འདུལ་བ་རྣམ་པར་འབྱེད་པ
ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་བི་བྷང་ག
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๘ · หน้า 1a
༄༅། །འདུལ་བ་ཉ་བཞུགས་སོ། །
เล่ม ๘ · หน้า 1b
༄༅༅། །འདུལ་བ་རྣམ་པར་འབྱེད་པ། བམ་པོ་དྲུག་བཅུ་རྩ་གསུམ་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་
བ་ན་བཞུགས་སོ། །དེའི་ཚེ་ན་དྲུག་སྡེ་དག་རང་གི་ལག་གིས་ས་རྐོ་བར་བྱེད། རྐོར་འཇུད་པར་བྱེད། རྣང་སྒལ་སྤྱུར་བར་བྱེད། སྤྱུར་དུ་འཇུད་པར་བྱེད། ཡུར་བ་འདྲེན་པར་བྱེད། འདྲེན་
དུ་འཇུད་པར་བྱེད་ནས། གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་རང་གི་ལག་གིས་ས་རྐོ་བར་བྱེད། རྐོར་འཇུད་པར་བྱེད། རྣང་སྒལ་སྤྱུར་བར་བྱེད། སྤྱུར་
དུ་འཇུད་པར་བྱེད། ཡུར་བ་འདྲེན་པར་བྱེད། འདྲེན་དུ་འཇུད་པར་བྱེད་དེ། བྲམ་ཟེ་དང་ཁྱིམ་བདག་དག་ཀྱང་རང་གི་ལག་གིས་ས་རྐོ་བར་བྱེད། རྐོར་འཇུད་པར་བྱེད། རྣང་སྒལ་སྤྱུར་
བར་བྱེད། སྤྱུར་དུ་འཇུད་པར་བྱེད། ཡུར་བ་འདྲེན་པར་བྱེད། འདྲེན་དུ་འཇུད་པར་བྱེད་ན། ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་དང་། བྲམ་ཟེ་དང་། ཁྱིམ་བདག་དག་ལ་
เล่ม ๘ · หน้า 2a
བྱེ་བྲག་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད། སུ་ཞིག་དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང་བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་
ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་
བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་རང་གི་ལག་གིས་ས་རྐོ་བར་བྱེད། རྐོར་འཇུད་པར་བྱེད། རྣང་སྒལ་སྤྱུར་བར་བྱེད། སྤྱུར་དུ་འཇུད་པར་
བྱེད། ཡུར་བ་འདྲེན་པར་བྱེད། འདྲེན་དུ་འཇུད་པར་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་
བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་
བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་རང་གི་ལག་གིས་ས་རྐོ་འམ། རྐོར་འཇུད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་
เล่ม ๘ · หน้า 2b
ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །རང་གི་ལག་གིས་ཞེས་བྱ་བ་ནི་ལག་ནས་ལག་པས་སོ། །ས་ཞེས་བྱ་བ་ནི་ས་གཉིས་ཏེ། རང་བཞིན་ཅན་དང་། རང་བཞིན་ཅན་མ་ཡིན་པའོ། །རང་བཞིན་ཅན་ཞེས་བྱ་བ་ནི་ཆར་ཆུ་ཞོད་ན་ཟླ་བ་གསུམ་གྱིས་ས་འཐས་
པར་གྱུར་པའོ། །ཆར་ཆུ་མ་ཞོད་ན་ཟླ་བ་དྲུག་གིས་ས་འཐས་པར་གྱུར་པའོ། །རང་བཞིན་ཅན་མ་ཡིན་པ་ནི་དེ་ལས་གཞན་པའོ། །རྐོའམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །རྐོར་འཇུད་ན་ཞེས་བྱ་བ་ནི་གཞན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་
དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་
གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་ས་རྐོ་ན་རང་བཞིན་ཅན་རྐོ་ན་ལྟུང་བྱེད་དུ་འགྱུར་ལ། རང་བཞིན་ཅན་མ་ཡིན་པ་རྐོ་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་ས་ཞག་འགོགས་ན་སྲ་བ་འགོགས་པ་ན་ལྟུང་བྱེད་དུ་འགྱུར་ལ། གྲུགས་པ་འགོགས་ན་ཉེས་བྱས་སུ་འགྱུར་
རོ། །དགེ་སློང་ས་ལ་ཕུར་པ་འདེབས་ན་ལྟུང་བྱེད་དུ་འགྱུར་ལ། ས་ལས་ཕུར་པ་འབྱིན་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་ས་ལ་རི་མོ་འདྲེན་ན་ཉེས་བྱས་སུ་འགྱུར་རོ། །ཤོད་དགོད་པའི་བསམ་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་ས་དང་འབྱར་བའི་ལྕི་བ་འགོགས་ན་ཉེས་བྱས་སུ་འགྱུར་
ལ། ལྕི་བ་འབའ་ཞིག་འགོགས་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་ངོགས་རྟིབ་པར་བྱེད་ན་སྲ་བ་རྟིབ་པར་བྱེད་ན་ལྟུང་བྱེད་དུ་འགྱུར་ལ། གྲུགས་པ་རྟིབ་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་འདམ་སྐྱོད་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་འདམ་དང་འབྲེལ་བའི་
ཕྲུ་བ་དང་། བུམ་པ་དང་། རིལ་བ་འདེགས་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་རྩིག་པ་འཇིག་པར་བྱེད་ན་སྲ་བ་འཇིག་པར་བྱེད་ན་ལྟུང་བྱེད་དུ་འགྱུར་ལ། གྲུགས་པ་འཇིག་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་རྩིག་པའི་སྐྱོང་ནུལ་འགོགས་པར་བྱེད་ན་སྲ་བ་
เล่ม ๘ · หน้า 3a
འགོགས་པར་བྱེད་ན་ལྟུང་བྱེད་དུ་འགྱུར་ལ། གྲུགས་པ་འགོགས་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་རྩིག་པ་ལ་ཕུར་པ་འདེབས་ན་ལྟུང་བྱེད་དུ་འགྱུར་ལ། རྩིག་པ་ལས་ཕུར་པ་འབྱིན་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་རྩིག་པ་དང་འབྱར་བའི་ལྕི་བ་འགོགས་
པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་རྩིག་པ་ལ་རི་མོ་འདྲེན་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །ཤོད་དགོད་པའི་བསམ་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་རྩིག་པ་ལས་ཚྭ་རྒོ་འབྲུལ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་རྡོ་བ་ཅན་གྱིས་རྐོ་བར་བྱེད་ན། གལ་ཏེ་ས་ཆེས་
མང་ལ་རྡོ་བ་ཆེས་ཆུང་ན་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་རྡོ་བ་ཆེས་མང་ལ་ས་ཆེས་ཉུང་ན་ཉེས་བྱས་སུ་འགྱུར་རོ། །རྡོ་བ་འབའ་ཞིག་སྐྱོད་པར་བྱེད་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་བྱེ་མ་ཅན་གྱི་ས་རྐོ་བར་བྱེད་ན། གལ་ཏེ་ས་ཆེས་མང་ལ་བྱེ་མ་ཆེས་ཉུང་ན་ལྟུང་བྱེད་དུ་འགྱུར་རོ། །གལ་
ཏེ་བྱེ་མ་ཆེས་མང་ལ་ས་ཆེས་ཉུང་ན་ཉེས་བྱས་སུ་འགྱུར་རོ། །བྱེ་མ་འབའ་ཞིག་རྐོ་བ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་ལག་གི་བླས་རྒྱུ་སྐར་གྱི་སྦྱོར་བས་རུང་བར་བྱེད་པ་མེད་ན་ཐུར་མ་སོར་བཞི་ཙམ་ས་ལ་འཛུགས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་
པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ས་རྐོ་བའི་ལྟུང་བྱེད་དེ་བདུན་བཅུ་རྩ་གསུམ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་སེར་སྐྱའི་གནས་སུ་བྱོན་ནས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་
ར་བ་ན་བཞུགས་སོ། །ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་སེར་སྐྱའི་གནས་སུ་བྱོན་ནས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་བཅོམ་
ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལན་མང་དུ་གདུགས་ཚོད་ལ་ཁྱིམ་གཞན་དུ་སྤྱན་དྲངས་ཏེ་བཤོས་གསོལ་ན། ལན་འགའ་ཡང་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་མ་དྲངས་ཀྱིས་བདག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཟླ་བ་བཞིར་ཡོ་བྱད་ཐམས་
เล่ม ๘ · หน้า 3b
ཅད་ཀྱིས་སྤྱན་དྲང་ངོ་སྙམ་མོ། །དེ་ནས་ཤཱཀྱ་མིང་ཆེན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཤཱཀྱ་མིང་ཆེན་ལ་ཆོས་དང་ལྡན་པའི་
བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་
བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཤཱཀྱ་མིང་ཆེན་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་
སློང་གི་དགེ་འདུན་དང་བཅས་པས་དགུང་ཟླ་བཞིར་བདག་གི་ན་བཟའ་དང་། བསོད་སྙོམས་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་། བཅོམ་ལྡན་འདས་ཀྱིས་ཤཱཀྱ་མིང་ཆེན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཤཱཀྱ་མིང་ཆེན་གྱིས་
བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ནས་དེས་བསྙུང་བའི་རུང་བའི་ཁང་པ་རྩིག་ཏུ་བཅུག་ཅིང་། བསྙུང་བའི་སྨན་ཡང་འཇོག་ཏུ་བཅུག །བདེ་བའི་སྨན་དུས་
སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དག་ཀྱང་འཇོག་ཏུ་བཅུག །ཞུན་མར་བསྐོལ་བ་དང་མ་བསྐོལ་བ་དག་ཀྱང་འཇོག་ཏུ་
བཅུག །འབྲུ་མར་བསྐོལ་བ་དང་མ་བསྐོལ་བ་དག་ཀྱང་འཇོག་ཏུ་བཅུག །བ་དག་དང་། མ་ཧེ་མོ་དག་དང་། ར་བཞོན་དག་ཀྱང་འཇོག་ཏུ་བཅུག །ཡོ་བྱད་ཐམས་ཅད་ཀྱང་འཇོག་ཏུ་བཅུག །སྨན་པ་དང་སྙུན་གཡོག་དག་ཀྱང་འཇོག་ཏུ་བཅུག་སྟེ། དགེ་སློང་དག་ལ་ཡང་ཡོ་བྱད་
เล่ม ๘ · หน้า 4a
ཐམས་ཅད་ཀྱིས་བསྟབས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བཅའ་བ་དང་བཟའ་བ་འདི་ལྟ་བུ་རྙེད་ཀྱིས་ཐབས་ཤིག་བྱའོ་ཞེས་དེ་དག་གིས་སྨན་པ་ལ་དྲིས་པ། བཞིན་བཟངས་ཁོ་བོ་ཅག་ལ་ནད་ཅི་ཡོད་པ་ཇེ་ལྟོས་ཤིག །སྨན་པས་བསམས་པ།
འདི་དག་ནི་དགེ་སྦྱོང་ཧྲལ་པོ་དག་ཡིན་པས་ཟ་འདོད་ཀྱིས་འདི་དག་དང་མཐུན་པར་སྨྲ་བར་བྱའོ་སྙམ་ནས་དེས་དེ་དག་ལ་སྨྲས་པ། འཕགས་པ་དག་ཁྱེད་ཅག་ནི་ཤུལ་གྱིས་དུབ་པ་དག་ལགས་པས་ཇེ་སྐུར་སྣུམ་བག་གསོལ་ལ་དེའི་འོག་ཏུ་བསྐ་བ་གསོལ་ཅིག །དེ་དག་གིས་སྨྲས་པ།
དགའ་བོ་ཉེ་དགའ་འདི་ནི་སྨན་པ་ཆེན་པོ་ནད་དང་། ནད་ཀྱི་གཞི་དང་། ཁམས་ལ་མཁས་པ་རྒྱལ་པོ་ལ་མཁོ་བ་ཡིན་ཏེ། གལ་ཏེ་བདག་ཅག་ཐམས་ཅད་ཀྱིས་དུས་གཅིག་ཏུ་དེ་ལྟར་བྱ་བར་བརྩམས་ན་མྱུར་དུ་ཟིན་པར་འགྱུར་གྱིས་ཇེ་དང་པོར་གཉིས་ཀྱིས་སྣུམ་བག་བསྟེན་ཅིང་བཞིས་ནད་
གཡོག་བྱའོ། །དེའི་འོག་ཏུ་ཡང་གཉིས་ཀྱིས་སྣུམ་བག་བསྟེན་ཅིང་བཞིས་ནད་གཡོག་བྱའོ། །དེའི་འོག་ཏུ་ཡང་གཉིས་ཀྱིས་སྣུམ་བག་བསྟེན་ཅིང་བཞིས་ནད་གཡོག་བྱའོ། །དེ་ལྟར་བྱའོ་ཞེས་དེ་དག་ལས་གཉིས་ཀྱིས་སྣུམ་བག་བསྟེན་པར་བརྩམས་ཤིང་བཞིས་ནད་གཡོག་བྱེད་པ་ན་ཅི་ཙམ་ན་
ཟླ་བ་གཅིག་འདས་སོ། །དེའི་འོག་ཏུ་གཞན་གཉིས་ཀྱིས་སྣུམ་བག་བསྟེན་པར་བརྩམས་ཤིང་བཞིས་ནད་གཡོག་བྱེད་པ་ན་ཟླ་བ་གཉིས་པ་འདས་སོ། །དེའི་འོག་ཏུ་ཡང་གཞན་གཉིས་ཀྱིས་སྣུམ་བག་བསྟེན་པར་བརྩམས་ཤིང་བཞིས་ནད་གཡོག་བྱེད་པ་ན་ཟླ་བ་གསུམ་པ་འདས་སོ། །ཟླ་
བ་བཞི་པ་ལ་ཐམས་ཅད་འདུས་ཏེ་བཟའ་བར་བརྩམས་ནས་ཟླ་བ་བཞི་འདས་པ་དང་ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་གཤེགས་སྟོན་ལ་སྤྱན་དྲངས་པ་དང་ཉེ་དགའས་ཕྱག་ཚང་ལ་ཕྲིན་སྤྲིང་སྟེ། བཞིན་བཟངས་དེང་ཁོ་བོ་ལ་ཁུ་ཤ་དང་། ཁུ་བ་དང་། ཤ་ཚོད་དག་གྱིས་ཤིག་ཅེས་
སྤྲིང་ངོ་། །ཕྱག་ཚང་གིས་སྨྲས་པ། འཕགས་པ་དགུང་ཟླ་བཞི་འདས་ཏེ་ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་གཤེགས་སྟོན་ལ་སྤྱན་དྲངས་ན། ཁྱེད་ཀྱི་བྱ་བ་ད་དུང་ཡང་མ་རྫོགས་སམ། ཉེ་དགའས་སྨྲས་པ། བཀྲེན་པ་ཤཱཀྱ་མིང་ཆེན་ཁ་ཤིན་ཏུ་ཆེན་པོས་སངས་རྒྱས་ལ་སོགས་པ་
เล่ม ๘ · หน้า 4b
དགེ་སློང་གི་དགེ་འདུན་ཟླ་བ་བཞིར་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་འདྲེན་ན། གལ་ཏེ་སྤྱན་དྲང་བ་འདི་ལྟ་བུས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲང་དུ་རུང་ན་ནི་ཉེ་དགའས་ཀྱང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཇི་སྲིད་འཚོའི་བར་དུ་སྤྱན་འདྲེན་པར་སྤྲོའོ། །དེས་
སྨྲས་པ། ཁྱེད་ཅག་ཟླ་བ་བཞིར་ཤ་དང་ཁུ་བ་ཤ་སྟག་ཟོས་པར་གྱུར་ཀྱང་འོན་ཀྱང་ཁྱེད་ཅག་སྨོད་པར་བྱེད་ན། གནས་བརྟན་གནས་བརྟན་གང་དག་གིས་ཟླ་བ་བཞིར་ཨ་རུ་ར་འབྲུམ་གཅིག་ཀྱང་མ་གསོལ་བ་དེ་དག་ནི་ཤིན་ཏུ་དཀའ་བ་བྱེད་པ་ཡིན་ནོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་
དགེ་སློང་དག་ཧ་ཅང་སློང་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་ཧ་ཅང་བསླང་བར་མི་བྱའོ། །དགེ་སློང་
དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་མེད་པའི་དགོན་པའི་གནས་ཤིག་ན་དྲང་སྲོང་ཞིག་འདུག་སྟེ། དེའི་བསྟི་གནས་དེ་མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། ཉེན་ཀོར་ཕུན་སུམ་ཚོགས་པ་ཡིན་ནོ། །དེའི་བསྟི་གནས་དེ་དང་ཧ་ཅང་མི་རིང་བ་ན་རྫིང་ཆེན་པོ་ཞིག་
ཡོད་པ་དེ་ན་ཀླུ་གཞོན་ནུ་ཞིག་འདུག་གོ། །གང་གི་ཚེ་དྲང་སྲོང་དེ་སྐྱིལ་མོ་ཀྲུང་གིས་འདུག་པ་དེའི་ཚེ་ན་ཀླུ་གཞོན་ནུ་དེ་རྫིང་ཆེན་པོ་དེ་ནས་བྱུང་ནས་ལུས་ཀྱིས་དྲང་སྲོང་དེའི་ལུས་ལ་ལན་བདུན་དཀྲིས་ཏེ་སྟེང་དུ་གདེངས་ཀ་ཆེན་པོ་བྱས་ཏེ་འདུག་གོ། །གང་གི་ཚེ་དྲང་སྲོང་དེ་ལངས་པར་གྱུར་པ་
དེའི་ཚེ་ན་ཀླུ་གཞོན་ནུ་དེས་དྲང་སྲོང་དེའི་ལུས་ལ་ལུས་ཀྱིས་བཀྲོལ་ནས་དཔུང་རྒྱན་དང་། རྣ་ཆ་གདུབ་འཁོར་དང་། ཕྲེང་བ་རྒྱུ་སྣ་ཚོགས་ཀྱི་རྒྱན་དང་། བྱུག་པས་བརྒྱན་པར་གྱུར་ཏེ་ཐལ་མོ་སྦྱར་ནས་མདུན་དུ་འདུག་སྟེ། དྲང་སྲོང་དེ་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་པར་བྱེད་དོ། །
དྲང་སྲོང་དེ་ཀླུ་གཞོན་ནུ་དེའི་ལུས་ཀྱི་རེག་པས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། ལུས་མ་ཐོབ་པར་གྱུར་ཏོ། །དུས་གཞན་ཞིག་ན་དྲང་སྲོང་གཞན་ཞིག་ལྗོངས་རྒྱུ་ཞིང་འགྲོ་བ་ན་དྲང་སྲོང་དེའི་བསྟི་གནས་སུ་ཕྱིན་ནས་དེས་དྲང་སྲོང་དེ་ལ་སྨྲས་པ། ཀྱེ་
เล่ม ๘ · หน้า 5a
དྲང་སྲོང་ཁྱོད་ཀྱི་བསྟི་གནས་འདི་མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། ཉེན་ཀོར་ཕུན་སུམ་ཚོགས་པ་ཡིན་ན་ཁྱོད་ཅིའི་ཕྱིར་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། ལུས་མ་ཐོབ་པར་གྱུར། དེས་སྨྲས་པ། དེ་དེ་བཞིན་
ཏེ། ཁོ་བོའི་བསྟི་གནས་འདི་མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། ཉེན་ཀོར་ཕུན་སུམ་ཚོགས་པ་ཡིན་མོད་ཀྱི། འོན་ཀྱང་འདི་ན་ཉེས་དམིགས་ཀྱང་ཡོད་དོ། །འདི་ན་ཉེས་དམིགས་ཅི་ཡོད། །དེས་སྨྲས་པ། རྫིང་ཆེན་པོ་འདི་ན་ཀླུ་གཞོན་ནུ་ཞིག་འདུག་སྟེ། གང་གི་
ཚེ་ཁོ་བོ་སྐྱིལ་མོ་ཀྲུང་གིས་འདུག་པ་དེའི་ཚེ་ན་ཀླུ་གཞོན་ནུ་དེ་རྫིང་ཆེན་པོ་དེ་ནས་བྱུང་ནས་ལུས་ཀྱིས་ཁོ་བོའི་ལུས་ལ་ལན་བདུན་དཀྲིས་ཏེ་སྟེང་དུ་གདེངས་ཀ་ཆེན་པོ་བྱས་ཏེ་འདུག་གོ། །གང་གི་ཚེ་ཁོ་བོ་ལངས་པར་གྱུར་པ་དེའི་ཚེ་ན་དེས་ཁོ་བོའི་ལུས་ལ་ལུས་ཀྱིས་བཀྲོལ་ནས་དཔུང་རྒྱན་དང་། རྣ་
ཆ་གདུབ་འཁོར་དང་། ཕྲེང་བ་རྒྱུ་སྣ་ཚོགས་ཀྱི་རྒྱན་དང་། བྱུག་པས་བརྒྱན་པར་གྱུར་ཏེ། ཐལ་མོ་སྦྱར་ནས་མདུན་དུ་འདུག་སྟེ་ཁོ་བོ་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་པར་བྱེད་དེ། དེའི་ལུས་ཀྱི་རེག་པས་ཁོ་བོ་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་
དང་། ལུས་མ་ཐོབ་པར་གྱུར་ཏོ། །དེས་སྨྲས་པ། ཁྱོད་ཀླུ་གཞོན་ནུ་དེ་ཕྱིན་ཅད་འོང་བར་མི་འགྱུར་བར་འདོད་དམ། དེས་སྨྲས་པ། འདོད་དོ། །དེས་སྨྲས་པ། གང་གི་ཚེ་ཀླུ་གཞོན་ནུ་དེ་ཁྱོད་ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་པར་བྱེད་པ་དེའི་ཚེ་ན་དེའི་མགོ་ལ་ནོར་བུ་འདུག་པ་དེ་
སློངས་ཤིག་དང་ཀླུ་རྣམས་ནི་སེར་སྣ་ཅན་ཡིན་པས་མི་སྟེར་བས་ཕྱིན་ཅད་འོང་བར་མི་འགྱུར་རོ། །དུས་གཞན་ཞིག་ན་དྲང་སྲོང་དེ་སྐྱིལ་མོ་ཀྲུང་གིས་འདུག་པ་དེའི་ཚེ་ན་ཀླུ་གཞོན་ནུ་དེ་དེ་བཞིན་དུ་རྫིང་ཆེན་པོ་དེ་ནས་བྱུང་ནས་ལུས་ཀྱིས་དྲང་སྲོང་དེའི་ལུས་ལ་ལན་བདུན་དཀྲིས་ཏེ་སྟེང་དུ་གདེངས་ཀ་
ཆེན་པོ་བྱས་ཏེ་འདུག་གོ། །གང་གི་ཚེ་དྲང་སྲོང་དེ་ལངས་པར་གྱུར་པ་དེའི་ཚེ་ན་ཀླུ་གཞོན་ནུ་དེས་དྲང་སྲོང་དེའི་ལུས་ལ་ལུས་ཀྱིས་བཀྲོལ་ནས་དཔུང་རྒྱན་དང་། རྣ་ཆ་གདུབ་འཁོར་དང་། ཕྲེང་བ་རྒྱུ་སྣ་ཚོགས་ཀྱི་རྒྱན་དང་བྱུག་པས་བརྒྱན་པར་གྱུར་ཏེ་ཐལ་མོ་སྦྱར་ནས་མདུན་དུ་འདུག་སྟེ་དྲང་སྲོང་དེ་
เล่ม ๘ · หน้า 5b
ལ་ཡོ་བྱད་ཐམས་ཅད་ཀྱིས་སྟོབས་པར་བྱེད་པ་ན་དྲང་སྲོང་དེས་དེ་ལ་སྨྲས་པ། ཀླུ་གཞོན་ནུ་ཁྱོད་ཀྱི་མགོ་ལ་འདུག་པའི་ནོར་བུ་གང་ཡིན་པ་དེ་ཁོ་བོ་ལ་བྱིན་ཅིག །དེས་སྨྲས་པ། ཕ་མ་དག་ལ་དྲི་བར་བྱའོ། །དྲང་སྲོང་གིས་སྨྲས་པ། དེ་ལྟར་གྱིས་ཤིག །ཀླུ་གཞོན་ནུ་དེས་ཕ་མ་གཉིས་ལ་དྲིས་
པ། ཡབ་ཡུམ་གཉིས་དྲང་སྲོང་བདག་གི་ནོར་བུ་སློང་ན་དེ་ལ་སྩལ་བར་བགྱིའམ། དེ་གཉིས་ཀྱིས་སྨྲས་པ། ནོར་བུ་འདིའི་མཐུས་བདག་ཅག་གིས་ཟས་དང་། སྐོམ་དང་། སྤོས་དང་། ཕྲེང་བ་རྒྱུ་དང་། རྒྱན་དག་རྙེད་པ་ཡིན་གྱིས་མ་སྦྱིན་ཅིག །དེ་ནས་ཀླུ་གཞོན་ནུ་དེ་རྫིང་དེ་
ནས་བྱུང་སྟེ་དྲང་སྲོང་དེའི་མདུན་དུ་འདུག་པ་དང་དྲང་སྲོང་དེས་དེ་ལ་སྨྲས་པ། ཀླུ་གཞོན་ནུ་ཁྱོད་ཀྱི་མགོ་ལ་འདུག་པའི་ནོར་བུ་གང་ཡིན་པ་དེ་ཁོ་བོ་ལ་བྱིན་ཅིག །དེ་ནས་ཀླུ་གཞོན་ནུ་དེས་ཚིགས་སུ་བཅད་པ་དག་སྨྲས་པ། བཟའ་དང་བཏུང་དང་དེ་བཞིན་བགོ་བ་དག །ནོར་བུ་འདི་ཡི་
མཐུ་ལས་འགྲུབ་འགྱུར་བས། །དེ་ཕྱིར་ཁྱོད་ལ་ནོར་བུ་འདི་མི་སྦྱིན། །ཧ་ཅང་སློང་བས་ཞེ་སྡང་གནས་སུ་གྱུར། །ཧ་ཅང་སློང་བས་བདག་ལ་སྡིགས་བྱེད་པ། །རལ་གྲི་རྣོ་དང་འབྲུ་མར་བདར་བ་བཞིན། །གལ་ཏེ་ཁྱོད་གནས་ཕྱིན་ཆད་བདག་འོང་ན། །བདག་གི་ཀླད་པར་རྡོ་བས་སྣུན་
གྱིས་ཤིག །ཅེས་སྨྲས་ཏེ་མི་སྣང་བའི་ལམ་ན་འདུག་གོ། །དགེ་སློང་དག་རེ་ཞིག་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་དེ་དག་ཀྱང་ཧ་ཅང་བསླངས་པ་ན་མི་སྣང་བའི་ལམ་ན་འཁོད་ན་མི་དག་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན་དགེ་སློང་གིས་ཧ་ཅང་བསླང་བར་མི་བྱའོ། །
དགེ་སློང་དག་གཞན་ཡང་སྔོན་བྱུང་བ་འདས་པའི་དུས་ན་གྲོང་མེད་པའི་དགོན་པའི་གནས་ཤིག་ན་དྲང་སྲོང་ཞིག་འདུག་སྟེ། དེའི་བསྟི་གནས་དེ་མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། ཉེན་ཀོར་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ན་བྱ་མང་པོ་དག་གནས་པ་དེ་
དག་དེར་སྒྲ་འབྱིན་ཏེ། བསམ་གཏན་དག་གི་ཚེར་མ་ནི་སྒྲ་ཡིན་པས་དྲང་སྲོང་དེས་བྱ་མང་པོ་དག་གི་སྒྲ་དེས་སེམས་རྩེ་གཅིག་པ་ཉིད་མ་ཐོབ་བོ། །དེ་ནས་དྲང་སྲོང་གཞན་ཞིག་ལྗོངས་རྒྱུ་ཞིང་འགྲོ་བ་ན་དྲང་སྲོང་དེའི་བསྟི་གནས་སུ་ཕྱིན་ནས་དེས་དྲང་སྲོང་དེ་ལ་སྨྲས་པ། ཀྱེ་དྲང་སྲོང་ཁྱོད་
เล่ม ๘ · หน้า 6a
ཀྱི་བསྟི་གནས་འདི་ནི་མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། ཉེན་ཀོར་ཕུན་སུམ་ཚོགས་པ་བཟང་བ་ཡིན་ན་ཁྱོད་ཀྱིས་འདིར་སེམས་རྩེ་གཅིག་པ་ཉིད་ཐོབ་བམ། དེས་སྨྲས་པ། དེ་དེ་བཞིན་ཏེ། ཁོ་བོའི་བསྟི་གནས་འདི་མེ་ཏོག་ཕུན་སུམ་ཚོགས་
པ། འབྲས་བུ་ཕུན་སུམ་ཚོགས་པ། ཉེན་ཀོར་ཕུན་སུམ་ཚོགས་པ་བཟང་བ་ཡིན་ན་འོན་ཀྱང་འདི་ན་ཉེས་དམིགས་ཀྱང་ཡོད་དོ། །དེས་སྨྲས་པ། འདི་ན་ཉེས་དམིགས་ཅི་ཡོད། དེས་སྨྲས་པ། འདི་ན་བྱ་མང་པོ་དག་གནས་པ་དེ་དག་འདིར་སྒྲ་འབྱིན་པར་བྱེད་དེ། བསམ་གཏན་དག་གི་
ཚེར་མ་ནི་སྒྲ་ཡིན་པས་བདག་གིས་བྱ་མང་པོ་དག་གི་སྒྲ་དེས་སེམས་རྩེ་གཅིག་པ་ཉིད་མ་ཐོབ་བོ། །དེས་སྨྲས་པ། ཁྱོད་བྱ་དེ་དག་ཕྱིན་ཅད་འདིར་མི་འོང་བར་འདོད་དམ། དེས་སྨྲས་པ། འདོད་དོ། །དེས་སྨྲས་པ། ཚེས་ཉི་ཤུ་དགུའི་མཚན་མོ་རྩྭའི་མེ་སྒྲོན་སྦོར་ལ་ཤིང་ལྗོན་པ་དག་གི་དྲུང་དུ་
སོང་སྟེ་འདི་སྐད་ཅེས། སྒོ་ང་དག་བཟའོ། །ཕྲུ་གུ་དག་བཟའོ་ཞེས་སྨྲོས་ཤིག་དང་ཕྱིན་ཆད་འོང་བར་མི་འགྱུར་རོ། །དེས་དེ་ལྟར་བྱ་བར་བརྩམས་པ་དང་། བྱ་དེ་དག་གིས་བསམས་པ། དྲང་སྲོང་འདི་སྨྱོས་པར་གྱུར་ཏམ་ཅི་སྙམ་ནས། བྱ་དེ་དག་གིས་ཕྲུ་གུ་དག་འདབ་མ་སྐྱེས་པར་
གྱུར་པ་དང་དེ་དག་དོང་སྟེ། ཕྱིན་ཆད་མི་འོང་ཞིང་ཇི་ཙམ་ན་མཐར་གྱིས་ཐམས་ཅད་མི་སྣང་བའི་ལམ་ན་འཁོད་དོ། །དགེ་སློང་དག་རེ་ཞིག་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་དེ་དག་ཀྱང་ཧ་ཅང་བསླངས་པ་ན་མི་སྣང་བའི་ལམ་ན་འཁོད་ན་མི་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་
བས་ན་དགེ་སློང་གིས་ཧ་ཅང་བསླང་བར་མི་བྱའོ། །ཧ་ཅང་སློང་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་
ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱས་ནས་དེ་ལས་ལྷག་པར་བདག་གིར་བྱེད་པ་བདེན་ནམ། བཙུན་
เล่ม ๘ · หน้า 6b
པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་
མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་
པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །དེ་ནས་བཅོམ་ལྡན་འདས་སེར་སྐྱའི་
གནས་སུ་ཅི་དགྱེས་པར་བཞུགས་ནས་རྒྱལ་པོའི་ཁབ་ག་ལ་བ་དེ་ལོགས་སུ་ལྗོངས་རྒྱུ་ཞིང་གཤེགས་ཏེ། མཐར་གྱིས་རྒྱུ་ཞིང་གཤེགས་པ་ན་རྒྱལ་པོའི་ཁབ་ཏུ་བྱོན་ནས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་
གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་རྒྱལ་པོའི་ཁབ་ཏུ་བྱོན་ནས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་
དགེ་སློང་གི་དགེ་འདུན་དང་བཅས་པ་ཟླ་བ་བཞིར་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲངས་ཏེ། བདག་གིས་ཀྱང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལན་མང་དུ་གདུགས་ཚོད་ལ་ཁྱིམ་གཞན་དུ་སྤྱན་དྲངས་ཏེ་བཤོས་གསོལ་ན། ལན་འགའ་ཡང་ཡོ་བྱད་ཐམས་ཅད་
ཀྱིས་སྤྱན་མ་དྲངས་ཀྱིས་བདག་གིས་ཀྱང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཟླ་བ་བཞིར་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲང་ངོ་སྙམ་མོ། །དེ་ནས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་
เล่ม ๘ · หน้า 7a
འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་
དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་
པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་
གི་དགེ་འདུན་དང་བཅས་པས་དགུང་ཟླ་བཞིར་བདག་གི་ན་བཟའ་དང་། བསོད་སྙོམས་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་། བཅོམ་ལྡན་འདས་ཀྱིས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལ་ཅང་མི་གསུང་
བས་གནང་ངོ་། །དེ་ནས་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ནས་དེས་བསྙུང་བའི་རུང་
བའི་ཁང་པ་རྩིག་ཏུ་བཅུག་ཅིང་བསྙུང་བའི་སྨན་ཡང་འཇོག་ཏུ་བཅུག །བདེ་བའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོའི་བར་དུ་བཅང་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་
སྨན་དག་ཀྱང་འཇོག་ཏུ་བཅུག །ཞུན་མར་བསྐོལ་བ་དང་མ་བསྐོལ་བ་དག་ཀྱང་འཇོག་ཏུ་བཅུག །འབྲུ་མར་བསྐོལ་བ་དང་མ་བསྐོལ་བ་དག་ཀྱང་འཇོག་ཏུ་བཅུག །བ་དག་དང་། མ་ཧེ་མོ་དག་དང་། ར་བཞོན་དག་ཀྱང་འཇོག་ཏུ་བཅུག །ཡོ་བྱད་ཐམས་ཅད་ཀྱང་འཇོག་ཏུ་བཅུག །
เล่ม ๘ · หน้า 7b
སྨན་པ་དང་། སྙུན་གཡོག་དག་ཀྱང་འཇོག་ཏུ་བཅུག་གོ། །ཚེ་དང་ལྡན་པ་པི་ལིན་དའི་བུའི་སྲིང་མོའི་ཁྱོས་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་རྒྱལ་པོའི་ཁབ་ཏུ་བྱོན་ནས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་ཞེས་ཐོས་སོ། །
ཐོས་ནས་ཀྱང་འདི་སྙམ་དུ་སེམས་ཏེ། ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཟླ་བ་བཞིར་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲངས་ཏེ། བདག་གིས་ཀྱང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལན་མང་དུ་གདུགས་ཚོད་ལ་ཁྱིམ་གཞན་
དུ་སྤྱན་དྲངས་ཏེ་བཤོས་གསོལ་ན། ལན་འགའ་ཡང་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་མ་དྲངས་ཀྱིས་བདག་གིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཟླ་བ་བཞིར་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲང་ངོ་སྙམ་མོ། །དེ་ནས་བྲམ་ཟེ་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་
ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་བྲམ་ཟེ་དེ་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་
པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་
གསུང་ངོ་། །དེ་ནས་བྲམ་ཟེ་དེ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་དགུང་ཟླ་བཞིར་བདག་གི་ན་བཟའ་དང་། བསོད་སྙོམས་
དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་། བྲམ་ཟེ་དེའི་དང་པོར་མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོས་སྤྱན་དྲངས་སོ། །བྲམ་ཟེ་དེས་བསམས་པ། འཕགས་པ་པི་ལིན་དའི་བུ་བདག་གི་ཉེ་དུ་ཡིན་པས་དེ་
เล่ม ๘ · หน้า 8a
སྤྱན་དྲངས་ན་གནང་བར་འགྱུར་གྲང་སྙམ་ནས། དེ་ཚེ་དང་ལྡན་པ་པི་ལིན་དའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་པི་ལིན་དའི་བུའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་པི་ལིན་དའི་བུ་བྲམ་
ཟེ་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུད་པར་བྱེད། ཡང་དག་པར་གཟེངས་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་
དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་ཅང་མི་སྨྲའོ། །དེ་ནས་བྲམ་ཟེ་དེ་སྟན་ལས་ལངས་ཏེ་ཚེ་དང་ལྡན་པ་པི་ལིན་དའི་བུ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚེ་དང་ལྡན་པ་པི་ལིན་དའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པས་
དགུང་ཟླ་བཞིར་བདག་གི་ན་བཟའ་དང་། བསོད་སྙོམས་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་། ཚེ་དང་ལྡན་པ་པི་ལིན་དའི་བུས་སྨྲས་པ། བཅོམ་ལྡན་འདས་ལ་ཞུའོ། །དེ་ནས་ཚེ་དང་ལྡན་པ་པི་ལིན་དའི་བུ་བཅོམ་ལྡན་འདས་ག་
ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གི་མག་པ་བདག་ག་ལ་བ་དེར་མཆིས་ནས་དེ་བདག་ལ་འཕགས་པས་དགུང་ཟླ་བཞིར་བདག་གི་ན་བཟའ་དང་། བསོད་
སྙོམས་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་ཞེས་མཆི་ན། དེ་ལ་མཆིད་ཀྱིས་འཚལ་ལམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་སོ་སོར་མགྲོན་དུ་བོས་པ་མ་གཏོགས་ཏེ། དགེ་སློང་གིས་སོ་སོར་མགྲོན་དུ་བོས་
པ་བདག་གིར་བྱའོ། །དགེ་སློང་གཞན་དག་ཕྱིས་ལྷགས་པ་དེ་དག་གིས་བསམས་པ། བདག་ཅག་རྒྱལ་པོས་མགྲོན་དུ་མ་བོས་ཀྱིས་བསོད་སྙོམས་ལ་འཇུག་པར་བྱའོ་སྙམ་དུ་རིག་ནས་དེ་དག་བསོད་སྙོམས་ལ་ཞུགས་པ་དང་། མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་
เล่ม ๘ · หน้า 8b
པོ་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་འདུག་པས་དེ་དག་བསོད་སྙོམས་ལ་རྒྱུ་བ་མཐོང་ནས་དེས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འཕགས་པ་འདི་དག་བསོད་སྙོམས་ལ་ཞུགས། དེ་དག་གིས་སྨྲས་པ། ལྷ་འདི་དག་སླད་ཀྱིས་མཆིས་པས་འདི་དག་གི་གློ་བ་ལ་
དགེ་སློང་གང་དག་བཅོམ་ལྡན་འདས་དང་ཐབས་ཅིག་ལྷགས་པ་དེ་དག་རྒྱལ་པོས་མགྲོན་དུ་བོས་ཀྱིས། བདག་ཅག་ཕྱིས་ལྷགས་པ་དག་རྒྱལ་པོས་མགྲོན་དུ་མ་བོས་སོ་སྙམ་དུ་རིག་ནས་བསོད་སྙོམས་ལ་ཞུགས་སོ། །རྒྱལ་པོས་སྨྲས་པ། དེ་ལྟ་བས་ན་འཕགས་པ་དག་ཡང་དང་ཡང་མགྲོན་དུ་
བོད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཡང་དང་ཡང་མགྲོན་དུ་བོས་པ་མ་གཏོགས་ཏེ། དགེ་སློང་གིས་ཡང་དང་ཡང་མགྲོན་དུ་བོས་པ་བདག་གིར་བྱའོ། །དགེ་སློང་དག་གིས་
བསམས་པ། རྒྱལ་པོ་གཟུགས་ཅན་སྙིང་པོ་ནི་བྱ་བ་མང་བ་དང་། བྱེད་པ་མང་བ་ཡིན་ལ། བདག་ཅག་ནི་བྱ་བ་ཉུང་བ་དང་། བྱེད་པ་ཉུང་བ་ཡིན་གྱིས་བདག་ཅག་བསོད་སྙོམས་ལ་འཇུག་པར་བྱའོ་སྙམ་དུ་རིག་ནས་དེ་དག་བསོད་སྙོམས་ལ་ཞུགས་པ་དང་། མ་ག་དྷཱར་བྱུང་བའི་རྒྱལ་པོ་
བཟོ་སྦྱངས་གཟུགས་ཅན་སྙིང་པོ་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་འདུག་པས། དེ་དག་བསོད་སྙོམས་ལ་རྒྱུ་བ་མཐོང་ནས་དེས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འཕགས་པ་འདི་དག་བསོད་སྙོམས་ལ་ཞུགས། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་
དང་། རྒྱལ་པོས་སྨྲས་པ། དེ་ལྟ་བས་ན་འཕགས་པ་དག་དུས་ཀྱིས་མགྲོན་དུ་བོད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དུས་ཀྱིས་མགྲོན་དུ་བོས་པ་མ་གཏོགས་ཏེ། དགེ་སློང་
གིས་དུས་ཀྱིས་མགྲོན་དུ་བོས་པ་བདག་གིར་བྱའོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་གཤེགས་སྟོན་ལ་སྤྱན་དྲངས་ནས་ཕྱི་དེ་ཉིན་པར་དགེ་སློང་རབ་ཏུ་མང་པོ་དག་བསོད་སྙོམས་ལ་ཞུགས་པ་དང་། མ་ག་དྷཱར་བྱུང་བའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་སྟེང་
เล่ม ๘ · หน้า 9a
གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ན་འདུག་པས་དེ་དག་བསོད་སྙོམས་ལ་རྒྱུ་བ་མཐོང་ནས། དེས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འཕགས་པ་འདི་དག་བསོད་སྙོམས་ལ་ཞུགས། དེ་དག་གིས་སྐབས་དེ་རྒྱས་པར་བརྗོད་པ་དང་། རྒྱལ་པོས་
སྨྲས་པ། དེ་ལྟ་བས་ན་འཕགས་པ་དག་རྟག་ཏུ་མགྲོན་དུ་བོད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྟག་ཏུ་མགྲོན་དུ་བོས་པ་མ་གཏོགས་ཏེ། དགེ་སློང་གིས་རྟག་ཏུ་མགྲོན་དུ་
བོས་པ་བདག་གིར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་
བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་
གིར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན་ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང་། ཡང་དང་ཡང་མགྲོན་དུ་བོས་པ་དང་། དུས་ཀྱིས་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། །དགེ་སློང་གིས་ཞེས་བྱ་བ་
ནི་ཆོས་འདི་པས་སོ། །ཟླ་བ་བཞིར་ཞེས་བྱ་བ་ནི་ཟླ་བ་བཞི་ཚུན་ཆད་དུའོ། །མགྲོན་དུ་བོས་པ་ཞེས་བྱ་བ་ནི་བསྟབས་པའོ། །བདག་གིར་བྱའོ་ཞེས་བྱ་བ་ནི་ཁས་བླང་བར་བྱ་བའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན་ཞེས་བྱ་བ་ནི་དེ་ལས་འདས་པར་རོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་
སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་
เล่ม ๘ · หน้า 9b
པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །སོ་སོར་མགྲོན་དུ་བོས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་སོ་སོར་ཐ་དད་པར་མགྲོན་དུ་བོས་པའོ། །ཡང་དང་ཡང་མགྲོན་དུ་བོས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་ཡང་དང་ཡང་མགྲོན་དུ་བོས་པའོ། །དུས་ཀྱིས་མགྲོན་དུ་བོས་
པ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་ནན་གྱིས་མགྲོན་དུ་བོས་པའོ། །རྟག་ཏུ་མགྲོན་དུ་བོས་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གཏན་དུ་མགྲོན་དུ་བོས་པའོ། །མ་གཏོགས་ཏེ་ཞེས་བྱ་བ་ནི་བཞག་སྟེའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་དེ་ནི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །
དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་ཟླ་བ་བཞིར་མགྲོན་དུ་བོས་པ་ལས་ལྷག་པར་བདག་གིར་བྱེད་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ངན་པ་ལ་མགྲོན་དུ་བོས་པ་ན་བསོད་པ་སློང་ན་དེ་སློང་བ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ལྟུང་བྱེད་དུ་
འགྱུར་རོ། །དགེ་སློང་གིས་བསོད་པ་ལ་མགྲོན་དུ་བོས་པ་ན་ངན་པ་སློང་ན་དེ་སློང་བ་ལ་ཉེས་བྱས་སུ་འགྱུར་ལ། ཟ་བ་ལ་ཡང་ཉེས་བྱས་ཉིད་དུ་འགྱུར་རོ། །དགེ་སློང་བསོད་སྙོམས་ལ་ཞུགས་པ་ན་བུད་མེད་ཀྱི་ཡུལ་ཟས་ཁྱེར་ཏེ་འོང་ན་དགེ་སློང་གིས་སྲིང་མོ་ཆོག་གོ། །མི་འདོད་དོ་ཞེས་བརྗོད་
པར་བྱ་སྟེ། གལ་ཏེ་བུད་མེད་ཀྱི་ཡུལ་ན་རེ་འཕགས་པ་ཅི་ཞིག་བཞེད་ཅེས་ཟེར་ན་བསྟབས་པ་བརྗོད་པར་བྱ་སྟེ། གང་འདོད་པ་དེ་བསླང་བར་བྱའོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །མགྲོན་དུ་གཉེར་བ་ལས་རིང་
དུ་འདུག་པའི་ལྟུང་བྱེད་དེ་བདུན་བཅུ་རྩ་བཞི་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་འཆའ་བར་མཛད་པ་དེའི་ཚེ་ན་གཉི་
གའི་དགེ་འདུན་སྡུད་པར་མཛད་པས་འདི་ཡང་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་བཅའ་བ་མཛད་པ་ཡིན་ན་འདི་ལ་གཉི་གའི་དགེ་འདུན་བསྡུ་བ་མ་མཛད་པས་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་
เล่ม ๘ · หน้า 10a
བོ་སོང་ལ་དགེ་སློང་རྣམས་ལ་དགེ་སློང་ཞིག་དགེ་སློང་མ་རྣམས་ཀྱི་ནང་དུ་ཐོང་ལ་འདི་སྐད་ཅེས། སྲིང་མོ་དག་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་འདི་ལྟར་བཅའ་བ་མཛད་དེ། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །
དེ་ལས་ལྷག་པར་བདག་གིར་བྱེད་ན་ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང་། ཡང་དང་ཡང་མགྲོན་དུ་བོས་པ་དང་། དུས་ཀྱིས་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བཅའ་བ་མཛད་ཀྱིས་ཁྱེད་ཀྱིས་བསླབ་པ་འདི་ལ་བསླབ་པར་
བྱའོ་ཞེས་བསྒོ་ཤིག་ཅེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ཚེ་དང་ལྡན་པ་ལམ་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ལམ་པ་ལ་བསྒོ་བ། ཚེ་དང་ལྡན་པ་ལམ་པ་ཁྱོད་བཞུད་ལ་དགེ་སློང་མ་རྣམས་ལ་
སྲིང་མོ་དག་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་འདི་ལྟར་བཅའ་བ་མཛད་དེ། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན་ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང་། ཡང་དང་
ཡང་མགྲོན་དུ་བོས་པ་དང་། དུས་ཀྱིས་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བཅའ་བ་མཛད་ཀྱིས་ཁྱེད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་ཤིག །ཚེ་དང་ལྡན་པ་ལམ་པས་བཙུན་པ་ཀུན་དགའ་བོ་བཀའ་བཞིན་
འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོ་ལས་མཉན་ནས་དགེ་སློང་མའི་དབྱར་ཁང་ག་ལ་བ་དེར་སོང་བ་དང་། ཇི་ཙམ་ན་དྲུག་སྡེ་དག་གིས་དེ་མཐོང་ནས་དེ་དག་གིས་དྲིས་པ། ཚེ་དང་ལྡན་པ་ལམ་པ་ཁྱོད་གར་འགྲོ། ཚེ་དང་ལྡན་པ་ལམ་པས་བསམས་པ། འདི་དག་གིས་ཀྱང་མ་ཐོས་
པ་འདྲས་འདི་དག་ལ་ཡང་བརྗོད་པར་བྱའོ་སྙམ་ནས་དེས་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་འདི་ལྟར་བཅའ་བ་མཛད་དེ། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པར་
เล่ม ๘ · หน้า 10b
བདག་གིར་བྱེད་ན་ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང་། ཡང་དང་ཡང་མགྲོན་དུ་བོས་པ་དང་། དུས་ཀྱིས་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བཅའ་བ་མཛད་ཀྱིས་ཁྱེད་ཀྱིས་ཀྱང་བསླབ་པ་འདི་ལ་བསླབ་པར་བྱའོ། །དེ་
དག་གིས་སྨྲས་པ། བདག་ཅག་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་འདྲིའི་བར་དུ་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ། ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་དེ་དག་གིས་བྱིས་པ་དང་། རྨོངས་པ་དང་། མི་
གསལ་བ་དང་། མི་མཁས་པ་ཞེས་བྱ་བ་དག་གིས་ཁུར་བསླང་ངོ་། །ཚེ་དང་ལྡན་པ་ལམ་པ་དེ་ནས་སོང་སྟེ་འགྲོ་བ་ན་དགེ་སློང་མ་བཅུ་གཉིས་སྡེ་དག་གིས་མཐོང་ནས་དེ་དག་གིས་དེ་ལ་སྨྲས་པ། བཙུན་པ་ལམ་པ་གར་བཞུད། དེས་སྨྲས་པ། སྲིང་མོ་དག་ཤེས་པར་གྱིས་ཤིག །བཅོམ་
ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་འདི་ལྟར་བཅའ་བ་མཛད་དེ། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན་ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང་། ཡང་དང་ཡང་མགྲོན་དུ་བོས་པ་
དང་། དུས་ཀྱིས་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བཅའ་བ་མཛད་ཀྱིས་ཁྱེད་ཀྱིས་ཀྱང་བསླབ་པ་འདི་ལ་བསླབ་པར་བྱའོ། །དེ་དག་གིས་སྨྲས་པ། བདག་ཅག་དགེ་སློང་མ་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་།
མ་མོ་འཛིན་པ་རྣམས་ལ་འདྲིའི་བར་དུ་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་བྱིས་པ་དང་། རྨོངས་པ་དང་། མི་གསལ་བ་དང་། མི་མཁས་པ་ཞེས་བྱ་བ་དག་གིས་ཁུར་བསླང་སྟེ་དོང་ངོ་། །ཚེ་དང་ལྡན་པ་ལམ་པས་
བསམས་པ། བདག་ལ་གནས་ངན་ལེན་ཀུན་དུ་སྤྱོད་པ་འདི་དག་ལ་བརྗོད་པས་ཅི་བྱ། ད་ནི་སོང་ལ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་མ་གཏོགས་པ་གཞན་འགའ་ལ་ཡང་བརྗོད་པར་མི་བྱའོ་སྙམ་ནས་དེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྐྱེ་དགུའི་བདག་མོ་
เล่ม ๘ · หน้า 11a
ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་སྨྲས་སོ། །གཽ་ཏ་མཱི་ཤེས་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་འདི་ལྟར་བཅའ་བ་མཛད་དེ། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པར་
བདག་གིར་བྱེད་ན་ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང་། ཡང་དང་ཡང་མགྲོན་དུ་བོས་པ་དང་། དུས་ཀྱིས་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བཅའ་བ་མཛད་ཀྱིས་ཁྱེད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ། །སྐྱེ་དགུའི་
བདག་མོ་ཆེན་མོས་སྨྲས་པ། བཙུན་པ་ལམ་པ་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དེ། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན་ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་
པ་དང་། ཡང་དང་ཡང་མགྲོན་དུ་བོས་པ་དང་། དུས་ཀྱིས་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བཅའ་བ་མཛད་པ་གང་ལགས་པ་དེ་བདག་མགོ་དང་། ངག་དང་། ཡིད་ཀྱིས་ཀྱང་ནོད་དོ། །བཙུན་པ་ལམ་པ་འདི་ལྟ་སྟེ། དཔེར་
བགྱི་ན་རྒྱལ་རིགས་ཀྱི་ཕྱུགས་ཅུང་དག་གམ། བྲམ་ཟེའི་ཕྱུགས་ཅུང་དག་གམ། རྗེའུ་རིགས་ཀྱི་ཕྱུགས་ཅུང་དག་གམ། དམངས་རིགས་ཀྱི་ཕྱུགས་ཅུང་ལེགས་པར་ཁྲུས་བགྱིས་པ། བྱུག་པས་ལེགས་པར་བྱུགས་པ། སྐྲ་དང་སེན་མོ་ལེགས་པར་བཅོས་པ། རད་པ་དཀར་པོ་འཚལ་བ་
དག་གིས་ཨུད་པ་ལའི་ཕྲེང་བའམ། ཙམ་པ་ཀའི་ཕྲེང་བའམ། བར་ཤི་ཀའི་ཕྲེང་བའམ། ཨ་ཏི་མུག་ཏ་ཀའི་ཕྲེང་བ་འགའ་ཞིག་སྩལ་བར་གྱུར་ན་དེ་ཡིད་དགའ་བས་སུག་པ་གཉིས་ཀྱིས་བླངས་ཏེ་ཡན་ལག་གི་དམ་པ་མགོ་ལ་གདགས་པར་བགྱི་བ་དེ་བཞིན་དུ། བཙུན་པ་ལམ་པ་བཅོམ་
ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དེ། དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན་ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང་། ཡང་དང་ཡང་མགྲོན་དུ་བོས་པ་དང་། དུས་
เล่ม ๘ · หน้า 11b
ཀྱིས་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བཅའ་བ་མཛད་པ་གང་ལགས་པ་དེ་ཡང་བདག་མགོ་དང་། ངག་དང་། ཡིད་ཀྱིས་ཀྱང་ནོད་དོ། །ཚེ་དང་ལྡན་པ་ལམ་པས་བསྒོ་སྟེ་ཕྱིར་འོངས་པ་དང་། ཚེ་དང་ལྡན་པ་ཀུན་
དགའ་བོས་དེ་མཐོང་ནས་དྲིས་པ། ཚེ་དང་ལྡན་པ་ལམ་པ་ཁྱོད་ཀྱིས་དགེ་སློང་མ་རྣམས་ལ་བསྒོའམ། དེས་སྨྲས་པ། བསྒོ་སྟེ། འདི་ལྟར་བྱིས་པ་དང་། རྨོངས་པ་དང་། མི་གསལ་བ་དང་། མི་མཁས་པ་ཞེས་བྱ་བ་དག་གིས་ཁུར་བསླང་ངོ་། །སུས། དྲུག་སྡེ་དག་གིས་སོ། །ཅིའི་
ཕྱིར། དེས་སྐབས་དེ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་དག་ཁྱེད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན་དེ་དག་ལ་འདི་སྐད་ཅེས་བདག་ཅག་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་
རྣམས་ལ་འདྲིའི་བར་དུ་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་
བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་དག་ཁྱེད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན་དེ་དག་ལ་འདི་སྐད་ཅེས། བདག་ཅག་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་
དང་། མ་མོ་འཛིན་པ་རྣམས་ལ་འདྲིའི་བར་དུ་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་
เล่ม ๘ · หน้า 12a
ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་
བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཁྱོད་
ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན་དེ་དག་ལ་འདི་སྐད་ཅེས། བདག་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་འདྲིའི་བར་དུ་བྱིས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་
བོ་ཞེས་ཟེར་ན་ལྟུང་བྱེད་དོ། །དགེ་སློང་ཀུན་ཤེས་པར་འདོད་པས་ཀྱང་བསླབ་པ་དེ་ལ་བསླབ་པར་བྱའོ། །དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་ཡང་དྲི་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ།
གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །ཚེ་དང་ལྡན་པ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན་ཞེས་བྱ་བ་ནི་བསླབ་པ་གང་ཡིན་པ་དེ་ལའོ། །དེ་དག་ལ་ཞེས་བྱ་བ་ནི་དགེ་སློང་དེ་དག་ལའོ། །འདི་སྐད་ཅེས་
ཞེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །དགེ་སློང་མདོ་སྡེ་འཛིན་པ་ཞེས་བྱ་བ་ནི་མདོ་སྡེ་མཐའ་དག་འཛིན་པ་གང་དག་ཡིན་པ་རྣམས་སོ། །འདུལ་བ་འཛིན་པ་ཞེས་བྱ་བ་ནི་འདུལ་བ་མཐའ་དག་འཛིན་པ་གང་དག་ཡིན་པ་རྣམས་སོ། །མ་མོ་འཛིན་པ་རྣམས་ལ་འདྲིའི་བར་དུ་ཞེས་བྱ་བ་ནི་མ་
མོ་མཐའ་དག་འཛིན་པ་གང་དག་ཡིན་པ་རྣམས་ལའོ། །བྱིས་པ་ཞེས་བྱ་བ་ལ། བྱིས་པ་ཞེས་བྱ་བ་ནི་ཉེས་པར་བསམ་པ་སེམས་པ་དང་། ཉེས་པར་སྨྲ་བ་རྗོད་པ་དང་། ཉེས་པར་བྱ་བའི་ལས་བྱེད་པའོ། །རྨོངས་པ་ཞེས་བྱ་བ་ལ། རྨོངས་པ་ཞེས་བྱ་བ་ནི་མདོ་སྡེ་འཛིན་པ་མ་ཡིན་པ་
เล่ม ๘ · หน้า 12b
དང་། འདུལ་བ་འཛིན་པ་མ་ཡིན་པ་དང་། མ་མོ་འཛིན་པ་མ་ཡིན་པའོ། །མི་གསལ་བ་ཞེས་བྱ་བ་ལ། མི་གསལ་བ་ཞེས་བྱ་བ་ནི་མདོ་སྡེ་ལ་མི་གསལ་བ་དང་། འདུལ་བ་ལ་མི་གསལ་བ་དང་། མ་མོ་ལ་མི་གསལ་བའོ། །མི་མཁས་པ་ཞེས་བྱ་བ་ལ། མི་མཁས་པ་ཞེས་བྱ་བ་
ནི་མདོ་སྡེ་ལ་མི་མཁས་པ་དང་། འདུལ་བ་ལ་མི་མཁས་པ་དང་། མ་མོ་ལ་མི་མཁས་པའོ། །ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་ན་ཞེས་བྱ་བ་ནི་དེ་སྐད་ཅེས་ཟེར་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་
འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དགེ་སློང་ཀུན་ཤེས་པར་འདོད་
པས་ཀྱང་བསླབ་པ་དེ་ལ་བསླབ་པར་བྱའོ། །དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་ཡང་དྲི་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་དེ་ནི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་
ཙམ་ཅུང་ཟད་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ། །ཞེས་བསྒོ་བ་ན་དེ་དག་ལ་འདི་སྐད་ཅེས། བདག་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་འདྲིའི་བར་དུ་བྱིས་པ། རྨོངས་པ། མི་གསལ་བ། མི་
མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་ན་ཐམས་ཅད་ལྟུང་བྱེད་དུ་འགྱུར་རོ། །བྱིས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །རྨོངས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །མི་
གསལ་བ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །ཡང་དག་པ་ཁོ་ནར་བྱིས་པ་དང་། རྨོངས་པ་དང་། མི་གསལ་བ་དང་། མི་མཁས་པ་ཡིན་ན་ལྟུང་བ་
เล่ม ๘ · หน้า 13a
མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པ་ལ་ཉེ་བར་འཇོག་པ་སྤང་བའི་ལྟུང་བྱེད་དེ་བདུན་བཅུ་རྩ་ལྔ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་
རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་ནི་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས། ཚེ་དང་ལྡན་པ་འདུན་པ་ནི་ཀཽ་ཤཱམྦཱིར་སོང་སྟེ་སྙིང་ལས་ཆུང་ངུར་འདུག །འགྲོ་མགྱོགས་དང་། ནབ་སོ་
གཉིས་ནི་དུས་ལ་བབ། དགའ་བོ་དང་ཉེ་དགའ་གཉིས་ནི་དགེ་འདུན་གྱི་ནང་ན་འདུག་པ་དེའི་ཚེ་ན་བཅུ་བདུན་སྡེའི་ཚོགས་དག་གདུག་ཅིང་ཕ་རོལ་གནོན་པ་དང་། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པར་གྱུར་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་
ཡུན་རིང་པོ་ནས་དྲུག་སྡེ་དག་གིས་ཐོ་བཙམས་ཏེ། ཇི་ལྟར་དགའ་བོ་དང་ཉེ་དགའ་གཉིས་ཀྱིས་ཐོ་བཙམས་པ་ལྟར་ཡང་གཞན་གྱིས་མ་བཙམས་ལ། ཇི་ལྟར་ཉེ་དགའས་ཐོ་བཙམས་པ་ལྟར་ཡང་དགའ་བོས་མ་བཙམས་ཀྱིས་དེ་གནས་ནས་དབྱུང་བའི་ལས་བྱའོ། །དེ་དག་གིས་སྨྲས་པ། འདིའི་
ཕུ་བོ་རྩོད་པ་ལ་མཁས་པ་ཡིན་གྱིས་ཚུར་ཤེག །ཇེ་གྲོས་བྱའོ་ཞེས་དེ་དག་དཔོང་སའི་ཁང་པར་ཞུགས་ཏེ་སྒོ་བཅད་ནས་གྲོས་བྱ་བར་བརྩམས་པ་དང་། ཉེ་དགའ་སྐར་ཁུང་ན་ཉན་ཅིང་དེས་དེ་དག་བསྡིགས་ཏེ། ཀྱེ་མ་བཅུ་བདུན་སྡེ་དག་ཅིའི་གྲོས་བྱེད། ཁོ་བོའི་ཚངས་པ་མཚུངས་པར་སྤྱོད་པ་ཁ་
ཅིག་ནི་ཡོངས་སུ་མྱ་ངན་ལས་འདས། ཁ་ཅིག་ནི་སྙིང་ལས་ཆུང་ངུ་ཁོ་ནར་འདུག །ཁ་ཅིག་ནི་དུས་ལ་བབ་པས་ད་འདི་གནས་ནས་དབྱུང་བའི་ལས་བྱའོ་སྙམ་དུ་སེམས་སམ་ཅི། ཁྱེད་ཀྱིས་ད་ཁོ་བོ་ཅག་ཟིལ་གྱིས་མནན་ཏེ་འཁོད་སྙམ་མམ། ཁོ་བོ་ཅག་གིས་ཀྱང་ཁྱེད་ལ་མཚམས་ཆེན་
པོ་གཅད་པར་བྱའོ། །ཁྱེད་ཀྱིས། གླང་པོའི་ཐག་པ་ཉི་མ་དང་། །རླུང་གིས་ཡོངས་སུ་བསྐམས་གྱུར་ཅིང་། །གླང་པོའི་གཉའ་ནས་ལྷུང་གྱུར་ཀྱང་། །ལུག་ནི་ལྔ་བརྒྱས་དྲང་བར་བྱ། །ཞེས་བྱ་བ་མ་ཐོས་སམ་ཞེས་བསྡིགས་པ་དང་། དེ་དག་གིས་བསམས་པ། འདིས་བདག་ཅག་གྲོས་
เล่ม ๘ · หน้า 13b
བྱེད་པ་འཕྲིགས་ཀྱིས་གཞན་དུ་འདོང་ངོ་ཞེས་དེ་དག་མེ་ཁང་དུ་ཞུགས་ཏེ་གྲོས་བྱ་བར་བརྩམས་པ་དང་། ཉེ་དགའ་ཡང་དེར་འཇབ་ཅིང་འོངས་ཏེ་ཉན་ཅིང་དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་སྟེང་ཁང་དུ་འཁོད་དེ་གྲོས་བྱ་བར་བརྩམས་པ་དང་། ཉེ་དགའ་བར་ཁང་དུ་འདུག་སྟེ་ཉན་ཅིང་
དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་བར་ཁང་དུ་འཁོད་དེ་གྲོས་བྱ་བར་བརྩམས་པ་དང་། ཉེ་དགའ་འོག་ཁང་དུ་འདུག་སྟེ་ཉན་ཅིང་དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་གནས་ཁང་དུ་འཁོད་དེ་གྲོས་བྱ་བར་བརྩམས་པ་དང་། ཉེ་དགའ་ཁྱམས་སུ་འདུག་སྟེ་ཉན་ཅིང་དེས་
དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་ཁྱམས་སུ་འཁོད་དེ་གྲོས་བྱ་བར་བརྩམས་པ་དང་། ཉེ་དགའ་གནས་ཁང་དུ་འདུག་སྟེ་ཉན་ཅིང་དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་སྒོ་ཁང་དུ་འཁོད་དེ་གྲོས་བྱ་བར་བརྩམས་པ་དང་། ཉེ་དགའ་བང་རིམ་དུ་འདུག་སྟེ་ཉན་ཅིང་དེས་
དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་བང་རིམ་དུ་འཁོད་དེ་གྲོས་བྱ་བར་བརྩམས་པ་དང་། ཉེ་དགའ་སྒོ་ཁང་དུ་འདུག་སྟེ་ཉན་ཅིང་དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་འཆག་སར་འཁོད་དེ་གྲོས་བྱ་བར་བརྩམས་པ་དང་། ཉེ་དགའ་སྤན་སྤུན་དག་གི་ནང་དུ་འདུག་སྟེ་ཉན་ཅིང་དེས་
དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་སྤན་སྤུན་དག་གི་ནང་དུ་འཁོད་དེ་གྲོས་བྱ་བར་བརྩམས་པ་དང་། ཉེ་དགའ་འཆག་སར་འདུག་སྟེ་ཉན་ཅིང་དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་དགོན་པར་འཁོད་དེ་གྲོས་བྱ་བར་བརྩམས་པ་དང་། ཉེ་དགའ་ཚང་ཚིང་དག་གི་ནང་དུ་འདུག་
སྟེ་ཉན་ཅིང་དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་ཚང་ཚིང་དག་གི་ནང་དུ་འཁོད་དེ་གྲོས་བྱ་བར་བརྩམས་པ་དང་། ཉེ་དགའ་དགོན་པར་འདུག་སྟེ་ཉན་ཅིང་དེས་དེར་ཡང་དེ་བཞིན་དུ་བསྡིགས་སོ། །དེ་དག་ལམ་ནས་འདོང་ཞིང་གྲོས་བྱ་བར་བརྩམས་པ་དང་། ཉེ་དགའ་ཕྱི་བཞིན་སོང་སྟེ་ཉན་
ཅིང་དེས་དེར་ཡང་དེ་བཞིན་དུ་བསྡིགས་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་གིས་འདི་གནས་ནས་དབྱུང་བའི་ལས་བྱ་བར་མི་ནུས་ཀྱིས་འདི་ལ་བཟོད་པ་གསོལ་བར་བྱའོ་ཞེས་དེ་དག་གིས་དེ་ལ་སྨྲས་པ། བཙུན་པ་ཉེ་དགའ་བདག་ཅག་ལ་བཟོད་པར་མཛོད་ཅིག །ཉེ་
เล่ม ๘ · หน้า 14a
དགའས་སྨྲས་པ། བཟོད་པར་བྱའོ། །དེ་དག་གིས་དེ་ལ་དྲིས་པ། ཁྱོད་ཀྱིས་ཁོ་བོ་ཅག་གྲོས་བྱེད་པ་ཇི་ལྟར་ཤེས། ཉེ་དགའས་སྨྲས་པ། གང་གི་ཚེ་ཁྱེད་ཅག་དཔོང་སའི་ཁང་པར་ཞུགས་ཏེ་གྲོས་བྱེད་པ་དེའི་ཚེ་ན་ཁོ་བོས་སྐར་ཁུང་ནས་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་མེ་
ཁང་དུ་ཞུགས་ཏེ་གྲོས་བྱེད་པ་དེའི་ཚེ་ན་ཁོ་བོས་བཞབས་ཏེ་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་སྟེང་ཁང་དུ་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན་ཁོ་བོས་བར་ཁང་དུ་འདུག་སྟེ་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་བར་ཁང་དུ་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན་ཁོ་བོས་འོག་ཁང་དུ་འདུག་སྟེ་མཉན་ཏོ། །གང་གི་ཚེ་ཁྱེད་
ཅག་གནས་ཁང་དུ་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན་ཁོ་བོས་ཁྱམས་སུ་འདུག་སྟེ་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་ཁྱམས་སུ་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན་ཁོ་བོས་གནས་ཁང་དུ་འདུག་སྟེ་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་སྒོ་ཁང་དུ་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན་ཁོ་བོས་བང་རིམ་དུ་འདུག་སྟེ་མཉན་ཏོ། །
གང་གི་ཚེ་ཁྱེད་ཅག་བང་རིམ་དུ་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན་ཁོ་བོས་སྒོ་ཁང་དུ་འདུག་སྟེ་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་འཆག་སར་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན་ཁོ་བོས་སྤན་སྤུན་དག་གི་ནང་དུ་འདུག་སྟེ་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་སྤན་སྤུན་དག་གི་ནང་དུ་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན་ཁོ་བོས་
འཆག་སར་འདུག་སྟེ་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་དགོན་པར་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན་ཁོ་བོས་ཚང་ཚིང་དག་གི་ནང་དུ་འདུག་སྟེ་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་ཚང་ཚིང་དག་གི་ནང་དུ་འཁོད་དེ་གྲོས་བྱེད་པ་དེའི་ཚེ་ན་ཁོ་བོས་དགོན་པར་འདུག་སྟེ་མཉན་ཏོ། །གང་གི་ཚེ་ཁྱེད་ཅག་ལམ་ནས་
འདོང་ཞིང་གྲོས་བྱེད་པ་དེའི་ཚེ་ན་ཁོ་བོས་ཕྱི་བཞིན་སོང་སྟེ་མཉན་ཏོ། །དེ་དག་གིས་སྨྲས་པ། ཁྱོད་ཉན་རྣས་འདུག་ཏུ་རུང་ངམ། ཉེ་དགའས་སྨྲས་པ། གལ་ཏེ་ཁོ་བོ་ཁྱེད་ཅག་གྲོས་བྱེད་པའི་ཚེ་ཉན་རྣས་འདུག་པར་མ་གྱུར་དུ་ཟིན་ན་ཁྱེད་ཅག་གིས་ཁོ་བོ་གནས་ནས་དབྱུང་བའི་ལས་བྱས་པར་གྱུར་ཏོ། །
དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་འཐབ་པར་གྱུར། མཚང་འདྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལ་དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ། དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་
เล่ม ๘ · หน้า 14b
ཏེ་ཅང་མི་སྨྲ་བར་ཉན་རྣས་འདུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་
བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤཱཀྱའི་བུ་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་དགེ་སློང་རྣམས་འཐབ་པར་
གྱུར། མཚང་འདྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལ་དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ་དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ་ཅང་མི་སྨྲ་བར་ཉན་རྣས་འདུག་པ་བདེན་ནམ། བཙུན་པ་མད་དོ། །སངས་
རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་
སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་
བྱ་སྟེ། ཡང་དགེ་སློང་གང་དགེ་སློང་རྣམས་འཐབ་པར་གྱུར། མཚང་འདྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལ་དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ་དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ་ཅང་མི་སྨྲ་བར་ཉན་
རྣས་འདུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་རྣམས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་སོ། །འཐབ་པར་གྱུར། མཚང་འདྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལ་
เล่ม ๘ · หน้า 15a
ཞེས་བྱ་བ་ནི་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་ལའོ། །དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ་དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ་སྙམ་པ་ཞེས་བྱ་བ་ནི་དེ་ལྟ་བུའི་བསམ་པས་གཉེན་པོས་དེ་ལྟ་དེ་ལྟར་ཕ་རོལ་གནན་པར་བྱའོ་སྙམ་
པའོ། །དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ་བ་ནི་གཞན་མ་ཡིན་པའོ། །ཅང་མི་སྨྲ་བར་ཉན་རྣས་འདུག་ན་ཞེས་བྱ་བ་ནི་ཅང་མི་སྨྲ་བར་རྣ་གཏོད་པས་འདུག་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་
ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་དག་སྟེང་ཁང་ན་
གྲོས་བྱེད་ཅིང་དགེ་སློང་ཡང་འཛེག་ན་དགེ་སློང་དེས་རྟིང་སྒྲའམ། སེ་གོལ་གྱི་སྒྲའམ། མགུལ་བསལ་བའི་སྒྲ་བྱའོ། །རྟིང་སྒྲའམ། སེ་གོལ་གྱི་སྒྲའམ། མགུལ་བསལ་བའི་སྒྲ་མི་བྱེད་ན་ཇི་སྲིད་དུ་སྒྲ་ཐོས་ཤིང་དོན་མ་གོའི་བར་དུ་དགེ་སློང་ལ་ཉེས་བྱས་སུ་འགྱུར་ལ། སྒྲའི་དོན་གོ་ན་ལྟུང་
བྱེད་དུ་འགྱུར་རོ། །དགེ་སློང་དག་བར་ཁང་དང་། འོག་ཁང་དང་། གནས་ཁང་དང་། ཁྱམས་དང་། སྒོ་ཁང་དང་། བང་རིམ་དང་། འཆག་ས་དང་། དགོན་པ་དང་། ལམ་ནས་འགྲོ་ཞིང་གྲོས་བྱེད་ལ། དགེ་སློང་ཡང་ཕྱི་བཞིན་འགྲོ་ན་དགེ་སློང་དེས་རྟིང་སྒྲའམ། སེ་གོལ་གྱི་སྒྲའམ།
མགུལ་བསལ་བའི་སྒྲ་བྱའོ། །རྟིང་སྒྲའམ། སེ་གོལ་གྱི་སྒྲའམ། མགུལ་བསལ་བའི་སྒྲ་མི་བྱེད་ན་ཇི་སྲིད་དུ་སྒྲ་ཐོས་ལ་དོན་མ་གོའི་བར་དུ་དགེ་སློང་ལ་ཉེས་བྱས་སུ་འགྱུར་ལ། སྒྲའི་དོན་གོ་ན་ལྟུང་བྱེད་དུ་འགྱུར་རོ། །ནང་དང་བཅས་པ་མ་ཡིན་པ་དང་། གྱ་ཚོམ་དུ་འཇུག་པ་དང་། མཉན་ནས་
ཉེ་བར་ཞི་བར་བྱའོ་སྙམ་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཉན་རྣ་ལས་གྱུར་པའི་ལྟུང་བྱེད་དེ་བདུན་བཅུ་རྩ་དྲུག་པ་རྫོགས་སོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་དྲུག་བཅུ་
เล่ม ๘ · หน้า 15b
རྩ་བཞི་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་འཆར་ཀས་ནི་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱས། ཚེ་དང་ལྡན་པ་འདུན་པ་ནི་ཀཽ་ཤཱམྦཱིར་སོང་སྟེ་
སྙིང་ལས་ཆུང་ངུར་འདུག །འགྲོ་མགྱོགས་དང་། ནབ་སོ་གཉིས་ནི་དུས་ལ་བབ། དགའ་བོ་དང་ཉེ་དགའ་གཉིས་ནི་དགེ་འདུན་གྱི་ནང་ན་འདུག་པ་དེའི་ཚེ་ན་བཅུ་བདུན་སྡེའི་ཚོགས་དག་གདུག་ཅིང་ཕ་རོལ་གནོན་པ་དང་། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་
པར་གྱུར་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་ཡུན་རིང་པོ་ནས་དྲུག་སྡེ་དག་གིས་ཐོ་བཙམས་ཏེ། ཇི་ལྟར་དགའ་བོ་དང་ཉེ་དགའ་གཉིས་ཀྱིས་ཐོ་བཙམས་པ་ལྟར་ཡང་གཞན་གྱིས་མ་བཙམས་ལ། ཇི་ལྟར་ཉེ་དགའས་ཐོ་བཙམས་པ་ལྟར་ཡང་དགའ་བོས་མ་བཙམས་ཀྱིས་
དེ་གནས་ནས་དབྱུང་བའི་ལས་བྱའོ། །དེ་ན་ཁ་ཅིག་གིས་སྨྲས་པ། འདིའི་ཕུ་བོ་དགའ་བོ་རྩོད་པ་ལ་མཁས་པ་ཡིན་པས་བདག་ཅག་གིས་འདི་གནས་ནས་དབྱུང་བའི་ལས་བྱ་བར་མི་ནུས་སོ། །ཁ་ཅིག་གིས་སྨྲས་པ། གཅིག་སྨྲ་བ་ན་གཉིས་ཀྱིས་མཉན་པར་མི་བྱ་བར་ཚོགས་སྨྲ་ན་ཚོགས་ནི་
རྒྱལ་པོ་དང་འདྲ་བས་གལ་ཏེ་དེ་ཅུང་ཟད་སྨྲ་བར་གྱུར་ན་དེའི་ཚེ་གནས་ནས་དབྱུང་བའི་ལས་བྱའོ་ཞེས་དེ་དག་གིས་གནས་མལ་བཤམས་ནས། གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན། གླེང་བ་
པོ་རྒན་པའི་མཐའ་ལོགས་སུ་འདུག་སྟེ་སྨྲས་པ། བཙུན་པ་ཉེ་དགའ་ཁྱོད་ཀྱིས་བཅུ་བདུན་སྡེའི་ཚོགས་དག་གི་ལྟོ་དྲལ་ཏེ་རྒྱུ་མ་དག་གིས་རྒྱལ་བྱེད་ཀྱི་ཚལ་བསྐོར་བར་བྱའོ་ཞེས་བྱ་བ་དེ་ལྟ་བུའི་ཚིག་སྨྲས་པ་གང་ཡིན་པ་དེ་དྲན་ནམ། ཉེ་དགའས་སྨྲས་པ། ཚེ་དང་ལྡན་པ་དག་དེ་ནི་དོན་
འདས་པ་ཡིན་ན་རྨ་སོས་པ་གླེངས་ཏེ་ཅི་བྱ། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ནི་འདས་པའི་དོན་ཁོ་ན་ལ་བརྟེན་ཏེ་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་མཛད་དོ། །དགའ་བོས་ཕྱིར་བཟློག་པར་བརྩམས་པ་དང་། དེ་དག་གིས་སྨྲས་པ། གང་གཅིག་
เล่ม ๘ · หน้า 16a
ཕྱིར་ཟློག་པར་བྱེད་པ་དེ་ཡང་གནས་ནས་དབྱུང་བའི་ལས་བྱའོ། །དགའ་བོས་བསམས་པ། འདི་དག་གི་བྱེད་སྟངས་ལས་ན་བདག་ལ་ཡང་གནས་ནས་འབྱིན་པའི་ལས་བྱེད་པར་འགྱུར་ན་མ་ལེགས་པར་འགྱུར་རོ་སྙམ་ནས། དེ་དགུན་གྱི་དུས་ལ་བབ་པས་ལ་བ་ཞིག་
གྱོན་ཏེ་དེས་ལ་བ་དེ་རྩིག་དྲུང་དུ་བསླང་སྟེ་བཞག་ནས་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་སོང་ངོ་། །དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་འདོད་པ་སྨྲོས་ཤིག་ཅེས་དེ་དག་གིས་གྱ་ཚོམ་དུ་ཉེ་དགའ་གནས་ནས་དབྱུང་བའི་ལས་བྱས་སོ། །དེ་གནས་ནས་དབྱུང་བའི་ལས་བྱས་པ་ན་ངུ་ཞིང་ཕུ་
བོའི་གན་དུ་སོང་བ་དང་། དགའ་བོས་སྨྲས་པ། ཉེ་དགའ་ཅིའི་ཕྱིར་ངུ་། ལྷུང་བཟེད་ནག་པོ་ཅན་དག་གིས་བདག་གནས་ནས་དབྱུང་བའི་ལས་བྱས་སོ། །དགའ་བོས་སྨྲས་པ། གང་དག་གིས་ཁོ་བོའི་ནུ་བོ་གནས་ནས་དབྱུང་བའི་ལས་བྱས་པ་དེ་དག་གྲོང་དང་། གྲོང་ཁྱེར་
དང་། ཁམས་གསུམ་ནས་གནས་ནས་ཕྱུང་བར་གྱུར་ཅིག །འོན་ཀྱང་གནས་ནས་དབྱུང་བའི་ལས་བྱས་པ་དག་ལ་གྲོང་དང་། གྲོང་ཁྱེར་མེད་དམ་ཅི། སྡོད་ལ་ཕྱིས་བཟོད་པ་གསོལ་ཅིག །འདི་ལྟར་དེ་དག་གིས་མི་མཐུན་པ་ཁོ་ནར་ལས་བྱས་སོ། །སུ་ཞིག་དེར་མ་འོངས། དགའ་བོས་
སྨྲས་པ། ཁོ་བོའོ། །བདག་གིས་དེ་ན་རྒན་པའི་མཐའ་ལོགས་ན་སློབ་དཔོན་གྱི་སྒྲ་ཐོས་སོ། །དགའ་བོས་སྨྲས་པ། གང་གི་ཚེ་དེ་དག་ན་རེ་གང་གཅིག་ཕྱིར་ཟློག་པར་བྱེད་པ་དེ་ཡང་གནས་ནས་དབྱུང་བའི་ལས་བྱའོ་ཞེས་ཟེར་བ་དེའི་ཚེ་ན་ཁོ་བོས་བསམས་པ། འདི་དག་གི་བྱེད་སྟངས་
ལས་ན་བདག་ལ་ཡང་གནས་ནས་འབྱིན་པའི་ལས་བྱེད་པར་འགྱུར་ན་མ་ལེགས་པར་འགྱུར་རོ་སྙམ་ནས། ཁོ་བོ་དགུན་གྱི་དུས་ལ་བབ་པས་ལ་བ་ཞིག་གྱོན་ཏེ་ཁོ་བོས་ལ་བ་དེ་རྩིག་དྲུང་དུ་བསླང་སྟེ་བཞག་ནས་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་སོང་ངོ་། །དགེ་སློང་དོན་ཉུང་ངུ་དག་ཅིའི་
ཕྱིར་དགེ་སློང་དག་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །
เล่ม ๘ · หน้า 16b
དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་
ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤཱཀྱའི་བུ་དགའ་བོ་ལ་རྨས་པ། དགའ་བོ་ཁྱོད་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་
དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ།
དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་
ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །དགེ་སློང་ནད་ངན་ཅན་དག་འཁོད་པ་དེ་དག་གིས་ཡུན་རིང་དུ་
འདུག་པར་མི་ནུས་པ་ན་དགེ་སློང་ནད་གཡོག་དག་གིས་ཀྱང་ནད་པ་དག་གི་བྱ་བ་ཉམས་པར་བྱེད། དགེ་སློང་ཞལ་ཏ་བྱེད་པ་དག་གིས་ཀྱང་དགེ་འདུན་གྱི་བྱ་བ་ཉམས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དེ་ལྟ་བས་ན་དགེ་སློང་འདུག་པ་ལ་སྨྲས་ཏེ་འགྲོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་འདུག་པ་ལ་སྨྲས་ཏེ་འགྲོ་བར་བྱའོ་ཞེས་བཀའ་སྩལ་ནས་དགེ་སློང་ཞིག་གིས་ཁྱིམ་གཞན་དུ་ལྷུང་བཟེད་དང་ཆོས་གོས་བཞག་ནས་ཇི་ཙམ་ན་དེར་མེ་ཤོར་ནས་དགེ་སློང་དེས་དེར་འགྲོ་བར་བརྩམས་ཏེ་དེ་
เล่ม ๘ · หน้า 17a
ལམ་གྱི་ཕྱེད་དུ་ཕྱིན་པ་དང་། བདག་གིས་དགེ་སློང་འདུག་པ་ལ་མ་སྨྲས་སོ་སྙམ་པའི་དྲན་པ་སྐྱེས་ནས་དེ་ཕྱིར་ལོག་སྟེ་ཇི་སྲིད་དུ་དགེ་སློང་འདུག་པ་ལ་སྨྲ་བར་བྱེད་པ་དེ་སྲིད་དུ་དེའི་ལྷུང་བཟེད་དང་ཆོས་གོས་ཚིག་ནས་དེ་དེར་སོང་བ་དང་ཁྱིམ་བདག་གིས་སྨྲས་པ། འཕགས་པ་ཁྱོད་
ཅིའི་སླད་དུ་འཕྱིས་ཏེ་བྱོན། དེས་ན་ཁྱོད་ཀྱི་ལྷུང་བཟེད་དང་ཆོས་གོས་ཚིག་གི །གལ་ཏེ་ཁྱོད་མྱུར་དུ་བྱོན་པར་གྱུར་ན་ཁྱོད་ཀྱི་ལྷུང་བཟེད་དང་ཆོས་གོས་ཚིག་པར་མི་འགྱུར་རོ་ཞེས་ཟེར་ཞིང་དགེ་སློང་དེ་ཡང་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་
པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དེ་འདྲ་བའི་རྐྱེན་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་
དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་
ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ཞིང་དགེ་སློང་འདུག་པ་ལ་མི་སྨྲ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་
དགའ་བོའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན་ཞེས་བྱ་བ་ནི་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་
དང་བཞིའི་ལས་བྱུང་བ་ནའོ། །ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ཞིང་ཞེས་བྱ་བ་ནི་ཐོས་པའི་ཉེན་ཀོར་ལས་འདས་ཏེ་འགྲོ་ཞིང་ངོ་། །དགེ་སློང་འདུག་པ་ལ་མི་སྨྲ་ན་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་འདུག་པ་ལའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་དེ་འདྲ་བའི་རྐྱེན་བཞག་
เล่ม ๘ · หน้า 17b
སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་
ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ་དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་ཇི་ཙམ་ཅུང་ཟད་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ཞིང་དགེ་སློང་འདུག་པ་ལ་མི་སྨྲ་ན་ཇི་
སྲིད་ཐོས་པའི་ཉེན་ཀོར་ལས་མ་འདས་ཀྱི་བར་དུ་ཉེས་བྱས་སུ་འགྱུར་ལ། ཐོས་པའི་ཉེན་ཀོར་ལས་འདས་ན་ལྟུང་བྱེད་དུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དེ་བདུན་བཅུ་རྩ་
བདུན་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་གླང་ཆེན་ལྷས་ཀྱི་བདག་པོའི་བུ་ནག་པ་དགེ་སློང་རབ་ཏུ་མང་པོ་དག་འདི་ལྟ་སྟེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་
སྟོན་པའི་བསྟན་པའོ་ཞེས་རྩོད་པ་ཉེ་བར་ཞི་བར་བྱ་བ་འགའ་ཞིག་གི་ཕྱིར་དཔོང་སའི་ཁང་པར་འདུག་ཅིང་མཐུན་པར་གྱུར་པ་ན་གཅིག་པུས་དགེ་འདུན་ཟློག་པར་བྱེད། གཅིག་པུས་དགེ་འདུན་མི་མཐུན་པར་བྱེད་ཅིང་། རྩོད་པ་བཟུང་སྟེ་རྩོད་ཅིང་འདུག་ལ་གཏམ་གྱི་མཇུག་སྡོད་པར་མི་བྱེད།
གུས་པར་མི་བྱེད། རྗེ་ས་མི་བྱེད་ཅིང་ཕྱིར་སྨྲ་བར་བྱའོ་སྙམ་དུ་སེམས་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རབ་ཏུ་མང་པོ་དག་འདི་ལྟ་སྟེ། འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པའི་བསྟན་པའོ་ཞེས་རྩོད་པ་ཉེ་བར་ཞི་བར་བྱ་བ་འགའ་ཞིག་གི་ཕྱིར་དཔོང་
སའི་ཁང་པར་འདུག་ཅིང་མཐུན་པར་གྱུར་པ་ན་གཅིག་པུས་དགེ་འདུན་ཟློག་པར་བྱེད། གཅིག་པུས་དགེ་འདུན་མི་མཐུན་པར་བྱེད་ཅིང་། རྩོད་པ་བཟུང་སྟེ་རྩོད་ཅིང་འདུག་ལ་གཏམ་གྱི་མཇུག་སྡོད་པར་མི་བྱེད། གུས་པར་མི་བྱེད། རྗེ་ས་མི་བྱེད་ཅིང་ཕྱིར་སྨྲ་བར་བྱའོ་སྙམ་དུ་སེམས་ཞེས་སྨོད་
เล่ม ๘ · หน้า 18a
པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་
སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གླང་ཆེན་ལྷས་ཀྱི་བདག་པོའི་བུ་ནག་པ་ལ་རྨས་པ། དགེ་སློང་ཁྱོད་དགེ་སློང་རབ་ཏུ་མང་པོ་དག་འདི་ལྟ་སྟེ། འདི་
ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པའི་བསྟན་པའོ་ཞེས་རྩོད་པ་ཉེ་བར་ཞི་བར་བྱ་བ་འགའ་ཞིག་གི་ཕྱིར་དཔོང་སའི་ཁང་པར་འདུག་ཅིང་མཐུན་པར་གྱུར་པ་ན་གཅིག་པུས་དགེ་འདུན་ཟློག་པར་བྱེད། གཅིག་པུས་དགེ་འདུན་མི་མཐུན་པར་བྱེད་ཅིང་རྩོད་པ་བཟུང་སྟེ་རྩོད་ཅིང་འདུག་ལ་
གཏམ་གྱི་མཇུག་སྡོད་པར་མི་བྱེད། གུས་པར་མི་བྱེད། རྗེ་ས་མི་བྱེད་ཅིང་། ཕྱིར་སྨྲ་བར་བྱའོ་སྙམ་དུ་སེམས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་
མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་
བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། གུས་པར་མི་བྱེད་ན་ལྟུང་བྱེད་དོ། །གུས་པར་མི་བྱེད་ན་ཞེས་བྱ་བ་ནི་གཉིས་ཀ་ལ་གུས་པར་མི་བྱེད་ན་སྟེ། དགེ་འདུན་ལ་དང་། གང་
ཟག་ལའོ། །དེ་ལ་དགེ་འདུན་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དང་། དགེ་འདུན་གྱི་ཐ་སྙད་པའོ། །གང་ཟག་ནི་མཁན་པོ་དང་། སློབ་དཔོན་དག་གོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་།
เล่ม ๘ · หน้า 18b
ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་
དགེ་འདུན་གྱིས་འདུག་ཤིག་ཅེས་བསྒོ་བ་ན་མི་འདུག་ན་ལྟུང་བྱེད་དུ་འགྱུར་རོ། །མ་འདུག་ཤིག་ཅེས་བསྒོ་བ་ན་འདུག་ན་ལྟུང་བྱེད་དུ་འགྱུར་རོ། །སོང་ཤིག་ཅེས་བསྒོ་བ་ན་མི་འགྲོ་ན་ལྟུང་བྱེད་དུ་འགྱུར་རོ། །མ་འགྲོ་ཤིག་ཅེས་བསྒོ་བ་ན་འགྲོ་ན་ལྟུང་བྱེད་དུ་འགྱུར་རོ། །གནས་མལ་ལོང་ཤིག་ཅེས་བསྒོ་
བ་ན་མི་ལེན་ན་ལྟུང་བྱེད་དུ་འགྱུར་རོ། །གནས་མལ་མ་ལེན་ཅིག་ཅེས་བསྒོ་བ་ན་ལེན་ན་ལྟུང་བྱེད་དུ་འགྱུར་རོ། །གཙུག་ལག་ཁང་ལོང་ཤིག་ཅེས་བསྒོ་བ་ན་མི་ལེན་ན་ལྟུང་བྱེད་དུ་འགྱུར་རོ། །གཙུག་ལག་ཁང་མ་ལེན་ཅིག་ཅེས་བསྒོ་བ་ན་ལེན་ན་ལྟུང་བྱེད་དུ་འགྱུར་རོ། །སྨྲོས་ཤིག་ཅེས་བསྒོ་བ་ན་མི་སྨྲ་
ན་ལྟུང་བྱེད་དུ་འགྱུར་རོ། །མ་སྨྲ་ཤིག་ཅེས་བསྒོ་བ་ན་སྨྲ་ན་ལྟུང་བྱེད་དུ་འགྱུར་རོ། །ཆོས་དང་ལྡན་པར་ཤད་ཀྱིས་སྦྱང་བ་སྦྱིན་པར་བྱེད་ན་ལྟུང་བ་མེད་དོ། །དགེ་འདུན་གྱི་ཐ་སྙད་པས་བསྒོ་བ་ལ་ཡང་དེ་བཞིན་དུ་སྦྱར་རོ། །དགེ་སློང་མཁན་པོས་འདུག་ཤིག་ཅེས་བསྒོ་བ་ན་མི་འདུག་ན་ཉེས་བྱས་སུ་འགྱུར་རོ། །
མ་འདུག་ཤིག་ཅེས་བསྒོ་བ་ན་འདུག་ན་ཉེས་བྱས་སུ་འགྱུར་རོ། །སོང་ཤིག་ཅེས་བསྒོ་བ་ན་མི་འགྲོ་ན་ཉེས་བྱས་སུ་འགྱུར་རོ། །མ་འགྲོ་ཤིག་ཅེས་བསྒོ་བ་ན་འགྲོ་ན་ཉེས་བྱས་སུ་འགྱུར་རོ། །གནས་མལ་ལོང་ཤིག་ཅེས་བསྒོ་བ་ན་མི་ལེན་ན་ཉེས་བྱས་སུ་འགྱུར་རོ། །གནས་མལ་མ་ལེན་ཅིག་ཅེས་བསྒོ་
བ་ན་ལེན་ན་ཉེས་བྱས་སུ་འགྱུར་རོ། །གཙུག་ལག་ཁང་ལོང་ཤིག་ཅེས་བསྒོ་བ་ན་མི་ལེན་ན་ཉེས་བྱས་སུ་འགྱུར་རོ། །གཙུག་ལག་ཁང་མ་ལེན་ཅིག་ཅེས་བསྒོ་བ་ན་ལེན་ན་ཉེས་བྱས་སུ་འགྱུར་རོ། །སྨྲོས་ཤིག་ཅེས་བསྒོ་བ་ན་མི་སྨྲ་ན་ཉེས་བྱས་སུ་འགྱུར་རོ། །མ་སྨྲ་ཤིག་ཅེས་བསྒོ་བ་ན་སྨྲ་ན་ཉེས་བྱས་
སུ་འགྱུར་རོ། །ཆོས་དང་ལྡན་པར་ཤད་ཀྱིས་སྦྱང་བ་སྦྱིན་པར་བྱེད་ན་ལྟུང་བ་མེད་དོ། །སློབ་དཔོན་རྣམས་ཀྱིས་བསྒོ་བ་ལ་ཡང་དེ་བཞིན་དུ་སྦྱར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །མ་གུས་པའི་ཚུལ་གྱི་ལྟུང་བྱེད་དེ་བདུན་བཅུ་
เล่ม ๘ · หน้า 19a
རྩ་བརྒྱད་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་ཁྱིམ་བདག་རྟོགས་ལྡན་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་
བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལ་བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ།
མཛེས་པ་ཞིག་བཙས་ནས་དེ་བསྲིངས་ཤིང་བསྐྱེད་དེ་ཆེན་མོར་གྱུར་ཏོ། །ཁྱིམ་བདག་དེས་བསམས་པ། བདག་གིས་བུ་མོ་འདི་གཟུགས་ཀྱི་ཕྱིར་ཡང་མི་སྦྱིན། བཟོའི་ཕྱིར་ཡང་མི་སྦྱིན་གྱི་བདག་དང་རིགས་དང་། ནོར་གྱིས་འདྲ་བའམ། ལྷག་པ་གང་ཡིན་པ་ལ་བདག་གིས་བུ་མོ་འདི་སྦྱིན་ནོ་
སྙམ་མོ། །དེས་མཉན་ཡོད་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་བྱ་བ་ཕྱུག་པ་ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་པ་དེ་བདག་དང་རིགས་དང་། ནོར་གྱིས་མཉམ་
ཞིང་ནོར་གྱི་རྣམ་པས་ཆེས་ལྷག་པ་ཡིན་ནོ་ཞེས་ཐོས་ནས་དེས་བུ་མོ་དེ་མཉན་ཡོད་དུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་ལ་བྱིན་ནོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཀྱང་དཔལ་གྱི་འབྱོར་པས་བུའི་ཆུང་མར་བླངས་སོ། །ཁྱིམ་བདག་རྟོགས་ལྡན་ཡང་རྩེ་བར་བྱེད། དགའ་བར་བྱེད།
དགའ་མགུར་སྤྱོད་པར་བྱེད་པའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ནས་དེ་ལ་གང་གི་ཉིན་མོ་སེམས་ཅན་ཞུགས་པར་གྱུར་པ་དེ་ཉིད་ཀྱི་ཉིན་མོ་ཁྱིམ་བདག་རྟོགས་ལྡན་ལ་གནོད་པ་བརྒྱ་དག་བྱུང་བར་གྱུར་ཏོ། །མངལ་ན་གནས་པ་དེ་ཇི་ལྟ་ཇི་ལྟར་སྐྱེས་པར་གྱུར་པ་དེ་ལྟ་དེ་ལྟར་ཁྱིམ་བདག་རྟོགས་
ལྡན་ལ་ཡང་དང་ཡང་དུ་རྒྱ་ཆེར་གནོད་པ་བརྒྱ་དག་བྱུང་བར་གྱུར་ཏོ། །ཁྱིམ་བདག་རྟོགས་ལྡན་གྱིས་བསམས་པ། བདག་སྐྱེད་མོས་ཚལ་དུ་སོང་སྟེ་འདུག་གོ་སྙམ་ནས། དེས་ཞོ་ཤས་འཚོ་བ་དག་ལ་བསྒོ་བ། ཤེས་ལྡན་དག་གལ་ཏེ་ཁོ་བོ་ལ་གནོད་པ་ཆེན་པོ་ཞིག་བྱུང་བར་གྱུར་ན་སྦྲོན་ཅིག །
เล่ม ๘ · หน้า 19b
ཇི་སྟེ་མ་བྱུང་ན་མ་སྦྲོན་ཅིག་ཅེས་བསྒོ་ནས་དེ་སྐྱེད་མོས་ཚལ་དུ་སོང་སྟེ་འདུག་གོ། །དེ་ནས་དུས་གཞན་ཞིག་ན་དེའི་ཆུང་མ་བཙས་པ་ལས་ཁྱེའུ་ཞིག་བྱུང་ནས་དེ་གང་གི་ཉི་མ་ལ་བྱུང་བ་དེ་ཉིད་ཀྱི་ཉིན་མོ་ཁྱིམ་བདག་རྟོགས་ལྡན་ལ་གནོད་པ་སྟོང་དག་བྱུང་བར་གྱུར་ཏོ། །དེ་ནས་མི་ཞིག་རིངས་པ་རིངས་པར་
ཁྱིམ་བདག་རྟོགས་ལྡན་ག་ལ་བ་དེར་སོང་བ་དང་། ཁྱིམ་བདག་རྟོགས་ལྡན་གྱིས་མི་དེ་ཐག་རིང་པོ་ཁོ་ན་ནས་རིངས་པ་རིངས་པར་འོང་བ་མཐོང་ནས་དེས་བསམས་པ། བདག་ལ་གནོད་པ་ཆེན་པོ་ཞིག་བྱུང་བར་གྱུར་གོར་མ་ཆག་སྙམ་ནས་དེས་མི་དེ་ལ་སྨྲས་པ། ཀྭའི་ནང་རྗེ་ཅིའི་ཕྱིར་འདི་ལྟར་
རིངས་པ་རིངས་པར་འོང་། མི་དེས་སྨྲས་པ། ཁྱོད་ཀྱི་སྲས་བལྟམ་གྱིས་དགྱེས་པ་སྐྱེད་ཅིག །རྟོགས་ལྡན་གྱིས་སྨྲས་པ། ཀྭའི་ནང་རྗེ་ཁོ་བོའི་བུས་གནོད་པ་བརྒྱ་ཕྲག་མང་པོ་བསྐྱེད་མོད་ཀྱི་འོན་ཀྱང་བུ་འོངས་པ་ལེགས་སོ། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཁྱེའུ་འདིའི་མིང་ཅིར་
གདགས་སྙམ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཁྱེའུ་འདི་ལ་ཕས་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་བརྗོད་པས་ཁྱེའུ་འདིའི་མིང་ལེགས་འོངས་ཞེས་གདགས་སོ་ཞེས་དེའི་མིང་ལེགས་འོངས་ཞེས་བྱ་བར་བཏགས་སོ། །ལེགས་འོངས་ཇི་ལྟ་ཇི་ལྟར་སྐྱེས་པར་གྱུར་པ་དེ་ལྟ་དེ་ལྟར་ཁྱིམ་བདག་
རྟོགས་ལྡན་གྱི་ཁྱིམ་ན་ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དག་ཡོངས་སུ་ཟད་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་ཁྱིམ་བདག་རྟོགས་ལྡན་ཡང་དུས་ལ་བབ་ཅིང་དེའི་ཆུང་མ་ཡང་དུས་ལ་བབ། དེའི་ཁྱིམ་
ཡང་མེས་ཚིག །བང་མཛོད་ཀྱི་རྣམ་པ་དང་། ཞིང་གི་རྣམ་པ་དང་། ནོར་གྱི་རྣམ་པ་དང་། འབྲུའི་རྣམ་པ་ཐམས་ཅད་ཀྱང་མེས་ཚིག་གོ། །གྲོང་པའི་མི་གང་དག་ཟོང་ཐོགས་ཏེ་ཡུལ་གཞན་དུ་དོང་བ་དག་ཀྱང་དེ་ན་ཁ་ཅིག་ནི་རྒྱ་མཚོ་ཆེན་པོར་གྲུ་བོ་ཆེ་ཞིག་པར་གྱུར། ཁ་ཅིག་ནི་ཟོང་ཟོང་མ་ཡིན་པར་
གྱུར། ཁ་ཅིག་ནི་དེ་ཉིད་དུ་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར། ཁ་ཅིག་ནི་དེ་ཉིད་དུ་འཁོད་དེ་ཚིག་ཀྱང་མི་སྟེར་རོ། །ཉེ་དུ་དག་ཀྱང་ཁ་ཅིག་ནི་དུས་ལ་བབ། ཁ་ཅིག་ནི་བྲོས། ཁ་ཅིག་ནི་དེ་ཉིད་ན་འཁོད་དེ་ཚིག་ཀྱང་མི་སྟེར་རོ། །བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་
เล่ม ๘ · หน้า 20a
འཚོ་བ་དག་ཀྱང་ཁ་ཅིག་ནི་དུས་ལ་བབ། ཁ་ཅིག་ནི་བྲོས། ཁ་ཅིག་ནི་དེ་ཉིད་ན་འཁོད་དེ་ཚིག་ཀྱང་མི་སྟེར་རོ། །ཁྱིམ་བདག་རྟོགས་ལྡན་གྱི་སྔོན་གྱི་བྲན་མོ་རྒན་མོ་གཅིག་པུ་ཞིག་ལེགས་འོངས་ཀྱི་བསྙེན་བཀུར་བྱེད་ཅིང་འདུག་པ་དེས་ལེགས་འོངས་ཁྱེའུའི་གྲྭར་ཡི་གེ་དང་ཡིག་འབྲུ་
སློབ་ཏུ་ཕུལ་ལོ། །རྒན་མོ་དེས་བསམས་པ། ཁྱིམ་བདག་རྟོགས་ལྡན་གྱི་ཁྱིམ་ནོར་དུ་མ་དང་ལྡན་པ་ཡོངས་སུ་ཟད་ཅིང་མཐར་ཐུག་པར་གྱུར་ན་གང་གི་བསོད་ནམས་མེད་པས་དེ་ལྟར་གྱུར་པ་ཅི་བདག་གིའམ་འོན་ཏེ་ལེགས་འོངས་ཀྱི་བསོད་ནམས་མེད་པས་དེ་ལྟར་གྱུར་པ་བལྟའོ་སྙམ་ནས་ཇི་ཙམ་
ན་དེས་ལེགས་འོངས་ཀྱི་མིང་གིས་ཕྲུ་རྟོག་བཙུགས་པ་དང་དེ་ཆུད་ཟོས་པར་གྱུར་ཅིང་། བདག་གི་མིང་གིས་ཕྲུ་རྟོག་བཙུགས་པ་དང་དེ་ཚོས་པར་གྱུར་ནས་དེས་བསམས་པ། འདི་ནི་སེམས་ཅན་སྐལ་ཆད་ཅིག་ཡིན་པས་འདིའི་ལེ་ལན་གྱིས་ཁྱིམ་བདག་རྟོགས་ལྡན་གྱི་ཁྱིམ་ནོར་དུ་མ་དང་ལྡན་པ་ཚུལ་མ་
ཡིན་པས་ཆུད་ཟོས་པར་གྱུར་པས་བདག་ཀྱང་འདིའི་ལེ་ལན་གྱིས་ཚུལ་མ་ཡིན་པས་སྡུག་བསྔལ་བར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་གོར་མ་ཆག་ན་འདི་ལ་ཇི་ལྟར་བྱ་སྙམ་ནས་དེས་བསམས་པ། འབྲོས་སོ་སྙམ་ནས་རྒན་མོ་དེས་ཀྱང་དེ་ན་གཅེས་པ་ཅུང་ཟད་ཅི་ཡོད་པ་དེ་
དག་ཁྱེར་ཏེ་བྲོས་སོ། །ཁྱིམ་སྟོང་པ་དེར་ཁྱི་དག་ཞུགས་ནས་ཟས་ཟོས་ཏེ་འཐབ་པར་བརྩམས་པ་དང་། མི་གཡོན་ཅན་ཞིག་ཕྱོགས་དེ་ནས་འགྲོ་བ་དེས་ཁྱིམ་དེ་ནས་ཁྱི་དག་འཐབ་པའི་སྒྲ་ཐོས་ནས་དེས་བསམས་པ། ཁྱིམ་བདག་རྟོགས་ལྡན་གྱི་ཁྱིམ་སྟོང་པར་གྱུར་ཏམ་ཅི་ན་འདི་ལྟར་འདི་ན་
ཁྱི་དག་འཐབ་ཅིང་འཁོད། བདག་གིས་ཇི་བལྟའོ་སྙམ་ནས་དེ་དེར་ཞུགས་པ་དང་། ཇི་ཙམ་ན་ཁྱི་རྐུན་ཕལ་པོ་ཆེ་དག་འཐབ་ཅིང་འདུག་གི་མི་ནི་འགའ་ཡང་མེད་དེ་སྟོང་པར་མཐོང་ནས་དེས་དེ་ནས་ལྷག་རོལ་གྱི་ལྷག་མ་ཅུང་ཟད་ཅི་ཡོད་པ་དེ་དག་ཁྱེར་ཏེ་སོང་ངོ་། །དེའི་འོག་ཏུ་ལེགས་འོངས་
ཟན་བཟའོ་སྙམ་ནས་ཁྱེའུའི་གྲྭ་ནས་འོངས་ཏེ་དེ་དེར་ཞུགས་པ་དང་། ཇི་ཙམ་ན་སྟོང་པར་མཐོང་ནས་དེས་མ་མ་མ་མ་ཞེས་བོས་ན་འགའ་ཡང་ལན་འདེབས་པ་མེད་ནས་དེ་དང་ཧ་ཅང་ཐག་མི་རིང་བ་ན་ཉེ་དུའི་ཁྱིམ་ཞིག་ཡོད་པ་དེར་ཞུགས་པ་དང་། ཇི་ཙམ་ན་དེར་ཡང་ཁྱིམ་མི་དག་འཐབ་མོ་བྱུང་
เล่ม ๘ · หน้า 20b
བར་གྱུར་ཏོ། །གང་གི་ཚེ་དེ་དག་འཐབ་མོ་ཞི་བར་གྱུར་པ་དེའི་ཚེ་ན་གཅིག་ལ་གཅིག་སྨྲས་པ། ཤེས་ལྡན་དག་བདག་གིས་སྔན་ཆད་ཁྱོད་མཐོང་ན་སྙིང་དུ་སྡུག་ན་དེང་བདག་གིས་ཁྱོད་མཐོང་ན་ཁྱོད་བསད་དོ་སྙམ་དུ་སེམས་སོ། །གཞན་དག་ཀྱང་གཅིག་ལ་གཅིག་དེ་སྐད་ཟེར་ནས་དེ་དག་
གིས་བསམས་པ། འདིར་གཞན་འགའ་ཞིག་མ་འོངས་སམ་བལྟའོ་སྙམ་ནས་དེ་དག་གིས་བལྟས་ན་ཇི་ཙམ་ན་ལེགས་འོངས་དེར་འོངས་པ་མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ནི་ལེགས་འོངས་མ་ཡིན་གྱི་ཉེས་འོངས་ཡིན་ཏེ། འདིའི་ལེ་ལན་གྱིས་བདག་ཅག་འཐབ་མོ་
བྱུང་བར་གྱུར་ཏོ་ཞེས་དེ་དག་གིས་བསྐྲད་དེ་དེ་གཞན་དུ་སོང་བ་དང་། དེར་ཡང་དེ་དག་དེ་བཞིན་དུ་གྱུར་ནས་དེ་དག་གིས་ཀྱང་དེ་སྐད་སྨྲས་ཏེ་དེ་བསྐྲད་དེ་བཏང་ངོ་། །དེ་མུ་ལྟོ་བ་དག་གི་ནང་དུ་ཞུགས་པ་དང་། ཇི་ཙམ་ན་མུ་ལྟོ་བ་དེ་དག་ཀྱང་ལག་པ་སྟོང་པ་དང་། སྤྲང་ཕོར་སྟོང་པར་གྱུར་ཏེ་ཕྱིར་
ལྷགས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་སྔོན་ཆད་གང་དུ་ཞུགས་པ་དེར་ལག་པ་གང་བ་དང་། སྤྲང་ཕོར་གང་བར་གྱུར་ཏེ་ཕྱིར་འོང་ན། དེང་བདག་ཅག་ལག་པ་སྟོང་པ་དང་། སྤྲང་ཕོར་སྟོང་པར་གྱུར་ཏེ་ཕྱིར་ལྷགས་པ་འདི་ལ་རྒྱུ་ཅི་ཡོད། དེ་དག་གིས་སྨྲས་པ།
བདག་ཅག་གི་ནང་དུ་སེམས་ཅན་སྐལ་ཆད་འགའ་ཞིག་ཞུགས་པས་དེས་ན་བདག་ཅག་ལག་པ་སྟོང་པ་དང་། སྤྲང་ཕོར་སྟོང་པར་གྱུར་ཏེ་ཕྱིར་ལྷགས་སོ། །ཡང་དེ་དག་གིས་སྨྲས་པ། བརྟག་པར་བྱས་བདག་ཅག་ཁ་གཉིས་སུ་བཅད་དེ་འཇུག་པར་བྱའོ་ཞེས་དེ་དག་གིས་ཁ་གཉིས་སུ་བཅད་དེ་
ཞུགས་པ་དང་། གང་དག་གི་ནང་དུ་ལེགས་འོངས་ཞུགས་པ་དེ་དག་ལག་པ་སྟོང་པ་དང་། སྤྲང་ཕོར་སྟོང་པར་གྱུར་ཏེ་ལྷགས་སོ། །དེ་དག་གིས་ཀྱང་ཁ་གཉིས་སུ་བཅད་དེ་ཞུགས་པ་དང་། གང་དག་གི་ནང་དུ་ལེགས་འོངས་ཞུགས་པ་དེ་དག་ལག་པ་སྟོང་པ་དང་། སྤྲང་ཕོར་སྟོང་པར་
གྱུར་ཏེ་ལྷགས་སོ། །དེ་དག་གིས་ཀྱང་ཡང་ཁ་གཉིས་སུ་བཅད་དེ་ཞུགས་པ་དང་། ཡང་དེ་ལྟར་གྱུར་ཏོ། །དེ་དག་གིས་ཀྱང་ཡང་དང་ཡང་དུ་ཁ་གཉིས་སུ་བཅད་དེ་ཞུགས་པ་དང་། དེ་ལྟ་དེ་ལྟར་གྱུར་ནས་ཇི་ཙམ་ན་ལེགས་འོངས་དང་མུ་ལྟོ་བ་གཞན་ཅིག་དང་གཉིས་ལྷན་ཅིག་ཞུགས་པ་
เล่ม ๘ · หน้า 21a
ཡང་སོ་སོར་བྱེ་བ་དང་ལེགས་འོངས་ནི་ལག་པ་སྟོང་པ་དང་། སྤྲང་ཕོར་སྟོང་པར་གྱུར་ཏེ་འོངས་ལ་གཞན་ཐམས་ཅད་ལག་པ་གང་བ་དང་། སྤྲང་ཕོར་གང་བར་གྱུར་ཏེ་འོངས་ནས་དེ་དག་གིས་སྨྲས་པ། སེམས་ཅན་སྐལ་ཆད་འདི་བདག་ཅག་གི་ནང་དུ་ཞུགས་པས་དེས་ན་
བདག་ཅག་ལག་པ་སྟོང་པ་དང་། སྤྲང་ཕོར་སྟོང་པར་གྱུར་ཏེ་ལྷགས་སོ་ཞེས་དེ་དག་གིས་ལེགས་འོངས་ཤིན་ཏུ་བརྡེགས་ཏེ་བསྐྲད་དོ། །མཉན་ཡོད་ན་ཁྱིམ་བདག་རྟོགས་ལྡན་གྱི་ཆུང་པོ་གྲོགས་ཁྱིམ་བདག་ཅིག་འདུག་པ་དེ་ཟོང་ཐོགས་ཏེ་ཆུ་སྲིན་བྱིས་པ་གསོད་ཀྱི་རིར་ཕྱིན་ནས་ཁྱིམ་
བདག་དེས་ལེགས་འོངས་ལག་ན་སྤྲང་ཕོར་ཐོགས་ཏེ། སྲང་དུ་སོང་བ་མཐོང་ནས་དེས་བཞིན་གཟུགས་ལས་དེ་ངོ་ཤེས་ནས་དེས་དེ་ལ་སྨྲས་པ། བུ་ཁྱོད་ཁྱིམ་བདག་རྟོགས་ལྡན་གྱི་བུ་མ་ཡིན་ནམ། ལེགས་འོངས་ཀྱིས་སྨྲས་པ་ཡིན་ནོ། །དེས་སྨྲས་པ། ཁྱོད་ཀྱི་ཕ་མ་གཉིས་གར་
སོང་། ལེགས་འོངས་ཀྱིས་སྨྲས་པ། དུས་ལ་བབ་བོ། །དེས་སྨྲས་པ། དེའི་ཁྱིམ་དང་། བང་མཛོད་ཀྱི་རྣམ་པ་དང་། ཞིང་གི་རྣམ་པ་དང་། ནོར་གྱི་རྣམ་པ་དང་། འབྲུའི་རྣམ་པ་དག་ག་རེ། ལེགས་འོངས་ཀྱིས་སྨྲས་པ། ཐམས་ཅད་མེས་ཚིག་གོ། །དེས་སྨྲས་པ། གྲོང་པའི་
མི་གང་དག་ཟོང་ཐོགས་ཏེ་ཡུལ་གཞན་དུ་དོང་བ་དག་གར་དོང་། ལེགས་འོངས་ཀྱིས་སྨྲས་པ། ཁ་ཅིག་ནི་རྒྱ་མཚོ་ཆེན་པོར་གྲུ་བོ་ཆེ་ཞིག་པར་གྱུར། ཁ་ཅིག་ནི་ཟོང་ཟོང་མ་ཡིན་པར་གྱུར། ཁ་ཅིག་ནི་དེ་ཉིད་དུ་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར། ཁ་ཅིག་ནི་དེ་ཉིད་དུ་འཁོད་དེ་
ཚིག་ཀྱང་མི་སྟེར་རོ། །དེས་སྨྲས་པ། ཉེ་དུ་དག་གར་དོང་། ལེགས་འོངས་ཀྱིས་སྨྲས་པ། ཁ་ཅིག་ནི་དུས་ལ་བབ། ཁ་ཅིག་ནི་བྲོས། ཁ་ཅིག་ནི་དེ་ཉིད་ན་འཁོད་དེ་ཚིག་ཀྱང་མི་སྟེར་རོ། །དེས་སྨྲས་པ། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དག་གར་དོང་།
ལེགས་འོངས་ཀྱིས་སྨྲས་པ། ཁ་ཅིག་ནི་དུས་ལ་བབ། ཁ་ཅིག་ནི་བྲོས། ཁ་ཅིག་ནི་དེ་ཉིད་ན་འཁོད་དེ་ཚིག་ཀྱང་མི་སྟེར་རོ། །ཁྱིམ་བདག་དེས་དེ་ཐོས་ནས་མཆི་མས་བརྣངས་ཏེ་འདུག་ནས་དེས་སྨྲས་པ། བུ་ཁོ་བོ་དང་ལྷན་ཅིག་མཉན་ཡོད་དུ་འདོང་ངོ་། །ལེགས་འོངས་ཀྱིས་སྨྲས་པ།
เล่ม ๘ · หน้า 21b
ཕ་བདག་དེར་སོང་ན་ཅིར་འགྱུར། དེས་སྨྲས་པ། བུ་དེ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདུག་པ་དེའི་བུས་ཁྱོད་ཀྱི་སྲིང་མོ་ཆུང་མར་བླངས་པས་ཁྱོད་དེར་སོང་ན་སྲིང་མོ་དེ་ཁྱོད་ལ་མཁོ་བ་སྟོབས་པར་འགྱུར་རོ། །ལེགས་འོངས་ཀྱིས་སྨྲས་པ། ཕ་འགྲོའོ། །ཁྱིམ་བདག་དེས་ལེགས་
འོངས་ལ་ཀཱཪྵཱ་པ་ཎ་གཉིས་བྱིན་ཏེ་སྨྲས་པ། བུ་ཁོ་བོ་ཟོང་སྒྱུར་གྱི་བར་དུ་ཁྱོད་རེ་ཞིག་འདི་གཉིས་ཟ་ཞིང་སྡོད་ཅིག །ལེགས་འོངས་ཀྱིས་ཀཱཪྵཱ་པ་ཎ་དེ་གཉིས་གོས་ཀྱི་གྲྭར་ཕུར་ཏེ་བཞག་པ་དང་། དེས་ལས་ཀྱི་རྣམ་པར་སྨིན་པས་དེ་གཉིས་ཀྱང་བརྗེད་པར་གྱུར་ཏོ། །ཁྱིམ་བདག་དེས་ཟོང་
བསྒྱུར་ཏེ་རིན་བླངས་ནས་ལེགས་འོངས་ཁྲིད་དེ་འཕགས་པ་དང་། ལེགས་འོངས་ཀྱང་དེ་དང་ལྷན་ཅིག་འཕགས་སོ། །ཇི་ཙམ་ན་དོན་མཐུན་དེ་དག་འཐབ་པར་བརྩམས་ཤིང་གླང་དག་ཀྱང་འཐབ་པར་བརྩམས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་སྔན་ཅད་གཅིག་གིས་
གཅིག་མཐོང་ན་སྙིང་དུ་སྡུག་ན་དེང་བདག་ཅག་གཅིག་གིས་གཅིག་མཐོང་ན་འཐབ་པར་བརྩམས་ཤིང་གླང་དག་ཀྱང་གཅིག་གིས་གཅིག་མཐོང་ན་འཐབ་པར་རྩོམ་པ་ལས་ན། མ་ལ་འདིར་ཉེས་འོངས་དེ་མ་འོངས་སམ་ཞེས་བལྟས་པ་དང་། ཇི་ཙམ་ན་དེ་དག་གིས་ལེགས་འོངས་དེར་འོངས་པ་
མཐོང་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་འདི་ནི་ལེགས་འོངས་མ་ཡིན་གྱི་ཉེས་འོངས་ཡིན་ཏེ། འདིའི་ལེ་ལན་གྱིས་བདག་ཅག་འཐབ་པར་བརྩམས་ཤིང་། གླང་དག་ཀྱང་འཐབ་པར་རྩོམ་མོ་ཞེས་དེ་དག་གིས་དེ་བསྐྲད་པར་བརྩམས་པ་དང་། ཁྱིམ་བདག་དེས་སྨྲས་པ། ཤེས་
ལྡན་དག་འདི་ནི་ཁོ་བོའི་ཆུང་པོ་གྲོགས་ཀྱི་བུ་ཡིན་གྱིས་འདི་མ་བསྐྲད་ཅིག །དེ་དག་གིས་སྨྲས་པ། ཁྱིམ་བདག་ཁྱོད་ནི་དོན་མཐུན་ལ་དབང་བ་ཡིན་མོད་ཀྱི། བདག་ཅག་འདི་དང་ལྷན་ཅིག་འགྲོ་མི་ཕོད་དེ། གལ་ཏེ་འདི་འགྲོ་ན་བདག་ཅག་མི་འགྲོའོ། །ཁྱིམ་བདག་དེས་ལེགས་འོངས་
ལ་སྨྲས་པ། བུ་ཁྱོད་ཕྱི་བཞིན་འབྲང་ཞིང་ཤོག་ཤིག་དང་། ཁོ་བོས་ཁྱོད་ཀྱི་ཕྱིར་ཟན་གཞག་པར་བྱའོ། །ལེགས་འོངས་ཕྱི་བཞིན་འབྲང་ཞིང་འོང་བ་ན་ཁྱིམ་བདག་དེས་ཀྱང་དེའི་དོན་དུ་ཟན་འཇོག་པར་བྱེད་ཅིང་ཁ་ཅིག་ནི་ས་གཞི་ལ་སས་གཡོགས་ཏེ་འཇོག་པར་བྱེད། ཁ་ཅིག་ནི་ཤིང་
เล่ม ๘ · หน้า 22a
ལྗོན་པའི་ཡལ་ག་དག་ལ་ལོ་མ་དག་གིས་གཡོགས་ཏེ་འཇོག་པར་བྱེད་དོ། །དེའི་ཟན་གང་དག་ས་གཞི་ལ་སས་གཡོགས་ཏེ་བཞག་པ་དེ་དག་ནི་ཝ་དག་གིས་ཟོས། གང་དག་ཤིང་ལྗོན་པའི་ཡལ་ག་དག་ལ་ལོ་མ་དག་གིས་གཡོགས་ཏེ་བཞག་པ་དེ་དག་ནི་བྱ་དག་དང་
སྤྲེའུ་དག་གིས་ཟོས་ནས་ལེགས་འོངས་ཀྱིས་ཅུང་ཟད་ནི་ཐོབ། ཕལ་ཆེར་མི་ཐོབ་ནས་དེ་ཤིན་ཏུ་ཉམ་ང་བས་འཚོ་ཞིང་འགྲོའོ། །སྲིད་པ་ཐ་མ་པའི་སེམས་ཅན་ཟག་པ་ཟད་པ་མ་ཐོབ་པར་བར་མ་དོར་རྒྱུན་ཆད་ཅིང་དུས་བྱེད་པར་འགྱུར་བ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ། དེ་ནི་གནས་
མེད་པས་ལེགས་འོངས་མཐར་གྱིས་མཉན་ཡོད་དུ་ཕྱིན་ནས། མཉན་ཡོད་ཀྱི་ཕྱི་རོལ་ཁྲོན་པའི་ཁ་ན་ངལ་སོ་ཞིང་འདུག་གོ། །ལེགས་འོངས་ཀྱི་སྲིང་མོ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་མནའ་མ་བྱེད་པ་དེའི་བུ་མོ་མངག་གཞུག་མ་ཆུ་བུམ་ཐོགས་ཏེ་ཁྲོན་པ་དེའི་དྲུང་དུ་ཆུ་ཆུར་སོང་བ་དང་།
དེས་ལེགས་འོངས་བཞིན་གཟུགས་ལས་ངོ་ཤེས་ནས་དེས་དེ་ལ་སྨྲས་པ། ཇོ་ཅོ་ཁྱོད་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པ་ཁྱིམ་བདག་རྟོགས་ལྡན་གྱི་བུ་ལེགས་འོངས་མ་ལགས་སམ། སྲིང་མོ་ཡིན་ནོ། །ཇོ་ཅོ་ཁྱོད་ཀྱི་ཡབ་ཡུམ་གཉིས་གར་བཞུད། དུས་ལ་བབ་བོ། །དེའི་ཁྱིམ་དང་། བང་མཛོད་
ཀྱི་རྣམ་པ་དང་། ཞིང་གི་རྣམ་པ་དང་། ནོར་གྱི་རྣམ་པ་དང་། འབྲུའི་རྣམ་པ་དག་གར་མཆིས། ཐམས་ཅད་མེས་ཚིག་གོ། །གྲོང་པའི་མི་གང་དག་ཟོང་ཐོགས་ཏེ་ཡུལ་གཞན་དུ་མཆིས་པ་དག་གར་མཆིས། ཁ་ཅིག་ནི་རྒྱ་མཚོ་ཆེན་པོར་གྲུ་བོ་ཆེ་ཞིག་པར་གྱུར། ཁ་ཅིག་ནི་ཟོང་ཟོང་མ་
ཡིན་པར་གྱུར། ཁ་ཅིག་ནི་དེ་ཉིད་དུ་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར། ཁ་ཅིག་ནི་དེ་ཉིད་དུ་འཁོད་དེ་ཚིག་ཀྱང་མི་སྟེར་རོ། །ཉེ་དུ་དག་གར་མཆིས། ཁ་ཅིག་ནི་དུས་ལ་བབ། ཁ་ཅིག་ནི་བྲོས། ཁ་ཅིག་ནི་དེ་ཉིད་ན་འཁོད་དེ་ཚིག་ཀྱང་མི་སྟེར་རོ། །བྲན་དང་། བྲན་མོ་དང་། ལས་
བྱེད་པ་དང་། ཞོ་ཤས་འཚོ་བ་དག་གར་མཆིས། ཁ་ཅིག་ནི་དུས་ལ་བབ། ཁ་ཅིག་ནི་བྲོས། ཁ་ཅིག་ནི་དེ་ཉིད་ན་འཁོད་དེ་ཚིག་ཀྱང་མི་སྟེར་རོ། །བུ་མོ་དེས་དེ་ཐོས་ནས་དེ་མཆི་མས་བརྣངས་ཏེ་འདུག་ནས་དེས་ལེགས་འོངས་ལ་སྨྲས་པ། ཇོ་བོ་བདག་གིས་ཁྱོད་ཀྱི་ལྕམ་མོ་ལ་སྦྲན་གྱི་བར་
เล่ม ๘ · หน้า 22b
དུ་རེ་ཞིག་འདི་ཉིད་ན་གཞེས་ཤིག་ཅེས་སྨྲས་ཏེ་བུ་མོ་དེ་སོང་ནས་ཇོ་མོ་ལ་སྨྲས་པ། ཇོ་མོ་ཁྱོད་ཀྱི་དྲལ་པོ་བྱོན་ནོ། །དེས་སྨྲས་པ། ཟོང་ཇི་ལྟ་བུས་བྱོན། བུ་མོས་སྨྲས་པ། ཇོ་མོ་ཁར་བ་དང་། རལ་རུལ་དང་། སྤྲང་ཕོར་གྱིས་བྱོན་ནོ། །དེས་བུ་མོ་དེའི་ལག་ཏུ་གོས་དག་དང་། ཀཱཪྵཱ་པ་ཎ་དག་བསྐུར་ནས་སྨྲས་པ།
ཇོ་ཅོ་ལ་འདི་སྐད་ཅེས་སྔ་མ་འདི་ཙམ་ཇེ་གསོལ་ཞིང་མནོབས་ཤིག་དང་སླད་ཀྱིས་གལ་ཏེ་དབོན་པོ་དག་དང་། དབོན་མོ་དག་དང་མཇལ་བར་གྱུར་ན་དེ་དག་ཀཱཪྵཱ་པ་ཎ་ཇི་སྙེད་ཅིག་འབུལ་བར་འགྱུར་བས་ཁྱོད་ཉེ་དུ་དག་གིས་གློ་བས་བས་པར་མི་འགྱུར་རོ་ཞེས་གྱིས་ཤིག །བུ་མོ་དེ་དེར་སོང་སྟེ་
ལེགས་འོངས་ལ་གོས་དག་དང་། ཀཱཪྵཱ་པ་ཎ་དག་ཕུལ་ནས་སྨྲས་པ། ཇོ་ཅོ་ལྕམ་གྱི་མཆིད་ནས་སྔ་མ་འདི་ཙམ་ཇེ་གསོལ་ཞིང་མནོབས་ཤིག་དང་སླད་ཀྱིས་གལ་ཏེ་དབོན་པོ་དག་དང་། དབོན་མོ་དག་དང་མཇལ་བར་གྱུར་ན། དེ་དག་ཀཱཪྵཱ་པ་ཎ་ཇི་སྙེད་ཅིག་འབུལ་བར་འགྱུར་བས་ཁྱོད་ཉེ་དུ་དག་
གིས་གློ་བས་བས་པར་མི་འགྱུར་རོ་ཞེས་མཆིའོ་ཞེས་སྨྲས་ཏེ་སོང་ངོ་། །ལེགས་འོངས་ཀྱིས་བསམས་པ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི་ཉེ་དུའི་འཁོར་རྒྱ་ཆེ་བ་ཡིན་ལ། བདག་ཀྱང་སྔོན་ཉེ་དུའི་འཁོར་རྒྱ་ཆེ་བ་ཡིན་པས་ད་དེར་སོང་ན་དེ་དག་བདག་ལ་གཏམ་འདྲི་བས་རིང་དུ་ཐོགས་
པར་འགྱུར་ཞིང་དེས་བདག་ལྟོགས་ཏེ་འཆི་བར་འགྱུར་གྱིས་ཇེ་གཡར་སུས་བཟའ་ཞིང་འགྲངས་ནས་དེར་སོང་སྟེ། ཉེ་དུའི་ཚོགས་དག་ལ་བདེ་བར་སོ་སོར་ཀུན་དགའ་བར་བྱའོ་སྙམ་ནས་དེ་ཆང་པའི་ཁྱིམ་དུ་སོང་སྟེ། དེས་ཇི་ཙམ་གྱིས་ར་རོ་བར་འགྱུར་བ་དེ་ཙམ་གྱི་ཆང་སར་པ་འཐུངས་ནས་དེ་
ར་རོ་སྟེ་སྐྱེད་མོས་ཚལ་དུ་སོང་ནས་ཉལ་ལོ། །མཉན་ཡོད་ན་སྐྱེད་མོས་ཚལ་འཇོམས་པའི་མི་དག་སྐྱེད་མོས་ཚལ་ཉུག་པར་བྱེད་ཅིང་། དེ་དག་གིས་གལ་ཏེ་མི་གཉིད་ལོག་པ་མཐོང་ན་དེ་རྐང་པས་སྒུལ་བར་བྱེད་ཅིང་གལ་ཏེ་སད་ན་ནི་དེ་ལ་འདི་སྐད་ཅེས། ཀྱེ་ནང་རྗེ་ཁྱོད་ཀྱིས་མཉན་ཡོད་ན་
སྐྱེད་མོས་ཚལ་འཇོམས་པའི་མི་དག་སྐྱེད་མོས་ཚལ་ཉུག་པར་བྱེད་ཅིང་དེ་དག་མི་གཉིད་ལོག་པ་འཇོམས་པར་བྱེད་དོ་ཞེས་མ་ཐོས་སམ། ལོངས་ལ་སོང་ཤིག་ཅེས་ཟེར་རོ། །གལ་ཏེ་མ་སད་ན་ནི་བཅོམ་སྟེ་འདོང་བར་བྱེད་པས་སྐྱེད་མོས་ཚལ་འཇོམས་པའི་མི་དེ་དག་དེར་ལྷགས་ཏེ་ལེགས་
เล่ม ๘ · หน้า 23a
འོངས་ཉལ་བ་མཐོང་ནས་དེ་དག་གིས་དེ་རྐང་པས་བསྒུལ་ན་མ་སད་ནས་ཇི་ཙམ་ན་དེ་དག་གིས་དེ་བཅོམ་སྟེ་དོང་ངོ་། །ཇི་ཙམ་ན་ལེགས་འོངས་སད་པ་དང་བདག་ཉིད་བཅོམ་པར་མཐོང་ནས་དེས་རལ་རུལ་དེ་དག་ཉིད་གྱོན་ཏེ་འདུག་གོ། །དེའི་སྲིང་མོས་བསམས་པ། ཅིའི་ཕྱིར་
བདག་གི་མིང་པོ་དེ་ཡུན་རིང་དུ་ཐོགས་སྙམ་ནས་དེས་བུ་མོ་མངག་གཞུག་མ་མངགས་ཏེ་ལྟར་བཏང་བ་དང་དེ་དེར་སོང་སྟེ་བལྟས་ན་ཇི་ཙམ་ན་བཅོམ་པར་མཐོང་ནས། བུ་མོ་དེ་སོང་སྟེ་ཇོ་མོ་ལ་སྨྲས་པ། ཇོ་མོ་ཇོ་ཅོ་བཅོམ་སྟེ་སྔོན་གྱི་ཆ་ལུགས་ཉིད་ཀྱིས་བཞུགས་སོ། །སྲིང་མོས་བསམས་པ།
དེ་ནི་སེམས་ཅན་སྐལ་ཆད་ཅིག་ཡིན་པས་དེའི་ལེ་ལན་གྱིས་ཁྱིམ་བདག་རྟོགས་ལྡན་གྱི་ཁྱིམ་ནོར་དུ་མ་དང་ལྡན་པ་ཚུལ་མ་ཡིན་པས་ཆུད་ཟོས་པར་གྱུར་པས་ད་གལ་ཏེ་བདག་གིས་དེ་འདིར་བཅུག་པར་གྱུར་ན་བདག་གི་གྱོས་པོའི་ཁྱིམ་ཡང་དེའི་ལེ་ལན་གྱིས་ཚུལ་མ་ཡིན་པས་སྡུག་བསྔལ་
བར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་སྙམ་ནས་དེས་དེ་ཡལ་བར་བོར་རོ། །ལེགས་འོངས་ཀྱིས་ཀྱང་ལས་ཀྱི་སྒྲིབ་པས་དེ་བརྗེད་ནས་དེ་མུ་ལྟོ་བ་དག་གི་ནང་དུ་ཞུགས་པ་དང་། ཇི་ཙམ་ན་མུ་ལྟོ་བ་དེ་དག་ཀྱང་ལག་པ་སྟོང་པ་དང་། སྤྲང་ཕོར་སྟོང་པར་གྱུར་ཏེ་
ཕྱིར་ལྷགས་ནས་དེ་དག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་སྔོན་ཅད་གར་ཞུགས་པ་དེར་ལག་པ་གང་བ་དང་། སྤྲང་ཕོར་གང་བར་གྱུར་ཏེ་ཕྱིར་འོང་ན་དེང་བདག་ཅག་ལག་པ་སྟོང་པ་དང་། སྤྲང་ཕོར་སྟོང་པར་གྱུར་ཏེ་ཕྱིར་ལྷགས་པ་འདི་ལ་རྒྱུ་ཅི་ཡོད། དེ་དག་གིས་སྨྲས་པ། བདག་
ཅག་གི་ནང་དུ་སེམས་ཅན་སྐལ་ཆད་འགའ་ཞིག་ཞུགས་པས་དེས་ན་བདག་ཅག་ལག་པ་སྟོང་པ་དང་། སྤྲང་ཕོར་སྟོང་པར་གྱུར་ཏེ་ཕྱིར་ལྷགས་སོ། །ཡང་དེ་དག་གིས་སྨྲས་པ། བརྟག་པར་བྱས་བདག་ཅག་ཁ་གཉིས་སུ་བཅད་དེ་འཇུག་པར་བྱའོ་ཞེས་དེ་དག་གིས་ཁ་གཉིས་སུ་བཅད་
དེ་ཞུགས་པ་དང་། གང་དག་གི་ནང་དུ་ལེགས་འོངས་ཞུགས་པ་དེ་དག་ལག་པ་སྟོང་པ་དང་། སྤྲང་ཕོར་སྟོང་པར་གྱུར་ཏེ་ལྷགས་སོ། །དེ་དག་གིས་ཀྱང་ཁ་གཉིས་སུ་བཅད་དེ་ཞུགས་པ་དང་། གང་དག་གི་ནང་དུ་ལེགས་འོངས་ཞུགས་པ་དེ་དག་ལག་པ་སྟོང་པ་དང་། སྤྲང་ཕོར་སྟོང་
เล่ม ๘ · หน้า 23b
པར་གྱུར་ཏེ་ལྷགས་སོ། །དེ་དག་གིས་ཀྱང་ཡང་ཁ་གཉིས་སུ་བཅད་དེ་ཞུགས་པ་དང་ཡང་དེ་ལྟར་གྱུར་ཏོ། །དེ་དག་གིས་ཀྱང་ཡང་དང་ཡང་དུ་ཁ་གཉིས་སུ་བཅད་དེ་ཞུགས་པ་དང་། དེ་ལྟ་དེ་ལྟར་གྱུར་ནས་ཇི་ཙམ་ན་ལེགས་འོངས་དང་མུ་ལྟོ་བ་གཞན་ཅིག་དང་གཉིས་ལྷན་ཅིག་ཞུགས་པ་
ཡང་སོ་སོར་བྱེ་བ་དང་། ལེགས་འོངས་ནི་ལག་པ་སྟོང་པ་དང་། སྤྲང་ཕོར་སྟོང་པར་གྱུར་ཏེ་འོངས་ལ། གཞན་ཐམས་ཅད་ལག་པ་གང་བ་དང་། སྤྲང་ཕོར་གང་བར་གྱུར་ཏེ་འོངས་ནས་དེ་དག་གིས་སྨྲས་པ། སེམས་ཅན་སྐལ་ཆད་འདི་བདག་ཅག་གི་ནང་དུ་ཞུགས་པས་དེས་ན་བདག་ཅག་
ལག་པ་སྟོང་པ་དང་། སྤྲང་ཕོར་སྟོང་པར་གྱུར་ཏེ་ལྷགས་སོ་ཞེས་དེ་དག་གིས་ལེགས་འོངས་ཤིན་ཏུ་བརྡེགས་ཏེ་སྤྲང་ཕོར་གྱིས་དེའི་ཀླད་པ་བཅོམ་ནས་ཉེས་འོངས་ཁྱོད་ཕར་སོང་ཤིག་ཅེས་སྨྲས་ཏེ་བསྐྲད་དོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་
འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ནས། དེས་ཞོ་ཤས་འཚོ་བ་དག་ལ་བསྒོ་བ། ཤེས་ལྡན་དག་ཇི་སྲིད་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱིས་གདུགས་ཚོད་མ་གསོལ་གྱི་བར་དུ་མུ་ལྟོ་བ་འགའ་ཡང་འཇུག་ཏུ་མ་གཞུག་ཤིག །དེ་དག་ལ་ཕྱིས་སྦྱིན་
པར་བྱའོ། །དེ་ན་མུ་ལྟོ་བས་འཇུག་པར་བརྩམས་པ་ན་སྒོ་བས་དེ་དག་ཕྱིར་བཟློག་པ་དང་། དེ་དག་གིས་སྨྲས་པ། ཀྱེ་ནང་རྗེ་ཁོ་བོ་ཅག་གི་མིང་གིས་ཁྱིམ་བདག་བཟང་བྱིན་གྱི་མིང་མགོན་མེད་ཟས་སྦྱིན་ཞེས་བྱ་བར་གྲགས་པ་ཡིན་ན་ཅིའི་ཕྱིར་ཁྱོད་ཁོ་བོ་ཅག་ཕྱིར་ཟློག་པར་བྱེད། ཡང་དེ་
དག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་གི་ནང་དུ་ཡང་ཉེས་འོངས་དེ་ཞུགས་པར་མ་གྱུར་ཏམ་ལྟོས་ཤིག་ཅེས་དེ་དག་གིས་བལྟས་པ་དང་། ཇི་ཙམ་ན་དེ་དག་གིས་ལེགས་འོངས་དེར་ཞུགས་པ་མཐོང་ནས་དེ་དག་གིས་སྨྲས་པ། ཉེས་འོངས་དེ་འདི་ཡིན་ནོ་ཞེས་དེ་དག་གིས་ལེགས་
འོངས་ཤིན་ཏུ་བརྡེགས་ཏེ་སྤྲང་ཕོར་གྱིས་དེའི་ཀླད་པ་བཅོམ་ནས་དེ་དག་གིས་ལག་པ་དང་། རྐང་པ་དག་ནས་བཟུང་སྟེ་ཁྲིད་ནས་ཕྱག་དར་གྱི་ཕུང་པོའི་སྟེང་དུ་བཞག་སྟེ་ཉེས་འོངས་ཁྱོད་འདིར་འདུག་ཤིག་ཅེས་སྨྲས་པ་དང་། ལེགས་འོངས་ཕྱག་དར་གྱི་ཕུང་པོ་དེའི་སྟེང་ན་ངུ་ཞིང་འདུག་གོ། །
เล่ม ๘ · หน้า 24a
དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་གནས་ས་ག་ལ་བ་དེ་ལོགས་སུ་གཤེགས་པ་དང་།
བཅོམ་ལྡན་འདས་ཀྱིས་ལེགས་འོངས་ཕྱག་དར་གྱི་ཕུང་པོའི་སྟེང་ན་ཀླད་པ་ཞོམ་ནས་ཁྲག་འཛག་ཅིང་ངུ་ཞིང་འདུག་པ་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟར་སྲིད་པ་ཐ་མ་པའི་སེམས་ཅན་ཡང་གནས་སྐབས་འདི་ལྟ་བུར་གྱུར་པས་སྲིད་
པ་དག་གིས་ངོམས་པར་བྱ་ཞིང་སྲིད་པའི་ཡོ་བྱད་དག་གིས་ཀྱང་ངོམས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ལེགས་འོངས་ལ་ལྷུང་བཟེད་ཀྱི་ལྷག་མ་གཞག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཁྱིམ་
བདག་མགོན་མེད་ཟས་སྦྱིན་གྱི་གནས་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་
བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས་བཅོམ་ལྡན་འདས་གདུགས་ཚོད་གསོལ་ཅིང་ཕྱག་བཅབས་
ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ། །ཚེ་དང་ལྡན་པ་ཀུན་དགའ་བོས་ལེགས་འོངས་ལ་ལྷུང་བཟེད་ཀྱི་ལྷག་མ་གཞག་པ་བརྗེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེལ་བ་མི་མངའ་
བའི་ཆོས་ཉིད་ཅན་ཡིན་པས་བཅོམ་ལྡན་འདས་ཀྱིས་ལེགས་འོངས་ལ་ལྷུང་བཟེད་ཀྱི་ལྷག་མ་གཞག་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་ཀྱི་ཕམ་ཕབས་བླང་བར་བརྩམས་པ་དང་། ཇི་ཙམ་ན་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་
เล่ม ๘ · หน้า 24b
ལྡན་འདས་ཀྱིས་བདག་ལ་ལེགས་འོངས་ལ་ལྷུང་བཟེད་ཀྱི་ལྷག་མ་ཞོག་ཤིག་ཅེས་བཀའ་སྩལ་པ། བརྗེད་པ་དྲན་ནས་དེས་ངུ་བར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཅིའི་ཕྱིར་ངུ་། བཙུན་པ་བདག་གིས་ལེགས་འོངས་ལ་ལྷུང་བཟེད་ཀྱི་
ལྷག་མ་གཞག་པ་བསྐྱུད་དེ་བདག་གིས་བཅོམ་ལྡན་འདས་ཀྱི་བཀའ་བཅག་གོ། །ཀུན་དགའ་བོ་ཁྱོད་ཀྱིས་ངའི་བཀའ་བཅག་པ་མ་ཡིན་གྱིས་འདི་ལྟར་ལེགས་འོངས་ཉིད་ཀྱི་ལས་ཀྱི་སྒྲིབ་པས་ཁྱོད་ཀྱིས་དེ་ལ་ལྷུང་བཟེད་ཀྱི་ལྷག་མ་གཞག་པ་བརྗེད་པར་གྱུར་ཏོ། །ཀུན་དགའ་བོ་ཁྱོད་སོང་ལ་
ལེགས་འོངས་བོས་ཤིག །དེ་སོང་སྟེ་ལེགས་འོངས་ལེགས་འོངས་ཞེས་བོས་པ་དང་། དུ་མ་དག་གིས་ཨང་ཞེས་ལན་བཏབ་ཅིང་དེ་དག་གིས་བསམས་པ། དེང་བཅོམ་ལྡན་འདས་འཇིག་རྟེན་གསུམ་གྱི་བླ་མས་གང་ལ་དགོངས་སྙམ་མོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱིར་ལོག་སྟེ་
གསོལ་པ། བཙུན་པ་བདག་གིས་ལེགས་འོངས་ལེགས་འོངས་ཞེས་བོས་ན། དུ་མ་དག་གིས་ཨང་ཞེས་ལན་བཏབ་ན་གང་མཆི་བར་བགྱི། ཀུན་དགའ་བོ་སོང་ལ་འདི་སྐད་ཅེས། ཆུ་སྲིན་བྱིས་པ་གསོད་ཀྱི་རི་པ་ཁྱིམ་བདག་རྟོགས་ལྡན་གྱི་བུ། ལེགས་འོངས་གང་ཡིན་པ་དེ་ཚུར་
ཤོག་ཅེས་བོས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོ་སོང་སྟེ་དེ་སྐད་བོས་པ་དང་། ལེགས་འོངས་ཀྱིས་བདག་གི་མིང་དྲན་ནས་དེས་ཚིགས་སུ་བཅད་པ་དག་སྨྲས་པ། ལེགས་འོངས་སྒྲ་འདི་བསྐྱུད་གྱུར་ན། །ག་ལས་འདིར་ནི་མཆིས་པར་གྱུར། །ངེས་པར་མ་ལེགས་ཟད་གྱུར་
ཅིང་། །ལེགས་པར་བྱུང་བར་གྱུར་ཡང་དག །གང་དག་ཁྱོད་ལ་སྐྱབས་མཆིས་པ། །དེ་དག་མགོན་ནི་ཀུན་མཁྱེན་ལགས། །གང་དག་ཁྱོད་ཀྱི་གསུང་དགའ་དང་། །འཕགས་པ་དེ་དག་ལེགས་འོངས་ལགས། །བདག་ནི་སྐལ་དང་བྲལ་བ་སྟེ། །རྩ་ལག་ཀུན་གྱིས་སྤངས་
གྱུར་ཅིང་། །བརྩེ་གནས་དྲག་པོའི་གནས་ཐོབ་པ། །མྱ་ངན་ཟུག་རྔུས་གཟིར་བ་ལགས། །ཚེ་དང་ལྡན་པ་ཀུན་དགའ་བོས་དེ་ཁྲིད་དེ་ཞུགས་ནས་གསོལ་པ། བཙུན་པ་ལེགས་འོངས་དེ་འདི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་ཁྱོད་བཅོམ་ལྡན་འདས་
เล่ม ๘ · หน้า 25a
ཀྱི་ལྷུང་བཟེད་ཀྱི་ཕམ་ཕབས་ཟའམ། བཅོམ་ལྡན་འདས་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་ལ་ལྷུང་བཟེད་ཀྱི་ཕམ་ཕབས་སྩལ་བ་དང་། ཇི་ཙམ་ན་དེས་ཉུང་ངུར་མཐོང་ནས་དེས་བསམས་པ། བདག་ལ་བཅོམ་ལྡན་འདས་འཇིག་རྟེན་གསུམ་གྱི་བླ་མས་བརྒྱ་
ལམ་ན་དགོངས་སུ་ཟིན་ཀྱང་ལྷུང་བཟེད་ཀྱི་ཕམ་ཕབས་ཆུང་ངུ་ཞིག་བཞག་གོ་སྙམ་མོ། །བཅོམ་ལྡན་འདས་ཀྱིས་དེའི་སེམས་ཐུགས་ཀྱིས་མཁྱེན་ནས་བཀའ་སྩལ་པ། བུ་ལེགས་འོངས་གལ་ཏེ་ཁྱོད་རི་རབ་ཙམ་གྱི་ཁམ་དག་དང་། རྒྱ་མཚོ་ཆེན་པོ་ཙམ་གྱི་ལྟོས་ཟ་བར་བྱེད་ན་
ཡང་ཇི་སྲིད་དུ་ཁྱོད་ཚིམ་པར་མ་གྱུར་པ་དེ་སྲིད་དུ་དེ་བཞིན་གཤེགས་པའི་ལྷུང་བཟེད་ཀྱི་ཕམ་ཕབས་ཟད་པར་མི་འགྱུར་རོ། །དེས་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་ཀྱི་ཕམ་ཕབས་ཟོས་པ་དང་། དེ་ཚིམ་པར་གྱུར་ནས་དེས་བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟ་བར་བརྩམས་པ་དང་།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་ལེགས་འོངས་ཚིམ་མམ། བཅོམ་ལྡན་འདས་ཚིམ་མོ། །ཁམ་ཐ་མ་ལོང་ཤིག་དང་མི་སྣང་བར་འགྱུར་རོ། །དེས་དེ་བླངས་ནས་མི་སྣང་བར་གྱུར་ཏོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འདི་སུ་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པ་ཁྱིམ་བདག་རྟོགས་ལྡན་གྱི་བུ་ཡིན་ནོ། །བཅོམ་ལྡན་འདས་འོ་ན་བདག་གི་ཆུང་པོ་གྲོགས་ཀྱི་བུ་ལགས་སོ། །ཁྱིམ་བདག་དེ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡོན་བཤད་པ་མཛད་
ནས་གདན་ལས་བཞེངས་ཏེ་གཤེགས་པ་དང་། སྲིད་པ་ཐ་མ་པའི་སེམས་ཅན་དེ་བཅོམ་ལྡན་འདས་ཀྱི་སླད་བཞིན་སླད་བཞིན་རྗེས་སུ་འབྲང་ཞིང་སོང་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་ཏེ་དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་པ་
དང་། ལེགས་འོངས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །བཅོམ་ལྡན་འདས་ཀྱིས་དེའི་ལས་སྦྱང་བར་བྱའོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་འོངས་ལ་བཀའ་སྩལ་པ། ལེགས་འོངས་
เล่ม ๘ · หน้า 25b
ཁྱོད་ལ་ཀཱཪྵཱ་པ་ཎ་དག་ཡོད་དམ། བཅོམ་ལྡན་འདས་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་གོས་ཀྱི་གྲར་ལྟོས་ཤིག །དེས་བལྟས་པ་དང་། ཇི་ཙམ་ན་ཀཱཪྵཱ་པ་ཎ་གཉིས་ཡོད་པ་མཐོང་ནས་དེས་གསོལ་པ། བཅོམ་ལྡན་འདས་མཆིས་སོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། བུ་སོང་ལ་ཀུན་དགའ་ར་བ་པ་རྒྱལ་བུ་དུམ་པའི་གན་ནས་ཨུཏྤ་ལ་སྔོན་པོ་དག་ཁྱེར་ཏེ་ཤོག་ཤིག །དེས་བཅོམ་ལྡན་འདས་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ཀུན་དགའ་ར་བ་པ་རྒྱལ་བུ་དུམ་པ་ག་ལ་བ་དེར་སོང་བ་དང་། རྒྱལ་བུ་དུམ་
པས་དེ་ཐག་རིང་པོ་ཁོ་ན་ནས་འོང་བ་མཐོང་ནས་དེས་བསམས་པ། ཉེས་འོངས་འདི་ག་ཤེད་ནས་འདིར་འོངས་པས་བདག་ལ་གནོད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ་སྙམ་ནས། དེས་སྨྲས་པ། ཉེས་འོངས་ཀུན་དགའི་ར་བར་མ་འཇུག་ཤིག །
ལེགས་འོངས་ཀྱིས་ཚིགས་སུ་བཅད་པ་སྨྲས་པ། བདག་ནི་ཨུཏྤལ་མི་སྒྲུབ་སྟེ། །པད་མ་བདག་ལ་དགོས་པ་མེད། །ཁོ་བོ་ཀུན་མཁྱེན་གྲགས་ལྡན་པ། །ཐུབ་པའི་དབང་པོའི་ཕོ་ཉ་ཡིན། །དུམ་པས་ཚིགས་སུ་བཅད་པ་སྨྲས་པ། གལ་ཏེ་ཐུབ་པ་ཞི་བདག་ཉིད། །ལྷ་མི་རྣམས་
ཀྱི་མཆོད་གནས་ཀྱི། །མཆོད་པའི་གནས་ཀྱིས་ཆེས་མཆོད་པའི། །ཕོ་ཉ་ལགས་ན་ཚུར་གཤེགས་སྤྱོན། །དུམ་པས་སྨྲས་པ། ཁྱོད་སངས་རྒྱས་ཀྱི་ཕོ་ཉ་ཡིན་ནམ། ལེགས་འོངས་ཀྱིས་སྨྲས་པ། ཁོ་བོ་སངས་རྒྱས་ཀྱི་ཕོ་ཉ་ཡིན་ནོ། །དོན་ཅིའི་ཕྱིར་འོངས། ཨུཏྤལ་དག་གི་
ཕྱིར་འོངས་སོ། །སོང་ལ་ཇི་སྙེད་འདོད་པ་དེ་སྙེད་ཁྱེར་ཏེ་སོང་ཤིག །ལེགས་འོངས་ཀྱིས་ཨུཏྤལ་སྔོན་པོ་དག་གི་ཁུར་ཁྱེར་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་འོངས་དགེ་སློང་རྣམས་ལ་བྲིམས་ཤིག །ལེགས་
འོངས་ཀྱིས་དགེ་སློང་རྣམས་ལ་ཨུཏྤལ་སྔོན་པོ་དག་བྲིམ་པར་བརྩམ་པ་དང་། དགེ་སློང་དག་མི་ལེན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དྲི་ཞིམ་པོ་ཐམས་ཅད་ནི་མིག་ལ་ཕན་ཞིང་འདིའི་ལས་སྦྱང་བར་ཡང་བྱས་ལོང་ཤིག །དགེ་སློང་རྣམས་ཀྱིས་
เล่ม ๘ · หน้า 26a
མེ་ཏོག་དེ་དག་བླངས་སོ། །ལེགས་འོངས་ཀྱི་སྔོན་ཟད་པར་སྔོན་པོའི་སྐྱེ་མཆེད་བསྐྱེད་པས་དེ་རྒན་པའི་མཐའ་ལོགས་ན་འདུག་པས་དགེ་སློང་རྣམས་ཀྱི་ལག་ན་ཨུཏྤལ་སྔོན་པོ་དག་ཐོགས་པ་དེ་དག་མཐོང་ངོ་། །མཐོང་ནས་ཀྱང་ཟད་པར་སྔོན་པོའི་སྐྱེ་མཆེད་མངོན་དུ་གྱུར་
ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་འོངས་ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང་། བཅོམ་ལྡན་འདས་བདག་རབ་ཏུ་འབྱུང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་རབ་ཏུ་ཕྱུང་། རྫོགས་པར་བསྙེན་པར་མཛད་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་གདམས་ངག་སྩལ་ཏོ། །
དེ་དེ་ལྟར་རབ་ཏུ་བྱུང་ནས་གཅིག་པུ་དབེན་པར་བག་ཡོད་པ་རྟུན་པ་དང་ལྡན་པ་བདག་ཉིད་བཏང་བར་གནས་པ་ན་རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ།
ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་དགྲ་བཅོམ་པ་ཁམས་གསུམ་
པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་
རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ལེགས་འོངས་ཀྱིས་དགྲ་
བཅོམ་པ་ཉིད་ཐོབ་ནས་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་ཉམས་སུ་མྱོང་བ་ན། དེའི་ཚེ་ཚིགས་སུ་བཅད་པ་དག་སྨྲས་པ། དཔའ་བོ་དེ་ཉིད་གཟིགས་པ་ཡིས། །ཐབས་ཀྱི་ཞགས་པས་བདག་བཅིངས་ཏེ། །གླང་ཆེན་རྒས་པ་འདམ་ཕྱུང་ལྟར། །ཐུགས་རྗེས་སྡུག་
เล่ม ๘ · หน้า 26b
བསྔལ་འདམ་ནས་ཕྱུང་། །བདག་ནི་སྔན་ཅད་ལེགས་འོངས་གྱུར། །དེ་ཡི་འོག་ཏུ་ཉེས་འོངས་ལགས། །ད་ནི་ཐུབ་དབང་ཁྱོད་གསུང་གིས། །གསལ་བར་ལེགས་འོངས་ཉིད་དུ་གྱུར། །ཀུན་མཁྱེན་ལྕགས་འདྲ་བདག་གིས་ནི། །ཁྱོད་ཀྱི་གསུང་མཆོག་ཐོས་གྱུར་ནས། །ད་ནི་གསེར་
དང་འདྲ་བ་ཡི། །ཟག་པ་མེད་པའི་ལུས་ཀྱང་ཐོབ། །རིན་ཆེན་ལ་སོགས་འཐོབ་པ་དང་། །མཐོ་རིས་ཐར་པ་འཚལ་བ་ཡིས། །རྟག་ཏུ་ཕན་པ་བཞེད་པ་ཡི། །དགེ་བཤེས་བསྟེན་པར་བགྱི་བ་བཟང་།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་དྲུག་བཅུ་རྩ་ལྔ་པ།
གང་གི་ཚེ་ཚེ་དང་ལྡན་པ་ལེགས་འོངས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དེའི་ཚེ་ན་གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག །དགེ་སྦྱོང་གཽ་ཏ་མ་ན་རེ་ངའི་བསྟན་པ་ནི་ཀུན་དུ་མཛེས་པ་ཡིན་ནོ་ཞེས་ཟེར་ན་འདི་ལྟར་ཉེས་འོངས་ལ་སོགས་པ་མུ་ལྟོ་བ་དག་ཀྱང་རབ་ཏུ་
འབྱིན་པར་བྱེད་ན། དེའི་བསྟན་པ་ཇི་ལྟར་ཀུན་དུ་མཛེས་པ་ཡིན་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉན་ཐོས་ཆེན་པོ་རི་རབ་ལྟ་བུ་ལ་སྐྱེ་བོ་ཕལ་པོ་ཆེའི་ཚོགས་དག་སྨས་པ་སྐྱེད་པར་བྱེད་པས་འདིའི་
ཡོན་ཏན་བསྒྲག་པར་བྱ་ན་གང་དུ་བྱ། གང་དུ་སྐྱེས་ཤིང་གང་དུ་རྡིབ་པ་དེ་ཉིད་དུ་བྱའོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་ངན་སྤོང་གི་བུ་དག་ཏུ་
ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ངན་སྤོང་གི་བུ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག་ཅེས་སྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་
དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ངན་སྤོང་གི་བུ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་བཅོམ་ལྡན་འདས་དང་ཐབས་ཅིག་ཏུ་ངན་སྤོང་གི་བུ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག་ཅེས་བསྒོའོ། །དེ་ནས་བཅོམ་ལྡན་
เล่ม ๘ · หน้า 27a
འདས་དུལ་བ། འཁོར་དུལ་བ་དང་ལྡན་པ། ཞི་བ། འཁོར་ཞི་བ་དང་ལྡན་པ། གྲོལ་བ། འཁོར་གྲོལ་བ་དང་ལྡན་པ། དབུགས་ཕྱིན་པ། འཁོར་དབུགས་ཕྱིན་པ་དང་ལྡན་པ། ཐུལ་བ། འཁོར་ཐུལ་བ་དང་ལྡན་པ། དགྲ་བཅོམ་པ། འཁོར་དགྲ་
བཅོམ་པ་དང་ལྡན་པ། འདོད་ཆགས་དང་བྲལ་བ། འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ། མཛེས་པ། འཁོར་མཛེས་པ་དང་ལྡན་པ། ཁྱུ་མཆོག་ལྟར་བ་ལང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གླང་པོ་ཆེ་ལྟར་གླང་པོ་ཆེའི་ཕྲུ་གུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ།
སེང་གེ་ལྟར་མཆེ་བ་ཅན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ངང་པའི་རྒྱལ་པོ་ལྟར་ངང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནམ་མཁའ་ལྡིང་ལྟར་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བྲམ་ཟེ་ལྟར་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སྨན་པ་མཁས་པ་ལྟར་
ནད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དཔའ་བོ་ལྟར་རུ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ས་མཁན་ལྟར་ལམ་དུ་ཞུགས་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དེད་དཔོན་ལྟར་ཚོང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚོང་དཔོན་ལྟར་འཁོར་གྱི་ཚོགས་ཀྱིས་
ཡོངས་སུ་བསྐོར་བ། མཁར་གྱི་རྒྱལ་པོ་ལྟར་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཁོར་ལོས་སྒྱུར་བ་ལྟར་བུ་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཟླ་བ་ལྟར་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཉི་མ་ལྟར་འོད་ཟེར་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ།
ཡུལ་འཁོར་སྲུང་ལྟར་དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཕགས་སྐྱེས་པོ་ལྟར་གྲུལ་བུམ་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མིག་མི་བཟང་ལྟར་ཀླུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནོར་སྦྱིན་ལྟར་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཐགས་ཟངས་
རིས་ལྟར་ལྷ་མ་ཡིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བརྒྱ་བྱིན་ལྟར་སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚངས་པ་ལྟར་ཚངས་རིས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དབང་པོ་རྣམས་ཀྱིས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་སྤྱོད་པ་མ་འཁྲུགས་པ།
เล่ม ๘ · หน้า 27b
ཆུ་གཏེར་ལྟར་ཏིང་ངེ་བ། སྤྲིན་ལྟར་ཆུ་དང་བཅས་པ། གླང་པོ་ཆེའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་སྐུ་བརྒྱན་པ། ཉི་མ་
སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་དུ་བཟང་བ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཀུན་ཤེས་ཀཽཎྜི་ནྱ་དང་། རྟ་ཐུལ་དང་། བཟང་ལྡན་
དང་། རླངས་པ་དང་། མིང་ཆེན་དང་། གྲགས་པ་དང་། གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟངས་ལ་སོགས་པ་ཉན་ཐོས་ཆེན་པོ་དེ་དག་དང་། གཞན་ཡང་དགེ་སློང་གི་དགེ་འདུན་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་ངན་སྤོང་གི་བུ་དག་ཏུ་ཆུ་
སྲིན་བྱིས་པ་གསོད་ཀྱི་རི་ག་ལ་བ་དེ་ལོགས་སུ་ལྗོངས་རྒྱུ་ཞིང་གཤེགས་པ་ན། ཆུ་སྲིན་བྱིས་པ་གསོད་ཀྱི་རིར་བྱོན་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་འཇིགས་རུང་གི་ཚལ་རི་དགས་ཀྱི་ནགས་ན་བཞུགས་སོ། །ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་གིས་བཅོམ་ལྡན་
འདས་ངན་སྤོང་གི་བུ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན། ཆུ་སྲིན་བྱིས་པ་གསོད་ཀྱི་རིར་བྱོན་ནས། ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་འཇིགས་རུང་གི་ཚལ་རི་དགས་ཀྱི་ནགས་ན་བཞུགས་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚོགས་ནས་ཚོགས་སུ། བྱིངས་ནས་བྱིངས་སུ་འདུས་
ཤིང་ལྷགས་ཏེ་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ནས་བྱུང་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་
པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་
เล่ม ๘ · หน้า 28a
པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་སྟན་ལས་ལངས་ཏེ།
བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་སང་བདག་ཅག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་ཆུ་སྲིན་བྱིས་
པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་
བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ་། །དེ་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་དེ་ཉིད་ཀྱི་མཚན་མོ་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པ་དག་སྟ་གོན་བྱས་ནས་ནང་པར་སྔར་ལངས་ཏེ་གདན་བཤམས་ཤིང་ཆུ་ར་བཞག་ནས། བཅོམ་ལྡན་
འདས་ལ་སྤྱན་འདྲེན་གྱིས། བཙུན་པ་གདུགས་ཚོད་གཡར་དགོངས་འཚལ་ན་བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ། ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་
གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །
དེ་ནས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས། བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབས་པར་བྱེད་དོ། །རྣམ་
เล่ม ๘ · หน้า 28b
གྲངས་དུ་མར་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས། བཅོམ་ལྡན་འདས་གདུགས་ཚོད་གསོལ་ཞིང་ཕྱག་བཅབས། ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་དག་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་
ཆོས་མཉན་པའི་ཕྱིར་འཁོད་དོ། །འཁོད་ནས་བཅོམ་ལྡན་འདས་ལ་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཀླུ་གདུག་པ་དང་། གནོད་སྦྱིན་གདུག་པ་སོག་མ་མེད་དང་། འབྲོག་གནས་
ལ་སོགས་པ་དེ་དང་དེ་དག་ཀྱང་བཏུལ་ན། བཙུན་པ་ཀླུ་ཨ་མྲའི་ཆུ་ངོགས་པ་འདི་ཡུན་རིང་པོ་ནས་བདག་ཅག་ཁོན་མ་མཆིས་པ་རྣམས་ལ་ཁོན་དུ་འཛིན། མི་འགྲན་པ་རྣམས་ལ་འགྲན་ཚོལ། མི་འཁུ་བ་རྣམས་ལ་འཁུ་བར་བགྱིད་ཅིང་ལོ་ཐོག་འཁྲུངས་སོ་འཚལ་མ་རུང་བར་
བགྱིད་ན། ཀྱེ་མ་བཅོམ་ལྡན་འདས་ཀྱིས་རྗེས་སུ་ཐུགས་བརྩེ་བའི་སླད་དུ་ཀླུ་ཨ་མྲའི་ཆུ་ངོགས་པ་འདི་གདུལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཆུ་སྲིན་
བྱིས་པ་གསོད་ཀྱི་རི་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུད་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་
མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་ག་ལ་བ་
དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་ཁྱེད་ཅག་ལས་གང་ཀླུ་ཨ་མྲའི་ཆུ་ངོགས་པ་
เล่ม ๘ · หน้า 29a
འདུལ་བར་སྤྲོ་བ་དེས་ཚུལ་ཤིང་ལོང་ཤིག་ཅེས་བསྒོ་ལ་དགེ་འདུན་ལ་ཚུལ་ཤིང་བྲིམས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས། དགེ་སློང་རྣམས་ལ་ཁྱེད་ཅག་ལས་གང་ཀླུ་ཨ་མྲའི་ཆུ་ངོགས་པ་འདུལ་
བར་སྤྲོ་བ་དེས་ཚུལ་ཤིང་ལོང་ཤིག་ཅེས་བསྒོ་སྟེ་དགེ་འདུན་ལ་ཚུལ་ཤིང་བྲིམ་པར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་ཚུལ་ཤིང་མ་བཞེས་ནས་དགེ་སློང་གནས་བརྟན་གནས་བརྟན་དག་གིས་བསམས་པ། བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་ཚུལ་ཤིང་མ་བཞེས་སྙམ་དུ་
བསམས་ན། ཚེ་དང་ལྡན་པ་ལེགས་འོངས་ཀྱི་ཡོན་ཏན་བསྒྲག་པར་བཞེད་པར་རིག་ནས་དེ་དག་གིས་ཀྱང་ཚུལ་ཤིང་མ་བླངས་སོ། །ཚེ་དང་ལྡན་པ་ལེགས་འོངས་ཀྱིས་བསམས་པ། བཅོམ་ལྡན་འདས་དང་། དགེ་སློང་གནས་བརྟན་གནས་བརྟན་དག་གིས་ཅིའི་སླད་དུ་ཚུལ་ཤིང་མ་
བཞེས་སྙམ་དུ་བསམས་ན། བདག་གི་ཡོན་ཏན་བསྒྲག་པར་བཞེད་པར་རིག་ནས་སྟོན་པའི་ཐུགས་ལ་དགོངས་པ་ཡོངས་སུ་རྫོགས་པར་བྱའོ་སྙམ་ནས། དེས་སྟན་ཕྱེད་ལས་འཕགས་ཏེ་གླང་པོ་ཆེའི་སྣ་ལྟ་བུའི་ལག་པ་བརྐྱང་ནས་ཚུལ་ཤིང་བླངས་སོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་གནས་བརྟན་གང་གིས་ཚུལ་ཤིང་བླངས། བཙུན་པ་ཚེ་དང་ལྡན་པ་ལེགས་འོངས་ཀྱིས་བླངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་
ལེགས་འོངས་ལ་འདི་སྐད་ཅེས། དེ་ནི་ཀླུ་གདུག་པ་ཡིན་གྱིས་ཁྱོད་ཀྱིས་ལུས་ཀྱི་དབང་པོ་བསྲུང་བར་བྱའོ་ཞེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས། ཚེ་དང་ལྡན་པ་ལེགས་འོངས་ལ་སྨྲས་པ།
ཚེ་དང་ལྡན་པ་ལེགས་འོངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་ཀླུ་གདུག་པ་ཡིན་གྱིས་ཁྱོད་ཀྱིས་ལུས་ཀྱི་དབང་པོ་བསྲུང་བར་བྱའོ་ཞེས་བྱུང་ངོ་། །ཚེ་དང་ལྡན་པ་ལེགས་འོངས་ཀྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་སྟོན་པའི་བཀའ་མཉན་པས་བཀའ་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด