འདུལ་བ་རྣམ་པར་འབྱེད་པ

ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་བི་བྷང་ག

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๘ · หน้า 58b

གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ཀྱིས། དེར་དོང་ལ་རང་གི་ལག་ནས་བྲིམས་ཤིག །གཏུམ་མོས་སྨྲས་པ། འཕགས་པ་དག་གཏུམ་མོ་ཞེས་ཐམས་ཅད་དུ་རིག་པས། བདག་དེར་འཇུག་ཏུ་ག་ལ་ཆུད། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། སྲིང་མོ་ཁོ་བོས་ཁྱོད་

འཇུག་ཏུ་གཞུག་གོ། །དེ་ནས་གཏུམ་མོས་ཁུར་བ་དེ་དག་ཐོགས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་འཇུག་པར་བརྩམས་པ་དང་། སྒོ་བས་སྨྲས་པ། གཏུམ་མོ་དོན་ཅིའི་ཕྱིར་འདིར་འོངས། མ་འཇུག་ཤིག །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། བཞིན་

བཟངས་འཇུག་ཏུ་ཆུག་ཤིག །སྒོ་བས་གཏུམ་མོ་ནང་དུ་བཏང་བ་དང་། དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་མང་པོ་མཐོང་ནས། ཁུར་བ་དེ་དག་གཏུབ་པར་བརྩམས་པ་དང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། མ་གཏུབ་པར་རངས་པར་བྲིམས་ཤིག །

གཏུམ་མོས་སྨྲས་པ། ཁྱེད་པར་མི་འགྱུར་རོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། བྲིམས་ཤིག་དང་ཁྱེད་པར་འགྱུར་རོ་ཞེས་དེས་འདི་ལྟར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་ཁྱེད་པའི་ཕྱི་ན་ལྷག་ཀྱང་བྱུང་བ་དེ་ལྟར་བྱིན་གྱིས་བརླབས་སོ། །གཏུམ་མོས་སངས་

རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་ཁུར་བས་ཁྱེད་པར་བྲིམས་ཏེ་གསོལ་ནས། བཅོམ་ལྡན་འདས་ཀྱིས་ཡོན་བཤད་པ་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །གཏུམ་མོས་སྨྲས་པ། བཙུན་པ་འཆར་ཀ་ཁྱོད་བདག་གི་དགེ་བའི་བཤེས་གཉེན་ལགས་

ཀྱིས་ཚུར་གཤེགས། བདག་གི་སྡུམ་པར་བཞུད་ལ་ཁྱོད་དེར་གདུགས་ཚོད་གསོལ་ཅིག །ཚེ་དང་ལྡན་པ་འཆར་ཀ་གཏུམ་མོའི་ཁྱིམ་དུ་སོང་བ་དང་། གཏུམ་མོས་ཚེ་དང་ལྡན་པ་འཆར་ཀ་ལ་ཟན་བྱིན་ནས་གཏུམ་མོ་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་པ་དང་།

ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས། འདི་ལྟར་གཏུམ་མོས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་

เล่ม ๘ · หน้า 59a

བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས། བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས།

མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ།

ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་

བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་

པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་མར་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་

སུ་མཆིའོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ནས་གཏུམ་མོས་

རང་གི་ཁྱིམ་ཕྱག་དར་ལེགས་པར་བྱས། ཆག་ཆག་ལེགས་པར་བཏབ། བྱུག་པས་ལེགས་པར་བྱུགས་ཏེ་མེ་ཏོག་དག་དགྲམ་པར་བྱས་ནས། སྤྱོད་ལམ་ཞི་བས་འདུག་གོ། །བྲམ་ཟེ་དེ་ཡང་དུས་སྟོན་ཐལ་ནས་ཕྱིར་འོངས་ཏེ་སྐྱེད་མོས་ཚལ་དུ་བསྡད་ནས། དེས་བུ་ལ་

เล่ม ๘ · หน้า 59b

སྨྲས་པ། བུ་ཁྱོད་སོང་ལ་ཁྱོད་ཀྱི་མ་ཁྲི་མོན་གང་དུ་བཅུག་ཅིང་འདུག་པ་ལྟོས་ཤིག་དང་དབྱུང་བར་བྱའོ། །བུ་དེ་ཁྱིམ་དུ་སོང་བ་དང་གཏུམ་མོས་ཐག་རིང་མོ་ཁོ་ན་ནས་བུ་མཐོང་ནས། དེས་སྨྲས་པ། བུ་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཚུར་ཤོག་ངལ་སོས་ཤིག །ཁྱོད་

ཀྱི་ཕ་དེ་འོངས་སམ། བུས་སྨྲས་པ། མཆིས་ཏེ། སྐྱེད་མོས་ཚལ་ན་སྡོད་ཅིང་མཆིས་སོ། །བུ་དེ་ཟན་ཟོས་ནས་ཕའི་གན་དུ་སོང་བ་དང་། ཕས་དྲིས་པ། བུ་ཁྱིམ་བདེའམ། བུས་སྨྲས་པ། ཡབ་ཡུམ་གྱི་སྤྱོད་ལམ་དེ་ལྟ་བུ་ནི་སྔོན་ལན་འགའ་ཡང་མ་མཐོང་སྟེ། འདི་ལྟར་སྤྱོད་

ལམ་ཞི་བས་མཆིས་སོ། །བྲམ་ཟེ་དེ་ཁྱིམ་དུ་ཞུགས་པ་དང་གཏུམ་མོས་ཐག་རིང་པོ་ཁོ་ན་ནས་མཐོང་ནས། དེས་སྨྲས་པ། རྗེའི་སྲས་བྱོན་པ་ལེགས་སོ་བྱོན་པ་ལེགས་སོ། །བཞུགས་སུ་གསོལ། དེ་འདུག་ནས་བསམས་པ། བྱེ་བྲག་འདི་ལྟ་བུ་ནི་སྔོན་མ་བྱུང་ཅི་ལས་གྱུར་

སྙམ་ནས། དེས་ཚིགས་སུ་བཅད་པ་སྨྲས་པ། འདི་ལྟར་སྔོན་དང་མི་འདྲ་བར། །ལོག་པ་ཉིད་དུ་ཁྱོད་སྣང་ན། །ཁྱོད་ནི་སྨྱོ་བྱེད་ལྡན་གྱུར་ཏམ། །འོན་ཏེ་མྱོས་པར་གྱུར་ཏམ་ཅི། །གཏུམ་མོས་ཚིགས་སུ་བཅད་པ་སྨྲས་པ། ཇོ་བོ་བདག་ནི་སྨྱོས་པ་མིན། །མྱོས་པར་གྱུར་

པའང་མ་ལགས་ཏེ། །བདག་གིས་སངས་རྒྱས་བསྟན་པ་ལ། །འཕགས་པའི་བདེན་པ་མཐོང་བར་བགྱིས། །རྗེའི་སྲས་བདག་ལ་འཕགས་པ་འཆར་ཀས་འདི་ལྟར་བདག་སླན་ཆད་འཁོར་བ་ན་འཁོར་བའི་ཚེ་ཉོན་མོངས་པ་དེ་ལྟ་བུ་དག་ཀུན་དུ་སྤྱོད་པར་མི་འགྱུར་བ་དེ་ལྟར་ཆོས་བསྟན་པ་

མཛད་དོ། །བྲམ་ཟེ་དེ་ངོ་མཚར་སྐྱེས་ཏེ་བསམས་པ། བདག་གིས་བརྡེག་པ་དང་། བཅིང་བ་དང་། སྨད་པས་དུལ་བར་མ་ནུས་པ་གང་ཡིན་པ་དེ། བཙུན་པ་འཆར་ཀས་ཆོས་བསྟན་པས་བཏུལ་བས། གང་གི་ཕྱིར་ཆོས་བསྟན་པས་འདི་བཏུལ་བ་ནི་འཕགས་པ་འཆར་

ཀས་བདག་ལ་ཕན་པ་མང་དུ་མཛད་དོ། །འཕགས་པ་འཆར་ཀས་བདག་ལ་ལེགས་པ་མང་དུ་མཛད་ཀྱིས། བདག་སོང་ལ་འཕགས་པ་འཆར་ཀ་སང་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲང་ངོ་སྙམ་ནས། དེ་ཚེ་དང་ལྡན་པ་འཆར་ཀ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་

เล่ม ๘ · หน้า 60a

པ་འཆར་ཀའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས། ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུད་པར་བྱེད།

ཡང་དག་པར་གཟེངས་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་

མི་སྨྲའོ། །དེ་ནས་བྲམ་ཟེ་དེ་སྟན་ལས་ལངས་ཏེ། ཚེ་དང་ལྡན་པ་འཆར་ཀ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཚེ་དང་ལྡན་པ་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་འཆར་ཀས་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང་། ཚེ་དང་ལྡན་

པ་འཆར་ཀས་བྲམ་ཟེ་དེ་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་བྲམ་ཟེ་དེས་ཚེ་དང་ལྡན་པ་འཆར་ཀས་ཅང་མི་སྨྲ་བས་དང་དུ་བླངས་པར་རིག་ནས། ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ངོ་། །དེ་ནས་བྲམ་ཟེ་དེས་དེ་ཉིད་ཀྱི་མཚན་མོ་བཅའ་བ་

དང་བཟའ་བ་གཙང་ཞིང་བསོད་པ་དག་སྟ་གོན་བྱས་སོ། །ཚེ་དང་ལྡན་པ་འཆར་ཀའང་ཕྱི་དེ་ཉིན་པར་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། བྲམ་ཟེ་དེའི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྟན་བཤམས་པ་ཉིད་ལ་འདུག་གོ། །དེ་ནས་བྲམ་ཟེ་དེས་ཚེ་

དང་ལྡན་པ་འཆར་ཀ་བདེ་བར་འདུག་པར་རིག་ནས། བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང་བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས།

ཚེ་དང་ལྡན་པ་འཆར་ཀ་ཟན་ཟོས་ཤིང་། ལག་པ་བསྙལ་ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་གོ། །ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་

เล่ม ๘ · หน้า 60b

དང་། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར་བྲམ་ཟེ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེས་བདེན་པ་མཐོང་ནས་སྨྲས་པ།

བཙུན་པ་བདག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས། བཙུན་པ་འཆར་ཀས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་

གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་

ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་

བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་

སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་གི་བསོད་སྙོམས་དང་། ན་བཟའ་དང་། གནས་མལ་དང་།

བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་ཅི་གནང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི་གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ་ཞེས་སྨྲས་ཏེ་དང་དུ་མ་བླངས་སོ། །བྲམ་

เล่ม ๘ · หน้า 61a

ཟེ་དེས་སྨྲས་པ། གལ་ཏེ་བཙུན་པ་འཆར་ཀས་དང་དུ་མི་བཞེས་ན། བདག་གིས་དྲང་སྲོང་གི་གདན་བཤམ་པར་བགྱི་ཡིས། བཙུན་པ་འཆར་ཀ་གཤེགས་ཏེ་ལོངས་སྤྱད་པར་གསོལ། ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དེ་ལ་ཅང་མི་སྨྲ་བས་དང་དུ་བླངས་

སོ། །ཚེ་དང་ལྡན་པ་འཆར་ཀས་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ན་ཚེ་དང་ལྡན་པ་འཆར་ཀས་མཉན་

ཡོད་དུ་བྲམ་ཟེའི་ཁྱིམ་བཅུ་པ་གཉི་ག་ནས་བཏུལ་ཅིང་བཞག་གོ། །ཚེ་དང་ལྡན་པ་འཆར་ཀས་བསམས་པ། གང་གདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་གཞོན་ནུ་དགའ་འདུན་ལྔ་བརྒྱ་ཙམ་ཆུང་མ་དང་བཅས་པ་དག་བཅའ་བ་དང་། བཟའ་བ་དང་། དྲི་དང་།

ཕྲེང་བ་རྒྱུ་མང་པོ་ཐོགས་ཏེ། རྩེ་བའི་ཕྱིར་སྐྱེད་མོས་ཚལ་གྱི་སར་བྱུང་བ་དང་། ཚེ་དང་ལྡན་པ་འཆར་ཀས་བསམས་པ། འདི་དག་གདུལ་བའི་དུས་ཡིན་ནོ་སྙམ་ནས། དེ་དེ་དག་གི་གན་དུ་སོང་བ་དང་། དེ་དག་གིས་སྨྲས་པ། བཙུན་པ་འཆར་ཀ་ཁྱོད་བྲམ་ཟེ་མདུན་ན་འདོན་

གྱི་བུ་ཡིན་ན། ཅིའི་ཕྱིར་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ཐམས་ཅད་ཟ་བ་དག་གི་ནང་དུ་རབ་ཏུ་བྱུང་། ཚེ་དང་ལྡན་པ་འཆར་ཀས་འདི་ལྟར། དེ་དག་གི་ཕྲེང་བ་གང་དག་ཡིན་པ་དེ་དག་ནི་ཀུན་དོང་གི་ཕྲེང་བར་གྱུར། ཁུར་བ་གང་དག་ཡིན་པ་དེ་དག་ནི་བ་ལང་གི་ཀོ་བར་གྱུར།

ཤ་གང་དག་ཡིན་པ་དེ་དག་ནི་བ་ལང་གི་ཤར་གྱུར། བཏུང་བ་གང་དག་ཡིན་པ་དེ་དག་ནི་ཆང་དུ་གྱུར་པ་དེ་ལྟར་བྱིན་གྱིས་བརླབས་ནས། ཚེ་དང་ལྡན་པ་འཆར་ཀས་དེ་དག་ལ་ལྷུང་བཟེད་བསྟན་ཏེ་སྨྲས་པ། ཤེས་ལྡན་དག་ལྟོས་ཤིག །ཁོ་བོའི་ལྷུང་བཟེད་ན་ཀུན་དོང་དང་།

བ་ལང་གི་ཀོ་བ་དང་། བ་ལང་གི་ཤ་དང་། ཆང་ཡོད་སྙམ་མམ། ཅི་ཁྱེད་ཅག་ནི་མགོ་ལ་ཡང་ཀུན་དོང་གི་ཕྲེང་བ་ཐོགས། ཟས་སུ་ཡང་བ་ལང་གི་ཀོ་བ་དང་། བ་ལང་གི་ཤ་ཟ། བཏུང་བར་ཡང་ཆང་འཐུང་བས་ཁྱེད་ཅག་ཐམས་ཅད་ཟ་བ་ཡིན་ནོ། །དེ་དག་གིས་

เล่ม ๘ · หน้า 61b

གཅིག་ལ་གཅིག་བལྟས་ན་ཇི་ཙམ་ན་བདག་ཅག་ཐམས་ཅད་ཀྱི་མགོ་ལ་ཀུན་དོང་གི་ཕྲེང་བ་ཐོགས་པ་དང་། ཁུར་བ་ཐམས་ཅད་བ་ལང་གི་ཀོ་བར་གྱུར་པ་དང་། ཤ་ཐམས་ཅད་བ་ལང་གི་ཤར་གྱུར་པ་དང་། བཏུང་བ་ཐམས་ཅད་ཆང་དུ་གྱུར་པར་མཐོང་ནས། དེ་དག་

གིས་སྨྲས་པ། འཕགས་པ་འཆར་ཀ་ཁྱོད་ཀྱིས་བདག་ཅག་ལ་དམོད་པ་བོར་གྱིས། བདག་ཅག་ལ་བཟོད་པ་མཛད་དུ་གསོལ། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། བཟོད་པར་བྱའོ། །དེ་ནས་དེ་དག་སྔ་མ་ཁོ་བཞིན་དུ་གྱུར་པ་དང་། དེ་དག་ངོ་མཚར་སྐྱེས་ནས་

དེ་དག་གིས་སྨྲས་པ། བཙུན་པ་འཆར་ཀ་ཅིའི་སླད་དུ་བྱོན། ཁྱོད་ཅག་ཉིད་གདུལ་བའི་དོན་དུ་འོངས་ཀྱིས། འཁོད་ཅིག་དང་ཆོས་བསྟན་པར་བྱའོ། །དེ་དག་ཚེ་དང་ལྡན་པ་འཆར་ཀའི་མདུན་དུ་ཆོས་མཉན་པའི་ཕྱིར་འཁོད་པ་དང་། ཚེ་དང་ལྡན་པ་འཆར་ཀས་དེ་དག་

ཆུང་མ་དང་བཅས་པའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས་འདི་ལྟར། བྲམ་ཟེ་དེ་དག་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་

དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་དེ་ལྟར་ཆོས་བསྟན་ཏོ། །དེ་དག་གིས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་ཅག་གིས་དགེ་བའི་བཤེས་གཉེན་བཙུན་པ་འཆར་ཀ་ལ་བརྟེན་ནས། བཙུན་པ་འཆར་ཀས་བདག་ཅག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་

ཅག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་

ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དག་ནས་ནི་

เล่ม ๘ · หน้า 62a

རྐང་པ་ཕྱུང་། ལྷ་དང་མིའི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། བཙུན་

པ་བདག་ཅག་ནི་མངོན་པར་ཞུགས་པ་ལགས་སོ། །བཙུན་པ་བདག་ཅག་ནི་མངོན་པར་ཞུགས་པ་ལགས་ཏེ། བཙུན་པ་བདག་ཅག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ།

དེང་སླན་ཆད་ནས་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །བཙུན་པ་འཆར་ཀས་ཇི་སྲིད་འཚོའི་བར་དུ་བདག་ཅག་གི་བསོད་སྙོམས་དང་། ན་བཟའ་དང་། གནས་མལ་དང་། བསྙུང་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་བཞེས་པར་

ཅི་གནང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་བྱུང་བ་ནི་གཞན་ལ་ཕན་པས་རྗེས་སུ་འཛིན་པ་ལ་ཞུགས་པ་ཡིན་པས། བྲམ་ཟེ་གཞན་དག་ལ་ཡང་ཕན་པ་བྱ་དགོས་སོ་ཞེས་སྨྲས་ཏེ་དང་དུ་མ་བླངས་སོ། །བྲམ་ཟེ་དེ་དག་གིས་སྨྲས་པ། གལ་ཏེ་བཙུན་པ་

འཆར་ཀས་དང་དུ་མི་བཞེས་ན། བདག་ཅག་གིས་དྲང་སྲོང་གི་གདན་བཤམ་པར་བགྱིས། བཙུན་པ་འཆར་ཀ་གཤེགས་ཏེ་ལོངས་སྤྱད་པར་གསོལ། ཚེ་དང་ལྡན་པ་འཆར་ཀས་བྲམ་ཟེ་དེ་དག་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀས་དེ་

དག་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ་། །དེ་ན་ཚེ་དང་ལྡན་པ་འཆར་ཀས་མཉན་ཡོད་དུ་བྲམ་ཟེའི་ཁྱིམ་ལྔ་

བརྒྱ་ལྷག་ཙམ་གཉི་ག་ནས་བཏུལ་ཞིང་བཞག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་ཁྱིམ་དད་པར་བྱེད་པ་རྣམས་ཀྱི་ནང་ན་མཆོག་ནི་འདི་ལྟ་སྟེ། དགེ་སློང་འཆར་ཀ་ནག་པོ་འདི་ཡིན་ནོ། །ཚེ་

เล่ม ๘ · หน้า 62b

དང་ལྡན་པ་འཆར་ཀས་བསམས་པ། གང་གདུལ་བའི་དུས་ཡིན་སྙམ་ན། མཉན་ཡོད་ན་བྲམ་ཟེ་ཞིག་གསང་སྔགས་དག་གིས་མི་མ་ཡིན་པ་དབང་དུ་བྱས་ནས། ཤིང་རྟ་བཅས་ཏེ་འདྲེན་དུ་འཇུད་པར་བྱེད་ནས། ཚེ་དང་ལྡན་པ་འཆར་ཀས་བསམས་པ། བྲམ་ཟེ་དེ་གདུལ་

བའི་དུས་ཡིན་ནོ་སྙམ་ནས། ཚེ་དང་ལྡན་པ་འཆར་ཀ་བྲམ་ཟེ་དེ་གདུལ་བའི་ཕྱིར་འཕགས་པ་དང་། ཇི་ཙམ་ན། བྲམ་ཟེ་དེ་གསང་སྔགས་དག་གིས་མི་མ་ཡིན་པ་དབང་དུ་བྱས་ནས། ཤིང་རྟ་བཅས་ཏེ་འདྲེན་དུ་བཅུག་ནས་མཉན་ཡོད་ཀྱི་ཕྱི་རོལ་དུ་སོང་བ་ན། བྲམ་ཟེ་

དེ་ཤིང་རྟ་ལས་བབས་ནས་གཅིན་གཅི་བར་བརྩམས་པ་དང་། ཚེ་དང་ལྡན་པ་འཆར་ཀས་འདི་ལྟར་བྲམ་ཟེ་དེའི་གཅིན་རྒྱུན་མི་འཆད་པ་དེ་ལྟར་བྱིན་གྱིས་བརླབས་ནས། ཚེ་དང་ལྡན་པ་འཆར་ཀས་གསང་སྔགས་ཀྱི་ཕུར་བུ་ཕྱུང་བ་དང་། མི་མ་ཡིན་པ་དེ་བྲོས་ཏེ་སོང་ངོ་། །

ཇི་ཙམ་ན། བྲམ་ཟེ་དེ་ལངས་པ་དང་མི་མ་ཡིན་པ་བྲོས་པར་མཐོང་ནས། དེས་སྨྲས་པ། སུས་ཁོ་བོའི་མི་མ་ཡིན་པའི་ཕུར་བུ་ཕྱུང་། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁོ་བོས་སོ། །ཅིའི་ཕྱིར་ཁྱོད་བྲམ་ཟེར་གྱུར་ནས་མི་མ་ཡིན་པ་སྤྱོད་དམ། དེས་སྨྲས་པ།

སུ་ཞིག་བདག་གི་བསྙེན་བཀུར་བྱེད་པར་འགྱུར། ཚེ་དང་ལྡན་པ་འཆར་ཀས་དེ་ལ་ལྷུང་བཟེད་བསྟན་ནས་སྨྲས་པ། འདི་ཁྱོད་ཀྱི་བསྙེན་བཀུར་བྱེད་པར་འགྱུར་རོ། །དེས་སྨྲས་པ། འདིས་ཅི་འགྲུབ་པར་འགྱུར། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། གང་

སེམས་པ་དང་། གང་འདོད་པ་དེ་དག་ཐམས་ཅད་འགྲུབ་པར་འགྱུར་རོ། །ཇི་ཙམ་ན། བྲམ་ཟེ་དེ་གང་སེམས་པ་དང་། གང་འདོད་པ་དེ་དག་ཐམས་ཅད་ལྷུང་བཟེད་དེ་ལས་གྲུབ་པར་གྱུར་པ་དང་། བྲམ་ཟེ་དེ་ངོ་མཚར་སྐྱེས་ཏེ་དེས་སྨྲས་པ། བཙུན་པ་འཆར་

ཀ་ཅིའི་སླད་དུ་འདི་ལྟར་འགྱུར། ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁོ་བོས་ལྷུང་བཟེད་ཀྱི་རིག་པ་ཤེས་སོ། །དེས་སྨྲས་པ། བཙུན་པ་འཆར་ཀ་ལྷུང་བཟེད་ཀྱི་རིག་པ་དེ་བདག་ལ་སྩོལ་ཅིག །ཚེ་དང་ལྡན་པ་འཆར་ཀས་ཚིགས་སུ་བཅད་པ་སྨྲས་པ། རིག་

เล่ม ๘ · หน้า 63a

པ་སུ་ལའང་སྦྱིན་མི་བྱ། །རིག་དང་བཅས་ཏེ་འཆི་བར་བྱ། །རིག་པ་རིག་དང་གུས་པ་དང་། །ནོར་གྱི་ཕྱིར་ནི་སྦྱིན་པར་བྱ། །བྲམ་ཟེས་སྨྲས་པ། བདག་ཁྱོད་ལ་གུས་པར་བགྱིད་དོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁོ་བོ་ཁྱིམ་པ་ལས་

བསྙེན་བཀུར་བདག་གིར་མི་བྱེད་ཀྱི། ཁོ་བོ་ནི་རབ་ཏུ་བྱུང་བ་ལས་བསྙེན་བཀུར་བདག་གིར་བྱེད་དོ། །དེས་སྨྲས་པ། བདག་རབ་ཏུ་འབྱུང་ངོ་། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། རབ་ཏུ་ཕྱུང་ཤིག་ཅེས་དེས་དེ་རབ་ཏུ་ཕྱུང་། རྫོགས་པར་བསྙེན་པར་བྱས་ཏེ་གདམས་

ངག་བྱིན་ནོ། །དེ་དེ་ལྟར་རབ་ཏུ་བྱུང་ནས་གཅིག་པུ་དབེན་པ་བག་ཡོད་པ། བརྟུན་པ་དང་ལྡན་པ་བདག་ཉིད་བཏང་བར་གནས་སོ། །གཅིག་པུ་དབེན་པ་བག་ཡོད་པ། བརྟུན་པ་དང་ལྡན་པ་བདག་ཉིད་བཏང་བར་གནས་པ་ན། རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་

ཏེ་གོས་ངུར་སྨྲིག་དག་བགོས་ནས། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ། ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ། དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་

སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ།

ཙན་དན་བཞག་པ་ལྟ་བུར་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་

རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །ཚེ་དང་ལྡན་པ་འཆར་ཀས་བསམས་པ། གང་གདུལ་བའི་དུས་ཡིན་སྙམ་ན། ཡུལ་མིའི་གྱད་གཅིག་གིས་ཡུལ་དག་ཏུ་གྱད་རྣམས་བརྡབས་ནས་མཉན་ཡོད་དུ་འོངས་ཏེ། མཉན་

เล่ม ๘ · หน้า 63b

ཡོད་ན་སྒོ་ཁར་རྐང་པ་བརྐྱང་སྟེ་འདུག་ཅིང་། དེ་གང་ལ་ལ་འོང་བ་དེ་ལ་འདི་སྐད་ཅེས། ཡང་ན་ནི་ཁོ་བོ་ལ་སྟོབས་རྒོལ་ཅིག །ཡང་ན་ནི་ཁོ་བོའི་རླིག་བར་དུ་སོང་ཤིག་ཅེས་ཟེར་རོ། །དེ་ན་སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདུ་བ་དག་ལས། འགའ་ཡང་དེ་ལ་སྟོབས་ཀྱང་མི་

རྒོལ། དེའི་རླིག་བར་དུ་ཡང་མི་འགྲོའོ། །ཚེ་དང་ལྡན་པ་འཆར་ཀས་བསམས་པ། གྱད་དེ་གདུལ་བའི་དུས་ཡིན་ནོ་སྙམ་ནས། ཚེ་དང་ལྡན་པ་འཆར་ཀ་ཕྱོགས་དེར་སོང་སྟེ་སྨྲས་པ། འདི་སུ་ཞིག་ཡིན། སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱིས་སྨྲས་པ། གྱད་འདིའི་

མཆིད་ནས་འདི་སྐད་ཅེས། ཡང་ན་ནི་ཁོ་བོ་ལ་སྟོབས་རྒོལ་ཅིག །ཡང་ན་ནི་ཁོ་བོའི་རླིག་བར་དུ་སོང་ཤིག་ཅེས་མཆིའོ། །ཚེ་དང་ལྡན་པ་འཆར་ཀས་དེ་ལ་སྨྲས་པ། ཅི་ཇེ་ཁོ་བོ་དང་ལྷན་ཅིག་སྟོབས་བྱའམ། འོན་ཏེ་ཁོ་བོས་བརྡབས་པའི་གྱད་གསུམ་པོ་གང་དག་

ཡིན་པ་དེ་དག་དང་ལྷན་ཅིག་སྟོབས་འགྱེད། དེས་སྨྲས་པ། ཁྱོད་ཀྱིས་བརྡབས་པའི་གྱད་གསུམ་པོ་གང་དག་ཡིན་པ་དེ་དག་དང་ལྷན་ཅིག་སྟོབས་བྱའོ། །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ། ཁོ་བོས་འདོད་ཆགས་ཀྱི་གྱད་བརྡབས། ཞེ་སྡང་གི་གྱད་བརྡབས། གཏི་

མུག་གི་གྱད་བརྡབས་ཀྱིས། ཁྱོད་དེ་དག་དང་ལྷན་ཅིག་སྟོབས་ཁྱེ་ཤིག་ཅེས། ཚེ་དང་ལྡན་པ་འཆར་ཀས་དེ་བཏུལ་ནས་དེས་དེ་རབ་ཏུ་ཕྱུང་། རྫོགས་པར་བསྙེན་པར་བྱས་ཏེ་གདམས་ངག་བྱིན་ནོ། །དེ་དེ་ལྟར་རབ་ཏུ་བྱུང་ནས་གཅིག་པུ་དབེན་པ་བག་ཡོད་པ། བརྟུན་པ་

དང་ལྡན་པ་བདག་ཉིད་བཏང་བར་གནས་སོ། །གཅིག་པུ་དབེན་པ་བག་ཡོད་པ། བརྟུན་པ་དང་ལྡན་པ་བདག་ཉིད་བཏང་བར་གནས་པ་ན། རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་དག་བགོས་ནས། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་

མེད་པར་རབ་ཏུ་འབྱུང་བར་བྱེད་པ། ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་

เล่ม ๘ · หน้า 64a

ཞེས་གོ་བར་བྱེད་ཅིང་། དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་བཞག་པ་ལྟ་བུ་རིག་པས་སྒོ་ངའི་

སྦུབས་དྲལ་བར་གྱུར་ཅིང་། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་

བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །གཏུམ་མོ་དེས་བུའི་ཆུང་མ་བླངས་ནས། དུས་གཞན་ཞིག་ན་གཏུམ་མོ་ཡང་དུས་ལ་བབ། དེའི་ཁྱིམ་ཐབ་ཀྱང་དུས་ལ་བབ་བོ། །གཏུམ་མོའི་བུ་དེ་ཁ་ཏོན་གྱི་ཞོར་ལ་ཡུལ་གཞན་དུ་སོང་ངོ་། །

གཏུམ་མོའི་མནའ་མ་དེ་གོས་དང་ཟས་བཟང་ཞིང་ཞིམ་པ་ལ་ལོངས་སྤྱོད་སྤྱོད་པས། ཉོན་མོངས་པ་དག་གིས་གདུངས་པར་གྱུར་ནས། དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་སོང་ལ་སྐྱེས་པ་ལུས་བརྟན་པ། མཁྲང་བ། དམ་པ་འགའ་ཅི་སྣང་ཚོལ་ཅིག་དང་དེ་

དང་ལྷན་ཅིག་དགའ་མགུར་སྤྱད་པར་བྱའོ། །བུ་མོ་མངག་གཞུག་མས་སྨྲས་པ། ཇོ་མོ་ཁྱོད་ཀྱི་གྱོས་པོ་དང་སྒྱུག་མོ་གཉིས་ནི་བདེན་པ་མཐོང་བ་ལགས་ན། ཁྱོད་དྲང་སྲོང་གི་ཁྱིམ་འདི་ལྟ་བུར་བྱོན་ན་ཉེས་པར་སྤྱོད་པ་དེ་ལྟ་བུ་ཇི་ལྟར་བགྱིར་རུང་། དྲང་སྲོང་གི་ཁྱིམ་གྱི་མི་སྙན་

པ་སྐྱེད་པར་མཛད་དམ་ཅི། དེས་སྨྲས་པ། ཀྭའི་ཁྱོད་ལ་བསམ་པ་དེས་ཅི་བྱ། ཇེ་སོང་ལ་ཁྲིད་དེ་ཤོག་ཤིག །གལ་ཏེ་ཁྲིད་དེ་མ་འོངས་ན་ཁྱོད་ལ་མཚམས་ཆེན་པོ་གཅད་པར་བྱའོ། །བུ་མོས་བསམས་པ། བུ་ཟན་མའི་བུ་མོ་འདིས་དྲང་སྲོང་གི་ཁྱིམ་བཙོག་གིས་

དགང་བར་ཆད་དེ། བདག་ལ་དཀའ་བ་མེད་ཀྱིས་དགུག་གོ་སྙམ་ནས། དེ་སྲང་དུ་སོང་བ་དང་། དེས་དེ་ན་ཆོམ་རྐུན་པའི་དམག་དཔོན་ལུས་བརྟན་པ། མཁྲང་བ་དམ་པ་ཞིག་མཐོང་ནས། དེས་དེ་ལ་སྨྲས་པ། ཀྱེ་བཙུན་པོ་ཁྱོད་ཁོ་མོའི་ཇོ་མོ་དང་ལྷན་ཅིག་དགའ་

เล่ม ๘ · หน้า 64b

མགུར་སྤྱོད་ཕོད་དམ། དེས་སྨྲས་པ། ཕོད་དོ། །དེས་དེ་ཁྲིད་དེ་ཇོ་མོ་དང་སྤྲད་ནས། དེ་དེ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་དོ། །ཚེ་དང་ལྡན་པ་འཆར་ཀ་དེར་དུས་དང་དུས་སུ་འགྲོ་བས་དེ་མཐོང་ནས། ཚེ་དང་ལྡན་པ་འཆར་ཀས་བསམས་པ། བུད་མེད་ཀྱི་

ཡུལ་འདི་ནི་འདོད་ཆགས་སྤྱོད་པ་ཞིག་ཡིན་ནོ་སྙམ་ནས། དེས་དེ་ལ་འདོད་ཆགས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་དོ། །དེས་བསམས་པ། འཕགས་པ་འཆར་ཀ་ནི་གཞན་གྱི་སེམས་ཤེས་པ་ལ་མཁས་པ་ཡིན་པས་དེས་བདག་འཕྲིགས་ཀྱིས། གལ་ཏེ་དེ་མ་བསད་ན་

དེས་བདག་གི་ཁྱིམ་ཐབ་ལ་བྱས་ཤིང་། དེ་བདག་ལ་གནོད་པ་བྱེད་པར་འགྱུར་དུ་འོང་གིས། བདག་གིས་དེ་བསད་དོ་སྙམ་ནས། དེས་ཆོམ་རྐུན་པའི་དམག་དཔོན་ལ་སྨྲས་པ། འཕགས་པ་འཆར་ཀ་ནི་གཞན་གྱི་སེམས་ཤེས་པ་ལ་མཁས་པ་ཡིན་པས། དེས་བདག་

ཅག་འཕྲིགས་ཀྱིས། གལ་ཏེ་དེ་མ་བསད་ན་བདག་གི་ཁྱིམ་ཐབ་ལ་བྱས་ཤིང་། དེ་བདག་ཅག་ལ་གནོད་པ་བྱེད་པར་འགྱུར་དུ་འོང་གིས། ཁྱོད་ཀྱིས་དེ་སོད་ཅིག །ཆོམ་རྐུན་པའི་དམག་དཔོན་གྱིས་སྨྲས་པ། ཁོ་བོ་དེ་མི་གསོད་དེ། དེ་ནི་ཀོ་ས་ལར་བྱུང་བའི་རྒྱལ་པོ་

གསལ་རྒྱལ་གྱི་ནི་ཆུང་པོ་གྲོགས། བཙུན་མོ་ཕྲེང་ལྡན་མའི་ནི་སློབ་དཔོན་ཡིན་གྱིས། ཁོ་བོས་དེ་བསད་པར་གྱུར་ན་ཁོ་བོ་རྒྱལ་པོས་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་སྟེ། བསྲེགས་པས་འཆི་བར་བྱ་དགོས་པ་གང་ཡིན་པ་དེ་ལྟ་བུའི་གནས་ཡོད་པར་འགྱུར་རོ། །དེས་སྨྲས་པ།

གལ་ཏེ་ཁྱོད་དེ་གསོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་གསོད་ན་ཁྱོད་ཕྱིན་ཆད་ཁོ་མོའི་ཁྱིམ་དུ་འཇུག་པར་མི་བྱའོ། །འདོད་པ་སྟེན་པ་དག་གིས་ནི་སྡིག་པའི་ཆོས་མི་བྱ་བ་ཅི་ཡང་མེད་པས་ཆོམ་རྐུན་པའི་དམག་དཔོན་དེས་སྨྲས་པ། གལ་ཏེ་དེ་གཞན་གྱི་སེམས་ཤེས་པ་ལ་མཁས་པ་

ཡིན་ན་ཁོ་བོས་ཇི་ལྟར་གསད་པར་བྱ། དེས་སྨྲས་པ། ཐབས་ཀྱི་རྣམ་པ་ཞིག་བྱའོ་ཞེས་དེས་དུས་མ་ཡིན་པར་ཚེ་དང་ལྡན་པ་འཆར་ཀའི་གན་དུ་མངག་པ་བཏང་སྟེ། བཙུན་པ་འཆར་ཀ་བདག་བྲོ་འཚལ་བར་གྱུར་ན་ཁྱོད་ཀྱིས་བདག་གཟིགས་པར་ཅི་གནང་ཞེས་སྤྲིང་ངོ་། །དགྲ་

เล่ม ๘ · หน้า 65a

བཅོམ་པ་དག་ནི་མ་བསམས་པར་ཤེས་པ་དང་མཐོང་བ་མི་འཇུག་པས། ཚེ་དང་ལྡན་པ་འཆར་ཀ་ཡང་དུས་མ་ཡིན་པར་ཞུགས་ཏེ། དེ་ལ་ཆོས་བསྟན་པ་བྱས་ནས་དེ་ཕྱིར་འབྱུང་བར་བརྩམས་པ་དང་། དེས་སྨྲས་པ། འཕགས་པ་བདག་ཁྱོད་མཐོང་ན་གློ་བ་དགའ་

བས་ཡུད་ཙམ་ཞིག་བཞུགས་སུ་གསོལ་ཞེས། དེས་ཚེ་དང་ལྡན་པ་འཆར་ཀ་ཇི་སྲིད་ཀྱིས་ཤིན་ཏུ་ནམ་སྲོས་པར་གྱུར་པ་དེ་སྲིད་དུ་བཟུང་ནས། ཆོམ་རྐུན་པའི་དམག་དཔོན་ཡང་རལ་གྲི་ཤུབས་ནས་ཕྱུང་སྟེ་སྒོ་ན་སྡོད་དོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་ཕྱིར་བྱུང་བ་དང་། ཆོམ་རྐུན་པའི་

དམག་དཔོན་སྙིང་རྗེ་མེད་པའི་སེམས་དང་ལྡན་པ། འཇིག་རྟེན་ཕ་རོལ་བཏང་བ་དེས་ཚེ་དང་ལྡན་པ་འཆར་ཀའི་མགོ་དྲུང་བ་ནས་བཅད་དེ་ས་ལ་བསྒྱེལ་ཏོ། །དེ་འཕགས་པ་གསོད་ཅིང་འདུག་པ་བུད་མེད་རྒན་མོ་ཞིག་གིས་མཐོང་ནས། དེས་སྨྲས་པ། གཟུ་ལུམས་བྱེད་པ་འདི་སུ་ཞིག་ཡིན།

ཆོམ་རྐུན་པའི་དམག་དཔོན་གྱིས་སྨྲས་པ། སུ་ལ་ཡང་མ་ཟེར་ཅིག །ཁོ་བོས་ཁྱོད་ཀྱང་འདིའི་གནས་སྐབས་ལྟ་བུར་བྱས་པར་གྱུར་ཏ་རེ། དེ་སྐྲག་ནས་འཕྲལ་དུ་སྨྲ་མ་ཕོད་དེ། བདག་ཉིད་ཆེན་པོ་འདིའི་རྗེས་གཅོད་པ་འགའ་ཞིག་ཕྱིས་འོང་གྲང་སྙམ་ནས། དེ་ཉིད་ན་ཅང་མི་སྨྲ་བར་

འདུག་གོ། །སྙིང་རྗེ་མེད་པའི་སེམས་དང་ལྡན་པ་འཇིག་རྟེན་ཕ་རོལ་བཏང་བ་དེ་གཉིས་ཀྱིས་ཚེ་དང་ལྡན་པ་འཆར་ཀའི་ལུས་དེ་ཕྱག་དར་གྱི་ཕུང་པོ་ཞིག་ཏུ་སྦས་ཏེ་བཞག་གོ། །དེའི་ཉིན་མོ་གསོ་སྦྱོང་གི་ཞལ་ཏ་བ་རྒན་པའི་མཐའ་ལོགས་སུ་འདུག་སྟེ་སྨྲས་པ། འགའ་ཞིག་གིས་བཙུན་པ་

འཆར་ཀའི་འདུན་པ་བླངས་སམ། བཙུན་པ་འཆར་ཀ་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱིམ་དད་པར་བྱེད་པ་རྣམས་ཀྱི་མཆོག་དེ་བསད་ཀྱིས། ཆོས་གོས་དག་ལོང་ཤིག་དང་དེའི་ལུས་ལ་མཆོད་པ་བྱའོ། །བཅོམ་ལྡན་

འདས་འཕགས་པ་དང་ཇི་ཙམ་ན་མཉན་ཡོད་ཀྱི་སྒོ་ཆོད་ནས། བཅོམ་ལྡན་འདས་ཀྱིས་གསེར་གྱི་འོད་ལྟ་བུའི་འོད་བཏང་བ་མཛད་པ་དང་། དེས་མཉན་ཡོད་ཐམས་ཅད་གསེར་བཙོ་མའི་འོད་ལྟ་བུས་སྣང་བར་གྱུར་ཏོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ། ཅིའི་

เล่ม ๘ · หน้า 65b

ཕྱིར་མཉན་ཡོད་ཐམས་ཅད་གསེར་བཙོ་མའི་འོད་ལྟ་བུས་སྣང་བར་གྱུར་སྙམ་ནས། དེས་ཡང་བསམས་པ། བཅོམ་ལྡན་འདས་གཤེགས་པར་བཞེད་གོར་མ་ཆག་སྙམ་ནས། དེ་བཙུན་མོའི་འཁོར་དང་བཅས་པས་མཉན་ཡོད་ཀྱི་ལྡེ་མིག་ཁྱེར་ཏེ། སྒོ་ཕྱེ་བ་དང་བཅོམ་ལྡན་འདས་

མཉན་ཡོད་དུ་གཤེགས་སོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ། ཅིའི་ཕྱིར་བཅོམ་ལྡན་འདས་དུས་མ་ཡིན་པར་མཉན་ཡོད་དུ་གཤེགས་སྙམ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེན་པར་དཀའ་བ་དང་། བཟོད་པར་དཀའ་བ་ཡིན་པས་

དེས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུ་བར་མ་ནུས་སོ། །བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མདུན་དུ་གཤེགས་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་བཙུན་མོའི་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱི་སླད་བཞིན་སླད་བཞིན་དུ་རྗེས་སུ་འབྲང་ཞིང་སོང་བ་དང་།

ཇི་ཙམ་ན། ཕྱག་དར་གྱི་ཕུང་པོའི་ཕྱོགས་དེར་བྱོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱིམ་པ་དད་པར་བྱེད་པ་རྣམས་ཀྱི་མཆོག་དེ་འདིར་སྦས་ཀྱིས་ཕྱུང་ཤིག །དེ་ཕྱུང་བ་དང་དེ་ན་གང་དག་ཚེ་དང་ལྡན་པ་འཆར་ཀ་ལ་བརྟེན་ནས།

འཕགས་པའི་བདེན་པ་དག་མཐོང་བ་དེ་དག་གིས་གསོལ་པ། འདི་བདག་ཅག་གི་དགེ་བའི་བཤེས་གཉེན་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་ཅག་འདིའི་ལུས་ལ་མཆོད་པ་བགྱིད་པར་ཅི་གནང་། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །ཀོ་ས་ལར་བྱུང་བའི་རྒྱལ་

པོ་གསལ་རྒྱལ་གྱིས་གསོལ་པ། འདི་བདག་གི་ཆུང་པོ་གྲོགས་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་འདིའི་ལུས་ལ་མཆོད་པ་བགྱིད་པར་ཅི་གནང་། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །བཙུན་མོ་ཕྲེང་ལྡན་མས་གསོལ་པ། འདི་བདག་གི་སློབ་དཔོན་

ལགས་ན། བཅོམ་ལྡན་འདས་ཀྱིས་བདག་འདིའི་ལུས་ལ་མཆོད་པ་བགྱིད་པར་ཅི་གནང་། བཅོམ་ལྡན་འདས་ཀྱིས་གནང་ངོ་། །དེ་ནས་བཙུན་མོ་ཕྲེང་ལྡན་མས། ཚེ་དང་ལྡན་པ་འཆར་ཀའི་ལུས་དེ་ས་དཀར་གྱིས་དྲིལ་ཕྱི་བྱེད་དུ་བཅུག་ནས། སྤོས་ཆུས་

เล่ม ๘ · หน้า 66a

འཁྲུར་བཅུག་སྟེ། རས་ཁ་དོག་སྣ་ཚོགས་དག་གིས་ཁྱོགས་སྤྱི་ལ་བརྒྱན་ནས། དེར་བཅུག་སྟེ་བཞག་གོ། །དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མདུན་དུ་གཤེགས་ནས། རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་དེའི་ཕྱི་

བཞིན་ཕྱི་བཞིན་དུ་རྗེས་སུ་འབྲང་ཞིང་སོང་སྟེ། ས་ཕྱོགས་གོ་སྐབས་ཡངས་པ་ཞིག་ཏུ་བཞག་ནས། བཙུན་མོ་ཕྲེང་ལྡན་མས་སྤོས་ཀྱི་ཤིང་ཐམས་ཅད་ཀྱིས་ཕུང་པོར་བཅེར་ཏེ་བསྲེགས་ནས། ཕུང་པོ་དེ་འོ་མས་ཞི་བར་བྱས་ཏེ། རུས་པ་དེ་དག་གསེར་གྱི་བུམ་པར་བཅུག་ནས་

ལམ་པོ་ཆེའི་བཞི་མདོར་ལུས་ཀྱི་མཆོད་རྟེན་རྩིག་ཏུ་བཅུག་སྟེ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་ཞིང་། དྲི་དང་། ཕྲེང་བ་རྒྱུ་དང་། བདུག་སྤོས་དང་། ཕྱེ་མ་དང་། སིལ་སྙན་དག་གིས་མཆོད་པ་བྱས། རྐང་པ་གཉིས་ལ་ཕྱག་འཚལ་ནས།

བཅོམ་ལྡན་འདས་ཀྱིས་ཡོན་བཤད་པ་མཛད་དེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་

པ། དགེ་སློང་དག་ཉེས་དམིགས་འདི་དང་གཞན་དག་ཀྱང་། དགེ་སློང་དག་དུས་མ་ཡིན་པར་གྲོང་དུ་འཇུག་པ་ལས་གྱུར་པས། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་

བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དུས་མ་ཡིན་པར་གྲོང་དུ་འཇུག་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །

དགེ་སློང་ནད་ངན་ཅན་དག་འཁོད་པ་དག་གིས་ཡུན་རིང་དུ་འདུག་པར་མི་ནུས་པ་ནས། དགེ་སློང་ནད་གཡོག་དག་གིས་ཀྱང་ནད་པ་དག་གི་བྱ་བ་ཉམས་པར་བྱེད། དགེ་སློང་ཞལ་ཏ་བྱེད་པ་དག་གིས་ཀྱང་དགེ་འདུན་གྱི་བྱ་བ་ཉམས་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་

เล่ม ๘ · หน้า 66b

འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་འདུག་པ་ལ་སྨྲས་ཏེ་འགྲོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་འདུག་པ་ལ་སྨྲ་བར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་ཞིག་གིས་ཁྱིམ་གཞན་དུ་ལྷུང་བཟེད་དང་ཆོས་གོས་

བཞག་ནས། ཇི་ཙམ་ན་དེར་མེ་ཤོར་ནས་དགེ་སློང་དེས་དེར་འགྲོ་བར་བརྩམས་ཏེ། དེ་ལམ་གྱི་ཕྱེད་དུ་སོན་པ་དང་། བདག་གིས་དགེ་སློང་འདུག་པ་ལ་མ་སྨྲས་སོ་སྙམ་པའི་དྲན་པ་སྐྱེས་ནས་དེ་ཕྱིར་ལོག་སྟེ། ཇི་སྲིད་དུ་དགེ་སློང་འདུག་པ་ལ་སྨྲ་བར་བྱེད་པ་དེ་སྲིད་དུ་དེའི་ལྷུང་བཟེད་

དང་ཆོས་གོས་ཚིག་ནས་དེས་དེར་སོང་བ་དང་། ཁྱིམ་བདག་གིས་སྨྲས་པ། འཕགས་པ་ཁྱོད་ཅིའི་སླད་དུ་ཁྱོད་འཕྱིས་ཏེ་བྱོན། དེས་ན་ཁྱོད་ཀྱི་ལྷུང་བཟེད་དང་ཆོས་གོས་ཚིག་གི །གལ་ཏེ་ཁྱོད་མྱུར་དུ་བྱོན་པར་གྱུར་ན་ཁྱོད་ཀྱི་ལྷུང་བཟེད་དང་ཆོས་གོས་ཚིག་པར་མི་འགྱུར་རོ་ཞེས་ཟེར་

ཞིང་། དགེ་སློང་དེ་ཡང་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དེ་འདྲ་བའི་རྐྱེན་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་

གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་

ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དུས་མ་ཡིན་པར་གྲོང་དུ་འཇུག་ཅིང་དགེ་སློང་འདུག་པ་ལ་མི་སྨྲ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་

པའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དུས་མ་ཡིན་པར་ཞེས་བྱ་བ་ནི་དུས་མ་ཡིན་པ་གཉིས་སུ་སྟེ། སྐྱ་རེངས་མ་ཤར་བ་དང་ཕྱེད་ཡོལ་བར་རོ། །གྲོང་དུ་ཞེས་བྱ་བ་ནི་གང་ན་སྲང་དང་། བཞི་མདོ་དང་། སུམ་མདོ་དག་ཡོད་པར་རོ། །འཇུག་ཅིང་ཞེས་བྱ་བ་ནི་འགྲོ་

เล่ม ๘ · หน้า 67a

ཞིང་ངོ་། །དགེ་སློང་འདུག་པ་ལ་མི་སྨྲ་ན་ཞེས་བྱ་བ་ནི་དེ་ན་དགེ་སློང་གང་འདུག་པ་ལའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་དེ་འདྲ་བའི་རྐྱེན་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་།

ངན་འགྲོ་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་

འགྱུར་ཞེ་ན། དགེ་སློང་གིས་དུས་མ་ཡིན་པ་ལ་དུས་མ་ཡིན་པར་འདུ་ཤེས་པས་གྲོང་དུ་འཇུག་ན་ལྟུང་བྱེད་དུ་འགྱུར་རོ། །དུས་མ་ཡིན་པ་ལ་ཡིད་གཉིས་ཟ་བས་གྲོང་དུ་འཇུག་ན་ལྟུང་བྱེད་དུ་འགྱུར་རོ། །དུས་ལ་དུས་མ་ཡིན་པར་འདུ་ཤེས་པས། གྲོང་དུ་འཇུག་ན་ཉེས་བྱས་སུ་འགྱུར་

རོ། །དུས་ལ་ཡིད་གཉིས་ཟ་བས་གྲོང་དུ་འཇུག་ན་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བཙུན་མོ་ཕྲེང་ལྡན་མས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་སྨྲས་པ། ལྷས་

དགེ་སློང་རྣམས་ལ་ནི་གཞོན་ནུའི་ཡོངས་སུ་སྤང་བ་སྩལ། དགེ་སློང་མ་རྣམས་ལ་ནི་བཙུན་མོའི་འཁོར་གྱི་ཡོངས་སུ་སྤང་བ་སྩལ་ཅིང་། འཕགས་པ་འཆར་ཀ་ལྷའི་ནི་ཆུང་པོ་གྲོགས་ལགས། བདག་གི་ནི་སློབ་དཔོན་ལགས་ཏེ། དགེ་སློང་རབ་ཏུ་གྲགས་པ་དེ་ལྟ་བུ་ཡང་བཙན་ཐོང་

དུ་བཀུམ་ན་དགེ་སློང་རབ་ཏུ་མ་གྲགས་པ་གཞན་དག་ལ་བཀའ་མཆིད་ཀྱང་སུ་རྨེད་པར་འགྱུར། ལྷས་འཕགས་པ་འཆར་ཀ་དེ་སུས་འགུམས་སུ་སྩལ་བ་དང་སུས་བཀུམ་པ་བཀས་རྨ་བར་ཅི་གནང་། ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་ཞོ་ཤས་འཚོ་བ་དག་ལ་བསྒོ་བ། ཤེས་

ལྡན་དག་དེང་ལ་འཕགས་པ་འཆར་ཀ་དེ་སུས་གསོད་དུ་བཅུག་པ་དང་། སུས་བསད་པ་སྨྲོས་ཤིག །དེ་དག་དེ་རྨེད་ཅིང་ཕྱོགས་དེར་དོང་བ་དང་། དེ་དག་གིས་དེ་ན་བུད་མེད་རྒན་མོ་དེ་མཐོང་ཞིང་། དེས་ནི་དེ་དག་མ་མཐོང་བ་ན། བུད་མེད་རྒན་མོ་དེས་བྱུང་རྒྱལ་དུ་སྨྲས་པ། ཕྱོགས་

เล่ม ๘ · หน้า 67b

འདིར་ཁྱིམ་དད་པར་བྱེད་པ་རྣམས་ཀྱི་མཆོག་དེ་སྦས་པ་ནི་དེ་དང་དེ་དག་གིས་བསད་དོ། །དེ་དག་གིས་དེ་ཐོས་ནས་སྨྲས་པ། རྒན་མོ་ཅི་ཟེར། རྒན་མོ་དེས་སྨྲས་པ། ཅང་མི་ཟེར་རོ། །དེ་དག་གིས་དེ་བཟུང་སྟེ་བསྡིགས་ནས། དེ་སུས་བསད་སྨྲོས་ཤིག་ཅེས་བྱས་པ་དང་། དེས་

སྨྲས་པ། བྲམ་ཟེའི་བུ་མོ་འདིས་གསོད་དུ་བཅུག་གོ། །ཆོམ་རྐུན་པའི་དམག་དཔོན་འདིས་བསད་དོ། །དེ་དག་གིས་ཀྱང་བསྡིགས་ཏེ། ཅི་དེ་གཉིས་ཁོ་ནར་ཟད་དམ་ཞེས་རྨས་པ་དང་། དེས་སྨྲས་པ། གཞན་ཡང་གཡོན་ཅན་ལྔ་བརྒྱ་ཡོད་དོ། །རྒྱལ་པོའི་མི་དེ་དག་

གིས་བྲམ་ཟེའི་བུ་མོ་དེ་དང་། ཆོམ་རྐུན་པའི་དམག་དཔོན་དེ་དང་། གཡོན་ཅན་ལྔ་བརྒྱ་པོ་དེ་དག་བཟུང་སྟེ་རྒྱལ་པོ་ལ་ཕུལ་ནས་སྨྲས་པ། ལྷ་འཕགས་པ་འཆར་ཀ་ནི་བྲམ་ཟེའི་བུ་མོ་འདིས་འགུམས་སུ་སྩལ་ཏེ། ཆོམ་རྐུན་པའི་དམག་དཔོན་འདིས་བཀུམ་མོ། །གཡོན་

ཅན་ལྔ་བརྒྱ་པོ་འདི་དག་གི་དམག་དཔོན་ནི་འདི་ལགས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་དེང་ལ་བྲམ་ཟེའི་བུ་མོ་འདི་རྟེའུ་དམུ་རྒོད་ཀྱི་རྐང་པ་གཉིས་ལ་ཐོགས་ཤིག །ཆོམ་རྐུན་པའི་དམག་དཔོན་འདི་ནི་རྒྱ་སྐྱེགས་ཀྱི་ཁང་པར་ཆུག་ལ་སྲེགས་ཤིག །གཡོན་ཅན་

ལྔ་བརྒྱ་པོ་འདི་དག་ནི་ལག་པ་དང་རྐང་པ་དག་ཆོད་ཅིག །དེ་དག་གིས་བྲམ་ཟེའི་བུ་མོ་དེ་ནི་རྟེའུ་དམུ་རྒོད་ཀྱི་རྐང་པ་གཉིས་ལ་བཏགས་སོ། །ཆོམ་རྐུན་པའི་དམག་དཔོན་དེ་ནི་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་སྟེ་བསྲེགས་སོ། །གཡོན་ཅན་ལྔ་བརྒྱ་པོ་དེ་དག་ནི་ལག་པ་དང་རྐང་པ་

དག་བཅད་དོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཚེ་དང་ལྡན་པ་འཆར་ཀས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་སྡང་བ་མ་མཆིས་པ་དང་། གནོད་པ་མ་བགྱིས་

བཞིན་དུ་དེ་གཉིས་ཀྱིས་བཀུམ་པར་གྱུར་ཅིང་། དེ་གཉིས་ཀྱང་བཀུམ་པར་གྱུར། གཡོན་ཅན་ལྔ་བརྒྱ་པོ་དག་ཀྱང་ལག་པ་དང་རྐང་པ་དག་བཀུམ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་དག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་

เล่ม ๘ · หน้า 68a

བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། དེ་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་

རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དག་ལ་རྣམ་པར་

སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་བྱིན་ཞེས་བྱ་བས་རྒྱལ་སྲིད་བྱེད་དུ་བཅུག་

པའི་ཚེ་ཉམ་ང་བ་དང་བཅས་པའི་དུས་བྱུང་བ་ན་མུ་སྟེགས་ཅན་དག་གིས་ལོ་བཅུ་གཉིས་སུ་ཐན་པ་འབྱུང་ངོ་ཞེས་ལུང་བསྟན་ནས། རྒྱལ་པོ་ཚངས་བྱིན་གྱིས་དྲིལ་བསྒྲག་པ་བྱེད་དུ་བཅུག་སྟེ། གང་ལ་ལོ་བཅུ་གཉིས་ཀྱི་ཟན་ཡོད་པ་དེ་ནི་འདུག་ཤིག །གང་ལ་མེད་པ་དེ་ནི་སོང་ཤིག་ཅེས་

བསྒོའོ། །དེའི་མདུན་ན་འདོན་དེ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུད་པ་དེ་ལ་བྲམ་ཟེའི་ཁྱེའུ་དེ་དག་གིས་སྨྲས་པ། མཁན་པོ་བདག་ཅག་ལ་ལོ་བཅུ་གཉིས་ཀྱི་འཚལ་མ་མ་མཆིས་ཀྱིས་བདག་ཅག་མཆིའོ། །དེས་སྨྲས་པ། བུ་དག་འཁོད་ཅིག་དང་ཁོ་

བོས་ཁྱེད་ལ་མཁོ་བ་བསྟབས་པར་བྱའོ། །རྒྱལ་པོ་ཚངས་བྱིན་གྱི་རྨི་ལམ་ན་བདག་གི་རྒྱུ་མ་དག་གིས་གྲོང་ཁྱེར་ཐམས་ཅད་དཀྲིས་པར་མཐོང་ངོ་། །མཐོང་ནས་ཀྱང་དེ་གཞི་འདིས་བདག་རྒྱལ་སྲིད་ལས་ཉམས་པའམ། ཚེའི་བར་ཆད་འབྱུང་བའམ། གཅིག་ཏུ་མི་འགྱུར་གྲང་སྙམ་དུ་འཇིགས་པ་

སྐྱེས་པར་གྱུར་ནས། དེས་རྨི་ལམ་དེ་མདུན་ན་འདོན་དེ་ལ་བཟླས་པ་དང་། མདུན་ན་འདོན་དེས་བསམས་པ། ལྷས་རྨི་ལམ་བཟང་པོ་ཞིག་གཟིགས་མོད་ཀྱི། འོན་ཀྱང་བྲམ་ཟེའི་ཁྱེའུ་དག་གི་རྙེད་པའི་བར་ཆད་དུ་གྱུར་ན་མི་རུང་གིས། ངན་པར་བསྙད་པར་བྱའོ་སྙམ་ནས།

เล่ม ๘ · หน้า 68b

དེས་རྒྱལ་པོ་ལ་སྨྲས་པ། ལྷས་རྨི་ལམ་ངན་པ་ཞིག་གཟིགས་པས། གཞི་འདིས་རྒྱལ་སྲིད་ལས་ཉམས་པའམ། སྐུ་ཚེའི་བར་ཆད་འབྱུང་བའམ་གཅིག་ཏུ་འགྱུར་རོ། །རྒྱལ་པོས་སྨྲས་པ། འདི་ལ་ཅི་ཞིག་བྱ། དེས་སྨྲས་པ། ལྷ་བ་ལང་གི་མཆོད་སྦྱིན་སྩལ་

བར་བགྱིའོ། །རྒྱལ་པོས་སྨྲས་པ། དེ་ལྟར་བྱའོ། །དེས་བ་ལང་སྟོང་ཕྲག་དུ་མ་དག་བསོགས་པ་དང་། རྒྱལ་པོ་ཕྱིར་བྱུང་ནས་རྒྱལ་པོས་བ་ལང་དེ་དག་མཐོང་བ་དང་། བ་ལང་དེ་དག་གིས་བ་ལང་གི་འུ་སྒྲ་ཆེན་པོ་ཕྱུང་ངོ་། །རྒྱལ་པོས་དེ་དག་མཐོང་ཞིང་ཐོས་ནས། དེ་སྙིང་

རྗེ་སྐྱེས་ཏེ་མདུན་ན་འདོན་ལ་སྨྲས་པ། འདི་དག་ཐམས་ཅད་གསད་པར་བྱའམ། མདུན་ན་འདོན་གྱིས་བསམས་པ། རྒྱལ་པོ་འདི་དག་ཐམས་ཅད་བསད་པར་མི་འདོད་དོ་སྙམ་ནས། དེས་སྨྲས་པ། ལྷ་ཐམས་ཅད་དགུམ་པར་མི་བགྱིའོ། །དེའི་ཚེ་ན་རྔ་བྲན་ཞིག་རྔ་བྲན་མོ་

ཞིག་ལ་རྒྱབ་རྒལ་བྱེད་ནས་མདུན་ན་འདོན་གྱིས་སྨྲས་པ། ལྷ་རྔ་བྲན་དང་རྔ་བྲན་མོ་འདི་གཉིས་དགུམ་པར་བགྱིའོ། །བྲམ་ཟེའི་ཁྱེའུ་དེ་དག་གིས་ཀྱང་ལག་པ་བརྐྱང་སྟེ། འདི་གཉིས་ལགས་སོ་ཞེས་བསྟན་ནས། དེ་གཉིས་བཤས་པ་ན་སེམས་གཡོས་པ། བདག་ཅག་

གཉིས་སྡང་བ་མེད་པ་དང་། གནོད་པ་མ་བྱས་བཞིན་དུ་བསད་པ་གང་ཡིན་པ་དེ་ཐམས་ཅད་ནི་མདུན་ན་འདོན་འདི་དང་། བྲམ་ཟེའི་བུ་ལྔ་བརྒྱ་པོ་འདི་དག་གི་ལེ་ལན་ཡིན་གྱིས། བདག་ཅག་གཉིས་གང་དང་གང་དུ་སྐྱེས་པ་ན། བདག་ཅག་གཉིས་ཀྱིས་མདུན་ན་འདོན་འདི་སྡང་བ་

མེད་པ་དང་། གནོད་པ་མ་བྱས་བཞིན་དུ་གསོད་པ་དང་། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་འདི་དག་ཀྱང་ལག་པ་དང་རྐང་པ་དག་གཅོད་དུ་འཇུད་པར་གྱུར་ཅིག་ཅེས་སྙམ་དུ་དམ་བཅས་སོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཚངས་བྱིན་གང་ཡིན་པ་དེ་ནི་ད་ལྟར་ཀོ་ས་ལར་བྱུང་བའི་རྒྱལ་

པོ་གསལ་རྒྱལ་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་ཚངས་བྱིན་གྱི་བཙུན་མོ་གང་ཡིན་པ་དེ་ནི་ད་ལྟར་བཙུན་མོ་ཕྲེང་ལྡན་མ་ཡིན་ནོ། །དེའི་ཚེ་དེའི་དུས་ན་མདུན་ན་འདོན་གང་ཡིན་པ་དེ་ནི་ད་ལྟར་དགེ་སློང་འཆར་ཀ་ཡིན་ནོ། །དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་གང་དག་ཡིན་

เล่ม ๘ · หน้า 69a

པ་དེ་དག་ནི་ད་ལྟར་གཡོན་ཅན་ལྔ་བརྒྱ་པོ་དག་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྔ་བྲན་གང་ཡིན་པ་དེ་ནི་ད་ལྟར་ཆོམ་རྐུན་པའི་དམག་དཔོན་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྔ་བྲན་མོ་གང་ཡིན་པ་དེ་ནི་ད་ལྟར་བྲམ་ཟེའི་བུ་མོ་ཡིན་ཏེ། མདུན་ན་འདོན་དེ་དང་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་

གིས་རྔ་བྲན་དང་རྔ་བྲན་མོ་དེ་གཉིས་སྡང་བ་མེད་པ་དང་། གནོད་པ་མ་བྱས་བཞིན་དུ་གསོད་དུ་བཅུག་པའི་ལས་དེའི་རྣམ་པར་སྨིན་པས་ད་ལྟར་ཡང་ཆོམ་རྐུན་པའི་དམག་དཔོན་འདི་དང་། བྲམ་ཟེའི་བུ་མོ་འདི་གཉིས་ཀྱིས་འཆར་ཀ་དང་། གཡོན་ཅན་ལྔ་བརྒྱ་པོ་དག་སྡང་བ་མེད་པ་དང་།

གནོད་པ་མ་བྱས་བཞིན་དུ་གསོད་དུ་བཅུག་གོ། །བཙུན་པ་ཚེ་དང་ལྡན་པ་འཆར་ཀས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས། ལས་ཅི་བགྱིས་ན་དེས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ནས། ཉོན་

མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས། ལས་ཅི་ཞིག་བགྱིས་ན་དེས་དགྲ་བཅོམ་པ་ཉིད་ཐོབ་ཀྱང་མཚོན་གྱིས་ཡོངས་སུ་མྱ་ངན་ལས་འདས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རིགས་ཀྱི་བུ་འཆར་ཀ་ཉིད་ཀྱིས་ལས་ཚོགས་རྙེད་

པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས། འཆར་ཀ་ཉིད་ཀྱིས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་

དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་

ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ། རང་སངས་

เล่ม ๘ · หน้า 69b

རྒྱས་དམན་པ་དང་བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་འཇིག་རྟེན་དུ་བྱུང་ངོ་། །ཇི་ཙམ་ན་རི་བྲགས་ཤིག་ན་རྔོན་པ་ཞིག་འདུག་སྟེ། རི་བྲགས་དེ་དང་ཧ་ཅང་མི་རིང་བ་ཞིག་ན་

རི་དགས་དང་བྱ་མང་པོ་དག་གི་རྟེན་དུ་གྱུར་པ་མཚེའུ་ཞིག་ཡོད་པ་དེར་རྔོན་པ་དེ་ཉི་མ་རེ་རེ་ཞིང་རི་དགས་དང་། བྱ་མང་པོ་དག་དྲུངས་དབྱུང་བའི་ཕྱིར་དང་། ཉམས་པར་བྱ་བའི་ཕྱིར་དང་། ཚུལ་མ་ཡིན་པས་སྡུག་བསྔལ་བར་བྱ་བའི་ཕྱིར་རྔོན་སྤྱད་དང་། རྙི་དང་རྙོང་མང་པོ་དག་

འཛུགས་པར་བྱེད་དོ། །དེའི་རྔོན་སྤྱད་དང་། རྙི་དང་རྙོང་དེ་དག་ཀྱང་དོན་ཡོད་པ་ཡིན་ནོ། །ཇི་ཙམ་དུས་གཞན་ཞིག་ན་རང་སངས་རྒྱས་ཤིག་ལྗོངས་རྒྱུ་ཞིང་སོང་བ་ན་རི་བྲགས་དེར་ཕྱིན་ནས། ལྷའི་གནས་ཤིག་ཏུ་མཚན་མོ་གནས་པར་ཁས་བླངས་ནས། དེ་སྔ་དྲོ་ཤམ་ཐབས་

བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རི་བྲགས་དེར་བསོད་སྙོམས་ལ་ཞུགས་སོ། །དེར་བསོད་སྙོམས་བརྒྱུས་ནས་བསམས་པ། ལྷའི་གནས་འདི་ཉིན་མོ་རྒྱུན་ལུགས་མང་བ་ཡིན་གྱིས། རི་བྲགས་ཀྱི་ཕྱི་རོལ་གྱི་གནས་ཞི་བ་ཞིག་ཏུ་བསོད་སྙོམས་བཟའོ་སྙམ་ནས།

དེ་རི་བྲགས་ནས་བྱུང་སྟེ། འདི་ནི་ཞི་བའོ་འདི་ནི་ཞི་བའོ་ཞེས་མཚེའུ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལྷུང་བཟེད་དང་ཆུ་ཚགས་མཐའ་གཅིག་ཏུ་བཞག་སྟེ། རྐང་པ་གཉིས་བཀྲུས་ནས་ལག་པ་གཉིས་བསྙལ་ཏེ་ཆུ་བཙགས་ནས། ལོ་མ་ལྷགས་པ་དག་བླངས་ཏེ་འདུག་ནས་ཟས་

ཀྱི་བྱ་བ་བྱས་ཏེ་ལག་པ་གཉིས་བསྙལ་ནས། ཁ་བཀྲུས་ཏེ་ལྷུང་བཟེད་དང་ཆུ་ཚགས་གནས་ཇི་ལྟ་བ་བཞིན་དུ་བཞག་ནས། རྐང་པ་གཉིས་བཀྲུས་ཏེ་ཤིང་དྲུང་ཞིག་ཏུ་བརྟེན་ནས། བྲང་འགྲོའི་རྒྱལ་པོ་ཉལ་བའི་ལུས་བསྐྱིལ་བ་ལྟར་སྐྱིལ་མོ་ཀྲུང་བཅས་ཏེ་སྤྱོད་ལམ་ཞི་བར་འདུག་པ་དང་།

དེའི་ཉིན་མོ་མིའི་དྲིས་རི་དགས་གཅིག་ཀྱང་མ་ཟིན་ཏོ། །དེ་ནས་རྔོན་པ་དེ་ནང་པར་སྔར་ལངས་ཏེ། མཚེའུ་དེ་ག་ལ་བ་དེར་སོང་ནས་དེས་རྔོན་སྤྱད་དང་། རྙི་དང་། རྙོང་དེ་དག་བྱུལ་བར་བརྩམས་པ་དང་། རི་དགས་གཅིག་ཀྱང་མ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ།

เล่ม ๘ · หน้า 70a

བདག་གི་རྔོན་སྤྱད་དང་། རྙི་དང་། རྙོང་འདི་དག་དོན་ཡོད་པ་ཡིན་ན། གང་གི་ཕྱིར་དེར་རི་དགས་གཅིག་ཀྱང་མ་ཟིན་པ་འདིའི་རྒྱུ་གང་ཡིན་སྙམ་ནས། དེས་མཚེའུ་དེའི་ཐན་ཀོར་བྱུལ་བར་བརྩམས་པ་དང་། མིའི་རྗེས་མཐོང་ནས་དེ་རྗེས་དེའི་ཕྱི་བཞིན་དུ་སོང་བ་དང་།

རང་སངས་རྒྱས་སྤྱོད་ལམ་ཞི་བས་འདུག་པ་དེ་མཐོང་ནས་དེས་བསམས་པ། རབ་ཏུ་བྱུང་བ་སེམས་ཞི་བ་འདི་དག་གནས་འདི་ལྟ་བུ་དག་ཏུ་མངོན་པར་དགའ་བར་བྱེད་པས། གལ་ཏེ་བདག་གིས་འདིའི་སྲོག་བཅད་པར་མ་བྱས་ན། འདི་དག་གིས་ངེས་པར་བདག་གི་འཚོ་བ་གཅོད་པར་

བྱེད་ཀྱིས། རྣམ་པ་ཐམས་ཅད་དུ་འདི་གསད་པར་བྱའོ་སྙམ་ནས། སྙིང་རྗེ་མེད་པའི་སེམས་དང་ལྡན་པ་འཇིག་རྟེན་ཕ་རོལ་བཏང་བ་དེས་མདའ་དུག་ཅན་གྱིས་གཞུ་རྔའི་དབྱིབས་འདྲ་བར་རྣ་དྲུང་དུ་ཐུག་པར་བཀང་སྟེ་རང་སངས་རྒྱས་དེའི་གནད་དུ་བསྣུན་ཏོ། །རང་སངས་རྒྱས་བདག་ཉིད་

ཆེན་པོ་དེས་བསམས་པ། རྔོན་པ་ཉོན་མོངས་པ་འདི་ཧ་ཅང་སྨས་པ་དང་ཉམས་པར་གྱུར་ན་མི་རུང་གིས། ད་འདི་ལ་ལག་ནས་དྲང་བ་ཞིག་བྱའོ་སྙམ་ནས། དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་

དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས། རྔོན་པ་དེ་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་རང་སངས་རྒྱས་དེའི་རྐང་པ་གཉིས་ཀྱི་དྲུང་དུ་འགྱེལ་ནས་

སྨྲས་པ། ཡོན་གནས་ཡང་དག་པར་གྱུར་པ་མར་གཤེགས་སུ་གསོལ། མར་གཤེགས་སུ་གསོལ། ཉོན་མོངས་པའི་འདམ་དུ་བྱིང་བ་བདག་གི་སུག་པ་ནས་དྲང་བ་སྩལ་དུ་གསོལ། རང་སངས་རྒྱས་དེ་རྔོན་པ་དེ་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར། སྟེང་གི་ནམ་མཁའ་

ལས་ཤོད་དུ་བབས་སོ། །དེ་ནས་རྔོན་པ་དེས་ཟུག་རྔུ་མེད་པར་བྱས་ཏེ། རྨ་ལྷན་གྱིས་གླན་ནས་སྨྲས་པ། འཕགས་པ་སྡུམ་པར་གཤེགས་སུ་གསོལ། གལ་ཏེ་འདིར་གསེར་གྱི་ལྷན་པས་གླན་པར་མཛད་ན། དེ་ཡང་བདག་གིས་སྦྱར་བར་བགྱིའོ། །རང་སངས་རྒྱས་ཀྱིས་

เล่ม ๘ · หน้า 70b

བསམས་པ། བདག་གིས་རྣག་གི་ལུས་འདིས་ཐོབ་པར་བྱ་བ་གང་ཡིན་པ་ཐོབ་ཟིན་པས། དེའི་ཕྱིར་ད་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པར་བྱའོ་སྙམ་ནས། དེ་རྔོན་པ་དེ་ཉིད་ཀྱི་མདུན་དུ་ཡང་ནམ་མཁའི་དཀྱིལ་དུ་འཕགས་ཏེ། ཆོ་འཕྲུལ་

རྣམ་པ་སྣ་ཚོགས་དག་རྣམ་པར་བསྟན་ནས། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །རྔོན་པ་དེ་ནོར་དང་ལྡན་པ་ཡིན་པས། དེས་སྤོས་ཀྱི་ཤིང་ཐམས་ཅད་ཀྱིས་ཕུང་པོར་བཅེར་ཏེ་བསྲེགས་ནས། ཕུང་པོ་དེ་འོ་མས་

ཞི་བར་བྱས་ཏེ། རུས་པ་དེ་དག་གསེར་གྱི་བུམ་པར་བཅུག་ནས། ལམ་པོ་ཆེའི་བཞི་མདོར་ལུས་ཀྱི་མཆོད་རྟེན་རྩིག་ཏུ་བཅུག་སྟེ། གདུགས་དང་། རྒྱལ་མཚན་དང་། བ་དན་དག་བསྒྲེང་ཞིང་། དྲི་དང་། ཕྲེང་བ་རྒྱུ་དང་། བདུག་སྤོས་དང་། ཕྱེ་མ་དང་། སིལ་

སྙན་དག་གིས་མཆོད་པ་བྱས་ནས། རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། བདག་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་གནོད་པ་བྱས་པ་གང་ཡིན་པའི་ལས་དེའི་ཆ་དང་མཐུན་པར་མ་གྱུར་པར་མཆོད་པ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས།

བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་དེ་ལ་དེའི་ཚེ་དེའི་དུས་ན། རྔོན་པ་གང་ཡིན་པ་དེ་ནི་འཆར་ཀ་འདི་ཡིན་ཏེ། དེས་རང་སངས་རྒྱས་ཀྱི་གནད་དུ་མདའ་དུག་ཅན་གྱིས་བསྣུན་པ་གང་ཡིན་པའི་ལས་དེའི་

རྣམ་པར་སྨིན་པས། བསྐལ་པར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་གདུངས་ནས། ལས་དེ་ཉིད་ཀྱི་ལྷག་མས་ཚེ་རབས་ལྔ་བརྒྱར་མཚེའུ་འགྲམ་དེ་ཉིད་དུ་རི་དགས་སུ་སྐྱེས་ཤིང་། མཚོན་གྱིས་དུས་ལ་བབ་སྟེ། ད་ལྟར་གྱི་བར་དུ་ཡང་དགྲ་བཅོམ་པ་ཐོབ་ཀྱང་

དེ་མཚོན་གྱིས་ཡོངས་སུ་མྱ་ངན་ལས་འདས་སོ། །མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པ་དེས་ནི་ད་ལྟར་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས་སོ། །བཙུན་པ་ཚེ་དང་ལྡན་པ་འཆར་ཀས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་

เล่ม ๘ · หน้า 71a

འདི་དུས་ལ་བབ་པའི་ལུས་ཕྱག་དར་གྱི་ཕུང་པོར་སྦས་པ་དང་། འདིས་སྟོན་པ་མཉེས་པར་བགྱིས་ཤིང་། ཐུགས་བྱུང་བར་མ་བགྱིས་པ་དང་། འདི་དུས་ལ་བབ་པའི་ལུས་ལ་སྟོན་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། རྒྱལ་པོའི་བཙུན་མོ་འཁོར་

དང་བཅས་པས། ལུས་ཀྱི་མཆོད་པ་བགྱིས་པ་དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་ཐོབ་པར་གྱུར། དགེ་སློང་དག་འཆར་ཀ་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་

ཤིང་བསགས་པས། འཆར་ཀ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་

ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་། མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་

ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ། རང་སངས་རྒྱས་དམན་པ་དང་། བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་

གནས་མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ་། །གངས་ཀྱི་སུལ་ཞིག་ན་རང་སངས་རྒྱས་ལྔ་བརྒྱ་གནས་ཏེ། དེ་ན་རང་སངས་རྒྱས་གཅིག་ཅིག་ན་བར་གྱུར་ནས་གཞན་དག་གིས་དེ་ལ་སྨྲས་པ། ཁྱོད་བཞུད་ལ་

སྨན་པ་ལ་རྨོས་ཏེ་ཆོ་ག་མཛོད་ཅིག །དེ་རི་བྲགས་གཞན་ཞིག་ཏུ་སོང་ནས་མཚན་མོ་རྫ་མཁན་གྱི་ར་བ་ཞིག་ཏུ་གནས་པར་ཁས་བླངས་པ་དང་། དེ་མཚན་མོ་ན་བར་གྱུར་ནས་དུས་ལ་བབ་བོ། །རྫ་མཁན་དེས་དེ་མཐོང་ནས་དེས་བསམས་པ། རབ་ཏུ་བྱུང་བ་འདི་རྫ་སོ་བཏང་བ་དང་། མ་

เล่ม ๘ · หน้า 71b

བཏང་བ་དག་གི་ནང་དུ་དུས་ལ་བབ་པས་འཇིག་རྟེན་ནི་གཙང་སྦྲ་འདོད་པ་ཡིན་པས། གལ་ཏེ་སྐྱེ་བོ་དག་གིས་ཚོར་བར་གྱུར་ན་འགའ་ཡང་སྣོད་ཉོ་བར་མི་འགྱུར་རོ་སྙམ་ནས། དེས་རང་སངས་རྒྱས་ཀྱི་ལུས་དེ་ཕྱག་དར་གྱི་ཕུང་པོ་ཞིག་ཏུ་སྦས་ཏེ་བཞག་གོ། །རང་སངས་རྒྱས་གཞན་དག་

གིས་བསམས་པ། བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་དེ་གར་སོང་སྙམ་ནས་བལྟས་པ་དང་། ཇི་ཙམ་ན་ཡོངས་སུ་མྱ་ངན་ལས་འདས་པར་མཐོང་ནས་དེ་དག་གིས་དེ་ཉིད་ནས་སྤོས་ཀྱི་ཤིང་དག་སྟེང་གི་ནམ་མཁའ་ལས་ཁྱེར་ཏེ་འོངས་ནས་རྫ་མཁན་གྱི་ར་བར་བབས་པ་དང་།

རྫ་མཁན་གྱིས་དེ་དག་མཐོང་ནས། དེས་སྨྲས་པ། འཕགས་པ་དག་གར་གཤེགས། དེ་དག་གིས་སྨྲས་པ། ཚངས་པ་མཚུངས་པར་སྤྱོད་པ་ལ་མཆོད་པ་བྱེད་དུའོ། །རྫ་མཁན་གྱིས་སྨྲས་པ། འདིས་ཀྱང་ཁྱོད་ཀྱི་ཡོན་ཏན་གྱི་ཚོགས་ལྟ་བུ་དག་ཐོབ་བམ། དེ་དག་

གིས་སྨྲས་པ། ཐོབ་བོ། །རྫ་མཁན་གྱིས་སྨྲས་པ། བདག་གིས་འདི་ལ་བཀུར་སྟི་མ་ལགས་པ་བགྱིས་པས། ད་བཀུར་སྟི་བགྱི་བའི་བར་དུ་ཡུད་ཙམ་ཞིག་གཞེས་སུ་གསོལ། དེ་སོང་སྟེ་རྒྱལ་པོ་ལ་སྨྲས་པ། ལྷ་བདག་གི་ར་བར་རབ་ཏུ་བྱུང་བ་བརྟུལ་ཞུགས་

གྲུབ་པ་ཞིག་དུས་ལ་བབ་ཀྱིས། ལྷས་དེ་ལ་བཀུར་སྟི་མཛད་དུ་གསོལ། རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་ཕྱིར་བྱུང་ནས། དེས་རང་སངས་རྒྱས་ཀྱི་ལུས་དེ་སྤོས་ཀྱི་ཤིང་ཐམས་ཅད་ཀྱིས་ཕུང་པོར་བཅེར་ཏེ་བསྲེགས་ནས་ཕུང་པོ་དེ་འོ་མས་ཞི་བར་བྱས་ཏེ་རུས་པ་དེ་

དག་གསེར་གྱི་བུམ་པར་བཅུག་ནས་ལམ་པོ་ཆེའི་བཞི་མདོར་ལུས་ཀྱི་མཆོད་རྟེན་རྩིག་ཏུ་བཅུག་སྟེ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་ཞིང་། དྲི་དང་། ཕྲེང་བ་རྒྱུ་དང་། བདུག་སྤོས་དང་། ཕྱེ་མ་དང་། སིལ་སྙན་དག་གིས་མཆོད་པ་བྱས་སོ། །རྫ་མཁན་དེས་

རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། བདག་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་གནོད་པ་བྱས་པ་གང་ཡིན་པའི་ལས་དེའི་ཆ་དང་མཐུན་པར་མ་གྱུར་པར་མཆོད་པ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས། བདག་འདི་བས་ཆེས་ཁྱད་པར་དུ་འཕགས་

เล่ม ๘ · หน้า 72a

པའི་སྟོན་པ་མཉེས་པར་བྱེད་ཅིང་ཐུགས་བྱུང་བར་བྱེད་པར་མི་འགྱུར་བ་དང་། བདག་དུས་ལ་བབ་པའི་ལུས་ལ་ཡང་སྟོན་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། རྒྱལ་པོའི་བཙུན་མོའི་འཁོར་དང་བཅས་པ་མཆོད་པ་མཛད་པར་གྱུར་ཅིག་ཅེས་བཏབ་བོ། །དགེ་

སློང་དག་དེའི་ཚེ་དེའི་དུས་ན་རྫ་མཁན་གང་ཡིན་པ་དེ་ནི་ད་ལྟར་དགེ་སློང་འཆར་ཀ་འདི་ཡིན་ཏེ། འདིས་དེའི་ཚེ་རང་སངས་རྒྱས་དེ་དུས་ལ་བབ་པའི་ལུས་དེ་ཕྱག་དར་གྱི་ཕུང་པོར་སྦས་པའི་ལས་དེའི་རྣམ་པར་སྨིན་པས་ནི་ད་ལྟར་འདི་དུས་ལ་བབ་པའི་ལུས་ཕྱག་དར་གྱི་ཕུང་པོར་སྦས་སོ། །འདིས་

དེའི་ཚེ་རང་སངས་རྒྱས་ཀྱི་ལུས་དེ་ལ་མཆོད་པ་བྱས་ཏེ་སྨོན་ལམ་དེ་སྐད་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ནི་ད་ལྟར་འདིས་རང་སངས་རྒྱས་བྱེ་བ་ཕྲག་འབུམ་པས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་ང་མཉེས་པར་བྱས་ཤིང་ཐུགས་བྱུང་བར་མ་བྱས་ཏེ། འདི་དུས་ལ་བབ་པའི་ལུས་ལ་

སྟོན་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། རྒྱལ་པོའི་བཙུན་མོ་འཁོར་དང་བཅས་པས་ལུས་ཀྱི་མཆོད་པ་བྱས་པར་གྱུར་ཏོ། །བཙུན་པ་ཚེ་དང་ལྡན་པ་འཆར་ཀས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱིས་ཁྱིམ་དད་པར་བགྱིད་པ་རྣམས་ཀྱི་མཆོག་ཏུ་བསྟན།

དེ་ནི་སྨོན་ལམ་གྱི་དབང་གིས་ཏེ། གང་དུ་སྨོན་ལམ་བཏབ་ཅེ་ན། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་ཆེན་པོ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་

སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་སྟེ། དེ་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་བརྟེན་ཅིང་བཞུགས་

སོ། །དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས་དགེ་སློང་གང་གིས་དེ་རབ་ཏུ་ཕྱུང་བའི་དགེ་སློང་དེ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཁྱིམ་དད་པར་བྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ན་འདིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་

เล่ม ๘ · หน้า 72b

འགའ་ཡང་མ་ཐོབ་ནས་དེའི་འོག་ཏུ་འཆི་བའི་ཚེ་སྨོན་ལམ་འདི་སྐད་ཅེས། བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་ལ་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་འགའ་ཡང་མ་ཐོབ་སྟེ། བདག་གིས་

ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་

བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་ཅིང་། ཇི་ལྟར་མཁན་པོ་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཁྱིམ་དད་པར་བྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་

བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཤཱཀྱའི་སེང་གེ །ཤཱཀྱའི་རྒྱལ་པོའི་གཙོ་བོ་དེས་ཁྱིམ་དད་པར་བྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་གདབ་པར་བརྩམས་པས། སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་ཁྱིམ་དད་པར་བྱེད་པ་རྣམས་ཀྱི་མཆོག་

ཏུ་བསྟན་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག་པ་ཡིན་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་

སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་། འདྲེན་མ་རྣམས་སྤངས་ཏེ་ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་དེ་བརྒྱད་བཅུ་པ་རྫོགས་སྷོ།། །།

เล่ม ๘ · หน้า 73a

འདུལ་བ་རྣམ་པར་འབྱེད་པ། བམ་པོ་དྲུག་བཅུ་རྩ་བརྒྱད་པ། སྡོམ་ལ། ཟས་བཅས་སྐྱ་རེངས་ད་གདོད་དང་། །ཁབ་རལ་དང་ནི་ཁྲི་རྐང་དང་། །བདལ་དང་གདིང་བ་གཡན་པ་དང་། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་

བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེའི་ཁྱིམ་དུ་ཉེ་དགའ་དུས་དང་དུས་སུ་འགྲོ་ཞིང་དེས་དེ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་བཞག་གོ། །དུས་གཞན་ཞིག་ན་དེས་དེ་ལ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་

གཞི་བདུན་པོ་དག་གི་བསྔགས་པ་རྒྱ་ཆེར་བརྗོད་པ་དང་། དེས་སྨྲས་པ། འཕགས་པ་བདག་གིས་ཀྱང་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཅུང་ཟད་བགྱིའོ། །ཉེ་དགའས་སྨྲས་པ། ལེགས་ཀྱིས་དེ་བཞིན་གྱིས་ཤིག་ཅི་ཞིག་བྱེད། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་

ཚོད་གསོལ་ལོ། །ཁྱིམ་བདག་ཁྱོད་ཀྱིས་སེམས་རྒྱ་ཆེན་པོ་བསྐྱེད་ཀྱིས་གདུགས་ཚོད་གསོལ་ཅིག །འཕགས་པ་ཁྱོད་ཀྱིས་བདག་གི་མིང་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སང་བདག་གི་སྡུམ་པར་གདུགས་ཚོད་ལ་སྤྱན་དྲང་བའི་རིགས་སོ། །དེས་དང་དུ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་

ཉེ་དགའས་ཁྱིམ་བདག་དེ་ལ་ཨ་རོག་གྱ་ཞེས་བྱས་ཏེ་སོང་ནས་དེ་གཙུག་ལག་ཁང་དུ་སོང་སྟེ། དེས་ཁྱིམ་བདག་དེའི་མིང་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཉེ་དགའས་ཁྱིམ་བདག་དེ་མ་

དད་པ་ཡིན་ན་ཁྱོད་ཀྱིས་ཇི་ལྟར་རྗེས་སུ་འཇུག་པར་བྱས། ཉེ་དགའས་སྨྲས་པ། ཚེ་དང་ལྡན་པ་དག་ཉེ་དགའ་ལ་དེ་ཙམ་ཡང་མི་གནས་སམ། རྗེས་སུ་འཇུག་པར་བྱས་པ་འབའ་ཞིག་ཏུ་མ་ཟད་ཀྱི་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་ཡང་བཞག་གོ། །དགེ་སློང་རྣམས་ཀྱིས་སྨྲས་པ།

ལེགས་པར་བྱས་ཀྱིས་འདོང་ལ་བཟའ་བར་བྱའོ། །ཆོས་ཉིད་ཀྱིས་ན་གང་གི་ངོར་དགེ་སློང་གི་དགེ་འདུན་སྤྱན་དྲངས་པ་དེ་དུས་སྔར་འགྲོ་བ་ཡིན་པས་ཚེ་དང་ལྡན་པ་ཉེ་དགའ་དུས་སྔར་དེར་སོང་ནས་དེས་ཁྱིམ་བདག་དེ་ལ་སྨྲས་པ། ཁྱིམ་བདག་ཁོ་བོ་ཁྱིམ་དུ་འགྲོ་བའི་ཁྱིམ་དག་ལྟའི་བར་དུ་ཁྱོད་རེ་ཞིག་

เล่ม ๘ · หน้า 73b

ཞལ་ཟས་སྟ་གོན་གྱིས་ཤིག །ཁོ་བོ་མ་འོངས་ཀྱི་བར་དུ་ཡང་ཁྱོད་ཀྱིས་རེ་ཞིག་བྲིམ་པར་མི་བྱའོ་ཞེས་སྨྲས་ཏེ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་ཁྱིམ་བདག་དེ་རྒྱུས་མི་ཤེས་པ་ཡིན་པས་དེས་སྤྱན་

འདྲེན་གཏོང་བར་མི་བྱེད་ཀྱིས་དུས་སྔར་ཤེག་ཤིག་དང་འདོང་ངོ་ཞེས་སྒོ་ཞིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་རྣམས་ལ་བསྒོ་བ་དང་། དགེ་སློང་རྣམས་ཆས་ཏེ་ལྷགས་སོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་

ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་གཤེགས་ཏེ་སྒོ་དྲུང་ན་གཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་ཁྱིམ་བདག་དེ་ལ་སངས་རྒྱས་ལ་སོགས་པ་དགེ་

སློང་གི་དགེ་འདུན་སྒོ་དྲུང་ན་གཞེས་ཀྱིས་ཅི་བདེ་གྱིས་ཤིག་ཅེས་སྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ནང་དུ་སོང་སྟེ། ཁྱིམ་བདག་དེ་ལ་ཁྱིམ་བདག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྒོ་དྲུང་ན་གཞེས་

ཀྱིས་ཅི་བདེ་གྱིས་ཤིག །ཁྱིམ་བདག་གིས་སྨྲས་པ། འཕགས་པ་བདག་གིས་ཁྱེད་ཅག་གི་ཅི་བདེ་ཅི་ལགས་ནི་མ་འཚལ་གྱི། འདི་ལྟར་ཁྱེད་ཅག་ཁོ་ནའི་སླད་དུ་གདན་དག་བཤམས་ཀྱིས་བཞུགས་སུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་

ཁྱིམ་བདག་དེའི་མཆིད་ནས་བདག་གིས་ཁྱེད་ཅག་གི་ཅི་བདེ་ཅི་ལགས་ནི་མ་འཚལ་གྱི། འདི་ལྟར་ཁྱེད་ཅག་ཁོ་ནའི་སླད་དུ་གདན་བཤམས་ཀྱིས་བཞུགས་སུ་གསོལ་ཞེས་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དེ་སྐད་ཟེར་ན་ཁྱེད་ཅག་ཁོ་ནའི་ཕྱིར་སྟན་དག་བཤམས་པས་ཅི་བདེ་

བྱས་པར་བརྗོད་པར་བྱ་སྟེ། འདུག་པར་བྱ་ཞིང་འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཞུགས་པ་དང་ཇི་ཙམ་ན་གདུགས་ཚོད་ལ་བབ་ཏུ་ཉེ་བས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་

เล่ม ๘ · หน้า 74a

ལ་ཁྱིམ་བདག་ལ་གདུགས་ཚོད་ལ་བབ་ཏུ་ཉེ་བས་ཞལ་ཟས་བྲིམས་ཤིག །ཟས་འདིས་ཁྱོད་ལ་ཅི་ཞིག་བྱ་ཞེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ཁྱིམ་བདག་ལ་བསྒོ་བ་དང་། དེས་སྨྲས་པ།

འཕགས་པ་ཉེ་དགའ་མཆིས་སམ། ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། ཁྱིམ་བདག་མ་འོངས་སོ། །དེས་སྨྲས་པ། འཕགས་པ་དེ་མཆིའི་བར་དུ་ཡུད་ཙམ་ཞིག་གཞེས་སུ་གསོལ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཁྱིམ་བདག་དེའི་

མཆིད་ནས་ཉེ་དགའ་མཆིས་སམ་ཞེས་མཆི་ནས་བདག་གིས་མ་མཆིས་སོ་ཞེས་བགྱིས་པ་དང་། དེའི་མཆིད་ནས་དེ་མཆིའི་བར་དུ་ཡུད་ཙམ་ཞིག་གཞེས་སུ་གསོལ་ཞེས་མཆིའོ། །བཅོམ་ལྡན་འདས་ཀྱིས་ཡུད་ཙམ་ཞིག་གཞེས་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་

དགའ་བོ་སོང་ལ་ཁྱིམ་བདག་ལ་གདུགས་ཚོད་ལ་བབ་ཀྱིས་ཞལ་ཟས་བྲིམས་ཤིག །ཟས་རུལ་བར་གྱུར་པ་འདིས་ཁྱོད་ལ་ཅི་བྱ་ཞེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ཁྱིམ་བདག་ལ་བསྒོ་བ་དང་། དེས་སྨྲས་པ།

འཕགས་པ་ཉེ་དགའ་མཆིས་སམ། ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། ཁྱིམ་བདག་མ་འོངས་སོ། །དེས་སྨྲས་པ། འཕགས་པ་དེ་མཆིའི་བར་དུ་ཡུད་ཙམ་ཞིག་གཞེས་སུ་གསོལ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཁྱིམ་བདག་དེའི་

མཆིད་ནས་ཉེ་དགའ་མཆིས་སམ་ཞེས་མཆིས་ནས། བདག་གིས་མ་མཆིས་སོ་ཞེས་བགྱིས་པ་དང་། དེའི་མཆིད་ནས་དེ་མཆིའི་བར་དུ་ཡུད་ཙམ་ཞིག་གཞེས་སུ་གསོལ་ཞེས་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་ཁྱིམ་བདག་ལ་ཉེ་དགའ་འོངས་པར་

མ་གྱུར་ན་ཟན་སྦྱིན་པར་མི་བྱེད་དམ་ཞེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་ཁྱིམ་བདག་ལ་དེ་སྐད་སྨྲས་པ་དང་། དེས་སྨྲས་པ། འཕགས་པ་མི་གསོལ་ལོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་

เล่ม ๘ · หน้า 74b

བོས་གསོལ་པ། བཅོམ་ལྡན་འདས་མི་གསོལ་ལོ་ཞེས་མཆིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་བཀའ་སྩལ་པ། གཞན་དབང་ཐམས་ཅད་སྡུག་བསྔལ་ཏེ། །བདག་དབང་ཐམས་ཅད་བདེ་བ་ཡིན། །ཐུན་མོང་དག་གིས་གནོད་བྱེད་དེ། །འབྲེལ་པ་ཤིན་ཏུ་འདའ་

བར་དཀའ། །ཇི་ཙམ་ན་གདུགས་ཚོད་ཀྱི་མཐའ་ལ་བབ་པ་ན་ཉེ་དགའ་འོངས་ནས་དེས་སྨྲས་པ། ཁྱིམ་བདག་མི་འབྲིམ་པར་ཅི་སྡོད། དེས་སྨྲས་པ། འཕགས་པ་ཁྱོད་ཀྱི་ཞལ་ནས་ཁོ་བོ་མ་འོངས་ཀྱི་བར་དུ་རེ་ཞིག་བྲིམ་པར་མི་བྱའོ་ཞེས་བྱུང་ལ་ད་འདི་སྐད་ཅེས་གསུང་ངམ། ཉེ་དགའ་ཤགས་མེད་ནས་ཅང་

མི་སྨྲ་བར་འདུག་གོ། །དེ་ནས་ཁྱིམ་བདག་དེས་བྲིམ་པར་བརྩམས་པ་དང་། ཇི་ཙམ་ན་གདུགས་ཚོད་ཡོལ་ནས་དགེ་སློང་ཁ་ཅིག་གིས་ནི་ཟན་ཐོབ་ནས་ཟན་བཅད་པ་བྱས། ཁ་ཅིག་གིས་ནི་ཟན་མ་ཐོབ་པ་ཁོ་ནར་ཟན་བཅད་པ་བྱས་ནས་བཅོམ་ལྡན་འདས་ཀྱིས་ཡོན་བཤད་པ་མཛད་དེ་གཤེགས་སོ། །

ཉེ་དགའ་ངོ་ཚ་བར་གྱུར་པའི་སྙིང་གིས་དེ་ཉིད་དུ་འདུག་གོ། །དེའི་ཉིན་མོ་གསོ་སྦྱོང་གི་ཞལ་ཏ་པ་རྒན་པའི་མཐའ་ལོགས་སུ་འདུག་སྟེ། དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ཞིང་སྨྲས་པ། བཙུན་པ་ཉེ་དགའ་མ་མཆིས་སམ། འགའ་ཞིག་གིས་དེའི་འདུན་པ་བླངས་སམ། དགེ་སློང་རྣམས་ཀྱིས་

སྨྲས་པ། དེ་མ་འོངས་ཏེ་སུས་ཀྱང་དེའི་འདུན་པ་ཡང་མ་བླངས་སོ། །དགེ་སློང་གཞན་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཉེ་དགའས་བདག་ཅག་སྔ་དྲོ་ཟང་ཟིང་གི་ཆེད་ལ་ཆེས་ཐོ་བཙམས་ལ། ད་ནི་ཆོས་ཀྱི་ཆེད་ལ་ཐོ་འཚམ་པར་བྱེད་དོ། །དགེ་སློང་དོན་ཆུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཟས་དང་བཅས་

པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་དང་། ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་སྐབས་འདི་ལ་

དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་ཟས་དང་བཅས་པའི་ཁྱིམ་

เล่ม ๘ · หน้า 75a

དུ་མགྲོན་དུ་བོས་ནས་སྔ་དྲོ་དང་། ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་བར་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ་རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་

རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་

བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་དང་། ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་

ལྟར་བཅའ་བ་མཛད་དོ།། །།དགེ་སློང་ནད་ངན་ཅན་དག་འཁོད་པ་དག་གིས་ཡུན་རིང་དུ་འདུག་མི་ནུས་ནས་དགེ་སློང་ནད་གཡོག་རྣམས་ཀྱིས་ནད་པའི་བྱ་བ་ཉམས་པར་བྱེད་ཅིང་། དགེ་སློང་ཞལ་ཏ་བྱེད་པ་དག་གིས་ཀྱང་དགེ་འདུན་གྱི་བྱ་བ་ཉམས་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། ཁྱིམ་པ་འདུག་པ་ལ་བསྒོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་པ་འདུག་པ་ལ་བསྒོ་བར་བྱའོ། །ཞེས་བཀའ་སྩལ་ནས། དགེ་སློང་ཞིག་གིས་ཁྱིམ་གཞན་དུ་ལྷུང་བཟེད་དང་ཆོས་གོས་བཞག་ནས་ཇི་ཙམ་ན་དེར་མེ་ཤོར་ནས། དགེ་སློང་དེས་དེར་འགྲོ་བར་བརྩམས་ཏེ། དེ་ལམ་གྱི་ཕྱེད་

དུ་སོན་པ་དང་། བདག་གིས་ཁྱིམ་པ་འདུག་པ་ལ་མ་བསྒོའོ་སྙམ་པའི་དྲན་པ་སྐྱེས་ནས་དེ་ཕྱིར་ལོག་སྟེ། ཇི་སྲིད་དུ་ཁྱིམ་པ་འདུག་པ་ལ་བསྒོ་བར་བྱེད་པ་དེ་སྲིད་དུ་དེའི་ལྷུང་བཟེད་དང་། ཆོས་གོས་ཚིག་ནས་དེ་དེར་སོང་བ་དང་ཁྱིམ་བདག་གིས་སྨྲས་པ། འཕགས་པ་ཁྱོད་ཅིའི་སླད་དུ་འཕྱིས་ཏེ་བྱོན།

དེས་ན་ཁྱོད་ཀྱི་ལྷུང་བཟེད་དང་ཆོས་གོས་ཚིག་གི །གལ་ཏེ་ཁྱོད་མྱུར་དུ་བྱོན་པར་གྱུར་ན་ཁྱོད་ཀྱི་ལྷུང་བཟེད་དང་ཆོས་གོས་ཚིག་པར་མི་འགྱུར་རོ། །ཞེས་ཟེར་ཞིང་དགེ་སློང་དེ་ཡང་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་

เล่ม ๘ · หน้า 75b

བཀའ་སྩལ་པ། དེ་ལྟ་བས་ན་དེ་འདྲ་བའི་རྐྱེན་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་

པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཟས་དང་བཅས་

པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ཞིང་ཁྱིམ་པ་འདུག་པ་ལ་མི་སྒོ་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཟས་དང་བཅས་པའི་ཞེས་བྱ་བ་ནི་མགྲོན་དུ་བོས་པ་

དང་བཅས་པའིའོ། །ཁྱིམ་དུ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུའོ། །མགྲོན་དུ་བོས་ནས་ཞེས་བྱ་བ་ནི་བསོད་སྙོམས་ཀྱི་ཕྱིར་རོ། །སྔ་དྲོ་ཞེས་བྱ་བ་ནི་སྔ་དྲོ་ཉིད་དེ་ཁྱིམ་གཉིས་ལས་ལྷག་པར་རྒྱུ་ནའོ། །ཕྱི་དྲོ་ཞེས་བྱ་བ་ནི་ཕྱི་དྲོ་ཉིད་དེ་ཁྱིམ་གསུམ་ལས་ལྷག་པར་རྒྱུ་ནའོ། །ཁྱིམ་དག་ཏུ་

ཞེས་བྱ་བ་ནི་བྲམ་ཟེ་དང་། ཁྱིམ་བདག་གི་ཁྱིམ་དག་ཏུའོ། །རྒྱུ་ཞིང་ཞེས་བྱ་བ་ནི་འགྲོ་ཞིང་ངོ་། །ཁྱིམ་པ་འདུག་པ་ལ་མི་སྒོ་ན་ཞེས་བྱ་བ་ནི་དེ་ན་ཁྱིམ་པ་གང་འདུག་པ་ལའོ། །དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཞེས་བྱ་བ་ནི་དེ་འདྲ་བའི་རྐྱེན་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་

དམྱལ་བ་དང་། དུད་འགྲོ་དང་ཡི་དགས་ངན་སོང་དང་ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན། དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་

བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་ཇི་ཙམ་ཅུང་ཟད་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་ཁྱིམ་གཉིས་ལས་ལྷག་པར་རྒྱུ་ཞིང་ཕྱི་དྲོ་ཡང་ཁྱིམ་གསུམ་ལས་ལྷག་པར་རྒྱུ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །དེའི་ངོར་མགྲོན་དུ་

เล่ม ๘ · หน้า 76a

བོས་པ་མ་ཡིན་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །གྲོང་རྒྱུ་བའི་ལྟུང་བྱེད་དེ་བརྒྱད་བཅུ་རྩ་གཅིག་པ་རྫོགས་སྷོ།། །།སྒོ་གཏན་གྱི་བསླབ་པའི་གཞིའི་བར་སྡོམ་ལ། དགའ་བོ་

ཉེ་དགའ་ཞག་བདུན་དང་། །བཟང་བྱིན་སྡུམས་བྱེད་ཚུལ་ཁྲིམས་དང་། །ནག་པོ་ཚིགས་བཅད་འཆར་ཀ་དང་། །བཅུ་དང་བསླབ་གཞིའི་རིམ་པ་དང་། །གྲོང་ཁྱེར་གཉིས་དང་གཡུལ་གཞི་དང་། །ལྷ་མོ་ཁར་ཕོར་འཕྱང་བ་དང་། །སྔོ་བསངས་རྒྱལ་སྲིད་པོག་ཀ་ན། །མ་ལ་ཁར་བ་བྱིན་པ་དང་། །ལྷམ་

གྱི་དབང་ཕྱུག་མཉན་ཡོད་དང་། །སྔོན་གྱི་ཚུལ་དང་ནོར་བཟངས་དང་། །དྲང་སྲོང་རྣམས་དང་གཙུག་ལག་ཁང་། །མགུ་བྱེད་དང་ནི་གཟུངས་བྱེད་དང་། །སྟོང་ཐུབ་དང་ནི་འབྲོག་གནས་དང་། །ལག་བརྒྱུད་དང་ནི་སྔོ་བསངས་ཅན། །མི་གདུང་རྣམས་སུ་སྐྱེས་པ་དང་། །དཔའ་ཆེན་དང་ནི་སྒུར་མཆོག་དང་། །

དཔེ་མེད་མ་དང་ལྕགས་མགར་དང་། །སིང་ག་ལ་དང་ཤར་པ་དང་། །སྙན་སྨྲ་དང་ནི་ཚིག་པ་དང་། །སྒུར་དང་ཐོས་པ་འཛིན་པ་དང་། །བྲན་མོ་དང་ནི་བྲམ་ཟེ་མོ། །མགུ་བྱེད་དཔལ་ལྡན་གྱུར་པ་དང་། །ཤཱ་རིའི་བུ་ནི་ཞུགས་པ་དག །སྒོ་གཏན་ཡང་དག་བསྡུས་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་

མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགོན་པ་དང་ཤིང་དྲུང་དང་། ཁྱིམ་གྱིས་སྟོང་པ་དང་། རི་སུལ་དང་། རི་ཕུག་དང་། རྩྭ་སྤྱིལ་དང་། བླ་གབ་མེད་པ་དང་།

དུར་ཁྲོད་དང་། ནགས་ཁྲོད་དང་། རི་དྲུང་དང་། བས་མཐའི་གནས་མལ་འདི་དག་ཏུ་བསམ་གཏན་གྱིས་ཤིག །དགེ་སློང་དག་བག་ཡོད་པར་བསྒྲུབས་ལ་ཕྱིས་འགྱོད་པར་མི་འགྱུར་བར་གྱིས་ཤིག །འདི་ནི་ངའི་གདམས་ངག་དང་རྗེས་སུ་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་

རྣམས་ལ་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་རྣམས་དགོན་པ་དང་། ཤིང་དྲུང་དང་། ཁྱིམ་གྱིས་སྟོང་པ་དང་། རི་སུལ་དང་། རི་ཕུག་དང་། རྩྭ་སྤྱིལ་དང་། བླ་གབ་མེད་པ་དང་། དུར་ཁྲོད་དང་། ནགས་ཁྲོད་དང་། རི་དྲུང་དང་། བས་མཐའི་གནས་མལ་དག་ཏུ་ཞུགས་ཏེ། ཁ་ཅིག་ནི་རི་

เล่ม ๘ · หน้า 76b

རབ་ཀྱི་བང་རིམ་ན་བསམ་གཏན་བྱེད། ཁ་ཅིག་ནི་གསེར་གྱི་རི་བདུན་པོ་དག་ལ། ཁ་ཅིག་ནི་མཚོ་ཆེན་པོ་མ་དྲོས་པ་ན། ཁ་ཅིག་ནི་རྫིང་བུ་དལ་གྱིས་འབབ་པ་ན། ཁ་ཅིག་ནི་རྣལ་འབྱོར་པའི་སྐྱེ་བོ་དང་རྗེས་སུ་མཐུན་པའི་གྲོང་དང་། གྲོང་རྡལ་དང་། ཡུལ་དང་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་

གི་ཕྱོགས་དེ་དང་དེ་དག་ན་བསམ་གཏན་བྱེད་དོ། །རིའི་རྒྱལ་པོ་རི་རབ་དཔག་ཚད་བརྒྱད་ཁྲི་ནི་ཆུའི་ནང་དུ་ནུབ། དཔག་ཚད་བརྒྱད་ཁྲི་ནི་ཆུ་ལས་མངོན་པར་འཕགས་ཏེ་དེ་ལ་དཔག་ཚད་འབུམ་དྲུག་ཁྲི་ཡོད་དོ། །རིའི་རྒྱལ་པོ་རི་རབ་ཀྱི་ངོས་རེ་རེ་ལ་དཔག་ཚད་བརྒྱད་ཁྲི་བརྒྱད་ཁྲི་ཡོད་དེ། དེ་དག་ལ་དཔག་

ཚད་སུམ་འབུམ་ཉི་ཁྲི་ཡོད་དོ། །རིའི་རྒྱལ་པོ་རི་རབ་རིན་པོ་ཆེ་སྣ་བཞི་ལས་བྱས་པ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཡིན་ཏེ། དེར་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་སྐྱེས་ནས་དེ་གཉིས་ཀྱི་ལུས་ཀྱིས་དེ་ལན་གསུམ་དཀྲིས་ཏེ་འཁོད་ཅིང་བསྐལ་པར་གནས་པས་

འཛིན་པ། འདབ་ཆགས་ཀྱི་རྒྱལ་པོ་འདབ་བཟངས་ཀྱིས་དབྱུང་བར་མི་ནུས་པ་ཡིན་ནོ། །དེ་གཉིས་འདི་སྙམ་དུ་སེམས་ཏེ། བདག་ཅག་གཉིས་ཀྱི་བསོད་ནམས་ཀྱི་གནས་འདི་བྱུང་ངོ་སྙམ་ནས་དེ་གཉིས་སེར་སྣས་ཀུན་ནས་དཀྲིས་པས་ཉིན་མོ་ལན་གསུམ་མི་མཐུན་པའི་རླུང་གཏོང་སྟེ། དེས་རི་རབ་

ཀྱི་བང་རིམ་ལ་གནས་པའི་རི་དགས་དང་། བྱ་མང་པོ་དག་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །དེ་ན་དགེ་སློང་གང་དག་རི་རབ་ཀྱི་བང་རིམ་ན་བསམ་གཏན་བྱེད་པ་དེ་དག་ཀྱང་མི་མཐུན་པའི་རླུང་དེས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་། རིད་པ་དང་ཉམ་ཆུང་བ་དང་། རྐེ་བ་དང་ལུས་མ་ཐོབ་པར་

གྱུར་ནས་དེ་དག་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་མཉན་ཡོད་དུ་ལྷགས་པ་དང་། དགེ་སློང་རྣམས་ཀྱིས་དེ་དག་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཁྱེད་ཅག་ག་ལས་འདིར་འོངས།

ཁྱེད་ཅག་དབྱར་གང་དུ་གནས་པར་ཁས་བླངས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་རི་རབ་ཀྱི་བང་རིམ་ནས་འདིར་འོངས་སོ། །བདག་ཅག་རི་རབ་ཀྱི་བང་རིམ་དུ་དབྱར་གནས་པར་ཁས་བླངས་སོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ཅིའི་

เล่ม ๘ · หน้า 77a

ཕྱིར་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་། རིད་པ་དང་ཉམ་ཆུང་བ་དང་། རྐེ་བ་དང་ལུས་མ་ཐོབ་པར་གྱུར། དེ་དག་གིས་སྨྲས་པ་ཚེ་དང་ལྡན་པ་དག་རི་རབ་ཀྱི་བང་རིམ་དུ་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་སྐྱེས་ནས་དེ་གཉིས་ཀྱི་ལུས་ཀྱིས་དེ་ལན་གསུམ་དཀྲིས་ཏེ་འཁོད་ཅིང་བསྐལ་

པར་གནས་པ། ས་འཛིན་པ། འདབ་ཆགས་ཀྱི་རྒྱལ་པོ་འདབ་བཟངས་ཀྱིས་དབྱུང་བར་མི་ནུས་པ་ཡིན་ནོ། །དེ་གཉིས་འདི་སྙམ་དུ་སེམས་ཏེ། བདག་ཅག་གཉིས་ཀྱི་བསོད་ནམས་ཀྱི་གནས་འདི་བྱུང་ངོ་སྙམ་ནས་དེ་གཉིས་སེར་སྣས་ཀུན་ནས་དཀྲིས་པས་ཉིན་མོ་ལན་གསུམ་མི་མཐུན་པའི་རླུང་གཏོང་

སྟེ། དེས་རི་རབ་ཀྱི་བང་རིམ་ལ་གནས་པའི་རི་དགས་དང་། བྱ་མང་པོ་དག་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །བདག་ཅག་ཀྱང་མི་མཐུན་པའི་རླུང་དེས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་། རིད་པ་དང་ཉམ་ཆུང་བ་དང་། རྐེ་བ་དང་ལུས་མ་ཐོབ་པར་གྱུར་ཏོ། །དགེ་སློང་རྣམས་ཀྱིས་སྨྲས་

པ། ཚེ་དང་ལྡན་པ་དག་ཁྱེད་ཀྱིས་དེ་གཉིས་གདུལ་བར་མི་ནུས་སམ། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་རེ་ཞིག་དེ་གཉིས་བདག་ཅག་གིས་གདུལ་བ་མ་ཡིན་ནོ། །འོ་ན་སུས་གདུལ་བ་ཡིན། ཉན་ཐོས་ཆེན་པོས་གདུལ་བ་ཡིན་ནོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་

འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། དེ་གཉིས་གང་གིས་གདུལ་བ་ཡིན་སྙམ་ན། དགེ་སློང་མཽད་གལ་གྱི་བུ་ཆེན་པོས་གདུལ་བ་ཡིན་པར་གཟིགས་ཤིང་མཁྱེན་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་རི་རབ་ཀྱི་བང་རིམ་

ན་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་ལ་སོམས་ཤིག །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་འདི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཇི་ལྟར་སེམས་མཉམ་པར་བཞག་ན་མཉན་ཡོད་ནས་མི་སྣང་

བར་གྱུར་ཅིང་། རི་རབ་ཀྱི་བང་རིམ་དུ་སོན་པར་གྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེའི་ཚེ་ན་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་གཉིད་ལོག་པར་གྱུར་ནས་དེས་སེ་གོལ་གྱིས་སད་པར་བྱ་བར་བརྩམས་ན་དེ་གཉིས་མ་སད་དོ། །དེས་དེ་གཉིས་ཀྱི་སྟེང་དུ་

เล่ม ๘ · หน้า 77b

བཅག་པར་བརྩམས་ན་དེ་ལྟ་ན་ཡང་དེ་གཉིས་མ་སད་དོ། །དེས་དེ་གཉིས་ཀྱི་ལྟོར་ཞུགས་ཏེ་སྤྲིན་ཆེན་པོ་བཞིན་དུ་འབྲུག་བསྒྲགས་པར་བརྩམས་ན་དེ་ལྟ་ན་ཡང་དེ་གཉིས་མ་སད་དོ། །དེས་ཀླུ་ཆེན་པོའི་ལུས་ཀྱིས་རིའི་རྒྱལ་པོ་རི་རབ་ལ་ལན་བདུན་དཀྲིས་ཏེ་སྟེང་དུ་གདེངས་ཀ་ཆེན་པོ་བྱས་ཏེ་འདུག་པ་

དང་། དེ་གཉིས་ཁུར་ལྕི་བས་མནན་པས་སད་དེ་ཇི་ཙམ་ན་ཀླུ་ཆེན་པོ་ཞིག་གིས་བདག་ཅག་གཉིས་མནན་པར་མཐོང་ནས་དེ་གཉིས་ཀྱིས་བསམས་པ། ཀླུ་རྫུ་འཕྲུལ་ཆེན་པོ་ཞིག་བྱུང་སྟེ་བདག་ཅག་གཉིས་གནས་འདི་ནས་ཉམས་པར་གྱུར་གྱིས་བྲོས་ཏེ་འདོང་ངོ་སྙམ་དུ་རིག་ནས་སྐྲག་སྟེ།

བྲམ་ཟེའི་ཁྱེའུའི་ཁ་དོག་ཏུ་བདག་ཉིད་མངོན་པར་སྤྲུལ་ནས་འབྲོས་པར་བརྩམས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་དེ་ཕྱིར་བསྡུས་ནས། དེ་གཉིས་ཀྱི་མདུན་དུ་འདུག་སྟེ་སྨྲས་པ། ཀླུའི་དབང་པོ་གཉིས་གར་འདོང་། དེ་གཉིས་ཀྱིས་སྨྲས་པ།

ཀླུ་རྫུ་འཕྲུལ་ཆེན་པོ་ཞིག་བྱུང་སྟེ། བདག་ཅག་གཉིས་འདི་ནས་ཉམས་པར་གྱུར་གྱིས་འབྲོས་སུ་འགྲོའོ། །དེས་སྨྲས་པ། ཚུར་ཤོག་ཀླུ་དེ་ཅི་འདྲ་བ་བལྟའོ། །དེ་གཉིས་དེ་དང་ལྷན་ཅིག་ཕྱིར་ལོག་པ་དང་། ཇི་ཙམ་ན་མི་སྣང་ནས་དེ་གཉིས་ཀྱིས་སྨྲས་པ། འཕགས་པས་བདག་

ཅག་གཉིས་ལ་ཀུ་རེ་མ་བགྱིས་སམ། དེས་སྨྲས་པ། དེ་ཡིན་ནོ་འོ་ན་བདག་ཅག་གཉིས་ཀྱིས་ནོངས་པ་ཅི་བགྱིས། རྒ་བའི་ཆོས་ཅན་ཁྱེད་གཉིས་ཀྱིས་སངས་རྒྱས་ཀྱི་ཕོ་ཉ་འོངས་པ་ལ་མ་བསམས་སོ། །འཕགས་པ་ཁྱོད་སངས་རྒྱས་ཀྱི་ཕོ་ཉ་ལགས་སམ། སངས་རྒྱས་ཀྱི་ཕོ་ཉ་ཡིན་ནོ། །

འཕགས་པ་གལ་ཏེ་ཁྱོད་སངས་རྒྱས་ཀྱི་ཕོ་ཉ་ལགས་ན་བདག་ཅག་གཉིས་ཀྱིས་ཅི་བགྱི་བ་སྩལ་དུ་གསོལ། ཚུར་ཤོག་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ཁོ་ནར་འདོང་ངོ་། །འཕགས་པ་མ་ནོངས་ཏེ་དེ་བཞིན་བགྱིས་བཞུད་དོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཀླུའི་

རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་ཁྲིད་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་

เล่ม ๘ · หน้า 78a

འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་གང་གི་སླད་དུ་བདག་ལ་བཀའ་སྩལ་པའི་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་དེ་གཉིས་ནི་འདི་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུའི་

དབང་པོ་ཁྱེད་གཉིས་སྔོན་གྱི་ཉེས་པར་སྤྱད་པས་ཀླུའི་སྐྱེ་གནས་ངན་པར་སྐྱེས་ཤིང་ཁྱེད་གཉིས་ད་ལྟར་དྲག་ཤུལ་ཅན། ལག་པ་ཁྲག་གིས་གོས་པ། ཉམས་པ་དང་། རབ་ཏུ་ཉམས་པ་ལ་ཞེན་པ། གཞན་གྱི་སྲོག་འཕྲོགས་པ། གཞན་གྱི་སྲོག་བཅད་པས་འཚོ་བར་བྱེད་དེ། འདི་ནས་

ཤི་འཕོས་ན་ཁྱེད་གཉིས་ཀྱི་འགྲོ་བ་ནི་ཅིར་འགྱུར། སྐྱེ་བ་ནི་ཅིར་འགྱུར། ཚེ་ཕྱི་མ་ནི་ཅིར་འགྱུར། དེ་གཉིས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་གཉིས་ཀྱིས་ཅི་ཞིག་བགྱི་བ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་དབང་པོ་གཉིས་ཚུར་ཤོག་ངའི་

དྲུང་དུ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལོང་ལ་རི་རབ་ཀྱི་བང་རིམ་ལ་གནས་པའི་རི་དགས་དང་། བྱ་རྣམས་ལ་མི་འཇིགས་པ་བྱིན་ཅིག །དེ་གཉིས་ཀྱིས་གསོལ་པ། བཙུན་པ་བདག་ཅག་གཉིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྐྱབས་སུ་མཆི་བ་དང་། བསླབ་པའི་གཞི་དག་ལེན་

ཅིང་རི་རབ་ཀྱི་བང་རིམ་ལ་གནས་པའི་རི་དགས་དང་། བྱ་རྣམས་ལ་མི་འཇིགས་པ་སྩོལ་ཏོ། །དེ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་བླངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་

སྤྱན་སྔ་ནས་དོང་ངོ་། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་ཀྱིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཀླུའི་ནང་དུ་སྐྱེས། ལས་ཅི་བགྱིས་ན་དེས་རིན་

པོ་ཆེ་སྣ་བཞི་ལས་བགྱིས་པའི་གནས་མངོན་པར་གྲུབ་ཅིང་ལྷའི་བདུད་རྩིའི་ཟས་དང་སྦྲང་རྩིའི་ཆང་གི་བཏུང་བ་དང་། རེ་རེ་ལ་ཡང་འཁོར་ཉིས་སྟོང་ལྔ་བརྒྱ་དང་ལྡན་པར་གྱུར། ལས་ཅི་བགྱིས་ན་དེས་ན་བསྐལ་པར་གནས་པ་ས་འཛིན་པ། འདབ་ཆགས་ཀྱི་རྒྱལ་པོ་འདབ་བཟངས་ཀྱིས་དབྱུང་བར་

เล่ม ๘ · หน้า 78b

རྔོ་མི་ཐོག་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་གཉིས་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་། བསགས་པས་འདི་གཉིས་ཀྱིས་ལས་བྱས་ཤིང་།

བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་

དགེ་བ་དང་། མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །

དགེ་སློང་དག་སྔོན་བྱུང་བ་བསྐལ་པ་ཆེན་པོ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་

ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་དགེ་སློང་ཉི་ཁྲིས་བསྐོར་ཅིང་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་བརྟེན་ཅིང་བཞུགས་སོ། །དེའི་ཚེ་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་

རྒྱལ་པོ་ཀྲྀ་ཀཱི་ཞེས་བྱ་བ་རྒྱལ་སྲིད་འབྱོར་པ་རྒྱས་པ། བདེ་བ་ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ། ཐབ་མོ་དང་། འཐབ་པ་དང་། ཕྱི་དགྲ་དང་ནང་འཁྲུག་རབ་ཏུ་ཞི་བ། ཆོམ་རྐུན་དང་མུ་གེ་དང་བྲལ་བ། སཱ་ལུ་དང་བུ་རམ་ཤིང་གི་ཕྲེང་བ་དང་། བ་ལང་དང་མ་ཧེ་ཕུན་སུམ་ཚོགས་

པ་བྱེད་དུ་བཅུག་སྟེ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོས་ཆོས་ཀྱི་རྒྱལ་སྲིད་བྱེད་དུ་བཅུག་གོ། །རྒྱལ་པོ་ཀྲྀ་ཀཱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་

เล่ม ๘ · หน้า 79a

འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་སྟེ། དེ་དགེ་སློང་ཉི་ཁྲིས་བསྐོར་ཅིང་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཉེ་བར་བརྟེན་ཅིང་བཞུགས་ཞེས་ཐོས་སོ། །ཐོས་ནས་ཀྱང་

རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་སོང་སྟེ། རྒྱལ་པོ་ཀྲྀ་ཀཱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་

བཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་ཅན་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་ཀུན་དུ་འགྲོ་བ་ལྟར་བཟང་བ་མཐོང་ངོ་། །མཐོང་མ་དག་ཏུ་རྒྱལ་པོ་ཀྲྀ་ཀཱི་བཅོམ་ལྡན་འདས་འོད་སྲུང་ལ་ཤིན་ཏུ་དད་པ་སྐྱེས་ནས་ཡང་དག་པར་རྫོགས་

པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྒྱལ་པོ་ཀྲྀ་ཀཱིའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་

དང་རང་བཞིན་ཐུགས་སུ་ཆུད་ནས་གང་ཐོས་ན། རྒྱལ་པོ་ཀྲྀ་ཀཱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་

རྟོགས་པར་བྱེད་པའི་ཆོས་བསྟན་པ་མཛད་དོ། །དེས་བདེན་པ་མཐོང་ནས་བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་

གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་

เล่ม ๘ · หน้า 79b

དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག་གོ་ཞེས་ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །ཡང་སྨྲས་པ། ཁྱོད་མཐུས་རབ་དྲག་ཉེས་པ་མང་ལྡན་པའི། །ངན་སོང་ཤུལ་བཀག་

བསོད་ནམས་རབ་ལྡན་པའི། །མཐོ་རིས་འགྲོ་བ་ཕྱེ་ཞིང་བདག་གིས་ནི། །མྱ་ངན་འདས་པའི་ཤུལ་ཡང་ཐོབ་པར་གྱུར། །ཤིན་ཏུ་རྣམ་དག་ཁྱོད་བརྟེན་བདག་གིས་ནི། །དེ་རིང་སྐྱོན་བྲལ་དག་པའི་མིག་ཐོབ་ཅིང་། །གོ་འཕང་ཞི་བ་འཕགས་པ་དགྱེས་ཐོབ་སྟེ། །སྡུག་བསྔལ་རྒྱ་མཚོའི་

ཕ་རོལ་རྒལ་བར་གྱུར། །འགྲོ་བར་ལྷ་མིན་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་བ་པོ། །སྲིད་པ་སྟོང་དུ་མཐོང་བ་རབ་དཀོན་པ། །ཐུབ་པ་དེ་རིང་ཁྱོད་མཐོང་འབྲས་བུ་མཆིས། །ཞེས་སྨྲས་ཏེ་སྟན་ལས་ལངས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ལན་གསུམ་

བསྐོར་བ་བྱས་ཏེ་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་སོང་ངོ་། །གང་གི་ཚེ་རྒྱལ་པོ་ཀྲྀ་ཀཱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་བདེན་པ་དག་མཐོང་བ་དེའི་ཚེ་ན་དེ་དོན་གྱི་གནས་སུ་འདུག་སྟེ། བློན་པོ་དང་གྲོང་ཁྱེར་པ་དང་། ཡུལ་མི་རྣམས་ལ་སྨྲས་པ།

ཀྭའི་བློན་པོ་དང་། གྲོང་ཁྱེར་པ་དང་། ཡུལ་མི་དག་ཉོན་ཅིག །ངས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་བདེན་པ་དག་མཐོང་བས་ད་ངས་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་འཇུག་མི་ནུས་ཀྱིས་དེའི་ཕྱིར་ཁྱེད་ཀྱིས་གཞོན་ནུ་ལེགས་

སྐྱེས་རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདག་པོར་ཞོག་ཤིག །ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་སྐྲ་དང་། ཁ་སྤུ་དག་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །དེ་ལ་བློན་པོའི་མཆོག་དགའ་

བོ་དང་། ཉེ་དགའ་ཞེས་བྱ་བ་གཉིས་ཤིག་ཡོད་པ་དེ་གཉིས་ཀྱིས་དེའི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷས་མཚན་མ་ཙམ་འབའ་ཞིག་མཛོད་ཅིག་དང་བདག་ཅག་གཉིས་ཀྱིས་ཆོས་ཀྱིས་ལྷའི་རྒྱལ་སྲིད་བགྱིད་དུ་སྩལ་ཏོ། །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་བྱེད་

เล่ม ๘ · หน้า 80a

དུ་ཆུག་ཤིག །དེ་གཉིས་ཀྱིས་ཇི་སྲིད་པ་དེ་སྲིད་དུ་ཆོས་ཀྱིས་རྒྱལ་སྲིད་བྱེད་དུ་བཅུག་ནས་ཡང་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་གཞུག་པར་བརྩམས་པ་དང་། དེ་གཉིས་ཀྱི་ཉེ་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བ་དེ་དག་དེ་གཉིས་

ཀྱི་གན་དུ་འོངས་ཏེ་སྨྲས་པ། ཚེ་དང་ལྡན་པ་གཉིས་ཆོས་ཀྱིས་རྒྱལ་སྲིད་བྱེད་དུ་ཆུག་ཤིག །ཆོས་དང་ཆོས་མ་ཡིན་པས་བྱེད་དུ་མ་གཞུག་ཤིག །སེམས་ཅན་དམྱལ་བ་ལ་གཞོལ་བར་འགྱུར་བར་མ་བྱེད་ཅིག །དེ་གཉིས་ཀྱིས་དེ་དག་ལས་ཐོས་ནས་ཇི་སྲིད་པ་དེ་སྲིད་དུ་ཆོས་ཀྱིས་རྒྱལ་སྲིད་

བྱེད་དུ་བཅུག་ནས་ཡང་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་གཞུག་པར་བརྩམས་པ་དང་། དེ་དག་ཡང་དེ་གཉིས་ཀྱི་གན་དུ་འོངས་ཏེ་སྨྲས་པ། ཚེ་དང་ལྡན་པ་གཉིས་ཆོས་ཀྱིས་རྒྱལ་སྲིད་བྱེད་དུ་ཆུག་ཤིག །ཆོས་དང་ཆོས་མ་ཡིན་པས་བྱེད་དུ་མ་གཞུག་ཤིག །སེམས་ཅན་དམྱལ་

བ་ལ་གཞོལ་བར་འགྱུར་བར་མ་བྱེད་ཅིག །དེ་གཉིས་ཀྱིས་སྨྲས་པ། འཕགས་པ་དག་བདག་ཅག་བློན་པོ་དག་ནི་རྒྱལ་སྲིད་བགྱིད་དུ་སྩོལ་བ་གསང་ཚིག་མཐུན་པས་འཚོ་བ་ལགས་པས་གཅིག་ཏུ་ཆོས་ཀྱིས་རྒྱལ་སྲིད་བགྱིད་དུ་སྩོལ་བའི་རྔོ་མི་ཐོག་སྟེ། ངེས་པར་ཁོ་ནར་ཁྱད་པར་

ཅན་མ་ལགས་པ་དག་ནི་ཚར་བཅད་པར་བགྱི་ཞིང་ཁྱད་པར་ཅན་དག་ནི་ཡོངས་སུ་བསྐྱང་བར་བགྱི་འཚལ་ལོ། །དེ་དག་གིས་སྨྲས་པ། གལ་ཏེ་དེ་ལྟ་ན་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པའི་གཙུག་ལག་ཁང་བྱེད་དུ་ཆུག་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཉན་ཐོས་ཀྱི་

དགེ་འདུན་དང་བཅས་པ་ལ་ཕུལ་ལ། དགེ་སློང་རྣམས་ལ་ནི་གཞོན་ནུའི་ཡོངས་སུ་སྤང་བ་བྱིན་ཅིག །དགེ་སློང་མ་རྣམས་ལ་ནི་བཙུན་མོའི་འཁོར་གྱི་ཡོངས་སུ་སྤང་བ་བྱིན་ཅིག་དང་། དེས་ཁྱོད་གཉིས་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་བདེ་བར་འགྱུར་རོ། །དེ་གཉིས་ཀྱིས་

སྨྲས་པ། འཕགས་པ་དག་མ་ནོངས་ཀྱིས་དེ་བཞིན་བགྱིའོ་ཞེས་དེ་གཉིས་ཀྱིས་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པའི་གཙུག་ལག་ཁང་བྱེད་དུ་བཅུག་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ཞིང་། དགེ་སློང་རྣམས་ལ་ནི་

เล่ม ๘ · หน้า 80b

གཞོན་ནུའི་ཡོངས་སུ་སྤང་བ་བྱིན། དགེ་སློང་མ་རྣམས་ལ་ནི་བཙུན་མོའི་འཁོར་གྱི་ཡོངས་སུ་སྤང་བ་བྱིན་ནོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཀྲྀ་ཀཱིའི་བློན་པོའི་མཆོག་དགའ་བོ་དང་། ཉེ་དགའ་ཞེས་བྱ་བ་དེ་གཉིས་ནི་ད་ལྟར་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་འདི་གཉིས་ཡིན་

ཏེ། དེ་གཉིས་ཀྱིས་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་བཅུག་པ་གང་ཡིན་པ་དེས་ནི་ཀླུ་རྣམས་ཀྱི་ནང་དུ་སྐྱེས་སོ། །ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པའི་གཙུག་ལག་ཁང་བྱེད་དུ་བཅུག་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཉན་ཐོས་ཀྱི་དགེ་འདུན་དང་

བཅས་པ་ལ་ཕུལ་བ་གང་ཡིན་པ་དེས་ནི་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་གནས་མངོན་པར་གྲུབ་ཅིང་ལྷའི་བདུད་རྩིའི་ཟས་དང་། སྦྲང་རྩིའི་ཆང་གི་བཏུང་བ་དང་། རེ་རེ་ལ་ཡང་འཁོར་ཉིས་སྟོང་ལྔ་བརྒྱ་དང་ལྡན་པར་གྱུར་ཏེ། དགེ་སློང་རྣམས་ལ་གཞོན་ནུའི་ཡོངས་སུ་སྤང་བ་བྱིན་པ་

དང་། དགེ་སློང་མ་རྣམས་ལ་བཙུན་མོའི་འཁོར་གྱི་ཡོངས་སུ་སྤང་བ་བྱིན་པ་གང་ཡིན་པ་དེས་ནི་བསྐལ་པར་གནས་པ། ས་འཛིན་པ་འདབ་ཆགས་ཀྱི་རྒྱལ་པོ་འདབ་བཟངས་ཀྱིས་དབྱུང་བར་མི་ནུས་པར་གྱུར་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་

སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་

སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་བཀོད་པ་དེའི་ཚེ་ན་དེ་གཉིས་ཚེས་བརྒྱད་

དང་། ཚེས་བཅུ་བཞི་དང་། ཚེས་བཅོ་ལྔ་ལ་རི་རབ་ཀྱི་བང་རིམ་དུ་འོངས་ནས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་དོ། །དེ་གཉིས་གང་གི་ཚེ་མཚན་མོ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་པ་དེའི་ཚེ་ན་ནི་གཞལ་མེད་ཁང་པའི་ཆ་ལུགས་ཀྱིས་བསྙེན་བཀུར་བྱེད་ཅིང་། གང་གི་ཚེ་ཉིན་མོ་

เล่ม ๘ · หน้า 81a

བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་པ་དེའི་ཚེ་ན་ནི་ཁྱིམ་བདག་གི་ཆ་ལུགས་ཀྱིས་བསྙེན་བཀུར་བྱེད་དོ། །དུས་གཞན་ཞིག་ན་དེ་གཉིས་ཉིན་མོ་ཁྱིམ་བདག་གི་ཆ་ལུགས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ངོ་། །ཇི་ཙམ་ན་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ཡང་རྒྱལ་

བྱེད་ཀྱི་ཚལ་ག་ལ་བ་དེར་སོང་ངོ་། །རྒྱལ་རིགས་ནི་མངོན་པའི་ང་རྒྱལ་ཅན་ཡིན་པས་རྒྱལ་པོ་དེ་གང་གི་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་བ་དེའི་ཚེ་ན་བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་ན་འགའ་ཞིག་བདག་ལ་མངོན་སུམ་དུ་ལྡང་བར་མི་འགྱུར་བ་མེད་གྲང་སྙམ་ནས་མི་དག་པའི་མཐའ་

ཅན་གཏོང་བར་བྱེད་པ་ཡིན་པས་དེ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོར་བསྡད་དེ་མི་དག་པའི་མཐའ་ཅན་ཞིག་ལ་སྨྲས་པ། ཀྭའི་ནང་རྗེ་སོང་ལ་བཅོམ་ལྡན་འདས་ལ་སུ་དག་བསྙེན་བཀུར་བྱེད་པ་ལྟོས་ཤིག །མི་དག་པའི་མཐའ་ཅན་དེས་ལྷ་བཀའ་བཞིན་

འཚལ་ཞེས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལས་མཉན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་བ་དང་། ཇི་ཙམ་ན་ཁྱིམ་བདག་གཉིས་ཤིག་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་པ་མཐོང་ངོ་། །མཐོང་ནས་ཀྱང་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་

སྟེ་ཕྱིན་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་ཁྱིམ་བདག་གཉིས་ཤིག་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིད་དེ་དེ་གཉིས་ལྷའི་ཡུལ་ན་གནས་པ་དག་ལགས་གོར་མ་བཀུམ་མོ། །རྒྱལ་པོས་བསམས་པ། ཁྱིམ་བདག་དེ་གཉིས་བདག་གི་

ཡུལ་ན་གནས་པ་ཡིན་པས་དེ་གཉིས་ཀྱིས་བདག་མཐོང་ན་མངོན་དུ་ལྡང་བར་འགྱུར་གྲང་སྙམ་ནས་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་ཀྱིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་

དེ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཅི་ལགས་རེ་ཞིག་དམ་པའི་ཆོས་ལ་བསྙེན་བཀུར་བགྱིའམ། འོན་ཏེ་རྒྱལ་པོ་ལ་བསྙེན་བཀུར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་དབང་པོ་གཉིས་རེ་ཞིག་དམ་པའི་ཆོས་ལ་བསྙེན་

เล่ม ๘ · หน้า 81b

བཀུར་གྱིས་ཤིག །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དམ་པའི་ཆོས་ལ་གུས་པར་མཛད་དེ་དགྲ་བཅོམ་པ་དག་ཀྱང་ཆོས་བླ་མར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ལ་ཚིགས་སུ་བཅད་པ་དག་བཀའ་སྩལ་པ། སངས་རྒྱས་གང་དག་འདས་པ་དང་། །སངས་རྒྱས་གང་

དག་མ་བྱོན་དང་། །སངས་རྒྱས་མྱ་ངན་སེལ་མཛད་པ། །ད་ལྟར་མང་པོ་གང་བཞུགས་དག །ཐམས་ཅད་དམ་པའི་ཆོས་ལ་ནི། །གུས་པར་གནས་གྱུར་གནས་འགྱུར་ཞིང་། །དེ་བཞིན་གུས་པར་གནས་མཛད་དེ། །དེ་ནི་སངས་རྒྱས་ཆོས་ཉིད་ཡིན། །དེ་ཕྱིར་བདག་ལ་ལེགས་འདོད་

ཅིང་། །བདག་ཉིད་ཆེན་པོ་མངོན་འདོད་པ། །སངས་རྒྱས་བསྟན་པ་དྲན་བྱེད་ན། །འདི་ལ་དམ་ཆོས་གུས་པར་བྱ། །དེ་གཉིས་ཀྱིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་མངོན་དུ་ལྡང་བར་མ་བྱས་པ་དང་། རྒྱལ་པོ་ཁྲོས་ཏེ་བསམས་པ། ཁྱིམ་བདག་འདི་གཉིས་བདག་གི་ཡུལ་

ན་གནས་པ་དག་ཡིན་ན་བདག་ལ་མངོན་དུ་ལྡང་བར་མི་བྱེད་དོ་སྙམ་ནས་དེ་ཁྲོ་བས་ཀུན་ནས་དཀྲིས་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །བཅོམ་ལྡན་འདས་ཀྱིས་འདི་ཁྲོ་བས་ཀུན་ནས་དཀྲིས་སོ་སྙམ་ནས་བཀའ་མཆིད་

གཞན་དག་མཛད་པར་བརྩམས་ཏེ་ཆོས་སྟོན་པར་མི་མཛད་པ་དང་། དེས་གསོལ་པ། བཅོམ་ལྡན་འདས་ཆོས་བསྟན་དུ་གསོལ། །བདེ་བར་གཤེགས་པ་ཆོས་བསྟན་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དག་བཀའ་སྩལ་པ།

རབ་ཏུ་དང་སེམས་མེད་པ་དང་། །ཞེ་སྡང་ཅན་དང་འཁྲུགས་པ་ཡིས། །ཡང་དག་རྫོགས་སངས་བསྟན་པ་ཡི། །དམ་ཆོས་ཀུན་ཤེས་བྱ་མི་ནུས། །གང་གིས་ཉེས་རྩོམ་བཏུལ་བྱས་ཤིང་། །རབ་དང་མེད་པའི་སེམས་བསལ་ཏེ། །ཀུན་ནས་མནར་སེམས་འདི་སྤོང་བ། །དེས་ནི་

ལེགས་གསུངས་ཤེས་པར་འགྱུར། །རྒྱལ་པོ་རྒྱ་ཆེར་དེ་གཉིས་ལ་ཁྲོས་ཏེ་བསམས་པ། འདི་གཉིས་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་ཆོས་མཉན་པ་ཡང་རྒྱུན་བཀུམ་མོ་སྙམ་དུ་རིག་ནས་སྡོད་ཅིག་ཅེས་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་

เล่ม ๘ · หน้า 82a

འཚལ་ནས་སྟན་ལས་ལངས་ཏེ་སོང་ངོ་། །གང་གི་ཚེ་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་ཉིན་མོ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་པ་དེའི་ཚེ་ན་དེ་གཉིས་ཀྱི་ཞོ་ཤས་འཚོ་བ་དག་གིས་རི་རབ་ཀྱི་བང་རིམ་ནས་མཉན་ཡོད་ཀྱི་བར་གྱི་ལམ་ཇི་སྲིད་པའི་ལམ་གྱི་ངོས་

གཉིས་སུ་རྩིག་པ་དངར་ཏེ་འཁོད་པར་བྱེད་དོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་གང་གི་ཚེ་ཁྱིམ་བདག་འདི་གཉིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་བྱུང་བར་གྱུར་པ་དེའི་ཚེ་ན་འདི་གཉིས་ཀྱི་མགོ་བོ་དྲུངས་ནས་ཆོད་ལ་ས་ལ་སྒྱེལ་

བར་གྱིས་ཤིག །ཚིག་དེ་སྐད་ཅེས་སྨྲས་པ། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་ཀྱི་ཞོ་ཤས་འཚོ་བ་དག་གིས་ཐོས་སོ། །ཐོས་ནས་ཀྱང་དེ་དག་འཁྲུགས་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་སྟེང་དུ་རྡོ་རྗེ་རྩེ་གཅིག་པ་དང་། འཁོར་ལོ་དང་མདའ་བོ་ཆེ་དང་། མཚོན་

རྩེ་གཅིག་པ་ལ་སོགས་པའི་མཚོན་དག་འཕང་བར་བརྩམས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེལ་བ་མི་མངའ་བའི་ཆོས་ཅན་ཡིན་པས་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ཀོ་ས་ལར་བྱུང་བའི་རྒྱལ་པོ་

གསལ་རྒྱལ་འཁོར་དང་བཅས་པ་དང་། མཉན་ཡོད་ན་གནས་པའི་སྐྱེ་བོའི་ཚོགས་ལ་སོམས་ཤིག །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་བཀའ་མཉན་ནས། བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་

ལ་སྙོམས་པར་ཞུགས་པའི་བྱེ་བྲག་གིས་རྡོ་རྗེ་རྩེ་གཅིག་པ་དང་། འཁོར་ལོ་དང་། མདའ་བོ་ཆེ་དང་། མཚོན་རྩེ་གཅིག་ལ་སོགས་པའི་མཚོན་དེ་དག་ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་དག་ཏུ་གྱུར་ཏེ། ཀོ་ས་ལར་བྱུང་བའི་

རྒྱལ་པོ་གསལ་རྒྱལ་གྱི་སྟེང་དུ་འབབ་པར་བརྩམས་སོ། །དེ་ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་དག་གིས་གང་བཞིན་དུ་ཁྱིམ་དུ་ཞུགས་ནས་དེས་བཙུན་མོའི་འཁོར་དང་། གཞོན་ནུ་དང་བློན་པོ་དང་ཁྲོམ་གྱི་རུ་སྣ་དང་། གྲོང་

เล่ม ๘ · หน้า 82b

རྡལ་གྱི་མི་དང་། ཡུལ་མི་དང་། བྲམ་ཟེ་དག་ལ་སྨྲས་པ། ཤེས་ལྡན་དག་ང་རྒྱལ་བྱེད་ཀྱི་ཚལ་དུ་ཞུགས་ཚུན་ཆད་ནས་ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་དག་གིས་གང་བཞིན་དུ་ཁྱིམ་དུ་ཞུགས་པ་འདི་ཅི་ཡིན་སུ་ཡི་མཐུ་ཡིན།

དེ་ན་གང་དག་སྙན་པ་དང་འཇམ་པར་སྨྲ་བ་ལ་མཁས་པ་དེ་དག་གིས་སྨྲས་པ། ལྷ་གཞན་སུ་ཞིག་གིས་འདི་འཚལ་བར་འགྱུར། འདི་གཞན་སུ་ཞིག་གི་མཐུ་ལགས། འདི་ལྟར་ལྷ་ཉིད་ཆོས་ཀྱིས་རྒྱལ་སྲིད་བགྱིད་དུ་སྩོལ་བས་འདི་ལྷ་ཉིད་ཀྱི་མཐུ་ལགས་སོ། །རྒྱལ་པོས་སྨྲས་པ།

ཤེས་ལྡན་དག་དེ་བདེན་ཏེ། ད་ཆོས་ཀྱིས་རྒྱལ་སྲིད་བྱེད་དུ་འཇུག་པས་འདི་གོར་མ་ཆག་པར་ངའི་མཐུ་ཡིན་ནོ། །བཙུན་མོའི་འཁོར་གྱིས་སྨྲས་པ། བདག་ཅག་ལྷ་ལས་གཞན་པའི་སྐྱེས་པའི་གན་དུ་མི་མཆི་ཞིང་བདག་པོ་ལས་མི་འཕྱོ་བས་འདི་ནི་བདག་ཅག་གི་མཐུ་ལགས་སོ། །

གཞོན་ནུ་རྣམས་ཀྱིས་སྨྲས་པ། བདག་ཅག་ཡབ་ཡུམ་ལ་གུས་ཤིང་སྲི་ཞུ་ཆེ་བས་འདི་ནི་བདག་ཅག་གི་མཐུ་ལགས་སོ། །བློན་པོ་རྣམས་ཀྱིས་སྨྲས་པ། བདག་ཅག་ཆོས་ཀྱིས་ལྷའི་རྒྱལ་སྲིད་བགྱིད་དུ་སྩོལ་བས་འདི་ནི་བདག་ཅག་གི་མཐུ་ལགས་སོ། །ཁྲོམ་གྱི་རུ་སྣ་དག་གིས་

སྨྲས་པ། བདག་ཅག་ལྷའི་བཀའ་ཆོས་དང་ལྡན་པར་སྒྲུབ་པར་བགྱིད་པས་འདི་ནི་བདག་ཅག་གི་མཐུ་ལགས་སོ། །གྲོང་རྡལ་གྱི་མི་དང་ཡུལ་གྱི་མི་དག་གིས་སྨྲས་པ། བདག་ཅག་ལྷ་ལ་ཆོས་དང་ལྡན་པར་དཔྱ་འབུལ་བས་འདི་ནི་བདག་ཅག་གི་མཐུ་ལགས་སོ། །རྒྱལ་

པོས་བསམས་པ། འདི་དག་སོ་སོ་ནས་བདག་ཅག་གི་མཐུའོ། །བདག་གི་མཐུའོ་ཞེས་ཟེར་ན་སུའི་མཐུ་ཡིན་པ་མི་ཤེས་ཀྱིས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་འདི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། མཁྱེན་པ་དང་ཤེས་བྱ་ལ་བླ་ན་མེད་པའི་

མངའ་བརྙེས་པ་ཡིན་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུར་འགྲོའོ་སྙམ་དུ་རིག་ནས་ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་དེ་དག་གིས་ཐུ་བ་བཀང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་

เล่ม ๘ · หน้า 83a

བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་

པོ་ཆེན་པོ་དེ་ནི་ཁྱོད་ཀྱི་མཐུ་ཡང་མ་ཡིན། བཙུན་མོའི་འཁོར་གྱི་ཡང་མ་ཡིན། གཞོན་ནུ་རྣམས་ཀྱི་ཡང་མ་ཡིན། བློན་པོ་རྣམས་ཀྱི་ཡང་མ་ཡིན། ཁྲོམ་གྱི་རུ་སྣའི་ཡང་མ་ཡིན། གྲོང་རྡལ་གྱི་མི་དང་། ལྗོངས་ཀྱི་མི་རྣམས་ཀྱི་ཡང་མ་ཡིན། བྲམ་ཟེ་རྣམས་ཀྱི་ཡང་མ་ཡིན་ཏེ། འདི་ལྟར་

དེ་ནི་དགེ་སློང་མཽད་གལ་གྱི་བུ་ཆེན་པོའི་མཐུ་ཡིན་ཏེ། གལ་ཏེ་དགེ་སློང་མཽད་གལ་གྱི་བུ་ཆེན་པོས་ཁྱོད་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་གྲོང་རྡལ་གྱི་མི་དང་། ཡུལ་གྱི་མི་དང་བཅས་པ་ལ་མ་བསམས་སུ་ཟིན་ན་དེང་ཉིད་དུ་མཉན་ཡོད་སྤྱོད་ཡུལ་དུ་མི་འགྱུར་བ་ཞིག་

ན། དེ་ནི་དགེ་སློང་མཽད་གལ་གྱི་བུ་དེས་ཁྱོད་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་རྡལ་གྱི་མི་དང་། ཡུལ་མི་དང་བཅས་པ་ལ་བསམས་པའི་མཐུ་ཡིན་གྱིས་དེ་ལ་སེམས་མངོན་པར་དད་པར་གྱིས་ཤིག །རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་དགེ་

སློང་མཽད་གལ་གྱི་བུའི་མཐུ་ལགས་ཤིང་བཅོམ་ལྡན་འདས་ཀྱི་ཡང་མ་ལགས་ཉན་ཐོས་ཆེན་པོ་གཞན་དག་གི་ཡང་མ་ལགས་པར་ཇི་ལྟར་འཚལ་བར་བགྱི། རྒྱལ་པོ་ཆེན་པོ་དེ་ནི་ངའི་མཐུ་ཡང་མ་ཡིན། ཉན་ཐོས་ཆེན་པོ་གཞན་དག་གི་ཡང་མ་ཡིན་ཏེ། འདི་ལྟར་དེ་ནི་དགེ་སློང་མཽད་གལ་

གྱི་བུའི་མཐུ་ཡིན་ནོ། །གལ་ཏེ་ཁྱོད་སོམ་ཉི་དང་ཡིད་གཉིས་ཟ་ན་ལྷའི་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་འདི་དག་ས་ལ་བོར་ཞིག །དེས་དེ་དག་ས་ལ་བོར་བ་དང་། རྡོ་རྗེ་རྩེ་གཅིག་པ་དང་། འཁོར་ལོ་དང་། མདའ་བོ་ཆེ་དང་།

མཚོན་རྩེ་གཅིག་ལ་སོགས་པའི་མཚོན་ཤ་སྟག་ཏུ་གྱུར་ཏོ། །དེས་དེ་དག་མཐོང་ནས་ཉམ་ང་བར་གྱུར་ཏེ་གསོལ་པ། བཅོམ་ལྡན་འདས་འདི་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་

เล่ม ๘ · หน้า 83b

ལ་རབ་ཏུ་སྡང་བའི་སེམས་བསྐྱེད་པས་དེ་ལས་འདི་བྱུང་ངོ་། །རྒྱལ་པོས་གསོལ་པ། བཙུན་པ་བདག་གིས་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་མཐོང་བར་ཡང་མི་དྲན་ན་རབ་ཏུ་སྡང་བའི་སེམས་བསྐྱེད་པར་ལྟ་ག་ལ་འགྱུར། རྒྱལ་པོ་ཆེན་པོ་ངས་ཁྱོད་ལ་དྲན་པར་བྱའོ། །བཙུན་

པ་བཅོམ་ལྡན་འདས་ཀྱིས་དྲན་པར་མཛད་དུ་གསོལ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ངའི་མདུན་དུ་ཁྱིམ་བདག་གཉིས་ཤིག་ཆོས་ཉན་པ་གང་ཡིན་པ་དེ་གཉིས་ཀྱིས་ཁྱོད་ལ་མངོན་དུ་ལྡང་བ་མ་བྱས་པ་དེ་དྲན་ནམ། བཅོམ་ལྡན་འདས་དེ་དྲན་ནོ། །རྒྱལ་པོ་ཆེན་པོ་ཁྱིམ་བདག་དེ་གཉིས་ནི་ཀླུའི་རྒྱལ་

པོ་དགའ་བོ་དང་། ཉེ་དགའ་གཉིས་ཡིན་ནོ། །དེས་གསོལ་པ། བཅོམ་ལྡན་འདས་དེ་གཉིས་འཁྲུགས་པར་མ་གྱུར་ཏམ། རྒྱལ་པོ་ཆེན་པོ་དེ་གཉིས་ནི་འཁྲུགས་པར་མ་གྱུར་ཏེ། དེ་གཉིས་ཀྱི་ཞོ་ཤས་འཚོ་བ་དག་འཁྲུགས་པར་གྱུར་ཏོ། །བཅོམ་ལྡན་འདས་བདག་གིས་དེ་གཉིས་

ལ་ཇི་ལྟར་བསྒྲུབ་པར་བགྱི། རྒྱལ་པོ་ཆེན་པོ་བཟོད་པ་གསོལ་བར་བྱའོ། །བཅོམ་ལྡན་འདས་དེ་གཉིས་ནི་རི་རབ་ཀྱི་བང་རིམ་ན་མཆིས་ལ། བདག་ནི་འདི་ན་མཆིས་ན་བདག་གིས་ཇི་ལྟར་དེ་གཉིས་ལ་བཟོད་པ་གསོལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་

པོ་ཆེན་པོ་དེ་གཉིས་ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། ཚེས་བཅོ་ལྔ་ལ་ངའི་རྐང་པ་ལ་ཕྱག་འཚལ་དུ་འདིར་འོང་གིས་ཁྱོད་ཀྱང་ཚེས་བརྒྱད་དང་བཅུ་བཞི་དང་། ཚེས་བཅོ་ལྔ་ལ་འདིར་ཤོག་ཤིག་དང་ངས་ཁྱོད་ལ་དེ་གཉིས་བསྟན་པར་བྱའི་ཁྱོད་ཀྱིས་བཟོད་པ་གསོལ་ཅིག །

དེས་གསོལ་པ། བཙུན་པ་ཅི་ལགས་བདག་གིས་དེ་གཉིས་ཀྱི་རྐང་པ་གཉིས་ལ་གཏུག་པར་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་གཉིས་ཀྱི་རྐང་པ་གཉིས་ལ་གཏུག་པར་མི་བྱ་སྟེ། འདི་ལྟར་མི་མ་རབས་དག་གི་རྐང་པ་ལ་

ཕྱག་འཚལ་བ་གང་ཡིན་པ་དེ་ནི་མི་གཙོ་བོ་དག་གིས་ལག་པ་ནས་བཟུང་བ་ཡིན་གྱིས་ཁྱོད་ཀྱིས་ལག་པ་གཡས་པ་རྐྱོང་ལ་ཀླུའི་དབང་པོ་གཉིས་བཟོད་པ་མཛོད་ཅིག་ཅེས་བཟོད་པ་གསོལ་ཅིག་དང་དེ་གཉིས་བཟོད་པར་འགྱུར་རོ། །དེས་གསོལ་པ། བཙུན་པ་མ་ནོངས་

เล่ม ๘ · หน้า 84a

ཏེ་དེ་བཞིན་དུ་བགྱིའོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་རི་རབ་ཀྱི་བང་རིམ་དུ་འོངས་ནས་བདག་ཉིད་ཁྱིམ་བདག་གི་ཆ་ལུགས་སུ་མངོན་པར་

སྤྲུལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ཡང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་

ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་བརྡ་མཛད་དོ། །དེ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་ལག་པ་གཡས་པ་བརྐྱང་སྟེ་སྨྲས་པ། ཀླུའི་དབང་པོ་

གཉིས་བཟོད་པ་མཛོད་ཅིག །དེ་གཉིས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ་བཟོད་པར་བགྱིའོ། །དེ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་ལ་བཟོད་པ་གསོལ་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་

ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་འཕགས་པ་མཽད་གལ་གྱི་བུ་ཆེན་པོ་ལ་མཆོད་པའི་སླད་དུ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་བདག་གི་སྡུམ་པར་དགུང་བདུན་གྱི་བར་དུ་གདུགས་ཚོད་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་

ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ནས་དེས་བློན་པོ་

རྣམས་ལ་བསྒོ་བ་ཤེས་ལྡན་དག་ངས་འཕགས་པ་མཽད་གལ་གྱི་བུ་ཆེན་པོ་མཆོད་པའི་ཕྱིར་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཞག་བདུན་དུ་གདུགས་ཚོད་ལ་སྤྱན་དྲངས་ཀྱིས་ཁྱེད་ཀྱིས་གྲོང་ཁྱེར་མཛེས་པར་གྱིས་ལ་གདུགས་ཚོད་སྟ་གོན་གྱིས་ཤིག །རྒྱལ་པོ་རྣམས་

เล่ม ๘ · หน้า 84b

ནི་ཚིག་གིས་འགྲུབ་པ་ཡིན་ལ། ལྷ་རྣམས་ནི་སེམས་ཀྱིས་འགྲུབ་པ་ཡིན། རྣལ་འབྱོར་པ་རྣམས་ནི་སེམས་བསྐྱེད་པ་ཙམ་གྱིས་ཐམས་ཅད་འགྲུབ་པ་ཡིན་པས་བློན་པོ་རྣམས་ཀྱིས་ལྷ་བཀའ་བཞིན་འཚལ་ཞེས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལས་མཉན་ནས་རྒྱལ་བྱེད་ཀྱི་ཚལ་

དང་མཉན་ཡོད་ཀྱི་བར་གྱི་ལམ་ཇི་སྲིད་པ་དག་མཆོག་ཏུ་མཛེས་པར་བྱས་ཤིང་མཉན་ཡོད་ཀྱང་རྡོ་བ་དང་གསེག་མ་དང་། གྱོ་མོ་མེད་པར་རྣམ་པར་གནས་པར་བྱས་ཏེ། ཙན་དན་གྱི་ཆུས་ཆག་ཆག་བཏབ་ཅིང་བདུག་སྤོས་དྲི་ཞིམ་པོའི་སྣོད་ཉེ་བར་བཞག་སྟེ་དར་གྱི་ཆུན་པོའི་ཚོགས་དཔྱངས་

ཤིང་རྒྱལ་མཚན་དང་། བ་དན་བསྒྲེང་སྟེ་མེ་ཏོག་སྣ་ཚོགས་བཀྲམ་ཞིང་ལྷ་རྣམས་ཀྱི་ལྷའི་འདུན་ས་ཆོས་བཟངས་ལྟར་ཉམས་དགའ་བར་བྱས་སོ། །ཞལ་ཟས་ཀྱང་ཁ་དོག་དང་། དྲི་དང་རོ་ཕུན་སུམ་ཚོགས་པ་དང་ལྡན་པ། སྐྱུ་རུམ་སྣ་ཚོགས་དང་བཅས་པ། སྤྱན་གཟིགས་སྣ་ཚོགས་

ཀྱིས་མཛེས་པར་བྱས་པ་བཤམས་ནས་འབྱོར་པ་དེ་ལྟ་བུ་འདིས་ཉི་མ་རེ་རེ་ཞིང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྒྱལ་པོའི་ཕོ་བྲང་དུ་གདུགས་ཚོད་གསོལ་ཏོ། །དེ་ན་མཚན་མོ་ཁུར་བ་འཚོད་པ་དག་ཏུ་མེ་ཤོར་ནས་དེས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་གླང་པོ་ཆེ་

ཡན་ལག་མཆོག་དང་ལྡན་པ་མང་པོ་དག་ཚིག་པར་གྱུར་ཏོ། །དེ་ནས་གདུགས་ཚོད་ཞག་བདུན་ཐལ་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་མཉན་ཡོད་དུ་དྲིལ་བསྒྲག་པ་བྱེད་དུ་བཅུག་ནས་མཉན་ཡོད་དུ་སུས་ཀྱང་མཚན་མོ་མེ་སྦར་བར་མི་བྱའོ། །གང་མེ་སྦར་བར་བྱེད་ན་དེ་ཀཱར་

ཥཱ་པ་ཎ་དྲུག་བཅུའི་ཆད་པས་བཅད་པར་བྱ་བའམ། ཕྱག་སྦལ་དུ་བཅུག་སྟེ་འཆི་བར་བྱ་དགོས་སོ་ཞེས་བསྒོའོ། །དེའི་ཚེ་ན་མཉན་ཡོད་ན་ཁྱིམ་བདག་བཟང་བྱིན་ཞེས་བྱ་བ་ཕྱུག་པ། ནོར་མང་བ་ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་

དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་དུས་གཞན་ཞིག་ན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་

เล่ม ๘ · หน้า 85a

བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཁྱིམ་བདག་བཟང་བྱིན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་

འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་

དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཁྱིམ་བདག་བཟང་བྱིན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་

དགེ་འདུན་དང་བཅས་པ་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་བཟང་བྱིན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཁྱིམ་བདག་བཟང་བྱིན་གྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་

འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཁྱིམ་བདག་བཟང་བྱིན་གྱིས་དེ་ཉིད་ཀྱི་མཚན་མོ་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པ་སྟ་གོན་བྱས་ཏེ་ནང་པར་སྔར་ལངས་ནས་གདན་དག་བཤམས་ཏེ་ཆུ་ར་བཞག་ནས།

བཅོམ་ལྡན་འདས་ལ་སྤྱན་འདྲེན་གྱིས་གདུགས་ཚོད་གཡར་དགོངས་འཚལ་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་སྤྱན་དྲངས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་

ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཁྱིམ་བདག་བཟང་བྱིན་གྱི་ཁྱིམ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་བཟང་བྱིན་གྱིས་སངས་རྒྱས་ལ་སོགས་

เล่ม ๘ · หน้า 85b

པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་

ནས་བཅོམ་ལྡན་འདས་གདུགས་ཚོད་གསོལ་ཅིང་ཕྱག་བཅབས་ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་རང་

བཞིན་ཐུགས་སུ་ཆུད་ནས་འདི་ལྟར་ཁྱིམ་བདག་བཟང་བྱིན་ཆུང་མ་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་

པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པ་མཛད་དོ། །དེས་བདེན་པ་མཐོང་ནས་བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་

ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་

དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་དུད་འགྲོ་དང་། ཡི་དགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག་གོ་ཞེས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །ཡང་སྨྲས་པ། ཁྱོད་མཐུས་རབ་དྲག་ཉེས་པ་མང་ལྡན་པའི། །ངན་

སོང་ཤུལ་བཀག་བསོད་ནམས་རབ་ལྡན་པའི། །མཐོ་རིས་འགྲོ་བ་ཕྱེ་ཞིང་བདག་གིས་ནི། །མྱ་ངན་འདས་པའི་ཤུལ་ཡང་ཐོབ་པར་གྱུར། །ཤིན་ཏུ་རྣམ་དག་ཁྱོད་བརྟེན་བདག་གིས་ནི། །དེ་རིང་སྐྱོན་བྲལ་དག་པའི་མིག་ཐོབ་ཅིང་། །གོ་འཕང་ཞི་བ་འཕགས་པ་དགྱེས་ཐོབ་སྟེ། །

เล่ม ๘ · หน้า 86a

སྡུག་བསྔལ་རྒྱ་མཚོའི་ཕ་རོལ་རྒལ་བར་གྱུར། །འགྲོ་བ་ལྷ་མིན་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་ན་འཆི་བྲལ་བ་པོ། །སྲིད་པ་སྟོང་དུ་མཐོང་བར་རབ་དཀོན་པ། །ཐུབ་པ་དེ་རིང་ཁྱོད་མཐོང་འབྲས་བུ་མཆིས། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་མཛད་ནས་

གཤེགས་སོ། །ཁྱིམ་བདག་བཟང་བྱིན་ཆུང་མ་དང་བཅས་པས་གང་གི་ཉིན་མོ་བདེན་པ་མཐོང་བར་བྱས་པ་དེའི་ཉིན་མོ་དེའི་ཆུང་མ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །ཁྱིམ་བདག་བཟང་བྱིན་གྱིས་ཀྱང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྱིམ་གཞན་དུ་སྤྱན་

དྲངས་ཏེ་བཤོས་གསོལ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་བཟང་བྱིན་ཆུང་མ་དང་བཅས་པ་ལ་གང་ཐོས་ནས་དེ་གཉིས་ཀྱིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཤིང་རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་པར་གྱུར་པ་དེ་ལྟར་ཆོས་བསྟན་པ་མཛད་དོ། །གང་གི་ཉིན་མོ་

ཁྱིམ་བདག་བཟང་བྱིན་ཆུང་མ་དང་བཅས་པས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཤིང་རྫུ་འཕྲུལ་མངོན་པར་བསྒྲུབས་པ་དེའི་ཉིན་མོ་དེའི་ཆུང་མ་ལ་བུ་བཙས་པ་ལས་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ་མཛེས་པ། གསལ་བ་གསེར་གྱི་མདོག་འདྲ་བ། མགོ་གདུགས་

ལྟ་བུ་དང་ལྡན་པ་ལག་པ་རིང་བ། འཕྲལ་བའི་དབྱེས་ཆེ་བ་སྨིན་མ་འཇར་བ། སྣའི་གཟངས་མཐོ་བ་ཞིག་བྱུང་ངོ་། །དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་

དོ། །ཉེ་དུ་དག་གིས་སྨྲས་པ། གང་གི་ཕྱིར་ཁྱེའུ་འདིའི་ཕ་མ་གཉིས་ཀྱིས་ཉི་མ་གང་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཤིང་རྫུ་འཕྲུལ་མངོན་པར་བསྒྲུབས་པར་གྱུར་པའི་ཉི་མ་དེ་ལ་བཙས་པས་དེའི་ཕྱིར་ཁྱེའུའི་མིང་རྫུ་འཕྲུལ་ལེན་ཅེས་བྱའོ་ཞེས་དེའི་མིང་རྫུ་འཕྲུལ་ལེན་ཅེས་

བྱ་བར་བཏགས་སོ། །ཁྱེའུ་རྫུ་འཕྲུལ་ལེན་པ་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དོ། །དེ་མ་མ་བརྒྱད་པོ་དེ་དག་གིས་འོ་མ་དང་ཞོ་དང་མར་དང་ཞུན་

เล่ม ๘ · หน้า 86b

མར་དང་མར་གྱི་སྙིང་ཁུ་དང་གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ། གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་། གྲངས་དང་རྩིས་དང་ལག་རྩིས་དང་དབྱུང་བ་དང་།

གཞུག་པ་དང་། བཞག་པ་ལ་ཉེ་བར་ཞུགས་ནས་དེ་ཡི་གེའི་མཐར་ཕྱིན་ཅིང་། འབྱེད་པ་དང་ཀློག་པ་དང་། མཁས་པ་དང་སྤྱོད་པ་གསལ་བ་དང་། བརྟག་པ་བརྒྱད་པོ་འདི་ལྟ་སྟེ། རིན་པོ་ཆེ་བརྟག་པ་དང་། གཞི་བརྟག་པ་དང་། གོས་བརྟག་པ་དང་། ཤིང་བརྟག་པ་དང་། གླང་

པོ་ཆེ་བརྟག་པ་དང་། རྟ་བརྟག་པ་དང་། བུད་མེད་བརྟག་པ་དང་། སྐྱེས་པ་བརྟག་པ་ལ་མཁས་པར་གྱུར་ཏོ། །དེ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོའི་འཁོར་གྱི་དྲུང་དུ་སོང་བ་དང་། དེའི་བཙུན་མོའི་འཁོར་གྱིས་སྟེང་གི་ཁང་བཟངས་ཀྱི་གཞིར་གཏོགས་པ་ནས་དེ་

ལ་མེ་ཏོག་གི་ཕྲེང་བ་འཕངས་སོ། །འཇིག་རྟེན་ནི་མཛའ་བཤེས་དང་། དགྲ་བོ་དང་། ཐ་མལ་པ་ཡིན་པས་ཇི་ཙམ་ན་གཞན་དག་གིས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་སྨྲས་པ། ལྷ་གཞོན་ནུ་རྫུ་འཕྲུལ་ལེན་ནི་ལྷའི་བཙུན་མོའི་འཁོར་དོན་དུ་གཉེར་རོ། །རྒྱལ་པོ་

དག་ནི་མི་རྟོག་པར་བྱེད་པས་དེས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ངས་ཁྱིམ་བདག་བཟང་བྱིན་གྱི་བུ་གཞོན་ནུ་རྫུ་འཕྲུལ་ལེན་ཡོངས་སུ་བཏང་ངོ་། །བློན་པོ་རྣམས་ཀྱིས་དེ་ཀ་ར་བཱི་རའི་མེ་ཏོག་གི་ཕྲེང་བས་མགུལ་པ་བཅིངས་ཏེ་གོས་སྔོན་པོ་གྱོན་པའི་མི་དག་བཀྲི་ནས་

གྲོང་ཁྱེར་གྱི་དབུས་ནས་ཕྱིར་བྱུང་སྟེ་བསད་སར་ཕྱིན་ནས་གསོད་དུ་བཅུག་གོ། །མཉན་ཡོད་ཀྱི་སྐྱེ་བོའི་ཚོགས་དང་། ཡུལ་ཐ་དད་པ་ནས་ལྷགས་པའི་མི་དག་གིས་རྒྱལ་པོ་སྡིག་ཅན་འདི་ནི་མ་བརྟགས་པར་བྱེད་པ་ངན་པ་ཡིན་ཏེ། དེས་ཁྱིམ་བདག་གི་བུ་གཞོན་ནུ་རྫུ་འཕྲུལ་

ལེན་ཁོན་མེད་པ། འགྲན་མི་ཚོལ་བ། མི་འཁུ་བ་བསད་དོ་ཞེས་བརྗོད་དོ། །དེ་བཞིན་དུ་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་རྣམས་ཀྱིས་ཀྱང་ངན་པ་དེས་ཁྱིམ་བདག་གི་བུ་གཞོན་ནུ་རྫུ་འཕྲུལ་ལེན་ཁོན་མེད་པ། འགྲན་མི་ཚོལ་བ། མི་འཁུ་བ་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด