གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ
ชื่อสันสกฤต (อักษรทิเบต ตามตัวบท) པཱུརྞ་པྲ་མུ་ཁ་ཨ་བ་དཱ་ན་ཤ་ཏི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๗๕ · หน้า 115b
ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རི་དགས་ཀྱི་ནགས་དྲང་སྲོང་
སྨྲ་བ་ན་རྟེན་ཅིང་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དཔོན་པོ་མྱ་ངན་མེད་ཅེས་བྱ་བ་ཐར་པ་འདོད་པའི་ཕྱིར། བཅོམ་ལྡན་འདས་ལས་རབ་ཏུ་བྱུང་ནས། དེ་ཐར་པ་ལ་རང་དབང་ཡོད་པ་ཙམ་དུ་འཛིན་ཏེ་བརྩོན་འགྲུས་མ་
བྱས་སོ། །རེ་ཞིག་ན་ཡུན་རིང་མོ་ཞིག་ལོན་པའི་འོག་ཏུ་མྱ་ངན་མེད་ཀྱིས་ལྗོངས་སུ་དབྱར་གནས་པར་དམ་བཅས་སོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡང་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་
གཟིམས་མལ་གྱི་ཐ་མར་བཞུགས་སོ། །དགེ་སློང་མྱ་ངན་མེད་ཀྱང་། ཤིང་མྱ་ངན་འཚང་གི་དྲུང་ན་ནང་དུ་ཡང་དག་འཇོག་ལ་ཞུགས་སོ། །དེ་ནས་ཤིང་མྱ་ངན་འཚང་དེ་ལ་གནས་པའི་ལྷ་དེས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡོངས་སུ་མྱ་ངན་ལས་
འདའོ་ཞེས་ཐོས་ནས་ངུ་ཞིང་འདུག་སྟེ། དེ་ངུ་བའི་མཆི་མ་ཟགས་པ་མྱ་ངན་མེད་ཀྱི་ལུས་ལ་བབ་བོ། །དེ་ནས་མྱ་ངན་མེད་ཀྱིས་གྱེན་དུ་བལྟས་ནས། ལྷ་ངུ་བ་དེ་ལ་སྨྲས་པ། ལྷ་ཅིའི་ཕྱིར་ངུ་། ལྷས་སྨྲས་པ། དོ་ནུབ་ནམ་ཕྱེད་ན། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་
སངས་རྒྱས་འོད་སྲུང་ཡོངས་སུ་མྱ་ངན་ལས་འདའོ། །དེ་ནས་མྱ་ངན་མེད་ཀྱིས་ལྷའི་ཚིག་ཐོས་ནས་གནད་དུ་ཕོག་པ་བཞིན་དུ་ཡེད་ཅེས་བྱས་ཏེ། དེ་ཡང་སྙིང་རྗེ་རྗེ་སྐད་དུ་ངུས་སོ། །དེ་ནས་ལྷས་དྲིས་པ་ཁྱོད་ཅིའི་ཕྱིར་ངུ་། མྱ་ངན་མེད་ཀྱིས་སྨྲས་པ། ཉེ་དུ་དང་བྲལ་བ་དང་
མཁན་པོ་དང་བྲལ་བའི་ཕྱིར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ནི་བདག་གི་ཞང་པོ་ཡིན་པས་བདག་བསོད་ཉམས་སུ་འདུག་འདུག་སྟེ་བརྩོན་འགྲུས་མ་བྱས་སོ། །ད་ནི་དེ་ལམ་རིངས་ལ་བདག་ནི་ས་སོའི་སྐྱེ་བོར་ལུས་ཏེ། ལམ་རིངས་པས་བདག་གིས་ཁྱད་པར་
เล่ม ๗๕ · หน้า 116a
ཐོབ་པར་མི་ནུས་སོ། །ལྷས་སྨྲས་པ། གལ་ཏེ་བདག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་ཁྱོད་བཀྲི་ན་ཅི་ཁྱད་པར་ཐོབ་པར་ནུས་སམ། མྱ་ངན་མེད་ཀྱིས་སྨྲས་པ། འདི་ལྟར་བདག་གི་ཡིད་ལ། བཅོམ་ལྡན་འདས་མཐོང་མ་ཐག་ཏུ་ཁྱད་པར་ཐོབ་
པར་འགྱུར་རོ་སྙམ་བྱེད་དོ། །དེ་ནས་ལྷས་རྫུ་འཕྲུལ་གྱི་མཐུས། མྱ་ངན་མེད་བཅོམ་ལྡན་འདས་ཀྱི་ཐད་དུ་ཁྱེར་ཏེ། དེས་བཅོམ་ལྡན་འདས་མཐོང་ནས་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་འོད་སྲུང་གིས་གང་ཐོས་པས་དགྲ་བཅོམ་པ་ཉིད་མངོན་སུམ་
དུ་བྱེད་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། ཐོག་མ་ཁོ་ནར་ཚེ་དང་ལྡན་པ་མྱ་ངན་མེད་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་འོག་ཏུ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡོངས་སུ་མྱ་ངན་ལས་འདས་སོ། །
དེ་ནས་ལྷ་དེས་ཚེ་དང་ལྡན་པ་མྱ་ངན་མེད་ཡོངས་སུ་མྱ་ངན་ལས་འདས་པ་མཐོང་ནས་དགའ་བ་སྐྱེད་དེ། ཚེ་དང་ལྡན་པ་འདིས་ཁྱད་པར་ཅི་ཐོབ་པ་ཐམས་ཅད་ནི་བདག་ལས་བསྟན་པ་ཡིན་གྱིས་བདག་ཀྱང་འདི་བཞིན་དུ་མ་འོངས་པའི་དུས་ན། བཅོམ་ལྡན་འདས་ཡང་དག་པར་རྫོགས་
པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ། བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེ། གཟིམས་མལ་གྱི་ཐ་མར་ཞུགས་པ་ན་
བདག་ཀྱང་དེའི་མངོན་སུམ་གྱི་ཉན་ཐོས་ཀྱི་ཐ་མར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྔ་རོལ་ཏུ་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་འོག་ཏུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་
དུས་ན་ལྷར་གྱུར་པ་གང་ཡིན་པ་དེ་ནི་རབ་བཟང་འདི་ཡིན་ནོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་དང་དགེ་བའི་རྟེན་དང་གནས་པར་བྱའི་སྡིག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་དང་སྡིག་པའི་རྟེན་
เล่ม ๗๕ · หน้า 116b
དང་གནས་པར་མི་བྱའོ་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདིར་བདག་གཅིག་པུ་དབེན་པར་མཆིས་ནས། ནང་དུ་ཡང་དག་འཇོག་ལ་ཞུགས་པ་ན་སེམས་
ལ་འདི་ལྟ་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་བྱུང་སྟེ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་དང་དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགས་ཀྱི། སྡིག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་དང་སྡིག་པའི་རྟེན་ནི་དེ་ལྟ་མ་ལགས་སོ་སྙམ་
བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱེད་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་དང་དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ཡིན་གྱི། སྡིག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་དང་སྡིག་པའི་རྟེན་ནི་དེ་
ལྟ་མ་ཡིན་ནོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་དང་དགེ་བའི་རྟེན་འདི་ནི་ཚངས་པར་སྤྱོད་པ་རིལ་པོ་དང་མ་འདྲེས་པ་དང་ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པ་དང་ཡོངས་སུ་བྱང་བ་ཡིན་གྱི།
སྡིག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་དང་སྡིག་པའི་རྟེན་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དགེ་བའི་བཤེས་གཉེན་ལ་བརྟེན་ནས། སེམས་ཅན་སྐྱེ་བའི་ཆོས་ཅན་རྣམས་སྐྱེ་བའི་ཆོས་ཅན་ལས་ཡོངས་སུ་གྲོལ་བར་འགྱུར་བ་དང་སེམས་
ཅན་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་རྣམས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་
དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་ལས་ཡོངས་སུ་གྲོལ་བར་འགྱུར་བའི་ཕྱིར་རོ། །ཀུན་དགའ་བོ་དེ་བས་ན་རྣམ་གྲངས་འདི་ཁོ་ནས་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་དང་དགེ་བའི་རྟེན་འདི་ནི་
เล่ม ๗๕ · หน้า 117a
ཚངས་པར་སྤྱོད་པ་རིལ་པོ་དང་མ་འདྲེས་པ་དང་ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པ་དང་ཡོངས་སུ་བྱང་བ་ཡིན་གྱི། སྡིག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་དང་སྡིག་པའི་རྟེན་ནི་དེ་ལྟ་མ་ཡིན་ནོ་ཞེས་ཀུན་དགའ་བོ་ཁྱོད་ཀྱིས་དེ་ལྟར་བསླབ་
པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །རྟོགས་པ་བརྗོད་པ་བརྒྱ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་བཞི་པ་སྟེ་བྱང་ཆུབ་སེམས་དཔའི་སྐྱེས་པའི་
རབས་རྣམས་རྫོགས་སོ།། །།སྡོམ་ནི། བུ་རམ་གནས་དང་ཁ་ཟས་དང་། །ཆུ་དང་ཕྱི་སའི་སྣོད་རྣམས་དང་། །མཽད་གལ་བུ་དང་ཆུ་སྨད་དང་། །དམུས་ལོང་དང་ནི་ཚོང་དཔོན་དང་། །བུ་རྣམས་དང་ནི་ཕྱིས་ཁུང་། །སྡེ་ཚན་དག་ཏུ་བསྟན་པ་ཡིན། །བུ་རམ་འཚིར་
བའི་གནས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་།
ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་
འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་
པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། གང་གི་ཚེ་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ཀྱིས་འདི་ལྟར་དམ་བཅས་ཏེ།
เล่ม ๗๕ · หน้า 117b
སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་རྣམས་ཀྱི་ནང་ནས། སེམས་ཅན་གཅིག་ཙམ་ཡང་ཐར་བར་མ་བྱས་ཀྱི་བར་དུ་ཟན་མི་བཟའོ་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་དེ་གཉིས་དུས་དུས་སུ་རེས་འགའ་ནི་སེམས་ཅན་དམྱལ་བར་རྒྱུ་ཞིང་འགྲོའོ། །རེས་འགའ་
ནི་དུད་འགྲོའི་ནང་དུ་རྒྱུ་ཞིང་འགྲོའོ། །རེས་འགའ་ནི་ཡི་དགས་ཀྱི་ནང་དུ་རྒྱུ་ཞིང་འགྲོ་སྟེ་དེ་གཉིས་ཀྱིས་དེར་སེམས་ཅན་གནོད་པ་སྣ་ཚོགས་ཀྱིས་ཉེན་པ་རྣམས་ཀྱི་སྐད་ངན་ཐོས་ནས་རྒྱུ་བ་ལས་སླར་འཁོར་ཏེ། འཁོར་བཞི་པོ་རྣམས་ལ་རྗོད་པར་བྱེད་དོ། །དེ་དག་གིས་ཀྱང་ཐོས་ནས་
སྐྱོ་བར་འགྱུར་རོ། །དེ་ནས་དེ་གཉིས་ཀྱིས་དེ་ལ་བསྟན་ནས་དེ་དང་འཐུན་པའི་ཆོས་སྟོན་པར་བྱེད་དེ། དེས་ན་སེམས་ཅན་དུ་མས་ཐོས་ནས་ཁྱད་པར་ཐོབ་པར་འགྱུར་བ་དང་། ཆོས་ཐོས་པ་དང་གཏམ་བྱ་བའི་གནས་སུ་འགྱུར་རོ། །ཕྱིས་རེ་ཞིག་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་
ཆེན་པོ་ཡི་དགས་ཀྱི་ནང་དུ་རྒྱུ་ཞིང་སོང་བ་དང་། ཡི་དགས་ལྟོ་ནི་རི་ཙམ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། རང་གི་སྐྲས་ཡོག་པ། འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་ནས་ཚིག་ཅིང་ཉམ་ཐག་པའི་སྐད་འབྱིན་ཏེ། སྡུག་བསྔལ་དྲག་པ་དང་མི་
བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་བ་དང་། བཤང་གཅི་ག་ལ་ཡོད་པ་དེར་འཁོར་ལ་དེ་ཡང་བདེ་བླག་ཏུ་མི་རྙེད་པ་ཞིག་མཐོང་ངོ་། །དེ་ནས་གནས་བརྟན་དེས་ཡི་དགས་དེ་ལ་དྲིས་པ། ཀྱེ་ཁྱོད་ཀྱིས་ལས་ཅི་ཞིག་བྱས་ན། དེས་འདི་ལྟ་བུའི་སྡུག་བསྔལ་དྲག་པ་
མི་བཟད་པ་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་ཞིང་འདུག །ཡི་དགས་ཀྱིས་སྨྲས་པ། ཉི་མ་ཤར་བ་ན་སྒྲོན་མ་མི་དགོས་ཀྱིས། བཅོམ་ལྡན་འདས་ལ་དོན་འདི་ཞུས་ཤིག་དང་། དེས་ཁྱོད་ལ་བདག་གི་ལས་ཀྱི་རྣམ་པ་ལུང་སྟོན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་
བུ་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་འཁོར་བཞི་པོ་རྣམས་ལ་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་སྟོན་ཏེ། འཁོར་བརྒྱ་ཕྲག་དུ་མ་ཡང་དབང་པོ་རྣམས་མི་གཡོ་
เล่ม ๗๕ · หน้า 118a
བར་བཅོམ་ལྡན་འདས་ལས་ཆོས་རོ་དང་ལྡན་ནོ་ཅོག་ཉན་པར་བྱེད་དོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གསོང་པོར་གསུང་བ་སྙན་པར་གསུང་བ། ཚུར་ཤོག་འོངས་པ་ལེགས་སོ་ཞེས་གསུང་བ་སྔར་འཛུམ་པ་ཡིན་ཏེ། དེར་བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་ཚུར་ཤོག །ཁྱོད་འོངས་པ་ལེགས་སོ། །ཁྱོད་ད་གདོད་ག་ལས་འོངས། མཽད་གལ་གྱི་བུས་གསོལ་པ། བཙུན་པ་བདག་ནི་ཡི་དགས་ཀྱི་ནང་དུ་རྒྱུ་ཞིང་མཆི་མཆི་བ་ལས་
སླར་མཆིས་ཏེ། དེར་བདག་གིས་ཡི་དགས་ལྟོ་ནི་རི་ཙམ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། རང་གི་སྐྲས་ཡོག་པ། ཕྱི་ས་བཞིན་དྲི་ང་བ་མཆོག་ཏུ་དྲི་ང་བ་མི་སྡུག་པ་མཆོག་ཏུ་མི་སྡུག་པ་ཟས་སུ་ཕྱི་ས་འཚལ་ལ་དེ་ཡང་བདེ་བླག་ཏུ་མི་རྙེད་པ་ཞིག་མཐོང་ལགས་སོ། །ཡང་གསོལ་པ། ལུས་
ཆེན་རི་བོ་མཐོན་པོ་འདྲ་བ་ལ། །མཆུ་དང་ལྐོག་མ་སྐམ་ཞིང་ཤིན་ཏུ་སྡུག །རང་གི་སྐྲས་ནི་གདོང་ཡོག་གཅེར་བར་མཆིས། །མཆུ་སྒོ་ཕྲ་ཁབ་མིག་འདྲ་རབ་ཏུ་རིད། །དེ་ལྟར་གཅེར་བུ་སྐྲས་ཡོག་པ། །རུས་པའི་འཁྲུལ་འཁོར་བསྒྲེང་བ་བཞིན། །ཐོད་པ་ཐོགས་ཤིང་མི་བཟད་ལ། །
ངུ་ཞིང་ཀུན་ཏུ་རྒྱུག་པར་བགྱིད། །བཀྲེས་པ་དང་ནི་སྐོམ་པ་ཡིས། །དུབ་ཅིང་སྡུག་བསྔལ་དག་གིས་ཉེན། །ཉམ་ཐག་སྐད་ཀྱང་འབྱིན་པར་བགྱིད། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང་། །དེ་ཡིས་མི་ཡི་འཇིག་རྟེན་དུ། །རབ་འཇིགས་སྡིག་པ་ཅི་བགྱིས་ན། །དེས་ན་སྡུག་
བསྔལ་འདི་འདྲ་བ། །འཇིགས་སུ་རུང་བ་མྱོང་བར་གྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ཡི་དགས་དེ་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ནོ། །དེའི་ལས་ཀྱི་རྣམ་པ་ཉན་པར་འདོད་དམ། བཙུན་པ་མཉན་པར་འཚལ་ལགས་སོ། །མཽད་གལ་
གྱི་བུ་འོ་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་
เล่ม ๗๕ · หน้า 118b
དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་འདུག་པ་དེའི་བུ་རམ་ཤིང་བཙིར་བའི་གནས་གྲྭ་ལྔ་བརྒྱ་ཡོད་དེ། དེ་དག་ཏུ་དེའི་བུ་རམ་ཤིང་འཚིར་བར་བྱེད་དོ། །སངས་རྒྱས་རྣམས་འཇིག་རྟེན་དུ་མི་འབྱུང་བའི་ཚེ། རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་
བརྩེ་བ། བས་མཐའི་གནས་མལ་གྱིས་འཚོ་བ་འཇིག་རྟེན་གྱི་ཡོན་གནས་གཅིག་པུ་རྣམས་འཇིག་རྟེན་དུ་འབྱུང་སྟེ་རེ་ཞིག་ན། རང་སངས་རྒྱས་སྡུག་ཅིང་ཕོངས་པ་ལ་སྙིང་བརྩེ་བ་བས་མཐའི་གནས་མལ་གྱིས་འཚོ་བ་ཞིག་བྱུང་ནས། དེ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་
ཏེ། ལྷུང་བཟེད་ཐོགས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་སོང་ངོ་། །བཙུན་པ་དེ་ཡང་ནད་ཁོང་སྐེམ་གྱིས་ཐེབས་ཏེ། དེ་ལ་སྨན་པས་བུ་རམ་ཤིང་གི་ཁུ་བ་ཕན་པར་བསྟན་ནས་ཚོང་དཔོན་ཆེན་པོ་དེའི་ཐད་དུ་སོང་ངོ་། །ཚོང་དཔོན་གྱིས་ཀྱང་རང་སངས་རྒྱས་ལུས་ཀྱང་མཛེས་ལ།
སེམས་ཀྱང་མཛེས་པ་དེ་མཐོང་ངོ་། །མཐོང་ནས་ཀྱང་ཚོང་དཔོན་གྱིས་སྨྲས་པ། འཕགས་པ་ཅི་བཞེད། རང་སངས་རྒྱས་ཀྱིས་སྨྲས་པ། ཁྱིམ་བདག་བུ་རམ་ཤིང་གི་ཁུ་བ་འདོད་དོ། དེ་ནས་ཁྱིམ་བདག་དེས་ཚལ་ཟ་ཞིག་ལ་འཕགས་པ་ལ་བུ་རམ་ཤིང་གི་ཁུ་བ་ཕུལ་ཅིག་ཅེས་
བསྒོ་ནས་ཁྱིམ་བདག་དེ་ནི་དོན་ཞིག་ལ་ཕྱི་རོལ་ཏུ་ཆས་སོ། །དེ་ནས་མི་དེ་གཞན་གྱི་རྫས་ལ་སེར་སྣ་སྐྱེས་ནས། གལ་ཏེ་བདག་གིས་འདི་ལ་བུ་རམ་ཤིང་གི་ཁུ་བ་སྦྱིན་དུ་ཟིན་ན་ཕྱིས་ཀྱང་འདིར་འོང་བར་འགྱུར་རོ་སྙམ་སྟེ། མི་སྡུག་པའི་འགྲོ་བ་གསུམ་གྱི་གཡང་སར་
གཞོལ་བ། ཐམས་ཅད་ཀྱིས་འདོད་པར་བྱ་བའི་འགྲོ་བ་གཉིས་བོར་བ། འཕགས་པའི་ལམ་རྣམས་ཐག་བསྲིངས་པ་དེས་སྡིག་པའི་སེམས་བསྐྱེད་ནས། རང་སངས་རྒྱས་དེ་ལ་སྨྲས་པ། དགེ་སློང་ལྷུང་བཟེད་ཚུར་བྱིན་ཅིག་དང་། བུ་རམ་ཤིང་གི་ཁུ་བ་སྦྱིན་ནོ་ཞེས་
བྱས་སོ། །ཉན་ཐོས་ཀྱི་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་ནི་མ་དགོངས་ཀྱི་བར་དུ་ཤེས་པའི་མཐོང་བ་མི་འཇུག་སྟེ། སྡུག་ཅིང་ཕོངས་པ་ལ་སྙིང་བརྩེ་བས་མི་དེ་ལ་ངས་ཕན་གདགས་པར་བྱའོ་སྙམ་ནས་ལྷུང་བཟེད་དེ་བྱིན་ནོ། །དེ་ནས་སྤྱོད་པ་ངན་ཅིང་སྙིང་ལ་སྙིང་རྗེ་མེད་
เล่ม ๗๕ · หน้า 119a
པ་དེས་དེ་བླངས་ཏེ་ལྐོག་ཅིག་ཏུ་སོང་ནས་གཅིན་གྱིས་བཀང་སྟེ། སྟེང་དུ་བུ་རམ་ཤིང་གི་ཁུ་བའི་དབུ་བས་བཀབ་ནས། རང་སངས་རྒྱས་དེ་ལ་ཕུལ་བ་དང་། དེས་ཚོར་ནས་དེས་བསམས་པ་ཉོན་མོངས་འདིས་སྡིག་པ་ཆེན་པོ་ཞིག་བྱས་ཀྱིས་མེད་དོ་སྙམ་སྟེ། དེ་
ཕྱོགས་གཅིག་ཏུ་སོང་ནས་ཕོ་སྟེ་སོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཚལ་ཟར་གྱུར་པ་གང་ཡིན་པ་དེ་ནི་ཡི་དགས་འདི་ཡིན་ཏེ། ལས་དེའི་རྣམ་པར་སྨིན་པས་འཁོར་བ་ན་སྡུག་བསྔལ་མཐའ་ཡས་པ་མྱོང་བར་
གྱུར་ལ་ད་ལྟར་ཡང་ཡི་དགས་སུ་གྱུར་ནས་སྡུག་བསྔལ་མི་བཟད་པ་མྱོང་བ་ཡིན་ནོ། །མཽད་གལ་གྱི་བུ་དེ་བས་ན། ཅི་ནས་ཡི་དགས་དེའི་ཉེས་པ་དེ་ལྟ་བུ་དག་མི་འབྱུང་བར་བྱ་བའི་ཕྱིར་སེར་སྣ་སྤང་བ་ལ་བརྩོན་པར་བྱའོ། །མཽད་གལ་གྱི་བུ་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་
ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །མཽད་གལ་གྱི་བུ་དེ་བས་ན།
ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ལ་ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། མཽད་གལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་
མཽད་གལ་གྱི་བུ་ཆེན་པོ་དང་ལྷ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཁ་ཟས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་
རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་
เล่ม ๗๕ · หน้า 119b
དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་
འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་
ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཉིན་པར་གནས་པའི་ཕྱིར། ཤིང་ཞིག་གི་དྲུང་དུ་འདུག་པ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས། ཡི་དགས་མོ་ཞིག་གི་སྒྲ་ཐོས་ཏེ་ཉམ་ཐག་པའི་སྐད་འབྱིན་ཅིང་། སྡུག་བསྔལ་དྲག་པ་དང་མི་
བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ། ཁ་ཟས་སློང་ཞིང་གྲོགས་མོ་དག་བདག་བཀྲེས་སོ། །གྲོགས་མོ་དག་བདག་སྐོམ་མོ་ཞེས་ཟེར་བ་ཐོས་སོ། །དེ་ནས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོས་ཡི་དགས་མོ་དེ་མཐོང་ནས་དྲིས་པ། ཁྱོད་ཀྱིས་ལས་ཅི་ཞིག་བྱས་ན།
དེས་འདི་ལྟ་བུའི་སྡུག་བསྔལ་དག་མྱོང་ཞིང་འདུག །ཡི་དགས་མོས་སྨྲས་པ། ཉི་མ་ཤར་བ་ན་སྒྲོན་མ་མི་དགོས་ཀྱིས། བཅོམ་ལྡན་འདས་ལ་དོན་འདི་ཞུས་ཤིག་དང་། དེས་ཁྱོད་ལ་བདག་གི་ལས་ཀྱི་རྣམ་པ་ལུང་སྟོན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་
པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། འཁོར་བཞི་པོ་རྣམས་ལ་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་སྟོན་ཏེ། འཁོར་བརྒྱ་ཕྲག་དུ་མ་ཡང་དབང་པོ་རྣམས་མི་གཡོ་བར་
བཅོམ་ལྡན་འདས་ལས་ཆོས་རོ་དང་ལྡན་ནོ་ཅོག་ཉན་པར་བྱེད་དོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གསོང་པོར་གསུང་བ་སྙན་པར་གསུང་བ་ཚུར་ཤོག་འོངས་པ་ལེགས་སོ་ཞེས་གསུང་བ་སྔར་འཛུམ་པ་ཡིན་ཏེ། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་
เล่ม ๗๕ · หน้า 120a
གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་ཚུར་ཤོག །ཁྱོད་འོངས་པ་ལེགས་སོ། ཁྱོད་ད་གཟོད་ག་ལས་འོངས། མཽད་གལ་གྱི་བུས་གསོལ་པ། བཙུན་པ་བདག་ནི་ཡི་དགས་ཀྱི་ནང་དུ་རྒྱུ་ཞིང་མཆི་མཆི་བ་ལས་སླར་མཆིས་ཏེ། དེར་བདག་གིས་ཡི་དགས་མོ་
ལྟོ་ནི་རི་ཙམ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། རང་གི་སྐྲས་ཡོག་པ། གཅེར་བར་མཆིས་ཤིང་ཉམ་ཐག་པའི་སྐད་འབྱིན་ཏེ། སྡུག་བསྔལ་དྲག་པ་དང་། མི་བཟད་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་ཞིང་མཆིས་པ་ཞིག་མཐོང་ལགས་སོ། །ཡང་གསོལ་པ། །ལུས་ཆེན་རི་བོ་མཐོན་
པོ་འདྲ་བ་ལ། །མཆུ་དང་ལྐོག་མ་སྐམ་ཞིང་ཤིན་ཏུ་སྡུག །རང་གི་སྐྲས་ནི་གདོང་ཡོག་གཅེར་བར་མཆིས། །མཆུ་སྒོ་ཕྲ་ཁབ་མིག་འདྲ་རབ་ཏུ་རིད། །དེ་ལྟར་གཅེར་བུ་སྐྲས་ཡོག་པ། །རུས་པའི་འཁྲུལ་འཁོར་བསྒྲེང་བ་བཞིན། །ཐོད་པ་ཐོགས་ཤིང་མི་བཟད་ལ། །ངུ་ཞིང་ཀུན་ཏུ་རྒྱུག་པར་བགྱིད། །
བཀྲེས་པ་དང་ནི་སྐོམ་པ་ཡིས། །དུབ་ཅིང་སྡུག་བསྔལ་དག་གིས་ཉེན། །ཉམ་ཐག་སྐད་ཀྱང་འབྱིན་པར་བགྱིད། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང་། །དེ་ཡིས་མི་ཡི་འཇིག་རྟེན་དུ། །རབ་འཇིགས་སྡིག་པ་ཅི་བགྱིས་ན། །དེས་ན་སྡུག་བསྔལ་འདི་འདྲ་བ། །འཇིགས་སུ་རུང་བ་མྱོང་བར་
གྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ཡི་དགས་མོ་དེ་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ནོ། །དེའི་ལས་ཀྱི་རྣམ་པ་ཉན་པར་འདོད་དམ། བཙུན་པ་ཉན་པར་འཚལ་ལགས་སོ། །མཽད་གལ་གྱི་བུ་འོ་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །
མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་
ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་གྲོང་ཁྱེར་བཱ་རཱ་ཎ་སཱི་དེ་ན་ཁྱིམ་བདག་ཅིག་གི་ཆུང་མ་སེར་སྣ་ཅན་འཇུངས་
เล่ม ๗๕ · หน้า 120b
པ་ཡོ་བྱད་རྣམས་ཀུན་ཏུ་འཛིན་པ། ཁྭ་ལའང་གཏོར་མ་མི་སྟེར་ན་སློང་བ་གཞན་དག་ལྟ་ལ་སྨོས་ཀྱང་ཅི་དགོས་པ་ཞིག་ཡོད་དེ། དེ་དགེ་སྦྱོང་དང་བྲམ་ཟེ་དང་སྡུག་ཅིང་ཕོངས་པ་དང་བཀྲེས་པ་དག་མཐོང་ན་སེམས་ཀྱིས་སྡང་བར་བྱེད་དོ། །རེ་ཞིག་ན་བསོད་སྙོམས་པ་ཞིག་དེའི་ཁྱིམ་དུ་འོངས་
ནས། དེས་དེ་མཐོང་ན། སེར་སྣ་སྐྱེས་ཏེ། སེམས་ཀྱང་སྡང་བར་གྱུར་ནས་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་གིས་འདི་ལ་བཀུར་སྟི་བྱས་ན་ནི། འདི་ཕྱིས་ཀྱང་འོང་བར་འགྱུར་རོ་སྙམ་མོ། །དེ་ནས་སྡིག་ཅན་དེས་ཚེ་ཕྱི་མའི་མི་སྡུག་པ་ཁྱད་དུ་བསད་ནས། དགེ་སློང་དེ་ནང་དུ་བོས་ཏེ་སྒོ་
བཅད་ནས་སྨྱུང་དུ་བཅུག་གོ། །མང་དུ་ཡང་སྤྱོས་ཏེ། དགེ་སློང་ཁྱོད་ལ་བཀུར་སྟི་མ་ཡིན་པ་བྱས་པ་འདི་ཡིན་གྱིས། ཕྱིན་ཅད་ཁྱིམ་འདིར་མ་འོང་ཤིག་ཅེས་བྱས་སོ། །དེ་ནས་དེ་སེར་སྣ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་ཡི་དགས་སུ་སྐྱེས་ཏེ། དེ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་
ངོ་། །མཽད་གལ་གྱི་བུ་དེ་བས་ན་ཅི་ནས་ཡི་དགས་མོ་དེའི་ཉེས་པ་གང་ཡིན་པ་དེ་ལྟ་བུ་དག་མི་འོང་བར་བྱ་བའི་ཕྱིར་སེར་སྣ་སྤོང་བ་ལ་བརྩོན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་དང་ལྷ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་
ཅི་དང་ལྟོ་འཕྱེ་ཆེན་པོ་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཆུ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ། རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་
དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་
དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་
เล่ม ๗๕ · หน้า 121a
ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཡི་དགས་ཀྱི་ནང་དུ་རྒྱུ་ཞིང་སོང་བ་དང་། ཡི་དགས་མོ་སྡོང་དུམ་མེ་རེག་འདྲ་ལ་རང་གི་སྐྲས་ཡོག་པ། ལྟོ་ནི་རི་ཙམ་ལ་ཁ་
ནི་ཁབ་ཀྱི་མིག་ཙམ་སྟེ། འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་ནས་ཚིག་ཅིང་ཉམ་ཐག་པའི་སྐད་འབྱིན་ལ་སྐོམ་གྱིས་གདུངས་ཏེ། སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་བ་དང་དེས་མཐོང་བ་ཙམ་གྱིས་ཆུ་ཀླུང་དང་
ཁྲོན་པ་རྣམས་སྐམ་པར་འགྱུར་བ་དང་གང་གི་ཚེ་ཆར་འབབ་པ་དེའི་ཚེ། དེའི་སྟེང་དུ་མེ་སྟག་འཕྲོ་བའི་མདག་མའི་ཆར་འབབ་པ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་ལ་སྨྲས་པ། ཀྱེ་ཁྱོད་ཀྱིས་སྡིག་པ་ཅི་ཞིག་བྱས་ན་དེས་འདི་ལྟ་བུའི་སྡུག་བསྔལ་མྱོང་ཞིང་
འདུག །ཡི་དགས་མོས་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་བདག་ནི་སྡིག་པ་བྱེད་བྱེད་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་དོན་འདི་ཞུས་ཤིག་དང་དེ་ཁྱོད་ལ་བདག་གི་ལས་ཀྱི་རྣམ་པ་སྟོན་པར་འགྱུར་ཏེ། དེ་ཐོས་ན་སེམས་ཅན་གཞན་དག་ཀྱང་སྡིག་པའི་ལས་སྤོང་བར་འགྱུར་རོ། །
དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། འཁོར་བཞི་པོ་རྣམས་ལ་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་སྟོན་ཏེ། འཁོར་བརྒྱ་ཕྲག་དུ་མ་ཡང་དབང་པོ་རྣམས་
མི་གཡོ་བར། བཅོམ་ལྡན་འདས་ལས་ཆོས་རོ་དང་ལྡན་ནོ་ཅོག་ཉན་པར་བྱེད་དོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གསོང་པོར་གསུང་བ་སྙན་པར་གསུང་བ་ཚུར་ཤོག །འོངས་པ་ལེགས་སོ་ཞེས་གསུང་བ་སྔར་འཛུམ་པ་ཡིན་ཏེ། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་
པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་ཚུར་ཤོག །ཁྱོད་འོངས་པ་ལེགས་སོ་ཁྱོད་ད་གཟོད་ག་ལས་འོངས། མཽད་གལ་གྱི་བུས་གསོལ་པ། བཙུན་པ་བདག་ནི་ཡི་དགས་ཀྱི་ནང་དུ་རྒྱུ་ཞིང་མཆི་མཆི་བ་ལས་སླར་མཆིས་ཏེ། དེར་བདག་གིས་ཡི་དགས་མོ་སྡོང་པོ་མེ་རེག་འདྲ་ལ་རང་གི་སྐྲས་ཡོག་
เล่ม ๗๕ · หน้า 121b
པ། ལྟོ་ནི་རི་ཙམ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་ནས། ཚིག་ཅིང་ཉམ་ཐག་པའི་སྐད་འབྱིན་ལ་སྐོམ་གྱིས་གདུངས་ཏེ། སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་བ་དང་དེས་མཐོང་བ་ཙམ་
གྱིས་ཆུ་ཀླུང་དང་ཁྲོན་པ་རྣམས་སྐམ་པར་འགྱུར་བ་དང་། གང་གི་ཚེ་ཆར་འབབ་པ་དེའི་ཚེ་དེའི་སྟེང་དུ་མེ་སྟག་འཕྲོ་བའི་མདག་མའི་ཆར་འབབ་པ་ཞིག་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ཡི་དགས་མོ་དེ་ནི་སྡིག་པ་བྱེད་བྱེད་པ་ཡིན་ནོ། །དེའི་ལས་ཀྱི་རྣམ་
པ་ཉན་པར་འདོད་དམ། བཙུན་པ་མཉན་པར་འཚལ་ལགས་སོ། །མཽད་གལ་གྱི་བུ་འོ་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །
དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་པ་ན། དེར་དགེ་སློང་ཞིག་ལམ་དུ་ཞུགས་ནས་དེ་སྐོམ་གྱིས་གདུངས་ཏེ། ཁྲོན་པའི་དྲུང་དུ་སོང་ནས་དེ་ན་བུ་མོ་ཞིག་བུམ་པ་ཆུས་བཀང་སྟེ་འདུག་པ་ལ་དགེ་སློང་དེས་སྨྲས་པ། ཆེ་ཞེ་བདག་ནི་སྐོམ་གྱིས་གདུངས་
ཀྱིས་ཆུ་བྱིན་ཅིག་ཅེས་བྱས་ན་ཡོ་བྱད་ལ་ཀུན་ཏུ་འཛིན་པ་དེ་སེར་སྣ་སྐྱེས་ནས། དགེ་སློང་དེ་ལ་སྨྲས་པ། དགེ་སློང་བདག་གི་བུམ་པ་འགྲིབས་སུ་འོང་གིས། གལ་ཏེ་ཁྱོད་ཤི་ན་ཡང་ཆུ་མི་སྦྱིན་ནོ་ཞེས་བྱས་སོ། །དེ་ནས་དགེ་སློང་དེ་སྐོམ་གྱིས་གདུངས་བཞིན་དུ་རེ་ཐག་ཆད་ནས་སོང་ངོ་། །དེ་ནས་བུ་མོ་
དེ་སེར་སྣ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དེ་ལྟ་བུས་ཤི་ནས་ཡི་དགས་སུ་སྐྱེས་ཏེ། དེ་ལྟ་བུའི་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་ཞིང་འདུག་གོ། །མཽད་གལ་གྱི་བུ་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སེར་སྣ་སྤང་བར་བྱ་བའི་ཕྱིར་བརྩོན་པར་
เล่ม ๗๕ · หน้า 122a
བྱའོ་ཞེས་མཽད་གལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་ལྷ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་
གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ། བམ་པོ་བཅུ་གཅིག་པ། ཕྱི་སའི་སྣོད་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་།
ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་
དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་
དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ནས་ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་སོང་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བྱས་ཏེ།
ཟན་ཟོས་ནས་ཟས་ཕྱིས་ལེན་པ་སྤངས་ཏེ་ལྷུང་བཟེད་དང་ཆོས་གོས་བཞག་ནས། བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཛེགས་ཏེ། ཉིན་པར་གནས་པའི་ཕྱིར་ཤིང་ཞིག་གི་དྲུང་དུ་རྟེན་ཅིང་འདུག་གོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཡི་དགས་མོ་སྡོང་
དུམ་མེ་རེག་འདྲ་ལ་གཅེར་བུར་འདུག་ཅིང་རང་གི་སྐྲས་ཡོག་པ། ལྟོ་ནི་རི་ཙམ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་ནས་ཚིག་ཅིང་ཉམ་ཐག་པའི་སྐད་འབྱིན་ལ། སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་
เล่ม ๗๕ · หน้า 122b
ཚོར་བ་མྱོང་བ་ཕྱི་ས་བཞིན་དུ་དྲི་ང་ཞིང་མཆོག་ཏུ་དྲི་ང་བ་ཟས་སུ་ཕྱི་ས་ཟ་ལ་དེ་ཡང་བདེ་བླག་ཏུ་མི་རྙེད་པ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་མི་དགའ་བར་གྱུར་ནས་ཡི་དགས་མོ་ལ་དྲིས་པ། ཁྱོད་ཀྱིས་སྔོན་སྡིག་པ་ཅི་ཞིག་བྱས་ན་དེས་འདི་ལྟ་བུའི་འབྲས་བུ་མྱོང་ཞིང་
འདུག །ཡི་དགས་མོས་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་བདག་ནི་སྡིག་པ་བྱེད་བྱེད་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་དོན་འདི་ཞུས་ཤིག་དང་དེ་ཁྱེད་ལ་བདག་གི་ལས་ཀྱི་རྣམ་པ་ལུང་སྟོན་པར་འགྱུར་ཏེ། དེ་ཐོས་ན་སེམས་ཅན་གཞན་དག་ཀྱང་སྡིག་པའི་ལས་སྤོང་བར་འགྱུར་
རོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། འཁོར་བཞི་པོ་རྣམས་ལ་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་སྟོན་ཏེ། འཁོར་བརྒྱ་ཕྲག་དུ་
མ་ཡང་དབང་པོ་རྣམས་མི་གཡོ་བར་བཅོམ་ལྡན་འདས་ལས་ཆོས་རོ་དང་ལྡན་ནོ་ཅོག་ཉན་པར་བྱེད་དོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གསོང་པོར་གསུང་བ་སྙན་པར་གསུང་བ་ཚུར་ཤོག་འོངས་པ་ལེགས་སོ་ཞེས་གསུང་བ་སྔར་འཛུམ་པ་ཡིན་ཏེ། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་
ལྡན་པ་མཽད་གལ་གྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་བུ་ཚུར་ཤོག །ཁྱོད་འོངས་པ་ལེགས་སོ། །ཁྱོད་ད་གཟོད་ག་ལས་འོངས། མཽད་གལ་གྱི་བུས་གསོལ་པ། བཙུན་པ་བདག་ནི་ཡི་དགས་ཀྱི་ནང་དུ་རྒྱུ་ཞིང་མཆི་མཆི་བ་ལས་དེར་བདག་གིས་ཡི་དགས་མོ་སྡོང་དུམ་མེ་རེག་འདྲ་ལ།
གཅེར་བུར་མཆིས་ཤིང་རང་གི་སྐྲས་ཡོག་པ། ལྟོ་ནི་རི་ཙམ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། འབར་ཞིང་རབ་ཏུ་འབར་ལ་ཤིན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་ནས་ཚིག་ཅིང་ཉམ་ཐག་པའི་སྐད་འབྱིན་ལ། སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་
མྱོང་བ་དང་དེས་མཐོང་བ་ཙམ་གྱིས་ཆུ་ཀླུང་དང་ཁྲོན་པ་རྣམས་སྐམ་པར་འགྱུར་བ་དང་། གང་གི་ཚེ་ཆར་འབབ་པ་དེའི་ཚེ་དེའི་སྟེང་དུ་མེ་སྟག་འཕྲོ་བའི་མདག་མའི་ཆར་འབབ་པ་དང་། ཕྱི་ས་བཞིན་དུ་དྲི་ང་ཞིང་མཆོག་ཏུ་དྲི་ང་བ་ཟས་སུ་ཕྱི་ས་འཚལ་ལ། དེ་ཡང་བདེ་བླག་ཏུ་མི་རྙེད་པ་ཞིག་མཐོང་
เล่ม ๗๕ · หน้า 123a
ལགས་སོ། །ཡང་གསོལ་པ། ཉམ་ཐག་སྐད་ཀྱང་འབྱིན་པར་བྱེད། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང་། །གང་ན་ཕྱི་སའི་གནས་ཡོད་པ། །དེར་ནི་སྡུག་བཞིན་རྒྱུག་པར་བགྱིད། །ཕྱི་ས་བཟའ་འམ་བཏུང་སྙམ་ན། །དེ་ཡང་བདེ་བླག་རྙེད་མི་འགྱུར། །དེ་ཡིས་
མི་ཡི་འཇིག་རྟེན་དུ། །སྡིག་པ་རབ་འཇིགས་ཅི་བགྱིས་ན། །དེས་ན་སྡུག་བསྔལ་འདི་འདྲ་བ། །འཇིགས་སུ་རུང་བ་ཉམས་སུ་མྱོང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ཡི་དགས་མོ་དེ་ནི་སྡིག་པ་བྱེད་བྱེད་པ་ཡིན་ནོ། །དེའི་ལས་ཀྱི་རྣམ་པ་ཉན་པར་འདོད་དམ།
བཙུན་པ་མཉན་པར་འཚལ་ལགས་སོ། །མཽད་གལ་གྱི་བུ་འོ་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །མཽད་གལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རང་སངས་རྒྱས་སྡུག་ཅིང་ཕོངས་པ་ལ་སྙིང་བརྩེ་བ་བས་མཐའི་གནས་མལ་གྱིས་འཚོ་བ་
ཞིག་ཡོད་ལ། དེ་ཡང་ན་དབུ་ཅན་ཞིག་སྟེ་བཱ་རཱ་ཎ་སཱིར་བསོད་སྙོམས་ལ་སོང་ངོ་། །རེ་ཞིག་ན་དེ་ལ་སྨན་པས་འཐུན་པའི་ཟས་བསྟན་ནས་དེ་ཚོང་དཔོན་ཞིག་འདུག་པ་ག་ལ་བ་དེར་སོང་བ་དང་། ཚོང་དཔོན་དེས་ཀྱང་མཐོང་ནས་དྲིས་པ། འཕགས་པ་ཁྱོད་ཅི་བཞེད། དེས་སྨྲས་པ། འཐུན་
པའི་ཁ་ཟས་འདོད་དོ། །དེ་ནས་ཚོང་དཔོན་དེས་འཕགས་པ་ལ་ཁ་ཟས་འཐུན་པ་ཕུལ་ཅིག་ཅེས་མནའ་མ་ལ་བསྒོའོ། །དེ་ནས་དེའི་མནའ་མ་སེར་སྣ་སྐྱེས་ཏེ། གལ་ཏེ་བདག་གིས་དེང་འདི་ལ་ཁ་ཟས་སྦྱིན་དུ་ཟིན་ན་སང་ཡང་འོང་བར་འགྱུར་རོ་སྙམ་ནས། ཕྱོགས་གཅིག་ཏུ་སོང་སྟེ་ལྷུང་
བཟེད་ཕྱི་སས་བཀང་ནས་སྟེང་འབྲས་ཅན་གྱིས་བཀབ་སྟེ་རང་སངས་རྒྱས་དེ་ལ་ཕུལ་ལོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་མ་དགོངས་ཀྱི་བར་དུ་ཤེས་པའི་མཐོང་བ་མི་འཇུག་སྟེ་དེས་བླངས་སོ། །བླངས་ནས་ཚོར་ཏེ། འདི་དྲི་ང་བ་ལས་ན་འདིས་ཕྱི་སས་བཀང་གོར་མ་ཆག་གོ་
སྙམ་མོ། །དེ་ནས་བདག་ཉིད་ཆེན་པོ་དེས་དེ་ག་ཞིག་ཏུ་བོར་ནས་སོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་མནའ་མར་གྱུར་པ་གང་ཡིན་པ་དེ་ནི་ཡི་དགས་མོ་འདི་ཡིན་ཏེ། དེས་སྡིག་པའི་ལས་དེ་ལྟ་བུ་
เล่ม ๗๕ · หน้า 123b
བྱས་ནས། དེ་ཕྱིན་ཅད་རྟག་ཏུ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་སུ་སྐྱེས་ཏེ་རྟག་ཏུ་ཟས་སུ་ཕྱི་ས་ཟ་བར་གྱུར་ཏོ། །མཽད་གལ་གྱི་བུ་དེ་བས་ན་སེར་སྣ་སྤང་བ་ལ་བརྩོན་པར་བྱ་སྟེ། ཅི་ནས་ཡི་དགས་མོ་དེའི་ཉེས་པ་དེ་ལྟ་བུ་དག་འོང་བར་མི་འགྱུར་བ་
དེ་ལྟར་མཽད་གལ་གྱི་བུ་ཁྱོད་ཀྱིས་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་དང་ལྷ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་ལ་སོགས་པ་གཞན་དག་ཀྱང་ཡི་རངས་ཏེ། །བཅོམ་ལྡན་འདས་
ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།མཽད་གལ་གྱི་བུ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་
རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་
སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་
དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་ནི་ཕ་རོལ་འོད་མའི་ཚལ་གྱི་ཚུ་རོལ། དེའི་བར་སྐབས་ན་ཡི་དགས་མོ་སྡོང་དུམ་མེ་རེག་འདྲ་ལ་
གཅེར་བུར་འདུག་ཅིང་རང་གི་སྐྲས་ཡོག་པ། ལྟོ་ནི་རི་ཙམ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་འབར་ནས་ཚིག་ཅིང་ཉམ་ཐག་པའི་སྐད་འབྱིན་ལ། སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་
เล่ม ๗๕ · หน้า 124a
འོང་བའི་ཚོར་བ་ཉམས་སུ་མྱོང་བ་ལྔ་བརྒྱ་ཁྭ་ཁྱུས་ལྡིང་བ་བཞིན་དུ་ནམ་མཁའ་ལ་འཁོར་ཏེ་གང་དུ་ཡང་འདུག་ས་མི་རྙེད་དོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་
སོང་བ་དང་དེས་ཡི་དགས་དེ་དག་མཐོང་ངོ་། །ཡི་དགས་དེ་དག་གིས་ཀྱང་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་མཐོང་ངོ་། །དེ་ནས་དེ་དག་གཅིག་ཏུ་འདྲིལ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་ཐད་དུ་དོང་སྟེ་ཕྱིན་ནས། སྙིང་རྗེ་རྗེ་སྐད་ཟེར་ཞིང་སྡུག་སྡུག་སྐད་ཟེར་ལ་གཏི་ཞིང་
སྨྲ་བར་ཚིག་འཐུན་པར་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་བདག་ཅག་ནི་རྒྱལ་པོའི་ཁབ་ཏུ་ཚོང་དཔོན་ལྔ་བརྒྱར་གྱུར་ཏེ། བདག་ཅག་སེར་སྣ་ཅན་འཇུངས་པ་ཡོ་བྱད་རྣམས་ལ་ཀུན་ཏུ་འཛིན་པར་གྱུར་ནས། བདག་ཅག་ཉིད་ཀྱིས་ཀྱང་སྦྱིན་པ་མ་བྱིན་ལ། གཞན་དག་སྦྱིན་པ་བྱེད་
པ་ལ་ཡང་བགེགས་བྱས་སོ། །སྦྱིན་པའི་གནས་རྣམས་ལ་ཡང་ཡི་དགས་ཀྱི་ཚིག་ལྟ་བུས་མང་དུ་སྤྱོས་ཏེ་ཁྱེད་ནི་ཡི་དགས་སུ་སྐྱེས་པ་བཞིན་དུ་གཞན་གྱི་ཁྱིམ་ཕྱི་ཉུག་པའོ་ཞེས་བྱས་སོ། །དེས་ན་བདག་ཅག་ཤི་བའི་འོག་ཏུ་འདི་ལྟ་བུའི་ཡི་དགས་སུ་སྐྱེས་སོ། །བཙུན་པ་མཽད་གལ་
གྱི་བུ་ཆེན་པོ་དེ་བས་ན་བདག་ཅག་གི་ཉེ་དུ་རྒྱལ་པོའི་ཁབ་ན་གནས་པ་དེ་དག་ལ། བདག་ཅག་གི་ལས་ཀྱི་རྣམ་པ་ཤེས་པར་མཛོད་ལ་དད་པ་དྲིས་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་ནས། བདག་ཅག་གི་སླད་དུ་ཡོན་གྱི་རབས་འདོན་པར་གསོལ་
ཅིག །འོན་ཀྱང་བདག་ཅག་ཡི་དགས་ཀྱི་སྐྱེ་གནས་ནས་ཐར་ཀྱང་སྲིད་དོ་ཞེས་གསུངས་ཤིག །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུས་ཀྱང་ཡི་དགས་རྣམས་ལ་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུས་དེ་དག་གི་ཉེ་དུ་རྣམས་ཀྱི་ཁྱིམ་ཁྱིམ་དུ་དད་པ་དྲིས་
ནས་ཕྱི་དེ་ཉིན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་ལ་སྤྱན་དྲངས་སོ། །ཡི་དགས་རྣམས་ལ་ཡང་སྦྲན་ཏེ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་བཤོས་ལ་སྤྱན་དྲངས་ཀྱིས་ཁྱེད་ཀྱང་དེར་ཤོག་ཤིག་ཅེས་བྱས་སོ། །དེ་དག་གི་ཉེ་དུ་རྣམས་
เล่ม ๗๕ · หน้า 124b
ལ་ཡང་ཁྱེད་ཀྱང་ཤོག་ཤིག་དང་། ཉེ་དུའི་མཆོད་སྟོན་བྱེད་པ་དེར་ཡི་དགས་དེ་དག་མཐོང་བར་འགྱུར་རོ་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཉིད་མཆོད་སྟོན་གྱི་ཞལ་ཏ་བྱེད་པ་ལ་ཞུགས་སོ། །དེ་ནས་ནམ་ལངས་ནས་ཞལ་ཟས་བཤམས་ཏེ། གདུགས་ཚོད་
ལ་བབ་ན་ཡི་དགས་དེ་དག་མི་སྣང་ངོ་། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ལྷའི་མིག་གིས་ཡི་དགས་དེ་དག་བསམས་ན་ཡུལ་མ་ག་དྷཱ་ཐོག་ཐག་ན་ཡང་མི་སྣང་ལ། མཐར་གྱིས་གླིང་བཞིའི་བར་དུ་བལྟས་ན་ཡང་དེ་ན་ཡང་མི་སྣང་ངོ་། །དེ་ནས་ཇི་སྲིད་དུ་དེའི་ཡེ་ཤེས་
མཐོང་བ་འཇུག་པ་དེ་སྲིད་དུ་བལྟས་ཀྱང་དེ་ན་ཡང་མི་སྣང་ངོ་། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་མི་དགའ་བར་གྱུར་ནས། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་བདག་གི་སྦྱིན་བདག་དེ་རྣམས་མི་གདའ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། མཽད་གལ་གྱི་བུ་ཐོང་ལ་ཁྱོད་མི་དགར་མ་བྱེད་ཅིག །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་ལས་འདས་པའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་ཡོད་དེ། དེ་དག་ཏུ་ལས་ཀྱི་རླུང་གིས་འཕངས་མོད་ཀྱི། འོན་ཀྱང་མཽད་གལ་གྱི་བུ་དེང་དེ་བཞིན་གཤེགས་
པའི་སྟོབས་ལ་ལྟོས་ཤིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་གཟིགས་པ་མངོན་པར་བྱའོ། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཡང་བསྟན་གྱིས་གཎྜཱི་རྡུངས་ཤིག །དེ་ནས་གཎྜཱི་བརྡུངས་པ་དང་དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱང་འདུས། ཡི་དགས་ཀྱི་ཉེ་དུ་རྣམས་
དང་ཡི་དགས་མཐོང་བར་འདོད་པའི་སེམས་ཅན་གཞན་དག་ཀྱང་ལྟད་མོ་ལ་ལྷགས་ཏེ་འདུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་ཡི་དགས་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་གསོལ་བ་མཐོང་བར་འགྱུར་བ་དང་། བདག་
ཅག་གི་ཕྱིར་ཉེ་དུ་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བཤོས་གསོལ་ཞིང་འཁོད་དོ་སྙམ་དུ་དྲན་པ་རྙེད་པར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསུང་ཡན་ལག་ལྔ་དང་ལྡན་པས་ཡོན་གྱི་རབས་གསུངས་པ།
เล่ม ๗๕ · หน้า 125a
སྦྱིན་པ་འདི་ཡི་བསོད་ནམས་གང་། །དེ་ནི་ཡི་དགས་ཕྱི་བཞིན་སོང་། །ཡི་དགས་འཇིག་རྟེན་རབ་འཇིགས་ལས། །དེ་དག་མྱུར་དུ་ཐར་གྱུར་ཅིག །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཞི་དེ་ལས་བརྟེན་ནས་དེ་དང་འཐུན་པའི་ཆོས་
བསྟན་ཏེ། དེ་ཐོས་ནས་སྲོག་ཆགས་འབུམ་ཕྲག་དུ་མས་སེར་སྣའི་དྲི་མ་སྤངས་ཏེ་བདེན་པ་མཐོང་བར་གྱུར་ཏོ། །ཡི་དགས་དེ་དག་ཀྱང་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏེ། ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །ལྷའི་བུའམ་ལྷའི་
བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་ཡི་དགས་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་གསུམ་པའི་ལྷའི་ཡུལ་བཟང་པོར་སྐྱེས་པ་དང་། བཅོམ་
ལྡན་འདས་ལ་སེམས་དགའ་བར་གྱུར་པ་དེ་དག་གིས་མཐོང་ངོ་། །དེ་ནས་སྔོན་ཡི་དགས་སུ་གྱུར་པའི་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ཞག་ལོན་ཏེ་གཟོད་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་བ་ནི་བདག་ཅག་གི་ཆ་མ་ཡིན་གྱིས། བདག་ཅག་ཞག་མ་ལོན་པར་
བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འདོང་ངོ་སྙམ་མོ། །དེ་ནས་སྔོན་ཡི་དགས་སུ་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན་ལུས་གུར་གུམ་དང་། ཏ་མ་ལའི་ལོ་མ་དང་།
སྤྲྀ་ཀ་ལ་ལ་སོགས་པས་བྱུགས་པ་དེ་རྣམས་ཀྱིས། དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་ད་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ཁོ་ར་ཁོར་ཡུག་འོད་ཆེན་པོས་སྣང་བར་བྱས་ནས།
བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་ཡི་དགས་སུ་གྱུར་པའི་ལྷའི་བུ་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་དང་། ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས། དེ་དང་
เล่ม ๗๕ · หน้า 125b
འཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་ཡི་དགས་སུ་གྱུར་པའི་ལྷའི་བུ་དེ་དག་གིས་ཁྱད་པར་ཆེན་པོ་ཐོབ་བོ། །དེ་དག་ཚོང་པ་ཁེ་སྤོགས་ཕྱིན་པ་བཞིན་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེར་བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ཁྱོད་ཀྱིས་ཡི་དགས་མང་པོ་དག་ལྷའི་ནང་དུ་བཀོད་ནས་དེ་དག་ཀྱང་མདང་སུམ་ངའི་ཐད་དུ་འོངས་ཏེ། དེ་དག་ལ་ངས་ཆོས་བསྟན་ནས་དེ་དག་གིས་རྙེད་པར་བྱ་བ་རྙེད་དེ་མཐོང་བར་
འགྱུར་བ་རྙེད་ནས་དོང་བ་དེ་ནི། །ཁྱོད་ཀྱིས་ཞལ་ཏ་བྱས་པ་འབྲས་བུ་ཡོད་པར་གྱུར་ཏེ་ལེགས་སོ་ལེགས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དེ་དག་གི་ཉེ་དུ་རྣམས་ལ་ཡང་ཤེས་པར་བྱས་ཏེ། དེ་དག་གིས་ཐོས་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏེ།
བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ནས་བཀུར་སྟི་བྱས་སོ། །མཽད་གལ་གྱི་བུ་དེ་བས་ན་ཁྱོད་ཀྱིས་ཅི་ནས་ཡི་དགས་དེ་དག་གི་ཉེས་པ་དེ་ལྟ་བུ་དག་མི་འབྱུང་བར་བྱ་བའི་ཕྱིར་སེར་སྣ་སྤང་བ་ལ་བརྩོན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།
ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཆུ་སྨད་ཅེས་བྱ་བ་ནི།
སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་
ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་
เล่ม ๗๕ · หน้า 126a
འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་
འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་
ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་ཞིག་བཙས་ནས་དེ་
བཙས་པའི་བཙས་སྟོན་བྱས་ཏེ། ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། དེ་ཉེ་དུ་རྣམས་ན་རེ་ཁྱེའུ་འདི་རྒྱུ་སྐར་ཆུ་སྨད་ལ་བཙས་པས་ན་དེའི་ཕྱིར་མིང་ཆུ་སྨད་ཅེས་གདགས་སོ་ཞེས་ཟེར་ནས་དེའི་མིང་ཆུ་སྨད་ཅེས་བཏགས་སོ། །དེ་ནས་ཁྱེའུ་ཆུ་སྨད་བསྐྱེད་
བསྲིངས་ཏེ་ཆེར་སྐྱེས་ནས། དེའི་ཕ་ཤི་བ་དང་རང་གི་ཁྱིམ་གྱི་བདག་པོར་གྱུར་ཏོ། །དེ་ནས་དེས་ཚོང་འདུས་བཀྲམ་ནས་ཉོ་འཚོང་བྱེད་ཅིང་ཉོ་འཚོང་གིས་འཚོ་བར་བྱེད་པ་ལས་དེ་ཉིན་གཅིག་བཞིན་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། དེ་བཅོམ་ལྡན་འདས་མཐོང་བ་དང་དམ་པའི་
ཆོས་ཐོས་པས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པར་གྱུར་ནས་དེ་རབ་ཏུ་འབྱུང་བའི་སེམས་སྐྱེས་ཏེ། དེས་མ་ལ་གསོལ་བ་བཏབ་པ། ཡུམ་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་གིས་གནང་བར་མཛོད་ཅིག །དེ་ནས་དེའི་མས་སྨྲས་པ། བུ་ཁྱོད་ནི་བུ་གཅིག་
པ་ཡིན་གྱིས་བདག་ཇི་སྲིད་འཚོའི་བར་རབ་ཏུ་མ་བྱུང་ཤིག །བདག་ཤི་བའི་འོག་ཏུ་ཅི་བྱ་བ་བྱོས་ཤིག་ཅེས་ཟེར་རོ། །ཆུ་སྨད་དེས་ཀྱང་ཅི་རྙེད་པ་དེ་དག་ཐམས་ཅད་མ་ལ་བྱིན་ཏེ། ཡུམ་འདིས་དགེ་སྦྱོང་དང་བྲམ་ཟེ་དང་སྡུག་ཅིང་ཕོངས་པ་དང་བཀྲེན་པ་རྣམས་ལ་སྦྱིན་པ་དག་གྱིས་ཤིག་ཅེས་བྱས་
เล่ม ๗๕ · หน้า 126b
སོ། །དེའི་མ་དེ་ནི་བརྐམ་ཆགས་ཅན་འཇུངས་པ་ཡོ་བྱད་རྣམས་ཀུན་ཏུ་འཛིན་པ་ཞིག་སྟེ་ཀཱར་ཥཱ་པ་ཎ་དེ་དག་སྦས་ནས། དགེ་སློང་དང་བྲམ་ཟེ་གང་དག་ཟས་འདོད་དེ་ཁྱིམ་དེར་འོངས་པ་དེ་དག་ལ་རྒྱ་ཞིང་ཁྱེད་ནི་ཡི་དགས་སུ་སྐྱེས་པ་བཞིན་དུ་ཁྱིམ་ཕྱི་ཉུག་ཅིང་སློང་ངོ་ཞེས་ཟེར་རོ། །
བུ་དེ་ལ་ཡང་སླུ་བར་བྱེད་དེ། བདག་གིས་ཉིན་གཅིག་བཞིན་དུ་དགེ་སློང་འདི་སྙེད་འདི་སྙེད་ཅིག་ལ་ཟན་བྱིན་ནོ་ཞེས་ཟེར་རོ། །ཕྱིས་རེ་ཞིག་ན་དེ་ཤི་བ་དང་དེ་ཡི་དགས་སུ་སྐྱེས་ནས་བུ་ཆུ་སྨད་མ་དང་བྲལ་བའི་མྱ་ངན་བྱེད་དོ། །སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས་
བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་
འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་
བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་བཞིན་དུ་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་དབང་དང་བཅས་
པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ནས། དེས་ཆུ་ཀླུང་གང་གཱའི་འགྲམ་དུ་ལོ་མའི་སྤྱིལ་པོ་བྱས་ཏེ་བསམ་གཏན་བྱེད་དོ། །དེའི་མ་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེས་པ་དེ་ཡང་སྡོང་དུམ་མེ་རེག་འདྲ་ལ་གཅེར་བུར་འདུག་ཅིང་རང་གི་སྐྲས་ཡོག་པ། ལྟོ་ནི་རི་ཙམ་ལ་ཁ་ནི་ཁབ་ཀྱི་
མིག་ཙམ་སྟེ། འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་ནས། ཚིག་ཅིང་ཉམ་ཐག་པའི་སྐད་འབྱིན་ཏེ། ཚེ་དང་ལྡན་པ་ཆུ་སྨད་ཀྱི་ཐད་དུ་སོང་ནས་རེ་ཞིག་ན་ཆུ་སྨད་ཀྱིས་ཡི་དགས་མོ་དེ་མཐོང་ནས་དྲིས་པ། འདི་ཁོ་ན་འདྲ་བ་ཁྱོད་སུ་ཞིག །ཡི་དགས་མོས་སྨྲས་པ། བུ་གཅིག་གང་
เล่ม ๗๕ · หน้า 127a
ལས་བཙས་པ་ཡི། །བྱམས་པའི་མ་ནི་བདག་ཡིན་ཏེ། །ཟས་དང་སྐོམ་དང་བྲལ་བ་ཡི། །ཡི་དགས་རྣམས་ཀྱི་ནང་དུ་སྐྱེས། །བདག་ནི་ཤི་བའི་དུས་འདས་ནས། །ལོ་གྲངས་ཉི་ཤུ་ལྔ་ལོན་ཏེ། །ཆུ་ཡི་བག་ཀྱང་མ་མཐོང་ན། །ཁ་ཟས་ལྟ་ཞིག་ག་ལ་མཐོང་། །འབྲས་བུར་ལྡན་
པའི་ཤིང་རྣམས་ཀྱི། །དྲུང་སོང་དེ་དག་འབྲས་མེད་འགྱུར། །གང་བའི་མཚོ་འགྲམ་བདག་སོང་ཡང་། །དེ་དག་ཀྱང་ནི་སྐམ་པར་འགྱུར། །བཙུན་པའི་ཤིང་དྲུང་བདེ་བ་ལགས། །ཁྱོད་ཀྱི་སྣོད་ནང་ཆུ་ཡང་བསིལ། །བཀྲེན་པ་བདག་ལ་ཐུགས་རྗེ་སྐྱེད། །སྐོམ་གྱིས་གདུངས་ཀྱིས་ཆབ་སྩོལ་
ཅིག །དེ་ནས་ཆུ་སྨད་ཀྱིས་མ་ལ་སྨྲས་པ། ཡུམ་ཁྱོད་མིར་གྱུར་པའི་ཚེ་བདག་གིས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དུ་མ་བཅུག་གམ། ཡི་དགས་མོས་སྨྲས་པ། བུ་གཅིག་བདག་ནི་སེར་སྣས་ནོན་པས་སྦྱིན་པ་དག་ཀྱང་མ་བྱིན་བསོད་ནམས་དག་ཀྱང་མ་བྱས་ཏེ། ནོར་རྙེད་པ་དེ་དག་
ཐམས་ཅད་སྡིག་པའི་སེམས་ཀྱིས་དོང་དུ་སྦས་སོ། །བུ་གཅིག་དེ་བས་ན་དད་པ་དྲིས་ལ་བདག་གི་ཕྱིར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་ནས་ཡོན་གྱི་རབས་འདོན་པར་གསོལ་ཅིག །འོན་ཀྱང་བདག་ཡི་དགས་ཀྱི་སྐྱེ་གནས་ནས་ཐར་ཡང་སྲིད་དོ། །ཆུ་སྨད་ཀྱིས་
སྨྲས་པ། དེ་ལྟར་བགྱི་ཡིས་ཁྱོད་ཀྱང་གྲལ་དཔོན་གྱི་མདུན་དུ་འདུག་ཤིག །ཡི་དགས་མོས་སྨྲས་པ། བུ་གཅིག་བདག་ནི་གཅེར་བུར་འདུག་པས་ངོ་ཚ་སྟེ་ངོས་མི་ཐུབ་བོ། །ཆུ་སྨད་ཀྱིས་སྨྲས་པ། ཡུམ་ཁྱོད་གང་གི་ཚེ་སྡིག་པ་བྱེད་པ་དེའི་ཚེ་ངོ་མི་ཚ་ནད་ལྟར་འབྲས་བུ་མྱོང་བའི་ཚེ་ཅིའི་ཕྱིར་ངོ་
ཚ། ཡི་དགས་མོས་སྨྲས་པ། འོ་ན་དེ་བཞིན་དུ་འོང་བར་བྱའོ། །དེ་ནས་ཆུ་སྨད་ཀྱིས་ཉེ་དུ་རྣམས་ཀྱི་ཁྱིམ་ཁྱིམ་དུ་དད་པ་དྲིས་ནས་ཕྱི་དེ་ཉིན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་ལ་སྤྱན་དྲངས་ནས། གདུགས་ཚོད་ལ་བབ་པ་ན་སངས་རྒྱས་ལ་སོགས་པ་དགེ་སློང་གི་
དགེ་འདུན་དག་ཀྱང་འདུས། ཡི་དགས་མོ་དེ་ཡང་གྲལ་དཔོན་གྱི་མདུན་དུ་འདུག་སྟེ། སྲོག་ཆགས་འབུམ་ཕྲག་དུ་མ་འདུས་པ་རྣམས་ཀྱིས་ཡི་དགས་མོ་དེ་མཐོང་ངོ་། །དེ་དག་གིས་ཡི་དགས་མོ་དེའི་ལུས་མི་སྡུག་པ་མཐོང་ནས་ཤིན་ཏུ་སྐྱོ་བ་སྐྱེས་ཏེ། བཅོམ་ལྡན་འདས་ལ་སེམས་དགའ་བར་
เล่ม ๗๕ · หน้า 127b
གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཆུ་སྨད་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞལ་ཟས་བཟང་པོས་ཚིམ་པར་བྱས་ནས། ཡི་དགས་མོའི་ཕྱིར་ཡོན་གྱི་རབས་གདོན་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་གསུང་ཡན་ལག་ལྔ་དང་ལྡན་པས་སྦྱིན་
པའི་རབས་གསུངས་པ། སྦྱིན་པ་འདི་ཡི་བསོད་ནམས་གང་། །དེ་ནི་ཡི་དགས་ཕྱི་བཞིན་སོང་། །ཡི་དགས་འཇིག་རྟེན་རབ་འཇིགས་ལས། །དེ་ནི་མྱུར་དུ་ཐར་གྱུར་ཅིག །ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཞི་དེ་ལས་བརྟེན་ནས་ཡི་དགས་མོ་དེ་
དང་སྐྱེ་བོ་མང་པོ་ལ་དེ་དང་འཐུན་པའི་ཆོས་བསྟན་ཏེ། སྲོག་ཆགས་འབུམ་ཕྲག་དུ་མས་དེ་ཐོས་ནས་བདེན་པ་མཐོང་བར་གྱུར་ཏོ། །ཡི་དགས་མོ་དེ་ཡང་སེམས་དགའ་བར་གྱུར་ཏེ་ཤི་ནས་ཡི་དགས་རྫུ་འཕྲུལ་ཆེན་མོར་སྐྱེས་སོ། །ཚེ་དང་ལྡན་པ་ཆུ་སྨད་ཀྱིས་ཀྱང་ཡི་དགས་རྫུ་འཕྲུལ་
ཆེན་མོར་སྐྱེས་པར་ཤེས་སོ། །དེ་ནས་ཚེ་དང་ལྡན་པ་ཆུ་སྨད་ཀྱིས་སྨྲས་པ། ཡུམ་ད་ནི་མཐུ་ཡོད་ཀྱིས་སྦྱིན་པ་ཡོངས་སུ་གཏང་བདག་གྱིས་ཤིག །ཡི་དགས་རྫུ་འཕྲུལ་ཆེན་མོས་སྨྲས་པ། བུ་གཅིག་བདག་ནི་སྦྱིན་པ་ལ་དགའ་བ་མེད་དེ་མི་ནུས་སོ། །དེ་ནས་ཚེ་དང་ལྡན་པ་ཆུ་སྨད་
ཀྱིས་ཡི་དགས་རྫུ་འཕྲུལ་ཆེན་མོ་ལ་སྨྲས་པ། ཆགས་པའི་མུན་པས་མིག་ནི་རབ་བསྒྲིབས་ཏེ། །ཁྱོད་ཀྱིས་ཡི་དགས་འཇིག་རྟེན་བསྒྲུབས་པ་ཡི། །ཁྱོད་ཀྱི་རུས་བུ་ཆེན་པོ་ཤ་མེད་པ། །རུས་པ་པགས་པ་སྐྱི་རྣམས་ད་དུང་འདུག །ཅེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་ཆུ་སྨད་ཀྱིས་
ལན་མང་དུ་སྤྱོས་ནས་སྨྲས་པ་དང་། དེའི་འོག་ཏུ་དེ་ལས་རས་ཟུང་ཅིག་ཐོབ་བོ། །དེ་ནས་ཆུ་སྨད་ཀྱིས་དགེ་འདུན་ལ་ཕུལ་ཏེ། གང་གིས་དགེ་འདུན་ལས་རས་ཟུང་ཅིག་ཉོས་པའི་དགེ་སློང་དེས་གོས་ཀྱི་གདང་ལ་བཞག་གོ། །དེ་ནས་ཡི་དགས་མོ་དེ་མཚན་མོ་འོངས་ནས་བརྐུས་སོ། །དེ་ནས་དགེ་
སློང་དེས་ཚེ་དང་ལྡན་པ་ཆུ་སྨད་ལ་བསྙད་ནས་ཆུ་སྨད་སོང་སྟེ་ཡི་དགས་མོ་སྤྱོས་ནས་ཕྱིར་བཀུག་སྟེ་བྱིན་ནོ། །དེ་བཞིན་དུ་ལན་གསུམ་གྱི་བར་དུ་དགེ་སློང་དེ་ལས་བརྐུས་ནས། ཚེ་དང་ལྡན་པ་ཆུ་སྨད་ཀྱིས་ཕྱིར་བཀུག་སྟེ་བྱིན་པ་དང་། དགེ་སློང་དེས་ཀྱང་དེ་གཤེགས་ནས། ཕྱོགས་བཞིའི་དགེ་སློང་
เล่ม ๗๕ · หน้า 128a
གི་དགེ་འདུན་གྱི་ཕྱིར་སྟན་ལ་གླན་ཏོ། །དེ་ནས་དེས་ཕྱིན་ཆད་མ་བརྐུས་སོ། །དེ་བས་ན་སེམས་ཅན་རྣམས་ལ་དེ་ལྟར་སེར་སྣས་མཐོ་འཚམ་པར་བྱེད་པ་མཐོང་ནས། ཅི་ནས་ཀྱང་ཡི་དགས་མོ་དེའི་ཉེས་པ་དེ་ལྟ་བུ་དག་འབྱུང་བར་མི་འགྱུར་བར་བྱ་བའི་ཕྱིར་སེར་སྣ་སྤང་བ་ལ་
བརྩོན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་
བསྟོད་དོ།། །།དམུས་ལོང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་
སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་།
མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་
འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་
སོང་ངོ་། །མཉན་དུ་ཡོད་པར་བསོད་སྙོམས་བྱས་ནས་ཟན་ཟོས་ཏེ་ཟས་ཕྱིས་ལེན་པ་སྤངས་ནས། ལྷུང་བཟེད་དང་ཆོས་གོས་བཞག་སྟེ་ཡི་དགས་ཀྱི་ཡུལ་དུ་རྒྱུ་ཞིང་སོང་བ་ལས། ཚེ་དང་ལྡན་པ་དགའ་བྱེད་ཀྱིས་ཡི་དགས་མོ་སྡོང་དུམ་མེ་རེག་འདྲ་ལ་དམུས་ལོང་དུ་འདུག་པ་རང་གི་
เล่ม ๗๕ · หน้า 128b
སྐྲས་ཡོག་པ་ལྟོ་ནི་རི་ཙམ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། དུར་ཁྲོད་བཞིན་དུ་དྲི་ང་བ་ཁྭ་དང་བྱ་རྒོད་དང་ཁྱི་དང་ཝ་རྣམས་ཀྱིས་བསྐོར་ནས་ཕྱོགས་ཀུན་ནས་ཤ་བཅད་ཅིང་བཅད་ཅིང་ཟ་བ་དང་། དེ་གནད་ལ་བབ་སྟེ་དཀོས་ཐག་ནས་ཉམ་ཐག་པའི་སྐད་འབྱིན་ཏེ། སྡུག་བསྔལ་
དྲག་པ་དང་མི་བཟད་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བ་མྱོང་ཞིང་འདུག་པ་ཞིག་མཐོང་ངོ་། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་མི་དགའ་བར་གྱུར་ནས་དྲིས་པ། སྲིང་མོ་ཁྱོད་ཀྱིས་སྔོན་སྡིག་པའི་ལས་ཅི་ཞིག་བྱས་ན་དེས་འདི་ལྟ་བུའི་སྡུག་བསྔལ་མྱོང་ཞིང་འདུག །ཡི་དགས་
མོས་སྨྲས་པ། ཉི་མ་ཤར་བ་ན་སྒྲོན་མ་མི་དགོས་ཀྱིས། བཅོམ་ལྡན་འདས་ལ་དོན་འདི་ཞུས་ཤིག་དང་དེ་ཁྱོད་ལ་བདག་གི་ལས་ཀྱི་རྣམ་པ་ལུང་སྟོན་པར་འགྱུར་ཏེ། དེ་ཐོས་ན་སེམས་ཅན་གཞན་དག་ཀྱང་སྡིག་པ་སྤོང་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་བཅོམ་
ལྡན་འདས་ག་ལ་བ་དེར་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། འཁོར་བཞི་པོ་རྣམས་ལ་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་སྟོན་ཏེ་འཁོར་བརྒྱ་ཕྲག་དུ་མ་ཡང་དབང་པོ་རྣམས་མི་གཡོ་བར་བཅོམ་ལྡན་འདས་ལས་
ཆོས་རོ་དང་ལྡན་ནོ་ཅོག་ཉན་པར་བྱེད་དོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གསོང་པོར་གསུང་བ་སྙན་པར་གསུང་བ་ཚུར་ཤོག་འོངས་པ་ལེགས་ས་ཞེས་གསུང་བ་སྔར་འཛུམ་པ་ཡིན་ཏེ། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
དགའ་བྱེད་ཚུར་ཤོག་ཁྱོད་འོངས་པ་ལེགས་སོ། །ཁྱོད་ད་གཟོད་ག་ལས་འོངས། དགའ་བྱེད་ཀྱིས་གསོལ་པ། བཙུན་པ་བདག་ནི་ཡི་དགས་རྒྱུ་བའི་ནང་ནས་མཆིས་ཏེ། དེར་བདག་གིས་ཡི་དགས་མོ་སྡོང་དུམ་མེ་རེག་འདྲ་ལ་དམུས་ལོང་དུ་མཆིས་པ་རང་གི་སྐྲས་ཡོག་པ། ལྟོ་ནི་
རི་ཙམ་ལ་ཁ་ནི་ཁབ་ཀྱི་མིག་ཙམ་སྟེ། དུར་ཁྲོད་བཞིན་དུ་དྲི་ང་བ་ཁྭ་དང་བྱ་རྒོད་དང་ཁྱི་དང་ཝ་རྣམས་ཀྱིས་བསྐོར་ནས་ཕྱོགས་ཀུན་ནས་ཤ་བཀུམ་ཞིང་བཀུམ་ཞིང་འཚལ་བ་དང་། དེ་གནད་ལ་བབ་སྟེ་དཀོས་ཐག་ནས་ཉམ་ཐག་པའི་སྐད་འབྱིན་ཏེ། སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་
เล่ม ๗๕ · หน้า 129a
འོང་བ་མྱོང་ཞིང་མཆིས་པ་ཞིག་མཐོང་ལགས་སོ། །ཡང་གསོལ་པ། ལུས་ཆེན་རི་བོ་མཐོན་པོ་འདྲ་བ་ལ། །མཆུ་དང་ལྐོག་མ་སྐམ་ཞིང་ཤིན་ཏུ་སྡུག །རང་གི་སྐྲས་ནི་གདོང་ཡོག་གཅེར་བར་མཆིས། །མཆུ་སྒོ་ཕྲ་ཁབ་མིག་འདྲ་རབ་ཏུ་རིད། །དེ་ལྟར་གཅེར་བུ་སྐྲས་ཡོག་པ། །
རུས་པའི་འཁྲུལ་འཁོར་བསྒྲེང་བ་བཞིན། །ཐོད་པ་ཐོགས་ཤིང་མི་བཟད་ལ། །ངུ་ཞིང་ཀུན་ཏུ་རྒྱུག་པར་བགྱིད། །བཀྲེས་པ་དང་ནི་སྐོམ་པ་ཡིས། །དུབ་ཅིང་སྡུག་བསྔལ་དག་གིས་ཉེན། །ཉམ་ཐག་སྐད་ཀྱང་འབྱིན་པར་བགྱིད། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང་། །དེ་ཡིས་མི་ཡི་
འཇིག་རྟེན་དུ། །རབ་འཇིགས་སྡིག་པ་ཅི་བགྱིས་ན། །དེས་ན་སྡུག་བསྔལ་འདི་འདྲ་བ། །འཇིགས་སུ་རུང་བ་མྱོང་བར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བྱེད་ཡི་དགས་མོ་དེ་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ནོ། །དེའི་ལས་ཀྱི་རྣམ་པར་
སྨིན་པ་ཉན་པར་འདོད་དམ། བཙུན་པ་མཉན་པར་འཚལ་ལགས་སོ། །དགའ་བྱེད་འོ་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །དགའ་བྱེད་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་
བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །དེ་ནས་གྲོང་ཁྱེར་བཱ་རཱ་ཎ་སཱི་དེ་ན་ཚོང་དཔོན་གྱི་བུ་མོ་ཞིག་འདུག་པ་དེ་ཆོས་འདོད་དེ། དེས་ཆོས་ཐོས་ནས་འཁོར་བ་ལ་ཉེས་པར་ལྟ་བ་དང་། མྱ་ངན་ལས་འདས་པ་ལ་ཡོན་ཏན་
དུ་ལྟ་བར་གྱུར་ཏེ། དེས་ཕ་མ་ལ་གསོལ་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་ནས་དེའི་ཕྱིར་ཉེ་དུ་རྣམས་ཀྱིས་དགེ་སློང་མའི་གཙུག་ལག་ཁང་བྱས་ནས། དེ་དེ་ན་སློབ་པ་དང་མི་སློབ་པའི་དགེ་སློང་མ་དག་དང་ལྷན་ཅིག་ཏུ་གནས་པ་ལས་རེ་ཞིག་ན་དེས་བག་མེད་པའི་དབང་གིས་བསླབ་པའི་
เล่ม ๗๕ · หน้า 129b
གཞི་ལ་ལྷོད་པར་བྱས་སོ། །དེ་ནས་དགེ་སློང་མ་རྣམས་ཀྱིས་ཚུལ་ཁྲིམས་འཆལ་པའི་ཕྱིར་བསྐྲད་དོ། །དེ་ནས་དེས་སྦྱིན་བདག་ཁྱིམ་བདག་རྣམས་དད་པས་ངེས་པར་འབུལ་བའང་གཅོད་དུ་བཅུག །སློབ་པ་དང་མི་སློབ་པའི་དགེ་སློང་མ་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་བརྗོད། དགེ་
སློང་ཚུལ་ཁྲིམས་དང་ལྡན་པ་གང་ཡིན་པ་དེ་དག་མཐོང་ན་ཡང་མིག་བཙུམས་ཏེ་འདུག་གོ། །དགའ་བྱེད་ཇི་སྙམ་དུ་སེམས། ཚོང་དཔོན་གྱི་བུ་མོ་གང་ཡིན་པ་དེ་ནི་ཡི་དགས་མོ་འདི་ཡིན་ཏེ། དེས་གཙུག་ལག་ཁང་ལ་སེར་སྣ་བྱས་པ་དེས་ནི་ཡི་དགས་སུ་སྐྱེས་སོ། །དེས་ནར་
མ་བཅད་པ་དེས་ནི་ཁྭ་དང་བྱ་རྒོད་དང་ཁྱི་དང་ཝ་རྣམས་ཀྱིས་བསྐོར་ཏོ། །དེས་སློབ་པ་དང་མི་སློབ་པའི་དགེ་སློང་མ་རྣམས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་པས་ནི་དེའི་ལུས་དྲི་ང་བར་གྱུར་ཏོ། །དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་མཐོང་ན་མིག་བཙུམས་པས་ནི་དམུས་ལོང་དུ་གྱུར་ཏོ། །
དགའ་བྱེད་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །
དགའ་བྱེད་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ་དགའ་བྱེད་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་སྲོག་ཆགས་ས་ཡས་བདེན་པ་མཐོང་བར་གྱུར་ཏོ། །
དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སེར་སྣ་དང་ངག་གི་ཉེས་པར་སྤྱོད་པའི་ཉེས་དམིགས་དེ་དག་དང་གཞན་དག་ཀྱང་རྟོགས་ནས། སེར་སྣ་དང་ངག་གི་ཉེས་པར་སྤྱོད་པ་སྤང་བའི་ཕྱིར་བརྩོན་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་
ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།
เล่ม ๗๕ · หน้า 130a
ཚོང་དཔོན་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་
དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་།
ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་
ཐོས་ཀྱི་དགེ་འདུན་དང་བཅས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན། ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་
ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་ཏེ། དེ་ཕྱི་ཞིག་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ།
འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས།
བཅོམ་ལྡན་འདས་ཀྱིས་དེ་ལ་འཁོར་བ་ལས་སྐྱོ་བར་འགྱུར་བའི་ཆོས་བསྟན་ཏེ། དེ་ཐོས་ནས་འཁོར་བ་ལ་ཉེས་པར་ལྟ་བ་དང་མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་ལྟ་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཀུན་ལ་གྲགས་པ་དང་བསོད་ནམས་ཆེན་པོ་དང་ལྡན་པར་
เล่ม ๗๕ · หน้า 130b
གྱུར་ཏེ། གོས་དང་ཟས་དང་། མལ་ཆ་དང་། སྟན་དང་། ནད་གསོས་དང་། སྨན་ཟོང་རྣམས་རྙེད་པར་གྱུར་ཏོ། །དེས་ཡོངས་སུ་བཟུང་བའི་ཡོ་བྱད་རྙེད་དོ་ཅོག་གསོག་པར་བྱེད་དེ་དེས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བགོ་བཤའ་མ་བྱས་སོ། །དེ་ནས་སེར་སྣ་ཀུན་
ཏུ་སྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་ན་རང་གི་ཡོ་བྱད་ལ་ལྷག་པར་ཞེན་བཞིན་དུ་ཤི་ནས་རང་གི་གནས་ཁང་དུ་ཡི་དགས་སུ་སྐྱེས་སོ། །དེ་ནས་དེའི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་གཎྜཱི་མཇུག་མེད་པ་བརྡུངས་ནས་རུས་བུ་ཕྱིར་ཕྱུང་ངོ་། །དེ་ནས་དེའི་རུས་བུ་ལ་རུས་
བུའི་མཆོད་པ་བྱས་ནས་ཕྱིར་གཙུག་ལག་ཁང་དུ་ལྷགས་སོ། །དེ་ནས་གནས་ཁང་གི་སྒོ་ཕྱེ་སྟེ། ཆོས་གོས་དང་ལྷུང་བཟེད་གཡར་སྔ་འགྲིམ་པ་ལ་ཞུགས་པ་དང་། རེ་ཞིག་ན་ཡི་དགས་རྐང་ལག་དང་མིག་མི་སྡུག་ལ་ལུས་མཆོག་ཏུ་འཇིགས་པ་ཆོས་གོས་དང་ལྷུང་བཟེད་
འཛིན་ཅིང་འདུག་པ་དེ་མཐོང་ངོ་། །དེ་ལྟར་མི་སྡུག་པ་དེ་མཐོང་ནས་དགེ་སློང་དག་མི་དགའ་བར་གྱུར་ཏེ། བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་ལ་ཕན་གདགས་པ་དང་སློབ་མའི་ཚོགས་རྣམས་སྐྱོ་བསྐྱེད་པ་དང་སེར་སྣའི་རྣམ་པར་སྨིན་པ་
མི་སྡུག་པ་ཡང་དག་པར་བསྟན་པའི་ཕྱིར་དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ་གནས་དེར་གཤེགས་སོ། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་
པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་བཅོམ་ལྡན་འདས་ལ་སེམས་དགའ་བ་སྐྱེས་ཏེ་
ངོ་ཚ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆར་སྤྲིན་གྱི་འབྲུག་སྒྲ་ལྟ་བུར་ཟབ་པ་དང་། རྔ་སྒྲ་ལྟ་བུའི་གསུང་གིས་ཡི་དགས་དེ་སྤྱོས་ཏེ་བཞིན་བཟངས་ཁྱོད་ཉིད་ཀྱིས་བདག་ཉིད་ཕུང་བའི་ཕྱིར་ཆོས་གོས་དང་ལྷུང་བཟེད་འདི་བསྒྲུབས་ཏེ། དེས་ན་ཡི་དགས་སུ་སྐྱེས་པ་ཡིན་གྱིས་
เล่ม ๗๕ · หน้า 131a
ད་ཡང་ང་ལ་སེམས་དགའ་བར་གྱིས་ལ་ཡོ་བྱད་འདི་ལ་ཡང་སེམས་མ་ཆགས་པར་བྱོས་དང་ལེགས་སོ། །འདི་ལས་ཀྱང་ཤི་ནས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་རེ། །དེ་ནས་ཡི་དགས་དེས་ཆོས་གོས་དང་ལྷུང་བཟེད་དགེ་འདུན་ལ་ཕུལ་ནས། བཅོམ་ལྡན་
འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཉེས་པ་བཤགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡི་དགས་ཀྱི་ཕྱིར་ཡོན་གྱི་རབས་གསུངས་པ། སྦྱིན་པ་འདི་ཡི་བསོད་ནམས་གང་། །དེ་ནི་ཡི་དགས་ཕྱི་བཞིན་སོང་། ཡི་དགས་འཇིག་རྟེན་རབ་འཇིགས་ལས། །དེ་ནི་མྱུར་དུ་ཐར་གྱུར་
ཅིག །དེ་ནས་ཡི་དགས་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏེ། ཤི་ནས་ཡི་དགས་རྫུ་འཕྲུལ་ཆེན་པོར་སྐྱེས་སོ། །དེ་ནས་ཡི་དགས་རྫུ་འཕྲུལ་ཆེན་པོ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ་ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་སྣ་ཚོགས་
ཀྱིས་སྤྲས་པའི་ཅོད་པན་ཅན་ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་སྤྲྀ་ཀ་ལ་སོགས་པས་བྱུགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་ད་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། འོད་མའི་ཚལ་
བྱ་ཀ་ལན་ད་ཀ་གནས་པ་ཁོ་ར་ཁོར་ཡུག་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེ་ཐོས་
ནས་དགའ་བ་སྐྱེས་ཏེ་སོང་ངོ་། །དེའི་ཚེ་དགེ་སློང་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་པ་དེ་དག་གིས། བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ་། །དེ་མཐོང་ནས་ཐེ་ཙོམ་སྐྱེས་ཏེ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ།
བཅོམ་ལྡན་འདས་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་མཇེད་ཀྱི་བདག་པོའམ་
เล่ม ๗๕ · หน้า 131b
ལྷའི་དབང་པོ་བརྒྱ་བྱིན་ནམ་འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་གྱི། ཡི་དགས་དེ་ཤི་ནས་ཡི་དགས་རྫུ་འཕྲུལ་ཆེན་པོར་སྐྱེས་ཏེ། དེ་མདང་སུམ་ངའི་ཐད་དུ་འོངས་ནས་ངས་དེ་ལ་ཆོས་བསྟན་ཏེ་དེ་དགའ་བ་སྐྱེས་ནས་སོང་ངོ་། །དགེ་སློང་དག་དེ་བས་ན་ཅི་ནས་ཚོང་
དཔོན་ལས་ཡི་དགས་སུ་གྱུར་པ་དེའི་ཉེས་པ་དེ་ལྟ་བུ་འབྱུང་བར་མི་འགྱུར་བར་སེར་སྣ་སྤང་བ་ལ་བརྩོན་པར་བྱ་སྟེ་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་དང་། ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་
དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་གཞན་དག་ཀྱང་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བུ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་
རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་
རྣམས་ཀྱིས། བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་
བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །
དེ་ནས་ཚེ་དང་ལྡན་པ་འདམ་བུ་སྦྱིན་གྱི་བུ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་སོང་ངོ་། །རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བྱས་ནས་ཟན་ཟོས་ཏེ་ཟས་ཕྱིས་ལེན་པ་སྤངས་ནས་ཆོས་གོས་དང་ལྷུང་བཟེད་བཞག་སྟེ། ཡི་
เล่ม ๗๕ · หน้า 132a
དགས་ཀྱི་ཡུལ་དུ་རྒྱུ་ཞིང་སོང་བ་དང་། དེས་བྱ་རྒོད་ཀྱི་ཕུང་པོའི་རིའི་ཉེ་འཁོར་དུ་ཡི་དགས་མོ་གཤིན་རྗེའི་སྲིང་མོ་འདྲ་བ་ལ། ལུས་ཁྲག་གིས་བསྒོས་པ། དུར་ཁྲོད་ན་འདུག་བཞིན་དུ་ཀེང་རུས་ཀྱིས་བསྐོར་བ། ཉིན་མོ་དང་མཚན་མོ་བུ་ལྔ་ལྔ་བཙའ་ཞིང་དེ་ལྟ་བུའི་སྡུག་
བསྔལ་མྱོང་ལ། བུ་ལ་བྱམས་པ་ཡོད་བཞིན་དུ་དེ་བཀྲེས་པས་ཉེན་ནས་དེ་དག་ཟ་ཞིང་འདུག་པ་ཞིག་མཐོང་ངོ་། །དེ་ནས་གནས་བརྟན་འདམ་བུ་སྦྱིན་གྱི་བུས་དེ་ལ་དྲིས་པ་ཁྱོད་ཀྱིས་སྔོན་ལས་ཅི་ཞིག་བྱས་ན། དེས་འདི་ལྟ་བུའི་སྡུག་བསྔལ་མྱོང་ཞིང་འདུག །ཡི་དགས་
མོས་སྨྲས་པ། ཉི་མ་ཤར་བ་ན་སྒྲོན་མ་མི་དགོས་ཀྱིས། བཅོམ་ལྡན་འདས་ལ་དོན་འདི་ཞུས་ཤིག་དང་། དེ་ཁྱེད་ལ་བདག་གི་ལས་ཀྱི་རྣམ་པ་ལུང་སྟོན་པར་འགྱུར་ཏེ། དེ་ཐོས་ནས་སེམས་ཅན་གཞན་དག་ཀྱང་སྡིག་པའི་ལས་སྤོང་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་
པ་འདམ་བུ་སྦྱིན་གྱི་བུ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལས་བཞེངས་ནས། འཁོར་བཞི་པོ་རྣམས་ལ་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་དང་འདྲ་བའི་ཆོས་རོ་དང་ལྡན་ནོ་ཅོག་སྟོན་ཏེ། འཁོར་བརྒྱ་ཕྲག་དུ་མ་ཡང་དབང་
པོ་རྣམས་མི་གཡོ་བར་བཅོམ་ལྡན་འདས་ལས་ཆོས་རོ་དང་ལྡན་ནོ་ཅོག་ཉན་པར་བྱེད་དོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གསོང་པོར་གསུང་བ་སྙན་པར་གསུང་བ་ཚུར་ཤོག་འོངས་པ་ལེགས་སོ་ཞེས་གསུང་བ་སྔར་འཛུམ་པ་ཡིན་ཏེ། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་
ལྡན་པ་འདམ་བུ་སྦྱིན་གྱི་བུ་ལ་བཀའ་སྩལ་པ། འདམ་བུ་སྦྱིན་གྱི་བུ་ཚུར་ཤོག་ཁྱོད་འོངས་པ་ལེགས་སོ། །ཁྱོད་ད་གཟོད་ག་ལས་འོངས། འདམ་བུ་སྦྱིན་གྱི་བུས་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་ནི་ཡི་དགས་ཀྱི་ནང་དུ་མཆི་མཆི་བ་ལས་སླར་མཆིས་ཏེ། དེར་
བདག་གིས་ཡི་དགས་མོ་གཤིན་རྗེའི་སྲིང་མོ་འདྲ་བ་ལ། ལུས་ཁྲག་གིས་བསྒོས་པ། དུར་ཁྲོད་ན་གནས་པ་བཞིན་དུ་ཀེང་རུས་ཀྱིས་བསྐོར་བ་ཞིག་མཐོང་ལགས་སོ། །ཡང་གསོལ་པ། བདག་ནི་ཉིན་བཞིན་བུ་ལྔ་བཙའ། །མཚན་ཡང་དེ་བཞིན་ལྔ་བཙའ་སྟེ། །བཙས་
เล่ม ๗๕ · หน้า 132b
ནས་དེ་དག་ཟོས་ན་ཡང་། །འགྲངས་པར་མི་འགྱུར་ཞེས་མཆི་ན། །དེ་ཡིས་མི་ཡི་འཇིག་རྟེན་དུ། །རབ་འཇིགས་སྡིག་པ་ཅི་བགྱིས་ན། །དེས་ན་སྡུག་བསྔལ་འདི་འདྲ་བ། །འཇིགས་སུ་རུང་བ་མྱོང་བར་གྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདམ་བུ་སྦྱིན་གྱི་བུ་
ཡི་དགས་མོ་དེ་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ནོ། །དེའི་ལས་ཀྱི་རྣམ་པ་ཉན་པར་འདོད་དམ། བཙུན་པ་མཉན་པར་འཚལ་ལགས་སོ། །འདམ་བུ་སྦྱིན་གྱི་བུ་འོ་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །འདམ་བུ་སྦྱིན་གྱི་བུ་སྔོན་བྱུང་བ་འདས་པའི་
དུས་ན། གྲོང་ཁྱེར་བཱ་རཱ་ཎ་སཱི་ན་ཚོང་དཔོན་ཕྱུག་ཅིང་། ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་
ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ཀྱང་བུ་ཡང་མེད་བུ་མོ་ཡང་མེད་དེ་དེ་ལག་པ་ལ་རྐོམ་ཚུགས་བཅས་ནས་བདག་གི་ཁྱིམ་ནོར་དུ་མ་དང་ལྡན་དུ་ཟིན་ཀྱང་བུ་ཡང་མེད་བུ་མོ་ཡང་མེད་པས། བདག་འདས་པའི་འོག་ཏུ་ནི་བུ་མེད་པའི་ཕྱིར་ཅི་བདོག་པ་ཐམས་
ཅད་རྒྱལ་པོ་དབང་བར་འགྱུར་རོ། །སྙམ་སྟེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །དེ་ནས་བུད་མེད་དེ་བུ་འདོད་པའི་ཕྱིར་གུ་ལང་དང་། ཆུ་ལྷ་དང་། ཀུ་བེ་ར་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་དང་ལྷའི་ཁྱད་པར་གཞན་དག་ལ་ཡང་གསོལ་བ་འདེབས་ཏེ། འདི་ལྟ་སྟེ་
ཀུན་དགའ་ར་བའི་ལྷ་དང་ནགས་ཚལ་གྱི་ལྷ་དང་ལམ་གྱི་བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་། གཏོར་མ་ལེན་པའི་ལྷ་དང་། ལྷན་ཅིག་སྐྱེས་པ་དང་ཆོས་འཐུན་པ་པ་དང་རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལ་ཡང་གསོལ་བ་འདེབས་ལ། འཇིག་རྟེན་ན་ཡང་གསོལ་བ་བཏབ་
པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་གཏམ་དེ་ཡོད་མོད་ཀྱི་དེ་ཡང་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་སོ། །ཡེ་ནི་གནས་
เล่ม ๗๕ · หน้า 133a
གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་དང་། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་འོངས་པ་སྟེ། གནས་འདི་གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་ཏེ།
དེས་ལྷ་མཉེས་པར་བྱས་ཀྱང་བུ་ཡང་མ་བྱུང་བུ་མོ་ཡང་མ་བྱུང་ནས་དེའི་བློ་འདི་ལྟ་བུ་དག་སྐྱེས་ཏེ། མ་ལ་བདག་གིས་ཆུན་མ་ཞིག་བླངས་ན། བརྒྱ་ལ་བུ་ཡོད་པར་འགྱུར་ལྟ་སྲིད་དམ་སྙམ་སྟེ། དེས་རིགས་མཉམ་པ་ལས་ཆུན་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་
མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་བུ་ཆགས་པར་གྱུར་ནས། དེ་དགའ་ཞིང་མགུ་ལ་རབ་ཏུ་དགའ་ནས་ཁྱིམ་ཐབ་ལ་སྦྲན་པ། ཇོ་བོ་བདག་ལ་སྲས་ཆགས་ཏེ་བདག་གི་རུམ་གཡས་ལོགས་ན་རྟེན་ཅིང་གནས་པ་ལས་ན། ཁྱེའུར་འབྱུང་བར་ངེས་ཀྱིས་
དགྱེས་པ་བསྐྱེད་དུ་གསོལ་ཞེས་བྱས་སོ། །དེ་ཡང་དགའ་ཆེས་ཏེ་རོ་སྟོད་ནི་བཏེག །ལག་པ་གཡས་པ་ནི་བརྐྱང་ནས། །བདག་གིས་ཡུན་རིང་པོ་ནས་སྨོན་སྨོན་པའི་བུ་ངོ་མཐོང་བར་འོང་ངོ་། །བདག་གི་བུ་རུང་བར་ཤོག་ཅིག །མི་རུང་བར་མ་གྱུར་ཅིག །བདག་གི་བྱ་བ་དག་བྱེད་
པར་ཤོག་ཅིག །གསོས་པའི་ལན་ཕྱིར་གས་བར་ཤོག་ཅིག །ནོར་སྐལ་ལ་སྤྱོད་པར་ཤོག་ཅིག །བདག་གི་རིགས་རྒྱུད་རིང་དུ་གནས་པར་ཤོག་ཅིག །བདག་ཅག་འདས་ཏེ་ཤི་བའི་འོག་ཏུ་ཡང་བདག་ཅག་གི་ཕྱིར་མང་ཡང་རུང་ཉུང་ཡང་རུང་སྟེ། སྦྱིན་པ་དག་བྱིན་ལ་བསོད་
ནམས་དག་བྱས་ནས། དེ་གཉིས་གང་དང་གང་དུ་སྐྱེས་ཤིང་འགྲོ་བ་དེར་འདི་སོང་ཤིག་ཅེས་ཡོན་བསྔོ་བར་ཤོག་ཅིག་ཅེས་དགའ་བའི་ཚིག་བརྗོད་དོ། །དེ་ནས་དེས་བུ་ཆགས་པར་རིག་ནས་བུའི་རིམ་གྲོ་བྱ་བའི་ཕྱིར་ཁང་བཟངས་ཀྱི་སྟེང་དུ་ཉམ་རངས་སུ་བཞག་སྟེ། གྲང་བའི་ཚེ་གྲང་བའི་
ཡོ་བྱད་རྣམས་དང་། ཚ་བའི་ཚེ་ཚ་བའི་ཡོ་བྱད་རྣམས་དང་། སྨན་པས་བསྟན་པའི་ཟས་རྣམས་དང་། ཧ་ཅང་ཁ་བ་མ་ཡིན་པ་རྣམས་དང་། ཧ་ཅང་སྐྱུར་བ་མ་ཡིན་པ་རྣམས་དང་། ཧ་ཅང་ལན་ཚ་ཆེ་བ་མ་ཡིན་པ་རྣམས་དང་། ཧ་ཅང་མངར་བ་མ་ཡིན་པ་རྣམས་དང་། ཧ་ཅང་རོ་ཚ་བ་མ་ཡིན་པ་རྣམས་དང་། ཧ་
เล่ม ๗๕ · หน้า 133b
ཅང་བསྐ་བ་མ་ཡིན་པ་རྣམས་དང་། ཁ་བ་དང་། སྐྱུར་བ་དང་། ལན་ཚ་དང་། མངར་བ་དང་། ཚ་བ་དང་། བསྐ་བ་མེད་པའི་ཟས་རྣམས་ཀྱིས་བསྟེན་ཅིང་། དོ་ཤལ་དང་སེ་མོ་དོས་ལུས་རྣམ་པར་བཀླུབས་ཏེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་རྒྱུ་བ་བཞིན་དུ། ཁྲིའི་སྟེང་ནས་ཁྲིའི་
སྟེང་དང་ཁྲིའུའི་སྟེང་ནས་ཁྲིའུའི་སྟེང་དུ་རྒྱུ་ཞིང་འོག་གི་ས་གཞི་ལ་མི་འབབ་པ་དང་། དེས་ཡིད་དུ་མི་འོང་བའི་སྒྲ་སྐད་ཅི་ཡང་མི་ཐོས་པར་བྱས་སོ། །དེ་ནས་ཆུང་མ་སྔ་མ་དེས་དེ་བཀུར་ཞིང་གཅེས་པར་བྱེད་པ་མཐོང་ནས་ཕྲག་དོག་སྐྱེས་ཏེ་བསམས་པ། གལ་ཏེ་འདི་ལས་བུ་བཙས་པར་
གྱུར་ན་ནི་བདག་ལ་གནོད་པ་བྱེད་པར་འགྱུར་གྱིས། ཅི་ནས་དེའི་ཐབས་ཤིག་བྱ་དགོས་སྙམ་མོ། འདོད་པ་ལས་ཡོངས་སུ་བསྟེན་པ་ལ་ནི་སྡིག་པའི་ལས་མི་བྱ་བའི་བག་ཅི་ཡང་མེད་དེ། མི་སྡུག་པའི་འགྲོ་བའི་གཡང་སར་ཁ་ལྟས་པ་དེས་ཡིད་རྟོན་དུ་བཅུག་ནས། གང་འཐུངས་པ་
ཙམ་གྱིས་ཉོན་མོངས་མ་དེའི་བུ་འཕྱིལ་བར་འགྱུར་བ་དེ་ལྟ་བུའི་མངལ་རླུག་པའི་རྩི་བྱིན་ནོ། །དེ་ནས་ཆུང་མ་ཕྱི་མ་དེས་ཉེ་དུ་ཐམས་ཅད་བསྡུས་ནས་ཆུང་མ་སྔ་མ་དེ་ཞལ་ལྕེ་ལ་བཀུག་སྟེ། ཁྱོད་ཀྱིས་བདག་ཡིད་རྟོན་དུ་བཅུག་ནས་མངལ་རླུག་པའི་རྩི་བྱིན་ཏེ་དེས་བདག་གི་བུ་འཕྱིལ་ཏོ་
ཞེས་བྱས་སོ། །དེ་ནས་ཆུང་མ་སྔ་མ་དེས་ཉེ་དུ་རྣམས་ཀྱི་ནང་དུ་མནའ་བོར་ཏེ། གལ་ཏེ་བདག་གིས་ཁྱོད་ལ་མངལ་རླུག་པའི་རྩི་བྱིན་པར་གྱུར་ན་བདག་ཡི་དགས་མོར་གྱུར་ཏེ། བུ་བྱུང་ངོ་ཅོག་ཟ་བར་ཤོག་ཅིག་ཅེས་སོ། །འདམ་བུ་སྦྱིན་གྱི་བུ་ཇི་སྙམ་དུ་སེམས། ཚོང་དཔོན་གྱི་ཆུང་
མར་གྱུར་པ་གང་ཡིན་པ་དེ་ནི་ཡི་དགས་མོ་དེ་ཡིན་ཏེ། དེས་སྔོན་ཕྲག་དོག་བྱས་པ་དེས་ན་ཡི་དགས་མོར་སྐྱེས་སོ། །དེས་བརྫུན་བྱས་ཏེ་མནའ་བོར་བའི་ལས་ཀྱི་རྣམ་པར་སྨིན་པ་དེས་ནི་ཉིན་མོ་དང་མཚན་མོ་བུ་ལྔ་ལྔ་བཙའ་ཞིང་ཟ་བར་གྱུར་ཏོ། །འདམ་བུ་སྦྱིན་གྱི་བུ་དེ་བས་ན་ཁྱོད་ཀྱིས་
ངག་གི་ཉེས་པ་སྤང་བ་ལ་བརྩོན་པར་བྱ་སྟེ། ཅི་ནས་ཡི་དགས་མོ་དེའི་ཉེས་པ་དེ་ལྟ་བུ་དག་འབྱུང་བར་མི་འགྱུར་བ་དེ་ལྟར་འདམ་བུ་སྦྱིན་གྱི་བུ་ཁྱོད་ཀྱིས་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་འདམ་བུ་སྦྱིན་གྱི་བུ་དང་། ལྷ་དང་། ལྷ་མ་
เล่ม ๗๕ · หน้า 134a
ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་བམ་པོ་བཅུ་གཉིས་པ། ཕྱིས་
ཁུང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་
ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་།
ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡངས་པ་ཅན་ན་སྤྲེའུ་
རྫིང་གི་འགྲམ་གྱི་ཁང་པ་བརྩེགས་པའི་གནས་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་ཡངས་པ་ཅན་ན་གྲོང་ཁྱེར་གྱི་འོབས་ཞིག་གི་ནང་ན་ཡི་དགས་ཟས་སུ་སྐྱུགས་པ་ཟ་བ། བོར་བ་ཟ་བ་ངར་སྣབས་དང་གཅིན་གྱིས་འཚོ་བ་རྣག་དང་ཁྲག་དང་ཕྱི་ས་ཟ་བ་མི་བཟད་པ་རང་བཞིན་གྱིས་སྡུག་བསྔལ་
བ་ལྔ་བརྒྱ་གནས་སོ། །ཡང་སྨྲས་པ། སྐྱུགས་པ་ཟ་ཞིང་བོར་བ་ཟ། །ངར་སྣབས་གཅིན་གྱིས་འཚོ་བ་དང་། །རྣག་ཁྲག་དང་ནི་ཕྱི་ས་ཟ། །མི་བཟད་རང་བཞིན་སྡུག་ཅིང་འདུག །ཡངས་པ་ཅན་དེ་ན་བྲམ་ཟེ་ཞིག་ཀྱང་འདུག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་
ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས་དེའི་ལུས་དྲི་ང་བར་གྱུར་ཏོ། །དེ་ནས་བྲམ་ཟེ་དེས་མཚན་མཁན་རྣམས་བཀུག་སྟེ་དྲིས་ན། དེ་དག་ན་རེ་འདི་ནི་ལྟོ་ན་ཁྱེའུ་འདུག་པ་དེའི་མཐུ་ཡིན་ནོ་ཞེས་ཟེར་རོ། །
เล่ม ๗๕ · หน้า 134b
རེ་ཞིག་ན་དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ་ཁྱེའུ་མདོག་ངན་ཞིང་བལྟ་ན་མི་སྡུག་ལ་བྱད་ངན་པ་ལུས་མི་གཙང་བས་བསྒོས་པ་དྲི་ང་བ་ཞིག་བཙས་སོ། །དེ་མཆོག་ཏུ་མི་སྡུག་མོད་ཀྱི་བྱམས་པའི་དབང་གིས་སྦྲེལ་བས་ཕ་མ་གཉིས་ཀྱིས་གསོས་སོ། །དེ་མི་གཙང་བའི་གནས་
རྣམས་འབའ་ཞིག་ཏུ་དགའ་ལ་ཕྱག་དར་གྱི་ཕུང་པོ་དང་ཕྱིས་ཁུང་དུ་སྐྲ་འབལ་ཞིང་ཁར་མི་གཙང་བ་འཛུད་ནས་དེའི་མིང་ཕྱིས་ཁུང་ཕྱིས་ཁུང་ཞེས་བྱ་བར་གྱུར་ཏོ། །རེ་ཞིག་ན་དེ་ཕན་ཚུན་དུ་འཁྱམ་པ་ལས་འོད་སྲུང་རྫོགས་བྱེད་ཀྱིས་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། འདི་དེ་ལྟ་བུའི་གནས་རྣམས་
སུ་དགའ་བ་ལས་ན་འདི་ནི་གོར་མ་ཆག་པར་གྲུབ་པའི་སྐྱེས་བུ་ཞིག་ཡིན་གྱིས་བདག་གིས་འདི་རབ་ཏུ་དབྱུང་ངོ་སྙམ་མོ། །དེས་དེ་རབ་ཏུ་ཕྱུང་ནས་གཅེར་བུར་འཁྱམ་ཞིང་འདུག་ལ་ལེགས་པ་བྱེད་པ་ལ་ཡང་གནས་སོ། །དེ་ནས་དེ་འཁྱམ་ཞིང་སོང་བ་ལས་ཡངས་པ་ཅན་གྱི་འོབས་ཀྱི་ནང་ན་ཡི་
དགས་ལྔ་བརྒྱ་འཁོད་པ་རྣམས་མཐོང་ནས་དེ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་དང་འབྲེལ་པས་གྲོང་ཁྱེར་གྱི་འོབས་དེའི་ནང་དུ་སོང་ནས་དེ་དག་དང་ལྷན་ཅིག་འདུས་ཤིང་ཕྲད་དེ་དགའ་བར་གྱུར་ནས་གྲོགས་པོར་གྱུར་ཏོ། །ཕྱིས་རེ་ཞིག་ན་ཁྱེའུ་ཕྱིས་ཁུང་དོན་ཞིག་ལ་བྲེལ་ཏེ་ཡངས་པ་ཅན་དུ་སོང་ངོ་། །
བཅོམ་ལྡན་འདས་ཀྱང་གྲོང་ཁྱེར་གྱི་འོབས་དེར་བྱོན་ནས། ཡི་དགས་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་
སྟོང་བས་ལྷག་པའི་འོད་མངའ་བ་རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ་། །མཐོང་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་བདག་ཅག་ཕོངས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཅིས་ཕོངས།
ཡི་དགས་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་བདག་ཅག་ནི་སྐོམ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་སོར་ལྔ་ལས་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་རྒྱུན་ལྔ་ཕབ་སྟེ། དེས་ཡི་དགས་ལྔ་བརྒྱ་པོ་དེ་དག་ཚིམ་པར་མཛད་དོ། །དེ་ནས་དེ་དག་བཅོམ་
เล่ม ๗๕ · หน้า 135a
ལྡན་འདས་ལ་སེམས་དགའ་བར་གྱུར་ཏེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པའི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་གང་དུ་སྐྱེས་ལས་གང་གིས་སྐྱེས་སྙམ་
མོ། །དེ་ནས་ཡི་དགས་ལས་ཤི་འཕོས་པ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པར་དེ་དག་གིས་མཐོང་ངོ་། །དེ་ནས་སྔོན་ཡི་དགས་སུ་གྱུར་པའི་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ཞག་ལོན་ཏེ་གཟོད་
བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱིས། བདག་ཅག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འདོང་ངོ་སྙམ་མོ། །དེ་ནས་སྔོན་ཡི་དགས་སུ་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་
བརྒྱན་པ། ནོར་བུ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན་ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་སྤྲྀ་ཀ་ལ་སོགས་པས་བྱུགས་པ་དེ་རྣམས་ཀྱིས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་ད་ར་རྣམས་ཀྱིས་ཐུ་བ་
བཀང་སྟེ། ཁང་པ་བརྩེགས་པའི་གནས་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་ཡི་དགས་སུ་གྱུར་པའི་ལྷའི་བུ་རྣམས་
ཀྱི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ལྷའི་བུ་ལྔ་བརྒྱས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་
ཞུགས་པའི་འབྲས་བུ་ཐོབ་སྟེ། དེ་དག་གིས་བདེན་པ་མཐོང་ནས་ཚོང་པ་ཁེ་སྤོགས་ཕྱིན་པ་དང་ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང་དཔའ་བོ་གཡུལ་ལས་རྒྱལ་བ་དང་ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས། བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་པའི་འབྱོར་
เล่ม ๗๕ · หน้า 135b
པ་དེ་ཉིད་ཀྱིས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་རང་གི་གནས་སུ་དོང་ངོ་། །དེ་ནས་ཁྱེའུ་ཕྱིས་ཁུང་གྲོང་ཁྱེར་གྱི་འོབས་སུ་འོངས་པ་དང་ཡི་དགས་དེ་དག་མ་མཐོང་ངོ་། །དེ་ནས་ཚོལ་བ་ལ་ཞུགས་ཏེ་དེ་དེ་དག་ཡོངས་སུ་ཚོལ་བས་སྐྱོ་བར་གྱུར་ལ་དེ་དག་ནི་མ་རྙེད་དོ། །
དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་
ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ་གཅིག་ཏུ་དཔའ་བ་ཟླ་མེད་པ་གཉིས་སུ་མི་གསུང་བ་ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་
ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་
སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་
གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་པ་བས་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་དུ་
སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་
เล่ม ๗๕ · หน้า 136a
བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ།
སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། །འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་
རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་རིགས་ཀྱི་བུ་ཕྱིས་ཁུང་ལ་ཕན་གདགས་པའི་ཕྱིར། སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་
ཀྱིས་ཞམ་རིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཡངས་པ་ཅན་དུ་བསོད་སྙོམས་ལ་གཤེགས་པ་དང་། རེ་ཞིག་ན་མཐར་གྱིས་བསོད་སྙོམས་བསྐོར་ཏེ། སྲང་དུ་གཤེགས་ན་ཕྱིས་ཁུང་ཡང་ཕན་ཚུན་འཁོར་འཁོར་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲེང་ངོ་། །
དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་
ནས་བཟང་བ་མཐོང་ངོ་། །མཐོང་ནས་ཀྱང་དེའི་མོད་ལ་དེས་བཅོམ་ལྡན་འདས་ལ་སེམས་དགའ་བར་བྱས་སོ། །དེ་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་སེམས་ཅན་བདག་ཅག་ལྟ་བུ་ཡང་ལེགས་
པར་གསུངས་པའི་ཆོས་འདུལ་བ་འདི་ལ་རབ་ཏུ་འབྱུང་བ་མཆིས་ཏེ། ཆུད་པར་འགྱུར་ན་བདག་ཀྱང་རབ་ཏུ་འབྱུང་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་སེམས་ཅན་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་བ་མཁྱེན་པས་དེ་ཤིན་ཏུ་སྐལ་བ་དང་ལྡན་པར་ཐུགས་
เล่ม ๗๕ · หน้า 136b
སུ་ཆུད་ནས་ཕྱག་གླང་པོ་ཆེའི་སྣ་ལྟ་བུ་གསེར་གྱི་ཁ་དོག་ཅན་བརྐྱང་སྟེ། འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པའི་མོད་ལ་སྐྲ་དང་ཁ་སྤུ་ནི་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། སྤྱོད་
ལམ་ནི་བསྙེན་པར་རྫོགས་ནས། ལོ་བརྒྱ་ལོན་པ་ལྟ་བུར་འདུག་པར་གྱུར་པ། ལག་ན་ནི་ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ། །འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པས། །དེ་ནི་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱི་ནི་དགོངས་
པས་གོས་བགོས་ནས། །མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཡིད་ལ་བྱེད་པའི་ལུང་ཕོག་སྟེ། དེས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་
ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་
གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་
པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་དགྲ་བཅོམ་པ་ཉིད་ཐོབ་ཟིན་ན་ཡང་ངན་པ་ལ་དགའ་བར་གྱུར་ནས། དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།
དགེ་སློང་དག་འདི་ལྟ་སྟེ། ངའི་དགེ་སློང་ཕྱིས་ཁུང་འདི་ནི་ངའི་ཉན་ཐོས་ཀྱི་དགེ་སློང་ངན་ངོན་ལ་མོས་པ་རྣམས་ཀྱི་མཆོག་ཡིན་ནོ། །དེ་ནས་དགེ་སློང་དག །ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གནས་བརྟན་ཕྱིས་
เล่ม ๗๕ · หน้า 137a
ཁུང་གིས་ལས་ཅི་བགྱིས་ན་དེས་འདི་ལྟ་བུའི་སྡུག་བསྔལ་མྱོང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཕྱིས་ཁུང་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་
བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ཕྱིས་ཁུང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་
དང་མེའི་ཁམས་དང་རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་
ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་
དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་མཛེས་ལྡན་ཞེས་བྱ་བ་ན་རྟེན་
ཅིང་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཕོ་བྲང་དེར་ཁྱིམ་བདག་ཅིག་གིས་གཙུག་ལག་ཁང་ཞིག་བརྩིགས་ཏེ། དེར་ཕྱོགས་དང་ཡུལ་སྣ་ཚོགས་ན་གནས་པའི་དགེ་སློང་དག་འོང་བ་དང་འགྲོ་བ་དང་གནས་པར་སེམས་སོ། །གཙུག་ལག་ཁང་དེ་ན་སོ་སོའི་སྐྱེ་བོའི་དགེ་སློང་ཞིག་གནས་ཏེ། དེ་ཡང་
གནས་ལ་ཤིན་ཏུ་སེར་སྣ་ཆེ་བ་ཞིག་སྟེ་དགེ་སློང་གསར་དུ་འོང་བ་རྣམས་མཐོང་ན་ཚིག་པ་ཟ་ཞིང་འཁྲུག་ལ་གནོད་སེམས་བྱེད་དེ། ཞུལ་ཞུལ་པོར་འདུག་ཅིང་འཁྲུག་པ་སྐྱེད་པར་བྱེད་དོ། །དགེ་སློང་གང་དག་གཙུག་ལག་ཁང་དེ་ནས་གུད་དུ་འགྲོ་བ་དེ་དག་མཐོང་ན་ནི། ཤས་ཆེར་དགའ་
เล่ม ๗๕ · หน้า 137b
ཞིང་མཆོག་ཏུ་དགའ་ལ་སྐྱེལ་ཞིང་སྨྲ་བར་བྱེད་དོ། །ཕྱིས་རེ་ཞིག་ན་ག་ཞིག་གི་ཡུལ་ནས་དགེ་སློང་དགྲ་བཅོམ་པ་ཞིག་འོངས་སོ། །གཙུག་ལག་ཁང་གི་བདག་པོ་དེ་ཡང་ཕྱིར་མི་འོང་བ་ཡིན་ཏེ། དེས་སྤྱོད་ལམ་གྱི་སྒོ་ནས་དགྲ་བཅོམ་པ་ཡིན་པར་ཤེས་སོ། །དེ་ནས་དགའ་བ་སྐྱེས་ཏེ་ཕྱི་དེ་ཉིན་དགེ་
སློང་གི་དགེ་འདུན་དང་བཅས་པར་ཆོ་ག་དང་ལྡན་པའི་ཁྲུས་དང་བཤོས་ལ་སྤྱན་དྲངས་སོ། །དགེ་སློང་གཞི་བ་དེ་ནི་དེ་ན་མེད་པ་ལས་རེ་ཞིག་ན་ཕྱི་དེ་ཉིན་ཆོ་ག་དང་ལྡན་པའི་ཁྲུས་ཀྱང་ཕུལ། བཤོས་ཀྱང་བཤམས་པ་ལས་དགེ་སློང་གཞི་བ་དེ་ཡང་འོངས་ཏེ། དེ་ཡང་ཆོ་ག་དང་ལྡན་པའི་ཁྲུས་སར་
སོང་ནས། གཙུག་ལག་ཁང་གི་བདག་པོ་ཁྱེད་རིངས་སུ་བྱུང་སྟེ། དགེ་སློང་གསར་དུ་འོངས་པའི་བྱི་དོར་བྱེད་ཅིང་འདུག་པ་མཐོང་ངོ་། །དེ་ནས་དེ་ཕྲག་དོག་སྐྱེས་ནས། དེས་སྡང་བའི་སེམས་ཀྱིས་ངག་གི་ལས་རྩུབ་པོ་སྨྲས་ཏེ། དགེ་སློང་ཁྱེད་ནི་ལུས་མི་གཙང་བས་བྱུགས་ཀྱང་
སླའི་སྦྱིན་བདག་འདི་ལྟ་བུ་བསྙེན་བཀུར་ལེན་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱས་སོ། །དེ་ནས་དགྲ་བཅོམ་པ་དེས་ཉོན་མོངས་པ་འདི་ལས་ཆེས་མི་བཟད་པའི་སྐལ་བ་ཅན་དུ་འགྱུར་ན་མི་རུང་ངོ་སྙམ་ནས་ཅང་མི་ཟེར་བར་དང་དུ་བླངས་སོ། །རེ་ཞིག་ན་ཚོགས་པར་གྱུར་ཏེ་དྲོ་ལ་བབ་པ་ན་དགེ་
སློང་གཞི་བ་དེས་དགྲ་བཅོམ་པ་ལ་ཁྱོད་ཀྱིས་སྡང་བའི་སེམས་བསྐྱེད་དོ་ཞེས་ཟེར་བ་ཐོས་སོ། །ཐོས་ནས་ཀྱང་དེ་འགྱོད་པ་སྐྱེས་སོ། །དེ་ནས་དགེ་སློང་དགྲ་བཅོམ་པ་དེའི་རྐང་པ་ལ་ཕྱག་འཚལ་ཏེ། འཕགས་པ་བདག་གིས་ཁྱོད་ལ་ཚིག་རྩུབ་པོ་སྨྲས་པ་དེ་བཟོད་པར་གསོལ་ལོ་ཞེས་བྱས་སོ། །
དེ་ནས་དགྲ་བཅོམ་པ་དེས་དེའི་དད་པ་བསྐྱེད་པའི་ཕྱིར་ནམ་མཁའ་ལ་འཕགས་ནས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །དེ་ནས་ལྷག་པར་ཡང་འགྱོད་པ་སྐྱེས་ཏེ། དེ་ནས་དེའི་མདུན་དུ་ལས་ཀྱི་ཉེས་པ་དེ་མཐོལ་ཞིང་བཤགས་ཏེ་ཤད་ཀྱིས་སྦྱངས་སོ། །འོན་ཀྱང་དེས་མཐར་ཐུག་པའི་
ཡེ་ཤེས་བསྐྱེད་ནི་མ་ནུས་སོ། །དེ་ནས་རེ་ཞིག་ན་འཆི་བའི་དུས་ལ་བབ་པ་དང་དེས་སྨོན་ལམ་བཏབ་པ། བདག་གིས་དགྲ་བཅོམ་པ་ལ་སྡང་བའི་སེམས་བསྐྱེད་པ་དང་། ངག་གི་ལས་རྩུབ་པོ་སྨྲས་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པ་ནི་བདག་གིས་མྱོང་བར་མ་གྱུར་ཅིག །
เล่ม ๗๕ · หน้า 138a
བདག་གིས་བཀླག་པ་དང་། ཁ་ཏོན་བྱས་པ་དང་སྦྱིན་པ་དང་སྦྱིན་པ་ཆེན་པོ་དག་བྱིན་པ་དང་དགེ་འདུན་ལ་བསྙེན་བཀུར་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེས་ནི་མ་འོངས་པའི་དུས་སུ། སངས་རྒྱས་བཅོམ་ལྡན་འདས་མཉེས་པར་བྱེད་པར་ཤོག་ཅིག་ཅེས་
བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་གཞི་བར་གྱུར་པ་གང་ཡིན་པ་དེ་ནི་ཕྱིས་ཁུང་འདི་ཉིད་ཡིན་ཏེ། དེས་དགྲ་བཅོམ་པ་ལ་ངག་གི་ལས་རྩུབ་པོ་སྨྲས་པའི་ལས་ཀྱི་རྣམ་པར་སྨིན་པ་དེས་ན་འཁོར་བ་ན་སྡུག་བསྔལ་མཐའ་ཡས་པ་མྱོང་བར་གྱུར་ཏེ།
ལས་དེ་ཉིད་ཀྱི་ལྷག་མ་ལུས་པས་དེ་ལྟར་སྲིད་པ་ཐ་མ་ལ་བབ་པའི་ཚེ་ཡང་། འདི་ལྟར་དྲི་ང་ཞིང་མཆོག་ཏུ་དྲི་ང་བར་གྱུར་ལ་མི་གཙང་བ་དང་སྙག་སྙིག་ལ་དགའ་བར་གྱུར་ཏོ། །དེས་ཁ་ཏོན་བྱས་པ་དང་། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་
མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱས་པ་དེས་ནི་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟ་བས་ན་འདི་ལྟར་བསླབ་
པར་བྱ་སྟེ། སེར་སྣ་སྤང་བ་ལ་བརྩོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱིས་ཁུང་སོ་སོའི་སྐྱེ་བོར་གྱུར་པའི་ཉེས་པ་གང་ཡིན་པ་དེ་དག་འབྱུང་བར་མི་འགྱུར་བ་དང་། དེས་དགྲ་བཅོམ་པ་ཉིད་ཐོབ་པའི་ཡོན་ཏན་གྱི་ཚོགས་འདི་ལྟ་བུར་འགྱུར་བའི་ཕྱིར་ཏེ། དགེ་སློང་ཁྱོད་ཀྱིས་དེ་
ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་ལྷ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་ལ་སོགས་པ་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །རྟོགས་
པ་བརྗོད་པ་བརྒྱ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་ལྔ་པ་རྫོགས་སོ།། །།སྡོམ་ནི། སྦྲུལ་ནག་དང་ནི་ཟླ་བ་དང་། །སཱ་ལ་དང་ནི་དཔལ་ལྡན་མ། །གོས་དང་ནེ་ཙོ་ཕོ་ཉ་དང་། །མ་ཧེ་དང་ནི་གསོ་སྦྱོང་དང་། །ངང་པ་ཐ་མར་བརྗོད་པ་ཡིན། །སྦྲུལ་ནག་པོ་ཞེས་བྱ་བ་ནི། སངས་རྒྱས་
เล่ม ๗๕ · หน้า 138b
བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་
ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་
འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །དེའི་ཚེ་
རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་ཡོད་དེ། དེ་ཡང་སེར་སྣ་ཅན་འཇུངས་པ། ཡོ་བྱད་རྣམས་ཀུན་ཏུ་འཛིན་པ། ཁྭ་ལ་
ཡང་གཏོར་མ་མི་སྟེར་བ་ཞིག་སྟེ། དེས་དགེ་སྦྱོང་དང་བྲམ་ཟེ་དང་སྡུག་ཅིང་ཕོངས་པ་དང་བཀྲེན་པ་དག་མཐོང་ན་སེམས་སྡང་བར་བྱེད་དོ། །དེ་ནས་དེས་རང་གི་སྐྱེད་མོས་ཚལ་དུ་གསེར་དངུལ་གྱི་ཕུང་པོ་ཆེན་པོ་སྦས་ཏེ་བཞག་ནས། དེ་དེ་ལ་ཆགས་ཏེ་ལྷག་པར་ཞེན་བཞིན་དུ་ཤིའོ། །དེ་ཤི་ནས་
དེ་ཉིད་ཀྱི་སྟེང་དུ་སྦྲུལ་གདུག་པ་སྦྲུལ་ནག་པོ་ཆེན་པོ་མིག་གདུག་པ་ཞིག་ཏུ་སྐྱེས་སོ། །དེ་ནས་སྐྱེད་མོས་ཚལ་དེར་སྐྱེ་བོའི་ཚོགས་གང་སོང་བ་དེ་དག་བལྟས་པ་ཙམ་གྱིས་གསོད་པར་བྱེད་དོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཐོག་ཐག་ཏུ་ཡང་ཆེ་གེ་མོའི་སྐྱེད་མོས་ཚལ་དུ་སོང་བ་དེ་དག་ཐམས་ཅད་
བརླག་པར་འགྱུར་རོ་ཞེས་སྒྲ་གྲག་པར་གྱུར་ཏོ། །སྐྱེ་བོའི་ཚོགས་ཀྱིས་ཀྱང་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གསོལ་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པ་དེ་འདུལ་ནུས་པ་གཞན་སུ་ཞིག་ཡོད་སྙམ་མོ། །
เล่ม ๗๕ · หน้า 139a
དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་སྐྱེ་བོ་མང་པོའི་འཁོར་དང་བཅས་པ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ཀྱིས་
རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་དགའ་བར་མཛད་དོ། །ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་
དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་
སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་འདི་ན་སྐྱེད་མོས་ཚལ་ག་གེ་མོ་ཞིག་ན་སྦྲུལ་གདུག་པ། སྦྲུལ་ནག་པོ་ཆེན་པོ་མིག་གདུག་པ་ཞིག་མཆིས་ཏེ། སྐྱེ་བོ་མང་པོ་བརླག་པར་བགྱིད་ལགས་ན། བཅོམ་ལྡན་
འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་དེ་གདུལ་བར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་
ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་སྐྱེད་མོས་ཚལ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་བཅོམ་ལྡན་འདས་ཀྱིས་འོད་ཟེར་
གསེར་གྱི་ཁ་དོག་ཅན་ཉི་མ་སྟོང་གི་འོད་པས་ལྷག་པ་དག་བཀྱེ་སྟེ། དེ་དག་གིས་སྐྱེད་མོས་ཚལ་དེ་དག་ཐམས་ཅད་སྣང་བར་བྱས་སོ། །བསྐལ་པ་སྟོང་གི་བར་དུ་ཡོངས་སུ་བསྒོམས་པའི་བྱམས་པའི་འོད་ཟེར་དག་ཀྱང་བཀྱེ་སྟེ། དེ་དག་གིས་དེའི་ལུས་ལ་ཕོག་མ་ཐག་ཏུ་རབ་ཏུ་སིམ་པར་
เล่ม ๗๕ · หน้า 139b
གྱུར་ཏོ། །དེ་ནས་སྦྲུལ་གདུག་པ་དེས་ཕན་ཚུན་དུ་བལྟས་ཏེ་སུའི་མཐུས་བདག་གི་ལུས་སིམ་པར་གྱུར་ཞིག་གུ་སྙམ་པ་དང་། །དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་
པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ངོ་། །མཐོང་མ་ཐག་ཏུ་དེས་བཅོམ་ལྡན་འདས་ལ་དད་པའི་སེམས་སྐྱེད་དེ། དད་པའི་སེམས་དང་ལྡན་པར་གྱུར་ནས། བཅོམ་
ལྡན་འདས་ཀྱིས་དེ་དང་འཐུན་པའི་ཆོས་བསྟན་ཏེ། བཞིན་བཟངས་ཁྱོད་ཉིད་ཀྱིས་རྫས་འདི་བསྒྲུབས་པ་དེས་ན་ཁྱོད་སྦྲུལ་གདུག་པར་ལྷུང་བར་བྱས་སོ། །ད་ཡང་ང་ལ་དད་པའི་སེམས་སྐྱེད་ལ་གཏེར་འདི་ལ་ཡང་སེམས་མ་ཆགས་པར་བྱོས་དང་ལེགས་སོ། །འདི་ནས་ཤི་འཕོས་
ནས་ཀྱང་སེམས་ཅན་དམྱལ་བར་སྐྱེས་རེ། དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དེ་ཚེ་རབས་དྲན་པར་མཛད་པ་དེའི་ཚེ་དེ་ངུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཁྱོད་ནི་དུད་འགྲོར་སྐྱེས་པ་ལ། །ད་ནི་ང་ཡིས་ཅི་བྱར་མེད། །མི་ཁོམ་པར་ནི་སྐྱེས་ཟིན་གྱིས། །
དོན་མེད་ངུས་པས་ཅི་ལ་ཕན། །འདིར་ནི་རྒྱལ་བ་སྙིང་རྗེ་ཅན། །ང་ལ་དད་པའི་སེམས་སྐྱེད་ལ། །དུད་འགྲོའི་སྐྱེ་གནས་སྤངས་ན་ལེགས། །འོན་ཀྱང་མཐོ་རིས་འགྲོ་བར་འགྱུར། །དེ་ནས་རེ་ཞིག་ན་བཅོམ་ལྡན་འདས་ཀྱིས་སྦྲུལ་དེ་ལྷུང་བཟེད་ཀྱི་ནང་དུ་བཅུག་སྟེ། འོད་མའི་
ཚལ་དུ་བསྣམས་སོ། །དེའི་སྐབས་སུ་རྒྱལ་པོ་དང་ཡུལ་མ་ག་དྷཱའི་སྐྱེ་བོའི་ཚོགས་ཀྱིས་སྦྲུལ་གདུག་པ་དེ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཏུལ་བ་ཐོས་སོ། །དེ་ནས་སྦྲུལ་གདུག་པ་དེས་རང་གི་ལུས་ལ་སྨད་དེ་ཁ་འཚོས་ནས་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏེ་ཤི་ནས།
སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་གང་དུ་སྐྱེས་ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་སྦྲུལ་གདུག་པ་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་
เล่ม ๗๕ · หน้า 140a
གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པར་དེས་མཐོང་ངོ་། །དེ་ནས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་
ཆ་མ་ཡིན་གྱིས། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན། །
ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་སྤྲྀ་ཀ་ལ་སོགས་པས་བྱུགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་ད་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ཐམས་ཅད་འོད་ཆེན་པོས་སྣང་བར་
བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་
འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་
ཚིག་ཏུ་བརྗོད་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་བསྐམས་པ་དང་། རུས་པའི་ལ་བསྒྲལ་བ་དང་། ངན་སོང་གི་སྒོ་རྣམས་བཅད་པ་དང་། མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང་། བདག་ལྷ་དང་མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་
ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་གཉེན་གྱི་ཚོགས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་
เล่ม ๗๕ · หน้า 140b
སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག །ཤིན་ཏུ་རྣམ་དག་ཁྱོད་ལས་བརྟེན་
ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོ་ཕ་རོལ་རྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡིས། །ཐུབ་པ་ཁྱེད་ནི་དེང་མཐོང་འབྲས་བུ་ཡོད། །
དེ་ནས་དོ་ཤལ་འཆང་བ་དགའ་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང་། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང་། །དེ་ནས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང་། ཞིང་པ་འབྲུ་རྒྱལ་བར་
གྱུར་པ་དང་དཔའ་བོ་གཡུལ་ལས་རྒྱལ་བ་དང་ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས། དེ་ཉིད་ཀྱི་མཚན་མོ་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཐད་དུ་སོང་ནས། རྒྱལ་པོའི་ཕོ་བྲང་ཐམས་ཅད་འོད་ཆེན་པོས་སྣང་བར་
བྱས་ཏེ། རྒྱལ་པོ་བསླང་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ལོངས་ཉལ་ཏེ་ཅི་བྱ། དེ་ནས་རྒྱལ་པོ་སད་དེ། འོད་ཆེན་པོ་དེ་དང་ལྷའི་བུ་དེ་མཐོང་ངོ་། །མཐོང་ནས་ཀྱང་དགའ་ཞིང་མགུ་སྟེ་ཁྱོད་སུ་ཞིག་ཅེས་དྲིས་སོ། །དེ་ན་རེ་བདག་ནི་སྐྱེད་མོས་ཚལ་དེར་བཅོམ་ལྡན་འདས་ཀྱིས་
སྦྲུལ་གདུག་པ་བཏུལ་ཏེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་ཡིན་ཏེ། བཅོམ་ལྡན་འདས་ལ་ཡང་བདག་གིས་བསྙེན་བཀུར་བྱས་ནས་བདེན་པ་མཐོང་བར་གྱུར་ཏོ། །ད་བདག་གིས་ཁྱོད་ལ་བསྟན་གྱིས་ཁྱོད་སོང་ལ་སྐྱེད་མོས་ཚལ་དེའི་ཕྱོགས་ག་གེ་མོ་ཞིག་ནས་གཏེར་ཆེན་
པོ་ཕྱུང་ལ་བདག་གི་ཕྱིར། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་གསོལ་ཏེ་ཡོན་གྱི་རབས་ཀྱང་གདོན་པར་གསོལ་ཅིག །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་ལྷའི་བུ་ལ་ཅང་མི་ཟེར་བར་ཁས་བླངས་སོ། །དེ་ནས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུས་རྒྱལ་
เล่ม ๗๕ · หน้า 141a
པོས་ཅང་མི་ཟེར་བས་ཁས་བླངས་པར་རིག་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་དེ་ཉིད་ཀྱི་མཚན་མོ་ཡུལ་མ་ག་དྷཱའི་ཕོ་བྲང་འཁོར་གྱི་མི་དང་ཡུལ་མི་རྣམས་ལ་བསྒོ་ནས་སྐྱེད་མོས་ཚལ་དེར་སོང་སྟེ་གཏེར་ཕྱུང་ནས། བཅོམ་ལྡན་
འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་བཤོས་གསོལ་ཏེ། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་སྔོན་སྦྲུལ་གདུག་པར་གྱུར་པའི་ལྷའི་བུས་ལས་གང་དག་བགྱིས་ན། དེས་སྦྲུལ་གདུག་པར་སྐྱེས་ལགས། ལས་གང་དག་བགྱིས་ན་དེས་ལྷའི་ནང་དུ་སྐྱེས་
ནས་བདེན་པ་མཐོང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངེས་ཤས་ཆེར་ཆགས་པ་བསྐྱེད་དེ། དགེ་སྦྱོང་དང་བྲམ་ཟེ་དང་སྡུག་ཅིང་ཕོངས་པ་དང་བཀྲེན་པ་རྣམས་ལ་སྡང་བའི་སེམས་བསྐྱེད་པ་དེས་ནི་སྦྲུལ་གདུག་པར་སྐྱེས་སོ། །ང་ལ་སེམས་དགའ་བར་བྱས་པ་དེས་ནི་
ལྷའི་ནང་དུ་སྐྱེས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་ལ་དགེ་བསྙེན་དུ་གྱུར་ཏེ། སྐྱབས་སུ་སོང་བ་དང་བསླབ་པའི་གཞི་བླངས་པ་དེས་ནི་བདེན་པ་མཐོང་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེ་བས་ན་སེར་སྣ་སྤང་བའི་ཕྱིར་བརྩོན་པར་བྱས་ཏེ། ཅི་ནས་སྦྲུལ་གདུག་པར་གྱུར་པའི་
ཉེས་པ་དེ་ལྟ་བུ་དག་འབྱུང་བར་མི་འགྱུར་བ་དང་། དེ་ཉིད་ལྷའི་བུར་གྱུར་པའི་ཡོན་ཏན་གྱི་ཚོགས་དེ་དག་ལྟ་བུར་འགྱུར་བར་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་བསླབ་པར་བྱའོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས།
བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ནས་སོང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཟླ་བ་ཞེས་བྱ་བ་ནི། སངས་རྒྱས་
བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་
เล่ม ๗๕ · หน้า 141b
རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་
རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་
སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཞིང་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས་དེ་
ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ་ཁྱེའུ་གཟུགས་བཟང་ཞིང་། བལྟ་ན་སྡུག་ལ་མཛེས་པ་སྐྱེ་བོ་ཐམས་ཅད་ཀྱི་མིག་སིམ་པར་བྱེད་པ་ཞིག་བཙས་སོ། །དེ་ཡང་བྲམ་ཟེ་དེས་དཀའ་བས་རྙེད་པ་ཡིན་ཏེ། དེ་ལ་བུ་དང་བུ་མོ་གཞན་ཡང་མེད་ནས་དེ་བསྐྱེད་བསྲིངས་ཏེ་ཆེར་སྐྱེས་ནས་དེ་
འཇིག་རྟེན་ཐམས་ཅད་སིམ་པར་བྱེད་པའི་ཕྱིར་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་ཁྱེའུ་དེའི་མིང་ཟླ་བ་ཞེས་བཏགས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་ཟླ་བ་གྲོང་ཁྱེར་ཐམས་ཅད་དུ་བརྒྱུད་དེ་བསྐོར་ནས། བྲམ་ཟེ་དེ་ཡང་ཁྱེའུ་དེ་ལ་ལྷག་པར་བྱམས་པར་གྱུར་ཏེ། འཆག་པ་དང་འདུག་པ་དང་ཉལ་བ་དག་
གི་ཚེ་ཡང་རྟག་ཏུ་ལེགས་པར་བསྲུང་བ་ལྷུར་བྱེད་ཅིང་འདུག་གོ། །བྲམ་ཟེ་དེའི་ཁྱིམ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་ཉེ་བ་ཞིག་ན་འདུག་གོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་བསྟེན་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། སངས་རྒྱས་ཀྱི་གསུང་ཐོས་
ནས། དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དོ། །དེ་ཡང་ཚེ་ཐུང་སྟེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས། སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་གང་དུ་
เล่ม ๗๕ · หน้า 142a
སྐྱེས་ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་མི་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང་། བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་པ་དེས་མཐོང་ངོ་། །དེ་ནས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུ་འདི་སྙམ་དུ་སེམས་ཏེ། བདག་ཞག་
ལོན་ནས་གཟོད་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱིས། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ་ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ།
ནོར་བུ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན་ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་སྤྲྀ་ཀ་ལ་སོགས་པས་བྱུགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་
ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་
སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་སྟོན་ཏེ། དེ་ཐོས་ནས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་
ཚིག་ལན་གསུམ་དུ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་བསྐམས་པ་དང་། རུས་པའི་ལ་བསྒྲལ་བ་དང་། ངན་སོང་གི་སྒོ་རྣམས་བཅད་པ་དང་། མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང་བདག་ལྷ་དང་མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་
བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་གཉེན་གྱི་ཚོགས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་
เล่ม ๗๕ · หน้า 142b
སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག །ཤིན་ཏུ་རྣམ་དག་ཁྱོད་ལས་བརྟེན་ནས་ཐོབ། །བདག་ནི་
སྡུག་བསྔལ་རྒྱ་མཚོའི་ཕ་རོལ་རྒལ། །འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་ལྷ་དང་མིས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགའ་གྱུར་ཏེ།
བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང་། །ལྷ་ཡི་འཇིག་རྟེན་ཁ་ལྟས་ལྷ་ཡུལ་སོང་། །དེ་ནས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང་ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང་དཔའ་བོ་གཡུལ་ལས་རྒྱལ་བ་དང་ནད་པ་ནད་ཐམས་
ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དགེ་སློང་དག་ནི་སྲོད་དང་ཐོ་རས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཏེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ་། །མཐོང་
ནས་ཀྱང་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་
སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་གྱི། བྲམ་ཟེའི་བུ་གཅིག་པ་དེ་ཚེ་ཐུང་སྟེ་ཤི་ནས། དེ་ང་ལ་སེམས་དགའ་བར་གྱུར་ཏེ།
སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ནས། དེ་མདང་སུམ་ངའི་ཐད་དུ་འོངས་ཏེ། ངས་དེ་ལ་ཆོས་བསྟན་ནས་བདེན་པ་མཐོང་བར་གྱུར་ཏེ་རང་གི་གནས་སུ་སོང་ངོ་། །དེའི་སྐབས་སུ་བྲམ་ཟེ་དེས་བུ་གཅིག་པ་སྡུག་ཅིང་ཕངས་ལ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་དང་། བཟོད་པ་དང་ལྡན་པ་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด