདི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་ནོ་ཞེས་བྱ་བར་དེ་ཤེས་ནས། དགེ་སློང་འགས་ཀྱང་དེ་མཁོས་

སུ་མ་ཕབ་པ་དང་། དེས་བསམས་པ། ལྷུང་བཟེད་ནག་པོ་ཅན་འདི་དག་མི་དགའ་བར་བྱའོ་སྙམ་ཞིང་གཙུག་ལག་ཁང་དེ་ཡང་ཕྱེད་བྱས་ཟིན་པར་འདུག་ནས་ཚེ་དང་ལྡན་པ་འཆར་ཀ་ཁྱིམ་བདག་དེའི་གན་དུ་སོང་སྟེ་ཕྱིན་ནས་སྨྲས་པ། ཁྱིམ་བདག་ཅིའི་ཕྱིར་གཙུག་ལག་ཁང་

ཟིན་པར་མི་བྱེད། བཅོམ་ལྡན་འདས་ཀྱིས་ཀྱང་། མྱུར་བར་དགེ་ལ་འཇུག་བྱ་ཞིང་། །སྡིག་ལས་སེམས་ཀྱང་བཟློག་པར་བྱ། །བསོད་ནམས་བུལ་བར་བྱེད་གྱུར་ན། །ཡིད་ནི་སྡིག་ལ་དགའ་བར་འགྱུར། །ཞེས་མ་གསུངས་སམ། འཕགས་པ་བདག་ལ་ཀཱར་ཥཱ་པ་

ཎ་དག་ནི་མཆིས་ན་གླ་མི་དག་མ་མཆིས་སོ། །ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་མཁར་ལན་བྱའོ་ཞེས་མ་གསུངས་སམ། གལ་ཏེ་འཕགས་པས་མཁར་ལན་བགྱིད་དུ་སྩལ་ན་ལེགས་སོ། །འཆར་ཀས་གཙུག་ལག་ཁང་དུ་སོང་སྟེ་གཎྜཱི་བརྡུངས་སོ། །

བཅོམ་ལྡན་འདས་ཀྱིས་གཎྜཱི་བསུ་བར་བྱའོ་ཞེས་བསྔགས་པས་དགེ་སློང་རྣམས་ཀྱིས་གཎྜཱི་བསུ་བ་དང་། ཇི་ཙམ་ན་ཚེ་དང་ལྡན་པ་འཆར་ཀས་སོ་ཕག་དག་གདེག་པར་བརྩམས་པ་མཐོང་ནས་དགེ་སློང་དེ་དག་གིས་ཀྱང་སོ་ཕག་དག་གདེག་པར་བརྩམས་སོ། །འཆར་ཀས་དགེ་

སློང་དེ་དག་ཉིན་ཐོག་ཐག་སོ་ཕག་དག་སྐྱེད་དུ་བཅུག་པ་དང་། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་གཙུག་ལག་ཁང་འདི་སྔོན་ནི་རྣལ་འབྱོར་དང་མཐུན་པར་གྱུར་ན། ད་ནི་མཁར་ལན་དང་མཐུན་པར་གྱུར་གྱིས་མཉན་ཡོད་དུ་འདོང་ངོ་ཞེས་དེ་དག་མཉན་ཡོད་དུ་དོང་བ་དང་།

དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཁོ་བོ་ཅག་ཁྱེད་མཐོང་བར་ནི་དགའི་འོངས་པར་ནི་མི་དགའོ། །གཙུག་ལག་ཁང་དེ་རྣལ་འབྱོར་དང་མཐུན་པ་ཡིན་ན་ཁྱེད་ཅག་ཅིའི་ཕྱིར་གཙུག་ལག་ཁང་དེ་

เล่ม ๗ · หน้า 38a

བོར་ཏེ་འདིར་འོངས། ཚེ་དང་ལྡན་པ་དག་གཙུག་ལག་ཁང་དེ་སྔོན་ནི་རྣལ་འབྱོར་དང་མཐུན་པར་གྱུར་ན་ད་ནི་མཁར་ལན་དང་མཐུན་པར་གྱུར་ཏོ། །ཇི་ལྟར་གྱུར། ཚེ་དང་ལྡན་པ་འཆར་ཀ་དེར་འོངས་ནས་མཁར་ལན་ཕྱུང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་

བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་ལ་མཐོ་འཚམ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་

ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་དག་ལ་ཚེ་དང་ལྡན་པ་དག་ཚུར་ཤེག་ལྗོངས་རྒྱུར་འདོང་དང་། དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་།

ཁྱེད་ཅག་ཀྱང་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ལུང་དབོག་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ། །ཁྱེད་ཅག་ན་བ་དག་གི་ནད་གཡོག་ཀྱང་བྱའོ་ཞེས་སྤྲོ་བར་

བྱས་པ་དང་། དེ་གང་གི་ཚེ་ན་དགེ་སློང་རྣམས་ཀྱིས་འདི་གནས་ངན་ལེན་ཀུན་ཏུ་སྤྱོད་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་གྱུར་པ་དེའི་ཚེ་ན་འགའ་ཡང་དེ་དང་ལྷན་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་མེད་ནས་དེ་གཅིག་པུ་ལྗོངས་རྒྱུར་སོང་བ་ན་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ཏུ་ཕྱིན་ཏོ། །གཙུག་

ལག་ཁང་དེ་ན་དགེ་སློང་ཁ་ཏོན་པ་ཤ་སྟག་འཁོད་དོ། །འཆར་ཀ་གཙུག་ལག་ཁང་དེར་ཞུགས་པ་ན་དགེ་སློང་རྣམས་ཀྱིས་འདི་གནས་ངན་ལེན་ཀུན་ཏུ་སྤྱོད་པ་ཡིན་ནོ་ཞེས་བྱ་བར་དེ་ཤེས་ནས་དགེ་སློང་འགས་ཀྱང་དེ་མཁོས་སུ་མ་ཕབ་པ་དང་། དེས་བསམས་པ། ལྷུང་བཟེད་ནག་

པོ་ཅན་འདི་དག་མི་དགའ་བར་བྱའོ་སྙམ་ཞིང་གཙུག་ལག་ཁང་དེ་ཡང་ཕྱེད་བྱས་ཟིན་པར་འདུག་ནས་ཚེ་དང་ལྡན་པ་འཆར་ཀ་ཁྱིམ་བདག་དེའི་གན་དུ་སོང་སྟེ་ཕྱིན་ནས་སྨྲས་པ། ཁྱིམ་བདག་ཅིའི་ཕྱིར་གཙུག་ལག་ཁང་ཟིན་པར་མི་བྱེད། བཅོམ་ལྡན་འདས་ཀྱིས་ཀྱང་། མྱུར་བར་དགེ་

เล่ม ๗ · หน้า 38b

ལ་འཇུག་བྱ་ཞིང་། །སྡིག་ལས་སེམས་ཀྱང་བཟློག་པར་བྱ། །བསོད་ནམས་བུལ་བར་བྱེད་གྱུར་ན། །ཡིད་ནི་སྡིག་ལ་དགའ་བར་འགྱུར། །ཞེས་མ་གསུངས་སམ། འཕགས་པ་བདག་ལ་ཀཱར་ཥཱ་པ་ཎ་དག་ནི་མཆིས་ན་གླ་མི་དག་མ་མཆིས་སོ། །ཁྱིམ་བདག་བཅོམ་ལྡན་འདས་

ཀྱིས་དགེ་སློང་དག་གིས་མཁར་ལན་བྱའོ་ཞེས་མ་གསུངས་སམ། གལ་ཏེ་འཕགས་པས་མཁར་ལན་བགྱིད་དུ་སྩལ་ན་ལེགས་སོ། །འཆར་ཀས་གཙུག་ལག་ཁང་དུ་སོང་སྟེ་གཎྜཱི་བརྡུངས་སོ། །བཅོམ་ལྡན་འདས་ཀྱིས་གཎྜཱི་བསུ་བར་བྱའོ་ཞེས་གསུངས་པས་དགེ་སློང་རྣམས་

ཀྱིས་གཎྜཱི་བསུ་བ་དང་། ཇི་ཙམ་ན་ཚེ་དང་ལྡན་པ་འཆར་ཀས་སོ་ཕག་དག་གདེག་པར་བརྩམས་པ་མཐོང་ནས་དགེ་སློང་དག་གིས་ཀྱང་སོ་ཕག་དག་གདེག་པར་བརྩམས་སོ། །འཆར་ཀས་དགེ་སློང་དེ་དག་ཉིན་ཐོག་ཐག་སོ་ཕག་དག་སྐྱེད་དུ་བཅུག་པ་དང་། དེ་དག་གིས་སྨྲས་པ། ཚེ་

དང་ལྡན་པ་དག་གཙུག་ལག་ཁང་འདི་སྔོན་ནི་ཁ་ཏོན་དང་མཐུན་པར་གྱུར་ན་ད་ནི་མཁར་ལན་དང་མཐུན་པར་གྱུར་གྱིས་མཉན་ཡོད་དུ་འདོང་ངོ་ཞེས་དེ་དག་མཉན་ཡོད་དུ་དོང་བ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །

ཁོ་བོ་ཅག་ཁྱེད་ཅག་མཐོང་བར་ནི་དགའི་འོང་བར་ནི་མི་དགའོ། །གཙུག་ལག་ཁང་དེ་ཁ་ཏོན་དང་མཐུན་པ་ཡིན་ན་ཁྱེད་ཅག་ཅིའི་ཕྱིར་གཙུག་ལག་ཁང་དེ་བོར་ཏེ་འདིར་འོངས། ཚེ་དང་ལྡན་པ་དག་གཙུག་ལག་ཁང་དེ་སྔོན་ནི་ཁ་ཏོན་དང་མཐུན་པར་གྱུར་ན་ད་ནི་མཁར་ལན་དང་མཐུན་པར་གྱུར་ཏོ། །ཇི་

ལྟར་གྱུར། ཚེ་དང་ལྡན་པ་འཆར་ཀ་དེར་འོངས་ནས་མཁར་ལན་ཕྱུང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་ལ་མཐོ་འཚམ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་

འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་དག་ལ་ཚེ་དང་ལྡན་པ་དག་ཚུར་ཤེག་ལྗོངས་རྒྱུར་འདོང་དང་། དེར་བདག་ཅག་གིས་རྒོལ་བ་

เล่ม ๗ · หน้า 39a

དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་། ཁྱེད་ཅག་ཀྱང་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ལུང་དབོག་པ་དང་། བཀླག་པ་དང་། ཁ་

ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ། །ཁྱེད་ཅག་ན་བ་དག་གི་ནད་གཡོག་ཀྱང་བྱའོ་ཞེས་སྤྲོ་བར་བྱས་པ་དང་། དེ་གང་གི་ཚེ་ན་དགེ་སློང་རྣམས་ཀྱིས་འདི་གནས་ངན་ལེན་ཀུན་ཏུ་སྤྱོད་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་གྱུར་པ་དེའི་ཚེ་ན་འགའ་ཡང་དེ་དང་

ལྷན་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་མེད་ནས་དེ་གཅིག་པུ་ལྗོངས་རྒྱུར་སོང་བ་ན་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ཏུ་ཕྱིན་ཏོ། །གཙུག་ལག་ཁང་དེ་ཆོམ་རྐུན་པས་འཇིགས་པ་དང་བཅས་པ་ཡིན་ནོ། །འཆར་ཀ་གཙུག་ལག་ཁང་དེར་ཞུགས་པ་ན་དགེ་སློང་རྣམས་ཀྱིས་འདི་གནས་ངན་ལེན་ཀུན་དུ་སྤྱོད་པ་

ཡིན་ནོ་ཞེས་བྱ་བར་དེ་ཤེས་ནས་དགེ་སློང་འགས་ཀྱང་དེ་མཁོས་སུ་མ་ཕབ་པ་དང་། དེས་བསམས་པ། ལྷུང་བཟེད་ནག་པོ་ཅན་འདི་དག་མི་དགའ་བར་བྱའོ་སྙམ་ནས་དེས་སྒོ་ཕྱེ་སྟེ་སྒོ་ཁང་དུ་འདུག་པ་དང་། དགེ་སྐོས་ཀྱིས་སྨྲས་པ། བཙུན་པ་འཆར་ཀ་ཁོ་བོ་སྒོ་གཅོད་པར་བྱེད་ཀྱིས་ཁྱོད་ཕྱོགས་འདིར་

འདུག་ཤིག་འཆར་ཀས་སྨྲས་པ། ཁྱོད་རང་གི་གནས་ཁང་གི་སྒོ་ལེགས་པར་ཆོད་ལ་འདུག་ཤིག་ཅེས་དེས་སྒོ་གཅོད་དུ་མ་སྟེར་ཏོ། །དགེ་སློང་དེ་དག་འཇིགས་པ་དང་བཅས་པར་གཙུག་ལག་ཁང་གི་སྒོ་མ་བཅད་པས་མཚན་ཐོག་ཐག་ཏྲོན་བྱེད་བྱེད་ནས་མཚན་མོའི་ནམ་ནངས་པར་གྱུར་པའི་སྐབས་

དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་ལ་མཐོ་འཚམ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་

ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འཆར་ཀས་དགེ་སློང་གསར་བུ་གསར་བུ་དག་ལ་ཚེ་དང་ལྡན་པ་དག་ཚུར་ཤེག་ལྗོངས་རྒྱུར་འདོང་དང་། དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ། རྙེད་

เล่ม ๗ · หน้า 39b

པ་ཡང་བསྒྲུབ་པར་བྱ་ཞིང་། ཁྱེད་ཅག་ཀྱང་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ལུང་དབོག་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ། །ཁྱེད་ཅག་ན་བ་དག་གི་ནད་

གཡོག་ཀྱང་བྱའོ་ཞེས་སྤྲོ་བར་བྱས་པ་དང་། དེ་གང་གི་ཚེ་ན་དགེ་སློང་རྣམས་ཀྱིས་འདི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་གྱུར་པ་དེའི་ཚེ་ན་འགའ་ཡང་དེ་དང་ལྷན་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་མེད་ནས། དེ་གཅིག་པུ་ལྗོངས་རྒྱུར་སོང་བ་ན་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ཏུ་ཕྱིན་ཏོ། །

གཙུག་ལག་ཁང་དེ་ནི་འཇིགས་པ་མེད་པ་ཡིན་ནོ། །འཆར་ཀ་གཙུག་ལག་ཁང་དེར་ཞུགས་པ་ན་དགེ་སློང་རྣམས་ཀྱིས་འདི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་ནོ་ཞེས་བྱ་བར་དེ་ཤེས་ནས་དགེ་སློང་འགས་ཀྱང་དེ་མཁོས་སུ་མ་ཕབ་པ་དང་། དེས་བསམས་པ། ལྷུང་བཟེད་ནག་པོ་ཅན་འདི་དག་མི་

དགའ་བར་བྱའོ་སྙམ་ཞིང་གཙུག་ལག་ཁང་དེ་ཡང་འཇིགས་པ་མེད་པ་ཡིན་པས་དེ་ན་དགེ་སློང་དག་ཕྱི་རོལ་དུ་བཤང་བ་དང་། གཅི་བ་བྱེད་དུ་འདོང་ནས་འཆར་ཀས་སྒོ་བཅད་དེ་སྒོ་ཁང་དུ་མལ་བཤམས་ནས་ཉལ་ལོ། །དགེ་སློང་དག་མཚན་མོ་བཤང་བ་དང་། གཅི་བ་དག་བྱེད་དུ་འདོང་འདོང་ནས་

སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་ཁོ་བོ་ཅག་ཕྱི་རོལ་དུ་འདོང་གིས་ཁྱོད་ཕྱོགས་འདིར་ཉོལ་ཅིག །འཆར་ཀས་སྨྲས་པ། ཁྱེད་ཅག་རང་རང་གི་གནས་ཁང་གི་གློ་ཕུག་ལ་ཕྱི་རོལ་དུ་དེང་ཤིག །དགེ་སློང་དེ་དག་བཤང་བ་དང་། གཅི་བ་བདོ་བས་ཁ་ཅིག་གིས་ནི་ཁྱམས་སུ་བཤང་བ་དང་།

གཅི་བ་བྱས། ཁ་ཅིག་གིས་ནི་རྫིང་དྲུང་དུ་བཤང་བ་དང་། གཅི་བ་བྱས་སོ། །དེ་ནས་མཚན་མོའི་ནམ་ནངས་པ་ན་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གཙུག་ལག་ཁང་དུ་ལྷགས་པ་དང་། འཆར་ཀས་དེ་དག་ལ་སྨྲས་པ། ཤེས་ལྡན་དག་ཇི་ལྟར་ལྷུང་བཟེད་ནག་པོ་ཅན་གནས་

ངན་ལེན་ཀུན་དུ་སྤྱོད་པ་འདི་དག་གིས་གཙུག་ལག་ཁང་ཐམས་ཅད་བཤང་བ་དང་། གཅི་བས་མ་རུང་བར་བྱས་པ་ལ་ལྟོས་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་

เล่ม ๗ · หน้า 40a

སློང་ལ་མཐོ་འཚམ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དག་གཞན་ཡང་དྲུག་པོ་འདི་དག་ནི་བསྐོ་བར་མི་བྱ་སྟེ། དྲུག་གང་ཞེ་ན། སྒོ་ཁང་དང་། ཐེམ་སྐས་ཀྱི་གཞི་དང་། ཁྱམས་དང་། དཔོང་སའི་ཁང་པ་དང་། མེ་ཁང་དང་། བཀད་སའོ། །

ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཕྱིས་གནོན་གྱི་ལྟུང་བྱེད་དེ་བཅུ་བདུན་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་

བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཉེ་དགའས་དགེ་སློང་གསར་བུ་གསར་བུ་དག་ལ་ཚེ་དང་ལྡན་པ་དག་ཚུར་ཤེག་ལྗོངས་རྒྱུར་འདོང་དང་། དེར་བདག་ཅག་གིས་རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱ་ཞིང་། ཁྱེད་ཅག་

ཀྱང་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ལུང་དབོག་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བས་བྲེལ་བ་མེད་པར་བྱའོ། །ཁྱེད་ཅག་ན་བ་དག་གི་ནད་གཡོག་ཀྱང་བྱའོ་ཞེས་སྤྲོ་བར་བྱས་པ་དང་། དེ་གང་

གི་ཚེ་ན་དགེ་སློང་རྣམས་ཀྱིས་འདི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་གྱུར་པ་དེའི་ཚེ་ན་འགའ་ཡང་དེ་དང་ལྷན་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་མེད་དོ། །བསོད་སྙོམས་པ་ཞིག་གིས་སྨྲས་པ། བཙུན་པ་ཉེ་དགའ་ཁོ་བོ་ཁྱོད་དང་ལྷན་ཅིག་ལྗོངས་རྒྱུར་འགྲོའོ། །དགེ་སློང་རྣམས་

ཀྱིས་བསོད་སྙོམས་པ་དེ་ལ་སྨྲས་པ། བསོད་སྙོམས་པ་དེ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་པས་ཁྱོད་ལ་མཐོ་འཚམ་པར་འགྱུར་རོ། །བསོད་སྙོམས་པས་སྨྲས་པ། ཁོ་བོ་ནི་ལོ་འདས་པ་ཡིན་པས་ཁོ་བོ་དེ་ལ་གནས་བཅའ་བ་དང་། ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་

དང་། རྣལ་འབྱོར་དང་། ཡིད་ལ་བྱ་བའི་རག་ལུས་པ་ཅུང་ཟད་ཀྱང་མེད་པས་དེས་ཁོ་བོ་ལ་ཅི་བྱར་ཡོད་ཅེས་དེས་དགེ་སློང་དེ་དག་གི་ཚིག་ཚིག་མ་ཡིན་པར་བྱས་ཏེ་དེ་དང་ལྷན་ཅིག་ལྗོངས་རྒྱུར་སོང་ངོ་། །ཉེ་དགའས་གང་གི་ཚེ་ཕྱི་རོལ་གྱི་མཚམས་འདས་པ་དེའི་ཚེ་ན་སྨྲས་པ། བསོད་

เล่ม ๗ · หน้า 40b

སྙོམས་པ་གཏུར་བུ་འདི་རེ་ཞིག་ཁྱེར་ཅིག །བཙུན་པ་ཉེ་དགའ་ཅི་ཁྱོད་ཀྱིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་མ་མཐོང་ངམ། ཡོ་བྱད་དོན་མེད་པ་འདིས་ཅི་བྱ། ཉེ་དགའས་སྨྲས་པ། བསོད་སྙོམས་པ་ཁྱོད་རེ་ཞིག་མི་ཁྱེར་བ་འདི་ཡུས་ན། ཅི་ཁྱོད་ཁོ་བོ་བས་ཀྱང་

མཁས་པ་ཡིན་སྙམ་མམ། ཅི་ན་ཁྱོད་ཁོ་བོ་ལ་དེ་སྐད་ཟེར། བསོད་སྙོམས་པས་སྨྲས་པ། མཁས་པ་མ་ཡིན་ཡང་རིགས་པ་ཙམ་སྨྲའོ། །ཉེ་དགའས་བསམས་པ། བསོད་སྙོམས་པ་འདི་མི་དགའ་བར་བྱའོ་སྙམ་ནས། དེ་གཉིས་མཐར་གྱིས་ལྗོངས་རྒྱུ་ཞིང་འགྲོ་བ་ན་དེ་གཉིས་

རི་བྲགས་ཤིག་ཏུ་ཕྱིན་ནས། དེ་གཉིས་དེར་ཁྲོན་པ་ཞིག་གི་དྲུང་དུ་ངལ་སོ་བར་བྱེད་པ་ན་དེ་ན་རི་བྲགས་ཀྱི་གཙུག་ལག་ཁང་ཞིག་ཡོད་པ་དེར་གཎྜཱི་བརྡུངས་པ་དང་། བསོད་སྙོམས་པ་དེས་ཐོས་ནས་སྨྲས་པ། བཙུན་པ་ཉེ་དགའ་གཙུག་ལག་ཁང་དུ་གཎྜཱི་བརྡུངས་ཀྱིས་འདོང་ངོ་། །ཉེ་དགའས་

སྨྲས་པ། བསོད་སྙོམས་པ་ལྷུང་བཟེད་ནག་པོ་ཅན་ལས་མེད་པ་དག་གིས་ལས་ཀྱི་གཎྜཱི་བརྡུངས་ཤིང་བདག་ཅག་ངལ་བ་དག་གིས་ལས་བྱ་དགོས་པར་འགྱུར་བ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །བཙུན་པ་ཉེ་དགའ་རྙེད་པའི་གཎྜཱི་མ་ཡིན་ནམ། བསོད་སྙོམས་པ་དེ་ཡིན་ན་བདག་ཅག་

མཚམས་སུ་ཕྱིན་ན་འཐོབ་པོ། །བཙུན་པ་ཉེ་དགའ་ནི་གྲགས་པ་བསོད་ནམས་ཆེ་བ་ཡིན་པས་འཐོབ་ཀྱི། ཁོ་བོ་སུས་བྱིན་པར་འགྱུར། བསོད་སྙོམས་པ་སོང་ལ་གལ་ཏེ་རྙེད་པ་ཡོད་ན་ཁོ་བོའི་ཡང་ནོས་ཤིག །དེ་སོང་བ་དང་ཇི་ཙམ་ན་དེར་གནས་མལ་གྱི་གཎྜཱི་བརྡུངས་ནས་དགེ་སློང་རྣམས་

ཀྱིས་སྨྲས་པ། བསོད་སྙོམས་པ་གནས་མལ་ནོས་ཤིག །དེས་སྨྲས་པ། ཁོ་བོ་ལས་ཆེས་རྒན་པ་ཡང་ཡོད་དོ། །སུ་ཡིན། བཙུན་པ་ཉེ་དགའོ། །དེའི་ཡང་ནོས་ཤིག །དེས་གནས་མལ་མནོས་སོ། །ཚེ་དང་ལྡན་པ་ཉེ་དགའ་ཡང་དེ་ན་འདུ་འཛིའི་གཏམ་གྱིས་འདུག་སྟེ། རི་

བྲགས་འདི་སུའི། གཙུག་ལག་ཁང་འདི་སུའི། ལྷ་ཁང་འདི་སུའི། སྐྱེད་མོས་ཚལ་འདི་སུའི། ཀུན་དགའ་ར་བ་འདི་སུའི། ཁྲོན་པ་འདི་སུའི། ཞིང་འདི་སུའི། བ་ལང་འདི་དག་སུའི། མ་ཧེ་འདི་དག་སུའི་ཞེས་འདུ་འཛིའི་གཏམ་གྱིས་འདུག་གོ། །བསོད་སྙོམས་པས་

เล่ม ๗ · หน้า 41a

ཀྱང་བསམས་པ། བཙུན་པ་ཉེ་དགའ་ཡུན་རིང་དུ་ཐོགས་པར་འགྱུར་རོ། །སྙམ་ནས། དེས་ཁང་ཐོག་ཏུ་དེའི་མལ་བཤམས་ནས་རྐང་པའི་ཆུ་དང་། རྐང་པ་བསྐུ་བ་མཐའ་གཅིག་ཏུ་བཞག་སྟེ། གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་གཉིས་བཀྲུས་ནས་

འོག་ཁང་དུ་མལ་བཤམས་པར་ཞུགས་ཏེ་ཉལ་ལོ། །ཚེ་དང་ལྡན་པ་ཉེ་དགའ་ཡང་ཇི་སྲིད་དུ་དེའི་འདུ་འཛིའི་གཏམ་གྱི་ཟླ་ཡོད་པ་དེ་སྲིད་དུ་འདུག་འདུག་ནས་གང་གི་ཚེ་དེའི་འདུ་འཛིའི་གཏམ་གྱི་ཟླ་མེད་པ་དེའི་ཚེ་ན་མིག་ལམ་ཆད་པའི་དུས་ཀྱི་ཚེ་གཙུག་ལག་ཁང་དུ་འོངས་ཏེ། བསོད་སྙོམས་

པ་བསོད་སྙོམས་པ་ཞེས་བོད་པར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཉེ་དགའ་འདམ་བུ་ཐིབས་པོའི་གསེབ་ཏུ་ཞུགས་པ་བཞིན་དུ་ཅི་འབོད། ཉེ་དགའས་སྨྲས་པ། འདི་ན་ཁོ་བོའི་གྲོགས་པོ་བསོད་སྙོམས་པ་ཞིག་འདུག་ན། དེ་ན་བར་མ་གྱུར་

ཏམ། བསོད་སྙོམས་པས་དེ་ཐོས་ནས་སྨྲས་པ། བཙུན་པ་ཉེ་དགའ་མ་འབོད་ཅིག །ཁོ་བོས་ཁྱེད་ཀྱི་མལ་ཁང་ཐོག་ཏུ་བཤམས་ཏེ་རྐང་པའི་ཆུ་དང་། རྐང་པ་བསྐུ་བ་ཡང་མཐའ་གཅིག་ཏུ་བཞག་གིས་དེར་སོང་ལ་ཉོལ་ཅིག །ཉེ་དགའས་སྨྲས་པ། བསོད་སྙོམས་པ་འཐམ་པ་

ཆུང་ཞིག་ཡོད་ཀྱིས་ཇེ་སྒོ་ཕྱེ་ཤིག །བཙུན་པ་ཉེ་དགའ་ཁོ་བོ་ཆད་ཀྱིས་སང་འཐམ་མོ། །བསོད་སྙོམས་པ་ཁོ་བོ་ཁྱོད་དང་ཇི་སྲིད་མཚན་ཐོག་ཐག་ཟད་པར་འགྱུར་བ་དེ་སྲིད་དུ་འཐམ་པར་བྱའོ། །བཙུན་པ་ཉེ་དགའ་ཁོ་བོ་ཆད་ཀྱིས་ཁྱོད་ལ་སྒོ་མི་དབྱེའོ། །ཉེ་དགའ་ཁང་ཐོག་ཏུ་འཛེགས་ནས་རྐང་པ་

གཉིས་བཀྲུས་ཏེ་གནས་ཁང་དུ་ཞུགས་ནས་བསོད་སྙོམས་པ་ཞེས་བོས་པ་དང་། བསོད་སྙོམས་པས་བཙུན་པ་ཉེ་དགའ་ཅི་ཟེར་ཞེས་བྱས་སོ། །ཉེ་དགའ་སྒྲ་ལ་མཁས་པས་དེས་བསོད་སྙོམས་པའི་དཔྲལ་བའི་ཐད་ཀར་ཁྲི་རྐང་གཏད་དེ་ཅི་ནས་ཀྱང་ཁྲི་རྐང་གིས་ཁང་ཐོག་བརྟོལ་ནས་བསོད་སྙོམས་པ་དེའི་

དཔྲལ་བར་འབབ་པར་འགྱུར་བ་དེ་ལྟར་ཤུགས་དྲག་པོས་མནན་པ་དང་། དེས་བསོད་སྙོམས་པ་དེའི་དཔྲལ་བར་ཕོག་སྟེ་དཔྲལ་བ་ཞོམ་མོ། །བསོད་སྙོམས་པས་སྨྲས་པ། བཙུན་པ་ཉེ་དགའ་ཁོ་བོ་གནང་ངོ་། །ཁོ་བོ་གནང་ངོ་། །ཀྭའེ་བསོད་སྙོམས་པ་ཅི་ཟེར། བསོད་སྙོམས་པས་

เล่ม ๗ · หน้า 41b

བསམས་པ། གལ་ཏེ་སྐད་ཕྱུང་ན་འདིས་རྒན་རིམས་ཀྱིས་བདག་གི་ཁྲི་ཡང་ཕྲོགས་པར་འགྱུར་རོ། །སྙམ་ནས་དེ་ཅང་མི་སྨྲ་བར་འདུག་གོ། །དེ་ནང་པར་སྔར་ལངས་ཏེ་སྨྲས་པ། བཙུན་པ་ཉེ་དགའ་ཕྱག་འཚལ་ལོ། །ཁོ་བོ་འགྲོའོ། །བསོད་སྙོམས་པ་གར་འགྲོ། མཉན་

ཡོད་དུའོ། །བསོད་སྙོམས་པ་སྡོད་ཅིག་དང་། ཁོ་བོས་ཁྱོད་ན་བའི་ནད་གཡོག་བྱའོ། །བཙུན་པ་ཉེ་དགའ་ཁྱོད་ཀྱིས་ཁོ་བོ་མི་ན་བ་ཡང་ན་བར་བྱས་པས་ན་བའི་ནད་གཡོག་བྱས་རེ་སྐན་ཞེས་དེ་མཉན་ཡོད་དུ་སོང་བ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་བསོད་

སྙོམས་པ་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། ཚེ་དང་ལྡན་པ་དག་ཇི་ལྟར་བདེ་བར་བརྒྱུས། བཙུན་པ་ཉེ་དགའས་བདག་གི་དཔྲལ་བ་བཅོམ་མོ། །ཇི་ལྟར་བཅོམ། དེས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་དོ། །དགེ་སློང་

དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ་ཁྲིའུ་རྩ་བ་འབྱུང་བ་ལ་ཤེས་བཞིན་དུ་ལྗིད་ཀྱིས་ཕབ་སྟེ་འདུག་པ་དང་ཉལ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་

དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་

ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ་ཁྲིའུ་རྩ་བ་འབྱུང་བ་ལ་ཤེས་བཞིན་དུ་ལྗིད་

ཀྱིས་ཕབ་སྟེ་འདུག་པ་དང་ཉལ་བར་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་

เล่ม ๗ · หน้า 42a

དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་

མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ་ཁྲིའུ་རྩ་བ་འབྱུང་བ་ལ་ཤེས་བཞིན་དུ་ལྗིད་ཀྱིས་ཕབ་སྟེ་འདུག་གམ་ཉལ་ན་ལྟུང་བྱེད་དོ། །ཡང་

དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །གཙུག་ལག་ཁང་གི་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་པོ་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་།

ཉལ་བ་དག་བྱར་རུང་བར་རོ། །སྟེང་གི་ནམ་མཁའ་ལ་ཞེས་བྱ་བ་ནི་ཁང་སྟེང་གི་ནམ་མཁའ་ལའོ། །ཐོག་བོར་བར་ཞེས་བྱ་བ་ནི་རྩྭའི་ཐོག་གམ། ལོ་མའི་ཐོག་བོར་བར་རོ། །ཁྲི་ཞེས་བྱ་བ་ནི་ཁྲི་ཉིད་དོ། །ཁྲིའུ་ཞེས་བྱ་བ་ཡང་ཁྲིའུ་ཉིད་དོ། །རྩ་བ་འབྱུང་བ་ལ་ཞེས་བྱ་བ་ནི་རྐང་པ་

འབྱུང་བ་ལའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །ལྗིད་ཀྱིས་ཕབ་སྟེ་ཞེས་བྱ་བ་ནི་མཐུས་མནན་ཏེའོ། །འདུག་གམ་ཞེས་བྱ་བ་ནི་རྐུབ་ཚོས་འཇོག་པར་བྱེད་པའོ། །ཉལ་ན་ཞེས་བྱ་བ་ནི་ལུས་བསྙལ་ནའོ། །

ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དགས་ངན་སོང་དང་ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད་ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་

ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ། ཁྲིའུ་རྩ་བ་འབྱུང་བ་ལ་ཤེས་བཞིན་དུ་ལྗིད་ཀྱིས་ཕབ་སྟེ་འདུག་

เล่ม ๗ · หน้า 42b

གམ། ཉལ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །སྤང་ལེབ་ཀྱིས་གཡོགས་པ་དང་། སྤང་ལེབ་ཆུང་ངུས་གཡོགས་པ་དང་། ཤིང་ལེབ་ཀྱིས་གཡོགས་པ་དང་། ཤིང་ལེབ་འབུར་ཅན་གྱིས་གཡོགས་པ་དང་། བྱིན་གྱིས་གཞོལ་བ་ལ་ནི་ལྟུང་བ་མེད་དོ། །རྐང་

རྟེན་བཙུགས་པ་དང་། བཀན་པ་བྱས་པ་ལ་ཡང་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་དེ་བཅྭ་བརྒྱད་པ་རྫོགས་སྷོ།། །།སངས་རྒྱས་

བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་འདུན་པ་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭ་དང་། ལྕི་བ་དང་ས་ལ་འདེབས་པར་བྱེད། འདེབས་སུ་འཇུག་པར་བྱེད་ནས་དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་

འདུན་པ་ཁྱོད་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩ་དང་། ལྕི་བ་དང་། ས་ལ་མ་འདེབས་ཤིག །འདེབས་སུ་མ་འཇུག་ཅིག །འདུན་པས་སྨྲས་པ། ཁོ་བོ་ལ་འགའ་ཞིག་གིས་བགྲངས་ཏེ་གཏད་དམ་ཅི། ཤར་གྱི་རྒྱ་མཚོ་ཆེན་པོར་འདོང་ན་ཅི་ཉེས། ལྷོ་དང་ནུབ་དང་བྱང་གི་

རྒྱ་མཚོ་ཆེན་པོར་འདོང་ན་ཅི་ཉེས། འབབ་ཆུ་དང་། མཚོ་དང་། ལྟིང་ཀ་དག་ཏུ་འདོང་ན་ཅི་ཉེས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭ་དང་། ལྕི་བ་དང་། ས་ལ་འདེབས་པ་དང་། འདེབས་སུ་འཇུད་པར་བྱེད་ཅེས་སྨོད་པར་

བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་

བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འདུན་པ་ལ་རྨས་པ། འདུན་པ་ཁྱོད་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭ་དང་། ལྕི་

เล่ม ๗ · หน้า 43a

བ་དང་། ས་ལ་འདེབས་པ་དང་། འདེབས་སུ་འཇུད་པར་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་

རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་

བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭའམ། ལྕི་བའམ། ས་ལ་འདེབས་སམ། འདེབས་སུ་འཇུད་ན་ལྟུང་

བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འདུན་པའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །སྲོག་ཆགས་དང་བཅས་པ་ཞེས་བྱ་བ་ལ་སྲོག་ཆགས་དང་བཅས་པ་ནི་གཉིས་

ཏེ་གང་དག་མིག་གིས་མཐོང་བར་འགྱུར་བ་དང་གང་དག་ཆུ་ཚགས་ཀྱིས་ཟིན་པར་འགྱུར་བའོ། །ཆུས་ཞེས་བྱ་བ་ནི་ཆུ་ཉིད་ཀྱིས་སོ། །རྩྭ་ཞེས་བྱ་བ་ནི་རྩྭ་ཉིད་དོ། །ལྕི་བ་ཞེས་བྱ་བ་ཡང་ལྕི་བ་ཉིད་དོ། །ས་ལ་ཞེས་བྱ་བ་ཡང་ས་ཉིད་ལའོ། །འདེབས་སམ་ཞེས་བྱ་བ་ནི་རང་གིས་སོ། །

འདེབས་སུ་འཇུད་ན་ཞེས་བྱ་བ་ནི་གཞན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་

ཤིང་སོ་སོ་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་སྲོག་ཆགས་དང་བཅས་པའི་ཆུ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་པས་རྩྭའམ། ལྕི་བའམ། ས་ལ་འདེབས་སམ། འདེབས་

เล่ม ๗ · หน้า 43b

སུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་སྲོག་ཆགས་དང་བཅས་པའི་ཆུ་ལ་ཡིད་གཉིས་ཟ་བས་རྩྭའམ། ལྕི་བའམ། ས་ལ་འདེབས་སམ། འདེབས་སུ་འཇུད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་སྲོག་ཆགས་མེད་པའི་ཆུ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་

པས་རྩྭའམ། ལྕི་བའམ། ས་ལ་འདེབས་སམ། འདེབས་སུ་འཇུད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་སྲོག་ཆགས་མེད་པའི་ཆུ་ལ་ཡིད་གཉིས་ཟ་བས་རྩྭའམ། ལྕི་བའམ། ས་ལ་འདེབས་སམ། འདེབས་སུ་འཇུག་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་སྲོག་

ཆགས་དང་བཅས་པའི་ཡུར་པོ་ཆེ་འབེབས་པར་བྱེད་ན་སྲོག་ཆགས་ཇི་སྙེད་དུས་བྱེད་པ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་རོ། །སྲོག་ཆགས་ཇི་སྙེད་དུས་མི་བྱེད་པ་དེ་སྙེད་ཀྱི་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་སྲོག་ཆགས་དང་བཅས་པའི་ཡུར་པོ་ཆེ་གཅོད་པར་བྱེད་ན་སྲོག་ཆགས་ཇི་སྙེད་དུས་བྱེད་པ་དེ་

སྙེད་ཀྱི་ལྟུང་བྱེད་དུ་འགྱུར་རོ། །སྲོག་ཆགས་ཇི་སྙེད་དུས་མི་བྱེད་པ་དེ་སྙེད་ཀྱི་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ལྟུང་བྱེད་དེ་བཅུ་དགུ་པ་རྫོགས་སྷོ།། །།

སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གཞན་གྱིས་བྱེད་དུ་བཅུག་པའི་གཙུག་ལག་ཁང་དག་ན་གནས་ཤིང་དེ་དག་དེ་དག་ན་གནས་པ་ན་དགའ་བོ་ཉེ་དགའ་ལྟོས་ཤིག །གཙུག་ལག་ཁང་འདི་ནི་གྱོང་གྲུགས་སུ་གྱུར་པ་ཡིན་

ནོ། །འདི་ནི་གས་པ་ཡིན་ནོ། །འདི་ནི་མཚམས་ཉམས་པ་ཡིན་ནོ། །འདི་ནི་ངོས་ཉམས་པ་ཡིན་ནོ། །འདི་ནི་མ་མོའི་ཁྱིམ་འདྲ་བ་ཡིན་ནོ་ཞེས་འཕྱ་བར་བྱེད་པ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་རེ་ཞིག་གཞན་གྱིས་བྱེད་དུ་བཅུག་པའི་

གཙུག་ལག་ཁང་དག་ན་གནས་ཤིང་ཁྱེད་ཅག་གིས་རྡོ་ཡང་སྒྲེང་བར་མི་ནུས་ལ་འོན་ཀྱང་འཕྱ་བར་བྱེད་དོ། །དེ་སྐད་ཅེས་སྨྲས་པ་དང་། དེ་དག་ང་རྒྱལ་གྱིས་ཁེངས་པར་གྱུར་ནས་ཕན་ཚུན་སྨྲས་པར་བརྩམས་པ། དགའ་བོ་ཉེ་དགའ་ལྷུང་བཟེད་ནག་པོ་ཅན་འདི་དག་གིས་བདག་

เล่ม ๗ · หน้า 44a

ཅག་ལ་ཁྱེད་ཅག་རེ་ཞིག་གཞན་གྱིས་བྱེད་དུ་བཅུག་པའི་གཙུག་ལག་ཁང་དག་ན་གནས་ཤིང་ཁྱེད་ཅག་གིས་རྡོ་ཡང་སྒྲེང་བར་མི་ནུས་ལ་འོན་ཀྱང་འཕྱ་བར་བྱེད་དོ་ཞེས་ཧ་ཅང་ཟིལ་གྱིས་མནན་གྱིས་ཚུར་ཤེག་བདག་ཅག་གིས་སྔོན་ལྷུང་བཟེད་ནག་པོ་ཅན་གང་གིས་

ཀྱང་བྱེད་དུ་མ་བཅུག་པའི་གཙུག་ལག་ཁང་ཅི་འདྲ་བའི་གཙུག་ལག་ཁང་བྱེད་དུ་གཞུག་གོ། །གལ་ཏེ་བདག་ཅག་ཐམས་ཅད་ལག་གི་བླ་ལ་བརྩོན་པར་གྱུར་ན་ལྷུང་བཟེད་ནག་པོ་ཅན་དག་རྟག་པ་ཁོ་ནར་བདག་ཅག་ལ་སྐབས་ཚོལ་བས་དེ་དག་གིས་དྲུག་སྡེ་དག་ཐམས་ཅད་ལག་གི་བླ་ལ་ཞུགས་སོ་

ཞེས་སྐབས་རྙེད་པར་འགྱུར་ལ། བདག་ཅག་གི་སློང་མོའི་ཁྱིམ་གང་དག་ཡིན་པ་དེ་དག་ཏུ་ཡང་བྲེལ་བ་དག་གི་སྐྱོན་བརྗོད་ནས་རྗེས་སུ་འཇུག་པར་བྱེད་པར་འགྱུར་གྱི་བདག་ཅག་གིས་བདག་ཅག་གི་ནང་ན་མཁས་པ། སྤྱོད་པ་གསལ་བ། ཁབ་གཞུག་པར་གཏུན་བུ་འཇུད་ནུས་པ་གང་ཡིན་པ་དེའི་

གན་དུ་བདག་ཅག་དོང་ལ་སྤྲོ་བ་བསྐྱེད་པར་བྱ་གོར་མ་ཆག་ན། དེའི་ཕྱིར་བདག་ཅག་གི་ནང་ན་མཁས་པ། སྤྱོད་པ་གསལ་བ། ཁབ་གཞུག་པར་གཏུན་བུ་འཇུད་པར་ནུས་པ་གང་ཡིན་པ། བདག་ཅག་གི་ནང་ན་ཚེ་དང་ལྡན་པ་འདུན་པ་མཁས་པ། སྤྱོད་པ་གསལ་བ། ཁབ་གཞུག་པར་

གཏུན་བུ་འཇུད་ནུས་པ་ཡིན་གྱིས་བདག་ཅག་དེའི་གན་དུ་དོང་ལ་སྤྲོ་བ་བསྐྱེད་པར་བྱའོ། །ཞེས་དེ་དག་འདུན་པའི་གན་དུ་དོང་སྟེ་སྨྲས་པ། ཚེ་དང་ལྡན་པ་འདུན་པ་ལྷུང་བཟེད་ནག་པོ་ཅན་འདི་དག་གིས་བདག་ཅག་ལ་རེ་ཞིག་གཞན་གྱིས་བྱེད་དུ་བཅུག་པའི་གཙུག་ལག་ཁང་དག་ན་གནས་ཤིང་ཁྱེད་

ཅག་གིས་རྡོ་ཡང་སྒྲེང་བར་མི་ནུས་ལ་འོན་ཀྱང་འཕྱ་བར་བྱེད་དོ། །ཞེས་ཧ་ཅང་ཟིལ་གྱིས་མནན་ནས་ཁོ་བོ་ཅག་འདི་སྙམ་དུ་སེམས་ཏེ། ལྷུང་བཟེད་ནག་པོ་ཅན་འདི་དག་གིས་བདག་ཅག་ལ་ཁྱེད་ཅག་རེ་ཞིག་གཞན་གྱིས་བྱེད་དུ་བཅུག་པའི་གཙུག་ལག་ཁང་དག་ན་གནས་ཤིང་ཁྱེད་ཅག་གིས་རྡོ་ཡང་སྒྲེང་

བར་མི་ནུས་ལ་འོན་ཀྱང་འཕྱ་བར་བྱེད་དོ་ཞེས་ཧ་ཅང་ཟིལ་གྱིས་མནན་གྱིས་ཚུར་ཤེག་བདག་ཅག་གིས་སྔོན་ལྷུང་བཟེད་ནག་པོ་ཅན་གང་དག་གིས་ཀྱང་བྱེད་དུ་མ་བཅུག་པའི་གཙུག་ལག་ཁང་ཅི་འདྲ་བ་དེ་འདྲ་བའི་གཙུག་ལག་ཁང་བྱེད་དུ་གཞུག་གོ། །གལ་ཏེ་བདག་ཅག་ཐམས་ཅད་ལག་གི་བླ་ལ་བརྩོན་

เล่ม ๗ · หน้า 44b

པར་གྱུར་ན་ལྷུང་བཟེད་ནག་པོ་ཅན་དག་རྟག་པ་ཁོ་ནར་བདག་ཅག་ལ་སྐབས་ཚོལ་བས་དེ་དག་གིས་དྲུག་སྡེ་དག་ཐམས་ཅད་ལག་གི་བླ་ལ་ཞུགས་སོ་ཞེས་སྐབས་རྙེད་པར་ཡང་འགྱུར་ལ། བདག་ཅག་གི་སློང་མོའི་ཁྱིམ་གང་དག་ཡིན་པ་དེ་དག་ཏུ་ཡང་བྲེལ་བ་དག་གི་སྐྱོན་བརྗོད་ནས་རྗེས་སུ་འཇུག་

པར་བྱེད་པར་འགྱུར་གྱིས། བདག་ཅག་གིས་བདག་གི་ནང་ན་མཁས་པ། སྤྱོད་པ་གསལ་བ། ཁབ་གཞུག་པར་གཏུན་བུ་འཇུད་ནུས་པ་གང་ཡིན་པ་དེའི་གན་དུ་བདག་ཅག་དོང་ལ་སྤྲོ་བ་བསྐྱེད་པར་བྱ་གོར་མ་ཆག་ན། དེའི་ཕྱིར་བདག་ཅག་གི་ནང་ན་མཁས་པ། སྤྱོད་པ་གསལ་

བ། ཁབ་གཞུག་པར་གཏུན་བུ་འཇུད་ནུས་པ་གང་ཡིན། བདག་ཅག་གི་ནང་ན་ཚེ་དང་ལྡན་པ་འདུན་པ་མཁས་པ། སྤྱོད་པ་གསལ་བ། ཁབ་གཞུག་པར་གཏུན་བུ་འཇུད་ནུས་པ་ཡིན་གྱིས་བདག་ཅག་དེའི་གན་དུ་དོང་ལ་སྤྲོ་བ་བསྐྱེད་པར་བྱའོ་སྙམ་ནས། བདག་ཅག་གིས་ཚེ་

དང་ལྡན་པ་གཙུག་ལག་ཁང་གི་ཕྱིར་སྤྲོ་བར་བྱ་ཞིང་ཁྱོད་ལ་གསོལ་བ་འདེབས་ཀྱིས་ལྷུང་བཟེད་ནག་པོ་ཅན་དག་ཡན་ལག་འདིས་ཟིལ་གྱིས་ནོན་པར་གྱིས་ཤིག །འདུན་པས་སྨྲས་པ། ཐབས་ཡིན་གྱིས་དེ་ལྟར་བྱའོ། །དེ་དག་ཡིད་དགའ་ནས་དོང་ངོ་། །ཚེ་དང་ལྡན་པ་འདུན་པ་ཡང་

གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་གཉིས་བཀྲུས་ནས་གཙུག་ལག་ཁང་དུ་ཞུགས་ཏེ་འདུག་ནས་ཐབས་ཅི་ཡོད་ན་དེས་དགེ་འདུན་གྱི་གཙུག་ལག་ཁང་འགྲུབ་པར་འགྱུར་སྙམ་དུ་སེམས་པ་ལ་ཞུགས་སོ། །དེས་སུ་ཞིག་སུ་ལ་མངོན་པར་དད་སྙམ་དུ་རྣམ་པར་དཔྱད་པར་བརྩམས་པ་

དང་། དེ་འདི་སྙམ་དུ་སེམས་ཏེ། རེ་ཞིག་འཇིག་རྟེན་ལྷ་དང་བཅས་པ་ནི་བཅོམ་ལྡན་འདས་ལ་མངོན་པར་དད་པ་ཡིན། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་ཤཱ་རིའི་

བུ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་མ་འགགས་པ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་རྟ་ཐུལ་དང་། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་བཟང་ལྡན་དང་། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་རླངས་པ་ལ།

เล่ม ๗ · หน้า 45a

ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་མིང་ཆེན་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་གང་པོ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་དྲི་མ་མེད་པ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་བ་ལང་བདག་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་ཀུན་དགའ་བོ་ལ།

ཁྱིམ་ཆེ་གེ་མོ་ཞིག་ནི་བཅོམ་ལྡན་འདས་ཀྱི་གཅུང་སྲུའི་སྲས་ཚེ་དང་ལྡན་པ་མཛེས་དགའ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་བཅོམ་ལྡན་འདས་ཀྱི་སྲས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་གྱད་བུ་ནོར་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་དགའ་བོ་ལ། ཁྱིམ་ཆེ་གེ་མོ་

ཞིག་ནི་ཚེ་དང་ལྡན་པ་ཉེ་དགའ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་འགྲོ་མགྱོགས་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་འཆར་ཀ་ལ། ཁྱིམ་ཆེ་གེ་མོ་ཞིག་ནི་ཚེ་དང་ལྡན་པ་ནབ་སོ་ལ་མངོན་པར་དད་པ་ཡིན་པས་དེའི་ཕྱིར་དེ་དག་སྦྱོར་དུ་གཞུག་ཏུ་ནི་མི་ནུས་ཀྱིས། འདི་ལྟར་ཀཽ་ཤཱམྦཱི་ན་

བྲམ་ཟེ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ་ཞིག་འདུག་ན་དེ་ནི་སེར་སྣ་ཅན། མིག་ཕྲ་བ། བྱ་རོག་ལ་ཡང་གཏོར་མ་མི་སྟེར་བ། ཡོ་བྱད་ཀུན་འཛིན་པ་ཡིན་ལ། དེ་ལ་དབྱིག་དང་། གསེར་མང་པོ་བདོག་པས་གལ་ཏེ་དེ་རྗེས་སུ་

འཇུག་པར་བྱེད་ནུས་ན་དགེ་འདུན་གྱི་གཙུག་ལག་ཁང་འགྲུབ་པར་འགྱུར་རོ་སྙམ་ནས། དེ་དེ་ལྟར་སེམས་པ་ལ་ཞུགས་པས་ཚེགས་ཆེན་པོས་ནམ་ནངས་པར་བྱས་ནས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཀཽ་ཤཱམྦཱིར་བསོད་སྙོམས་ལ་ཞུགས་སོ། །ཁྱིམ་གཉིས་

སམ་གསུམ་དུ་བསོད་སྙོམས་བརྒྱུས་ནས་ཕྱེ་ཉུང་ཤས་ཤིག་ཁྱེར་ཏེ་བྲམ་ཟེ་དེའི་ཁྱིམ་དུ་འཇུག་པར་བརྩམས་པ་དང་། སྒོ་བས་འཕགས་པ་སྡོད་ཅིག །མ་འཇུག་ཤིག་ཅེས་བགགས་སོ། །དེས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་ཁོ་བོ་ཅག་གི་སྤྱོད་ཡུལ་མ་ཡིན་པ་

ནི་རྣམ་པ་ལྔ་གསུངས་ཏེ། རོལ་མོ་མཁན་གྱི་གནས་དང་། འཇུད་མཐུན་མའི་གནས་དང་། ཆང་པའི་གནས་དང་། གདོལ་པའི་གནས་དང་། རྒྱལ་པོའི་ཕོ་བྲང་ཡིན་ན་ཅི་ཁྱིམ་འདི་རོལ་མོ་མཁན་གྱི་གནས་ཡིན་ནམ། འོན་ཏེ་འཇུད་མཐུན་མའི་གནས་སམ། ཆང་པའི་གནས་

เล่ม ๗ · หน้า 45b

སམ། གདོལ་པའི་གནས་སམ། རྒྱལ་པོའི་ཕོ་བྲང་ཡིན་ནམ་ཅི་ན་དེའི་ཕྱིར་ཁོ་བོ་འགོག་པར་བྱེད། སྒོ་བས་སྨྲས་པ། འཕགས་པ་ཁྱོད་མང་དུ་བཀྱོན་པར་གྱུར་མོད་ཀྱི་འདི་ནི་རོལ་མོ་མཁན་གྱི་གནས་ཀྱང་མ་ལགས། འཇུད་མཐུན་མའི་གནས་དང་། ཆང་པའི་གནས་

དང་། གདོལ་པའི་གནས་དང་། རྒྱལ་པོའི་ཕོ་བྲང་ཡང་མ་ལགས་ཏེ། འདི་ལྟར་འདི་ནི་བྲམ་ཟེ་ཆེ་གེ་མོ་ཞིག་གི་ཁྱིམ་ལགས་སོ། །འདུན་པས་བསམས་པ། གང་དུ་རེ་ཞིག་ངོ་ཕྲད་པ་ཡང་མེད་པ་དེར་གཞན་ཅི་ཞིག་ཡོད་པར་འགྱུར་སྙམ་ནས། དེ་དེ་ལྟར་སྒོར་བགགས་ཏེ་

སེམས་ཁོང་དུ་ཆུད་ཅིང་འདུག་པ་ན་ཁྱིམ་བདག་ཅིག་གི་བུ་བྱུང་བ་དེར་བཅུ་གཉིས་འདུས་པའི་དགའ་འདུན་གར་དང་། གླུ་དང་སིལ་སྙན་གྱིས་ཞུགས་པ་དང་། སྒོ་བ་དེས་དེ་དག་ལ་ཏེ་པོར་བརྟག་པར་བརྩམས་ཏེ། སྒོ་ལ་མི་ལྟ་བའི་ཚེ་ཚེ་དང་ལྡན་པ་འདུན་པས་འཇུག་པ་ཐོབ་སྟེ་ཞུགས་ནས་དེའི་སྤྱོད་

ལམ་གྱིས་འདོད་ཆགས་དང་བྲལ་བའི་ས་སྦྱོང་བར་བྱེད་པ་དེ་བྲམ་ཟེ་དེས་མཐོང་ནས་སྨྲས་པ། བཙུན་པ་འདུན་པ་བྱོན་པ་ལགས་སོ། །གདན་འདི་ལ་བཞུགས་ཤིག །འདུན་པ་དོན་ཡོད་པས་འདུག་པ་དང་། གཏམ་གྱི་སྐབས་མ་རྙེད་ནས་འདུན་པས་སྨྲས་པ། བྲམ་ཟེ་ཁོ་བོས་བསོད་

སྙོམས་ཀྱི་ཕྱེ་ཉུང་ཤས་ཤིག་རྙེད་པ་འདི་འཚག་ཏུ་ཆུག་སྟེ་བྱིན་ཅིག །བྲམ་ཟེས་བུ་མོ་ལ་བསྒོ་བ། བུ་མོ་འཕགས་པའི་བསོད་སྙོམས་ཀྱི་ཕྱེ་ཚོགས་ཏེ་ཕུལ་ཅིག །བུ་མོ་དེས་བཙག་པར་བརྩམས་པ་དང་། ཚེ་དང་ལྡན་པ་འདུན་པས་ཕྱེ་ལ་བརྟག་པར་བརྩམས་སོ། །བྲམ་ཟེས་སྨྲས་

པ། འཕགས་པ་ཅི་རྟོག །སྲོག་ཆགས་སོ། །གལ་ཏེ་མཆིས་ན་ཇི་ལྟར་བགྱི། བཟའ་བར་མི་བྱའོ། །གལ་ཏེ་གསོལ་བར་གྱུར་ན་ནོངས་པ་ཅི་མཆིས། བྲམ་ཟེ་བཅོམ་ལྡན་འདས་ཀྱིས་སྲོག་གཅོད་པ་ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པས་ལུས་ཞིག་སྟེ་ཤི་བའི་

འོག་ཏུ་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དང་། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཞིང་། གལ་ཏེ་འདི་ལྟ་བུ་ཉིད་དུ་མི་རྣམས་དང་སྐལ་བ་མཉམ་པར་འོང་ན་ཡང་ཚེ་ཐུང་བར་འགྱུར་རོ་ཞེས་གསུངས་སོ་ཞེས་བྱ་བ་ལ་སོགས་པ་མི་དགེ་བ་བཅུ་དང་། དགེ་

เล่ม ๗ · หน้า 46a

བ་བཅུའི་ལས་ཀྱི་ལམ་དག་རྒྱས་པར་བརྗོད་པ་དང་། བྲམ་ཟེ་དེ་མངོན་པར་དད་པར་གྱུར་ནས་རང་ཉིད་ཀྱིས་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པས་སྣོད་བཀང་སྟེ་སྨྲས་པ། འཕགས་པ་ཐུགས་བརྩེ་བའི་སླད་དུ་འདི་བཞེས་སུ་གསོལ། ཚེ་དང་ལྡན་པ་འདུན་

པས་བསམས་པ། གལ་ཏེ་བླངས་པར་གྱུར་ན་འདི་ལྟ་སྟེ། དཔེར་ན་ཤིང་ལས་བྱས་པའི་སྣོད་དུ་བསྐོལ་བ་དང་འདྲ་བར་བདག་གི་དང་པོ་འདི་ཉིད་ཐ་མར་འགྱུར་རོ། །སྙམ་དུ་རིག་ནས་སྨྲས་པ། བྲམ་ཟེ་ཁོ་བོས་བསོད་སྙོམས་ཀྱི་ཕྱེ་ཉུང་ཤས་ཤིག་རྙེད་པ་འདི་ཉིད་ཡོངས་སུ་ལོངས་སྤྱད་པར་

བྱའི་དད་པས་སྦྱིན་པར་བྱ་བ་བླངས་ཏེ་དོར་དུ་ག་ལ་རུང་། བྲམ་ཟེས་སྨྲས་པ། འཕགས་པ་བདག་ཅག་བྲམ་ཟེ་རྣམས་ཀྱི་ཀུན་དུ་སྤྱོད་པ་ནི་གལ་ཏེ་ངན་པ་རྙེད་ནས་བཟང་པོ་རྙེད་པར་གྱུར་ན་ངན་པ་སྤངས་ཏེ་བཟང་པོ་ཡོངས་སུ་ལོངས་སྤྱོད་པར་བགྱིད་པ་ལགས་ན་དེ་ཁྱེད་ཅག་ལ་ཅི་ནོངས། བྲམ་ཟེ་

ཁོ་བོ་ཅག་ནི་བསླབ་པའི་གཞི་ཡང་དག་པར་བླངས་པ་ཡིན་ལ། ཁྱེད་ཅག་བྲམ་ཟེ་དག་ནི་བསླབ་པའི་གཞི་ཡང་དག་པར་བླངས་པ་མ་ཡིན་པས་ཁྱེད་ཅག་བྲམ་ཟེ་དག་ནི་ཅི་དགར་འཇུག་པར་བྱེད་པ་ཡིན་ནོ། །ཁོ་བོ་ཅག་ལ་ནི་བཅོམ་ལྡན་འདས་ཀྱིས་འཕགས་པའི་རིགས་བཞི་བཀའ་སྩལ་

ཏེ། བཞི་གང་ཞེ་ན། ཆོས་གོས་གང་ཡང་རུང་བས་ཆོག་ཤེས་པ་འཕགས་པའི་རིགས་དང་། བསོད་སྙོམས་གང་ཡང་རུང་བས་ཆོག་ཤེས་པ་འཕགས་པའི་རིགས་དང་། གནས་མལ་གང་ཡང་རུང་བས་ཆོག་ཤེས་པ་འཕགས་པའི་རིགས་དང་། སྤོང་བ་ལ་དགའ་བ་དང་སྒོམ་པ་

ལ་དགའ་བ་འཕགས་པའི་རིགས་སོ། །བྲམ་ཟེ་དེ་ཤིན་ཏུ་མངོན་པར་དད་པར་གྱུར་ནས་སྨྲས་པ། འཕགས་པ་འདི་ནི་ཁྱོད་ཀྱི་ཁབ་ལགས་ཀྱིས་དུས་དང་དུས་སུ་གཤེགས་སུ་གསོལ། བྲམ་ཟེ་ཁྱོད་ཀྱི་སྒོ་བ་འདི་ནི་གཤིན་རྗེའི་དབྱུག་པ་དང་འདྲ་བ་ཡིན་པས་སུ་ཡང་འཇུག་ཏུ་མི་སྟེར་གྱིས་ལེགས་

པར་སྒོ་བ་གྱིས་ཤིག་དང་། དེས་ན་ཁོ་བོ་ལ་འགོག་པར་མི་བྱེད་དོ། །བྲམ་ཟེས་སྒོ་བ་བཀུག་སྟེ་ལེགས་པར་སྒོ་བ། ཀྭའེ་ནང་རྗེ་ཁྱིམ་འདི་འཕགས་པ་འདུན་པའི་ཡིན་གྱིས་ཁྱོད་ཀྱིས་མ་བགགས་ཤིག །ནང་མི་ལ་ཡང་སྒོ་བ། ཁྱེད་ཅག་གིས་འཕགས་པ་འདུན་པ་ལ་མི་གུས་

เล่ม ๗ · หน้า 46b

པར་མི་བྱའོ། །ཚེ་དང་ལྡན་པ་འདུན་པས་བསམས་པ། བྲམ་ཟེ་འདི་ནི་མངོན་པར་དད་པར་གྱུར་ན། འོན་ཀྱང་གལ་ཏེ་འདིར་ལྷུང་བཟེད་ནག་པོ་ཅན་འཇུག་པར་གྱུར་ན་དེས་འདི་ཅི་ནས་ཀྱང་འཁྲུག་པར་བྱེད་པར་འགྱུར་བས་ཐབས་ཀྱི་རྣམ་པ་ཞིག་བྱའོ་སྙམ་ནས་འདུན་པས་སྒོ་བ་དེ་

ལ་སྨྲས་པ། ཀྭའི་ནང་རྗེ་ཁྱོད་ཀྱིས་བྲམ་ཟེ་དེ་ཇི་ལྟར་ཁོ་བོ་ལ་མངོན་པར་དད་པར་གྱུར་པ་མཐོང་ངམ། འཕགས་པ་མཐོང་ངོ་། །དེས་ཁོ་བོ་འབའ་ཞིག་འདིར་འཇུག་ཏུ་གནང་གིས་ལྷུང་བཟེད་ནག་པོ་ཅན་གཞན་སུ་ཡང་འཇུག་ཏུ་མ་གཞུག་ཤིག །གལ་ཏེ་འདིར་ལྷུང་བཟེད་ནག་པོ་

ཅན་འགའ་ཞིག་འཇུག་ཏུ་བཅུག་ན་ཁོ་བོས་ཁྱོད་ལ་ཁྲིམས་ཆེན་པོ་འཆར་གཞུག་པར་བྱའོ། །འཕགས་པ་ཤིན་ཏུ་བག་ཡངས་སུ་བཞུད་ཅིག །ཁྱོད་ཉིད་ཀྱང་རེ་ཞིག་དེའུ་མ་ཆུད་པ་ལགས་ན་ལྷུང་བཟེད་ནག་པོ་ཅན་གཞན་འཇུག་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། ཚེ་དང་ལྡན་

པ་འདུན་པ་ཡིད་བདེ་བ་སྐྱེས་ཏེ་སོང་ནས་དེ་དུས་དང་དུས་སུ་བྲམ་ཟེ་དེའི་ཁྱིམ་དུ་འགྲོ་བར་བྱེད་དོ། །བྲམ་ཟེས་ཀྱང་དེ་ཁོ་ན་བཞིན་དུ་ཡང་དང་ཡང་དུ་སྟོབས་པར་བྱེད་པ་ན། ཚེ་དང་ལྡན་པ་འདུན་པས་དང་དུ་ལེན་པར་མི་བྱེད་པར་སྦྱིན་པ་དང་ལྡན་པའི་ཆོས་བསྟན་པ་འབའ་ཞིག་བྱས་

ཤིང་འགྲོ་བར་བྱེད་དོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཞི་བཅུ་རྩ་དྲུག་པ། ཇི་ཙམ་དུས་གཞན་ཞིག་ན་ཚེ་དང་ལྡན་པ་འདུན་པས་བྲམ་ཟེ་དེ་ལ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་བདུན་པོ་དག་གི་བསྔགས་པ་བརྗོད་ཅིང་དེ་དག་རྒྱ་ཆེར་ལེགས་

པར་བཤད་པ་དང་། བྲམ་ཟེས་སྨྲས་པ། འཕགས་པ་བདག་གིས་ཀྱང་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་འགའ་ཞིག་བགྱིའོ། །བྲམ་ཟེ་དེ་བཞིན་གྱིས་ཤིག །འཕགས་པ་ཅི་ཞིག་བགྱི། དགེ་འདུན་གྱི་གཙུག་ལག་ཁང་བྱེད་དུ་ཆུག་ཤིག །བྲམ་ཟེས་བསམས་

པ། བདག་གིས་འཕགས་པ་འདུན་པ་ལ་རྣམ་པ་དུ་མར་བསྟབས་ན་འདིར་ལན་འགའ་ཡང་དང་དུ་མ་བླངས་ཏེ་ད་དང་དུ་བླངས་པ་གང་ཡིན་པ་འདི་ཡང་དགེ་འདུན་གྱི་ཕྱིར་རོ་སྙམ་ནས་དེ་ངོ་མཚར་སྐྱེས་ཏེ་སྨྲས་པ། བཙུན་པ་བདག་ལ་ཀཱར་ཥཱ་པ་ཎ་དག་ནི་མཆིས་ན་བསོད་ནམས་ཀྱི་གྲོགས་མ་མཆིས་སོ། །

เล่ม ๗ · หน้า 47a

ཁོ་བོས་ཁྱོད་ཀྱི་བསོད་ནམས་ཀྱི་གྲོགས་བྱས་འདི་ལྟར་ཁྱོད་ཀྱིས་ཁོ་བོ་དགེ་འདུན་གྱིས་ལག་གི་བླར་སྐོར་ཆུག་ཤིག་ཁྱིམ་བདག་དེ་གཙུག་ལག་ཁང་དུ་སོང་སྟེ་རྒན་པའི་མཐའ་ལོགས་སུ་འདུག་ནས་སྨྲས་པ། འཕགས་པ་དག་འཕགས་པ་འདུན་པ་འདི་བདག་གི་གཙུག་

ལག་ཁང་བགྱིད་དུ་སྩོལ་བར་འཚལ་ན་དེའི་སླད་དུ་འཕགས་པའི་དགེ་འདུན་གྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་འཕགས་པ་འདུན་པ་བདག་གི་གཙུག་ལག་ཁང་བགྱིད་པའི་ལག་གི་བླར་བསྐོར་གསོལ། དེ་ན་དགེ་འདུན་གྱི་ནང་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་དགེ་འདུན་གྱི་གནས་བརྟན་བྱེད་པ་དེས་

བསམས་པ། དྲུག་སྡེ་དག་ལས་སུ་མ་བསྐོས་ན་ཡང་དགེ་སློང་དག་ལ་མཐོ་འཚམ་པར་བྱེད་ན་གལ་ཏེ་ལག་གི་བླར་བསྐོས་པར་གྱུར་ན་རྒྱ་ཆེར་དགེ་སློང་རྣམས་ལ་མཐོ་འཚམ་པར་འགྱུར་རོ་སྙམ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འདུན་པ་ལ་སྨྲས་པ། ཚེ་དང་ལྡན་པ་འདུན་པ་གང་གི་ཚེ་ཁོ་བོས་རྒྱལ་

བྱེད་ཀྱི་ཚལ་རྩིག་ཏུ་བཅུག་པ་དེའི་ཚེ་ན་ཡང་ཁོ་བོ་སུས་ཀྱང་ལག་གི་བླར་མ་བསྐོས་སོ། །གང་གི་ཚེ་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོས་གདངས་ཅན་གྱི་ཀུན་དགའ་ར་བ་རྩིག་ཏུ་བཅུག་པ་དེའི་ཚེ་ན་ཡང་དེ་སུས་ཀྱང་ལག་གི་བླར་མ་བསྐོས་སོ། །ཁྱོད་ཀྱང་གལ་ཏེ་གཙུག་ལག་ཁང་བྱེད་དུ་འཇུད་

པར་འདོད་ན་མ་བསྐོས་པ་ཉིད་དུ་བྱེད་དུ་ཆུག་ཤིག །ཚེ་དང་ལྡན་པ་འདུན་པས་བསམས་པ། ལྷུང་བཟེད་ནག་པོ་ཅན་དག་བདག་ཅག་མཐོང་བར་ཡང་མི་དགའ་ན་ལག་གི་བླར་བསྐོར་སྟེར་བར་ལྟ་ག་ལ་འགྱུར་སྙམ་ནས། དེ་བྲམ་ཟེ་དེའི་གན་དུ་སོང་སྟེ། ཀཱར་ཥཱ་པ་ཎ་དག་བླངས་ནས་སོ་

ཕག་མཁན་དག་གི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་དག་ཁྱེད་ཀྱིས་ཉི་མ་གཅིག་ཁོ་ནས་གཙུག་ལག་ཁང་སུམ་རྩེག་གི་སོ་ཕག་སྦྱིན་པར་ནུས་སམ། དེ་དག་གིས་སྨྲས་པ། འཕགས་པ་ཀཱར་ཥཱ་པ་ཎ་དག་སྩོལ་ཅིག་དང་ལོག་སྟེ་དབུལ་བར་བགྱིའོ། །དེས་དེ་དག་ལ་ཀཱར་ཥཱ་པ་ཎ་དག་བྱིན་

ནོ། །འདུན་པ་ཕྱ་མཁན་དག་གི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་དག་ཁྱེད་ཀྱིས་ཉི་མ་གཅིག་ཁོ་ནས་གཙུག་ལག་ཁང་སུམ་རྩེག་ཟིན་པར་ནུས་སམ། འཕགས་པ་ཀཱར་ཥཱ་པ་ཎ་དག་སྩོལ་ཅིག་དང་ལོག་སྟེ་ལེགས་པར་བགྱིའོ། །དེས་དེ་དག་ལ་ཀཱར་ཥཱ་པ་ཎ་དག་བྱིན་ནོ། །

เล่ม ๗ · หน้า 47b

འདུན་པ་ཤིང་མཁན་དག་གི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་དག་ཁྱེད་ཀྱིས་ཉི་མ་གཅིག་ཁོ་ནས་གཙུག་ལག་ཁང་སུམ་རྩེག་གི་ཤིང་དག་འཇོག་ནུས་སམ། འཕགས་པ་ཀཱར་ཥཱ་པ་ཎ་དག་སྩོལ་ཅིག་དང་ལོག་སྟེ་གཞོག་པར་བགྱིའོ། །དེས་དེ་དག་ལ་ཀཱར་ཥཱ་པ་ཎ་དག་བྱིན་ནོ། །འདུན་

པ་ཞལ་ཞལ་མཁན་དག་གི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་དག་ཁྱེད་ཀྱིས་ཉི་མ་གཅིག་ཁོ་ནས་གཙུག་ལག་ཁང་སུམ་རྩེག་ཞལ་ཞལ་སྐུད་ནུས་སམ། འཕགས་པ་ཀཱར་ཥཱ་པ་ཎ་དག་སྩོལ་ཅིག་དང་ལོག་སྟེ་བསྐུ་བར་བགྱིའོ། །དེས་དེ་དག་ལ་ཀཱར་ཥཱ་པ་ཎ་དག་བྱིན་ནོ། །འདུན་པ་

རི་མོ་མཁན་དག་གི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་དག་ཁྱེད་ཀྱིས་ཉི་མ་གཅིག་ཁོ་ནས་གཙུག་ལག་ཁང་སུམ་རྩེག་རི་མོ་བྲི་བར་ནུས་སམ། འཕགས་པ་ཀཱར་ཥཱ་པ་ཎ་དག་སྩོལ་ཅིག་དང་ལོག་སྟེ་བྲི་བར་བགྱིའོ། །དེས་དེ་དག་ལ་ཀཱར་ཥཱ་པ་ཎ་དག་བྱིན་ནོ། །འདུན་པ་གླ་མིའི་སྲང་

དག་ཏུ་སོང་སྟེ། གླ་མི་མང་པོ་བཀུག་ནས་གཙུག་ལག་ཁང་དུ་འོངས་ཏེ། དེས་ཉི་མ་གཅིག་ཁོ་ནས་གཙུག་ལག་ཁང་སུམ་རྩེག་ཟིན་པར་བྱས་སོ། །དེས་དེ་ལ་སྒོའི་སྦུབས་ཀྱི་གནས་དང་། གཏན་པའི་གནས་དང་། སྐར་ཁུང་དང་། ཆུ་ཁུང་གི་གནས་དག་ཀྱང་མ་བཞག་

པར་དེ་བཞིན་ཁོ་ནར་སྤྱད་འདྲ་བར་བརྩིགས་སོ། །དེ་བྲམ་ཟེ་དེའི་གན་དུ་སོང་སྟེ་སྨྲས་པ། བྲམ་ཟེ་ཁྱོད་ཀྱི་གཙུག་ལག་ཁང་ཟིན་གྱིས་ཚུར་ཤོག །དགེ་འདུན་ལ་ཕུལ་ཅིག །བྲམ་ཟེས་སྨྲས་པ། འཕགས་པ་དེང་བདག་གིས་ཞལ་ཟས་སྟ་གོན་མ་བགྱིས་ཀྱིས་སང་བདག་གིས་

ཞལ་ཟས་སྟ་གོན་བགྱིས་ཏེ་མཆིའོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། གཙུག་ལག་ཁང་འདི་དེང་ཉིད་དུ་རྡིབ་པར་འགྱུར་ཏེ། གལ་ཏེ་ཡོངས་སུ་མ་སྤྱད་པ་ཁོ་ནར་རྡིབ་པར་གྱུར་ན་བྲམ་ཟེ་འདི་ཁྲག་ཚ་བ་སྐྱུགས་ཏེ་དུས་བྱེད་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་སྙམ་དུ་

དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་འདི་སྐད་ཅེས་ངས་དགེ་སློང་དག་ཁྱེད་དགེ་བ་མ་སྤྱོམས་པ་དང་། སྡིག་པ་བཤགས་པར་གྱིས་ཤིག་ཅེས་བསྟན་མོད་ཀྱི་འོན་ཀྱང་ཁྱེད་ཅག་ལས་

เล่ม ๗ · หน้า 48a

གང་གིས་གནས་པ་གང་གིས་སྙོམས་པར་འཇུག་པ་ཐོབ་པ་དེས་གནས་པ་དེའི་སྙོམས་པར་འཇུག་པ་དེས་བྲམ་ཟེ་དེའི་གཙུག་ལག་ཁང་དུ་མཚན་མོའི་ཐུན་དང་པོ་འདའ་བར་གྱིས་ཤིག་ཅེས་སྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་

ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་དགེ་སློང་དག་ཁྱེད་དགེ་བ་མི་སྤྱོམས་པ་དང་། སྡིག་པ་བཤགས་པར་གྱིས་ཤིག་ཅེས་བསྟན་མོད་ཀྱི་འོན་ཀྱང་ཁྱེད་ཅག་ལས་གང་གིས་གནས་

པ་གང་གིས་སྙོམས་པར་འཇུག་པ་ཐོབ་པ་དེས་གནས་པ་དེའི་སྙོམས་པར་འཇུག་པ་དེས་བྲམ་ཟེ་འདིའི་གཙུག་ལག་ཁང་དུ་མཚན་མོའི་ཐུན་དང་པོ་འདའ་བར་གྱིས་ཤིག་ཅེས་བྱུང་ངོ་། །དགེ་སློང་དེ་དག་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོ་

ལས་མཉན་ནས་གང་གིས་གནས་པ་གང་གིས་སྙོམས་པར་འཇུག་པ་ཐོབ་པ་དེས་གནས་པའི་སྙོམས་པར་འཇུག་པ་དེས་བྲམ་ཟེ་དེའི་གཙུག་ལག་ཁང་དུ་མཚན་མོའི་ཐུན་དང་པོ་འདའ་བར་བྱས་སོ། །དེ་ནས་བཅོམ་ལྡན་འདས་མཚན་མོའི་གུང་ཐུན་ལ་དེར་གཤེགས་ནས་བཅོམ་ལྡན་འདས་ཀྱིས་འཇིག་

རྟེན་པའི་ཐུགས་བསྐྱེད་པ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ནི་གལ་ཏེ་འཇིག་རྟེན་པའི་ཐུགས་སྐྱེད་པར་མཛད་ན་ནི་ཐ་ན་སྲོག་ཆགས་གྲོག་སྦུར་གྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་ཤེས་ལ། ཇི་སྟེ་འཇིག་རྟེན་ལས་འདས་པའི་

ཐུགས་སྐྱེད་པར་མཛད་ན་ནི་རང་སངས་རྒྱས་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་མི་ཤེས་ན་ཉན་ཐོས་ལ་སོགས་པས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ཚངས་པ་དང་། བརྒྱ་བྱིན་ལ་སོགས་པ་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། ཅིའི་སླད་དུ་བཅོམ་ལྡན་འདས་

ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པ་མཛད་སྙམ་པ་དང་། བཅོམ་ལྡན་འདས་བྲམ་ཟེ་དེའི་གཙུག་ལག་ཁང་དུ་མཚན་མོའི་གུང་ཐུན་ལ་ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པར་མཐོང་ངོ་། །དེ་ནས་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཐུགས་

เล่ม ๗ · หน้า 48b

སེམས་ཀྱིས་ཤེས་ནས་འདི་ལྟ་སྟེ། དཔེར་ན་སྐྱེས་བུའི་ལག་པ་བསྐུམ་པ་ལས་རྐྱོང་བར་བྱེད་པའམ། བརྐྱང་བ་ལས་སྐུམ་པར་བྱེད་པ་དེ་བཞིན་དུ་ཚངས་པ་དང་། བརྒྱ་བྱིན་ལ་སོགས་པ་ལྷ་རྣམས་ལྷའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་

ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལ་ཆོས་བསྟན་པ་མཛད་ནས་དེ་དག་གིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་བྱས་ཏེ།

བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱང་དེར་མཚན་མོའི་གུང་ཐུན་འདའ་བར་མཛད་ནས་གཤེགས་སོ། །མཚན་མོའི་ཐུན་ཐ་མ་ལ་སྤྲིན་ཁ་དོག་ལྔ་པ་འདུས་ནས་དེས་གཙུག་ལག་ཁང་དེར་ཇི་ཙམ་དུ་དཔེར་ན་

སྤྱད་ཆུས་གང་བར་གྱུར་པ་བཞིན་དུ་ཆུས་གང་བར་གྱུར་པ་དེ་ཙམ་གྱི་ཆར་ཕབ་ནས་ཆུ་དེས་ཅི་ནས་ཀྱང་གཙུག་ལག་ཁང་དེ་ཐམས་ཅད་རྡིབ་པར་གྱུར་པ་དེ་ཙམ་དུ་བངས་པར་གྱུར་ཏོ། །དྲུག་སྡེ་དག་གིས་དེ་ལྟར་གཙུག་ལག་ཁང་དེ་ཐམས་ཅད་རྡིབ་པར་གྱུར་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་དག་

སྐྲག་སྟེ་བྲོས་སོ། །བྲམ་ཟེ་དེས་ཀྱང་ཕྱི་དེ་ཉིན་བར་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་ཤིང་རྟ་བཀང་སྟེ་གཙུག་ལག་ཁང་དུ་འོངས་ནས་དེས་དགེ་སློང་རྣམས་ལ་དྲིས་པ། འཕགས་པ་དག་བདག་གི་གཙུག་ལག་ཁང་དེ་གང་ལགས། དེ་ན་རྒན་ཞུགས་དྲུག་སྡེ་དག་དང་

ཁོན་ཡོད་པ་ཞིག་འདུག་པས་སྨྲས་པ། བྲམ་ཟེ་ཁྱེད་ཀྱི་གཙུག་ལག་ཁང་དེ་ནི་རྔ་མོ་སྒྱེལ་བ་བཞིན་དུ་འདུག་པ་འདི་ཡིན་གྱིས། ཅི་ནས་ཀྱང་སྒོ་སྐྱེས་ཀྱིས་དཔྲལ་བ་མི་བཅོམ་པ་དེ་ལྟར་བག་གྱིས་ལ་འདིར་ཞུགས་ཤིག །བྲམ་ཟེ་དེས་སྨྲས་པ། བདག་གིས་གཙུག་ལག་ཁང་

ལ་ནོར་གྱི་ཕུང་པོ་འདི་སྙེད་ཅིག་ཡོངས་སུ་བཏང་ན་གཙུག་ལག་ཁང་དེ་ཡང་ཡོངས་སུ་མ་སྤྱད་པ་ཁོ་ནར་རྡིབ་པོ་ཞེས་རིགས་ནས་བརྒྱལ་ཏེ་ས་ལ་འགྱེལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་བྲམ་ཟེ་དེ་ལ་འདི་སྐད་ཅེས་

เล่ม ๗ · หน้า 49a

ལྷ་དང་མི་མང་པོ་དག་གིས་དེ་བཞིན་གཤེགས་པ་ལ་བསྔོས་ཏེ། གཙུག་ལག་ཁང་དག་བྱེད་དུ་བཅུག་པ་དེ་དག་ནི་དེ་བཞིན་གཤེགས་པས་ཡོངས་སུ་མ་སྤྱད་ཀྱིས། ཁྱོད་ཀྱི་གཙུག་ལག་ཁང་གང་ཡིན་པ་འདི་ནི་དགེ་སློང་གནས་བརྟན་གནས་བརྟན་དག་གིས་མཚན་

མོའི་ཐུན་དང་པོ་ལ་ཡོངས་སུ་སྤྱད་ཅིང་། བཅོམ་ལྡན་འདས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་དང་བཅས་པས་ཀྱང་མཚན་མོའི་གུང་ཐུན་ལ་ཡོངས་སུ་སྤྱད་པས་ཁྱོད་ཀྱིས་ནི་རྙེད་པ་ལེགས་པར་རྙེད་དོ་ཞེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་

ཞེས་བཅོམ་ལྡན་འདས་ལས་མཉན་ནས་བྲམ་ཟེ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་དང་མི་མང་པོ་དག་གིས་དེ་བཞིན་གཤེགས་པ་ལ་བསྔོས་ཏེ་གཙུག་ལག་ཁང་དག་བྱེད་དུ་བཅུག་པ་དེ་དག་ནི་དེ་

བཞིན་གཤེགས་པས་ཡོངས་སུ་མ་སྤྱད་ཀྱིས། ཁྱོད་ཀྱི་གཙུག་ལག་ཁང་འདི་ནི་དགེ་སློང་གནས་བརྟན་གནས་བརྟན་དག་གིས་མཚན་མོའི་ཐུན་དང་པོ་ལ་ཡོངས་སུ་སྤྱད་ཅིང་། བཅོམ་ལྡན་འདས་དང་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷ་རྣམས་དང་བཅས་པས་ཀྱང་མཚན་མོའི་

གུང་ཐུན་ལ་ཡོངས་སུ་སྤྱད་པས་ཁྱོད་ཀྱིས་ནི་རྙེད་པ་ལེགས་པར་རྙེད་དོ་ཞེས་བྱུང་ངོ་། །བཙུན་པ་ཀུན་དགའ་བོ་བདག་གིས་གཙུག་ལག་ཁང་བཅོམ་ལྡན་འདས་ཀྱིས་ཡོངས་སུ་སྤྱད་དམ། བྲམ་ཟེ་ཡོངས་སུ་སྤྱད་དོ། །བཙུན་པ་ཀུན་དགའ་བོ་གལ་ཏེ་བདག་གི་གཙུག་ལག་ཁང་

བཅོམ་ལྡན་འདས་ཀྱིས་ཡོངས་སུ་སྤྱད་ན་བདག་བཅོམ་ལྡན་འདས་ཀྱི་སླད་དུ་གདུགས་རེ་རེ་ཞིང་གཙུག་ལག་ཁང་འདི་ལྟ་བུ་ཤ་སྟག་བགྱིད་དུ་སྩོལ་བར་ཡང་སྤྲོའོ། །བདག་གིས་དགེ་བའི་བཤེས་གཉེན་དེ་དག་གར་མཆིས། དྲུག་སྡེ་དག་གིས་བྲམ་ཟེ་དེ་དེ་ལྟར་བདག་ཅག་འདྲིའོ་ཞེས་

ཐོས་སོ། །ཐོས་ནས་ཀྱང་མྱུར་བ་མྱུར་བར་ལྷགས་པ་དང་། བྲམ་ཟེ་དེས་དེ་དག་ལ་རས་ཡུག་ཆེན་སར་པ་རེ་རེ་བསྐོན་ཅིང་ཡོ་བྱད་ཐམས་ཅད་ཀྱིས་ཀྱང་བསྟབས་སོ། །དགེ་སློང་རྣམས་ཀྱིས་དེ་དག་ལ་དྲུག་སྡེ་དག་གིས་གཙུག་ལག་ཁང་འདི་འདྲ་བ་བྱེད་དུ་བཅུག་གོ་ཞེས་སྨྲས་པ་

เล่ม ๗ · หน้า 49b

དང་། དྲུག་སྡེ་དག་གིས་སྨྲས་པ། ཁོ་བོ་ཅག་གིས་དེ་ལྟར་བྲམ་ཟེ་དེའི་ནོར་དེ་སྙེད་ཆུད་ཟོས་པར་གྱུར་དུ་ཟིན་ཀྱང་འོན་ཀྱང་དེས་ཁོ་བོ་ཅག་ལ་རས་ཡུག་ཆེན་སར་པ་རེ་རེ་བསྐོན་ཅིང་ཡོ་བྱད་ཐམས་ཅད་ཀྱིས་ཀྱང་བསྟབས་པར་གྱུར་པ་དེ་ལྟར་ཁོ་བོ་ཅག་གིས་བྲམ་ཟེ་དེ་མངོན་པར་དད་པར་བྱས་

སོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཡན་ལག་གང་གིས་ངོ་ཚ་བར་བྱ་བའི་ཡན་ལག་དེ་ཉིད་ཀྱིས་རློམ་པར་བྱེད་ཅེས་སྨོད་པར་བྱེད་ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་

འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་

རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་མཛེས་སོ། །ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་

རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་

འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་གཙུག་ལག་ཁང་ཆེན་པོ་ཞིག་རྩིག་ཏུ་འཇུད་ན་སྒོའི་སྦུབས་དང་། གཏན་པ་དང་སྣང་བའི་གནས་ཇི་ཙམ་པའི་འདུ་ཤེས་ཀྱིས་ས་བརྟག་པ་ནས་བཟུང་སྟེ་ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གཉིས་སམ།

གསུམ་བརྩིག་པར་བྱའོ། །དེ་ལས་ལྷག་པར་བརྩིགས་ན་ལྟུང་བྱེད་དོ། །དགེ་སློང་གིས་ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པས་སོ། །གཙུག་ལག་ཁང་ཞེས་བྱ་བ་ནི་གང་དུ་སྤྱོད་ལམ་བཞི་པོ་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་

เล่ม ๗ · หน้า 50a

དག་བྱར་རུང་བའོ། །ཆེན་པོ་ཞེས་བྱ་བ་ནི་ཆེན་པོ་གཉིས་ཏེ། སྦྱིན་པར་བྱ་བ་ལས་དང་། ཚད་ལས་ཏེ་དོན་འདིར་ནི་གཉི་ག་ཡིན་པར་དགོངས་སོ། །རྩིག་ཏུ་འཇུད་ན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ་གཞན་ནོ། །སྒོའི་སྦུབས་དང་གཏན་པ་ཞེས་བྱ་བ་ནི་སྒོའི་

སྦུབས་དང་། གཏན་པ་གཞུག་པར་བྱའོ། །སྣང་བའི་གནས་ཇི་ཙམ་པའི་འདུ་ཤེས་ཀྱིས་ཞེས་བྱ་བ་ནི་སྐར་ཁུང་དག་དང་ཆུ་ཁུང་གི་གནས་ཇི་ཙམ་གདོད་པར་བྱ་བའི་འདུ་ཤེས་ཀྱིས་སོ། །ས་བརྟག་པ་ནས་བཟུང་སྟེ་ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གཉིས་སམ། གསུམ་

ཞེས་བྱ་བ་ལ། ཕ་གུའི་རིམ་པ་ཞེས་བྱ་བ་ནི་ཕ་གུ་རྩེག་མའོ། །འཇིམ་པ་དང་བཅས་པ་ཞེས་བྱ་བ་ནི་ས་འཇིམ་པ་དང་བཅས་པའོ། །བརྩིག་པར་བྱའོ་ཞེས་བྱ་བ་ནི་གཞག་པར་བྱའོ། །དེ་ལས་ལྷག་པར་བརྩིགས་ན་ཞེས་བྱ་བ་ནི་དེ་ལས་ལྷག་པར་འཇོག་ནའོ། །ལྟུང་བྱེད་དོ་ཞེས་

བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་

པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་ཕ་གུའི་རིམ་པ་གཉིས་སམ། གསུམ་ལས་ལྷག་པར་བརྩིགས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །རྡོ་འབའ་ཞིག་གམ། སོ་ཕག་གམ། ཐམས་

ཅད་ཤིང་ལས་བྱས་པའམ། སྦྱིན་བདག་ན་རེ་བྱས་ནས་བལྟའོ། །ཟིན་ནས་བལྟའོ་ཞེས་ཟེར་བ་ལ་ལྟུང་བ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་འདུན་པ་ལག་གི་བླར་བསྒོ་བར་བགྱིས་པ་

བཟློག་པ་ལ་གཟིགས། དགེ་སློང་དག་ད་ལྟར་དུ་མ་ཟད་དེ་འདི་ལྟར་འདས་པའི་དུས་ན་ཡང་འདིས་དེ་བྱའི་རྒྱལ་པོར་དབང་བསྐུར་བར་བྱས་པ་བཟློག་སྟེ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གངས་ཀྱི་སེར་ཀ་ན་བྱའི་ཚོགས་ཆེན་པོ་འཁོད་པ་དེ་དག་གིས་བྱའི་རྒྱལ་པོ་དུས་ལ་བབ་

เล่ม ๗ · หน้า 50b

ནས་དེ་དག་ཅིག་ལ་གཅིག་གནོད་པར་བྱེད་པར་བརྩམས་པ་དང་། དེ་དག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་གིས་བདག་ཅག་གི་ནང་ན་གང་བདག་ཅག་ལ་ཆད་པས་གཅོད་པ་དང་། ཕན་འདོགས་པར་ནུས་པ་འགའ་ཞིག་བྱའི་རྒྱལ་པོར་དབང་བསྐུར་བར་བྱ་ན་བདག་ཅག་གིས་

གང་ཞིག་བྱའི་རྒྱལ་པོར་དབང་བསྐུར་བར་བྱ། དེ་ན་ཧ་ཅང་ཐག་མི་རིང་བ་ཞིག་ན་འུག་པ་རྒན་པོ་ཞིག་འདུག་ནས་དེ་དག་གིས་སྨྲས་པ། འུག་པ་རྒན་པོ་འདིས་བྱའི་རྒྱལ་པོར་དབང་བསྐུར་བར་བྱའོ། །དེ་དང་ཧ་ཅང་ཐག་མི་རིང་བ་ཞིག་ན་ནེ་ཙོ་རྒན་པོ་ཞིག་འདུག་ནས། དེ་དག་གིས་སྨྲས་

པ། རེ་ཞིག་ནེ་ཙོ་རྒན་པོ་འདི་ལ་ཡང་དྲི་བར་བྱའོ་ཞེས་དེ་དག་དེའི་གན་དུ་སོང་སྟེ་དྲིས་པ་དང་། ནེ་ཙོ་རྒན་པོ་དེས་ཚིགས་སུ་བཅད་པ་སྨྲས་པ། བྱ་རྣམས་འུག་པ་དབང་བསྐུར་དུ། །བདག་ནི་མོས་པ་མ་ཡིན་ཏེ། །མ་ཁྲོས་པ་ཡི་བཞིན་ལ་ལྟོས། །ཁྲོས་ན་ཇི་ལྟ་བྱེད་པར་

འགྱུར། །དེ་དག་གིས་དེ་དབང་མ་བསྐུར་བར་ནེ་ཙོ་རྒན་པོ་དེ་ཉིད་བྱའི་རྒྱལ་པོར་དབང་བསྐུར་ཏོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་ནེ་ཙོ་རྒན་པོ་གང་ཡིན་པ་དེ་ནི་ཤཱ་རིའི་བུ་འདི་ཡིན་ནོ། །དེའི་ཚེ་དེའི་དུས་ན་འུག་པ་རྒན་པོ་གང་ཡིན་པ་དེ་ནི་འདུན་པ་འདི་ཉིད་ཡིན་ཏེ། དེའི་ཚེ་ན་ཡང་

འདིས་དེ་བྱའི་རྒྱལ་པོར་དབང་བསྐུར་བར་བྱས་པ་བཟློགས་ལ་ད་ལྟར་ཡང་འདིས་དེ་ལག་གི་བླར་བསྐོ་བར་བྱས་པ་བཟློག་གོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །གཙུག་ལག་ཁང་གི་ལྟུང་བྱེད་

དེ་ཉི་ཤུ་པ་རྫོགས་སྷོ།། །།སྡོམ་ལ། མ་བསྐོས་ཉི་མ་ནུབ་པ་དང་། །ཟས་དང་ཆོས་གོས་གཉིས་དག་དང་། །དོན་མཐུན་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །བར་སྡོམ་ལ། དགའ་བྱེད་བསྟན་པའི་མདོ་སྡེ་དང་། །དྲུག་སྡེ་ལམ་

མདོ་བྱི་རོ་དང་། །མཛོད་གསུམ་འཕགས་འཚོང་འདུ་ཤེས་མེད། །འཚོ་བྱེད་རྟ་དང་སྨོན་ལམ་མོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་མ་འཕགས་མ་ཉན་ཐོས་

เล่ม ๗ · หน้า 51a

ཆེན་མོ་གནས་བརྟན་མོ་གནས་བརྟན་མོ་འདི་ལྟ་བུ་འདི་དག་མཉན་ཡོད་དུ་དགེ་སློང་མའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བར་དབྱར་གནས་པར་ཁས་བླངས་ཏེ་འདི་ལྟ་སྟེ་སྐུལ་བྱེད་མ་དང་། མིན་ད་དང་། མ་ད་བ་དང་། པ་ཋད་ཙར་དང་། འབྲོག་གནས་

དང་། བདེ་བ་དང་། ཟླ་བ་དང་། གཽ་ཏ་མཱི་སྐེམ་མོ་དང་། ཨུཏྤ་ལའི་མདོག་དང་། དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་དང་། དེ་དག་དང་གཞན་ཡང་དགེ་སློང་མ་འཕགས་མ་ཉན་ཐོས་ཆེན་མོ་གནས་བརྟན་མོ་གནས་བརྟན་མོ་དག །མཉན་ཡོད་དུ་དགེ་སློང་མའི་

དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བར་དབྱར་གནས་པར་ཁས་བླངས་སོ། །དེ་ནས་སྐྱེ་དགུའི་བདག་མོ་གཽ་ཏ་མཱི་འཁོར་དགེ་སློང་མ་ལྔ་བརྒྱ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་

ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་

རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གཽ་ཏ་མཱི་ཁྱོད་ཀྱི་དུས་ཡིན་གྱིས་སོང་ཤིག་ཅེས་སྐུལ་བར་

མཛད་དོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་། རྗེས་སུ་ཡི་རང་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་

ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ནི་ད་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་ཡིན་པས་འཁོར་བཞི་པོ། །དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་།

เล่ม ๗ · หน้า 51b

དགེ་བསྙེན་མ་དག་ལ་སྟོན་ན་ངལ་བར་འགྱུར་གྱིས། དགེ་སློང་དག་དེ་ལྟ་བས་ན་དེང་ཕྱིན་ཆད་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་རེས་ཀྱིས་དགེ་སློང་མ་ལ་སྟོན་ཅིག །དེའི་ཚེ་ན་དགེ་སློང་གནས་བརྟན་གནས་བརྟན་རྣམས་རེས་ཀྱིས་དགེ་སློང་མ་རྣམས་ལ་སྟོན་པར་

བྱེད་དོ། །ཚེ་དང་ལྡན་པ་དགའ་བྱེད་ནི་རེས་བབ་པ་ན་དགེ་སློང་མ་རྣམས་ལ་སྟོན་པར་མི་བཏུབ་བོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འཁོར་དགེ་སློང་མ་ལྔ་བརྒྱ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་

བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་

མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གཽ་ཏ་མཱི་ཁྱོད་ཀྱི་དུས་ཡིན་

གྱིས་སོང་ཤིག་ཅེས་སྐུལ་བར་མཛད་དོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་། རྗེས་སུ་ཡི་རང་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་

ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་གནས་བརྟན་གང་དག་དགེ་སློང་མ་ལ་རེས་ཀྱིས་སྟོན་པར་བྱེད། བཙུན་

པ་དགེ་སློང་གནས་བརྟན་གནས་བརྟན་དག་ཕལ་ཆེར་དགེ་སློང་མ་ལ་རེས་ཀྱིས་སྟོན་པར་བགྱིད་དེ། ཚེ་དང་ལྡན་པ་དགའ་བྱེད་ནི་རེས་བབ་ཀྱང་དགེ་སློང་མ་ལ་སྟོན་པར་མི་འཚལ་ལོ། །དེའི་ཚེ་ན་ཚེ་དང་ལྡན་པ་དགའ་བྱེད་འཁོར་དེ་ཉིད་ན་འདུག་ཅིང་མཐུན་པར་གྱུར་ཏོ། །དེ་

เล่ม ๗ · หน้า 52a

ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བྱེད་ལ་བཀའ་སྩལ་པ། དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་ཐོམས་ཤིག །དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་རྗེས་སུ་སྟོན་ཅིག །དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་རྣམས་ལ་ཆོས་དང་ལྡན་པའི་

གཏམ་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། དགའ་བྱེད་དགེ་སློང་མ་ལ་ང་འམ། ཁྱོད་ཀྱིས་གཏམས་ཀྱང་རུང་ཞིང་། དགེ་སློང་མ་ལ་ང་འམ། ཁྱོད་ཀྱིས་རྗེས་སུ་བསྟན་ཀྱང་རུང་ལ། དགེ་སློང་མ་རྣམས་ལ་ང་འམ། ཁྱོད་ཀྱིས་ཆོས་དང་ལྡན་པའི་གཏམ་

བྱར་ཡང་རུང་བའི་ཕྱིར་རོ། །ཚེ་དང་ལྡན་པ་དགའ་བྱེད་ཀྱིས་ཅང་མི་སྨྲ་བས་བཅོམ་ལྡན་འདས་ལས་དང་དུ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་བྱས་ཏེ་བཅོམ་ལྡན་

འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དེ་ནས་མཉན་

ཡོད་དུ་བསོད་སྙོམས་བརྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ་ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་སྟེ་རྐང་པ་གཉིས་བཀྲུས་ནས་ནང་དུ་ཡང་དག་འཇོག་གི་ཕྱིར་གཙུག་ལག་ཁང་དུ་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་ཕྱེ་མ་རེད་

ནང་དུ་ཡང་དག་འཇོག་ལས་ལངས་ནས་སྣམ་སྦྱར་ཐོགས་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དགེ་སློང་ཞིག་དང་དགེ་སློང་མའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བ་ག་ལ་བ་དེར་སོང་ངོ་། །དགེ་སློང་མ་དེ་དག་གིས་ཚེ་དང་ལྡན་པ་དགའ་བྱེད་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་

ཀྱང་ཚེ་དང་ལྡན་པ་དགའ་བྱེད་ཀྱི་ཕྱིར་སྟན་ཤོམ་པར་བྱེད་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །བཙུན་པ་དགའ་བྱེད་ཚུར་ཤེག །བཙུན་པ་དགའ་བྱེད་བྱོན་པ་ལེགས་སོ། །བཙུན་པ་དགའ་བྱེད་གདན་བཤམས་པ་ཉིད་ལ་བཞུགས་སུ་གསོལ། ཚེ་དང་ལྡན་པ་དགའ་བྱེད་སྟན་

เล่ม ๗ · หน้า 52b

བཤམས་པ་ཉིད་ལ་འདུག་གོ། །དེ་ནས་དགེ་སློང་མ་དེ་དག་གིས་ཚེ་དང་ལྡན་པ་དགའ་བྱེད་ཀྱི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་དག་

ཁྱེད་ཅག་རྣམ་པར་སེལ་བ་ཡོངས་སུ་དྲིས་ཤིག་དང་། ཆོས་དང་ལྡན་པའི་གཏམ་བརྗོད་པར་བྱའོ། །དེ་ལ་ཁྱེད་ཀྱིས་ཀུན་ཤེས་པ་དག་གིས་ཀྱང་ཀུན་ཤེས་སོ་ཞེས་བརྗོད་པར་གྱིས་ཤིག །ཀུན་མི་ཤེས་པ་དག་གིས་ཀྱང་ཀུན་མི་ཤེས་སོ་ཞེས་བརྗོད་པར་གྱིས་ཤིག །གང་

གིས་སྨྲས་པ་གང་གིས་དོན་ཀུན་ཤེས་པ་དེས་ནི་དེ་ཁོ་ན་བཞིན་དུ་ཟུང་ཤིག །གང་གིས་སྨྲས་པ་གང་གིས་དོན་ཀུན་མི་ཤེས་པ་དེས་ནི་བདག་ཉིད་ལ་བཙུན་པ་དགའ་བྱེད་སྨྲས་པ་འདིའི་དོན་ཅི་ལགས། འདི་ཇི་ལྟ་བུ་ལགས་ཞེས་ཡོངས་སུ་དྲིས་ཤིག །བཙུན་པ་དགའ་

བྱེད་གང་གི་སླད་དུ་བཙུན་པ་དགའ་བྱེད་ཀྱིས་དེ་སྐད་ཅེས་སྲིང་མོ་དག་ཁྱེད་ཅག་རྣམ་པར་སེལ་བ་དྲིས་ཤིག་དང་ཆོས་དང་ལྡན་པའི་གཏམ་བརྗོད་པར་བྱའོ། །དེ་ལ་ཁྱེད་ཀྱིས་ཀུན་ཤེས་པ་དག་གིས་ཀྱང་ཀུན་ཤེས་སོ་ཞེས་བརྗོད་པར་གྱིས་ཤིག །ཀུན་མི་ཤེས་པ་དག་

གིས་ཀྱང་ཀུན་མི་ཤེས་སོ་ཞེས་བརྗོད་པར་གྱིས་ཤིག །གང་གིས་སྨྲས་པ་གང་གིས་དོན་ཀུན་ཤེས་པ་དེས་ནི་དེ་ཁོ་ན་བཞིན་དུ་ཟུང་ཤིག །གང་གིས་སྨྲས་པ་གང་གིས་དོན་ཀུན་མི་ཤེས་པ་དེས་ནི་བདག་ཉིད་ལ་བཙུན་པ་དགའ་བྱེད་སྨྲས་པ་འདིའི་དོན་ཅི་ལགས་འདི་ཇི་ལྟ་བུ་

ལགས་ཞེས་ཡོངས་སུ་དྲིས་ཤིག་ཅེས་བཀའ་སྩལ་པ་དེ་ཉིད་ཀྱིས་བདག་ཅག་གློ་བ་དགའ་ཞིང་རངས་པར་གྱུར་ཏོ། །བཙུན་པ་དགའ་བྱེད་ཆོས་གསུང་ཤིག་དང་བདག་ཅག་གིས་ཀུན་འཚལ་བ་དག་གིས་ཀྱང་ཀུན་འཚལ་ཏོ་ཞེས་བརྗོད་པར་བགྱིའོ། །ཀུན་མ་འཚལ་བ་དག་

གིས་ཀྱང་ཀུན་མ་འཚལ་ཏོ་ཞེས་བརྗོད་པར་བགྱིའོ། །གང་གིས་སྨྲས་པ་གང་གིས་དོན་ཀུན་འཚལ་བ་དེས་ནི་དེ་ཁོ་ན་བཞིན་དུ་གཟུང་བར་བགྱིའོ། །གང་གིས་སྨྲས་པ་གང་གིས་དོན་ཀུན་མ་འཚལ་བ་དེས་ནི་བཙུན་པ་དགའ་བྱེད་ཉིད་ལ་བཙུན་པ་དགའ་བྱེད་སྨྲས་པ་འདིའི་དོན་ཅི་ལགས་

เล่ม ๗ · หน้า 53a

འདི་ཇི་ལྟ་བུ་ལགས་ཞེས་ཡོངས་སུ་དྲི་བར་བགྱིའོ། །སྲིང་མོ་དག་ཁྱེད་ཀྱིས་ནང་གི་སྐྱེ་མཆེད་མིག་ལ་འདི་ནི་བདག་གིའོ། །འདི་ནི་བདག་གོ། །འདི་ནི་བདག་གི་བདག་གོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ངམ། བཙུན་པ་དགའ་བྱེད་མ་མཐོང་ངོ་། །

སྲིང་མོ་དག་ཁྱེད་ཀྱིས་ནང་གི་སྐྱེ་མཆེད་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དག་ལ་འདི་ནི་བདག་གིའོ། །འདི་ནི་བདག་གོ། །འདི་ནི་བདག་གི་བདག་གོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངམ། བཙུན་པ་དགའ་བྱེད་མ་མཐོང་ངོ་། །དེ་ཅིའི་སླད་དུ་ཞེ་

ན། བཙུན་པ་དགའ་བྱེད་བདག་ཅག་གིས་དང་པོ་ཉིད་ནས་ཇི་ལྟར་ནང་གི་སྐྱེ་མཆེད་དྲུག་པོ་འདི་དག་བདག་མ་མཆིས་པ་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་བདག་ཅག་གིས་སེམས་ཀྱང་ཇི་ལྟར་ནང་གི་སྐྱེ་མཆེད་དྲུག་པོ་འདི་དག་བདག་མ་

མཆིས་པ་དེ་ལྟར་དེ་ལ་མོས་པའི་སླད་དུའོ། །སྲིང་མོ་དག་ལེགས་སོ་ལེགས་སོ། །སྨྲས་པ་དེའི་དོན་ནི་ཇི་ལྟར་ནང་གི་སྐྱེ་མཆེད་དྲུག་པོ་འདི་དག་བདག་མེད་པ་དེ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །སྲིང་མོ་དག་ཁྱེད་ཀྱིས་ཕྱི་རོལ་གྱི་སྐྱེ་མཆེད་གཟུགས་དག་ལ་འདི་ནི་བདག་གིའོ། །

འདི་ནི་བདག་གོ། །འདི་ནི་བདག་གི་བདག་གོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ངམ། བཙུན་པ་དགའ་བྱེད་མ་མཐོང་ངོ་། །སྲིང་མོ་དག་ཁྱེད་ཀྱིས་ཕྱི་རོལ་གྱི་སྐྱེ་མཆེད་སྒྲ་དག་དང་། དྲི་དག་དང་། རོ་དག་དང་། རེག་བྱ་དག་དང་། ཆོས་དག་ལ་འདི་ནི་

བདག་གིའོ། །འདི་ནི་བདག་གོ། །འདི་ནི་བདག་གི་བདག་གོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ངམ། བཙུན་པ་དགའ་བྱེད་མ་མཐོང་ངོ་། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་དགའ་བྱེད་བདག་ཅག་གིས་དང་པོ་ཉིད་ནས་ཇི་ལྟར་སླད་རོལ་གྱི་སྐྱེ་མཆེད་དྲུག་པོ་འདི་

དག་བདག་མ་མཆིས་པ་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་། བདག་ཅག་གིས་སེམས་ཀྱང་ཇི་ལྟར་སླད་རོལ་གྱི་སྐྱེ་མཆེད་དྲུག་པོ་འདི་དག་བདག་མ་མཆིས་པ་དེ་ལྟར་དེ་ལ་མོས་པའི་སླད་དུའོ། །སྲིང་མོ་དག་ལེགས་སོ་ལེགས་སོ། །

เล่ม ๗ · หน้า 53b

སྨྲས་པ་དེའི་དོན་ནི་ཇི་ལྟར་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་འདི་དག་བདག་མེད་པ་དེ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །སྲིང་མོ་དག་ཁྱེད་ཀྱིས་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་མིག་གི་རྣམ་པར་ཤེས་པ་དེ་ལ་འདི་ནི་བདག་གིའོ། །འདི་ནི་བདག་

གོ། །འདི་ནི་བདག་གི་བདག་གོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ངམ། བཙུན་པ་དགའ་བྱེད་མ་མཐོང་ངོ་། །སྲིང་མོ་དག་ཁྱེད་ཀྱིས་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཆོས་རྣམས་ལ་བརྟེན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་ཡིད་

ཀྱི་རྣམ་པར་ཤེས་པ་དེ་ལ་འདི་ནི་བདག་གིའོ། །འདི་ནི་བདག་གོ། །འདི་ནི་བདག་གི་བདག་གོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ངམ། བཙུན་པ་དགའ་བྱེད་མ་མཐོང་ངོ་། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་དགའ་བྱེད་བདག་ཅག་གིས་དང་པོ་ཉིད་ནས་ཇི་ལྟར་རྣམ་པར་

ཤེས་པའི་ཚོགས་དྲུག་པོ་འདི་དག་བདག་མ་མཆིས་པ་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་། བདག་ཅག་གིས་སེམས་ཀྱང་ཇི་ལྟར་རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདི་དག་བདག་མ་མཆིས་པ་དེ་ལྟར་དེ་ལ་མོས་པའི་སླད་དུའོ། །སྲིང་མོ་དག་

ལེགས་སོ་ལེགས་སོ། །སྨྲས་པ་དེའི་དོན་ནི་ཇི་ལྟར་རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདི་དག་བདག་མེད་པ་དེ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །སྲིང་མོ་དག་ཁྱེད་ཀྱིས་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་ཞིང་གསུམ་འདུས་པ་ལས་རེག་པའི་མིག་

གི་འདུས་ཏེ་རེག་པ་དེ་ལ་འདི་ནི་བདག་གིའོ། །འདི་ནི་བདག་གོ། །འདི་ནི་བདག་གི་བདག་གོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ངམ། བཙུན་པ་དགའ་བྱེད་མ་མཐོང་ངོ་། །སྲིང་མོ་དག་ཁྱེད་ཀྱིས་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་།

ཆོས་རྣམས་ལ་བརྟེན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་ཞིང་། གསུམ་འདུས་པ་ལས་རེག་པའི་ཡིད་ཀྱི་འདུས་ཏེ་རེག་པ་དེ་ལ་འདི་ནི་བདག་གིའོ། །འདི་ནི་བདག་གོ། །འདི་ནི་བདག་གི་བདག་གོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ངམ། བཙུན་པ་དགའ་བྱེད་མ་མཐོང་ངོ་། །

เล่ม ๗ · หน้า 54a

དེ་ཅིའི་ཕྱིར་ཞེ་ན། བཙུན་པ་དགའ་བྱེད་བདག་ཅག་གིས་དང་པོ་ཉིད་ནས་ཇི་ལྟར་རེག་པའི་ཚོགས་དྲུག་པོ་འདི་དག་བདག་མ་མཆིས་པ་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་བདག་ཅག་གིས་སེམས་ཀྱང་ཇི་ལྟར་རེག་པའི་

ཚོགས་དྲུག་པོ་འདི་དག་བདག་མ་མཆིས་པ་དེ་ལྟར་དེ་ལ་མོས་པའི་སླད་དུའོ། །སྲིང་མོ་དག་ལེགས་སོ་ལེགས་སོ། །སྨྲས་པ་དེའི་དོན་ནི་ཇི་ལྟར་རེག་པའི་ཚོགས་དྲུག་པོ་འདི་དག་བདག་མེད་པ་དེ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །སྲིང་མོ་དག་ཁྱེད་ཀྱིས་མིག་དང་གཟུགས་རྣམས་ལ་

བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་ཞིང་། གསུམ་འདུས་པ་ལས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བའི་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དེ་ལ་འདི་ནི་བདག་གིའོ། །འདི་ནི་བདག་གོ། །འདི་ནི་བདག་གི་བདག་གོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་

ངམ། བཙུན་པ་དགའ་བྱེད་མ་མཐོང་ངོ་། །སྲིང་མོ་དག་ཁྱེད་ཀྱིས་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཆོས་རྣམས་ལ་བརྟེན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་ཞིང་གསུམ་འདུས་པ་ལས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བའི་ཡིད་ཀྱི་འདུས་ཏེ་རེག་

པ་ལས་བྱུང་བའི་ཚོར་བ་དེ་ལ་འདི་ནི་བདག་གིའོ། །འདི་ནི་བདག་གོ། །འདི་ནི་བདག་གི་བདག་གོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ངམ། བཙུན་པ་དགའ་བྱེད་མ་མཐོང་ངོ་། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་དགའ་བྱེད་བདག་ཅག་གིས་དང་པོ་ཉིད་ནས་ཇི་

ལྟར་ཚོར་བའི་ཚོགས་དྲུག་པོ་འདི་དག་བདག་མ་མཆིས་པ་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་བདག་ཅག་གིས་སེམས་ཀྱང་ཇི་ལྟར་ཚོར་བའི་ཚོགས་དྲུག་པོ་འདི་དག་བདག་མ་མཆིས་པ་དེ་ལྟར་དེ་ལ་མོས་པའི་སླད་དུའོ། །སྲིང་མོ་དག་ལེགས་

སོ་ལེགས་སོ། །སྨྲས་པ་དེའི་དོན་ནི་ཇི་ལྟར་རེག་པའི་ཚོགས་དྲུག་པོ་འདི་དག་བདག་མེད་པ་དེ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །སྲིང་མོ་དག་ཁྱེད་ཀྱིས་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་ཞིང་། གསུམ་འདུས་པ་ལས་རེག་པ། རེག་

เล่ม ๗ · หน้า 54b

པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པའི་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་སྲེད་པ་དེ་ལ་འདི་ནི་བདག་གིའོ། །འདི་ནི་བདག་གོ། །འདི་ནི་བདག་གི་བདག་གོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ངམ། བཙུན་པ་དགའ་བྱེད་མ་མཐོང་ངོ་། །

སྲིང་མོ་དག་ཁྱེད་ཀྱིས་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཆོས་རྣམས་ལ་བརྟེན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་ཞིང་། གསུམ་འདུས་པ་ལས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པའི་ཡིད་ཀྱི་འདུས་ཏེ་རེག་པ་ལས་

བྱུང་བའི་སྲེད་པ་དེ་ལ་འདི་ནི་བདག་གིའོ། །འདི་ནི་བདག་གོ། །འདི་ནི་བདག་གི་བདག་གོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ངམ། བཙུན་པ་དགའ་བྱེད་མ་མཐོང་ངོ་། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་དགའ་བྱེད་བདག་ཅག་གིས་དང་པོ་ཉིད་ནས་ཇི་ལྟར་སྲེད་

པའི་ཚོགས་དྲུག་པོ་འདི་དག་ནི་བདག་མ་མཆིས་པ་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་། བདག་ཅག་གིས་སེམས་ཀྱང་ཇི་ལྟར་སྲེད་པའི་ཚོགས་དྲུག་པོ་འདི་དག་བདག་མ་མཆིས་པ་དེ་ལྟར་དེ་ལ་མོས་པའི་སླད་དུའོ། །སྲིང་མོ་དག་ལེགས་

སོ་ལེགས་སོ། །སྨྲས་པ་དེའི་དོན་ནི་ཇི་ལྟར་སྲེད་པའི་ཚོགས་དྲུག་པོ་འདི་དག་བདག་མེད་པ་དེ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །སྲིང་མོ་དག་འདི་ལྟ་སྟེ་དཔེར་ན་འབྲུ་མར་དང་། མར་མེའི་སྙིང་པོ་ལ་བརྟེན་ནས་འབྲུ་མར་གྱི་མར་མེ་འབར་བར་འགྱུར་ཞིང་། འབྲུ་མར་གྱི་མར་

མེ་དེའི་འབྲུ་མར་ཡང་མི་རྟག་པ་ཡིན། མར་མེའི་སྙིང་པོ་དང་། མེ་ལྕེ་དང་སྣོད་ཀྱང་མི་རྟག་པ་ཡིན་ན། སྲིང་མོ་དག་གང་འདི་སྐད་ཅེས་དེའི་འབྲུ་མར་མེད་པ་དང་མར་མེའི་སྙིང་པོ་དང་། མེ་ལྕེ་དང་། སྣོད་མེད་ན་ཡང་དེ་ལ་བརྟེན་པའི་སྣང་བ་གང་ཡིན་པ་དེ་རྟག་པ། བརྟན་

པ་ཐེར་ཟུག་པ། རྣམ་པར་མི་འགྱུར་བའི་ཆོས་ཅན་ཡང་དག་པ་དེ་ཁོ་ན་བཞིན་དུ་གནས་པར་འགྱུར་རོ་ཞེས་ཟེར་ན། དེ་སྐད་ཟེར་བ་དེ་ཡང་དག་པར་སྨྲས་པ་ཡིན་ནམ། བཙུན་པ་དགའ་བྱེད་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་དགའ་བྱེད་འདི་ལྟར་འབྲུ་མར་གྱི་

เล่ม ๗ · หน้า 55a

མར་མེ་དེའི་འབྲུ་མར་ཡང་མི་རྟག་པ་ལགས། མར་མེའི་སྙིང་པོ་དང་། མེ་ལྕེ་དང་། སྣོད་ཀྱང་མི་རྟག་པ་ལགས་ལ། དེའི་འབྲུ་མར་མ་མཆིས་ཤིང་། ཞུན་མར་གྱི་སྙིང་པོ་དང་། མེ་ལྕེ་དང་། སྣོད་མ་མཆིས་ན་དེ་ལ་བརྟེན་པའི་སྣང་བ་གང་

ལགས་པ་དེ་ཐམས་ཅད་དུ་མི་འབྱུང་བའི་སླད་དུའོ། །སྲིང་མོ་དག་དེ་བཞིན་དུ་ནང་གི་སྐྱེ་མཆེད་དྲུག་པོ་མི་རྟག་པ་འདི་དག་ལ་གང་འདི་སྐད་ཅེས་ནང་གི་སྐྱེ་མཆེད་དྲུག་པོ་མི་རྟག་པ་འདི་དག་ལ་བརྟེན་ནས་བདེ་བ་དང་། ཡིད་བདེ་བ་སྐྱེད་པ་གང་ཡིན་པ་དེ་རྟག་པ། བརྟན་པ་

ཐེར་ཟུག་པ། རྣམ་པར་མི་འགྱུར་བའི་ཆོས་ཅན་ཡང་དག་པ་དེ་ཁོ་ན་བཞིན་དུ་གནས་པར་འགྱུར་རོ། །ཞེས་ཟེར་ན་དེ་སྐད་ཅེས་ཟེར་བ་དེ་ཡང་དག་པར་སྨྲ་བ་ཡིན་ནམ་བཙུན་པ་དགའ་བྱེད་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་དགའ་བྱེད་བདག་ཅག་གིས་དང་པོ་ཉིད་

ནས་ཇི་ལྟར་ནང་གི་སྐྱེ་མཆེད་དྲུག་པོ་འདི་དག་མི་རྟག་པ་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་། བདག་ཅག་གིས་སེམས་ཀྱང་ཇི་ལྟར་ཆོས་དེ་དང་དེ་དག་སྐྱེས་པས་ཆོས་དེ་དང་དེ་དག་སྐྱེ་བར་འགྱུར་ཞིང་། ཆོས་དེ་དང་དེ་དག་འགགས་པས་ཆོས་

དེ་དང་དེ་དག་འགག་པར་འགྱུར་བ་དང་། ཉེ་བར་ཞི་བར་འགྱུར་བ་དང་། བསིལ་བར་འགྱུར་བ་དང་། ནུབ་པར་འགྱུར་བ་དེ་ལྟར་དེ་ལ་མོས་པའི་སླད་དུའོ། །སྲིང་མོ་དག་ལེགས་སོ་ལེགས་སོ། །སྨས་པ་དེའི་དོན་ནི་ཇི་ལྟར་ནང་གི་སྐྱེ་མཆེད་དྲུག་པོ་འདི་དག་མི་རྟག་ཅིང་

ཆོས་དེ་དང་དེ་དག་སྐྱེས་པས་ཆོས་དེ་དང་དེ་དག་སྐྱེ་བར་འགྱུར་ཞིང་། ཆོས་དེ་དང་དེ་དག་འགགས་པས་ཆོས་དེ་དང་དེ་དག་འགག་པར་འགྱུར་བ་དང་། ཉེ་བར་ཞི་བར་འགྱུར་བ་དང་། བསིལ་བར་འགྱུར་བ་དང་། ནུབ་པར་འགྱུར་བ་དེ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །སྲིང་

མོ་དག་འདི་ལྟ་སྟེ་དཔེར་ན་ཤིང་ལྗོན་པ་ཆེན་པོ་རྩ་བ་དང་ལྡན་པ། སྡོང་པོ་དང་ལྡན་པ། སྙིང་པོ་དང་ལྡན་པ། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་ལྡན་པའི་རྩ་བ་ཡང་མི་རྟག་པ་ཡིན། སྡོང་པོ་དང་། སྙིང་པོ་དང་། ཡལ་ག་དང་། ལོ་མ་དང་།

เล่ม ๗ · หน้า 55b

མེ་ཏོག་དང་། འབྲས་བུ་ཡང་མི་རྟག་པ་ཡིན་ན་སྲིང་མོ་དག་གང་འདི་སྐད་ཅེས་དེའི་རྩ་བ་མེད་པ་དང་། སྡོང་པོ་དང་། སྙིང་པོ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་མེད་ན་ཡང་དེ་ལ་བརྟེན་པའི་གྲིབ་མ་གང་ཡིན་པ་དེ་རྟག་པ། བརྟན་པ་ཐེར་ཟུག་པ།

རྣམ་པར་མི་འགྱུར་བའི་ཆོས་ཅན་ཡང་དག་པ་དེ་ཁོ་ན་བཞིན་གནས་པར་འགྱུར་རོ་ཞེས་ཟེར་ན། དེ་སྐད་ཟེར་བ་དེ་ཡང་དག་པར་སྨྲ་བ་ཡིན་ནམ། བཙུན་པ་དགའ་བྱེད་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་དགའ་བྱེད་འདི་ལྟར་ཞུགས་ཤིང་ལྗོན་པ་ཆེན་པོ་རྩ་བ་དང་

ལྡན་པ། སྡོང་པོ་དང་ལྡན་པ། སྙིང་པོ་དང་ལྡན་པ། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་ལྡན་པ། དེའི་རྩ་བ་ཡང་མི་རྟག་པ་ལགས། སྡོང་པོ་དང་། སྙིང་པོ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཡང་མི་རྟག་པ་

ལགས་ལ། དེའི་རྩ་བ་མ་མཆིས་ཤིང་། སྡོང་པོ་དང་། སྙིང་པོ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་མ་མཆིས་ན། དེ་ལ་བརྟེན་པའི་གྲིབ་མ་གང་ལགས་པ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འབྱུང་བའི་སླད་དུའོ། །སྲིང་མོ་དག་དེ་བཞིན་

དུ་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་མི་རྟག་པ་འདི་དག་ལ་གང་འདི་སྐད་ཅེས་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་མི་རྟག་པ་འདི་དག་ལ་བརྟེན་ནས་བདེ་བ་དང་། ཡིད་བདེ་བ་སྐྱེས་པ་གང་ཡིན་པ་དེ་རྟག་པ། བརྟན་པ། ཐེར་ཟུག་པ། རྣམ་པར་མི་འགྱུར་བའི་ཆོས་ཅན་ཡང་དག་པ་དེ་ཁོ་

ན་བཞིན་དུ་གནས་པར་འགྱུར་རོ་ཞེས་ཟེར་ན་དེ་སྐད་ཟེར་བ་དེ་ཡང་དག་པར་སྨྲ་བ་ཡིན་ནམ། བཙུན་པ་དགའ་བྱེད་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་དགའ་བྱེད་བདག་ཅག་གིས་དང་པོ་ཉིད་ནས་ཇི་ལྟར་སླད་རོལ་གྱི་སྐྱེ་མཆེད་དྲུག་པོ་འདི་དག་མི་རྟག་པ་དེ་ལྟར་ཡང་

དག་པའི་ཤེས་རབ་ཀྱིས་ཡང་དག་པའི་ལྟ་བ་བཞིན་དུ་མཐོང་ཞིང་། བདག་ཅག་གི་སེམས་ཀྱང་ཇི་ལྟར་ཆོས་དེ་དང་དེ་དག་སྐྱེས་པས་ཆོས་དེ་དང་དེ་དག་སྐྱེ་བར་འགྱུར་ཞིང་། ཆོས་དེ་དང་དེ་དག་འགགས་པས་ཆོས་དེ་དང་དེ་དག་འགག་པར་འགྱུར་བ་དང་། ཉེ་བར་ཞི་བར་འགྱུར་བ་

เล่ม ๗ · หน้า 56a

དང་། བསིལ་བར་འགྱུར་བ་དང་། ནུབ་པར་འགྱུར་བ་དེ་ལྟར་དེ་ལ་མོས་པའི་སླད་དུའོ། །སྲིང་མོ་དག་ལེགས་སོ་ལེགས་སོ། །སྨྲས་པ་དེའི་དོན་ནི་ཇི་ལྟར་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་འདི་དག་མི་རྟག་ཅིང་ཆོས་དེ་དང་དེ་དག་སྐྱེས་པས་ཆོས་དེ་དང་དེ་དག་

སྐྱེ་བར་འགྱུར་ཞིང་། ཆོས་དེ་དང་དེ་དག་འགགས་པས་ཆོས་དེ་དང་དེ་དག་འགག་པར་འགྱུར་བ་དང་། ཉེ་བར་ཞི་བར་འགྱུར་བ་དང་། བསིལ་བར་འགྱུར་བ་དང་། ནུབ་པར་འགྱུར་བ་དེ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །སྲིང་མོ་དག་འདི་ན་སྐྱེས་བུ་མཁས་པ་དག་དཔེས་སྨྲས་

པའི་དོན་ཀུན་ཤེས་པར་འགྱུར་བས་དེའི་ཕྱིར་རེ་ཞིག་དཔེ་ཉོན་ཅིག །སྲིང་མོ་དག་འདི་ལྟ་སྟེ་དཔེར་ན་བ་ལང་གསོད་པ་འམ། བ་ལང་གསོད་པའི་སློབ་མ་མཁས་པ་ཞིག་གིས་བ་ལང་བཤའ་བའི་གྲི་རྣོན་པོས་བ་ལང་བསད་དེ་དེའི་ནང་གི་ཤའི་ཚོགས་ཀྱང་མ་ཉམས་ཕྱི་རོལ་གྱི་པགས་པའི་

ཚོགས་ཀྱང་མ་ཉམས་པར། བར་གྱི་ཆུ་རྒྱུས་དང་། བར་གྱི་གློ་བ་དང་། བར་གྱི་མཆིན་པ་དང་། བར་གྱི་རྩ་རྒྱུན་གང་ཡིན་པ་དེ་དག་ཐམས་ཅད་ཀུན་དུ་བཅད། ཀུན་དུ་དྲལ་ནས་ཀུན་དུ་རྡུང་བར་བྱེད། ཀུན་དུ་དམྱལ་བར་བྱེད་ཅིང་དེ་དག་ཐམས་ཅད་ཀུན་དུ་བཅད། ཀུན་དུ་

དྲལ་ནས་ཀུན་དུ་བརྡུངས། ཀུན་དུ་དམྱལ་ཏེ་ཡང་བ་ལང་གི་ཀོ་བས་གཡོགས་པར་གྱུར་པ་དེ་ལ་སྲིང་མོ་དག་གང་འདི་སྐད་ཅེས་བ་ལང་ཀོ་བ་དང་ལྡན་པ་ཡིན་གྱི་བྲལ་བ་མ་ཡིན་ནོ་ཞེས་ཟེར་ན་དེ་སྐད་ཟེར་བ་དེ་ཡང་དག་པར་སྨྲ་བ་ཡིན་ནམ། བཙུན་པ་དགའ་བྱེད་མ་ལགས་སོ། །དེ་ཅིའི་

སླད་དུ་ཞེ་ན། བཙུན་པ་དགའ་བྱེད་འདི་ལྟར་བ་ལང་འགུམས་པའམ། བ་ལང་འགུམས་པའི་སློབ་མ་མཁས་པས་བ་ལང་འགུམས་པའི་གྲི་རྣོན་པོས་བ་ལང་བཀུམ་སྟེ་དེའི་ནང་གི་ཤའི་ཚོགས་ཀྱང་མ་ཉམས་སླད་རོལ་གྱི་པགས་པའི་ཚོགས་ཀྱང་མ་ཉམས་པར་བར་གྱི་

ཆུ་རྒྱུས་དང་། བར་གྱི་གློ་བ་དང་། བར་གྱི་མཆིན་པ་དང་། བར་གྱི་རྩ་རྒྱུན་གང་ལགས་པ་དེ་དག་ཐམས་ཅད་ཀུན་དུ་བཅད། ཀུན་དུ་དྲལ་ནས་ཀུན་དུ་རྡུང་བར་བགྱིད། ཀུན་དུ་དམྱལ་བར་བགྱིད་ཅིང་དེ་དག་ཐམས་ཅད་ཀུན་དུ་བཅད། ཀུན་དུ་དྲལ་ནས་ཀུན་དུ་

เล่ม ๗ · หน้า 56b

བརྡུངས། ཀུན་དུ་དམྱལ་ཏེ་ཡང་བ་ལང་གི་ཀོ་བས་གཡོགས་པར་གྱུར་པ་དེ་ནི་བཙུན་པ་དགའ་བྱེད་བ་ལང་ཀོ་བ་དང་ལྡན་པ་མ་ལགས་ཀྱིས་བྲལ་བ་ལགས་པའི་སླད་དུའོ། །སྲིང་མོ་དག་དེ་ལྟར་ཇི་ཙམ་དུ་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་དཔེ་དེ་བྱས་ཏེ། འདི་ལ་དོན་

ནི་འདི་ཡིན་པར་བལྟ་བར་བྱ་སྟེ། སྲིང་མོ་དག་བ་ལང་ཞེས་བྱ་བ་དེ་ནི་ལུས་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ། ཕ་མའི་མི་གཙང་བ་མེར་མེར་པོ་ལས་བྱུང་བ། འབྲས་ཆན་དང་ཟན་དྲོན་གྱིས་ཉེ་བར་བསགས་པ། རྟག་ཏུ་བྱུག་པ་དང་། ཁྲུས་

དང་། མཉེ་བ་དང་། འབྱེ་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་གང་ཡིན་པའི་ཚིག་བླ་དགས་ཡིན་ནོ། །ནང་གི་ཤའི་ཚོགས་ཞེས་བྱ་བ་དེ་ནི་ནང་གི་སྐྱེ་མཆེད་དྲུག་པོ་དག་གི་ཚིག་བླ་དགས་ཡིན་ནོ། །ཕྱི་རོལ་གྱི་པགས་པའི་ཚོགས་

ཞེས་བྱ་བ་དེ་ནི་ཕྱི་རོལ་གྱི་སྐྱེ་མཆེད་དྲུག་པོ་དག་གི་ཚིག་བླ་དགས་ཡིན་ནོ། །བར་གྱི་ཆུ་རྒྱུས་དང་། བར་གྱི་གློ་བ་དང་། བར་གྱི་མཆིན་པ་དང་། བར་གྱི་རྩ་རྒྱུན་ཞེས་བྱ་བ་དེ་ནི་དགའ་བའི་འདོད་ཆགས་ཀྱི་ཚིག་བླ་དགས་ཡིན་ནོ། །བ་ལང་གསོད་པའམ། བ་

ལང་གསོད་པའི་སློབ་མ་མཁས་པ་ཞེས་བྱ་བ་དེ་ནི་འཕགས་པའི་ཉན་ཐོས་ཐོས་པ་དང་ལྡན་པའི་ཚིག་བླ་དགས་ཡིན་ནོ། །གྲི་ཞེས་བྱ་བ་དེ་ནི་ཤེས་རབ་ཀྱི་མཚོན་གྱི་ཚིག་བླ་དགས་ཡིན་ནོ། །སྲིང་མོ་དག་འཕགས་པའི་ཉན་ཐོས་ཐོས་པ་དང་ལྡན་པས་ཤེས་རབ་ཀྱི་མཚོན་གྱིས་

ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་བ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་ཐམས་ཅད་ཀུན་དུ་གཅོད་པར་བྱེད། ཀུན་དུ་འདྲལ་བར་བྱེད། ཀུན་དུ་རྡུང་བར་བྱེད། ཀུན་དུ་དམྱལ་བར་བྱེད་དོ། །སྲིང་མོ་དག་དེ་ལྟ་བས་ན་འདི་ལྟར་

བསླབ་པར་བྱ་སྟེ། འདོད་ཆགས་སྤངས་པའི་ཕྱིར་ཆགས་པར་འགྱུར་བའི་ཆོས་རྣམས་ལ་བདག་གི་སེམས་གང་ཡིན་པ་ཆགས་པར་མི་འགྱུར་བ་དང་། ཞེ་སྡང་སྤངས་པའི་ཕྱིར་ཞེ་སྡང་བར་འགྱུར་བའི་ཆོས་རྣམས་ལ་བདག་གི་སེམས་གང་ཡིན་པ་ཞེ་སྡང་བར་མི་འགྱུར་བ་དང་།

เล่ม ๗ · หน้า 57a

གཏི་མུག་སྤངས་པའི་ཕྱིར་རྨོངས་པར་འགྱུར་བའི་ཆོས་རྣམས་ལ་བདག་གི་སེམས་གང་ཡིན་པ་རྨོངས་པར་མི་འགྱུར་བ་དེ་ལྟར་བསླབ་པར་བྱའོ། །སྲིང་མོ་དག་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་འབྱུང་བ་དང་འཇིག་པར་རྗེས་སུ་

ལྟ་ཞིང་གནས་པར་བྱའོ། །རེག་པའི་སྐྱེ་མཆེད་དྲུག་པོ་དག་ལ་ཀུན་འབྱུང་བ་དང་ནུབ་པར་འགྱུར་བར་རྗེས་སུ་ལྟ་ཞིང་གནས་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ལ་སེམས་ཉེ་བར་བཞག་ཅིང་གནས་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་པོ་དག་ལ་སེམས་

ལེགས་པར་ཉེ་བར་བཞག་ཅིང་གནས་ན་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དག་ཀུན་དུ་བསྟེན་པར་བྱ། གོམས་པར་བྱ། ལན་མང་དུ་བྱའོ། །ཞེས་དེ་ལྟར་བསླབ་པར་བྱའོ། །སྲིང་མོ་དག་ཁྱེད་ཀྱིས་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དག་ཀུན་དུ་བསྟེན་པའི་རྒྱུ་དང་། གོམས་

པར་བྱས་པའི་རྒྱུ་དང་། ལན་མང་དུ་བྱས་པའི་རྒྱུ་དང་ལེགས་པར་ཡིད་ལ་བྱས་པའི་རྒྱུས་འདོད་པའི་ཟག་པ་ལས་སེམས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་བ་དང་། སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་ལས་སེམས་འདོད་ཆགས་དང་བྲལ་ཞིང་རྣམ་པར་གྲོལ་

བར་འགྱུར་རོ། །སྲིང་མོ་དག་ཁྱེད་ཅག་རྣམ་པར་གྲོལ་བ་དག་ལ་བདག་ཅག་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་སྤྱད། བྱ་བ་ནི་བྱས་སྲིད་པ་འདི་ལས་གཞན་ནི་མི་ཤེས་སོ་ཞེས་རྣམ་པར་གྲོལ་བའི་ཤེས་པ་དང་མཐོང་བ་སྐྱེ་བར་འགྱུར་གྱིས། སྲིང་མོ་དག་ཁྱེད་ཀྱིས་དེ་ལྟར་

བསླབ་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་དགེ་སློང་མ་དེ་དག་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་དུ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་

སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འཁོར་དགེ་སློང་མ་ལྔ་བརྒྱ་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་སྐྱེ་དགུའི་བདག་མོ་ཆེན་མོ་

เล่ม ๗ · หน้า 57b

གཽ་ཏ་མཱི་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་

ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གཽ་ཏ་མཱི་ཁྱོད་ཀྱི་དུས་ཡིན་གྱི་སོང་ཤིག་ཅེས་སྐུལ་བར་མཛད་དོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱི་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་སོང་ནས་རིང་པོ་མ་ལོན་པར་ཐུགས་

སུ་ཆུད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་དགའ་བྱེད་ཀྱི་དགེ་སློང་མ་ལྔ་བརྒྱ་པོ་དག་ལ་ལེགས་པར་གཏམས་ཤིང་ལེགས་པར་རྗེས་སུ་བསྟན་ནས་རྣམ་པར་གྲོལ་ཞིང་མཐར་ཐུག་པ་ཉིད་མ་ཐོབ་ཀྱང་འདིའི་ཚེ་དུས་བྱེད་པར་གྱུར་ན། ངས་དེ་དག་

ཀུན་དུ་སྦྱོར་བ་གང་དང་ལྡན་པས་ཡང་འཇིག་རྟེན་འདིར་འོང་བར་འགྱུར་བའི་ཀུན་དུ་སྦྱོར་བ་གཅིག་མ་སྤངས་པར་ཡང་དག་པར་རྗེས་སུ་མ་མཐོང་བ་ལ་ལྟོས། དགེ་སློང་དག་འདི་ལྟ་སྟེ་དཔེར་ན་ཟླ་བ་ཡར་གྱི་ངོ་དེ་ཉིད་ཀྱི་ཚེས་བཅུ་བཞི་ལ་བབ་པ་ན་མི་དག་ཟླ་བ་ལ་ཉའམ། ཉ་མ་

ཡིན་ཞེས་གཉིས་སུ་འབྱེད་པར་བྱེད་དེ། འདི་ལྟར་ཉ་མ་ཡིན་པའི་ཕྱིར་མཐར་ཐུག་པ་ཉིད་དུ་མ་གྱུར་པ་དེ་བཞིན་དུ་རིགས་ཀྱི་བུ་དགའ་བྱེད་ཀྱིས་དགེ་སློང་མ་ལྔ་བརྒྱ་པོ་དག་ལ་ལེགས་པར་གཏམས་ཤིང་ལེགས་པར་རྗེས་སུ་བསྟན་ནས་རྣམ་པར་གྲོལ་ཞིང་མཐར་ཐུག་པ་ཉིད་མ་ཐོབ་

ཀྱང་འདིའི་ཚེ་དུས་བྱེད་པར་གྱུར་ན། ངས་དེ་དག་ཀུན་སྦྱོར་བ་གང་དང་ལྡན་པས་ཡང་འཇིག་རྟེན་འདིར་འོང་བར་འགྱུར་བའི་ཀུན་དུ་སྦྱོར་བ་གཅིག་མ་སྤངས་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་ལྟར་དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ལྔ་བརྒྱ་པོ་དག་ཕྱིར་

เล่ม ๗ · หน้า 58a

མི་འོང་བ་ཉིད་དུ་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ལན་གཉིས་སུ་ཚེ་དང་ལྡན་པ་དགའ་བྱེད་ལ་བཀའ་སྩལ་པ། དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་འདོམས་ཤིག །དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་རྗེས་སུ་སྟོན་ཅིག །

དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། དགའ་བྱེད་དགེ་སློང་མ་ལ་ངའམ། ཁྱོད་ཀྱིས་གཏམས་ཀྱང་རུང་ཞིང་དགེ་སློང་མ་ལ་ངའམ། ཁྱོད་ཀྱིས་རྗེས་སུ་བསྟན་ཀྱང་རུང་ལ། དགེ་སློང་མ་རྣམས་ལ་

ངའམ། ཁྱོད་ཀྱིས་ཆོས་དང་ལྡན་པའི་གཏམ་བྱར་ཡང་རུང་བའི་ཕྱིར་རོ། །ཚེ་དང་ལྡན་པ་དགའ་བྱེད་ཀྱིས་ཅང་མི་སྨྲ་བས་བཅོམ་ལྡན་འདས་ལས་དང་དུ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་

དང་རྗེས་སུ་ཡི་རང་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་

ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དེས་མཉན་ཡོད་དུ་བསོད་སྙོམས་བརྒྱུས་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་སྟེ་རྐང་པ་གཉིས་བཀྲུས་ནས་ནང་དུ་ཡང་དག་འཇོག་

གི་ཕྱིར་གཙུག་ལག་ཁང་དུ་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་ཕྱེ་མ་རེད་ནང་དུ་ཡང་དག་འཇོག་ལས་ལངས་ནས་སྣམ་སྦྱར་ཐོགས་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་དགེ་སློང་ཞིག་དང་དགེ་སློང་མའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བ་ག་ལ་བ་དེར་སོང་ངོ་། །དགེ་སློང་

མ་དེ་དག་གིས་ཚེ་དང་ལྡན་པ་དགའ་བྱེད་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་དགའ་བྱེད་ཀྱི་ཕྱིར་སྟན་ཤོམ་པར་བྱེད་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །བཙུན་པ་དགའ་བྱེད་ཚུར་གཤེགས། བཙུན་པ་དགའ་བྱེད་བྱོན་པ་ལེགས་སོ། །བཙུན་པ་

เล่ม ๗ · หน้า 58b

དགའ་བྱེད་གདན་བཤམས་པ་ཉིད་ལ་བཞུགས་སུ་གསོལ། ཚེ་དང་ལྡན་པ་དགའ་བྱེད་སྟན་བཤམས་པ་ཉིད་ལ་འདུག་གོ། །དེ་ནས་དགེ་སློང་མ་དེ་དག་གིས་ཚེ་དང་ལྡན་པ་དགའ་བྱེད་ཀྱི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་

འཁོད་ནས་ཚེ་དང་ལྡན་པ་དགའ་བྱེད་དགེ་སློང་མ་དེ་དག་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུད་པར་བྱེད། ཡང་དག་པར་གཟེངས་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དོ། །རྣམ་གྲངས་དུ་མས་ཆོས་

དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་འཁོར་དགེ་སློང་མ་ལྔ་བརྒྱ་དང་

བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་

པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །

ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གཽ་ཏ་མཱི་ཁྱོད་ཀྱི་དུས་ཡིན་གྱིས་སོང་ཤིག་ཅེས་སྐུལ་བར་མཛད་དོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་

བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด