འདུལ་བ་རྣམ་པར་འབྱེད་པ

ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་བི་བྷང་ག

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๕ · หน้า 78b

ཕྱག་འཚལ་དུ་འགྲོ་འདོད་ཀྱིས་དེའི་ཕྱིར་བདག་ལ་བྱམས་པས་བསྐྱང་བ་གྱིས་ཤིག །ཁྱིམ་བདག་དེས་སྨྲས་པ། འཕགས་པ་བཀའ་བཞིན་འཚལ་མ་ནོངས་ཀྱིས་གཤེགས་སོ། །དགེ་སློང་དེ་དེད་དཔོན་དེ་དང་ལྷན་ཅིག་འཕགས་པ་དང་། དེད་དཔོན་དེས་སྨྲས་པ། འཕགས་པ་

ཁྱེད་ནི་བསོད་སྙོམས་བཞེད་པ་ལགས་ལ་བདག་ནི་བསོད་ནམས་འཚལ་བ་ལགས་ཀྱིས། རྒྱལ་པོའི་ཁབ་ནས་མཉན་ཡོད་ཀྱི་བར་ཇི་སྲིད་པར་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ནད་པའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་གིས་ཐུགས་ལས་ཆུང་ངུར་མཛད་དུ་

གསོལ། དགེ་སློང་དེས་དང་དུ་བླངས་ནས་ཇི་ཙམ་ན་ཤོ་གམ་གྱི་གནས་ཀྱི་དྲུང་དུ་ཕྱིན་པ་དང་། དེད་དཔོན་གྱི་རྫས་ཤོ་གམ་བཅད་ནས་དེད་དཔོན་དེས་བདག་གི་རྫས་ཤོ་གམ་བཅད་ཅིང་། འཕགས་པའི་རས་ཡུག་ཆེན་ནི་ཤོ་གམ་མ་བཅད་པས་བདག་ཁོ་ནས་ཤོ་གམ་གཞལ་དགོས་པར་

འགྱུར་བའི་གནས་དེ་ལྟ་བུ་ཡོད་པས་བདག་ཉིད་ཀྱི་སྣོད་དུ་གཞུག་པར་བྱའོ་སྙམ་དུ་ཤེས་ནས། དེད་དཔོན་དེས་དགེ་སློང་དེ་ལ་སྨྲས་པ། འཕགས་པ་རས་ཡུག་ཆེན་སླར་སྩོལ་ཅིག །དགེ་སློང་དེས་སྨྲས་པ། བཞིན་བཟངས་ཅི་ཟེར་ཁྱོད་འགྱོད་པ་སྐྱེས་པར་མ་གྱུར་ཏམ། དེད་

དཔོན་གྱིས་སྨྲས་པ། འཕགས་པ་བདག་ལ་འགྱོད་པ་མ་མཆིས་ཏེ། འདི་ལྟར་བདག་གི་རྫས་ནི་ཤོ་གམ་བཀུམ་ལ། ཁྱོད་ཀྱི་རས་ཡུག་ཆེན་འདི་ནི་ཤོ་གམ་མ་བཀུམ་པས་གལ་ཏེ་ཤོ་གམ་པ་དག་རས་ཡུག་ཆེན་གྱི་ཤོ་གམ་འཚལ་ན་དོན་གྱིས་བདག་ཁོ་ནས་གཞལ་བར་བགྱི་བ་ལགས་

པས་ཤོ་གམ་གྱི་གནས་ནས་བཟླས་ཏེ་དབུལ་བར་བགྱིའོ། །དགེ་སློང་དེས་སྨྲས་པ། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤོ་གམ་གཞལ་དགོས་པའི་རྫས་ཤོ་གམ་གྱི་གནས་ནས་བཟླ་བར་མི་བྱའོ་ཞེས་བསླབ་པའི་གཞི་བཅའ་བ་མཛད་པས་བདག་ལྟུང་བ་དང་བཅས་པར་

གྱུར་ན་མི་རུང་བས་མི་སྦྱིན་ནོ། །དེད་དཔོན་དེས་འཕགས་པ་དག་ནི་མི་མཐུན་པར་བྱེད་པ་ཡིན་པས་འདི་ལ་བདག་གིས་དུས་ཤེས་པར་འགྱུར་རོ་སྙམ་དུ་ཤེས་ནས་དེད་དཔོན་དེས་དགེ་སློང་དེ་ལ་སྨྲས་པ། འཕགས་པ་དེང་བདག་བྲེལ་བས་ཁྱོད་ཀྱི་བསོད་སྙོམས་འགའ་ཡང་བསྒྲུབ་པར་རྔོ་མི་

เล่ม ๕ · หน้า 79a

ཐོག་གིས་བཞུད་ལ་གྲོང་དུ་བསོད་སྙོམས་ལ་འཇུག་པར་མཛོད་ཅིག །དགེ་སློང་དེ་བསོད་སྙོམས་ལ་ཞུགས་པ་དང་། ཇི་སྲིད་དུ་དེ་ཞུགས་པ་དེའི་བར་དུ་དེད་དཔོན་དེས་རས་ཡུག་ཆེན་དེ་བདག་ཉིད་ཀྱི་སྣོད་དུ་བཅུག་གོ། །ཇི་ཙམ་ན་དགེ་སློང་དེ་ལ་ཤོ་གམ་པས་དྲིས་པ། འཕགས་

པ་ཁྱོད་ལ་ཤོ་གམ་གཞལ་འཚལ་བའི་རྫས་ཅུང་ཟད་མཆིས་སམ། དགེ་སློང་དེས་སྨྲས་པ། བཞིན་བཟངས་རས་ཡུག་ཆེན་གཅིག་ཡོད་དོ། །ཤོ་གམ་པས་སྨྲས་པ། འཕགས་པ་བལྟས་གཞག་ཏུ་གསོལ། དགེ་སློང་དེས་གཏུར་བུར་བརྟགས་པ་དང་། རས་ཡུག་ཆེན་མི་

སྣང་ནས་དེ་བཞིན་བསྒྱུར་ཞིང་ལག་པ་གཉིས་འདྲིལ་བར་བྱེད་དོ། །ཤོ་གམ་པས་སྨྲས་པ། འཕགས་པ་ཅིའི་སླད་དུ་འདི་ལྟར་མཛད། དགེ་སློང་དེས་སྨྲས་པ། བཞིན་བཟངས་ཁོ་བོའི་རས་ཡུག་ཆེན་དེ་མ་བྱིན་པར་ལེན་པ་དག་གིས་བརྐུས་སོ། །ཤོ་གམ་པ་དེས་སྨྲས་པ། འཕགས་

པ་དེ་ནི་ཁྱོད་ཀྱི་མ་བརྐུས་ཀྱི་འདི་ལྟར་བདག་གི་བརྐུས་པ་ལགས་ཏེ། དེས་ན་བདག་གིས་ཤོ་གམ་མ་ཐོབ་བོ། །གང་གི་ཚེ་དགེ་སློང་དེ་ཤོ་གམ་གྱི་གནས་ནས་འདས་པ་དེའི་ཚེ་དེད་དཔོན་དེས་སྨྲས་པ། འཕགས་པ་ཅིའི་སླད་དུ་སེམས་ཁོང་དུ་ཆུད། བཞིན་བཟངས་ཁྱོད་ལ་ཡོངས་སུ་

བཏང་བ་ལས་བྱུང་བའི་བསོད་ནམས་སྐྱེས་མོད་ཀྱི་ཡོངས་སུ་ལོངས་སྤྱད་པ་ལས་བྱུང་བའི་བསོད་ནམས་ནི་མ་སྐྱེས་སོ། །འཕགས་པ་ཅིའི་སླད་དུ་ཁོ་བོའི་རས་ཡུག་ཆེན་དེ་མ་བྱིན་པར་ལེན་པ་དག་གིས་བརྐུས་སོ། །དེད་དཔོན་དེས་སྨྲས་པ། འཕགས་པ་དེ་ནི་མ་བྱིན་པར་ལེན་པ་

དག་གིས་མ་བརྐུས་ཏེ། འདི་ལྟར་བདག་གིས་ཤོ་གམ་གྱིས་འཇིགས་པས་རང་གི་སྣོད་དུ་སྩལ་ཏེ་འཚལ་ཏེ་མཆིས་ན་ཇི་ལྟར་བགྱི་དབུལ་ལམ། དགེ་སློང་དེས་སྨྲས་པ། བཞིན་བཟངས་བདག་ལ་མ་བྱིན་པར་ལེན་པ་དག་གིས་བརྐུས་པ་ནི་ལེགས་ཀྱི་བདག་ལྟུང་བ་དང་བཅས་པར་གྱུར་པ་

ནི་མ་ལེགས་སོ། །འཕགས་པ་འདི་ལ་ཁྱོད་ཀྱི་ལུས་ཀྱི་ལས་ཀྱང་མ་མཆིས། ངག་གི་ལས་ཀྱང་མ་མཆིས་ན་ཅིའི་སླད་དུ་ཁྱོད་ལྟུང་བ་དང་བཅས་པར་འགྱུར། དགེ་སློང་དེ་འགྱོད་པ་སྐྱེས་ནས་མཐར་གྱིས་མཉན་ཡོད་དུ་ཕྱིར་ཕྱིན་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་

เล่ม ๕ · หน้า 79b

ལྡན་པ་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། དགེ་སློང་དེས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་

ལ་ལྟུང་བ་མེད་མོད་ཀྱི་འོན་ཀྱང་ངས་དགེ་སློང་ལམ་དུ་ཞུགས་པའི་ཀུན་ཏུ་སྤྱད་པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་ལམ་དུ་ཞུགས་པ་གྲོང་དུ་བསོད་སྙོམས་ལ་འཇུག་པས་སྣོད་ལ་མཚན་མ་བཏབ་སྟེ་འགྲོ་བར་བྱ་ཞིང་ཕྱིར་འོངས་ནས་ཀྱང་སོ་སོར་བརྟག་པར་བྱའོ། །དགེ་སློང་

ལམ་དུ་ཞུགས་པས་ཀུན་དུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་དག་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་

སློང་རྒན་པོ་ཞིག་དང་གཞོན་ནུ་ཞིག་གཉིས་ལྗོངས་རྒྱུར་འཕགས་སོ། །དེ་ན་རྒན་པོ་ནི་ཤེས་པ་དང་ལྡན་པ། རྫས་མང་བ། ཡོ་བྱད་མང་བ་ཡིན་ལ། གཞོན་ནུ་ནི་ཤེས་པ་ཆུང་བ་ཆོས་གོས་གསུམ་ལ་འཆེལ་བ་ཡིན་པས་རྒན་པོ་ལ་ཤོ་གམ་གཞལ་དགོས་པའི་རྫས་ཡོད་

ནས་ཅི་ཙམ་ན་མཐར་གྱིས་ཤོ་གམ་གྱི་གནས་ཀྱི་དྲུང་དུ་ཕྱིན་པ་དང་། རྒན་པོས་བདག་ལ་ཤོ་གམ་གཞལ་དགོས་པའི་རྫས་ཡོད་པས་གལ་ཏེ་ཤོ་གམ་པ་དག་འཕགས་པ་ལ་ཤོ་གམ་གཞལ་འཚལ་བའི་རྫས་ཅུང་ཟད་མཆིས་སམ་ཞེས་འདྲི་ན། གལ་ཏེ་མེད་དོ་ཞེས་བརྗོད་ན་ནི་བརྫུན་དུ་སྨྲ་

བར་འགྱུར་ལ། གལ་ཏེ་ཡོད་དོ་ཞེས་བརྗོད་ན་ནི་ངེས་པར་ཤོ་གམ་གཞལ་དགོས་པར་འགྱུར་བས་དེའི་ཕྱིར་གང་གིས་ཤོ་གམ་ཡང་གཞལ་མི་དགོས་ལ་བརྫུན་དུ་སྨྲ་བར་ཡང་མི་འགྱུར་བའི་ཐབས་ཅི་ཡོད་སྙམ་དུ་ཤེས་ནས་དེ་འདི་སྙམ་དུ་སེམས་ཏེ། གཞོན་ནུ་འདི་ལ་སྦྱིན་

ཞིང་ཤོ་གམ་གྱི་གནས་ནས་འདས་ན་བླང་བར་བྱའོ་སྙམ་ནས། དེས་གཞོན་ནུ་དེ་ལ་སྨྲས་པ། ཚེ་དང་ལྡན་པ་རེ་ཞིག་ལྷུང་བཟེད་དང་ཆོས་གོས་ལོང་ཤིག །གཞོན་ནུ་དེས་གནས་བརྟན་དལ་བར་འགྱུར་བས་དེས་ན་བདག་ལ་སྦྱིན་གོར་མ་ཆག་སྙམ་དུ་ཤེས་ནས་དེས་

เล่ม ๕ · หน้า 80a

བླངས་ཤིང་དེས་དེ་ཁྱེར་ཏེ་མདུན་དུ་འཕགས་པ་དང་། ཤོ་གམ་པས་མཐོང་ནས་དེས་སྨྲས་པ། འཕགས་པ་ཁྱོད་ལ་ཤོ་གམ་གཞལ་འཚལ་བའི་རྫས་ཅུང་ཟད་མཆིས་སམ། དགེ་སློང་དེས་སྨྲས་པ། བཞིན་བཟངས་མེད་དོ། །ཤོ་གམ་པ་དེས་དགེ་སློང་དེ་ཡལ་

བར་བོར་ནས་ཤོ་གམ་གྱི་གནས་ནས་འདས་པ་དང་། རྒན་པོ་ཡང་སྟོང་བར་འབྲང་ཞིང་འོང་ནས་ཤོ་གམ་པ་དེས་རྒན་པོ་དེ་ལ་ནི་མ་དྲིས་སོ། །རྒན་པོ་དེ་གང་གི་ཚེ་ཤོ་གམ་གྱི་གནས་ནས་འདས་པ་དེའི་ཚེ་སྨྲས་པ། ཚེ་དང་ལྡན་པ་རྫས་ཁྱེར་ཤོག །གཞོན་ནུས་སྨྲས་པ། གནས་བརྟན་ཅི་

ལགས་མཉེལ་བ་སོས་ལགས་སམ། རྒན་པོས་སྨྲས་པ། ཚེ་དང་ལྡན་པ་ཁོ་བོ་ངལ་བས་ཁྱོད་ལ་བྱིན་པ་ནི་མ་ཡིན་གྱི། འདི་ལྟར་ཁོ་བོ་ལ་ཤོ་གམ་གཞལ་དགོས་པའི་རྫས་ཡོད་པས་གལ་ཏེ་ཁོ་བོ་ལ་ཤོ་གམ་པ་འཕགས་པ་ལ་ཤོ་གམ་གཞལ་འཚལ་བའི་རྫས་ཅུང་ཟད་མཆིས་སམ་

ཞེས་འདྲི་ན་གལ་ཏེ་མེད་དོ་ཞེས་བརྗོད་ན་ནི་བརྫུན་དུ་སྨྲ་བར་འགྱུར་ལ། གལ་ཏེ་ཡོད་དོ་ཞེས་བརྗོད་ན་ནི་ངེས་པར་ཤོ་གམ་གཞལ་དགོས་པར་འགྱུར་རོ་སྙམ་པའི་བློ་སྐྱེས་པས་དེའི་ཕྱིར་ཁོ་བོས་ལྷུང་བཟེད་དང་ཆོས་གོས་བྱིན་པ་ཡིན་པས་ད་ནི་ཤོ་གམ་གྱི་གནས་ལས་འདས་པས་དེས་ན་ཡང་ཕྱིར་

ལེན་ཏོ། །གཞོན་ནུས་སྨྲས་པ། དེ་ལྟ་ན་གནས་བརྟན་གྱིས་བདག་ཉིད་ཐར་བར་མཛད་ལ་ངན་བུ་ནི་ལྟུང་བ་དང་བཅས་པར་བགྱིས་སོ། །རྒན་པོས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་མི་ཤེས་པས་འདི་ལ་ཁྱོད་ཀྱི་ལྟུང་བ་ཅི་ཞིག་ཡོད། དགེ་སློང་གཞོན་ནུ་དེ་འགྱོད་པ་སྐྱེས་ནས་མཐར་

གྱིས་མཉན་ཡོད་དུ་ཕྱིར་ཕྱིན་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། དགེ་སློང་དེས་སྨྲས་པ། འདིར་ག་ལ་བ་དེ་བར་བརྒྱུས། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཅིའི་

ཕྱིར་དེ་སྐད་ཟེར། དགེ་སློང་དེས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་ལ་ནི་ལྟུང་བ་མེད་མོད་ཀྱི་ཡང་དགེ་སློང་ལམ་དུ་ཞུགས་པས། མ་དྲིས་

เล่ม ๕ · หน้า 80b

པར་རྫས་བླང་བར་མི་བྱ་བར་ལེན་པ་ཉིད་ན་འདི་ན་ཤོ་གམ་གཞལ་དགོས་པའི་རྫས་ཅུང་ཟད་མེད་དམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ལེན་ན་འགལ་ཚབས་ཅན་དུ་འགྱུར་རོ། །གཞན་ཡང་དགེ་སློང་གིས་ཤོ་གམ་གཞལ་དགོས་པའི་རྫས་ལམ་དུ་བཟླ་བར་མི་བྱའོ། །ཟླ་བར་བྱེད་ན་འགལ་

ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤོ་གམ་གཞལ་དགོས་པའི་རྫས་ལམ་དུ་བཟླ་བར་མི་བྱའོ་ཞེས་བཀའ་སྩལ་པ་ན། དགེ་སློང་དྲུག་བཅུ་ལྗོངས་རྒྱུ་ཞིང་འདོང་བའི་ཚེ་རི་བྲགས་ཤིག་ཏུ་ཕྱིན་པ་དང་། རི་བྲགས་དེ་ན་ཁྱིམ་བདག་ཕྱུག་པ། ནོར་མང་བ། ལོངས་

སྤྱོད་ཆེ་བ་ཞིག་འདུག་ཅིང་དེ་ཡང་དད་པ་དང་ལྡན་པ་ཡིན་པས་དེས་དགེ་སློང་དེ་དག་མགྲོན་དུ་བོས་ཏེ་ཟས་བྱིན་ནས་རེ་རེ་ལ་གོས་ཕྲུགས་རེ་བསྐོན་པར་བྱས་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་ཤོ་གམ་གཞལ་དགོས་པའི་རྫས་ལམ་དུ་བཟླ་བར་

མི་བྱའོ་ཞེས་དགག་པ་མཛད་པས་དེའི་ཕྱིར་བདག་ཅག་གིས་ཇི་ལྟར་བླང་བར་བྱ། ཁྱིམ་བདག་དེ་ཅང་མི་སྨྲ་བར་འདུག་པ་དང་། དགེ་སློང་རྣམས་ཀྱིས་ཡོན་བཤད་པ་བྱས་ཏེ་དོང་ནས་མཐར་གྱིས་མཉན་ཡོད་དུ་ཕྱིར་ཕྱིན་པ་དང་། དེ་དག་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་

ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟར་བདེ་བར་བརྒྱུས་སམ། དེ་དག་གིས་སྨྲས་པ། བདེ་བར་བརྒྱུས་མོད་ཀྱི། འོན་ཀྱང་ཁྱིམ་བདག་ཅིག་གིས་བདག་ཅག་ལ་ཟན་བྱིན་ཏེ་གོས་ཕྲུགས་རེ་བསྐོན་པར་བྱས་ན། དེ་ལ་བདག་ཅག་གིས་ཁྱིམ་བདག་

བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤོ་གམ་གཞལ་དགོས་པའི་རྫས་ལམ་དུ་བཟླ་བར་མི་བྱའོ། །ཞེས་དགག་པ་མཛད་པས་དེའི་ཕྱིར་བདག་ཅག་གིས་ཇི་ལྟར་བླང་བར་བྱ་ཞེས་མ་བླངས་སོ། །དགེ་སློང་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། བླང་བར་བྱ་ཞིང་བླངས་ནས་རུང་བར་བྱས་ཏེ་ལམ་དུ་བཟླ་བར་བྱའོ། །དགེ་སློང་དག་ཚོན་རྩི་དང་། ཤིང་དང་། ཟངས་དང་། བུམ་པ་དག་ཚོལ་བ་ན་ལམ་གྱིས་དུབ་ཅིང་སྒྱིད་ལུག་པ་དང་དོན་མཐུན་དང་བྲལ་བར་གྱུར་ནས་དེ་དག་སེང་གེ་དག་དང་། སྟག་

เล่ม ๕ · หน้า 81a

དག་དང་། ཆོམ་རྐུན་པ་དག་གིས་བགྲོད་པར་གྱུར་ཏོ། །དགེ་སློང་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་ཆགས་སམ་རང་ཆགས་བྱས་ཏེ་འགྲོ་བར་བྱའོ། །ཉེས་དམིགས་དེ་ཉིད་དུ་གྱུར་ནས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བ་ལང་གི་ལྕི་བ་བཙིར་བས་རུང་བར་བྱ་བའམ་བཀྲུ་བར་བྱའོ། །དེ་ལྟ་ན་ཡང་ཉེས་དམིགས་དེ་ཉིད་དུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐ་ན་ཁ་ཚར་རམ་ཕུན་ཚར་ཡང་གཅད་པར་བྱའོ། །ངས་ཕོངས་པ་དག་ཏུ་རྗེས་སུ་གནང་

བ་གང་ཡིན་པ་དེ་གནས་སྐབས་ཐ་མལ་པ་དག་ཏུ་ལྷག་པར་སྤྱད་པར་མི་བྱའོ། །ལྷག་པར་སྤྱོད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་

སློང་ཞིག་རྒྱལ་པོའི་ཁབ་ཏུ་དབྱར་གནས་པར་ཁས་བླངས་ནས་དེ་དབྱར་ཟླ་བ་གསུམ་འདས་ནས་ཆོས་གོས་མ་རྙེད་པ་ཁོ་ནར་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་མཉན་ཡོད་དུ་འཕགས་པ་དང་དེ་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཆོས་གོས་ཀྱི་རྙེད་པ་མ་

ཐོབ་ཀྱི་བར་དུ་ཁྱོད་མ་རིངས་ཤིག །དེ་མངོན་པར་མི་དགའ་བས་མི་སྡོད་པ་དང་། དེ་ལ་དགེ་སློང་ཞིག་གིས་རས་ཡུག་ཆེན་བྱིན་ནས། དེས་གལ་ཏེ་འདི་རུང་བར་བྱེད་ན་ཚངས་པ་མཚུངས་པར་སྤྱོད་པ་དག་མི་མཐོང་བར་འགྱུར་བས་དགེ་སློང་བཤེས་པ་ཞིག་ལ་རུང་བར་བྱེད་དུ་

གཞུག་གོ་སྙམ་དུ་ཤེས་ནས། དེས་དགེ་སློང་བཤེས་པ་ལ་སྨྲས་པ། ཁོ་བོ་ཚངས་པ་མཚུངས་པར་སྤྱོད་པ་དག་ལ་ལྟ་བའི་བར་དུ། རས་ཡུག་ཆེན་འདི་རུང་བར་གྱིས་ལ་གཏུར་བུར་ཆུག་ཤིག །དེ་ལེ་ལོ་ཅན་ཞིག་ཡིན་པས་དེས་རུང་བར་མ་བྱས་པ། ཁོ་ནར་གཏུར་བུར་བཅུག་

གོ། །ཇི་ཙམ་ན་དགེ་སློང་དེས་གཏུར་བུ་ཐོགས་ཏེ་འཕགས་ནས། མཐར་གྱིས་ཤོ་གམ་གྱི་གནས་སུ་ཕྱིན་པ་དང་། ཤོ་གམ་པས་སྨྲས་པ། འཕགས་པ་ཁྱོད་ལ་ཤོ་གམ་གཞལ་འཚལ་བའི་རྫས་ཅུང་ཟད་མཆིས་སམ། བཞིན་བཟངས་མེད་དོ། །བལྟས་གཞག་ཏུ་གསོལ།

เล่ม ๕ · หน้า 81b

དེས་བརྟག་པར་བརྩམས་པ་དང་། རས་ཡུག་ཆེན་མཐོང་ནས་དེས་སྨྲས་པ། འཕགས་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ན་ཇི་ལྟར་རས་ཡུག་ཆེན་གྱི་སླད་དུ་བརྫུན་དུ་སྨྲ་བ་གསུང་། དགེ་སློང་དེས་སྨྲས་པ། བཞིན་བཟངས་ཁོ་བོས་མི་ཤེས་ཏེ། ཁོ་བོ་

འཕགས་པ་ན་རས་ཡུག་ཆེན་འདི་རྙེད་ནས་ཁོ་བོས་བཤེས་པ་ལ་ཁོ་བོ་ཚངས་པ་མཚུངས་པར་སྤྱོད་པ་དག་ལ་ལྟ་བའི་བར་དུ་རས་ཡུག་ཆེན་འདི་རུང་བར་གྱིས་ལ་གཏུར་བུར་ཆུག་ཤིག་ཅེས་སྨྲས་ན། དེ་ལེ་ལོ་ཅན་ཞིག་པས་དེས་འདི་རུང་བར་མ་བྱས་པ་ཁོ་ནར་གཏུར་བུར་བཅུག་གོ། །

ཤོ་གམ་པས་སྨྲས་པ། འཕགས་པ་དེ་ནི་ཁྱོད་ཀྱི་བཤེས་པ་མ་ལགས་ཀྱི་འདི་ལྟར་དེ་ནི་བདག་གི་བཤེས་པ་ལགས་ཏེ་དེས་ན་བདག་ལ་ཤོ་གམ་བྱུང་གིས་སྩོལ་ལ་བཞུད་ཅིག །དགེ་སློང་དེ་འགྱོད་པ་སྐྱེས་ནས་དེ་མཐར་གྱིས་མཉན་ཡོད་དུ་ཕྱིན་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་

པ། ཚེ་དང་ལྡན་པ་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ལྟ་བདེ་བར་བརྒྱུས་སམ། དེས་སྨྲས་པ། ཚེ་དང་ལྡན་པ་དག་ཇི་ལྟར་བདེ་བར་བརྒྱུས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་ཅིའི་ཕྱིར་དེ་སྐད་ཟེར། དེས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་

དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་ལ་ནི་ལྟུང་བ་མེད་མོད་ཀྱི་ཡང་དགེ་སློང་གིས་མ་དྲིས་པར་བླང་བར་མི་བྱ་བར་ཅི་ཁྱོད་ཀྱིས་རུང་བར་བྱས་སམ། འོན་ཏེ་མ་བྱས་ཞེས་དྲི་བར་

བྱའོ། །མ་དྲིས་པར་ལེན་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ལྷུང་བཟེད་ནག་པོ་ཅན་འདི་དག་ནི་རྐང་པ་

སྤྲེའུའི་ཞག་གིས་བསྐུས་ཏེ། འགྲོ་ན་ཡང་འགྲོ་བར་ཆས་པའི་རྙེད་པ་སྒྲུབ་པར་བྱེད། འོང་ན་ཡང་གློ་བུར་དུ་འོངས་པའི་རྙེད་པ་སྒྲུབ་པར་བྱེད་ཅིང་སྐྱེ་བོ་མང་པོ་དགའ་བ་དང་། ཡིད་དུ་འོང་བར་ཡང་འགྱུར་རོ། །ཡུ་བུ་ཅག་ནི་ཁྲོན་པའི་རུ་སྦལ་དང་འདྲ་བར་གར་ཡང་མི་འདོང་།

เล่ม ๕ · หน้า 82a

གང་ནས་ཀྱང་མི་འོང་བས་རྙེད་པ་འཐོབ་པ་དང་། སྐྱེ་བོ་མང་པོ་དགའ་བ་དང་། ཡིད་དུ་འོང་བར་ག་ལ་འགྱུར་གྱིས་ཡུ་བུ་ཅག་དག་ཀྱང་འདོང་ངོ་། །གང་དུ་འདོང་། གང་དུ་དོན་མཐུན་འགྲུབ་པར་རོ། །དེ་དག་གིས་དོན་མཐུན་བཙལ་བར་བརྩམས་

པ་དང་། དེ་དག་གིས་བྱང་ལམ་དུ་འགྲོ་བའི་དོན་མཐུན་མཐོང་ནས་དེའི་དྲུང་དུ་སོང་སྟེ་སྨྲས་པ། བཞིན་བཟངས་དག་ཁྱེད་གང་དུ་འཕགས། འཕགས་པ་དག་བྱང་ལམ་དུའོ། །བཞིན་བཟངས་དག་ཁོ་བོ་ཅག་ཀྱང་ཁྱེད་དང་ལྷན་ཅིག་འདོང་ངོ་། །འཕགས་པ་དག་བྱང་ལམ་ནི་

མཐོན་དམན་ཅན། ཁྱི་ཟ་བ། བུད་མེད་ཀྱི་ཡུལ་གནས་ངན་ལེན་ཀུན་ཏུ་སྤྱོད་པ་ལགས་པས་ཁྱེད་ཅག་དེར་དགྱེས་པར་མི་འགྱུར་རོ། །བཞིན་བཟངས་དག་གལ་ཏེ་དེ་ལྟ་བུ་ཡིན་དུ་ཟིན་ཀྱང་ཡུལ་མཐོང་བར་འགྱུར་བས་འདོང་བར་བྱའོ། །འཕགས་པ་དག་གལ་ཏེ་དེ་ལྟ་ན་ཚུར་སྤྱོན་བཞུད་

དོ། །དྲུག་སྡེ་དག་དོན་མཐུན་དེ་དང་ལྷན་ཅིག་བྱང་ལམ་དུ་འཕགས་ནས་མཐར་གྱིས་བྱང་ལམ་དུ་ཕྱིན་པ་དང་། ཉི་མ་གང་ཁོ་ན་ལ་བྱང་ལམ་དུ་ཕྱིན་པའི་ཉི་མ་དེ་ཉིད་ལ་མངོན་པར་མི་དགའ་བར་གྱུར་ནས། དེ་དག་ནང་པར་སྔར་ལངས་ཏེ་ལམ་སྲང་དུ་འདོང་བ་དང་། ཚོང་པ་དེ་དག་གིས་

དྲུག་སྡེ་དག་མཐོང་ནས་དེ་དག་གི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་དག་བྱང་ལམ་ཅི་འདྲ། ཁྱེད་ཅག་མངོན་པར་མི་དགྱེས་པར་མ་གྱུར་ཏམ། བཞིན་བཟངས་དག་ཉི་མ་གང་ཁོ་ན་ལ་བྱང་ལམ་དུ་ཕྱིན་པའི་ཉི་མ་དེ་ཉིད་ལ་མངོན་པར་མི་དགའ་བར་གྱུར་ཏོ། །འཕགས་

པ་དག་བདག་ཅག་གིས་ཁྱེད་ལ་དང་པོ་ཁོ་ན་ནས་བྱང་ལམ་ནི་མཐོན་དམན་ཅན། ཁྱི་ཟ་བ། བུད་མེད་ཀྱི་ཡུལ་གནས་ངན་ལེན་ཀུན་ཏུ་སྤྱོད་པ་ལགས་པས་ཁྱེད་ཅག་དེར་དགྱེས་པར་མི་འགྱུར་རོ་ཞེས་མ་བགྱིས་སམ། བཞིན་བཟངས་དག་ཅི་དེ་ལྟར་ན་འགྲོ་འམ་འདོང་ངོ་། །

འཕགས་པ་དག་བདག་ཅག་གིས་ཟོང་མ་བསྒྱུར་ཏེ། དེ་ལྟ་ལགས་མོད་ཀྱི་འོན་ཀྱང་བདག་ཅག་དང་། བཤེས་པའི་ཚོང་པ་གཞན་དག་མཆིས་པ་དེ་དག་གིས་ཟོང་བསྒྱུར་བས་དེ་དག་ལ་གཏད་པར་བགྱིས་དེ་དག་དང་ཐབས་ཅིག་བཞུད་ཅིག །དྲུག་སྡེ་དག་གིས་སྨྲས་པ། དེ་

เล่ม ๕ · หน้า 82b

མ་ནོངས་ཀྱིས་དེ་བཞིན་བགྱིའོ། །དྲུག་སྡེ་དག་དོན་མཐུན་དེ་དག་གིས་གཏད་པའི་དོན་མཐུན་དེ་དང་ལྷན་ཅིག་འཕགས་སོ། །དྲུག་སྡེ་དག་གིས་ཀུན་དུ་སྤྱོད་པ་ནི་རྡུལ་གྱིས་འཇིགས་པས་ཡང་ན་ནི་དོན་མཐུན་གྱི་མདུན་དུ་འགྲོའོ། །ཡང་ན་ནི་ཕྱི་ནས་འགྲོ་བས། དེ་དག་ཕྱི་ནས་འགྲོ་

བར་བརྩམས་པ་དང་། ཇི་ཙམ་ན་ཡུལ་དབུས་ནས་ཕྱིར་འོང་བའི་དོན་མཐུན་འོངས་ནས་ཚོང་པ་དེ་དག་གིས་དོན་མཐུན་ཕྱིར་འོང་བ་དེ་དག་ལ་འོངས་པ་ལེགས་སོ་ཞེས་བརྗོད་པས་སོ་སོར་ཡང་དག་པར་དགའ་བར་བྱས་ཏེ་སྨྲས་པ། ཁྱེད་ག་ལས་འོངས། ཡུལ་དབུས་ནས་སོ། །

ཤེས་ལྡན་དག་ཇི་ལྟ་ཡུལ་དབུས་སུ་ཁེ་སྤོགས་མང་པོ་གྲུབ་བམ། ཤོ་གམ་མམ། ལ་གཅན་ནམ། གྲུ་བཙས་ཀྱིས་ཡོངས་སུ་ཡི་ཆད་པ་མེད་དམ། དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཡུལ་དབུས་སུ་ཁེ་སྤོགས་མང་པོ་གྲུབ་མོད་ཀྱི་འོན་ཀྱང་དེ་ན་གོས་དཀར་པོ་ཅན་ཆོམ་

རྐུན་པ་ལྟ་བུ་ཤོ་གམ་དང་། ལ་གཅན་དང་། གྲུ་བཙས་ཀྱི་ལྕེ་རྟེན་གྱིས་བདེན་པས་མི་མགུ་བ་དག་འཁོད་པས་རྫས་ཐམས་ཅད་འཕྲོག་པར་བྱེད་པས་ཤོ་གམ་དང་། ལ་གཅན་དང་། གྲུ་བཙས་ཀྱིས་ཡོངས་སུ་ཡི་ཆད་པ་ཡོད་དོ། །དེ་དག་གིས་ཐོས་ནས་འཚེར་ཞིང་ཕྱོགས་

གཅིག་ཏུ་དོང་ནས་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འཁོད་དོ། །དྲུག་སྡེ་དག་ལྷགས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག །ཚོང་པ་དག་གིས་སྨྲས་པ། འཕགས་

པ་དག་བདག་ཅག་གྲང་བ་ན་གྲང་བས་སྦྲེབས་བཞིན་པ་དང་། ཚ་བ་ན་ཚ་བས་གདུངས་བཞིན་པ་དང་། བཀྲེས་པ་དང་སྐོམ་པ་དག་གིས་གནོད་བཞིན་པ་དང་། ཤ་སྦྲང་དང་། སྦྲང་བུ་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་རེག་པ་དག་གིས་ཉེན་བཞིན་དུ་ལོངས་

སྤྱོད་དག་མངོན་པར་བསྒྲུབ་པའི་སླད་དུ་སྤྲོ་བར་བགྱིད། འབད་པར་བགྱིད། རྩོལ་བར་བགྱིད་པ་གང་ལགས་པ་དེ་དག་ཐམས་ཅད་བདག་ཡུལ་དབུས་སུ་འཕགས་པ་ལགས་ཏེ། ཡུལ་དབུས་སུ་ཁེ་སྤོགས་མང་པོ་འགྲུབ་པ་ལགས་མོད་ཀྱི། འོན་ཀྱང་བདག་ཅག་

เล่ม ๕ · หน้า 83a

གིས་དོན་མཐུན་སླར་མཆི་བ་དག་ལས་ཐོས་ན་དེ་ན་གོས་དཀར་པོ་ཅན་ཆོམ་རྐུན་པ་ལྟ་བུ་ཤོ་གམ་དང་། ལ་གཅན་དང་། གྲུ་བཙས་ཀྱི་ལྕེ་རྟེན་གྱིས་བདེན་པས་མི་མགུ་བ་དག་འཁོད་པས་རྫས་ཐམས་ཅད་འཕྲོག་པར་བགྱིད་པས་ཤོ་གམ་དང་། ལ་གཅན་དང་།

གྲུ་བཙས་ཀྱིས་ཡོངས་སུ་ཡི་ཆད་པར་འགྱུར་རོ་ཞེས་མཆིའོ། །དྲུག་སྡེ་དག་གིས་སྨྲས་པ། བཞིན་བཟངས་དག་གང་དག་ལ་ཁོ་བོ་ཅག་བཤེས་སུ་བདོག་པ་ཁྱེད་ཀྱང་སེམས་ཁོང་དུ་ཆུད་ཅིང་འཁོད་དམ། འཕགས་པ་དག་ཅི་ལགས་ཁྱེད་ཀྱིས་བདག་ཅག་གི་སླད་དུ་རྒྱལ་

པོ་ལ་གསོལ་བ་བགྱིའམ། བཞིན་བཟངས་དག་རྒྱལ་པོ་ལ་ནི་གསོལ་བ་མི་བྱེད་དེ། འོན་ཀྱང་མཉན་ཡོད་ནི་ཀུན་ཤེས་པའི་ཤོ་གམ་ཅན་ཡིན་ལ། དེ་ལ་སྒོ་ནི་བཅྭ་བརྒྱད། སྒེའུ་ཆུང་ནི་སུམ་བཅུ་རྩ་དྲུག་ཡོད་པས་ཁྱེད་ཅག་སྒེའུ་ཆུང་ནས་འཇུག་ཏུ་གཞུག་གིས་ལོངས་ཤིག་

འདོང་ངོ་། །ཚོང་པ་དེ་དག་ཡོངས་སུ་མགུ་ནས་འཕགས་པ་དང་། མཉན་ཡོད་དང་ཧ་ཅང་མི་རིང་བའི་རི་བྲག་ཞིག་ཏུ་ཕྱིན་ནས། དྲུག་སྡེ་དག་གིས་སྨྲས་པ། བཞིན་བཟངས་དག་རེ་ཞིག་ངལ་བསོས་ལ་མཉན་ཡོད་དུ་མཚན་མོ་འཇུག་པར་བྱས། རྔ་མོ་དང་། གླང་དང་། བོང་

བུ་དག་ཐོང་ཤིག །ཚོང་པ་དེ་དག་གིས་དེ་དག་བཏང་ནས། ཇི་ཙམ་ན་ཉི་མ་ནུབ་པར་འགྱུར་བའི་ཚེ་དུས་ཡིན་ནོ་ཞེས་རེ་ཞིག་ངལ་བསོ་བར་བྱེད་དོ། །མཉན་ཡོད་ན་ཤོ་གམ་པ་དག་གིས་བྱང་ལམ་ནས་དོན་མཐུན་ཕུན་སུམ་ཚོགས་པ་འོངས་སོ། །ཞེས་ཐོས་ནས། དེ་དག་གིས་

གནོད་སྦྱིན་ལ་གཏོར་མ་བྱས་ཏེ་སྒོ་དག་མནན་ཏེ། སྡོད་དོ། །དྲུག་སྡེ་དག་གིས་སྨྲས་པ། ཤེས་ལྡན་དག་མིག་ལམ་ཆད་ཀྱིས་ལོངས་ཤིག་འདོང་ངོ་། །ཡོངས་སུ་མི་ཤེས་པར་སྒེའུ་ཆུང་ནས་བདེ་བར་འཇུག་ཏུ་གཞུག་གོ། །དེ་དག་འཕགས་ཏེ་མཐར་གྱིས་བོང་བུ་དང་། རྔ་མོ་

དང་། གླང་དག་འདེབས་ཤིང་། སྒེའུ་ཆུང་ནས་མཉན་ཡོད་དུ་ཞུགས་ནས་མཚན་མོ་ནམ་ནངས་པ་དང་། སྲང་དུ་དོང་སྟེ་བྱང་ལམ་པའི་ཟོང་བཀྲམ་ནས་བཙོང་བར་བརྩམས་སོ། །མི་ཞིག་དོན་མཐུན་དེ་ཉིད་དང་བྲལ་བ་སྒོ་ནས་ཞུགས་པ་ཤོ་གམ་པ་དག་གིས་མཐོང་ནས་སྨྲས་པ།

เล่ม ๕ · หน้า 83b

ཀྱེ་ནང་རྗེ་ག་ལས་འོངས། མི་དེས་སྨྲས་པ། རི་བྲག་ཆེ་གེ་མོ་ཞིག་ནས་སོ། །དེ་དག་གིས་སྨྲས་པ། ཀྱེ་ནང་རྗེ་རི་བྲག་དེ་ན་བྱང་ལམ་པའི་དོན་མཐུན་འདུག་ཅེས་གྲག་ན་ཁྱོད་ཀྱིས་དེ་མ་མཐོང་ངམ། མི་དེས་སྨྲས་པ། ཤེས་ལྡན་དག་ཁོ་བོ་ནི་དོན་མཐུན་དེ་ཉིད་དང་བྲལ་ཞིང་འགྲོ་བ་

ཡིན་ཏེ་དེ་ནི་སྔར་སོང་ཟིན་ཏོ། །ཤོ་གམ་པ་དག་གིས་ཐོས་ནས་ཡིད་མི་བདེ་བར་གྱུར་ཏེ་སྨྲས་པ། ཀྱེ་ནང་རྗེ་ཁོ་བོ་ཅག་སྒོ་གནོན་ཅིང་འཁོད་ན་དེ་ག་ལས་ཞུགས། མི་དེས་སྨྲས་པ། ཤེས་ལྡན་དག་གལ་ཏེ་ཁྱེད་ཅག་ཡིད་མི་ཆེས་ན་ཚུར་ཤོག་སྲང་དུ་འདོང་དང་རང་ཉིད་ཀྱིས་མཐོང་བར་

འགྱུར་རོ། །དེ་དག་དེ་དང་ལྷན་ཅིག་སྲང་དུ་དོང་བ་དང་དོན་མཐུན་དག་བྱང་ལམ་པའི་ཟོང་བཀྲམ་ཞིང་ཚོང་པ་མཐོང་ནས་དེ་དག་གིས་དྲིས་པ། ཤེས་ལྡན་དག་ཁྱེད་ཅག་གང་གིས་ཞུགས། དོན་མཐུན་དག་གིས་སྨྲས་པ། རྐང་པ་དག་གིས་སོ། །ཤོ་གམ་པ་དག་གིས་སྨྲས་པ།

ཁྱེད་ཅག་ཇི་ལྟར་རྐང་པ་དག་གིས་ཞུགས་པ་ལྟ་ཁོ་བོ་ཅག་གིས་ཀྱང་ཤེས་ཀྱི། འདི་ལྟར་ཁྱེད་ཅག་གང་གིས་འཇུག་ཏུ་བཅུག་པ་དང་། སྒོ་གང་ནས་ཞུགས་པ་དེ་འདྲིས་སྨྲོས་ཤིག་དང་། ཁྱེད་ཅག་དང་བཤེས་པར་བྱའོ། །དེ་དག་གིས་སྨྲས་པ། འཕགས་པ་དྲུག་སྡེ་དག་གིས་

སྒེའུ་ཆུང་ནས་འཇུག་ཏུ་བཅུག་གོ། །ཤོ་གམ་པ་དེ་དག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་པ་ཡིན་ནོ། །བྲམ་ཟེའི་ཚུལ་ནི་ཚིག་པ་ཡིན་ཏེ། གང་ལ་ད་ལྟར་གཞན་གྱི་འཚོ་བ་ལ་ཡང་གནོད་པ་བྱེད་དོ། །ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་

ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་གཞན་གྱི་འཚོ་བ་ལ་གནོད་པར་མི་བྱའོ། །གནོད་པ་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཤོ་གམ་པ་དག་གིས་དྲུག་སྡེ་འདི་

དག་ནི་དགེ་སྦྱོང་མི་སྲུན་པ་དག་ཡིན་པས་ངོ་བྱའོ་སྙམ་དུ་བསམས་ནས། ཇི་ཙམ་དུས་གཞན་ཞིག་ན་ཚེ་དང་ལྡན་པ་ཉེ་དགའ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་ཤོ་གམ་པ་ཞིག་གིས་མཐོང་ནས་དེས་སྨྲས་པ། འཕགས་

เล่ม ๕ · หน้า 84a

པ་ཕྱག་འཚལ་ལོ། །ལྷུང་བཟེད་ན་ཅུང་ཟད་མཆིས་སམ་གཟིགས། ཉེ་དགའས་སྨྲས་པ། བཞིན་བཟངས་ཅི་སེམས་ལྷུང་བཟེད་ན་ཤོ་གམ་གཞལ་དགོས་པའི་རྫས་མེད་དོ། །དེས་སྨྲས་པ། འཕགས་པ་སྡིག་པ་ཞི་བར་གྱུར་ཅིག །བདག་དེ་སྙམ་མི་

སེམས་ཀྱི་འདི་ལྟར་བཅའ་བ་དང་བཟའ་བ་བསོད་པ་ཅུང་ཟད་མཆིས་ན། དེ་ཁྱོད་ལས་བསླངས་ཏེ་འཚལ་སྙམ་མོ། །ཉེ་དགའས་སྨྲས་པ། བཞིན་བཟངས་ཅི་ཆུ་ཀླུང་རྒྱུན་ལས་བཟློག་ཕྱོགས་སུ་འབབ་བམ། ཁྱོད་ཀྱིས་ཁོ་བོ་ལ་སྦྱིན་པར་བྱ་བ་ཡིན་གྱི་ཁོ་བོས་ཁྱོད་ལ་སྦྱིན་པར་བྱ་

བ་མ་ཡིན་ནོ། །དེས་སྨྲས་པ། འཕགས་པ་བཞད་གད་བགྱིའོ། །ཚུར་སྤྱོན་ཁྱིམ་དུ་བཞུད་དོ། །ཤོ་གམ་པ་དེས་ཉེ་དགའ་ཁྱིམ་དུ་ཁྲིད་ནས་བཅའ་བ་དང་བཟའ་བ་བསོད་པས་ལྷུང་བཟེད་བཀང་སྟེ་བྱིན་ནས། སྨྲས་པ། འཕགས་པ་བདག་ལ་བཀའ་སྩོལ་ཅིག་དང་། བཀའ་

བཞིན་བགྱིད་ཅིང་འཕགས་པས་བཀའ་སྩལ་པ་ཐམས་ཅད་བསྒྲུབ་པར་བགྱིའོ། །ཉེ་དགའས་བཞིན་བཟངས་ཁྱོད་ནད་མེད་པར་གྱུར་ཅིག་ཅེས་སྨྲས་ཏེ་སོང་ངོ་། །དྲུག་སྡེ་དག་གི་ཀུན་ཏུ་སྤྱོད་པ་ནི་འདིར་བདག་ཅག་གིས་བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཆོས་

བསྟན་པར་བྱ། རྒོལ་བ་དག་ཚར་གཅད་པར་བྱ། རང་གི་གྲགས་པ་བསྒྲག་པར་བྱ། རྙེད་པ་ཡང་བསྒྲུབ་པར་བྱའོ་ཞེས་ཡང་ན་ནི་སྒོ་དྲུང་དུ་གཙུག་ལག་ཁང་ནོད་པར་བྱེད། ཡང་ན་ནི་ལམ་དང་ཉེ་བར་གཙུག་ལག་ཁང་ནོད་པར་བྱེད་པས་ཉེ་དགའས་ལམ་དང་ཉེ་བར་གཙུག་ལག་

ཁང་མནོས་ནས་དེ་དེའི་སྟེང་དུ་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་གནས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཚོང་པ་ཤོ་གམ་འདྲལ་བ་དག་གཙུག་ལག་ཁང་དང་ཧ་ཅང་ཐག་མི་རིང་བ་ནས་འདོང་བ་དང་། ཉེ་དགའ་སྒྲ་ལ་མཁས་པས་དེས་

དེ་དག་གི་རྟིང་སྒྲ་ཐོས་ནས་ཡོངས་སུ་གཡོ་བ་དང་བཅས་བཞིན་དུ་སྨྲས་པ། འདོང་བ་འདི་དག་སུ་ཡིན། ཚོང་པ་དེ་དག་ཅང་མི་སྨྲ་བར་སྡོད་པ་དང་། ཉེ་དགའ་མྱུར་བ་མྱུར་བར་གཙུག་ཁང་གི་སྟེང་ནས་བབས་ཏེ། ཚོང་པ་དེ་དག་གི་དྲུང་དུ་སོང་ནས་སྨྲས་པ། ཤེས་

เล่ม ๕ · หน้า 84b

ལྡན་དག་མཚན་མོ་ནོར་དང་བཅས་པ་ཁོ་ནར་འདོང་བ་འདི་དག་སུ་ཡིན། ཚོང་པ་དེ་དག་གིས་སྨྲས་པ། འཕགས་པ་བདག་ཅག་ནི་ཚོང་པ་ཤོ་གམ་འདྲལ་བ་དག་ལགས་སོ། །ཉེ་དགའས་སྨྲས་པ། བཀྲེན་པ་དག་ཁོ་བོ་ཅག་ལ་རྒྱལ་པོ་ཡོ་བྱད་ཐམས་ཅད་ཀྱིས་ཉེ་བར་གནས་པ་ཡིན་ཏེ།

གནས་བརྟན་ཀུན་ཤེས་ཀཽཎྜི་ནྱ་ཡང་དེ་ལ་འདི་སྐད་ཅེས་ཇི་ནས་ཀྱང་རྒྱལ་པོ་འདིའི་ལོངས་སྤྱོད་མ་བྱུང་བ་དག་ནི་འབྱུང་བར་གྱུར་ཅིག །བྱུང་བ་དག་ནི་རྒྱས་པ་དང་། འཕེལ་བ་དང་། ཡངས་པར་གྱུར་ཅིག་ཅེས་ཡོན་བཤད་པ་བྱེད་པ་ཡིན་ན། ཁྱེད་ཅག་དེ་དབང་བའི་ཤོ་གམ་དྲལ་ཏེ་

འདོང་ན་ཁོ་བོ་ཅག་གིས་ཅིའི་ཕྱིར་ཡལ་བར་དོར་བར་བྱ། དེང་ཁྱེད་ལ་གནོད་པ་བྱེད་དུ་གཞུག་གོ། །དེ་དག་སྐྲག་ནས་སྨྲས་པ། འཕགས་པ་ཁྱེད་ནི་ཐུགས་རྗེ་ཅན་དག་ལགས་པས་བཟོད་པར་མཛོད་ཅིག་དང་བདག་ཅག་གིས་འཕགས་པ་ལ་མཁོ་བ་དག་བགྱིའོ། །ཉེ་དགའས་

སྨྲས་པ། ཅི་ཞིག་བྱ་བཅའ་བའི་ཆ་རིན་དག་དབུལ་ལོ། །དབུལ་ལམ། དབུལ་ལོ་དེང་ཤིག །དེ་དག་དེ་ནས་དོང་སྟེ་ཉེ་དགའི་དྲུང་ནས་བྲལ་བ་དང་། འདི་སྐད་ཅེས་ཡུ་བུ་ཅག་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་ཡང་ཤོ་གམ་མི་འཇལ་ན། དགེ་སྦྱོང་མགོ་རེག་ཉེ་དགའ་

ལ་འཇལ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཀུན་དུ་རྗོད་པར་བྱེད་དོ། །ཉེ་དགའ་ཡང་མྱུར་བ་མྱུར་བར་ཟས་ཀྱི་བྱ་བ་བྱས་ཏེ་སྒོ་དྲུང་ནས་ལྷུང་བཟེད་འཁྲུ་ཞིང་ཕྱོགས་བཞིར་རྣམ་པར་ལྟ་བར་བྱེད་དོ། །གཞོན་ནུ་ཞིག་གིས་ཉེ་དགའ་ཕྱོགས་བཞིར་རྣམ་པར་ལྟ་བར་བྱེད་པ་མཐོང་ནས། དེས་

སྨྲས་པ། གནས་བརྟན་ཅིའི་སླད་དུ་ཕན་ཚུན་རྣམ་པར་གཟིགས་པར་མཛད། ཉེ་དགའས་སྨྲས་པ། ཚེ་དང་ལྡན་པ་ཁོ་བོའི་མཛའ་བཤེས་ཚོང་པ་དག་ཟོང་ཐོགས་ཏེ་མཉན་ཡོད་དུ་ཞུགས་པ་དེ་དག་ལྟའོ། །གཞོན་ནུ་དེས་སྨྲས་པ། གནས་བརྟན་ཁྱོད་ཇི་ཙམ་ན་

ཟས་ཀྱི་བྱ་བ་མཛད་པ་དེ་ཙམ་ན་དེ་དག་དོང་ལགས་སོ། །ཉེ་དགའ་མི་བཟོད་པ་སྐྱེས་ནས་ཁོ་བོ་ཡང་དེ་དག་གིས་བསླུས་ཏེ་སྤུ་གྲི་ལ་ཁུ་ཚུར་གྱིས་བརྡེགས་ཤིང་རང་ཐགས་ཀྱི་རྡོ་ལ་རྩྭས་ཕུག་གིས་ཁོ་བོས་དེ་དག་ལ་གང་བྱ་བ་ཤེས་སོ་སྙམ་དུ་སེམས་སོ། །ཇི་ཙམ་ན་ཚོང་པ་དེ་

เล่ม ๕ · หน้า 85a

དག་ཡང་དེ་ཁོ་ན་བཞིན་དུ་འོངས་པ་དང་། ཉེ་དགའས་ཀྱང་དེ་ཁོ་ན་བཞིན་ལན་གཉིས་སུ་བཟུང་སྟེ། ཁྱེད་ཀྱིས་ཁོ་བོ་ཡང་བསླུས་སོ་ཞེས་སྨྲས་པ་དང་། ཚོང་པ་དེ་དག་གིས་སྨྲས་པ། འཕགས་པ་བདག་ཅག་ལ་བགྱི་བ་ཅུང་ཞིག་བྱུང་བས་དེས་ན་བདག་ཅག་མ་

ཞུས་པར་མཆིས་ཏེ། ད་ནི་དེ་དང་གཞན་ཡང་ཐམས་ཅད་འབུལ་ལོ། །འབུལ་ལམ། འབུལ་ལོ། །དེང་ཤིག་དེ་དག་དེ་ནས་དོང་སྟེ་ཉེ་དགའི་དྲུང་ནས་བྲལ་བ་དང་། འདི་སྐད་ཅེས་ཡུ་བུ་ཅག་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་ཡང་ཤོ་གམ་མི་འཇལ་ན། དགེ་སྦྱོང་

མགོ་རེག་ཉེ་དགའ་ལ་འཇལ་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཀུན་དུ་རྗོད་པར་བྱེད་དོ། །ཉེ་དགའས་ཚོང་པ་དེ་དག་གིས་བདག་ལ་མང་པོ་ཞིག་ཁས་བླངས་པས་ཡང་དེ་ཁོ་ན་བཞིན་དུ་མི་ལྟ་བར་སོང་ན་མི་རུང་གིས་མཚན་མ་དང་བཅས་པ་ཁོ་ནར་ལངས་ཏེ། དེ་དག་གི་དྲུང་དུ་འགྲོ་བར་

བྱའོ་སྙམ་དུ་བསམས་ནས་དེས་སྣམ་སྦྱར་བགོས་ཏེ་སྲང་དུ་སོང་བ་དང་། ཚོང་པ་དེ་དག་ཀྱང་ཟོང་བཀྲམ་སྟེ་འཚོང་བར་བྱེད་ནས་ཉེ་དགའས་དེ་དག་ལ་མཚན་མ་བསྟན་པར་བརྩམས་པ་དང་། དེ་དག་གིས་སྨྲས་པ། འཕགས་པ་ཇེ་ཟོང་བསྒྱུར་བར་བགྱིས་བཞུད་ཅིག་དང་བདག་

ཅག་མཆིས་ཏེ་དབུལ་བར་བགྱིའོ། །ཉེ་དགའས་སྨྲས་པ། གལ་ཏེ་བདེན་ནའོ། །དེ་དག་གིས་སྨྲས་པ། འཕགས་པ་ཁྱོད་ནི་འགལ་བར་བགྱི་བ་མ་ལགས་ཀྱིས་བཞུད་ཅིག །ཉེ་དགའ་སོང་སྟེ་མྱུར་བ་མྱུར་བར་གཙུག་ལག་ཁང་དུ་སོང་ནས་ཟས་ཀྱི་བྱ་བ་བྱས་ཏེ། ལྷུང་བཟེད་

འཁྲུ་ཞིང་ཕྱོགས་སུ་རྣམ་པར་ལྟ་བར་བྱེད་དོ། །དེ་བཞིན་དུ་གཞོན་ནུ་ཞིག་གིས་སྨྲས་པ། གནས་བརྟན་ཅིའི་སླད་དུ་ཕན་ཚུན་རྣམ་པར་གཟིགས་པར་མཛད། ཉེ་དགའས་སྨྲས་པ། ཚེ་དང་ལྡན་པ་ཁོ་བོའི་མཛའ་བཤེས་ཚོང་པ་དག་ཟོང་ཐོགས་ཏེ་མཉན་ཡོད་དུ་ཞུགས་པ་

དེ་དག་ལྟའོ། །གཞོན་ནུ་དེས་སྨྲས་པ། གནས་བརྟན་ཁྱོད་ཇི་ཙམ་ན་ཟས་ཀྱི་བྱ་བ་མཛད་པ་དེ་ཙམ་ན་དེ་དག་དོང་ལགས་སོ། །ཉེ་དགའ་རྒྱ་ཆེར་མི་བཟོད་པ་སྐྱེས་ནས་མགོ་བསིགས་ཏེ་ཁོ་བོ་དེ་དག་གིས་ལན་གཉིས་སུ་བསླུས་ཀྱིས། ད་ནི་གལ་ཏེ་དེ་དག་མཐོང་ན་གང་

เล่ม ๕ · หน้า 85b

གིས་ཕྱིན་ཆད་ཚོང་པར་མི་འགྱུར་བ་དེ་འདྲ་བའི་ཁྲིམས་འཆར་གཞུག་གོ་སྙམ་དུ་སེམས་སོ། །ཇི་ཙམ་ན་ཡང་ཚོང་པ་དེ་དག་དེ་ཁོ་ན་བཞིན་དུ་འོངས་པ་དང་། ཉེ་དགའས་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་ཡང་དང་ཡང་དུ་ཁོ་བོ་བསླུས་པས། ད་ནི་གང་བྱ་བ་དེ་ལྟོས་ཤིག །

དེ་དག་གིས་སྨྲས་པ། འཕགས་པ་བཟོད་པར་མཛོད་ཅིག །བདག་ཅག་ཚོང་པ་དག་ནི་རྟག་ཏུ་འཇལ་ཚོངས་ཀྱིས་སེམས་གཡེངས་པ་ལགས་པས་ད་ནི་སྔར་མཆིད་ཀྱིས་འཚལ་བ་གང་ལགས་པ་དང་། སླད་ཀྱིས་མཆིད་ཀྱིས་འཚལ་བ་གང་ལགས་པ་དེ་དང་གཞན་

ཐམས་ཅད་ཀྱང་དབུལ་བར་བགྱིའོ། །ཉེ་དགའས་གལ་ཏེ་འདི་དག་ལ་གཟུ་ལུམས་སུ་འཛུད་པར་བྱས་ན་ཤེས་པར་འགྱུར་གྱིས་མཐུན་པར་བརྗོད་པར་བྱའོ་སྙམ་དུ་ཤེས་ཤིང་རིག་ནས་སྨྲས་པ། བཞིན་བཟངས་དག་ངེས་པར་འབུལ་ལམ། འཕགས་པ་ངེས་པར་འབུལ་ལོ། །

གལ་ཏེ་དེ་ལྟ་ན་ཁྱེད་ཅག་ལ་ཉེས་དམིགས་འགའ་ཞིག་བྱུང་བར་གྱུར་ཏམ། ཁོ་བོ་ཅག་ལ་ཡང་གཙུག་ལག་ཁང་གི་དྲུང་དུ་ཚོང་པ་དག་ཚོང་པ་མ་ཡིན་པར་རྣམ་པར་གཞག་པར་གྱུར་ན་མ་ལེགས་ཀྱིས་རེ་ཞིག་ལམ་ལྟ་བ་དེ་སྲིད་ཀྱི་བར་དུ་སྡོད་ཅིག །དེ་དག་སྡོད་པ་དང་ཉེ་

དགའ་དེ་ན་ཤོ་གམ་པ་དག་གི་དྲུང་དུ་སོང་ངོ་། །དེའི་ཚེ་ན་ཤོ་གམ་པ་དག་ཤེས་ལྡན་དག་ཚོང་པ་ཤོ་གམ་འདྲལ་བ་དག་གིས་ཤོ་གམ་དྲལ་ཅིང་སྒེའུ་ཆུང་ནས་འཇུག་པས་ལོ་ཏང་འདུ་བ་མི་འབྱུང་ལ་དུས་ལ་ནི་བབ། རྒྱལ་པོ་ནི་གཏུམ་པས་བདག་ཅག་བུ་དང་། ཆུང་མ་དང་།

རྩ་ལག་དང་བཅས་པ་བཙོན་རར་བཅུག་སྟེ་གསད་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་དོ་ཞེས་ཟེར་ཞིང་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །དེ་དག་དེ་ལྟར་སེམས་ཁོང་དུ་ཆུད་ཅིང་འདུག་པ་ན་ཉེ་དགའས་སྨྲས་པ། ཁྱེད་ཅག་ཅིའི་ཕྱིར། འདི་ལྟར་སེམས་ཁོང་དུ་

ཆུད་ཅིང་འདུག །འཕགས་པ་ཇི་ལྟར་སེམས་ཁོང་དུ་ཆུད་ཅིང་མི་མཆི། ཚོང་པ་ཤོ་གམ་འདྲལ་བ་དག་གིས་ཤོ་གམ་དྲལ་ཅིང་སྒེའུ་ཆུང་ནས་འཇུག་པས་ལོ་ཏང་འདུ་བ་མི་འབྱུང་ལ་དུས་ལ་ནི་བབ། རྒྱལ་པོ་ནི་གཏུམ་པས་བདག་ཅག་བུ་དང་། ཆུང་མ་དང་། རྩ་ལག་དག་

เล่ม ๕ · หน้า 86a

དང་བཅས་པ་བཙོན་རར་བཅུག་སྟེ་གསད་པར་འགྱུར་བ་གང་ལགས་པ། དེ་ལྟ་བུའི་གནས་མཆིས་སོ། །བཀྲེན་པ་དག་ཁྱེད་ཅག་སུས་ཤོ་གམ་གྱི་གནས་སུ་བཞག །ཁྱེད་ཅག་ནི་ལྕག་རྒོད་མང་པོས་བྲིམས་ལས་སྐྱེད་པའམ། ཤིང་འཆེག་ཏུ་གཞུག་པར་བྱ་བ་ཡིན་ནོ། །

ཅིའི་ཕྱིར་ཁྱེད་ཀྱིས་ཚོང་པ་ཤོ་གམ་འདྲལ་བ་གཅིག་ཙམ་ཡང་ནོར་ཐམས་ཅད་དང་བྲལ་བར་མི་བྱེད། འཕགས་པ་མཉན་ཡོད་ནི་ཀུན་ཤེས་པའི་ཤོ་གམ་ཅན་ལགས་ཀྱི་ཉེས་པ་བྱེད་པའི་ཤོ་གམ་ཅན་མ་ལགས་པས་ཇི་ལྟར་ནོར་ཐམས་ཅད་དང་བྲལ་བར་བགྱི། བཀྲེན་པ་དག་མཉན་

ཡོད་ནི་ཉེས་པ་བྱེད་པའི་ཤོ་གམ་ཅན་ཡིན་གྱི་ཀུན་ཤེས་པའི་ཤོ་གམ་ཅན་མ་ཡིན་ནོ། །འཕགས་པ་བདག་ཅག་གིས་ཡུན་དེ་སྲིད་དུ་ཤོ་གམ་བསྒྲུབས་ན་ལན་འགའ་ཡང་ཉེས་པ་བགྱིད་པའི་ཤོ་གམ་ཅན་མ་ལགས་ན། ད་ཇི་ལྟར་ཉེས་པ་བགྱིད་པའི་ཤོ་གམ་ཅན་དུ་འགྱུར། བཀྲེན་

པ་དག་སྡོད་ཅིག་དང་ང་སོང་ལ་ཚོང་པ་ཤོ་གམ་འདྲལ་བ་དག་གཏང་བར་བྱས། དེ་དག་ཁྱེད་ཀྱིས་ཟུང་ལ་ནོར་ཐམས་ཅད་དང་བྲལ་བར་གྱིས་ཤིག །གལ་ཏེ་མཉན་ཡོད་ནི་ཀུན་ཤེས་པའི་ཤོ་གམ་ཅན་ཡིན་གྱི་ཉེས་པ་བྱེད་པའི་ཤོ་གམ་ཅན་ནི་མ་ཡིན་ནོ་ཞེས་ཟེར་ན། མཉན་ཡོད་

ནི་ཉེས་པ་བྱེད་པའི་ཤོ་གམ་ཅན་ཡིན་གྱི་ཀུན་ཤེས་པའི་ཤོ་གམ་ཅན་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ཡུན་དེ་སྲིད་དུ་ཁོ་བོ་ཅག་ཚོང་པའི་ཐ་སྙད་བྱེད་པ་ན། ལན་འགའ་ཡང་མཉན་ཡོད་ཉེས་པ་བྱེད་པའི་ཤོ་གམ་ཅན་མ་ཡིན་ན། ད་ཉེས་པ་བྱེད་པའི་ཤོ་གམ་ཅན་དུ་

གྱུར་ཏམ། ཚུར་ཤོག་ཚོང་པའི་ཚོགས་ཀྱི་ནང་དུ་འདོང་ངོ་། །ཞེས་ཟེར་ན་རྒྱལ་པོའི་ཕོ་བྲང་དུ་བཀྲི་བར་བྱའོ། །གལ་ཏེ་རྒྱལ་པོ་ན་རེ་ཤེས་ལྡན་དག་ཡུན་དེ་སྲིད་དུ་ངའི་རྒྱལ་སྲིད་བྱེད་དུ་བཅུག་ན། ལན་འགའ་ཡང་ངས་མཉན་ཡོད་ཉེས་པ་བྱེད་པའི་ཤོ་གམ་ཅན་དུ་མ་ཐོས་ན།

ད་ཉེས་པ་བྱེད་པའི་ཤོ་གམ་ཅན་དུ་གྱུར་ཏམ་ཞེས་ཟེར་ན། རྒྱལ་པོ་ཨ་ར་ད་ཚངས་བྱིན་ཚོང་པའི་ཚོགས་དང་བཅས་པས་གང་སྐྱེད་མོས་ཚལ་ལམ། འདུན་ས་འམ། ལྷའི་གནས་ཆེ་གེ་མོ་ནས་མཉན་ཡོད་དུ་འཇུག་པ་ལ་དེ་ལ་ནི་ཀུན་ཤེས་པའི་ཤོ་གམ་ཅན་ཡིན་ལ། གང་

เล่ม ๕ · หน้า 86b

སྐྱེད་མོས་ཚལ་ལམ། འདུན་སའམ། ལྷའི་གནས་ཆེ་གེ་མོ་ནས་མཉན་ཡོད་དུ་འཇུག་པ་དེ་ལ་ཉེས་པ་བྱེད་པའི་ཤོ་གམ་ཅན་ཡིན་ནོ། །ཞེས་ཁྲིམས་སུ་བྱ་བ་རྣམ་པར་བཞག་པ་གང་ལགས་པ་དེ་ལྷ་ལ་བརྩན་ནམ་ཞེས་བརྗོད་པར་བྱའོ། །གལ་ཏེ་བརྩན་ནོ་ཞེས་ཟེར་ན།

ལྷ་མཛོད་ཆེ་གེ་མོ་ཞིག་ན་སྒྲོམ་མཆིས་པ་དེ་ན་ཟངས་མའི་གླེགས་བུ་ལ་ཡི་གེ་བྲིས་པ་མཆིས་པ་དེ་ལྷས་གཟིགས་སུ་གསོལ་ཞེས་བརྗོད་པར་བྱའོ། །ཇི་ཙམ་ན་ཤོ་གམ་པ་དེ་དག་གིས་ཚོང་པ་ཤོ་གམ་འདྲལ་བ་དེ་དག་བཟུང་སྟེ་ནོར་ཐམས་ཅད་དང་བྲལ་བར་བྱས་པ་ན་ཚོང་པ་དེ་དག་

གིས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་ཁོ་བོ་ཅག་ནོར་ཐམས་ཅད་དང་བྲལ་བར་བྱེད། མཉན་ཡོད་ནི་ཀུན་ཤེས་པའི་ཤོ་གམ་ཅན་ཡིན་གྱི་ཉེས་པ་བྱེད་པའི་ཤོ་གམ་ཅན་ནི་མ་ཡིན་ནོ། །ཤོ་གམ་པ་དག་གིས་སྨྲས་པ། མཉན་ཡོད་ནི་ཉེས་པ་བྱེད་པའི་ཤོ་གམ་ཅན་ཡིན་གྱི་ཀུན་

ཤེས་པའི་ཤོ་གམ་ཅན་ནི་མ་ཡིན་ནོ། །ཚོང་པ་དག་གིས་སྨྲས་པ། ཡུན་དེ་སྲིད་དུ་ཁོ་བོ་ཅག་ཚོང་པའི་ཐ་སྙད་བྱེད་བྱེད་ན་ལན་འགའ་ཡང་མཉན་ཡོད་ཉེས་པ་བྱེད་པའི་ཤོ་གམ་ཅན་མ་ཡིན་ན་ད་ཉེས་པ་བྱེད་པའི་ཤོ་གམ་ཅན་དུ་གྱུར་ཏམ། ཚུར་ཤོག་ཚོང་པའི་ཚོགས་ཀྱི་ནང་དུ་

འདོང་ངོ་། །ཤོ་གམ་པ་དག་གིས་སྨྲས་པ། ཚོང་པའི་ཚོགས་ཀྱི་ནང་དུ་མི་འགྲོས་ཚུར་ཤོག །རྒྱལ་པོའི་ཕོ་བྲང་དུ་འདོང་ངོ་ཞེས་དེ་དག་འཁང་བཞིན་དུ་མཐུས་རྒྱལ་པོའི་ཕོ་བྲང་དུ་ཁྲིད་པ་དང་། དེ་དག་གིས་ཚོང་པའི་ཚོགས་ལ་ཤེས་ལྡན་དག་ཁོ་བོ་ཅག་ཤོ་གམ་པ་དག་གིས་ནོར་

ཐམས་ཅད་དང་བྲལ་བར་བྱས་ཀྱིས་གྲོགས་གྱིས་ཤིག་ཅེས་ར་མདའ་ཟློག་པའི་སྐད་ཕྱུང་ངོ་། །ཚོང་པའི་ཚོགས་ཀྱང་དེ་དག་དང་ལྷན་ཅིག་རྒྱལ་པོའི་སྤྱན་སྔར་སོང་ནས། ལྷ་ཁྱོད་ཀྱི་རྒྱལ་སྲིད་ལ་ཤོ་གམ་པ་དག་གིས་ཚོང་པ་གློ་བུར་དུ་ལྷགས་པ་དག་ནོར་ཐམས་ཅད་དང་བྲལ་བར་

བགྱིས་ཀྱིས་ཡོངས་སུ་བསྐྱབ་ཏུ་གསོལ་ཞེས་སྨྲས་སོ། །རྒྱལ་པོས་བློན་པོ་རྣམས་ལ་ཤེས་ལྡན་དག་ཤོ་གམ་པ་དག་ཁུག་ཤིག་ཅེས་བསྒོ་ནས་བློན་པོ་རྣམས་ཀྱིས་ཤོ་གམ་པ་དག་བཀུག་པ་དང་། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་ཁྱེད་ཀྱིས་ཚོང་པ་དག་ནོར་

เล่ม ๕ · หน้า 87a

ཐམས་ཅད་དང་བྲལ་བར་བྱས། ཤོ་གམ་པ་དག་གིས་སྨྲས་པ། ལྷ་ཚོང་པ་འདི་དག་ནི་ཤོ་གམ་འདྲལ་བ་ལགས་ལ། མཉན་ཡོད་ནི་ཉེས་པ་བགྱིད་པའི་ཤོ་གམ་ཅན་ལགས་པས་དེའི་སླད་དུ་བདག་ཅག་གིས་འདི་དག་ནོར་ཐམས་ཅད་དང་བྲལ་བར་བགྱིས་སོ། །

རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཡུན་དེ་སྲིད་དུ་ངའི་རྒྱལ་སྲིད་བྱེད་དུ་བཅུག་ན་ལན་འགའ་ཡང་ངས་མཉན་ཡོད་ཉེས་པ་བྱེད་པའི་ཤོ་གམ་ཅན་དུ་མ་ཐོས་ན། ད་ཉེས་པ་བྱེད་པའི་ཤོ་གམ་ཅན་དུ་གྱུར་ཏམ། ཤོ་གམ་ཡང་དག་པ་ལོང་ལ་ཐོང་ཤིག །ཤོ་གམ་པ་དག་གིས་སྨྲས་

པ། རྒྱལ་པོ་ཨ་ར་ད་ཚངས་བྱིན་ཚོང་པའི་ཚོགས་དང་བཅས་པས་གང་སྐྱེད་མོས་ཚལ་ལམ། འདུན་ས་འམ། ལྷ་ཡི་གནས་ཆེ་གེ་མོ་ནས་མཉན་ཡོད་དུ་འཇུག་པ་དེ་ལ་ནི་ཀུན་ཤེས་པའི་ཤོ་གམ་ཅན་ཡིན་ལ། གང་སྐྱེད་མོས་ཚལ་ལམ། འདུན་སའམ། ལྷའི་གནས་

ཆེ་གེ་མོ་ནས་མཉན་ཡོད་དུ་འཇུག་པ་དེ་ལ་ནི་གནོད་པ་བྱེད་པའི་ཤོ་གམ་ཅན་ཡིན་ནོ་ཞེས་ཁྲིམས་སུ་བྱ་བ་རྣམ་པར་གཞག་པ་གང་ལགས་པ་དེ་ལྷ་ལ་བརྩན་ནམ། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ངའི་ཡབ་ཀྱིས་མཛད་པ་གང་ཡིན་པ་དེ་ནི་བརྒྱ་བྱིན་གྱིས་མཛད་པ། ཚངས་

པས་མཛད་པ་ཡིན་ཏེ་མཆོག་ཏུ་བརྩན་ནོ། །ཤོ་གམ་པ་དག་གིས་སྨྲས་པ། ལྷ་མཛོད་ཆེ་གེ་མོ་ཞིག་ན་སྒྲོམ་མཆིས་པ་དེ་ན་ཟངས་མའི་གླེགས་བུ་ལ་ཡི་གེ་བྲིས་པ་མཆིས་པ་དེ་ལྷས་གཟིགས་སུ་གསོལ། རྒྱལ་པོས་གཏོགས་པར་བྱས་པ་དག་ལ་ཟངས་མའི་གླེགས་བུ་དེ་

འོན་ཅིག །ཅེས་བསྒོ་ནས་བླངས་ཏེ་བཀླགས་པ་དང་། རྒྱལ་པོས་ཕའི་བསྔགས་པ་ཐོས་ནས་མཆི་མ་དང་བཅས་པའི་སྐད་ཀྱིས་སྨྲས་པ། ཤེས་ལྡན་དག་ངའི་ཡབ་ཀྱིས་མཛད་པ་གང་ཡིན་པ་དེ་ནི་བརྒྱ་བྱིན་གྱིས་མཛད་པ། ཚངས་པས་མཛད་པ་ཡིན་ཏེ། གལ་ཏེ་ནོར་

ཐམས་ཅད་དང་བྲལ་བར་བྱས་ན་ལེགས་སོ། །ཚོང་པ་དེ་དག་རེ་བ་མེད་པར་གྱུར་ནས་མཆི་མ་དང་བཅས་པའི་སྐད་ཀྱིས་དོང་ནས་དེ་དག་གིས་ཤོ་གམ་པ་དེ་དག་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་ལ་སུས་སྦྲན་པ་སྨྲོས་ཤིག །ཤོ་གམ་པ་དག་གིས་སྨྲས་པ། ཁོ་བོ་ཅག་ལ་སུ་

เล่ม ๕ · หน้า 87b

ཞིག་སྦྲོན་པར་འགྱུར། ཁོ་བོ་ཅག་ཉིད་ཀྱིས་ཤེས་མོད་ཀྱི་འོན་ཀྱང་ཁོ་བོ་ཅག་ཁྱེད་ལ་སྙིང་རྗེ་བས་ཡལ་བར་བོར་རོ། །ཁྱེད་ཅག་ཧ་ཅང་བྱ་བ་བྱེད་པར་བརྩམས་པས་དེས་ན་ཁོ་བོ་ཅག་མི་བཟོད་པ་སྐྱེས་སོ། །ཚོང་པ་དག་གིས་སྨྲས་པ། ཁྱེད་ལ་སྙིང་རྗེ་ག་ལ་ཡོད། སྨྲོས་ཤིག་

དང་ཁོ་བོ་ཅག་ཁྱེད་དང་མཛའ་བོར་འགྱུར་རོ། །ཤོ་གམ་པ་དག་གིས་སྨྲས་པ། འཕགས་པ་དྲུག་སྡེ་དག་གིས་སོ། །ཚོང་པ་དེ་དག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་པ་ཡིན་ནོ། །བྲམ་ཟེའི་ཚུལ་ནི་ཚིག་པ་ཡིན་ཏེ། གང་ལ་དེ་ལྟར་གཞན་གྱི་འཚོ་

བ་ལ་ཡང་གནོད་པར་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་བཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་གཞན་གྱི་འཚོ་བ་ལ་གནོད་པར་མི་བྱའོ། །

གནོད་པ་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སྡོམ་ལ། རྐང་མེད་དང་ནི་རྐང་གཉིས་དང་། །རྐང་བཞི་པ་དང་རྐང་མངས་ཀྱི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །རྐང་མེད་ཅེས་བྱ་བ་ནི་སྦྲུལ་དང་པད་པ་དང་། སྲོག་ཆགས་དྲིའུ་སྲིན་དག་གོ། །དེ་དག་ནི་གསུམ་གྱིས་

སོགས་པར་བྱེད་དེ་སྦྲུལ་ཁས་སྡིགས་པ་དག་དང་། རྒྱལ་པོའི་སྨན་པ་དག་དང་། ཁ་ལུངས་པའི་ཡ་བ་ན་དག་གིས་སོ། །ཇི་ལྟར་སྦྲུལ་ཁས་སྡིགས་པ་དག་གིས་ཤེ་ན། འདི་ལྟར་སྦྲུལ་ཁས་སྡིགས་པ་དག་སྦྲུལ་ལ་བརྟེན་ཏེ་འཚོ་བར་བྱེད་པ་སྟེ། དེ་ལྟར་སྦྲུལ་ཁས་སྡིགས་པ་དག་

གིས་སོ། །ཇི་ལྟར་རྒྱལ་པོའི་སྨན་པ་དག་གིས་ཤེ་ན། འདི་ལྟར་རྒྱལ་པོའི་སྨན་པ་དག་པད་པ་ལ་བརྟེན་ཏེ་འཚོ་བར་བྱེད་པ་སྟེ། དེ་ལྟར་རྒྱལ་པོའི་སྨན་པ་དག་གིས་སོ། །ཇི་ལྟར་ཁ་ལུངས་པའི་ཡ་བ་དག་གིས་ཤེ་ན། འདི་ལྟར་ཁ་ལུངས་པའི་ཡ་བ་ན་དག་སྲོག་ཆགས་དྲིའུ་སྲིན་

དག་བག་བྱེ་སོན་པར་བྱེད། ས་འབྱིན་པར་བྱེད་ཅིང་སླ་ང་ལ་རྔོད་པར་བྱེད་དེ་དེ་དག་དེ་འཆའ་ཞིང་མྱོས་པར་འགྱུར་བའི་བཏུང་བ་རྣམ་པ་དུ་མ་འཐུང་བར་བྱེད་དེ། དེ་ལྟར་ཁ་ལུངས་པའི་ཡ་བ་ན་དག་གིས་སོ། །དགེ་སློང་གིས་སྲོག་ཆགས་རྐང་མེད་དག་རྐུ་བར་བྱེད་ན། སྲོག་ཆགས་

เล่ม ๕ · หน้า 88a

རྐང་མེད་དག་གི་རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྐང་གཉིས་ཞེས་བྱ་བ་ནི་མི་རྣམས་དང་། བྱ་ཁ་ཅིག་གོ། །མི་རྣམས་ནི་རྣམ་པ་གསུམ་གྱིས་རྐུ་སྟེ། ཡུལ་ཕྱོགས་དང་། བརྡ་དང་།

མཚན་མས་སོ། །ཇི་ལྟར་ཡུལ་ཕྱོགས་ཀྱིས་ཤེ་ན། གང་གི་ཚེ་ཁོ་བོ་སྐྱེད་མོས་ཚལ་ལམ། འདུན་སའམ། ལྷའི་གནས་ཆེ་གེ་མོ་ཞིག་ཏུ་མཐོང་བ་དེའི་ཚེ་ཁྱོད་ཀྱིས་བྱ་བ་དེ་བྱས་པར་ཤེས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་ཡུལ་ཕྱོགས་ཀྱིས་སོ། །ཇི་ལྟར་བརྡས་ཤེ་ན།

གང་གི་ཚེ་ཁོ་བོ་སྔ་དྲོ་འམ། གུང་ཚིགས་སམ། ཕྱི་འབྲེད་མཐོང་བ་དེའི་ཚེ་ཁྱོད་ཀྱིས་བྱ་བ་དེ་བྱས་པར་ཤེས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་བརྡས་སོ། །ཇི་ལྟར་མཚན་མས་ཤེ་ན། གང་གི་ཚེ་ཁོ་བོ་སྐྲ་དང་། ཁ་སྤུ་བྲེགས་ནས་རིང་པོར་མ་ལོན་པའམ། སྣམ་སྦྱར་དམར་སེར་

རམ། ཞ་ཉེའི་དབྱར་འདབ་ཀྱིས་གླན་པའི་ལྷུང་བཟེད་དམ། ཁར་བ་སྦུབས་ཅན་ནམ། ཞུན་མར་གྱི་ལྷུང་བཟེད་དམ། འབྲུ་མར་གྱི་ལྷུང་བཟེད་དམ། སྦྲང་རྩིའི་ལྷུང་བཟེད་དམ། བུ་རམ་གྱི་དབུ་བའི་ལྷུང་བཟེད་ཐོགས་པར་མཐོང་བ་དེའི་ཚེ་ཁྱོད་ཀྱིས་བྱ་བ་དེ་བྱས་པར་ཤེས་པར་གྱིས་

ཤིག་ཅེས་བྱ་བ་སྟེ། དེ་ལྟར་མཚན་མས་སོ། །དགེ་སློང་གིས་མི་རྐུ་བར་བྱེད་ན་མིའི་རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །བྱ་ནི་རྣམ་པ་གཉིས་ཀྱིས་རྐུ་སྟེ། སྦར་བ་དང་། མངོན་སུམ་དུ་བབས་པས་

སོ། །ཇི་ལྟར་སྦར་བས་ཤེ་ན། འདི་ལྟར་དགེ་སློང་གིས་བྱ་སྦར་ཏེ་རྐུ་བར་བྱེད་ན་བྱའི་རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །དེ་ལྟར་སྦར་བས་སོ། །ཇི་ལྟར་མངོན་སུམ་དུ་བབས་པས་ཤེ་ན། འདི་ལྟར་

བྱ་བའམ། བྱ་བའི་སློབ་མ་མཁས་པ་ཞིག་གིས་བྱ་དྲུངས་དབྱུང་བའི་ཕྱིར་དང་། ཆུད་གཟན་པར་བྱ་བའི་ཕྱིར་དང་། ཚུལ་མ་ཡིན་པས་སྡུག་བསྔལ་བར་བྱ་བའི་ཕྱིར་ནགས་མེས་བཏང་བར་གྱུར་ཅིང་དེ་ན་བྱ་ཁ་ཅིག་དུ་བས་ཁྱབ་ཅིང་འཁྲུགས་པར་གྱུར་ནས། དགེ་སློང་རྣམས་

เล่ม ๕ · หน้า 88b

ཀྱི་འཆག་ས་དག་ཏུ་བབས་སམ། དག་ར་དག་གམ། སྒོ་ཁང་དག་ཏུ་བབས་པར་གྱུར་པ་ན། དགེ་སློང་གིས་དེ་ལྟར་བབས་པའི་བྱ་རྐུ་བར་བྱེད་ན། བྱའི་རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་ཏེ། དེ་ལྟར་

མངོན་སུམ་དུ་བབས་པས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་དྲུག་པ། རྐང་བཞི་པ་ཞེས་བྱ་བ་ནི་གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བ་ལང་དང་། བོང་བུ་དང་། ར་དང་། རི་དགས་དང་། མ་ཧེ་དང་། ཕག་དག་གོ། །དེ་དག་ནི་རྣམ་པ་གཉིས་

ཀྱིས་རྐུ་སྟེ། ཁྱུ་ནས་དགར་བ་དང་། བརྟོད་པས་སོ། །ཇི་ལྟར་ཁྱུ་ནས་དགར་བས་ཤེ་ན། དགེ་སློང་གིས་གླང་པོ་ཆེ་ཁྱུ་ནས་དགར་བས་རྐུ་བར་བྱེད་ན། ཇི་སྲིད་མིག་སྔར་སྣང་བ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་ལ། མིག་སྔར་མི་སྣང་བར་གྱུར་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་

ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་ཏེ། དེ་ལྟར་ཁྱུ་ནས་དགར་བས་སོ། །ཇི་ལྟར་བརྟོད་པས་ཤེ་ན། དགེ་སློང་གིས་གླང་པོ་ཆེ་བརྟོད་པ་སྣ་ཚོགས་ཤིང་ལྗོན་པའམ། རྩིག་པའམ། གཞན་དག་ལ་བརྟོད་པར་བྱེད་ན།

ཇི་སྲིད་མིག་སྔར་སྣང་བ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །མིག་སྔར་མི་སྣང་བར་གྱུར་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་ཏེ། དེ་ལྟར་བརྟོད་པས་སོ། །གླང་པོ་ཆེ་

ལ་ཇི་ལྟ་བ་བཞིན་དུ་རྟ་ལ་སོགས་པ་རྐང་བཞི་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །རྐང་མངས་ཞེས་བྱ་བ་ནི་གྲོག་མོ་དང་། ཕྱེ་མ་ལེབ་དང་། ཏིལ་དང་། ཕུབ་མ་དང་། རུལ་པ་ཟ་བ་དང་། སྡིག་པ་དང་། ཏྱ་མ་བུ་ཀ་དང་། ཏྲེའི་ལ་ཏ་དག་གོ། །དེ་དག་ནི་གསུམ་གྱིས་

སོགས་པར་བྱེད། དེ་གནོད་བྱེད་དག་དང་། གྲོང་ཁྱེར་སྲུང་བའི་སྣ་ཆེན་པོ་ལ་གཏོགས་པ་དག་དང་། རྒྱ་མཚོའི་ཚོང་པ་དག་གིས་སོ། །ཇི་ལྟར་གནོད་བྱེད་དག་གིས་ཤེ་ན། འདི་ལྟར་གནོད་བྱེད་དག་གིས་སྲོག་ཆགས་རྐང་མངས་དག་གིས་བུམ་པ་སོ་བཏང་བ་བཀང་སྟེ།

เล่ม ๕ · หน้า 89a

འཇོག་པར་བྱེད་ཅིང་དེ་དག་གིས་གང་གི་ཚེ་ཆད་པས་གཅད་པ་དག་ཁྲིད་དེ། དེ་དག་གི་རྐང་པའམ། ལག་པ་བུམ་པ་དེ་དག་གི་ནང་དུ་འཛུད་པར་བྱེད་ཅིང་། དེ་དག་དེ་དག་གིས་ཟིན་པ་ན་མྱུར་དུ་དབྱ་དང་། གསུག་མང་པོ་འཇལ་བར་བྱེད་དེ། དེ་ལྟར་གནོད་བྱེད་

དག་གིས་སོ། །ཇི་ལྟར་གྲོང་ཁྱེར་སྲུང་བའི་སྣ་ཆེན་པོ་ལ་གཏོགས་པ་དག་གིས་ཤེ་ན། འདི་ལྟར་གྲོང་ཁྱེར་སྲུང་བའི་སྣ་ཆེན་པོ་ལ་གཏོགས་པ་དག་གིས་སྲོག་ཆགས་རྐང་མངས་དག་གིས་བུམ་པ་སོ་མ་བཏང་བ་བཀང་སྟེ། འཇོག་པར་བྱེད་ཅིང་དེ་དག་གིས་གང་གི་ཚེ་ཕ་རོལ་གྱི་དཔུང་

འོང་བ་དེའི་ཚེ་དེ་དང་ལྷན་ཅིག་གཡུལ་སྤྲོད་པར་བྱེད་པ་ན། གལ་ཏེ་དེ་དག་གིས་འཇོམས་པར་ནུས་ན་དེ་ལྟ་ན་ལེགས། གལ་ཏེ་མི་ནུས་ན་སྲོག་ཆགས་རྐང་མངས་དག་གིས་བཀང་བའི་བུམ་པ་སོ་མ་བཏང་བ་ར་བ་ལ་གནས་པ་འཕེན་པར་བྱེད་ཅིང་དེ་དག་སྲོག་ཆགས་རྐང་མངས་

དག་གིས་ཟིན་པ་ན་འབྱེར་བར་འགྱུར་ཏེ། དེ་ལྟར་གྲོང་ཁྱེར་སྲུང་བའི་སྣ་ཆེན་པོ་ལ་གཏོགས་པ་དག་གིས་སོ། །ཇི་ལྟར་རྒྱ་མཚོའི་ཚོང་པ་དག་གིས་ཤེ་ན། འདི་ལྟར་རྒྱ་མཚོའི་ཚོང་པ་དག་གིས་སྲོག་ཆགས་རྐང་མངས་དག་གིས་བུམ་པ་སོ་མ་བཏང་བ་བཀང་སྟེ། རྒྱ་མཚོའི་

གྲུ་སྦྱར་ནས་ནོར་སྒྲུབ་པ་དག་རྒྱ་མཚོ་ཆེན་པོ་རྒལ་བ་ན་དེར་དེ་དག་ལ་ཆོམ་རྐུན་པ་རྟགས་མཚན་སྔོན་པོའམ། ནག་པོ་ཅན་དག་འོང་ཞིང་། གྲུ་འཇོམས་པར་བྱེད་པ་ན་ཚོང་པ་དག་གིས་དེ་དག་དང་། ལྷན་ཅིག་གཡུལ་སྤྲོད་པར་བྱེད་པ་ན། གལ་ཏེ་དེ་དག་གིས་འཇོམས་

པར་བྱེད་ནུས་ན་དེ་ལྟ་ན་ལེགས། གལ་ཏེ་མི་ནུས་ན་སྲོག་ཆགས་རྐང་མངས་དག་གིས་བཀང་བའི་བུམ་པ་སོ་མ་བཏང་བ་འཕེན་པར་བྱེད་ཅིང་། དེ་དག་སྲོག་ཆགས་རྐང་མངས་དག་གིས་ཟིན་པ་ན། འབྱེར་བར་འགྱུར་ཏེ། དེ་ལྟར་རྒྱ་མཚོའི་ཚོང་པ་དག་གིས་སོ། །དགེ་

སློང་གིས་སྲོག་ཆགས་རྐང་མངས་དག་རྐུ་བར་བྱེད་ན། སྲོག་ཆགས་རྐང་མངས་དག་གི་རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ། དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ།། །།སྡོམ་ལ། གདོལ་པ་དང་ནི་བག་རྫངས་ཅན། །སྣམ་སྦྱར་རེ་ཞིག་དུས་དང་

เล่ม ๕ · หน้า 89b

ནི། །མཚན་བཟངས་དང་ནི་ནོར་གྱིས་བྱིན། །རང་གིར་ཤེས་པས་ལྷུང་བཟེད་ལེན། །མི་ཕམ་དང་ནི་ཟླ་བས་སྦས། །བདག་ཉིད་སུན་འབྱིན་རྐུ་བ་ཡིན། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་

ཡོད་ན་དགེ་སློང་གདོལ་པ་དང་བག་རྫངས་ཅན་ཞེས་བྱ་བ་གཏམ་འདྲེ་བ། ཕེབས་པར་སྨྲ་བ། འགྲོགས་བཤེས། སྨོས་འདྲིན་གནས་སྐབས་མཉམ་པར་སྤྱོད་པ་གཉིས་ཤིག་འཁོད་དེ། དེ་ལ་གདོལ་པ་ནི་གྲགས་པ་དང་། བསོད་ནམས་ཆེ་བ་ཡིན་མོད་ཀྱི་ལུས་ཆུང་སྟེ། དེ་ལ་ལྷུང་

བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་ལྷག་པ་དག་ཡོད་དོ། །བག་རྫངས་ཅན་ནི་ལུས་ཆེ་བ་ཡིན་མོད་ཀྱི་གྲགས་པ་དང་། བསོད་ནམས་ཆུང་སྟེ། ཆོས་གོས་གསུམ་ལྷུར་ལེན་ཅིང་དེའི་ཆོས་གོས་གསུམ་ངན་ཅིང་སྣམ་སྦྱར་ཡང་ཡོངས་སུ་རྙིངས་

པ་ཡིན་ནོ། །དགེ་སློང་རྣམས་ཀྱིས་བག་རྫངས་ཅན་ལ་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཏེ་པོར་འདོད་པ་ཆུང་བར་གྱུར་ན། ཅིའི་ཕྱིར་བདག་ཉིད་གཅེར་བུར་སྟོན་པར་བྱེད། ཅི་རྙེད་པས་སམ། མ་རྙེད་པས། བག་རྫངས་ཅན་གྱིས་སྨྲས་པ། མ་རྙེད་པས་སོ། །ཅིའི་ཕྱིར་སྦྱོར་དུ་མི་

འཛུད། སངས་རྒྱས་དང་། ཆོས་དང་། དགེ་འདུན་སྤངས་ཏེ། སུ་ཞིག་ཁོ་བོ་ལ་སྦྱིན་པར་བྱེད། དགེ་སློང་གདོལ་པ་དེ་ཁྱོད་ཀྱི་གཏམ་འདྲེ་བ། ཕེབས་པར་སྨྲ་བ། འགྲོགས་བཤེས། སྨོས་འདྲིན་ཡིན་ལ། དེ་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་

བུ་དང་། སྐ་རགས་ལྷག་པ་དག་ཡོད་ན་ཅིའི་ཕྱིར་དེ་ལ་མི་སློང་། བག་རྫངས་ཅན་གྱིས་སྨྲས་པ། མི་སྟེར་རོ། །ཅི་ཁྱོད་ཀྱིས་སྔོན་ལན་འགའ་བསླངས་སམ། ལན་འགའ་ཡང་མ་བསླངས་སོ། །ཅི་ཆུའི་སྒྲ་ཁོ་ནས་ལྷམ་དག་འབུད་པར་བྱེད་དམ། སོང་ལ་སློངས་ཤིག་དང་སྟེར་རོ། །

བག་རྫངས་ཅན་དེ་དགེ་སློང་དེ་དག་གིས་སྤྲོ་བར་བྱས་ནས་གདོལ་པའི་གན་དུ་སོང་བ་དང་། གདོལ་པ་མེད་ནས་བག་རྫངས་ཅན་གྱིས་གདོལ་པ་ནི་ལུས་ཆུང་བ་ཡིན་པས་ཇེ་འདིའི་ཆོས་གོས་གཞལ་བར་བྱ་སྟེ། གལ་ཏེ་བདག་གི་ལུས་ཀྱི་ཚད་དུ་འགྱུར་ན་བསླང་བར་བྱའི། གལ་

เล่ม ๕ · หน้า 90a

ཏེ་མི་འགྱུར་ན་ཅིའི་ཕྱིར་དེ་དྲིན་བགྲང་དུ་གཞུག་པར་བྱ་སྙམ་དུ་བསམས་ནས། བག་རྫངས་ཅན་གདོལ་པའི་གནས་ཁང་དུ་ཞུགས་ཏེ་སྣམ་སྦྱར་བལྟ་བར་བརྩམས་པ་དང་། ཇི་ཙམ་ན་ཆོས་གོས་ཀྱི་གདང་ལ་སྣམ་སྦྱར་དམར་སེར་འདུག་པ་མཐོང་ནས། བག་རྫངས་

ཅན་གྱིས་ཕོག་སྟེ། གྱོན་ཞིང་བསྙམས་ནས། ངོས་དང་ངོས་ལ་རྟོག་པར་བྱེད་པ་ན་གདོལ་པ་འོངས་ཏེ་མཐོང་མ་ཐག་ཏུ་སྨྲས་པ། ཚེ་དང་ལྡན་པ་ཁྱེད་ཀྱིས་སྣམ་སྦྱར་འདི་རྐུ་སེམས་ཀྱིས་བླངས་སོ། །བག་རྫངས་ཅན་གྱིས་སྨྲས་པ། ཚེ་དང་ལྡན་པ་ཁོ་བོས་རྐུ་སེམས་ཀྱིས་མ་

བླངས་ཏེ། འདི་ལྟར་ཁོ་བོ་ལ་གདོལ་པ་ནི་ལུས་ཆུང་བ་ཡིན་པས་ཇེ་འདིའི་ཆོས་གོས་གཞལ་བར་བྱ་སྟེ། གལ་ཏེ་བདག་གི་ལུས་ཀྱི་ཚད་དུ་འགྱུར་ན་བསླང་བར་བྱའི། གལ་ཏེ་མི་འགྱུར་ན་ཡོ་བྱད་དོན་མེད་པ་འདི་ཅི་བྱ་སྙམ་པའི་བློ་སྐྱེས་སོ། །གདོལ་པས་སྨྲས་པ། ཚེ་དང་ལྡན་པ་

ཅིའི་ཕྱིར་གཞན་ནས་གཞན་དུ་འཕྲོ་བར་བྱེད། ཁྱོད་ཀྱིས་རྐུ་སེམས་ཀྱིས་བླངས་པས་ཁྱོད་ལ་ཕམ་པར་འགྱུར་བའི་ལྟུང་བ་བྱུང་ངོ་། །བག་རྫངས་ཅན་བདག་ལ་ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་ངམ་སྙམ་དུ་འགྱོད་པ་སྐྱེས་ནས། དེས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་དོ། །དགེ་

སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་རྨས་པ། དགེ་སློང་ཁྱོད་ཀྱིས་བསམ་པ་ཇི་ལྟ་བུས་སྣམ་སྦྱར་དེ་བགོས། བག་རྫངས་ཅན་གྱིས་ཇི་ལྟར་གྱུར་པ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དཔྱོད་པའི་བསམ་པ་ཅན་འདི་ལ་ནི་ལྟུང་བ་མེད་དེ། ཡང་དགེ་སློང་གིས་ཡིད་གཅུགས་པ་མ་ཡིན་པ་ལ་ཡིད་གཅུགས་པ་བསྐྱེད་པར་མི་བྱའོ། །འདི་ལྟར་མཛའ་བཤེས་ནི་གསུམ་སྟེ། ཐ་མ་དང་། འབྲིང་དང་། ཆེན་པོའོ། །དེ་ལ་

མཛའ་བཤེས་ཐ་མ་ལ་ནི་ཡིད་གཅུགས་པ་ཆུང་ངུ་བྱའི། འབྲིང་ཡང་མི་བྱ། ཆེན་པོ་ཡང་མི་བྱའོ། །མཛའ་བཤེས་འབྲིང་ལ་ནི་ཡིད་གཅུགས་པ་ཆུང་ངུ་དང་། འབྲིང་བྱའི་ཆེན་པོ་མི་བྱའོ། །མཛའ་བཤེས་ཆེན་པོ་ལ་ནི་ཡིད་གཅུགས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་

เล่ม ๕ · หน้า 90b

ཡང་བྱའོ། །དགེ་སློང་གིས་ཡིད་གཅུགས་པ་མ་ཡིན་པ་ལ་ཡིད་གཅུགས་པ་སྐྱེད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་མཚན་

བཟངས་དང་། ནོར་གྱིས་བྱིན་ཞེས་བྱ་བ་གཏམ་འདྲེ་བ། ཕེབས་པར་སྨྲ་བ། འགྲོགས་བཤེས་སྨོས་འདྲིན་མཚུངས་པར་འདོན་པ་གཉིས་ཤིག་འཁོད་དེ། མཚན་བཟངས་ཀྱི་ལྷུང་བཟེད་ནི་མཛེས་པ། གསལ་བ། ཟླུམ་པ། ལོངས་སྤྱད་བཟོད་པ་ཡིན་ལ། ནོར་གྱིས་བྱིན་གྱི་ལྷུང་

བཟེད་ཆུང་ངུ་ཡང་མཛེས་པ། གསལ་བ། ཟླུམ་པ། ལོངས་སྤྱད་བཟོད་པ་ཡིན་ནོ། །དེ་གཉིས་དུས་གཞན་ཞིག་ན་ཟས་ཀྱི་བྱ་བ་བྱས་ཏེ། འཆགས་ན་ལྷུང་བཟེད་འཁྲུ་བའི་ཚེ་མཚན་བཟངས་ཀྱིས་ནོར་གྱིས་བྱིན་དབང་བའི་ལྷུང་བཟེད་ཆུང་ངུ་རང་གིས་ལྷུང་བཟེད་དུ་བཅུག་སྟེ་སྨྲས་

པ། ཚེ་དང་ལྡན་པ་ནོར་གྱིས་བྱིན་གང་ལ་ལྷུང་བཟེད་དང་ལྷུང་བཟེད་ཆུང་ངུ་འདི་ལྟ་བུ་བདོག་པ་དེ་ནི་སྙིང་ལས་ཆུང་ངུས་དགེ་བའི་ཕྱོགས་སྤྱོད་པར་བྱེད་དོ། །ནོར་གྱིས་བྱིན་གྱིས་སྨྲས་པ། གལ་ཏེ་ཐོབ་ན་ཁྱེར་ཅིག །ཇི་ཙམ་དུས་གཞན་ཞིག་ན་ནོར་གྱིས་བྱིན་ལ་རི་བྲག་ཤིག་ཏུ་བྱ་བ་

ཆུང་ཞིག་བྱུང་ནས་དེས་སྨྲས་པ། ཚེ་དང་ལྡན་པ་མཚན་བཟངས་ཁོ་བོ་ལ་རི་བྲག་ཤིག་ཏུ་བྱ་བ་ཆུང་ཞིག་བྱུང་ན། ཁོ་བོའི་བྱ་བ་དེ་བྱེད་པ་དེ་ལ་ཁོ་བོས་ལྷུང་བཟེད་ཆུང་ངུ་སྦྱིན་ནོ། །མཚན་བཟངས་ཀྱིས་སྨྲས་པ། སྦྱིན་ནམ། སྦྱིན་ནོ། །ཐབས་ཡིན་ནོ། །མཚན་བཟངས་ཀྱིས་ཐབས་

ཡིན་ནོ། །ཞེས་བྱས་ནས་བདག་ལ་གཞི་འདིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་མཚན་བཟངས་ནི་གླ་རྔན་གྱིས་ལས་བྱེད་དོ། །ཞེས་ཟེར་བར་འགྱུར་རོ་སྙམ་ནས་འགྱོད་པ་སྐྱེས་ཏེ་དེ་མ་སོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་མཚན་བཟངས་ལ་རི་བྲག་དེར་བདག་ཉིད་ཀྱི་བྱ་བ་ཞིག་

བྱུང་ནས། དེས་སོང་ལ་དེ་གཉི་ག་བྱས་ཏེ་ཕྱིར་འོང་ངོ་སྙམ་དུ་བསམས་ནས་མཚན་བཟངས་སོང་སྟེ་གཉི་ག་བྱས་ནས་ཕྱིར་འོངས་ཏེ་སྨྲས་པ། ཚེ་དང་ལྡན་པ་ནོར་གྱིས་བྱིན་ཁོ་བོས་ཁྱོད་ཀྱི་དགོས་པ་དེ་བསྒྲུབས་ཀྱིས་ལྷུང་བཟེད་ཆུང་ངུ་བྱིན་ཅིག །ནོར་གྱིས་བྱིན་གྱིས་སྨྲས་པ། ཁྱེད་

เล่ม ๕ · หน้า 91a

བདག་ཉིད་ཀྱི་དགོས་པ་ལ་སོང་བ་ཡིན་གྱི། ཁོ་བོའི་དགོས་པ་ལ་སོང་བ་མ་ཡིན་པས་ཁོ་བོས་མི་སྦྱིན་ནོ། །མཚན་བཟངས་ཀྱིས་སྨྲས་པ། གལ་ཏེ་མི་སྦྱིན་ན་ཁོ་བོ་རང་ཉིད་ཀྱིས་བླང་བར་བྱའོ། །གལ་ཏེ་ཐོབ་ནའོ། །ཇི་ཙམ་ན་ནོར་གྱིས་བྱིན་ཕྱིར་བྱུང་བ་དེ་ན་

མཚན་བཟངས་ཀྱིས་ལྷུང་བཟེད་ཆུང་ངུ་བླངས་ཏེ་རང་གི་ལྷུང་བཟེད་དུ་བཅུག་སྟེ་བཞག་གོ། །ཇི་ཙམ་ན་ནོར་གྱིས་བྱིན་འོངས་པ་ན་ལྷུང་བཟེད་ཆུང་ངུ་མི་སྣང་ནས་དེས་སྨྲས་པ། ཚེ་དང་ལྡན་པ་ཁོ་བོའི་ལྷུང་བཟེད་ཆུང་ངུ་སུས་བླངས་མཚན་བཟངས་ཀྱིས་སྨྲས་པ། སུ་དབང་བས་

སོ། །སུ་དབང་། ཁོ་བོ་དབང་ངོ་། །ནོར་གྱིས་བྱིན་གྱིས་སྤྱོས་ཏེ་སྨྲས་པ། ཁྱོད་ཀྱིས་རྐུ་སེམས་ཀྱིས་བླངས་པས་ཁྱོད་ལ་ཕམ་པར་འགྱུར་བའི་ལྟུང་བ་བྱུང་ངོ་། །མཚན་བཟངས་བདག་ལ་ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་ངམ་སྙམ་དུ་འགྱོད་པ་སྐྱེས་ནས། དེས་སྐབས་

དེ་དགེ་སློང་རྣམས་ལ་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཚན་བཟངས་ལ་བཀའ་སྩལ་པ། དགེ་སློང་ཁྱོད་ཀྱིས་བསམ་པ་ཇི་ལྟ་བུས་ལྷུང་བཟེད་ཆུང་ངུ་དེ་བླངས། དེས་ཇི་ལྟར་གྱུར་པ་བཅོམ་ལྡན་

འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་རང་གི་འདུ་ཤེས་པས་ལྷུང་བཟེད་ཆུང་ངུ་བླངས་པ་འདི་ལ་ནི་ལྟུང་བ་མེད་དེ། ཡང་དགེ་སློང་གིས་གླ་རྔན་གྱིས་ལས་མི་བྱ་བར་འདི་ལྟར་ལག་པོད་དམ། བསོད་ནམས་འདོད་པས་

ལས་བྱའོ། །དགེ་སློང་གིས་གླ་རྔན་གྱིས་ལས་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་མི་ཕམ་དང་། ཟླ་བས་སྦས་ཞེས་བྱ་བ་

གཏམ་འདྲེ་བ། ཕེབས་པར་སྨྲ་བ། འགྲོགས་བཤེས་སྨོས་འདྲིན་གཉིས་ཤིག་འཁོད་དེ། ཟླ་བས་སྦས་ནི་གྲགས་པ་དང་། བསོད་ནམས་ཆེ་བ་ཡིན་ཏེ། དེ་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་ལྷག་པ་དག་ཡོད་དོ། །མི་ཕམ་ནི་

เล่ม ๕ · หน้า 91b

གྲགས་པ་དང་། བསོད་ནམས་ཆུང་སྟེ། ཆོས་གོས་གསུམ་ལྷུར་ལེན་ཅིང་དེའི་ཆོས་གོས་གསུམ་ངན་ཅིང་སྣམ་སྦྱར་ཡང་ཡོངས་སུ་རྙིངས་པ་ཡིན་ནོ། །དགེ་སློང་རྣམས་ཀྱིས་མི་ཕམ་པ་ལ་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཏེ་པོར་འདོད་པ་ཆུང་བར་གྱུར་ན་ཅིའི་ཕྱིར་བདག་ཉིད་གཅེར་

བུར་སྟོན་པར་བྱེད། ཅི་རྙེད་པས་སམ། མ་རྙེད་པས། མི་ཕམ་གྱིས་སྨྲས་པ། མ་རྙེད་པས་སོ། །ཅིའི་ཕྱིར་སྦྱོར་དུ་མི་འཛུད། སངས་རྒྱས་དང་། ཆོས་དང་། དགེ་འདུན་སྤངས་ཏེ་སུ་ཞིག་ཁོ་བོ་ལ་སྦྱིན་པར་བྱེད། དགེ་སློང་ཟླ་བས་སྦས་དེ་ཁྱོད་ཀྱི་གཏམ་འདྲེ་བ། ཕེབས་

པར་སྨྲ་བ། འགྲོགས་བཤེས། སྨོས་འདྲིན་ཡིན་ལ། དེ་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་ལྷག་པ་དག་ཡོད་ན་ཅིའི་ཕྱིར་དེ་ལ་མི་སློང་། མི་ཕམ་གྱིས་སྨྲས་པ། མི་སྟེར་རོ། །ཅི་ཁྱོད་ཀྱིས་སྔོན་ལན་འགའ་བསླངས་སམ། ལན་འགའ་

ཡང་མ་བསླངས་སོ། །ཅིའི་ཕྱིར་ཆུའི་སྒྲ་གོ་ནས་ལྷམ་དག་འབུད་པར་བྱེད་དམ། སོང་ལ་སློངས་ཤིག་དང་སྟེར་རོ། །མི་ཕམ་དེ་དགེ་སློང་དེ་དག་གིས་སྤྲོ་བར་བྱས་ནས་ཟླ་བས་སྦས་ཀྱི་གན་དུ་སོང་སྟེ་སྨྲས་པ། ཚེ་དང་ལྡན་པ་ཟླ་བས་སྦས་བདག་ལ་ལྷུང་བཟེད་བྱིན་ཅིག །ཟླ་བས་

སྦས་ཀྱིས་སྨྲས་པ། མི་སྦྱིན་ནོ། །མི་ཕམ་གྱིས་སྨྲས་པ། གལ་ཏེ་ལྷུང་བཟེད་མི་སྦྱིན་ན་ཆོས་གོས་བྱིན་ཅིག །ཟླ་བས་སྦས་ཀྱིས་སྨྲས་པ། ཅི་ཁོ་བོ་ཁྱོད་ཀྱིས་སྦྱིན་བདག་མགོ་རེག་ཏུ་མཐོང་ངམ་ཁྱོད་ལ་ཁ་ཚར་ཡང་ཡོངས་སུ་མི་གཏང་ན། ཆོས་གོས་ལྟ་སྨོས་ཀྱང་ཅི་དགོས།

མི་ཕམ་གྱིས་སྤྱོས་ཏེ། ཁོ་བོ་འདིའི་འཕྲལ་གྱི་བྱ་བ་ཐམས་ཅད་ལ་ཐོག་མར་འགྲོ་བ་ཡིན་ན། འདི་དེ་སྐད་ཅེས་ཁ་ཚར་ཡང་ཁྱོད་ལ་ཡོངས་སུ་མི་གཏང་ན། ཆོས་གོས་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཟེར་རོ་སྙམ་དུ་བསམས་ནས། མི་ཕམ་གྱིས་སྨྲས་པ། དེང་གོས་ཐམས་ཅད་མ་

ཕྲོགས་ན་མི་ཕམ་ཞེས་བྱ་བའི་མིང་མི་གཟུང་ངོ་ཞེས་མི་ཕམ་དེ་ནམ་ཞིག་ན་འདིའི་ཆོས་གོས་དག་བརྐུ་བར་བྱ་སྙམ་དུ་སྐབས་ཚོལ་ཞིང་དེ་ལྷུར་ལེན་བཞིན་དུ་སྡོད་དོ། །ཇི་ཙམ་དུས་གཞན་ཞིག་ན་ཟླ་བས་སྦས་ལ་བཙོ་བླག་གི་ལས་ཉེ་བར་གནས་པར་གྱུར་པ་དང་། མི་ཕམ་དེ་ཟླ་བས་སྦས་

เล่ม ๕ · หน้า 92a

ཀྱི་དྲུང་དུ་སོང་སྟེ་སྨྲས་པ། ཚེ་དང་ལྡན་པ་ཟླ་བས་སྦས་ཁོ་བོས་ཀྱང་གྲོགས་བྱའོ། །ཟླ་བས་སྦས་ཀྱིས་སྨྲས་པ། མ་ཉེས་ཀྱིས་དེ་བཞིན་གྱིས་ཤིག །མི་ཕམ་དེ་ཟླ་བས་སྦས་ཀྱི་ཆོས་གོས་དག་འཚེད་པར་བྱེད། བྱི་དོར་བྱེད། འདྲེན་པར་བྱེད་ཅིང་ཟློག་ཅིང་

ཟློག་ཅིང་རྟོག་པར་བྱེད་དོ། །ཟླ་བས་སྦས་ཀྱིས་འདི་འདི་ལྟར་ལྟ་བས་བདག་གི་ཆོས་གོས་དག་ཟློག་ཅིང་ཟློག་ཅིང་རྟོག་པར་བྱེད་པ་ལས་ན་གདོན་མི་ཟ་བར་བདག་གི་ཆོས་གོས་འདི་དག་རྐུ་བར་བྱེད་དོ། །སྙམ་དུ་བསམས་ནས་ཟླ་བས་སྦས་དོགས་པ་དང་བཅས་པས་ཆོས་གོས་དག་

ཁ་བསྒྱུར་ནས་གཏུར་བུར་བཅུག་སྟེ་དེ་དག་སྔས་སུ་བཅུག་ནས་ཉལ་ལོ། །དགེ་སློང་དག་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པར་སྤྱོད་པས་མི་ཕམ་གྱིས་སྨྲས་པ། ཚེ་དང་ལྡན་པ་ཟླ་བས་སྦས་ཚུར་ཤོག །དགེ་བའི་ཕྱོགས་བྱེད་དུ་འདོང་།

ཟླ་བས་སྦས་ཀྱིས་སྨྲས་པ། ཁྱོད་སོང་ཤིག་ཁོ་བོ་ངལ་བས་ཕྱི་བཞིན་འོང་ངོ་། །མི་ཕམ་པ་ཚེ་དང་ལྡན་པ་ཤོག་ཤིག་ཅེས་ཟེར་ཏེ་ཕྱིར་བྱུང་ངོ་། །ཟླ་བས་སྦས་ཀྱིས་གལ་ཏེ་འགྲོ་ན་ནི་ཆོས་གོས་དག་རླག་པར་འགྱུར། འོན་ཏེ་མི་འགྲོ་ན་ནི་བདག་གི་དགེ་བའི་ཕྱོགས་ཡོངས་སུ་ཉམས་

པར་འགྱུར་ན། གང་གི་ཕྱིར་བདག་གི་ཆོས་གོས་དག་ཀྱང་རླག་པར་མི་འགྱུར་ལ། དགེ་བའི་ཕྱོགས་ཀྱང་ཉམས་པར་མི་འགྱུར་བའི་ཐབས་ཅི་ཡོད་སྙམ་དུ་སེམས་ཤིང་རིག་ནས། བདག་ཉིད་ཀྱི་གཏུར་བུ་མི་ཕམ་གྱི་སྔས་སུ་བཅུག་སྟེ། མི་ཕམ་དབང་བའི་གཏུར་བུ་བདག་

ཉིད་ཀྱི་སྔས་སུ་བཅུག་ནས་ཉལ་ལོ། །དགེ་སློང་དག་གིས་ནམ་གྱི་ཆ་སྨད་ལ་ཁ་ཏོན་བྱ་བར་བརྩམས་པ་དང་། ཟླ་བས་སྦས་ཀྱིས་མི་ཕམ་ལ་སྨྲས་པ། ཚེ་དང་ལྡན་པ་མི་ཕམ་ལོངས་ལ་དགེ་བའི་ཕྱོགས་སྤྱོད་ཅིག །མི་ཕམ་གྱིས་སྨྲས་པ། ཁོ་བོས་དགེ་བའི་ཕྱོགས་བྱས་

ཟིན་གྱི། ད་ཁྱོད་སོང་ལ་དགེ་བའི་ཕྱོགས་སྤྱོད་ཅིག །ཁོ་བོ་ངལ་བ་ངལ་བ་སོས་སོ་ཞེས་ཟླ་བས་སྦས་དགེ་བའི་ཕྱོགས་ཀྱི་ཆེད་དུ་སོང་ངོ་། །མི་ཕམ་གྱིས་རེ་ཞིག་དུས་ནི་སྣང་ན་ལམ་གྱི་དུས་ཡིན་ནམ་མ་ཡིན་སྙམ་དུ་བསམས་ནས། དུས་བཟང་པོ་མཐོང་བ་དང་། དེ་ཟླ་

เล่ม ๕ · หน้า 92b

བས་སྦས་ཀྱི་སྔས་ནས་བདག་ཉིད་ཀྱི་གཏུར་བུ་ཁྱེར་ཏེ་སོང་ངོ་། །ཇི་ཙམ་ན་མཚན་མོ་ནམ་ནངས་པར་གྱུར་པ་དང་། དེས་རེ་ཞིག་ཆོས་གོས་ཅི་འདྲ་བ་དག་གིས་བདག་ཕམ་པར་གྱུར་པའི་ལྟུང་བ་བྱུང་བ་བལྟའོ་སྙམ་དུ་བསམས་ནས། ཇི་ཙམ་ན་བདག་ཉིད་ཀྱི་རྙང་རྙིང་དག་

མཐོང་ནས་ཡིད་མི་བདེ་བར་གྱུར་ཏེ། བདག་ཉིད་ཀྱི་ཆོས་གོས་དག་ཁོ་ནས་བདག་ཕམ་པར་གྱུར་གྱིས་ལྕགས་ཀྱི་ཐུ་ལུམ་འཆའ་བས་ཅི་བྱ། ཕྱིར་འབབས་པར་བྱའོ་སྙམ་མོ། །དེས་ཡང་ཇེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་བར་བྱས་ཏེ། གལ་ཏེ་སྐལ་བ་ཡོད་པར་

གྱུར་ན་ནི་བཅོམ་ལྡན་འདས་ཀྱི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་བྱའོ། །འོན་ཏེ་སྐལ་བ་མེད་ན་ནི་ཕྱིར་འབབས་སོ་སྙམ་དུ་བསམས་ནས། དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །དེའི་ཚེ་ན་བཅོམ་ལྡན་འདས་དགེ་སློང་བརྒྱ་ཕྲག་དུ་མའི་འཁོར་གྱི་མདུན་ན་ཆོས་སྟོན་

པའི་ཕྱིར་བཞུགས་ཤིང་ཆོས་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མི་ཕམ་ཐག་རིང་པོ་ཁོ་ན་ནས་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ཐག་རིང་པོ་ཁོ་ན་ནས་འོང་བའི་དགེ་སློང་དེ་མཐོང་ངམ། བཙུན་

པ་མཐོང་ངོ་། །དགེ་སློང་དག་མི་ཕམ་མི་གཏི་མུག་ཅན་འདི་ནི་རང་གི་ཆོས་གོས་རྙང་རྙིང་དག་གིས་ཉེས་པ་སྦོམ་པོའི་ལྟུང་བ་བྱུང་ངོ་། །དགེ་སློང་དག་དེ་ལྟར་རྐུ་སེམས་ལ་ནི་ཉེས་དམིགས་འདི་དང་གཞན་དག་ཀྱང་ཡོད་པས་དེའི་ཕྱིར་དགེ་སློང་གིས་རྐུ་སེམས་ཀྱིས་རང་གི་ལྷུང་

བཟེད་དང་། ཆོས་གོས་ཀྱང་བླང་བར་མི་བྱའོ། །དགེ་སློང་གིས་རྐུ་སེམས་ཀྱིས་རང་གི་ལྷུང་བཟེད་དང་ཆོས་གོས་ལེན་ན་ཉེས་པ་སྦོམ་པོར་འགྱུར་རོ།། །།སྡོམ་ལ། སྣམ་སྦྱར་འཕྱང་བར་གྱུར་པ་དང་། །བགམ་ཕྱིར་འབྲུ་མར་སློང་བ་དང་། །ཁྱིམ་བདག་བུ་དང་

ཚ་བོ་དང་། །ལྷ་འབངས་པི་ལིན་ད་ཡི་བུ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་མ་ཤར་ནས་སྐྱེས་པ་དང་། ལྷོ་ནས་སྐྱེས་པ་གཉིས་ཤིག་འདུག་སྟེ། ཤར་ནས་

เล่ม ๕ · หน้า 93a

སྐྱེས་པ་ནི་མདུན་དུ་འགྲོ་བའི་དགེ་སློང་མ་ཡིན། ལྷོ་ནས་སྐྱེས་པ་ནི་ཕྱི་བཞིན་འབྲང་བའི་དགེ་སློང་མ་ཡིན་ནོ། །དེ་གཉིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཞིང་སྤྱན་སྔར་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་

འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་ཆོས་བསྟན་ནས། དེ་གཉིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་དོང་བ་དང་། ཤར་ནས་སྐྱེས་པ་མདུན་དུ་འགྲོ་བ་དེའི་སྣམ་སྦྱར་ཕྲག་པ་ལ་གྱོན་པ་འཕྱང་བར་གྱུར་ནས། ལྷོ་ནས་སྐྱེས་

པ་ཕྱི་བཞིན་འོང་བས་སྨྲས་པ། འཕགས་མ་ཨ་བ་ས་ཋ་ཨ་བ་ས་ཋ། ཤར་ནས་སྐྱེས་པ་དེ་ཆོས་ཀྱི་ཤུགས་ཐོབ་པས་མི་སེམས་པས། སྣམ་སྦྱར་ལྟུང་བར་གྱུར་ནས། ལྷོ་ནས་སྐྱེས་པས་བླངས་ཏེ། དེས་འདི་ལྟར་བདག་གིས་ད་ཕུལ་ན། འཕགས་མའི་དགེ་བའི་ཕྱོགས་

ཡོངས་སུ་ཉམས་པར་འགྱུར་བས་དབྱར་ཁང་དུ་ཕྱིན་ནས་དབུལ་བར་བྱའོ་སྙམ་དུ་བསམས་ནས། དེ་གཉིས་དབྱར་ཁང་དུ་སོན་པ་དང་། ཤར་ནས་སྐྱེས་པ་མྱུར་བ་མྱུར་བ་ཁོ་ནར་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་གཉིས་བཀྲུས་ནས་གཙུག་ལག་ཁང་དུ་ཞུགས་

ཏེ་སྐྱིལ་མོ་ཀྲུང་ཕྱེད་ཀྱིས་འདུག་གོ། །ལྷོ་ནས་སྐྱེས་པས་གལ་ཏེ་ཕུལ་ན་ཉེས་དམིགས་དེ་ཁོ་ན་བསྟབས་པར་འགྱུར་བས་རེ་ཞིག་ཕྱིས་ལངས་པ་ལ་དབུལ་ལོ་སྙམ་དུ་བསམས་ནས། དེས་སྣམ་སྦྱར་དེ་རང་གི་གནས་ཁང་དུ་ཁྱེར་ཏེ་ཆོས་གོས་ཀྱི་གདང་ལ་བཞག་གོ། །

ཇི་ཙམ་ཉི་མ་གཞན་ཞིག་ན་མཚན་མོ་ནམ་ནངས་པ་དང་། ཤར་ནས་སྐྱེས་པས་སྨྲས་པ། གཞོན་ནུ་མ་སྣམ་སྦྱར་ཁྱེར་ཤོག །བསོད་སྙོམས་ལ་འགྲོའོ། །གཞོན་ནུ་མ་དེ་གནས་ཁང་དུ་ཞུགས་ཏེ། ཆོས་གོས་ཀྱི་གདང་ལ་བལྟས་པ་དང་། སྣམ་སྦྱར་མ་མཐོང་

ནས་དེས་སྨྲས་པ། འཕགས་མ་སྣམ་སྦྱར་མ་མཆིས་སོ། །ཤར་ནས་སྐྱེས་པས་སྨྲས་པ། ལྷོ་ནས་སྐྱེས་པའི་གནས་ཁང་དུ་ལྟོས་ཤིག །གཞོན་ནུ་མ་དེ་ལྷོ་ནས་སྐྱེས་པའི་གནས་ཁང་དུ་ཞུགས་པ་དང་། ཆོས་གོས་ཀྱི་གདང་ལ་སྣམ་སྦྱར་བཞག་པ་མཐོང་ངོ་། །

เล่ม ๕ · หน้า 93b

མཐོང་ནས་ཀྱང་སུས་འཕགས་མའི་སྣམ་སྦྱར་འདི་འདིར་ཁྱེར་སྙམ་དུ་སེམས་སོ། །ལྷོ་ནས་སྐྱེས་པས་ཐོས་ནས་དེས་སྨྲས་པ། ཁོ་མོས་ཁྱེར་ཏེ་འོངས་སོ། །ཅིའི་ཕྱིར་ལྷོ་ནས་སྐྱེས་པས་ཇི་ལྟར་གྱུར་པ་དེ་ལ་གོ་བར་བྱས་སོ། །དགེ་སློང་མ་དེ་དེ་ལ་ནང་དང་བཅས་པས་

གཤེ་ཞིང་སྨྲས་པ། ཁྱོད་ཀྱིས་རྐུ་སེམས་ཀྱིས་རང་གི་གནས་ཁང་དུ་བཅུག་སྟེ། བཞག་པས་ཁྱོད་ལ་ཕམ་པར་འགྱུར་བའི་ལྟུང་བ་བྱུང་ངོ་། །ལྷོ་ནས་སྐྱེས་པའི་དགེ་སློང་མ་དེ་བདག་ལ་ཡང་དག་པ་ཁོ་ནར་ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་ངམ་སྙམ་དུ་འགྱོད་

པ་སྐྱེས་ནས་དེས་སྐབས་དེ་དགེ་སློང་མ་རྣམས་ལ་བརྗོད་པ་དང་། དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་དེ་ལ་རྨས་པ། དགེ་སློང་མ་ཁྱོད་

ཀྱིས་ཨ་བ་ས་ཋ་ཞེས་བརྗོད་པ་ཅིའི་ཐ་ཚིག །བཙུན་པ་ཡུལ་དབུས་ན་ནར་པ་དང་། ལྷུང་བ་གང་ལགས་པ་དེ་ལ་བདག་ཅག་ཨ་བ་ས་ཋ་ཞེས་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་འདི་ལ་ནི་སྐད་ཀྱི་ངེས་པའི་ཚིག་དང་།

ཡུལ་གྱི་ངེས་པའི་ཚིག་དང་། ལྗོངས་ཀྱི་ངེས་པའི་ཚིག་གིས་ལྟུང་བ་མེད་མོད་ཀྱི། འོན་ཀྱང་ཉེས་དམིགས་གང་ཡིན་པ་དེ་ཐམས་ཅད་གཞན་གྱི་དངོས་པོ་ལྷུང་བ་ཡུན་རིང་དུ་འཆང་བ་ལས་གྱུར་པ་ཡིན་པས་དེ་ལྟ་བས་ན་དགེ་སློང་ངམ། དགེ་སློང་མས་གཞན་

གྱི་དངོས་པོ་ལྷུང་བ་ཡུན་རིང་དུ་བཅང་བར་མི་བྱ་སྟེ། འཆང་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ངམ་དགེ་སློང་མས་གཞན་གྱི་དངོས་པོ་ལྷུང་བ་ཡུན་རིང་དུ་བཅང་བར་མི་བྱའོ་ཞེས་གསུངས་ནས། དགེ་སློང་ཞིག་གིས་གཞན་གྱི་

དངོས་པོ་ལྷུང་བ་མཐོང་ནས་འདི་དགེ་སློང་ཆེ་གེ་མོ་ཞིག་གི་ཡིན་ནོ་ཞེས་ངོ་ཤེས་ནས་དགེ་སློང་དེའི་གནས་ཁང་དུ་སོང་སྟེ་དལ་བུས་ཁད་ཀྱིས་ཁད་ཀྱིས་སྒོ་གཏན་ལ་བརྡུངས་པ་དང་། དགེ་སློང་དེ་ཏིང་ངེ་འཛིན་ལས་ལངས་ནས་སྨྲས་པ། འདི་སུ། དེས་སྨྲས་པ། ཚེ་དང་ལྡན་

เล่ม ๕ · หน้า 94a

པ་ཁྱོད་ཀྱི་དངོས་པོ་ལྷུང་བ་འདི་ཁོ་བོས་མཐོང་གིས་ལོང་ཤིག །དེས་སྨྲས་པ། ཚེ་དང་ལྡན་པ་ཁོ་བོ་ལ་དངོས་པོ་དེ་མ་བྱིན་པར་ལེན་པ་དག་གིས་བརྐུས་པར་གྱུར་པ་ནི་བླའི། ཁོ་བོ་ཁྱོད་ཀྱིས་ཏིང་ངེ་འཛིན་གྱི་མཚན་མ་བཟང་པོ་འདི་འདྲ་བ་ལས་བསླང་བ་ནི་

མ་ཡིན་ནོ། །དགེ་སློང་དེ་བདག་ལ་དགེ་སློང་ཏིང་ངེ་འཛིན་ལས་བསླང་བས་ལྟུང་བ་དང་བཅས་པར་མ་གྱུར་ཏམ་སྙམ་དུ་འགྱོད་པ་སྐྱེས་ནས། དེས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་ལ་ནི་ལྟུང་བ་མེད་དེ། ཡང་དགེ་སློང་གིས་དགེ་སློང་དོན་དེའི་ཕྱིར་ཏིང་ངེ་འཛིན་ལས་བསླང་བར་མི་བྱ་བར་འདི་ལྟར་དེའི་མངོན་སུམ་དུ་གཟར་ཐག་ལ་བཏགས་ཏེ་གཞག་པར་བྱའོ། །དགེ་སློང་ཞིག་གིས་གཞན་གྱི་དངོས་

པོ་ལྷུང་བ་མཐོང་ནས་དེས་འདི་དགེ་སློང་ཆེ་གེ་མོ་ཞིག་གི་ཡིན་ནོ་ཞེས་ངོ་ཤེས་ནས་དེས་དེ་ཁྱེར་ཏེ་དགེ་སློང་དེའི་དྲུང་དུ་སོང་ནས། ཚེ་དང་ལྡན་པ་ཁྱོད་ཀྱི་དངོས་པོ་ལྷུང་བ་འདི་ཁོ་བོས་མཐོང་གིས་ལོང་ཤིག །དགེ་སློང་དེ་དེ་ལ་ནང་དང་བཅས་པ་ཡིན་པས་སྨྲས་པ། ཚེ་དང་ལྡན་པ་

ཁྱོད་ཀྱིས་འདི་ལྟུང་བ་མཐོང་བ་མ་ཡིན་གྱི་འདི་ལྟར་ཁྱོད་ཀྱིས་རྐུ་སེམས་ཀྱིས་བརྐུས་སོ། །དགེ་སློང་དེ་བདག་ལྟུང་བ་དང་བཅས་པར་མ་གྱུར་ཏམ་སྙམ་དུ་འགྱོད་པ་སྐྱེས་པར་གྱུར་ནས། དེས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་

གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་དེ་ལ་ནི་ལྟུང་བ་མེད་མོད་ཀྱི་འོན་ཀྱང་དགེ་སློང་གིས་དགེ་སློང་གི་ཡོ་བྱད་ལྷུང་བ་མཐོང་ན་དགེ་སྐོས་ལ་གཏད་པར་བྱ་ཞིང་། དགེ་སྐོས་ཀྱིས་ཀྱང་ཉི་མ་གཉིས་སམ། གསུམ་དུ་དགེ་འདུན་གྱི་ནང་དུ་བྲིམ་

པར་བྱ་ཞིང་གལ་ཏེ་ངོ་ཤེས་པ་ཡོད་ན་གཏད་པར་བྱའོ། །གལ་ཏེ་མེད་ན་དགེ་འདུན་གྱིས་ཅི་བདེར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་མ་རི་མ་ཞེས་བྱ་བ་དགྲ་བཅོམ་

เล่ม ๕ · หน้า 94b

པ་རྣམ་པར་རྒྱལ་བར་བྱ་བ་ལས་རྣམ་པར་རྒྱལ་བ་ཞིག་འདུག་པ་དེ་ལ་སྤོས་འཚོང་གི་ཁྱེའུ་ཞིག་མངོན་པར་དད་པར་གྱུར་ནས། དེས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། འཕགས་མ་ཁྱོད་ལ་ཅི་དང་ཅི་འཚལ་བ་དེའི་སླད་དུ་བཀའ་སྩོལ་ཅིག་དང་ཐམས་ཅད་བསྒྲུབ་པར་བགྱིའོ་

ཞེས་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་པ་དང་། དེས་ཀྱང་བཞིན་བཟངས་ཨ་རོག་གྱ་དེ་ལྟར་བྱའོ་ཞེས་དང་དུ་བླངས་སོ། །ཇི་ཙམ་དུས་གཞན་ཞིག་ན་དགེ་སློང་མ་རི་མ་ན་བར་གྱུར་ནས་བསོད་སྙོམས་ལ་མ་སོང་ཞིང་དགེ་སློང་མ་དག་བསོད་སྙོམས་ལ་ཞུགས་པ་དང་། སྤོས་

འཚོང་གི་ཁྱེའུ་དེས་དེ་དག་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་མ་དག་འཕགས་མ་རི་མ་རེ་ཞིག་མི་གདའ་ན་གར་བཞུད་ཞུའོ། །དེ་དག་གིས་སྨྲས་པ། བཞིན་བཟངས་ཐུགས་མི་བདེའོ། །དེས་སྨྲས་པ། འཕགས་མ་དེ་ལ་བདག་གིས་ཡོ་བྱད་ཐམས་ཅད་ཀྱིས་

བསྟབས་ན་དེས་བདག་ལ་ལན་འགའ་ཡང་ཅུང་ཟད་ཀྱང་མ་བསླངས་ན་དེའི་སླད་དུ་གལ་ཏེ་དེ་ལ་འཚལ་བ་འགའ་ཞིག་མཆིས་ན་སྤྱོན་ལ་སྣོམས་ཤིག །དེ་དག་གིས་སྨྲས་པ། བཞིན་བཟང་ཨ་རོག་གྱ་དེ་བཞིན་བྱའོ་ཞེས་སྨྲས་ཏེ་དོང་ངོ་། །དེས་དེ་བཞིན་ལན་གསུམ་གྱི་བར་

དུ་བསྟབས་པ་དང་། དེ་ན་གཞོན་ནུ་མ་ཞིག་གིས་སྤོས་འཚོང་གི་ཁྱེའུ་འདི་ཡང་དང་ཡང་དུ་སྟོབས་པར་བྱེད་ན། ཅི་འདིའི་ཡང་དག་པར་སྟོབས་པས་སྟོབས་པར་བྱེད་དམ། འོན་ཏེ་རྟོག་པས་སྟོབས་པར་བྱེད་པ་བགམ་པར་བྱའོ་སྙམ་དུ་བསམས་ནས་དེས་དེ་ལ་འཕགས་

མ་རི་མ་ལ་འབྲུ་མར་དགོས་སོ་ཞེས་ལྷུང་བཟེད་ཆུང་ངུ་ཕུལ་བ་དང་། དེས་དེ་ཉིད་ལ་འཕྲལ་ལ་བཙིར་བའི་འབྲུ་མར་གྱིས་ལྷུང་བཟེད་ཆུང་ངུ་བཀང་སྟེ་བྱིན་ནས་སྨྲས་པ། འཕགས་མ་གལ་ཏེ་ཡང་དེ་འཚལ་བ་ཅུང་ཟད་མཆིས། སྤྱོན་ལ་སྣོམས་ཤིག་གཞོན་ནུ་མ་དེས་བཞིན་

བཟངས་ཨ་རོག་གྱ་དེ་ལྟར་བྱའོ་ཞེས་སྨྲས་ཏེ་སོང་ནས། དེས་འབྲུ་མར་དེ་དགེ་སློང་མ་རི་མའི་ལག་པའི་བསྐུ་མཉེ་དང་། རྐང་པའི་བསྐུ་མཉེ་དང་། མགོ་དང་ལུས་ཀྱི་བསྐུ་མཉེ་དང་མར་མེའི་འབྲུ་མར་དུ་སྤྱད་དོ། །ཇི་ཙམ་དུས་གཞན་ཞིག་ན་དགེ་སློང་མ་རི་མ་ནད་སོས་ཏེ་བསོད་

เล่ม ๕ · หน้า 95a

སྙོམས་ལ་ཞུགས་པ་དང་། སྤོས་འཚོང་གི་ཁྱེའུ་དེས་མཐོང་ནས། དེས་ཕྱག་འཚལ་ཏེ་སྨྲས་པ། འཕགས་མ་ཧ་ཅང་ཡུན་རིང་ཞིག་གིས་མཐོང་ངོ་། །དེས་སྨྲས་པ། བུ་བདག་བྲོ་འཚལ་བར་གྱུར་ཏོ། །འཕགས་མ་བདག་གིས་ཡོ་བྱད་ཐམས་ཅད་

ཀྱིས་བསྟབས་ན། ཁྱོད་ཀྱི་ཡན་ལག་འགའ་ཡང་ཅུང་ཟད་ཀྱང་བཀའ་མ་སྩལ་ནས། འདི་ལྟར་འཕགས་མ་གཅིག་ཅིག་མཆིས་ཏེ་འཕགས་མ་རི་མ་ལ་འབྲུ་མར་འཚལ་ལོ་ཞེས་མཆིས་ནས། བདག་གིས་དེ་ཉིད་ཀྱི་སུག་པར་འབྲུ་མར་འཕྲལ་ལ་བཙིར་བས་ལྷུང་བཟེད་ཆུང་

ངུ་བཀང་སྟེ་སྩལ་ཏོ། །དེས་སྨྲས་པ། ཨ་རོག་གྱ་མ་ནོངས་སོ་ཞེས་སྨྲས་ཏེ། སོང་ནས་བསོད་སྙོམས་བརྒྱུས་ཏེ་དབྱར་ཁང་དུ་ཕྱིན་ནས་སྨྲས་པ། གཞོན་ནུ་མ་ཁྱོད་ཀྱིས་ཁོ་མོའི་མིང་གིས་སྤོས་འཚོང་གི་ཁྱེའུ་ཆེ་གེ་མོ་ཞིག་ལས་ལན་གཅིག་འབྲུ་མར་བསླངས་སམ། གཞོན་

ནུ་མ་དེས་སྨྲས་པ། འཕགས་མ་བདག་བསོད་སྙོམས་ལ་ཞུགས་པ་ན་དེས་ལན་གསུམ་གྱི་བར་དུ་འཕགས་མ་རི་མ་ལ་བདག་གིས་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ན། དེས་བདག་ལ་ལན་འགའ་ཡང་ཅུང་ཟད་ཀྱང་མ་བསླངས་ན། གལ་ཏེ་འཕགས་མ་ལ་འཚལ་བ་

ཅུང་ཟད་མཆིས་ན་སྤྱོན་ལ་སྣོམས་ཤིག་ཅེས་མཆི་ནས། བདག་ལ་འདི་ཡང་དང་ཡང་དུ་སྟོབས་ན་ཅི་འདི་ཡང་དག་པར་སྟོབས་པས་སྟོབས་པར་བགྱིད་དམ། འོན་ཏེ་རྟོག་པས་སྟོབས་པར་བགྱིད་པ་བགམ་མོ་སྙམ་པའི་བློ་བྱུང་ནས་བདག་གིས་དེ་ལ་འཕགས་མ་རི་མ་ལ་འབྲུ་

མར་འཚལ་ལོ་ཞེས་ལྷུང་བཟེད་ཆུང་ངུ་ཕུལ་བ་དང་། དེས་འབྲུ་མར་གྱིས་ལྷུང་བཟེད་ཆུང་ངུ་བལྟམ་སྟེ་སྩལ་ནས་བདག་གིས་དེས་འཕགས་མའི་ཕྱག་དང་། ཞབས་དང་། དབུ་དང་། སྐུའི་བསྐུ་མཉེ་དང་། ཞུགས་མར་གྱི་འབྲུ་མར་དུ་སྤྱད་དོ། །དེས་སྨྲས་པ། ཅི་ཁོ་མོས་

ཁྱོད་ལ་ལན་འགའ་ཞིག་དེའི་གན་དུ་སོང་ལ་འབྲུ་མར་ཁྱེར་ཏེ་ཤོག་ཤིག་ཅེས་སྨྲས་སམ། ལན་འགའ་ཡང་བཀའ་མ་སྩལ་ཏོ། །དེ་ལ་ནང་དང་བཅས་པའི་དགེ་སློང་མ་གཞན་ཞིག་གིས་སྨྲས་པ། འཕགས་མ་ཅི་འདི་འགའ་ཞིག་ཏུ་བས་སྙམ་མམ། འདིས་འཕགས་མ་

เล่ม ๕ · หน้า 95b

རི་མ་རྒྱུར་བགྱིས་ཏེ། མཉན་ཡོད་ཐམས་ཅད་ཁྱབ་པར་བགྱིས་པས་ཕམ་པར་གྱུར་པ་དག་གིས་ལྟོ་གང་ངོ་། །དགེ་སློང་མ་དེ་བདག་ལ་ཕམ་པར་འགྱུར་བའི་ལྟུང་བ་མ་བྱུང་ངམ་སྙམ་དུ་འགྱོད་པ་སྐྱེས་ནས། དེས་སྐབས་དེ་དགེ་སློང་མ་རྣམས་ལ་བརྗོད་དོ། །དགེ་སློང་མ་རྣམས་

ཀྱིས་དགེ་སློང་རྣམས་ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་དེ་ལ་རྨས་པ། དགེ་སློང་མ་ཁྱོད་ཀྱིས་བསམ་པ་ཇི་ལྟ་བུས་འབྲུ་མར་བསླངས། བཅོམ་ལྡན་འདས་བགམ་པའི་བསམས་

པས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་བགམ་པའི་བསམ་པ་ཅན་འདི་ལ་ནི་ལྟུང་བ་མེད་དེ། ཡང་དགེ་སློང་ངམ། དགེ་སློང་མས་ནད་པ་ལ་མ་དྲིས་པར་སྨན་སྦྱོར་དུ་གཞུག་པར་མི་བྱ་བར་འདི་ལྟར་དགེ་འདུན་གྱི་ནད་པའི་སྨན་ཁང་ནས་

བསླང་བར་བྱ་བའམ། འོན་ཏེ་དད་པ་ཅན་ལས་སམ། ཉེ་དུའམ། ཉེ་དུ་མང་བ་ཉིད་ཡིན་ན་ཡང་གང་སྦྱོར་དུ་གཞུག་ཅེས་ནད་པ་ལ་དྲི་བར་བྱ་ཞིང་། དེས་གང་བརྗོད་པ་དེ་ལས་བསླང་བར་བྱའོ། །དགེ་སློང་ངམ་དགེ་སློང་མས་ནད་པ་ལ་མ་དྲིས་པར་སྨན་སྦྱོར་དུ་འཇུག་ན།

འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་

དུ་བསོད་སྙོམས་ལ་ཞུགས་ནས་མཐར་གྱིས་བསོད་སྙོམས་ལ་རྒྱུ་ཞིང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་ག་ལ་བ་དེར་སོང་ངོ་། །དེའི་ཚེ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་དག་ཕྱི་རོལ་གྱི་བསྟན་བཅོས་དག་ཀློག་གོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཁྱིམ་

བདག་མགོན་མེད་ཟས་སྦྱིན་གྱི་བུ་དག་ཕྱི་རོལ་གྱི་བསྟན་བཅོས་དག་ཀློག་པ་མཐོང་ངོ་། །མཐོང་ནས་ཀྱང་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱེའུ་དག་ཅི་ཀློག །འཕགས་པ་སླད་རོལ་གྱི་བསྟན་བཅོས་དག་གོ། །ཁྱིམ་བདག་ཕྱི་

เล่ม ๕ · หน้า 96a

རོལ་གྱི་བསྟན་བཅོས་དག་ནི་ལྕགས་ཀྱི་སེའུ་དང་འདྲ་སྟེ་རྟོགས་པར་དཀའ་ཞིང་། རྟོགས་ན་ཡང་དེ་དག་གིས་ངེས་པ་ལ་འཇུག་པར་ཡང་མི་འགྱུར། ཟག་པ་ཟད་པར་ཡང་མི་འགྱུར་རོ། །སངས་རྒྱས་ཀྱི་བཀའ་ནི་ཐོག་མ་དང་། བར་མ་དང་། ཐ་མར་

དགེ་བ། མངོན་པར་ཤེས་པ་དང་། རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདའ་བར་འགྱུར་བ་ཡིན་ན་ཅིའི་ཕྱིར་དེ་མི་ཀློག །འཕགས་པ་སུས་དེ་ཀློག་ཏུ་སྩོལ། ཁོ་བོས་ཀློག་ཏུ་གཞུག་གོ། །འཕགས་པ་མ་ནོངས་ཀྱིས་ཀློག་ཏུ་སྩོལ་ཅིག །ཁྱིམ་བདག་

མགོན་མེད་ཟས་སྦྱིན་གྱིས་ཁྱེའུ་དེ་དག་ལ་སྨྲས་པ། ཁྱེའུ་དག་འཕགས་པའི་དྲུང་དུ་རྒྱལ་བྱེད་ཀྱི་ཚལ་དུ་དེང་ལ་སངས་རྒྱས་ཀྱི་བཀའ་ཀློགས་ཤིག །ཁྱེའུ་དེ་དག་ཉི་མ་རེ་རེ་ཞིང་རྒྱན་གྱིས་བཀླུབས་ཏེ། ཁྱེའུ་མངག་གཞུག་པ་དག་གིས་ཡོངས་སུ་བསྐོར་ནས་རྒྱལ་བྱེད་

ཀྱི་ཚལ་དུ་དོང་སྟེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལས་སངས་རྒྱས་ཀྱི་བཀའ་བཀླག་པར་བརྩམས་སོ། །མཉན་ཡོད་ན་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་ཞེས་བྱ་བ་ཆོམ་རྐུན་པ་དག་གི་ཀུན་ཏུ་སྤྱོད་པ་ནི་དེ་དག་དགག་དབྱེ་བྱས་མ་ཐག་ཏུ་ཤེས་ལྡན་དག་བདག་ཅག་གིས་

ལས་ཅི་ཞིག་བྱས་ན་དེས་བརྩལ་མི་དགོས་པར་ལོ་སྐོར་དུ་ལོངས་སྤྱོད་ཅིང་བདེ་བར་འཁོད་པར་འགྱུར་ཞེས་ཕན་ཚུན་གྲོས་བྱེད་དོ། །དེ་དག་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་དག་ཉི་མ་རེ་རེ་ཞིང་རྒྱན་ཐམས་ཅད་ཀྱིས་བཀླུབས་ཏེ་ཁྱེའུ་མངག་གཞུག་པ་དག་གིས་བསྐོར་ནས།

རྒྱལ་བྱེད་ཀྱི་ཚལ་དུ་འདོང་ཞིང་འཕགས་པ་མཽད་གལ་གྱི་བུ་ཆེན་པོ་ལས་སངས་རྒྱས་ཀྱི་བཀའ་ཀློག་པར་བྱེད་ཀྱིས་ལམ་གྱི་བར་དུ་བསྡད་དེ་དེ་དག་བཟུང་ན་འཕགས་པ་མཽད་གལ་གྱི་བུ་ཆེན་པོས་ཁྱེའུ་དག་ཁྱིམ་ན་འཁོད་དོ་སྙམ་དུ་ཤེས་ལ། ཁྱིམ་བདག་གིས་ཀྱང་འཕགས་པ་མཽད་

གལ་གྱི་བུ་ཆེན་པོའི་དྲུང་ན་འཁོད་དོ་སྙམ་དུ་ཤེས་པས་གལ་ཏེ་ཁྱེའུ་དག་དབྲོག་པར་ནུས་ན་ནི་བདག་ཅག་གི་འཚོ་བའི་བར་གྱི་འཚོ་བ་ཡོད་ལ། ཇི་སྟེ་མ་ནུས་ན་རྒྱན་དབྲོག་པར་བྱས་ཏེ། དེས་ཀྱང་བདག་ཅག་བརྩལ་མི་དགོས་པར་ལོ་སྐོར་དུ་ལོངས་སྤྱོད་ཅིང་བདེ་བར་འཁོད་པར་

เล่ม ๕ · หน้า 96b

འགྱུར་རོ་སྙམ་པའི་བློ་སྐྱེས་སོ། །དེ་དག་བརྡ་བྱས་ཏེ་ལམ་གྱི་བར་དུ་དོང་ནས་འཁོད་པ་དང་། ཁྱེའུ་དེ་དག་ཀྱང་རྒྱན་ཐམས་ཅད་ཀྱིས་བཀླུབས་ཏེ་འོངས་ནས་ཆོམ་རྐུན་པ་དེ་དག་གིས་ཁྱེའུ་དེ་དག་ཁྱེར་རོ། །ཁྱེའུ་དེ་དག་གི་ཕྱི་བཞིན་ཁྱེའུ་མངག་གཞུག་པ་དག་འདོང་བ་དེ་དག་གིས་

ཁྱེའུ་དེ་དག་ཆོམ་རྐུན་པ་དག་གིས་བརྐུས་པ་མཐོང་ནས་དེ་དག་གིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་དྲུང་དུ་བརྒྱུགས་ཏེ་སྦྲན་པ། ཁྱིམ་བདག་ཁྱོད་ཀྱི་སྲས་བུ་དག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་བརྐུས་ཀྱིས་ཐབས་དགོངས་ཤིག །ཁྱིམ་བདག་མགོན་མེད་ཟས་སྦྱིན་བརྒྱུགས་

ཏེ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་གན་དུ་སོང་ནས་སྨྲས་པ། ལྷ་བདག་གི་བུ་དག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་ཕྲོགས་ཀྱིས་བུའི་སློང་མོ་སྩལ་དུ་གསོལ། རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་བུ་གཞོན་ནུ་འཕགས་སྐྱེས་པོ་ལ་བསྒོ་བ། སོང་ལ་ཁྱིམ་བདག་

གི་བུ་རྣམས་དང་ཆོམ་རྐུན་པ་དག་མྱུར་དུ་ཁུག་ཤིག །འཕགས་སྐྱེས་པོ་ཡུན་རིང་པོ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་ནང་དང་བཅས་པར་གྱུར་པས་དེའི་མོད་ལ་མ་སོང་ངོ་། །དེ་ནས་ལྷ་གང་དག་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་མངོན་པར་དད་པ་དེ་དག་གིས་

ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་མཁྱེན་པར་མཛོད་ཅིག །ཁྱོད་ཀྱི་ཉེ་གནས་དག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་ཕྲོགས་ཀྱིས་བརྩོན་པར་མཛད་དུ་གསོལ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་གལ་ཏེ་ཁྱེའུ་དག་

ལ་མ་བསམས་ན། རེ་ཞིག་ཁྱེའུ་དག་ཕ་མ་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཞིང་ཕ་མ་དག་ཀྱང་བུ་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ལ། མ་དད་པ་དག་གིས་ཀྱང་གླགས་རྙེད་པར་འགྱུར་ཞིང་། དད་པ་རྣམས་

ཀྱང་འདི་ལྟར་དོང་ངོ་ཅོག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་འཕྲོག་པར་བྱེད་ན། ཕྱིན་ཆད་སུ་ཞིག་རྒྱལ་བྱེད་ཀྱི་ཚལ་དུ་འགྲོ་བར་འགྱུར་ཞེས་གཞན་དུ་གྱུར་པ་ཉིད་དུ་འགྱུར་གྱིས་བདག་གིས་རྫུ་འཕྲུལ་རྣམ་པར་བསྟན་པར་བྱའོ་སྙམ་དུ་བསམས་ཤིང་རིག་ནས། ཚེ་དང་ལྡན་

เล่ม ๕ · หน้า 97a

པ་མཽད་གལ་གྱི་བུ་ཆེན་པོས་རྫུ་འཕྲུལ་གྱིས་འཕགས་སྐྱེས་པོའི་དཔུང་མངོན་པར་སྤྲུལ་ཏེ། ཕྱོགས་བཞིར་རྔ་པ་ཊ་ཧ་བརྡུངས་པ་དང་། སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་ཤེས་ལྡན་དག་བདག་ཅག་དམག་དཔོན་འཕགས་སྐྱེས་པོས་ཕྱོགས་བཞི་

ནས་བསྐོར་གྱིས་ཟིན་པར་གྱུར་ན་མི་རུང་གིས་བོར་ལ་འདོང་ངོ་སྙམ་དུ་བསམས་ནས་དེ་དག་གིས་ཁྱེའུ་དེ་དག་བོར་ཏེ་བྱེར་རོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཀྱང་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ཕྱིར་བརྟུལ་ནས་ལམ་དང་ཉེ་བར་ཤིང་ལྗོན་པའི་དྲུང་དུ་འདུག་གོ། །ཁྱེའུ་

དེ་དག་ཀྱང་འོངས་པ་དང་། འཕགས་པ་མཽད་གལ་གྱི་བུ་ཆེན་པོས་སྨྲས་པ། ཁྱེའུ་དག་ཁྱེད་ཅག་གར་དོང་དོང་། འཕགས་པ་བདག་ཅག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་བརྐུས་སོ། །འོ་ན་སུས་ཐར་བར་བྱས། དམག་དཔོན་འཕགས་སྐྱེས་པོས་སོ། །

ཁྱེའུ་དག་དེ་རིང་ཁྱེད་ཅག་གི་ཕ་མ་དག་ཡིད་མི་བདེ་བར་འཁོད་ཀྱིས་དེང་ལ་སང་ལྷོགས་ཤིག །ཁྱེའུ་དེ་དག་ཁྱིམ་དུ་འཕགས་པ་དང་། དམག་དཔོན་འཕགས་སྐྱེས་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་།

ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ་མཉན་ཡོད་ནས་བྱུང་ངོ་། །འཕགས་སྐྱེས་པོས་ཁྱེའུ་དེ་དག་མཐོང་ནས་སྨྲས་པ། ཁྱེའུ་དག་ཁྱེད་ཅག་གར་དོང་དོང་། དེ་དག་གིས་སྨྲས་པ། རྒྱལ་བྱེད་ཀྱི་ཚལ་དུ་འདོང་བ་ན་བདག་ཅག་སྟོན་ཟླ་ཐ་ཆུངས་ཀྱི་

གཡོན་ཅན་དག་གིས་བརྐུས་སོ། །འོ་ན་ཁྱེད་ཅག་སུས་ཐར་བར་བྱས། དམག་དཔོན་འཕགས་སྐྱེས་པོས་སོ། །འཕགས་སྐྱེས་པོས་བདག་ད་ལྟར་འགྲོ་བས་བདག་གིས་ཇི་ལྟར་འདི་དག་ཐར་བར་བྱས། འཕགས་པ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་འགའ་ཞིག་གིས་འདི་

དག་ཐར་བར་བྱས་གོར་མ་ཆག་སྙམ་དུ་བསམས་ཤིང་རིག་ནས་སྨྲས་པ། ཁྱེའུ་དག་ཁྱེད་ཅག་གིས་ཕྱོགས་དེ་ན་སུ་མཐོང་། འཕགས་པ་མཽད་གལ་གྱི་བུ་ཆེན་པོའོ། །འཕགས་སྐྱེས་པོས་དེས་འདི་དག་ཐར་བར་བྱས་ཀྱི་གཞན་སུ་ཞིག་གིས་ནུས་སྙམ་དུ་བསམས་ཤིང་རིག་

เล่ม ๕ · หน้า 97b

ནས་ཡིད་དགའ་ཞིང་ཡིད་དགའ་ནས་བདག་ཅག་གི་ཡུལ་ན་འཕགས་པ་དེ་ལྟར་རྫུ་འཕྲུལ་ཆེ་བ། དེ་ལྟར་མཐུ་ཆེ་བ་ཚེ་འདིའི་དོན་དང་། ཚེ་ཕྱི་མའི་དོན་དང་། ཚེ་འདི་དང་ཚེ་ཕྱི་མའི་དོན་ལ་སྐྱབས་མཛད་པ་བཞུགས་པ་དེ་ནི་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ་

ཞེས་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་དོ། །དེ་བསྔགས་པ་བརྗོད་ཅིང་མཉན་ཡོད་དུ་འཇུག་པ་ན་དྲུག་སྡེ་དག་ཀྱང་ཕྱིར་བྱུང་ཞིང་དྲུག་སྡེ་དག་གིས་སྨྲས་པ། ཁྱོད་སུའི་བསྔགས་པ་བརྗོད། འཕགས་སྐྱེས་པོས་སྨྲས་པ། ཁྱེད་ཀྱིའོ། །ངེད་ཀྱིས་ཅི་བྱས། འཕགས་

པ་མཽད་གལ་གྱི་བུ་ཆེན་པོས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་དག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་ཕྲོགས་པ་ཐར་བར་བྱས་སོ། །བཀྲེན་པ་དག་ཁོ་བོ་ཅག་དེ་འདྲ་ཡང་འོན་ཀྱང་འདི་ན་ལ་ལ་བྱི་བོ་གཅེར་བུ་དག་ལ་མངོན་པར་དད་དེ། གལ་ཏེ་གཅེར་བུ་

དག་གིས་མཐོང་བར་གྱུར་དུ་ཟིན་ན། དེ་དག་གིས་ལམ་ཡང་ཉེ་བར་བསྟན་པར་འགྱུར་རོ། །དེ་དག་ཅང་མི་སྨྲ་བར་འཁོད་པ་དང་། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་དེ་དག་ལ་གོ་བར་བྱས་སོ། །དོན་ཉུང་ངུ་ལ་ལྟུང་བ་བྱུང་གིས་དོང་ལ་འཆགས་སུ་གཞུག་གོ། །

དྲུག་སྡེ་དག་གཙུག་ལག་ཁང་དུ་དོང་སྟེ་ཟས་ཀྱི་བྱ་བ་བྱས་ནས་རྒན་རིམས་ཀྱིས་ཕྱག་འཚལ་ཏེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་ཕྱག་འཚལ་ལོ། །

ཚེ་དང་ལྡན་པ་དག་ཨ་རོག་གྱ་གནས་བརྟན་ཇེ་སྐབས་ཕྱེ་ཤིག །ལྟུང་བ་སྡེ་ལྔ་པོ་དག་ལ་སྐབས་ཕྱེའོ། །གནས་བརྟན་གྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་དག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་ཕྲོགས་པ་ཐར་བར་བགྱིས་སམ། དེ་བཞིན་ཏེ་ཐར་བར་བྱས་སོ། །

གནས་བརྟན་བདག་ཅག་གིས་གནས་བརྟན་གོ། །བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་བདེ་བ་དག་ཉམས་སུ་མྱོང་བར་མཛད་ཅིང་བཞུགས་པར་འཚལ་གྱི་བདག་ཅག་གིས་ཐུགས་རྗེ་ཕྱོགས་གཅིག་པ་དང་ལྡན་ཞིང་ཉེ་

เล่ม ๕ · หน้า 98a

གནས་ལ་ཐུགས་རྗེ་བར་མཛད་ལ་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་ལ་ཐུགས་རྗེ་བར་མི་མཛད་པར་མ་འཚལ་ཏོ། །གཞན་དག་གིས་བདག་གིར་བགྱིས་པའི་ནོར་དག་ཐར་བར་བགྱིས་པའི་ལྟུང་བ་ཆོས་བཞིན་དུ་སླར་མཛོད་ཅིག །ལྟུང་བ་མ་མཐོང་ངོ་། །ཚེ་

དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་ལྟུང་བ་མ་མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱའོ། །ཞེས་གསུངས་ཀྱིས་ཁང་སྐྱོང་སུ་སྣང་གཎྜཱི་རྡུངས་ཤིག །འདི་གནས་ནས་དབྱུང་བའི་ལས་བྱའོ། །ཞེས་ཁང་སྐྱོང་གི་གན་དུ་དོང་ནས་སྨྲས་པ། ཚེ་དང་ལྡན་པ་གཎྜཱི་

རྡུངས་ཤིག །ཅིའི་ཕྱིར་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལྟུང་བ་བྱུང་བ་ཆོས་བཞིན་དུ་ཕྱིར་མི་བྱེད་པས། དེ་གནས་ནས་དབྱུང་བའི་ལས་བྱའོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་དགེ་འདུན་གྱི་གནས་བརྟན་བྱེད་ཅིང་བསྟན་པ་ལ་ཆོས་ཀྱི་སྒྱུ་ཐབས་ཀྱིས་མི་མཐུན་པ་འགའ་

མི་འབྱུང་ངམ་ཞེས་ཀུན་དུ་སྤྱོད་པའི་ཆོས་རྨེད་པར་བྱེད་པས་དེས་ཁང་སྐྱོང་ལ་རྨས་པ། ཚེ་དང་ལྡན་པ་སུ་ཞིག་ཡོངས་སུ་གནས་པའམ། གཞི་ནས་ཡོངས་སུ་གནས་པའམ། མགུ་བར་བྱ་བའམ། གཞི་ནས་མགུ་བར་བྱ་བའམ། འབྱིན་པར་བྱེད། གནས་བརྟན་སུ་

ཡང་མི་བགྱིད་དེ། འདི་ལྟར་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལྟུང་བ་བྱུང་བ་ཆོས་བཞིན་སླར་མི་བགྱིད་པས་དེ་ལྟུང་བ་མ་མཐོང་བའི་སླད་དུ་གནས་ནས་དབྱུང་བའི་ལས་བགྱིད་དོ། །ཚེ་དང་ལྡན་པ་དགེ་སློང་གནས་བརྟན་ལ་ཐོ་མ་འཚམ་པར་འདི་ལྟར་སངས་རྒྱས་བཅོམ་

ལྡན་འདས་འདི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། མཁྱེན་པ་དང་ཤེས་བྱ་དག་ལ་བླ་ན་མེད་པའི་མངའ་བརྙེས་པ། ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་ཡིན་གྱི་དེའི་གན་དུ་སོང་ལ་ཞུས་ཤིག་དང་། བཅོམ་ལྡན་འདས་ཀྱིས་ཁྱེད་ཅག་ལ་ཇི་སྐད་ལུང་

སྟོན་པར་མཛད་པ་དེ་དེ་བཞིན་དུ་ཟུང་ཤིག །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་

เล่ม ๕ · หน้า 98b

སྩལ་པ། མཽད་གལ་གྱི་བུ་ཁྱེད་ཀྱིས་བསམ་པ་ཇི་ལྟ་བུས་རྫུ་འཕྲུལ་རྣམ་པར་བསྟན་བཙུན་པ་བདག་འདི་སྙམ་བགྱིད་དེ། གལ་ཏེ་ཁྱེའུ་དག་ལ་མ་བསམས་ན་རེ་ཞིག་ཁྱེའུ་དག་ཕ་མ་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཞིང་། ཕ་མ་དག་ཀྱང་

བུ་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ལ། མ་དད་པ་དག་གིས་ཀྱང་གླགས་རྙེད་པར་འགྱུར་ཞིང་། དད་པ་རྣམས་ཀྱང་འདི་ལྟར་དོང་ངོ་ཅོག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་འཕྲོགས་པར་བྱེད་ན། ཕྱིན་ཆད་སུ་ཞིག་རྒྱལ་བྱེད་ཀྱི་ཚལ་

དུ་འགྲོ་བར་འགྱུར་ཞེས་གཞན་དུ་འགྱུར་གྱིས། བདག་གིས་རྫུ་འཕྲུལ་རྣམ་པར་བསྟན་པར་བགྱིའོ་སྙམ་དུ་བསམས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མཽད་གལ་གྱི་བུས་བསམ་པ་དེ་ལྟ་བུས་རྫུ་འཕྲུལ་རྣམ་པར་བསྟན་པ་ལ་ལྟུང་བ་མེད་དོ། །

སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་པི་ལིན་དའི་བུ་སྔ་དྲོ་ཤམས་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་ནས་མཐར་གྱིས་

བསོད་སྙོམས་ལ་རྒྱུ་ཞིང་དམག་པའི་ཁྱིམ་ག་ལ་བ་དེར་སོང་ངོ་། །དེའི་ཚེ་ན་ཚེ་དང་ལྡན་པ་པི་ལིན་དའི་བུའི་ཚ་བོ་དག་ཕྱི་རོལ་གྱི་བསྟན་བཅོས་དག་ཀློག་གོ། །ཚེ་དང་ལྡན་པ་པི་ལིན་དའི་བུས་ཚ་བོ་དག་ཕྱི་རོལ་གྱི་བསྟན་བཅོས་དག་ཀློག་པར་མཐོང་ངོ་། །མཐོང་ནས་ཀྱང་

དམག་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚ་བོ་ཁྱེའུ་དག་ཅི་ཀློག །འཕགས་པ་སླད་རོལ་གྱི་བསྟན་བཅོས་དག་གོ། །ཚ་བོ་ཕྱི་རོལ་གྱི་བསྟན་བཅོས་དག་ནི་ལྕགས་ཀྱི་སེའུ་དང་འདྲ་སྟེ་རྟོགས་པར་དཀའ་ཞིང་རྟོགས་ན་ཡང་དེ་དག་གིས་ངེས་པ་ལ་འཇུག་པར་ཡང་མི་

འགྱུར། ཟག་པ་ཟད་པར་ཡང་མི་འགྱུར་རོ། །སངས་རྒྱས་ཀྱི་བཀའ་ནི་ཐོག་མ་དང་། བར་མ་དང་། ཐ་མར་དགེ་བ། མངོན་པར་ཤེས་པ་དང་། རྫོགས་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདའ་བར་འགྱུར་བ་ཡིན་ན་ཅིའི་ཕྱིར་དེ་མི་ཀློག །འཕགས་པ་སུས་

เล่ม ๕ · หน้า 99a

དེ་ཀློག་དུ་སྩོལ། ཁོ་བོས་ཀློག་ཏུ་གཞུག་གོ། །འཕགས་པ་མ་ནོངས་ཀྱིས་ཀློག་ཏུ་སྩོལ་ཅིག །དམག་པ་དེས་ཁྱེའུ་དེ་དག་ལ་སྨྲས་པ། ཁྱེའུ་དག་འཕགས་པའི་དྲུང་དུ་འོད་མའི་ཚལ་དུ་དེང་ལ་སངས་རྒྱས་ཀྱི་བཀའ་ལྷོགས་ཤིག །ཁྱེའུ་དེ་དག་ཉི་མ་

རེ་རེ་ཞིང་རྒྱན་གྱིས་བཀླུབས་ཏེ་ཁྱེའུ་མངག་གཞུག་པ་དག་གིས་ཡོངས་སུ་བསྐོར་ནས་འོད་མའི་ཚལ་དུ་དོང་སྟེ། ཚེ་དང་ལྡན་པ་པི་ལིན་དའི་བུ་ལས་སངས་རྒྱས་ཀྱི་བཀའ་བཀླག་པར་བརྩམས་སོ། །རྒྱལ་པོའི་ཁབ་ན་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་ཞེས་བྱ་བ་ཆོམ་རྐུན་པ་དག་

གིས་ཀུན་ཏུ་སྤྱོད་པ་ནི་དེ་དག་དགག་དབྱེ་བྱས་མ་ཐག་ཏུ་ཤེས་ལྡན་དག་བདག་ཅག་གིས་ལས་ཅི་ཞིག་བྱས་ན། དེས་བརྩལ་མི་དགོས་པར་ལོ་སྐོར་དུ་ལོངས་སྤྱོད་ཅིང་བདེ་བར་འཁོད་པར་འགྱུར་ཞེས་ཕན་ཚུན་གྲོས་བྱེད་དོ། །དེ་དག་ལ་འཕགས་པ་པི་ལིན་དའི་བུའི་ཚ་བོ་དག་ཉི་

མ་རེ་རེ་ཞིང་རྒྱན་ཐམས་ཅད་ཀྱིས་བཀླུབས་ཏེ། ཁྱེའུ་མངག་གཞུག་པ་དག་གིས་བསྐོར་ནས་འོད་མའི་ཚལ་དུ་འདོང་ཞིང་འཕགས་པ་པི་ལིན་དའི་བུ་ལས་སངས་རྒྱས་ཀྱི་བཀའ་ཀློག་པར་བྱེད་ཀྱིས་ལམ་གྱི་བར་དུ་བསྡད་དེ། དེ་དག་བཟུང་ན་འཕགས་པ་པི་ལིན་དའི་བུས་ནི་ཁྱེའུ་དག་

ཁྱིམ་ན་འཁོད་དོ་སྙམ་དུ་ཤེས་ལ། བྲམ་ཟེས་ཀྱང་འཕགས་པ་པི་ལིན་དའི་བུའི་དྲུང་ན་འཁོད་དོ་སྙམ་དུ་ཤེས་པས། གལ་ཏེ་ཁྱེའུ་དག་དབྲོག་པར་ནུས་ན་ནི་བདག་ཅག་གི་འཚོ་བའི་བར་གྱི་འཚོ་བ་ཡོད་ལ། ཅི་སྟེ་མ་ནུས་ན་ནི་རྒྱན་དབྲོག་པར་བྱ་སྟེ། དེས་ཀྱང་བདག་ཅག་

བཙལ་མི་དགོས་པར་ལོ་སྐོར་དུ་ལོངས་སྤྱོད་ཅིང་བདེ་བར་འཁོད་པར་འགྱུར་རོ་སྙམ་པའི་བློ་སྐྱེས་སོ། །དེ་དག་བརྡ་བྱས་ཏེ་ལམ་གྱི་བར་དུ་དོང་ནས་འཁོད་པ་དང་། ཁྱེའུ་དེ་དག་ཀྱང་རྒྱན་ཐམས་ཅད་ཀྱིས་བཀླུབས་ཏེ་འོངས་ནས་ཆོམ་རྐུན་པ་དེ་དག་གིས་ཁྱེའུ་དེ་དག་གྲུར་བཅུག་

སྟེ་ཁྱེར་རོ། །ཁྱེའུ་དེ་དག་གི་ཕྱི་བཞིན་ཁྱེའུ་མངག་གཞུག་པ་དག་འདོང་བ་དེ་དག་གིས་ཁྱེའུ་དེ་དག་ཆོམ་རྐུན་པ་དག་གིས་བརྐུས་པ་མཐོང་ནས། དེ་དག་གིས་ཚེ་དང་ལྡན་པ་པི་ལིན་དའི་བུའི་དམག་པའི་དྲུང་དུ་བརྒྱུགས་ཏེ་སྦྲན་པ། ཇོ་བོ་ཁྱོད་ཀྱི་སྲས་བུ་དག་སྟོན་ཟླ་ཐ་ཆུངས་ཀྱི་

เล่ม ๕ · หน้า 99b

གཡོན་ཅན་དག་གིས་བརྐུས་ཀྱི་ཐབས་དགོངས་ཤིག །བྲམ་ཟེ་ཡང་བརྒྱུགས་ཏེ། མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོའི་གན་དུ་སོང་ནས་སྨྲས་པ། ལྷ་བདག་གི་བུ་དག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་ཕྲོགས་ཀྱིས་བུའི་སློང་མོ་སྩལ་དུ་གསོལ།

རྒྱལ་པོ་གཟུགས་ཅན་སྙིང་པོས་རྒྱལ་བུ་གཞོན་ནུ་མ་སྐྱེས་དགྲ་ལ་བསྒོ་བ། སོང་ལ་བྲམ་ཟེའི་བུ་རྣམས་དང་། ཆོམ་རྐུན་པ་དག་མྱུར་དུ་ཁུག་ཤིག །མ་སྐྱེས་དགྲ་ཡུན་རིང་པོ་ནས་བྲམ་ཟེ་དེ་དང་། ནང་དང་བཅས་པར་གྱུར་པས་དེའི་མོད་ལ་མ་སོང་ངོ་། །དེ་ནས་ལྷ་གང་དག་

ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་མངོན་པར་དད་པ་དེ་དག་གིས་ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་མཁྱེན་པར་མཛོད་ཅིག །ཁྱོད་ཀྱི་ཚ་བོ་དག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་ཕྲོགས་ཀྱིས་བརྩོན་པར་མཛད་དུ་གསོལ། ཚེ་དང་ལྡན་

པ་པི་ལིན་དའི་བུས་གལ་ཏེ་ཁྱེའུ་དག་ལ་མ་བསམས་ན། རེ་ཞིག་ཁྱེའུ་དག་ཕ་མ་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཞིང་། ཕ་མ་དག་ཀྱང་བུ་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ལ། མ་དད་པ་དག་གིས་ཀྱང་

གླགས་རྙེད་པར་འགྱུར་ཞིང་། དད་པ་རྣམས་ཀྱང་འདི་ལྟར་དོང་ངོ་ཅོག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་འཕྲོགས་པར་བྱེད་ན། ཕྱིན་ཆད་སུ་ཞིག་འོད་མའི་ཚལ་དུ་འགྲོ་བར་འགྱུར་ཞེས་གཞན་དུ་གྱུར་པ་ཉིད་དུ་འགྱུར་གྱིས་བདག་གིས་རྫུ་འཕྲུལ་རྣམ་པར་བསྟན་པར་

བྱའོ་སྙམ་དུ་སེམས་ཤིང་རིག་ནས། ཚེ་དང་ལྡན་པ་པི་ལིན་དའི་བུ་རྫུ་འཕྲུལ་གྱིས་སོང་སྟེ་གྲུའི་དྲུང་དུ་འདུག་པ་དང་གྲུ་དེ་མི་འགུལ་བར་འདུག་གོ། །ཆོམ་རྐུན་པ་དག་གིས་ཅིའི་ཕྱིར་གྲུ་འདི་མི་འགུལ་བར་འདུག་སྙམ་དུ་བསམས་པ་དང་། ཚེ་དང་ལྡན་པ་པི་ལིན་དའི་

བུ་གྲུ་དང་ཉེ་བ་ན་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཅིའི་སླད་དུ་ཐོ་འཚམ་པར་མཛད། རྒ་བའི་ཆོས་ཅན་དག་ཁོ་བོ་འབའ་ཞིག་ཐོ་འཚམ་པར་བྱེད་དམ། གལ་ཏེ་ཁོ་བོས་ཡོན་ཏན་གྱི་ཚོགས་

เล่ม ๕ · หน้า 100a

འདི་ལྟ་བུ་རྟོགས་པར་མ་གྱུར་དུ་ཟིན་ན་དེང་ཁྱེད་ཀྱི་ཁོ་བོའི་ཚ་བོ་དག་བརྐུས་པར་མི་འགྱུར་རམ། འཕགས་པ་གཏང་དུ་གསོལ་དེང་ཤིག །ཚེ་དང་ལྡན་པ་པི་ལིན་དའི་བུས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་དག་ཕྱིར་བརྟུལ་ནས་ཁྱེའུ་དེ་དག་ལ་འདི་སྐད་

ཅེས་སྨྲས་སོ། །ཁྱེའུ་དག་དེ་རིང་ཁྱེད་ཅག་གི་ཕ་མ་དག་ཡིད་མི་བདེ་བར་འཁོད་ཀྱིས། དེང་ལ་སང་ལྷོགས་ཤིག །ཁྱེའུ་དེ་དག་ཁྱིམ་དུ་འཕགས་པ་དང་། གཞོན་ནུ་མ་སྐྱེས་དགྲ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེ་བའི་ཚོགས་དང་། རྟ་པའི་

ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ་རྒྱལ་པོའི་ཁབ་ནས་བྱུང་ངོ་། །མ་སྐྱེས་དགྲས་ཁྱེའུ་དེ་དག་མཐོང་ནས་སྨྲས་པ། ཁྱེའུ་དག་ཁྱེད་ཅག་གར་དོང་དོང་། དེ་དག་གིས་སྨྲས་པ། འོད་མའི་ཚལ་དུ་འདོང་བ་ན་བདག་ཅག་

སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་བརྐུས་སོ། །འོ་ན་ཁྱེད་ཅག་སུས་ཐར་བར་བྱས། འཕགས་པ་པི་ལིན་དའི་བུས་སོ། །མ་སྐྱེས་དགྲ་ཡིད་དགའ་ཞིང་ཡིད་དགའ་ནས་བདག་ཅག་གི་ཡུལ་ན་འཕགས་པ་དེ་ལྟར་རྫུ་འཕྲུལ་ཆེ་བ། དེ་ལྟར་མཐུ་ཆེ་བ། ཚེ་

འདིའི་དོན་དང་། ཚེ་ཕྱི་མའི་དོན་དང་། ཚེ་འདི་དང་ཕྱི་མའི་དོན་ལ་སྐྱབས་མཛད་པ་བཞུགས་པ་ནི་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་དོ། །དེས་བསྔགས་པ་བརྗོད་ཅིང་རྒྱལ་པོའི་ཁབ་ཏུ་འཇུག་པ་ལ་དྲུག་སྡེ་དག་ཀྱང་ཕྱིར་

བྱུང་ཞིང་དྲུག་སྡེ་དག་གིས་སྨྲས་པ། ཁྱོད་སུའི་བསྔགས་པ་བརྗོད། མ་སྐྱེས་དགྲས་སྨྲས་པ། ཁྱེད་ཀྱིའོ། །ངེད་ཀྱིས་ཅི་བྱས། འཕགས་པ་པི་ལིན་དའི་བུས་བྲམ་ཟེའི་བུ་དག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་ཕྲོགས་པ་ཐར་བར་བྱས་སོ། །བཀྲེན་པ་དག་ཁོ་བོ་

ཅག་དེ་འདྲ་ཡང་འོན་ཀྱང་འདི་ན་ལ་ལ་བྱི་བོ་གཅེར་བུ་དག་ལ་མངོན་པར་དད་དེ། གལ་ཏེ་གཅེར་བུ་དག་གིས་མཐོང་བར་གྱུར་དུ་ཟིན་ན། དེ་དག་གིས་ལམ་ཡང་ཉེ་བར་བསྟན་པར་འགྱུར་རོ། །དེ་དག་ཅང་མི་སྨྲ་བར་འཁོད་པ་དང་། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་

เล่ม ๕ · หน้า 100b

དེ་དག་ལ་གོ་བར་བྱས་སོ། །དོན་ཉུང་ངུ་ལ་ལྟུང་བ་བྱུང་གིས་དོང་ལ་འཆགས་སུ་གཞུག་གོ། །དྲུག་སྡེ་དག་གཙུག་ལག་ཁང་དུ་དོང་སྟེ་ཟས་ཀྱི་བྱ་བ་བྱས་ནས་རྒན་རིམས་ཀྱིས་ཕྱག་འཚལ་ཏེ། ཚེ་དང་ལྡན་པ་པི་ལིན་དའི་བུ་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། ཚེ་དང་ལྡན་པ་པི་ལིན་དའི་

བུ་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་ཕྱག་འཚལ་ལོ། །ཚེ་དང་ལྡན་པ་དག་ཨ་རོག་གྱ་གནས་བརྟན་ཇེ་སྐབས་ཕྱེ་ཤིག །ལྟུང་བ་སྡེ་ལྔ་པོ་དག་ལ་སྐབས་ཕྱེའོ། །གནས་བརྟན་གྱིས་བྲམ་ཟེའི་བུ་དག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་ཕྲོགས་པ་ཐར་བར་བགྱིས་

སམ། དེ་བཞིན་ཏེ་ཐར་བར་བྱས་སོ། །གནས་བརྟན་བདག་ཅག་གིས་གནས་བརྟན་གོ་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་བདེ་བ་དག་ཉམས་སུ་མྱོང་བར་མཛད་ཅིང་བཞུགས་པར་འཚལ་གྱིས། བདག་ཅག་གིས་

ཐུགས་རྗེ་ཕྱོགས་གཅིག་པ་དང་ལྡན་ཞིང་བྲམ་ཟེའི་བུ་དག་ལ་ཐུགས་རྗེ་བར་མཛད་ལ། སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་ལ་ཐུགས་རྗེ་བར་མི་མཛད་པར་མ་འཚལ་ཏོ། །གཞན་དག་གིས་བདག་གིར་བགྱིས་པའི་ནོར་དག་ཐར་བར་བགྱིས་པའི་ལྟུང་བ་བྱུང་བ་ཆོས་བཞིན་དུ་

སླར་མཛོད་ཅིག །ལྟུང་བ་མ་མཐོང་ངོ་། །ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་ལྟུང་བ་མ་མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱའོ་ཞེས་གསུངས་ཀྱིས་ཁང་སྐྱོང་སུ་སྣང་གཎྜཱི་རྡུངས་ཤིག །འདི་གནས་ནས་དབྱུང་བའི་ལས་བྱའོ་ཞེས་ཁང་སྐྱོང་གི་གན་དུ་དོང་ནས་

སྨྲས་པ། ཚེ་དང་ལྡན་པ་གཎྜཱི་རྡུངས་ཤིག །ཅིའི་ཕྱིར་ཚེ་དང་ལྡན་པ་པི་ལིན་དའི་བུ་ལྟུང་བ་བྱུང་བ་ཆོས་བཞིན་དུ་ཕྱིར་མི་བྱེད་པས་དེ་གནས་ནས་དབྱུང་བའི་ལས་བྱའོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་དགེ་འདུན་གྱི་གནས་བརྟན་བྱེད་ཅིང་བསྟན་པ་ལ་ཆོས་ཀྱི་སྒྱུ་ཐབས་ཀྱིས་མི་

མཐུན་པ་འགའ་མི་འབྱུང་ངམ་ཞེས་ཀུན་ཏུ་སྤྱོད་པའི་ཆོས་རྨེད་པར་བྱེད་པས་དེས་ཁང་སྐྱོང་ལ་རྨས་པ། ཚེ་དང་ལྡན་པ་སུ་ཞིག་ཡོངས་སུ་གནས་པའམ། གཞི་ནས་ཡོངས་སུ་གནས་པའམ། མགུ་བར་བྱ་བའམ། གཞི་ནས་མགུ་བར་བྱ་བའམ། འབྱིན་པར་བྱེད།

เล่ม ๕ · หน้า 101a

གནས་བརྟན་སུ་ཡང་མི་བགྱིད་དེ། འདི་ལྟར་ཚེ་དང་ལྡན་པ་པི་ལིན་དའི་བུ་ལྟུང་བ་བྱུང་བ་ཆོས་བཞིན་དུ་སླར་མི་བགྱིད་པས། དེ་ལྟུང་བ་མ་མཐོང་བའི་སླད་དུ་གནས་ནས་དབྱུང་བའི་ལས་བགྱིད་དོ། །ཚེ་དང་ལྡན་པ་དགེ་སློང་གནས་བརྟན་ལ་ཐོ་མ་

འཚམ་པར་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་འདི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། མཁྱེན་པ་དང་ཤེས་བྱ་དག་ལ་བླ་ན་མེད་པའི་མངའ་བརྙེས་པ། ཐེ་ཙོམ་ཐམས་ཅད་གཅོད་པར་མཛད་པ་ཡིན་གྱིས། དེའི་གན་དུ་སོང་ལ་ཞུས་ཤིག་དང་། བཅོམ་

ལྡན་འདས་ཀྱིས་ཁྱེད་ཅག་ལ་ཇི་སྐད་ལུང་སྟོན་པར་མཛད་པ་དེ་དེ་བཞིན་དུ་ཟུང་ཤིག །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་

ཀྱིས་ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་བཀའ་སྩལ་པ། པི་ལིན་དའི་བུ་ཁྱོད་ཀྱིས་བསམ་པ་ཇི་ལྟ་བུས་རྫུ་འཕྲུལ་རྣམ་པར་བསྟན། བཙུན་པ་བདག་འདི་སྙམ་བགྱིད་དེ། གལ་ཏེ་ཁྱེའུ་དག་ལ་མ་བསམས་ན་རེ་ཞིག་ཁྱེའུ་དག་ཕ་མ་དང་བྲལ་བ་ལས་བྱུང་བའི་སྡུག་

བསྔལ་ཉམས་སུ་མྱོང་བར་འགྱུར་ཞིང་ཕ་མ་དག་ཀྱང་བུ་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ལ། མ་དད་པ་དག་གིས་ཀྱང་གླགས་རྙེད་པར་འགྱུར་ཞིང་། དད་པ་རྣམས་ཀྱང་འདི་ལྟར་དོང་ངོ་ཅོག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་ཕྲོགས་

པར་བྱེད་ན། ཕྱིན་ཆད་སུ་ཞིག་འོད་མའི་ཚལ་དུ་འགྲོ་བར་འགྱུར་ཞེས་གཞན་དུ་གྱུར་པ་ཉིད་དུ་འགྱུར་གྱིས། བདག་གིས་རྫུ་འཕྲུལ་རྣམ་པར་བསྟན་པར་བགྱིའོ་སྙམ་དུ་བསམས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་པི་ལིན་དའི་བུས་བསམ་པ་

དེ་ལྟ་བུས་རྫུ་འཕྲུལ་རྣམ་པར་བསྟན་པ་ལ་ལྟུང་བ་མེད་དོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བདུན་པ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོའི་ཀུན་ཏུ་

เล่ม ๕ · หน้า 101b

སྤྱོད་པ་ནི་ཉི་མ་རེ་རེ་ཞིང་བཅོམ་ལྡན་འདས་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་ཞབས་ལ་ཕྱག་འཚལ་དུ་འགྲོའོ། །ཇི་ཙམ་དུས་གཞན་ཞིག་ན། རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་

བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །བཅོམ་ལྡན་འདས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་མཐའ་གཅིག་ཏུ་འདུག་པ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་

དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་

གསུང་ངོ་། །དེ་ནས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་སྟན་ལས་ལངས་ཏེ་སོང་ནས། ཚེ་དང་ལྡན་པ་པི་ལིན་དའི་བུའི་གཙུག་ལག་ཁང་ག་ལ་བ་དེར་སོང་ངོ་། །དེའི་ཚེ་ན་ཚེ་དང་ལྡན་པ་པི་ལིན་དའི་བུ་གཙུག་

ལག་ཁང་དེ་ན་རལ་བ་དང་འདྲུམས་པ་རང་ཉིད་ཀྱིས་ཕྱིར་འཆོས་པར་བྱེད་དོ། །ཚེ་དང་ལྡན་པ་པི་ལིན་དའི་བུས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ལག་པ་དང་། རྐང་པ་དག་བཀྲུས་ཏེ་སྟན་

བཤམས་པ་ཉིད་ལ་འདུག་གོ། །དེ་ནས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཚེ་དང་ལྡན་པ་པི་ལིན་དའི་བུའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་

གཟུགས་ཅན་སྙིང་པོས་ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཅི་ལགས། རང་ཉིད་ཀྱིས་རལ་བ་དང་འདྲུམས་པ་སླར་འཆོས་པར་མཛད་དམ། རྒྱལ་པོ་ཆེན་པོ་རབ་ཏུ་བྱུང་བ་ནི་རང་ཉིད་ཀྱིས་བྱེད་པ་ཡིན་ཏེ། བདག་ཅག་ནི་རབ་ཏུ་བྱུང་བ་ཡིན་

เล่ม ๕ · หน้า 102a

པས་གཞན་སུ་ཞིག་བྱེད་པར་འགྱུར། འཕགས་པ་གལ་ཏེ་དེ་ལྟ་ན་བདག་གིས་འཕགས་པ་ལ་ཞབས་འབྲིང་བ་དབུལ་ལོ། །རྒྱལ་པོ་ཆེན་པོ་ཨ་རོག་གྱ་དེ་བཞིན་དུ་ལན་བཞིའི་བར་དུ་སྨྲས་ནས། ལན་ལྔ་པ་ལ་ཡང་དེ་ཁོ་ན་སྐད་དུ་བདག་གིས་འཕགས་པ་ལ་

ཞབས་འབྲིང་བ་དབུལ་ལོ་ཞེས་ཟེར་བ་དང་། ཚེ་དང་ལྡན་པ་པི་ལིན་དའི་བུའི་ལྷན་ཅིག་གནས་པ་བདེན་པ་དང་། མཐུན་པ་དང་། ངོ་ཟློག་ཕོད་པར་སྨྲ་བ་ཞིག་གིས་སྨྲས་པ། རྒྱལ་པོ་ཆེན་པོ་གང་ཚུན་ཅད་ནས་རྒྱལ་པོ་ཆེན་པོས་མཁན་པོ་ལ་ཞབས་འབྲིང་བ་དག་གིས་བསྟབས་

པ་ནས་མཁན་པོས་གལ་ཏེ་གཙུག་ལག་ཁང་འདི་ཡལ་བར་བོར་དུ་ལགས་ན་ད་ཙམ་ངོས་རྡིབ་པར་ཡང་གྱུར་ཏོ། །རྒྱལ་པོས་སྨྲས་པ། འཕགས་པ་ཅི་ལགས་བདག་ཅག་གིས་ཡང་དང་ཡང་དུ་ཁས་བླངས་སམ། རྒྱལ་པོ་ཆེན་པོ་ལན་གཅིག་ཏུ་མ་བས་ཀྱི་འདི་ལྟར་འདི་ནི་

ལན་ལྔ་པ་ལགས་སོ། །རྒྱལ་པོ་དེ་བརྗེད་ངས་པས་རྒྱལ་པོ་དེའི་ཀུན་ཏུ་སྤྱོད་པ་ནི་གང་ཡང་རུང་བ་ལ་ཆུང་ཟད་ཁས་བླངས་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་ཕྱི་ན་འདུག་པའི་མིས་ཡི་གེར་འདྲི་བར་བྱེད་པས་རྒྱལ་པོ་དེས་མི་དེ་ལ་སྨྲས་པ། ཀྭའེ་ནང་རྗེ་ཁོ་བོས་ཡང་དང་

ཡང་དུ་ཁས་བླངས་པ་བདེན་ནམ། ལྷ་མད་དེ་འདི་ནི་ལན་ལྔ་པ་ལགས་སོ། །དེ་ལྟ་ན་ཁོ་བོ་ཆད་པའི་ལས་ལ་ཐུག་གིས་ཁོ་བོས་འཕགས་པ་ལ་ཞབས་འབྲིང་བ་ལྔ་བརྒྱ་དབུལ་ལོ། །དེས་བློན་པོ་རྣམས་ལ་བསྒོ་བ། འཕགས་པ་ལ་ཞབས་འབྲིང་བ་ལྔ་བརྒྱ་ཕུལ་ཅིག །

ཚེ་དང་ལྡན་པ་པི་ལིན་དའི་བུས་སྨྲས་པ། རྒྱལ་པོ་ཆེན་པོ་ཁོ་བོ་རང་གི་གཡོག་ཉིད་སྤངས་ཏེ་རབ་ཏུ་བྱུང་བ་ལ་གཡོག་དག་གིས་ཅི་བྱ། འཕགས་པ་དགེ་འདུན་གྱི་དོན་དུ་བཞེས་ཤིག །རྒྱལ་པོ་ཆེན་པོ་གལ་ཏེ་དེ་ལྟ་ན་བཅོམ་ལྡན་འདས་ལ་ཞུའོ། །འཕགས་པ་དེ་མ་

ནོངས་ཀྱིས་ཞུས་ཤིག །སྐབས་དེ་ཚེ་དང་ལྡན་པ་པི་ལིན་དའི་བུས་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་དོན་དུ་གཡོག་དག་བླང་བར་བྱའོ། །ཚེ་དང་ལྡན་པ་པི་ལིན་དའི་བུས་གཡོག་དེ་དག་

เล่ม ๕ · หน้า 102b

བླངས་པ་དང་། གཡོག་དེ་དག་ཡང་དང་ཡང་དུ་རྒྱལ་པོའི་ཕོ་བྲང་དུ་ལས་བྱེད་དུ་བཅུག་ནས། དེ་དག་གིས་ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་ཅག་འཕགས་པ་དག་གི་ཞབས་འབྲིང་བར་ཕུལ་བ་ནི། བདག་ཅག་གློ་བ་དགའ་ན་ཅིའི་

སླད་དུ་བདག་ཅག་ཡང་དང་ཡང་དུ་རྒྱལ་པོའི་ཕོ་བྲང་དུ་སུག་ལས་བགྱིད། བཞིན་བཟངས་དག་འཁྲུག་ལོང་མ་བྱེད་ཅིག་དང་། ཁོ་བོས་རྒྱལ་པོ་ལ་གསོལ་བར་བྱའོ། །ཇི་ཙམ་དུས་གཞན་ཞིག་ན་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡང་ཚེ་དང་ལྡན་པ་

པི་ལིན་དའི་བུའི་དྲུང་དུ་འོངས་ཏེ་རྐང་པ་ལ་ཕྱག་འཚལ་ནས། ཚེ་དང་ལྡན་པ་པི་ལིན་དའི་བུའི་མདུན་དུ་འདུག་པ་དང་། ཚེ་དང་ལྡན་པ་པི་ལིན་དའི་བུས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་དགེ་འདུན་གྱི་དོན་དུ་གཡོག་དག་ཕུལ་བས་འགྱོད་པར་མ་གྱུར་ཏམ། འཕགས་པ་བདག་ལ་

འགྱོད་པ་འགའ་ཡང་མ་མཆིས་སོ། །འོ་ན་ཅིའི་ཕྱིར་གཡོག་དེ་དག་ཡང་རྒྱལ་པོའི་ཕོ་བྲང་དུ་ལས་བྱེད་དུ་བཅུག །རྒྱལ་པོས་སྟན་དེ་ཉིད་ལ་འདུག་བཞིན་དུ་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་འཕགས་པ་རྣམས་ཀྱི་ཞབས་འབྲིང་བ་དག་ཕྱིན་ཅད་རྒྱལ་པོའི་ཕོ་བྲང་

དུ་ལས་བྱེད་དུ་མ་གཞུག་ཤིག །བློན་པོ་རྣམས་ཀྱིས་གང་ཡང་རུང་བ་དག་ལ་རྒྱལ་པོའི་ཕོ་བྲང་དུ་ལས་གྱིས་ཤིག་ཅེས་བསྒོ་བ་ན། དེ་དག་ན་རེ་བདག་ཅག་འཕགས་པ་དག་གི་ཡིན་ནོ་ཞེས་ཟེར་ནས། བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་གང་ལ་ཡང་མཆིད་

སྩལ་བར་རྔོ་མ་ཐོག་སྟེ། གང་ཡང་རུང་བ་དག་ལ་རྒྱལ་པོའི་ཕོ་བྲང་དུ་སུག་ལས་ཚོལ་ཅིག་ཅེས་བགྱིས་ན། དེ་དག་བདག་ཅག་འཕགས་པ་རྣམས་ཀྱི་ལགས་སོ་ཞེས་མཆིའོ། །རྒྱལ་པོས་སྨྲས་པ། སོང་ལ་ཐམས་ཅད་ལས་བྱེད་དུ་ཆུག་ཤིག །དེ་དག་ཐམས་ཅད་

ཡང་རྒྱལ་པོའི་ཕོ་བྲང་དུ་ལས་བྱེད་དུ་བཅུག་ནས། དེ་དག་གིས་ཡང་ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་སྨྲས་པ། འཕགས་པ་བདག་ཅག་ཡང་དེ་ཁོ་ན་བཞིན་དུ་རྒྱལ་པོའི་ཕོ་བྲང་དུ་སུག་ལས་བགྱིད་དུ་སྩལ་ན། འཕགས་པས་མ་གསོལ་ཏམ། བཞིན་བཟངས་དག་གསོལ་

เล่ม ๕ · หน้า 103a

ཏེ། ཡང་གསོལ་བ་བྱའོ། །ཚེ་དང་ལྡན་པ་པི་ལིན་དའི་བུས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡང་དེ་ཁོ་ན་བཞིན་འོངས་པ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་ཅི་ལགས། ཁྱོད་ཡང་འགྱོད་པ་སྐྱེས་པར་གྱུར་ཏམ། འཕགས་པ་

ཅི་ནོངས། གཡོག་དག་ཡང་དེ་ཁོ་ན་བཞིན་དུ་ལས་བྱེད་དུ་བཅུག་གོ། །འཕགས་པ་གང་ལ་ཡང་མཆིད་སྩལ་བར་རྔོ་མ་ཐོག་སྟེ། གང་ཡང་རུང་བ་ལ་མཆིད་སྩལ་བ་ན་དེ་དག་བདག་ཅག་འཕགས་པ་དག་གི་ལགས་སོ་ཞེས་མཆིའོ། །ཨེ་མ་འཕགས་པ་དག་གི་ལྷ་འབངས་

ཀྱི་སྡུམ་པ་ལོགས་ཤིག་ཏུ་རྩིག་ཏུ་སྩལ་ན། འདི་དག་ནི་རྒྱལ་པོའི་འོ། །འདི་དག་ནི་འཕགས་པ་དག་གིའོ། །ཞེས་འཚལ་བར་འགྱུར་རོ། །ཚེ་དང་ལྡན་པ་པི་ལིན་དའི་བུས་སྨྲས་པ། བཅོམ་ལྡན་འདས་ལ་ཞུའོ། །དེ་ནས་ཚེ་དང་ལྡན་པ་པི་ལིན་དའི་བུས་དོན་དེ་བཅོམ་

ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལྷ་འབངས་ཀྱི་སྡུམ་པ་རྩིག་ཏུ་འཇུད་པར་རྗེས་སུ་གནང་ངོ་། །དགེ་སློང་དག་གིས་གནས་གང་དུ་ལྷ་འབངས་ཀྱི་སྡུམ་པ་རྩིག་ཏུ་གཞུག་པ་མི་ཤེས་ནས་བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། རྒྱལ་པོའི་ཕོ་བྲང་གི་ཕྱི་རོལ་དང་། འོད་མའི་ཚལ་གྱི་ཕྱི་རོལ་གྱི་བར་གང་དུ་སྐད་ཀྱིས་བོས་པ་ཐོས་ནས་དགེ་འདུན་གྱི་དོན་སྒྲུབ་པར་འགྱུར་བ་དེར་ལྷ་འབངས་ཀྱི་སྡུམ་པ་རྩིག་ཏུ་གཞུག་གོ། །དགེ་སློང་རྣམས་ཀྱིས་ཞང་བློན་དག་ལ་བསྒོ་བ། བཅོམ་

ལྡན་འདས་ཀྱིས་ཕྱོགས་འདིར་ལྷ་འབངས་ཀྱི་སྡུམ་པ་རྩིག་ཏུ་ཆུག་ཤིག་ཅེས་བཀའ་སྩལ་གྱིས་དེ་ཁྱེད་ཅག་གིས་ཤེས་པར་གྱིས་ཤིག །ཞང་བློན་དག་གིས་རྒྱལ་པོའི་ཁབ་ཏུ་དྲིལ་གྱི་སྒྲ་སྒྲོག་ཏུ་བཅུག་སྟེ། གང་དག་འཕགས་པ་རྣམས་ཀྱི་ཞབས་འབྲིང་བ་ཡིན་པ་དེ་

དག་རྒྱལ་པོའི་ཁབ་ཀྱི་ཕྱི་རོལ་དང་། འོད་མའི་ཚལ་གྱི་ཕྱི་རོལ་གྱི་བར་དུ་འདུག་པར་ཆད་ཀྱིས་དེང་ལ་དེར་སྡུམ་པ་རྩིགས་ཤིག་ཅེས་བསྒོ་ནས། དེ་དག་དེར་དོང་སྟེ་སྡུམ་པ་བརྩིགས་སོ། །ལྷ་འབངས་ཀྱི་སྡུམ་པ་བརྩིགས་ནས་དེ་དག་གཙུག་ལག་ཁང་དུ་དོང་སྟེ་ལས་

เล่ม ๕ · หน้า 103b

བྱེད་ཅིང་། དགེ་སློང་རྣམས་ཀྱིས་དེ་དག་ལ་ལས་འདི་ནི་རུང་བ་ཡིན་གྱིས་ཁྱེད་ཀྱིས་བྱའོ། །འདི་ནི་རུང་བ་མ་ཡིན་གྱིས་ཁྱེད་ཀྱིས་མི་བྱའོ་ཞེས་ལས་བསྟན་ནས། དེ་དག་ལས་རུང་བ་བྱེད་པས་ལྷ་འབངས་ལྷ་འབངས་ཞེས་བྱ་བའི་མིང་དུ་གྱུར་ཏོ། །དགེ་འདུན་གྱི་

ཀུན་དགའ་ར་བ་སྐྱོང་བར་བྱེད་པས་རྩེ་རྒོད་རྩེ་རྒོད་ཅེས་བྱ་བའི་མིང་དུ་གྱུར་ཏོ། །དེ་དག་ཐམས་ཅད་གཙུག་ལག་ཁང་དུ་འཇུག་པས་ཀླག་ཅོར་གྱི་སྒྲས་དགེ་སློང་དག་གིས་སེམས་རྩེ་གཅིག་པ་ཉིད་མི་སྒྲུབ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་སྙེད་དག་

གིས་ལས་འགྲུབ་པ་དེ་སྙེད་འཇུག་པར་བྱའི་ཐམས་ཅད་མི་བྱའོ། །དགེ་སློང་དག་གིས་དེ་དག་ཐམས་ཅད་ལ་ཟས་དང་གོས་སྦྱིན་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་ལས་བྱེད་པ་དེ་དག་ལ་ཟས་དང་གོས་སྦྱིན་པར་བྱའི་ཐམས་ཅད་ལ་མི་བྱའོ། །

དགེ་སློང་རྣམས་ཀྱིས་དེ་དག་ན་བ་ཡལ་བར་བོར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་ན་བ་དེ་དག་ལ་ཟས་དང་གོས་སྦྱིན་པར་བྱ་ཞིང་བསྙེན་བཀུར་ཡང་བྱའོ། །ཇི་ཙམ་དུས་གཞན་ཞིག་ན་ཉེ་དགའ་དགེ་སྐོས་བྱེད་པས་དེས་ལྷ་འབངས་དེ་དག་ལ་སྨྲས་པ། བཞིན་བཟངས་

དག་ཁོ་བོ་དགེ་སྐོས་བྱེད་ཀྱིས་ཁྱེད་ཅག་ནང་པར་སྔར་ཤོག་ཤིག །རྒྱལ་པོའི་ཁབ་ན་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་ཞེས་བྱ་བ་ཆོམ་རྐུན་པ་དག་གིས་ཀུན་ཏུ་སྤྱོད་པ་དེ་དག་དགག་དབྱེ་བྱས་མ་ཐག་ཏུ་ཤེས་ལྡན་དག་བདག་ཅག་གིས་ལས་ཅི་ཞིག་བྱས་ན་དེས་བཙལ་མི་དགོས་པར་ལོ་

སྐོར་དུ་ལོངས་སྤྱོད་ཅིང་བདེ་བར་གནས་པར་འགྱུར་ཞེས་ཕན་ཚུན་གྲོས་བྱེད་དོ། །དེ་ན་དགེ་སློང་གི་རྒྱུས་ཤེས་པ་ཅིག་འདུག་པ་དེས་སྨྲས་པ། ཤེས་ལྡན་དག་འཕགས་པ་དག་གི་གཡོག་གང་དག་གྲོང་ཁྱེར་གྱི་ཕྱི་རོལ་ན་འཁོད་པ་དེ་དག་གཞོམ་པར་བྱའོ། །གཞན་དག་

གིས་སྨྲས་པ། རེ་ཞིག་དེ་དག་གི་ཇོ་བོ་གང་དག་ཡིན་པ་དེ་དག་ཀྱང་སྒོ་འཕར་བརྒྱ་སྙེད་བཟླ་བ་བྱས་ཀྱང་ལྟོ་ཁེངས་པ་འགྲུབ་པར་དཀའ་བས་དེ་དག་ལ་ཡང་ཅུང་ཟད་ཀྱང་མེད་ན་དེ་དག་གི་གཡོག་དེ་དག་ལྟ་སྨོས་ཀྱང་ཅི་དགོས། དགེ་སློང་གི་རྒྱུས་ཤེས་པ་དེས་སྨྲས་པ། ཤེས་

เล่ม ๕ · หน้า 104a

ལྡན་དག་ཁྱེད་མི་ཤེས་ཏེ། དེ་དག་ནི་ཟན་གཞན་ལས་ཟ་ཞིང་རང་གི་ལས་རྗེས་སུ་སྒྲུབ་པ་དེ་ལྷུར་ལེན་ཏེ། ཐབས་དུ་མ་དག་གིས་ནོར་སྒྲུབ་པར་བྱེད་པས་དེ་དག་ལ་གང་ཡོད་པ་དེ་ནི་གྲོང་ཁྱེར་འདི་ན་ཡང་མེད་ཀྱིས་ཅུང་ཞིག་གཞོམ་པར་བྱའོ། །དེ་དག་

གིས་བརྡ་བྱས་ཏེ་དོང་ནས་དེ་དག་གཞོམ་པར་བརྩམས་སོ། །དེ་ནས་ལྷ་གང་དག་ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་མངོན་པར་དད་པ་དེ་དག་གིས་ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་མཁྱེན་པར་མཛོད་ཅིག །ཁྱེད་ཀྱི་ཞབས་འབྲིང་བ་

དག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་འཇོམས་པར་འགྱུར་གྱིས་བརྩོན་པར་མཛད་དུ་གསོལ། ཚེ་དང་ལྡན་པ་པི་ལིན་དའི་བུས་གལ་ཏེ་གཡོག་དག་ལ་མ་བསམས་ན་གཡོག་དག་ཀྱང་རེ་ཞིག་ནོར་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ལ། མ་

དད་པ་རྣམས་ཀྱིས་ཀྱང་གླགས་རྙེད་པར་འགྱུར་ཞིང་དད་པ་རྣམས་ཀྱང་འདི་ལྟར་སྦྱིན་པར་བྱ་བའི་ཆོས་བྱིན་པ་དག་ཡོངས་སུ་སྐྱོང་བར་མི་བྱེད་ན། ཕྱིན་ཆད་སུ་ཞིག་ཤཱཀྱའི་སྲས་ཀྱི་དགེ་སློང་རྣམས་ལ་སྦྱིན་པ་དང་བྱ་བར་སེམས་ཤེས་གཞན་དུ་གྱུར་པ་ཉིད་དུ་འགྱུར་གྱིས། རྫུ་འཕྲུལ་

རྣམ་པར་བསྟན་པར་བྱའོ་སྙམ་དུ་བསམས་ཤིང་རིག་ནས། ཚེ་དང་ལྡན་པ་པི་ལིན་དའི་བུས་ལྷ་འབངས་ཀྱི་སྡུམ་པ་དེ་ལྕགས་ཀྱི་ར་བས་བསྐོར་ཏོ། །ཆོམ་རྐུན་པ་དག་གིས་རྐུན་རྫས་ཐོགས་ཏེ་འཕགས་པ་དང་། ལྕགས་ཀྱི་ར་བ་མཐོང་ནས་དེ་དག་གིས་ཕན་ཚུན་ཀུན་ཏུ་འགྲོ་བར་

བརྩམས་ན་ལམ་མ་རྙེད་དོ། །དེ་དག་གིས་རྐུན་རྫས་བོར་ཏེ་འཕགས་པ་དང་། ལྕགས་ཀྱི་ར་བ་དེ་ཡང་མི་སྣང་བར་གྱུར་ཏོ། །དེ་དག་གིས་ཡང་རྐུན་རྫས་བླངས་པ་དང་། ལྕགས་ཀྱི་ར་བ་དེ་ཡང་ཡང་ཕྱིར་བྱུང་སྟེ། ལན་བདུན་གྱི་བར་དུ་དེ་ལྟར་གྱུར་པ་དང་། དེ་དག་གིས་སྨྲས་

པ། ཤེས་ལྡན་དག་འཕགས་པ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་འགའ་ཞིག་གིས་འདི་དག་ལ་དགོངས་པ་འདྲས་རྐུན་རྫས་བོར་ལ་བྲོས་པར་བྱའོ། །དེ་དག་གིས་རྐུན་རྫས་ཕྱོགས་གཅིག་ཏུ་བོར་ཏེ་བྲོས་སོ། །ལྷ་འབངས་དེ་དག་སད་པ་དང་། ཤེས་ལྡན་དག་བདག་ཅག་བཅོམ་

เล่ม ๕ · หน้า 104b

མོ། །བདག་ཅག་བཅོམ་མོ་ཞེས་ཀུ་ཅོ་འདོན་ཅིང་དེ་དག་ནོར་དང་བྲལ་བ་ལས་བྱུང་བའི་ཡིད་མི་བདེ་བ་དང་ལྡན་ཞིང་ཐམས་ཅད་འདུས་ནས་ལྷ་འབངས་ཀྱི་སྡུམ་པ་ཀུན་ཏུ་བྱུལ་བར་བརྩམས་པ་དང་། ཕྱོགས་གཅིག་ན་རྫས་ཐམས་ཅད་སྤུངས་ཏེ་བཞག་པ་མཐོང་ངོ་། །དེ་

ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ་རང་རང་གི་རྫས་བླངས་ནས་ཁྱིམ་ཁྱིམ་དུ་དོང་ངོ་། །དེ་དག་གིས་སོ་སོའི་ཁྱིམ་སྲུང་བ་བཞག་སྟེ། གཉིད་ལོག་པ་ན་ལྷ་དེས་དེ་དག་གི་རྨི་ལམ་དུ་སྦྲན་པ། ཤེས་ལྡན་དག་ཁྱེད་ཅག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་མ་བཅོམ་

པ་འདི་དག་ཐམས་ཅད་ནི་འཕགས་པ་པི་ལིན་དའི་བུའི་མཐུ་ཡིན་ནོ། །དེ་ནས་མཚན་མོ་ནམ་ནངས་པ་དང་། ཐམས་ཅད་འདུས་ཏེ་སྨྲས་པ། ཤེས་ལྡན་དག་ལྷས་རྨི་ལམ་དུ་ཁྱེད་ཅག་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་མ་བཅོམ་པ་འདི་དག་ཐམས་ཅད་ནི་འཕགས་

པ་པི་ལིན་དའི་བུའི་མཐུ་ཡིན་ནོ་ཞེས་བསྟན་ཏོ། །དེ་ནི་དེ་ཁོ་ན་བཞིན་ཡིན་གྱིས་གཞན་དུ་ན་འཕགས་པ་པི་ལིན་དའི་བུ་མ་གཏོགས་པར་གཞན་སུ་ཞིག་བདག་ཅག་ལ་སྙིང་རྗེ་བར་འགྱུར། དེའི་ཚེ་དེ་དག་ཇེ་བྱི་དོར་བྱས་ལ་ཕྱིས་གཙུག་ལག་ཁང་དུ་འདོང་ངོ་ཞེས་དེ་དག་

ཁྲུས་བྱས་ཤིང་གོས་དཀར་པོ་དང་། དྲི་དང་། ཕྲེང་བ་རྒྱུས་བརྒྱན་ཏེ། བྱི་དོར་བྱས་ཏེ་གཙུག་ལག་ཁང་དུ་དོང་ངོ་། །ཉེ་དགའ་ཡང་ནང་པར་སྔར་ལངས་ནས་ལྡེ་མིག་དང་ལྡེ་མིག་ཀྱོག་པོ་ཐོགས་ནས་གཙུག་ལག་ཁང་གི་སྒོ་ཕྱེ་སྟེ། མར་མེའི་ཀོང་བུ་བསལ་ནས་གཙུག་

ལག་ཁང་དུ་ཆག་ཆག་དང་བྱུག་པ་བྱས་ཏེ། གནས་མལ་བཤམས་ནས་མཆོད་རྟེན་གྱི་འཁོར་སར་བདུག་སྤོས་བྲིམས་ནས་ཁང་སྟེང་དུ་འཛེགས་ཏེ། གཎྜཱི་རྡུང་ཞིང་ཕྱོགས་བཞིར་རྣམ་པར་ལྟའོ། །དེས་དེ་དག་གོས་དཀར་པོ་དང་། དྲི་དང་། ཕྲེང་བ་རྒྱུས་བརྒྱན་

པ་དག་མཐོང་ནས། དེ་འདི་དག་ནོར་ཅན་དག་གམ། ཚོང་དཔོན་དག་གམ། དེད་དཔོན་གཙུག་ལག་ཁང་ལྟར་འོང་བ་སུ་ཞིག་ཡིན་སྙམ་དུ་སེམས་སོ། །གང་གི་ཚེ་མཆོད་རྟེན་གྱི་འཁོར་སར་ཞུགས་པ་དེའི་ཚེ་དེས་དེ་དག་ངོ་ཤེས་ནས་ཉེ་དགའས་གཤེ་ཞིང་སྨྲས་པ།

เล่ม ๕ · หน้า 105a

ངས་ཁྱེད་ཅག་ལ་སང་ནང་པར་སྔར་ཤོག་ཤིག་ཅེས་མ་བསྒོ་འམ། ཁྱེད་གར་དོང་དོང་། དེ་དག་གིས་སྨྲས་པ། འཕགས་པ་གལ་ཏེ་བདག་ཅག་ལ་འཕགས་པ་པི་ལིན་དའི་བུས་མ་དགོངས་སུ་ལགས་ན། བདག་ཅག་དེང་ཁོ་ནར་སྟོན་ཟླ་ཐ་

ཆུངས་ཀྱི་གཡོན་ཅན་དག་གིས་ཚུལ་མ་ལགས་པས། སྡུག་བསྔལ་བསྒྲུབས་པར་འགྱུར་རོ། །ཉེ་དགའས་གཤེ་ཞིང་སྨྲས་པ། ཁྱེད་ཅག་རེ་ཞིག་གང་གི་མཐུས་སྙེམས་པ་དེ་ལ་ཡང་ཇེ་ཁྲིམས་བཅའ་བར་བྱའོ་ཞེས་རིག་ནས་དྲུག་སྡེ་དག་སྦྲན་ཏེ། ཚེ་དང་ལྡན་པ་པི་ལིན་

དའི་བུ་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་ལ་ཕྱག་འཚལ་ལོ། །ཚེ་དང་ལྡན་པ་དག་ཨ་རོག་གྱ། གནས་བརྟན་ཇེ་སྐབས་ཕྱེ་ཤིག །ལྟུང་བ་སྡེ་ལྔ་པོ་དག་ལ་སྐབས་ཕྱེའོ། །གནས་བརྟན་གྱིས་བ་

ཞབས་འབྲིང་བ་དག་གི་ནོར་སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་གིས་བརྐུས་པ་ཐར་བར་བགྱིས་སམ། དེ་བཞིན་ཏེ་ཐར་བར་བྱས་སོ། །གནས་བརྟན་བདག་ཅག་གིས་གནས་བརྟན་གོ། །བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམ་པར་

འཇུག་པ་དག་གི་བདེ་བ་ཉམས་སུ་མྱོང་བར་མཛད་ཅིང་བཞུགས་པར་འཚལ་གྱི། བདག་ཅག་གིས་ཐུགས་རྗེ་ཕྱོགས་གཅིག་པ་དང་ལྡན་ཞིང་ཞབས་འབྲིང་བ་དག་ལ་ཐུགས་རྗེ་བར་མཛད་ལ། སྟོན་ཟླ་ཐ་ཆུངས་ཀྱི་གཡོན་ཅན་དག་ལ་མི་མཛད་པར་མ་འཚལ་ཏོ། །གཞན་

དག་གིས་བདག་གིར་བགྱིས་པའི་ནོར་དག་ཐར་བར་བགྱིས་པའི་ལྟུང་བ་བྱུང་བ་ཆོས་བཞིན་དུ་སླར་མཛོད་ཅིག །ལྟུང་བ་མ་མཐོང་ངོ་། །ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་ལྟུང་བ་མ་མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱའོ་ཞེས་གསུངས་ཀྱིས། ཁང་སྐྱོང་

སུ་སྣང་། གཎྜཱི་རྡུངས་ཤིག །འདི་གནས་ནས་དབྱུང་བའི་ལས་བྱའོ་ཞེས་དེ་དག་ཁང་སྐྱོང་གི་དྲུང་དུ་དོང་ནས་སྨྲས་པ། ཚེ་དང་ལྡན་པ་གཎྜཱི་རྡུངས་ཤིག །ཅིའི་ཕྱིར་དོན་ཉུང་ངུ་ལ་ལྟུང་བ་བྱུང་བ་ཆོས་བཞིན་དུ་ཕྱིར་མི་འཆོས་པས་དེ་གནས་ནས་དབྱུང་བའི་ལས་བྱའོ། །དེའི་

เล่ม ๕ · หน้า 105b

ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་དགེ་འདུན་གྱི་གནས་བརྟན་བྱེད་ཅིང་བསྟན་པ་ལ་ཆོས་ཀྱི་སྒྱུ་ཐབས་ཀྱིས་མི་མཐུན་པ་འགའ་འབྱུང་བར་མི་འགྱུར་རམ་ཞེས་ཀུན་ཏུ་སྤྱོད་པའི་ཆོས་རྨེད་པར་བྱེད་པས་དེས་ཁང་སྐྱོང་ལ་རྨས་པ། ཚེ་དང་ལྡན་པ་སུ་ཞིག་ཡོངས་སུ་གནས་པའམ། གཞི་

ནས་ཡོངས་སུ་གནས་པའམ། མགུ་བར་བྱ་བའམ། གཞི་ནས་མགུ་བར་བྱ་བའམ། འབྱིན་པར་བྱེད། སུ་ཡང་མི་བགྱིད་དེ། འདི་ལྟར་ཚེ་དང་ལྡན་པ་པི་ལིན་དའི་བུ་ལྟུང་བ་བྱུང་བ་ཆོས་བཞིན་དུ་སླར་མི་བགྱིད་པ་དེ་ལྟུང་བ་མ་མཐོང་བའི་སླད་དུ་གནས་ནས་དབྱུང་བའི་ལས་

བགྱིད་དོ། །ཚེ་དང་ལྡན་པ་དགེ་སློང་གནས་བརྟན་ལ་ཐོ་མ་འཚམ་པར་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་འདི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། མཁྱེན་པ་དང་ཤེས་བྱ་དག་ལ་བླ་ན་མེད་པའི་མངའ་བརྙེས་པ། ཐེ་ཚོམ་ཐམས་ཅད་གཅོད་པར་

མཛད་པ་ཡིན་གྱིས་དེའི་གན་དུ་དེང་ལ་དོན་འདི་ཞུས་ཤིག་དང་། བཅོམ་ལྡན་འདས་ཀྱིས་ཁྱེད་ལ་ཇི་སྐད་ལུང་བསྟན་པ་དེ་དེ་ཁོ་ན་བཞིན་དུ་ཟུང་ཤིག །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་

མཁྱེན་བཞིན་དུ་རྨེད་པར་མཛད་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་རྨས་པ། པི་ལིན་དའི་བུ་ཁྱོད་ཀྱིས་བསམ་པ་ཇི་ལྟ་བུས་རྫུ་འཕྲུལ་རྣམ་པར་བསྟན། བཙུན་པ་བདག་འདི་སྙམ་བགྱིད་དེ། གལ་ཏེ་སུག་རྗེད་

དག་ལ་མ་བསམས་ན། སུག་རྗེད་དག་ཀྱང་རེ་ཞིག་ནོར་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཞིང་མ་དད་པ་རྣམས་ཀྱིས་ཀྱང་གླགས་རྙེད་པར་འགྱུར་ལ། དད་པ་རྣམས་ཀྱང་འདི་ལྟར་སྦྱིན་པར་བྱ་བའི་ཆོས་བྱིན་པ་ཡོངས་སུ་སྐྱོང་བར་མི་

བྱེད་པས་ཕྱིན་ཅད་སུ་ཞིག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ལ་སྦྱིན་པ་དང་བྱ་བར་སེམས་ཤེས་གཞན་དུ་གྱུར་པ་ཉིད་དུ་འགྱུར་གྱིས། བདག་གིས་རྫུ་འཕྲུལ་རྣམ་པར་བསྟན་པར་བགྱིའོ་སྙམ་པས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་

เล่ม ๕ · หน้า 106a

སློང་པི་ལིན་དའི་བུས་བསམ་པ་དེ་ལྟ་བུས་རྫུ་འཕྲུལ་རྣམ་པར་བསྟན་པ་ལ་ལྟུང་བ་མེད་དོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་ནོར་ཅན་གྱིས་དགེ་སློང་

གི་དགེ་འདུན་སྐྱོན་མ་མཆིས་ཤིང་ཆུ་བུར་མ་མཆིས་པ་ལ་དེའི་དང་པོར་འདི་ལྟ་སྟེ། མ་བྱིན་པར་ལེན་པའི་རྐྱེན་གྱིས་ཆུ་བུར་བྱུང་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་དུ་མ་ཟད་ཀྱིས། འདི་ལྟར་འདས་པའི་དུས་ན་ཡང་འདིས་

འཇིག་རྟེན་སྐྱོན་མེད་ཅིང་ཆུ་བུར་མེད་པ་ལ་དེའི་དང་པོར་འདི་ལྟ་སྟེ། མ་བྱིན་པར་ལེན་པའི་རྐྱེན་གྱིས་ཆུ་བུར་ཕྱུང་སྟེ། དེ་ཉོན་ཅིག་དགེ་སློང་དག་འཇིག་རྟེན་འདི་འཇིག་པའི་དུས་གང་ཡིན་པ་དེ་ཡང་ཡོད་དེ། འཇིག་རྟེན་འཇིག་པ་ན་སེམས་ཅན་དག་ཕལ་ཆེར་འོད་གསལ་གྱི་

ལྷའི་རིགས་སུ་སྐྱེའོ། །དེ་དག་དེ་ན་གཟུགས་ཅན་ཡིད་ལས་བྱུང་བ་མ་ཚང་བ་མེད་པ། དབང་པོ་མ་ཉམས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། བཟང་བ། ཁ་དོག་དང་ལྡན་པ། རང་ལས་འོད་འབྱུང་བ། ནམ་མཁའ་ལ་འགྲོ་བ། དགའ་

བ་ཟ་བ། དགའ་བའི་ཟས་དང་ལྡན་པ། ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེའི་ཚེ་ན་ས་ཆེན་པོ་འདི་ཆུ་འབའ་ཞིག་དང་། རྒྱ་མཚོ་འབའ་ཞིག་ཏུ་གྱུར་ཏེ། ས་ཆེན་པོ་ཆུ་འབའ་ཞིག་དང་། རྒྱ་མཚོ་འབའ་ཞིག་ཏུ་གྱུར་པའི་སྟེང་དུ་རླུང་གིས་སྤྲིས་མ་ཀུན་ཏུ་འཆགས་

པར་བྱེད། ཀུན་ཏུ་འཐས་པར་བྱེད། ཀུན་ཏུ་ཁྱབ་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་འོ་མ་བསྐོལ་བ་གྲངས་པར་གྱུར་པའི་སྟེང་དུ་རླུང་གིས་སྤྲིས་མ་ཀུན་ཏུ་འཆགས་པར་བྱེད། ཀུན་ཏུ་འཐས་པར་བྱེད། ཀུན་ཏུ་ཁྱབ་པར་བྱེད་པ་དེ་བཞིན་དུ། ས་ཆེན་པོ་ཆུ་

འབའ་ཞིག་དང་། རྒྱ་མཚོ་འབའ་ཞིག་ཏུ་གྱུར་པའི་སྟེང་དུ་ཡང་རླུང་གིས་སྤྲིས་མ་ཀུན་ཏུ་འཆགས་པར་བྱེད། ཀུན་ཏུ་འཐས་པར་བྱེད། ཀུན་ཏུ་ཁྱབ་པར་བྱེད་དོ། །དེ་ནི་སའི་བཅུད་ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ། རོ་ཕུན་སུམ་ཚོགས་པ་ཡིན་

เล่ม ๕ · หน้า 106b

ཏེ། ཁ་དོག་གིས་ནི་འདི་ལྟ་བུ་སྟེ། འདི་ལྟ་སྟེ། དཔེར་ན་མར་ལྟ་བུའོ། །རོས་ནི་འདི་ལྟ་བུ་སྟེ། འདི་ལྟ་སྟེ། དཔེར་ན་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་ལྟ་བུའོ། །དགེ་སློང་དག་འཇིག་རྟེན་འདི་འཆགས་པའི་དུས་གང་ཡིན་པ་དེ་ཡང་ཡོད་དེ། འཇིག་རྟེན་འཆགས་

པ་ན་འོད་གསལ་གྱི་ལྷའི་རིས་དེ་ནས་སེམས་ཅན་ཁ་ཅིག་ཚེ་ཟད། ལས་ཟད། བསོད་ནམས་ཟད་པས་ཤི་འཕོས་ཏེ། འདི་ལྟ་བུ་ཉིད་དུ་མི་རྣམས་དང་སྐལ་བ་མཐུན་པ་ཉིད་དུ་འོང་ཞིང་འདིར་ཡང་གཟུགས་ཅན་ཡིད་ལས་བྱུང་བ། མ་ཚང་བ་མེད་པ། དབང་པོ་མ་ཉམས་པ།

ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། བཟང་བ། ཁ་དོག་དང་ལྡན་པ། རང་ལས་འོད་འབྱུང་བ། ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་བ། དགའ་བའི་ཟས་དང་ལྡན་པ། ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེའི་ཚེ་ན་འཇིག་རྟེན་དུ་ཉི་མ་དང་ཟླ་བ་དག་ཀྱང་མ་བྱུང་

ངོ་། །འཇིག་རྟེན་དུ་རྒྱུ་སྐར་དག་ཀྱང་མ་བྱུང་། མཚན་མོ་དང་། ཉིན་མོ་དག་ཀྱང་མ་བྱུང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དག་ཀྱང་མ་བྱུང་། ཟླ་བ་དང་། ཟླ་བ་ཕྱེད་དང་། དུས་ཚིགས་དང་། ལོ་དག་ཀྱང་མ་བྱུང་ངོ་། །བུད་མེད་ཀྱང་མེད། སྐྱེས་པ་ཡང་མེད།

སེམས་ཅན་སེམས་ཅན་ཞེས་བྱ་བ་འབའ་ཞིག་གི་གྲངས་སུ་འགྲོའོ། །དེ་ནས་སེམས་ཅན་བརྐམ་པའི་རང་བཞིན་ཅན་ཞིག་སོར་མོའི་རྩེ་མོས་སའི་བཅུད་མྱོང་བར་བྱེད་དོ། །ཇི་ལྟ་ཇི་ལྟར་མྱོང་བར་བྱེད་པ་དེ་ལྟ་དེ་ལྟར་འདོད་པར་བྱེད་དོ། །ཇི་ལྟ་ཇི་ལྟར་འདོད་པར་བྱེད་པ་དེ་ལྟ་

དེ་ལྟར་ཁམ་གྱི་ཟས་ཀྱི་རྩོམ་པས་ཟོས་པར་གྱུར་ཏོ། །སེམས་ཅན་གཞན་དག་གིས་ཀྱང་སེམས་ཅན་དེ་སོར་མོའི་རྩེ་མོས་སའི་བཅུད་མྱོང་བར་བྱེད་པ་ན་ཇི་ལྟ་ཇི་ལྟར་མྱོང་བར་བྱེད་པ་དེ་ལྟ་དེ་ལྟར་འདོད་པར་བྱེད་པ་དང་། ཇི་ལྟ་ཇི་ལྟར་འདོད་པར་བྱེད་པ་དེ་ལྟ་དེ་ལྟར་ཁམ་གྱི་

ཟས་ཀྱི་རྩོམ་པས་ཟོས་པར་གྱུར་པ་མཐོང་ངོ་། །མཐོང་ནས་སེམས་ཅན་དེ་དག་ཀྱང་འདི་སྙམ་དུ་ཀྱེ་མ་དེ་ནི་ལེགས་སོ། །ཀྱེ་མ་དེ་ནི་བཟང་ངོ་། །བདག་ཅག་གིས་ཀྱང་སོར་མོའི་རྩེ་མོས་སའི་བཅུད་མྱང་བར་བྱའོ་སྙམ་དུ་སེམས་ཤིང་། དེ་དག་ཀྱང་སོར་མོའི་རྩེ་

เล่ม ๕ · หน้า 107a

མོས་སའི་བཅུད་མྱོང་བར་བྱེད་དོ། །ཇི་ལྟ་ཇི་ལྟར་མྱོང་བར་བྱེད་པ་དེ་ལྟ་དེ་ལྟར་འདོད་པར་བྱེད་དོ། །ཇི་ལྟ་ཇི་ལྟར་འདོད་པར་བྱེད་པ་དེ་ལྟ་དེ་ལྟར་ཁམ་གྱི་ཟས་ཀྱི་རྩོམ་པས་ཟོས་པར་གྱུར་ཏོ། །གང་གི་ཕྱིར་སེམས་ཅན་དེ་དག་གིས་སའི་བཅུད་ཁམ་གྱི་

ཟས་ཀྱི་རྩོམ་པས་ཟོས་པར་གྱུར་པ་དེའི་ཕྱིར་དེ་དག་གི་ལུས་ལ་སྲ་བ་ཉིད་དང་། ལྕི་བ་ཉིད་བྱུང་ཞིང་དེ་དག་གི་ཁ་དོག་གསལ་བ་བཟང་པོ་གང་ཡིན་པ་དེ་ཡང་མེད་པར་གྱུར། འཇིག་རྟེན་དུ་མུན་པ་ཡང་བྱུང་བར་གྱུར་ཏོ། །དགེ་སློང་དག་ཆོས་ཉིད་ཀྱིས་ན་འཇིག་རྟེན་དུ་མུན་

པ་བྱུང་བ་ན་འཇིག་རྟེན་དུ་ཉི་མ་དང་། ཟླ་བ་དག་ཀྱང་འབྱུང་བར་འགྱུར་རོ། །འཇིག་རྟེན་དུ་རྒྱུ་སྐར་དག་དང་། མཚན་མོ་དང་། ཉིན་མོ་དག་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཅིག་དག་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། དུས་ཚིགས་དང་། ལོ་དག་ཀྱང་

འབྱུང་བར་འགྱུར་རོ། །དེ་དག་དེ་ཟ་ཞིང་ཟས་དེ་དག་དང་ལྡན་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེ་དག་ལས་གང་ཟས་ཆེས་ཆུང་ངུ་ཟ་བ་དེ་ནི་ཁ་དོག་དང་ལྡན་པར་འགྱུར་ལ། གང་ཟས་ཆེས་ཆེར་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་རོ། །དེ་ལྟར་ཟས་རྣམ་གཉིས་

ཉིད་ལ་ཁ་དོག་རྣམ་གཉིས་ཉིད་དུ་མངོན་ལ། ཁ་དོག་རྣམ་གཉིས་ཉིད་དུ་གྱུར་པ་ན་སེམས་ཅན་གྱིས་སེམས་ཅན་ལ། ཀྭའེ་སེམས་ཅན་ང་ནི་ཁ་དོག་དང་ལྡན་པ་ཡིན་ལ། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་ཁྱད་དུ་གསོད་པར་བྱེད་དོ། །དེ་དག་ཁ་དོག་གིས་མངོན་

པའི་ང་རྒྱལ་ཅན་དུ་གྱུར་པ་ན་སྡིག་པ་ཅན་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་རྒྱུས་སའི་བཅུད་མེད་པར་གྱུར་ཏོ། །དགེ་སློང་དག་སེམས་ཅན་དེ་དག་སའི་བཅུད་མེད་པར་གྱུར་པ་ན་འདུས་ཤིང་ལྷགས་ནས་མྱ་ངན་བྱེད། སྒྱིད་ལུག་པར་བྱེད། སྨྲེ་སྔགས་

འདོན་པར་བྱེད་ཅིང་འདི་སྐད་ཅེས་ཀྱེ་མའོ་བཅུད། ཀྱེ་མའོ་བཅུད་ཅེས་ཀྱང་ཟེར་ཏེ། འདི་ལྟ་སྟེ་དཔེར་ན་དེང་སང་མི་དག་ཟས་ཞིམ་པ་བཟང་པོ་ཅུང་ཞིག་རྙེད་ནས་ཡི་གེ་དང་སྦྱར་བ་དང་ཚིག་རྙིང་པ་དེ་དག་ཉིད་ཀྱིས་རྗེས་སུ་ཐ་སྙད་འདོགས་ཤིང་འདི་སྐད་ཅེས་ཀྱེ་མའོ་བཅུད།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด