ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๗๖ · หน้า 114b

གི་སྤྱི་བོའི་སྟེང་ན་ལྕགས་ཀྱི་འཁོར་ལོས་ཤིན་ཏུ་འབར་བ་རྒྱུན་དུ་འཁོར་ཡང་སྡུག་བསྔལ་དེ་ཙམ་གྱིས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ། །བརྒྱ་བྱིན་གྱིས་སྨྲས་པ། ཚིག་དེ་སྐད་ཅེས་སྨྲས་པ་ལ་སུ་ཞིག་ཡིད་ཆེས་པར་འགྱུར། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་

པོས་བརྒྱ་བྱིན་ལ་སྨྲས་པ། གལ་ཏེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་མ་ཡིན་ལ་ལྷའི་དབང་པོ་ཁྱོད་བསླུས་པར་གྱུར་ན། བདག་གི་ལུས་ཀྱི་རྨ་འདི་དག་ནམ་དུ་ཡང་འཚོ་བར་མ་གྱུར་ཅིག །གལ་ཏེ་དེ་ལྟ་མ་ཡིན་ན་ཁྲག་ཀྱང་འོ་མར་གྱུར་ཅིག །རྨ་

རྣམས་ཀྱང་སོས་པར་གྱུར་ཅིག་ཅེས་དམ་བཅས་མ་ཐག་ཏུ་རྨ་རྣམས་ཀྱང་སོས་པར་གྱུར་ཏོ། །བརྒྱ་བྱིན་ལྷའི་དབང་པོས། རྒྱལ་པོ་ལ་ཤིན་ཏུ་དགེའོ་ཤིན་ཏུ་དགེའོ་ཞེས་བསྟོད་ནས། རྒྱལ་པོ་ཆེན་པོ་ཁྱོད་ནི་ཡང་དག་པར་སྙིང་རྗེ་ཆེན་པོ་དང་ལྡན་པ་སྟེ། སྙིང་རྗེ་ཆེན་པོའི་སྤྱོད་པའོ། །

དེ་ལྟར་སྤྱོད་དཀའ་བ་སྤྱད་པས། རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་བས། ནམ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ན། ཐོག་མ་བདག་གི་དོན་སྔར་བྱས་པར་ཤོག་ཤིག་ཅེས་སྨྲས་ནས། བརྒྱ་བྱིན་ལྷའི་དབང་པོས་ལུས་ཀྱི་

འོད་ཟེར་གྱིས་རྒྱལ་པོའི་ལུས་ཀུན་ཏུ་སྣང་བར་བྱས་ནས། ལྷའི་འཁོར་བརྒྱ་སྟོང་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །རྒྱལ་བུ་ལྔ་བརྒྱ་རྣམས་དེ་ལྟར་ཡབ་རྒྱལ་པོའི་ལུས་ཀྱི་རྨ་སོས་ཏེ་སྔ་མཁོ་བཞིན་དུ་གྱུར་པ་མཐོང་ནས། རབ་ཏུ་དགའ་རངས་ཏེ་

རྒྱལ་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དེ། ཐལ་མོ་སྦྱར་བ་བཏུད་ནས་ཚིག་འཐུན་པར་འདི་སྐད་ཅེས་སྨྲས་སོ། །འདི་ལྟ་བུ་མཛད་པ་ངོ་མཚར་ཆེ་སྟེ། ཡབ་རྒྱལ་པོ་ནི་ཡང་དག་པར་འགྲོ་བ་ཐམས་ཅད་ལ་སྙིང་རྗེ་ཆེ་བའོ་ཞེས་བསྟོད་དོ། །རྒྱལ་པོས་སྨྲས་

པ། བུ་ཁྱེད་ང་ལ་སྲི་ཞུ་བྱེད་པ་བདེན་ན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་ཅེས་བསྒོ་ནས། རྒྱལ་བུ་རྣམས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་བཞིན་དུ་བཙུན་མོ་ཉི་ཁྲི་དང་ཕོ་བྲང་གི་སླས་བརྒྱ་སྟོང་སྙེད་

เล่ม ๗๖ · หน้า 115a

ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེའི་ཚེ་འཁོར་དེའི་ནང་ན་གནས་པའི་སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་བཅུ་བདུན་སྙེད་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་སུ་སེམས་བསྐྱེད་པར་གྱུར་ཏོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་

མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་གྲངས་མེད་པ་རྣམས་འདི་ལྟ་བུར་གྱུར་པ་མཐོང་ཐོས་ནས་ཐམས་ཅད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་རབ་ཏུ་དགའ་ནས་ཕྱིར་དོང་ངོ་། །ཐབས་མཁས་པ་ཆེན་པོ་

སངས་རྒྱས་དྲིན་ལན་བསབ་པའི་མདོ་ལས། གཉེན་པོའི་ལེའུ་ཞེས་བྱ་སྟེ་གསུམ་པའོ།། །།དེའི་ཚེ་ན་འཁོར་གྱི་དཀྱིལ་འཁོར་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བའི་རྒྱལ་པོ་སྟན་ལས་ལངས་ཏེ་བླ་གོས་ཕྱོགས་གཅིག་ཏུ་བྱས་ནས་པུས་མོ་གཡས་

པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་ཇི་ལྟར་ན་དྲིན་ཤེས་པར་བགྱི། ཇི་ལྟར་ན་དྲིན་བསབ་པར་བགྱི་ཞེས་གསོལ་པ་དང་། བཅོམ་

ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དགའ་བའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལེགས་པར་ཉོན་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲིན་ཤེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །དྲིན་ལན་

བསབ་པ་ནི་སེམས་ཅན་ཕ་རོལ་པོ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་པའོ། །གསོལ་པ། བྱང་ཆུབ་ཏུ་སེམས་བསྐྱེད་ཅེས་བགྱི་བ་ཇི་ལྟར་སེམས་བསྐྱེད་པར་བགྱི། བྱང་ཆུབ་སེམས་དཔས་དངོས་པོ་གང་གི་རྐྱེན་གྱིས་བྱང་

ཆུབ་ཏུ་སེམས་བསྐྱེད་པར་འགྱུར། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོག་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚེ། འདི་སྐད་དུ་ཡི་དམ་ཆེན་པོ་བཅའོ། །བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་

เล่ม ๗๖ · หน้า 115b

པའི་ཚེ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ཆེན་པོ་ལ་ངེས་པར་དགོད་པར་དམ་བཅའོ། །གཞན་ཡང་སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བར་དམ་བཅའ་བར་བྱའོ། །

དེ་ནི་བདག་གི་དོན་དང་གཞན་གྱི་དོན་བྱེད་པ་ཞེས་བྱ་སྟེ། དེ་བས་ན་ཐོག་མ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་ཀྱི་རྒྱུ་དང་ལྡན་པ་ཞེས་བྱ། །སེམས་ཅན་གྱི་རྒྱུ་དང་ལྡན་པ་ཞེས་བྱ། ཡང་དག་པའི་དོན་གྱི་རྒྱུ་དང་ལྡན་པ་ཞེས་བྱ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་

དང་ལྡན་པ་ཞེས་བྱ། དགེ་བའི་ཆོས་ཐམས་ཅད་སྡུད་པའི་གཞི་ཞེས་བྱ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་དགེ་བ་ཞེས་བྱ། དགེ་བ་ཆེན་པོ་ཞེས་བྱ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཞེས་ཀྱང་བྱ། སེམས་ཅན་ཐམས་ཅད་ཀྱི་ལུས་དང་། ངག་དང་། ཡིད་ཀྱི་ལས་སྦྱོང་

བ་ཞེས་བྱ་སྟེ། ལས་ངན་པ་གསུམ་སྦྱངས་པས་འཇིག་རྟེན་ན་སྨོན་ལམ་གང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་འདའ་བ་མེད་དེ་སྨོན་ལམ་མཆོག་དམ་པ་བླ་ན་མེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོག་མ་བྱང་ཆུབ་

ཏུ་སེམས་བསྐྱེད་པའི་ཚེ་དངོས་པོ་ལྔ་དང་ལྡན་པར་བྱའོ། །ལྔ་གང་ཞེ་ན། རང་བཞིན་དང་། སྤྱོད་པ་དང་། སྤྱོད་ཡུལ་དང་། ཡོན་ཏན་དང་། བསྐྱེད་པའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་སྟེ། གདོན་

མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཅིང་ཐེག་པ་ཆེན་པོ་སྤྱོད་པར་འགྱུར་རོ། །དེ་བས་ན་ཐོག་མ་བྱང་ཆུབ་ཏུ་སེམས་བསྐྱེད་པས་དགེ་བའི་ཆོས་ཐམས་ཅད་སྡུད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཇི་

ལྟར་སྤྱོད་པ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །གལ་ཏེ་བྱང་ཆུབ་ཏུ་སེམས་མ་བསྐྱེད་ན་ནམ་དུ་ཡང་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། དེ་བས་ན་བྱང་ཆུབ་ཏུ་སེམས་བསྐྱེད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གཞི་ཐོབ་པར་

เล่ม ๗๖ · หน้า 116a

འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་སྡུག་བསྔལ་གྱིས་གཟིར་བ་མཐོང་ན་བྱམས་ཤིང་སྙིང་རྗེ་བའི་སེམས་སྐྱེ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་བྱམས་པ་དང་། སྙིང་རྗེའི་སེམས་ཀྱིས་རྒྱུ་བྱས་པས་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྒྱུས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒྲུབ་པར་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒྲུབ་པའི་རྒྱུས་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་འཐོབ་སྟེ། དེ་བས་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་གཞིའམ་རྩ་བ་ཞེས་བྱའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སྤྱོད་པར་འགྱུར་ཏེ། དེ་བས་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་རྩ་བ་ཞེས་བྱའོ། །ཡན་ལག་ཅེས་ཀྱང་བྱ། སྡུད་

པ་ཞེས་ཀྱང་བྱ། གོ་རིམས་ཞེས་ཀྱང་བྱ། ས་བོན་ཞེས་ཀྱང་བྱ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་མཐར་ཕྱིན་པ་དང་། མཐར་མི་ཕྱིན་པ་ཡོད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོབ་པར་བྱེད་པ་ནི་ནམ་དུ་ཡང་ཕྱིར་ལྡོག་པའམ།

ནུར་བ་མེད་པས་མཐར་ཕྱིན་པའོ། །མཐར་མི་ཕྱིན་པ་ནི་ལྡོག་པ་དང་ཉམས་པར་འགྱུར་ཏེ། ཕྱིར་ལྡོག་པ་ལ་རྣམ་པ་གཉིས་ཏེ། མཐར་ལྡོག་པ་དང་། མཐར་ལྡོག་པ་མ་ཡིན་པ་ཡོད་དོ། །མཐར་ཕྱིར་ལྡོག་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་

ལས་ཕྱིར་མི་ལྡོག་པའི་ཆོས་གང་ཡིན་པ་དེ་བསྒྲུབ་པའམ་ནན་ཏན་དུ་སྤྱོད་མི་ནུས་པའོ། །མཐར་ཕྱིར་ལྡོག་པ་མ་ཡིན་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཆོས་གང་ཡིན་པ་བསྒྲུབ་ཅིང་ནན་ཏན་དུ་སྤྱོད་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རྣམ་པ་བཞི་སྟེ། རིགས་ཀྱི་བུའམ། རིགས་ཀྱི་བུ་

མོའམ། གང་ཞིག་སངས་རྒྱས་སམ། བྱང་ཆུབ་སེམས་དཔའི་དོན་གྱི་དངོས་པོ་བསམ་གྱིས་མི་ཁྱབ་པ་ཐོས་སམ། མཐོང་ན་དེའི་ཚེ་དད་ཅིང་འདུན་པའི་སེམས་སྐྱེ་བར་འགྱུར་ཏེ། འདི་སྙམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དོན་གྱི་དངོས་པོ་ནི་བསམ་གྱིས་མི་ཁྱབ་པ་སྟེ། སངས་

เล่ม ๗๖ · หน้า 116b

རྒྱས་དང་བྱང་ཆུབ་སེམས་དཔའི་དོན་གྱི་དངོས་པོ་བསམ་གྱིས་མི་ཁྱབ་པ་དེ་ནི་ཐོབ་པར་བྱ་བ་ཡིན་པས་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱའོ་སྙམ་སེམས་ཏེ། དེ་བས་ན་སེམས་རྩེ་གཅིག་ཏུ་བྱང་ཆུབ་དྲན་པར་བྱེད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཁ་ཅིག་ནི་སངས་

རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་གྱི་དངོས་པོ་བསམ་གྱིས་མི་ཁྱབ་པ་མ་མཐོང་ཡང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔས་དགོངས་ཏེ་གསུངས་པའི་སྙིང་པོ་ཐོས་པ་ཙམ་གྱིས་དད་ཅིང་འདུན་པའི་སེམས་སྐྱེས་ཏེ། དད་པའི་སེམས་སྐྱེས་པས། བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཁ་ཅིག་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་དོན་གྱི་དངོས་པོ་བསམ་གྱིས་མི་ཁྱབ་པ་ཡང་མ་མཐོང་། དགོངས་ཏེ་གསུངས་པའི་

ཆོས་མ་ཐོས་ཀྱང་དམ་པའི་ཆོས་འཇིག་པར་འགྱུར་བར་མཐོང་ན། དེ་འདི་སྙམ་དུ་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་གྲངས་མེད་པ་ཞི་བར་བྱེད་ཅིང་། བདེ་བ་དང་ཕན་པའི་དོན་དུ་འགྱུར་བ་འདི་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་འབའ་

ཞིག་གིས་ཡུན་རིང་དུ་གནས་ཤིང་མི་ནུབ་པར་མཛད་དེ། ད་བདག་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་ལ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡོངས་སུ་སྤོང་པའི་ཕྱིར་བདག་གི་ལུས་འདི་སྡུག་བསྔལ་ཆེན་པོ་མྱོང་ཡང་། སངས་རྒྱས་ཀྱི་ཆོས་འཇིག་རྟེན་ན་ཡུན་རིང་དུ་གནས་པར་

བྱའོ་སྙམ་དུ་སེམས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཁ་ཅིག་ནི་སངས་རྒྱས་ཀྱི་ཆོས་འཇིག་པ་མ་མཐོང་ཡང་དུས་ངན་པའི་སེམས་ཅན་རྣམས་ཉོན་མོངས་པ་ཤིན་ཏུ་ལྕི་བ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་

དང་། སེར་སྣ་རྣམས་དང་། ཕྲག་དོག་དང་། ཁོང་ཁྲོ་བ་དང་། འཁྲུག་པ་རྣམས་དང་། མ་དད་པ་དང་། ཐེ་ཙོམ་དང་། ལེ་ལོ་ལ་སོགས་པ་ཉོན་མོངས་པའི་དངོས་པོ་འདི་དག་མཐོང་ན། དེ་འདི་སྙམ་དུ་ཤིན་ཏུ་དུས་ངན་པས་སེམས་ཅན་འདི་དག་ནི་དགེ་བ་མི་སྤྱོད་དེ། དེ་

เล่ม ๗๖ · หน้า 117a

ལྟར་དུས་ངན་པས་ཐེག་པ་གཉིས་ཀྱི་སེམས་ཀྱང་སྐྱེད་མི་ནུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་ཅི་སྨོས་སྙམ་སེམས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སེམས་ཅན་ཐམས་

ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བརྩོན་པར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དགའ་བའི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲིན་ལན་ཤེས་པ་ནི་བདག་

བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །བྱང་ཆུབ་སེམས་དཔའ་དྲིན་ལན་བསབ་པ་ནི་སེམས་ཅན་ཕ་རོལ་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་པའོ་ཞེས་བགྱི་ན། དེ་བཞིན་གཤེགས་པ་སྔོན་འཁོར་བ་ན་འཁོར་བའི་ཚེ་ཐོག་མ་དངོས་པོ་ཅིའི་རྒྱུས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སྔོན་གྱི་བསྐལ་པ་གྲངས་མེད་པའི་བར་དུ་སྐྱེ་ཤིར་འཁོར་བ་ན་འཁོར་ཞིང་ལུས་དང་། ངག་དང་། ཡིད་ཀྱི་ཉོན་མོངས་པའི་ལས་ཆེན་པོས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་མྱོང་བར་གྱུར་ཏོ། །འདི་ལྟ་སྟེ། ཨ་ཧ་ཧའི་

སེམས་ཅན་དམྱལ་བ་དང་། ཨ་ལ་ལའི་སེམས་ཅན་དམྱལ་བ་དང་། ཨ་ཚ་ཚའི་སེམས་ཅན་དམྱལ་བ་དང་། ཟངས་ཁོལ་མའི་སེམས་ཅན་དམྱལ་བ་དང་། ཟངས་ཁོལ་མ་ཆེན་པོའི་སེམས་ཅན་དམྱལ་བ་དང་། རྡོ་ནག་པོའི་སེམས་ཅན་དམྱལ་བ་དང་། རྡོ་ནག་པོ་ཆེན་པོའི་

སེམས་ཅན་དམྱལ་བ་ནས། མེའི་ཤིང་རྟའི་དམྱལ་བའི་བར་དུའོ། །ང་དེའི་ཚེ་ན་མེའི་ཤིང་རྟའི་དམྱལ་བར་ལྷུང་ནས་གུད་ནས་གཅིག་དང་གཉིས་ཀྱིས་མེའི་ཤིང་རྟ་འདྲེན་ཏེ། དམྱལ་བའི་སྲུངས་མ་ཨ་བང་ནི་ཤིང་རྟའི་སྟེང་ན་འདུག་ཅིང་མིག་བགྲད་སོ་གཙིགས་ཏེ་མེ་འབུད་པ། ཁ་

དང་། མིག་དང་། རྣ་བ་དང་། སྣ་ནས་མེ་འབར། དུད་པ་འཐུལ་ཏེ་སྲུངས་མ་དེ་ཡང་ལུས་ཤིན་ཏུ་ཆེ་ཞིང་གནག་ལ། ཤིང་རྟའི་སྟེང་ན་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་ལག་པ་ན་ལྕགས་ཀྱི་དབྱུག་པ་ཐོགས་ཏེ་ང་ལ་རྡེག་གོ། །དེའི་ཚེ་ང་ན་བའི་སྡུག་བསྔལ་མ་བཟོད་ནས་

เล่ม ๗๖ · หน้า 117b

སྟོབས་ཅི་ནུས་ཀྱིས་ཤིང་རྟ་དྲངས་སོ། །ངའི་གྲོགས་ཤིག་ཉམ་ཆུང་སྟེ་འདྲེན་མ་ནུས་པས་དམྱལ་བའི་སྲུངས་མ་ཨ་བང་གིས་ལྕགས་ཀྱི་མདུང་རྩེ་གསུམ་པ་ཐོགས་ནས་བྲང་དུ་བཙུགས་ཏེ། ལྕགས་ཐོས་བརྡེགས་ནས་ཁྲག་ཆར་པར་བབ་བོ། །དེའི་ཚེ་མི་དེ་ན་བའི་སྡུག་བསྔལ་མི་

བཟོད་པས་ན་ཚའི་སྐད་ཆེན་པོ་ཕྱུང་ནས་བར་འགའ་ནི་ཕ་མ་ཞེས་འབོད། བར་འགའ་ནི་ཆུང་མ་བུ་ཞེས་བོས་ཀྱང་ཕན་པ་མེད་དོ། །ང་དེའི་ཚེ་ན་དེ་ལྟ་བུའི་སྡུག་བསྔལ་ཆེན་པོ་མྱོང་བ་མཐོང་ནས་སྙིང་རྗེའི་སེམས་སྐྱེས་སོ། །དེ་ལྟར་སྙིང་རྗེའི་སེམས་ཆེན་པོ་སྐྱེས་པའི་རྐྱེན་གྱིས་བྱང་ཆུབ་

ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་ནས་སྡུག་བསྔལ་མྱོང་བ་དེའི་ཕྱིར་དམྱལ་བའི་སྲུངས་མ་ཨ་བང་ལ་སྡུག་བསྔལ་མྱོང་བའི་མི་འདི་ལ་སྙིང་རྗེའི་སེམས་ཅུང་ཟད་སྐྱེད་ཅིག་ཅེས་གསོལ་བ་བཏབ་པ་དང་། དམྱལ་བའི་སྲུངས་མ་ཁྲོས་ནས་ཞེ་སྡང་གི་སེམས་སྐྱེས་པས་ལྕགས་ཀྱི་མདུང་

རྩེ་གསུམ་པ་ཐོགས་ནས་ངའི་གཉའ་བར་བཙུགས་ནས་དེར་ཚེའི་དུས་བྱས་པས་མེའི་ཤིང་རྟའི་སེམས་ཅན་དམྱལ་བ་ལས་ཐར་ཏེ་བསྐལ་པ་བརྒྱ་སྙེད་ཀྱི་མི་དགེ་བའི་སྡིག་པ་བྱང་བར་གྱུར་ཏོ། །དེ་ལྟར་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་མེའི་

ཤིང་རྟའི་སེམས་ཅན་དམྱལ་བ་ལས་ཐར་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དགའ་བའི་རྒྱལ་པོ་ལ་བཀའ་སྩལ་པ། དེའི་ཚེ་མེའི་ཤིང་རྟ་འདྲེན་པ་དེ་ནི་ད་ལྟར་ང་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པས་མྱུར་དུ་སངས་རྒྱས་སུ་གྲུབ་པར་གྱུར་ཏོ། །དེ་བས་ན་སེམས་ཅན་ཐམས་

ཅད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་དོན་གྱི་དངོས་པོ་ནི་གཅིག་ཏུ་མ་ཟད་དེ། ལ་ལ་ནི་སྙིང་རྗེའི་རྐྱེན་གྱིས་སྐྱེའོ། །ལ་ལ་ནི་ཞེ་སྡང་གི་རྐྱེན་གྱིས་སྐྱེའོ། །ལ་ལ་ནི་སྦྱིན་པའི་རྐྱེན་གྱིས་སྐྱེའོ། །ལ་ལ་ནི་སེར་སྣའི་རྐྱེན་གྱིས་སྐྱེའོ། །ལ་ལ་ནི་དགའ་བའི་རྐྱེན་གྱིས་སྐྱེའོ། །

ལ་ལ་ནི་མྱ་ངན་གྱི་རྐྱེན་གྱིས་སྐྱེའོ། །ལ་ལ་ནི་འདོད་པ་དང་བྱེ་བྲལ་གྱི་རྐྱེན་གྱིས་སྐྱེའོ། །ལ་ལ་ནི་དགྲ་སྡང་བ་དང་ཕྲད་པའི་རྐྱེན་གྱིས་སྐྱེའོ། །ལ་ལ་ནི་དགེ་བའི་བཤེས་གཉེན་ལ་སྟེན་པའི་རྐྱེན་གྱིས་སྐྱེའོ། །ལ་ལ་ནི་མི་དགེ་བའི་བཤེས་གཉེན་གྱི་རྐྱེན་གྱིས་སྐྱེའོ། །

เล่ม ๗๖ · หน้า 118a

ལ་ལ་ནི་སངས་རྒྱས་མཐོང་བའི་རྐྱེན་གྱིས་སྐྱེའོ། །ལ་ལ་ནི་ཆོས་ཐོས་པའི་རྐྱེན་གྱིས་སྐྱེའོ། །དེ་བས་ན་སེམས་ཅན་རྣམས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་དེ་ལྟར་སོ་སོར་མི་འཐུན་ཏེ། དགའ་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དྲིན་

ལན་ཤེས་པ་དང་། དྲིན་ལན་བསབ་པའི་དོན་གྱི་དངོས་པོ་འདི་ལྟར་རིག་པར་བྱའོ། །དེའི་ཚེ་ཆོས་འདི་བསྟན་པ་ན་སྐྱེ་བོ་ཁྲི་བརྒྱ་སྟོང་སྙེད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །འཁོར་མང་མོ་དེ་དག་ལས་ལ་ལ་ནི་རྒྱུན་དུ་ཞུགས་པའི་

འབྲས་བུ་ཐོབ་པ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པར་གྱུར་ཏོ། །ལྷ་དང་། ཀླུ་དང་། ཡི་དགས་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་ཐམས་ཅད་ཉན་ཐོས་དང་། རང་སངས་རྒྱས་སུ་སེམས་བསྐྱེད་པར་གྱུར་ཏེ། ཆོས་ཐོས་པ་ལ་རབ་ཏུ་དགའ་རངས་ནས་

མགོ་བོས་ཕྱག་འཚལ་ཏེ་གཡས་ཕྱོགས་ནས་བསྐོར་བ་བྱས་ནས་ཕྱིར་དོང་ངོ་། །ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། །།ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་

པའི་མདོ། བམ་པོ་གསུམ་པ། དེའི་ཚེ་དེ་བཞིན་གཤེགས་པ་ཡུམ་ལྷ་མཛེས་དང་ལྷ་རྣམས་ཀྱི་དོན་དུ་ཞག་དགུ་བཅུའི་བར་དུ་ལྷ་རྣམས་ལ་ཆོས་སྟོན་དུ་གཤེགས་ཏེ། འཛམ་བུའི་གླིང་གི་མི་རྣམས་ཀྱིས་ཞག་དགུ་བཅུའི་བར་དུ། དེ་བཞིན་གཤེགས་པ་ག་ལ་བཞུགས་

པ་མ་རྟོགས་སོ། །མཽད་གལ་གྱི་བུ་ཆེན་པོ་རྫུ་འཕྲུལ་གྱི་མཆོག་ཏུ་གྱུར་པས་ཀྱང་རྫུ་འཕྲུལ་གྱི་མཐུས་གཏུགས་ཏེ་ཕྱོགས་བཅུར་བརྟགས་ཀྱང་མ་རྟོགས་སོ། །འཕགས་པ་ཉེ་བར་སྐྱོང་ལྟ་བུ་ལྷའི་མིག་མཆོག་གིས་ཕྱོགས་བཅུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་

ཀུན་ཏུ་བལྟས་ཀྱང་མ་མཐོང་ངོ་། །དེ་བཞིན་དུ་འཕགས་པའི་འཁོར་ལྔ་བརྒྱའི་བར་དུ་ཀུན་གྱིས་བརྟགས་ཀྱང་མ་མཐོང་ངོ་། །དེ་ལྟར་དེ་བཞིན་གཤེགས་པ་མ་མཐོང་བས་དེ་དག་མི་དགའ་སྟེ་མྱ་ངན་གྱིས་སེམས་གདུངས་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་ཨུ་ཏྲ་ཡ་ནས་དེ་བཞིན་

เล่ม ๗๖ · หน้า 118b

གཤེགས་པ་མ་མཐོང་བས་མི་དགའ་བའི་སེམས་སྐྱེས་ཏེ། དེ་བཞིན་གཤེགས་པ་དྲན་པའི་ཕྱིར་གླང་མགོའི་ཤིང་ཙན་དན་ལས་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ནས་ཕྱག་འཚལ་བ་དང་མཆོད་པ་བྱེད་པ་དེ་ཡང་དེ་བཞིན་གཤེགས་པ་མངོན་སུམ་དང་འདྲ་བར་བཞུགས་པར་

དམིགས་ནས་མཆོད་པ་བྱས་སོ། །དེའི་ཚེ་རྒྱལ་པོ་ཆེན་པོས་མུ་སྟེགས་ཅན་གྱི་སྟོན་པ་དྲུག་བོས་ནས་དེ་བཞིན་གཤེགས་པ་ད་ལྟར་ག་ལ་བཞུགས་ཞེས་དྲིས་ན་སྟོན་པ་དྲུག་གིས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་མི་མཁྱེན་ནམ། དགེ་སྦྱོང་གཽ་ཏ་

མ་ནི་སྒྱུ་འཕྲུལ་ཅན་ཡིན་ཏེ་དེ་འདྲའོ། །སྒྱུ་འཕྲུལ་གྱི་སྒྱུ་མ་ནི་བདེན་པའི་དངོས་པོ་མེད་པས་བདག་ཅག་གི་གཙུག་ལག་ལས་ལོ་སྟོང་ངམ་ཉིས་སྟོང་ན་སྒྱུ་འཕྲུལ་ཅན་སྒྱུ་མ་ཞིག་འབྱུང་ངོ་ཞེས་འཆད་པས་དགེ་སྦྱོང་གཽ་ཏ་མ་ནི་སྒྱུ་མ་དེ་ཁོ་ན་ཡིན་ནོ། །དེའི་ཚེ་འཕགས་པ་ཉེ་བར་

སྐྱོང་རྒྱལ་པོ་ཆེན་པོ་ག་ལ་བར་སོང་ནས། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ་མཁྱེན་ཏམ། དེ་བཞིན་གཤེགས་པ་ནི་ད་སྟེ་ཞག་བདུན་ན་སུམ་ཅུ་རྩ་གསུམ་གནམ་ནས་འཛམ་བུའི་གླིང་དུ་གཤེགས་སོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་

ཏུ་དགའ་བའི་སེམས་སུ་གྱུར་ཏེ། ཡུལ་མི་བསྡུས་ནས་ཆག་ཆག་དང་ཕྱག་དར་བྱས་ཏེ། སྤོས་དང་། མེ་ཏོག་ཀྱང་བཤམས། དར་གྱི་ལྡ་ལྡི་དང་། བ་དན་དང་། གདུགས་བྲེས་ཏེ། ཞལ་ཟས་མང་པོ་དང་། རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་

བཤམས་ཤིང་སྦྱར་བ་དང་། མུ་སྟེགས་ཅན་གྱི་སྟོན་པ་དྲུག་དེར་འོངས་ནས་ཁྱེད་རྣམས་འདི་ལྟར་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་བཤམས་ཤིང་སྦྱར་བ་འདི་རྒྱལ་པོ་སྤྱན་འདྲེན་ནམ། འོན་ཏེ་རྒྱལ་བུ་སྤྱན་འདྲེན་ནམ། དེ་དག་གིས་དེ་མ་ཡིན་ནོ་ཞེས་སྨྲས་པ་དང་། འོ་ན་བློན་པོ་ཆེན་

པོ་འབོད་དམ། བྲམ་ཟེའམ་ཁྱིམ་བདག་འབོད་དམ། དེ་མ་ཡིན་ན་གཉེན་བཤེས་ཀྱི་དུས་སྟོན་བྱེད་དམ། སྨྲས་པ། དེ་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་གཤེགས་སུ་གསོལ་ལོ། །སྟོན་པ་དྲུག་གིས་སྨྲས་པ། སངས་རྒྱས་ཞེས་བྱ་བ་སུ་ཞིག །སྨྲས་པ། རྣམ་པ་

เล่ม ๗๖ · หน้า 119a

ཐམས་ཅད་མཁྱེན་པའོ། །ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་དེ་སུ་ཞིག །སྨྲས་པ། བྱམས་པ་དང་། སྙིང་རྗེ་ཆེན་པོའི་ཡབ་བོ། །ཁྱེད་མི་ཤེས་སམ། རྒྱལ་པོ་ཟས་གཙང་མའི་རིགས་མཐོ་ཞིང་བཙུན་ལ་མཆོག་ཏུ་གྱུར་པ། ཐོག་མ་བསྐལ་པ་དང་

པོ་ནས་བཙུན་མོ་ཆེན་པོའི་སྲས་གཅིག་ཅིག་གིས་གདུང་བསབས་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱས་སོ། །བར་དུ་རབས་གཉིས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་མ་བྱས་མོད་ཀྱི་འཛམ་བུའི་གླིང་གི་རྒྱལ་པོ་བྱས་སོ། །རྒྱལ་པོ་དེ་ལ་སྲས་མཆེད་གསུམ་ཞིག་མངའོ། །རབ་ནི་རྒྱལ་

པོ་ཟས་གཙང་མ་ཞེས་བྱ། དེའི་བར་ནི་བྲེ་བོ་ཟས་ཞེས་བྱ། དེའི་ཐ་ཆུངས་ནི་ཟས་ཟིལ་དངར་གྱི་ཟས་ཞེས་བྱའོ། །རྒྱལ་པོ་ཟས་གཙང་མ་ལ་སྲས་གཉིས་ཤིག་མངའ། ཆེན་པོ་ནི་དོན་གྲུབ་ཅེས་བྱ། སྲས་ཆུང་ངུ་ནི་དགའ་བོ་ཞེས་བྱ། རྒྱལ་པོ་བྲེ་བོ་ཟས་ལ་སྲས་གཉིས་

ཤིག་མངའ། ཆེན་པོ་ནི་ལྷ་སྦྱིན་ཞེས་བྱ། སྲས་ཆུང་ངུ་ནི་ཀུན་དགའ་བོའོ། །རྒྱལ་པོ་ཟིལ་དངར་གྱི་ཟས་ལ་སྲས་མོ་གཅིག་ཡོད་དེ། བུ་མོ་ཟིལ་དངར་གྱི་རོ་ཞེས་བྱའོ། །དེའི་ཚེ་ན་སྤུན་གྱི་རབ་རྒྱལ་བུ་དོན་གྲུབ་ཕོ་བྲང་གི་ཕྱི་རོལ་དུ་འཆག་ཏུ་ལྟད་མོ་ལྟར་སོང་སོང་བ་ལས་

རྒས་པ་དང་། ན་བ་དང་། ཤི་བ་དག་མཐོང་ནས་མི་དགའ་བར་གྱུར་ཏེ། ཁ་ཟས་ཀྱང་མི་ཟ་ཞིང་སྙིང་རྗེའི་སེམས་ཀྱིས་སེམས་པ་ལ་ཞུགས་ཏེ། མིར་སྐྱེས་པ་ལ་མཐོན་དམན་མེད་པར་གཟུགས་སུ་རེད་པ་ཐམས་ཅད་ལ་དེ་འདྲ་བའི་ནད་དང་སྐྱོན་ཡོད་དེ་གཅིག་ཀྱང་མི་

ཐར་རོ་སྙམ་བསམས་ནས། མཚན་མོ་ཕོ་བྲང་ནས་བྲོས་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་ལོ་དྲུག་གི་བར་དུ་སྤྱོད་པ་དཀའ་བ་སྤྱད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བར་གྱུར་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན་ཞེས་མངོན་པར་སངས་རྒྱས་ཏེ། སྟོབས་བཅུ་

དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་ཆོས་བཅྭ་བརྒྱད་དང་ལྡན་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བར་གྱུར་ཏོ། །བལྟམ་ནས་ཞག་བདུན་ལོན་ནས་ཡུམ་ལྷ་མཛེས་དུས་བྱས་ཏེ། སུམ་ཅུ་རྩ་གསུམ་གནམ་གྱི་ལྷའི་ནང་དུ་སྐྱེས་ནས་ཡུམ་ལ་ཞག་

เล่ม ๗๖ · หน้า 119b

དགུ་བཅུའི་བར་དུ་ཆོས་བཤད་དེ། ད་སྟེ་ཞག་བདུན་ན་འཛམ་བུའི་གླིང་དུ་གཤེགས་སོ། །དེའི་ཚེ་མུ་སྟེགས་ཅན་གྱི་སྟོན་པ་དྲུག་གིས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཕྲག་དོག་གི་སེམས་སྐྱེས་ཏེ། རབ་ཏུ་མི་དགའ་བའི་མྱ་ངན་གྱིས་གདུངས་ནས་སྟོན་པ་དྲུག་

འཁོར་དང་བཅས་པ་ལྷན་ཅིག་ཏུ་འདུག་སྟེ་འདི་སྐད་ཅེས་བགྲོས་སོ། །དག་སྦྱོང་གཽ་ཏ་མ་གལ་ཏེ་འཛམ་བུའི་གླིང་འདིར་ཕྱིན་ཏེ་འོངས་ན་མི་ཐམས་ཅད་ཀྱིས་བདག་ཅག་སྤོང་ཞིང་དགེ་སྦྱོང་གཽ་ཏ་མ་ལ་མཆོད་པ་བྱེད་པར་འགྱུར་བས་བདག་ཅག་ནི་བྲེལ་ཞིང་ཕོངས་ལ་སྲོག་

ལ་བབ་པར་འགྱུར་རོ་ཞེས་བགྲོས་ནས། མུ་སྟེགས་ཅན་གྱི་སྟོན་པ་དྲུག་གིས་ཡང་འདི་སྙམ་བསམས་སོ། །བདག་ཅག་མི་མང་པོ་འདུས་པའི་གནས་སུ་མྱུར་དུ་སོང་ལ་མི་མང་པོའི་ནང་དུ་འདི་སྐད་ཅེས་བསྒྲག་པར་བྱའོ། །དེ་སྐད་ཀུན་ཤེས་པར་གྱིས། དགེ་སྦྱོང་གཽ་ཏ་མ་ནི་ཡང་

དག་པར་ན་ཅི་ཡང་ཤེས་པ་མེད་དེ། བྱིས་པ་ཆུང་ངུ་ན་ཁ་ཉག་གཅིག་ཤཱག་རིགས་ཀྱི་ཕོ་བྲང་ནས་བྱུང་སྟེ། བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་འདུག་ནས་ང་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པོ་ཞེས་ཟེར་ཏེ། ཚིག་དེ་ནི་བརྫུན་ཏེ་བདེན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་

ན། རྒྱལ་པོ་ཨ་ཁྱི་ཏས་བསོད་སྙོམས་སྦྱིན་པར་བོས་ནས་རྟ་ཆས་འབའ་ཞིག་བྱིན་ཏེ་ངན་དུ་བྱས་ཀྱང་མ་ཤེས་ཏེ་དེར་སོང་བས་ན་ཐམས་ཅད་མཁྱེན་པ་མ་ཡིན་ནོ། །གཞན་ཡང་ཀུན་དགའ་བོ་ལ་ད་སྟེ་ཞག་དུ་ན་ཚུལ་དུ་འཇུག་ཅེས་དྲིས་ན། ཀུན་དགའ་བོས་ཞག་བདུན་ཞིག་ལུས་

ཞེས་སྨྲས་སོ། །ཡང་ཀུན་དགའ་བོ་ལ་ཀུན་དགའ་ར་བ་ན་བྱ་མང་པོ་ཅིའི་ཕྱིར་ཅ་ཅོའི་སྐད་འབྱིན་ཅེས་དྲིས་ན། བྱ་མང་པོ་ཟས་གཏོད་པའི་ཕྱིར་རོ་ཞེས་སྨྲས་སོ། །བཙས་ནས་ཞག་བདུན་ལོན་ནས་མ་ཡང་ཤི་བར་གྱུར་པས་དེ་དང་སྦྱར་ན་ཐམས་ཅད་ཤེས་པ་མ་ཡིན་ནོ། །བཀྲ་མི་

ཤིས་ཏེ་ཤིན་ཏུ་སྡིག་པ་ཅན་ཡིན་ནོ། །དེར་ཅིས་མངོན་ཞེ་ན། བཙས་མ་ཐག་ཏུ་མ་ཡང་ཤིའོ། །ཡང་གཅིག་ཏུ་ན་སྲི་ཞུས་ཕ་ལ་རིམ་གྲོ་བྱེད་པའི་རིགས་ན། རིམ་གྲོ་མི་བྱེད་པར་རི་ལ་ལངས་ཏེ་སོང་བ་ལས་དྲིན་མི་ཤེས་པ་ཡིན་ནོ། །ཡབ་རྒྱལ་པོས་བཙུན་མོ་སྐྱེ་དགུའི་བདག་མོ་

เล่ม ๗๖ · หน้า 120a

བླངས་པ་ལས་ཆུང་མའི་ཚུལ་དུ་མ་བྱས་ཏེ། བཙུན་མོ་སྐྱེ་དགུའི་བདག་མོ་སྡུག་བསྔལ་ཆེན་པོ་མྱོང་བར་བྱས་པས་དྲིན་མི་ཤེས་ཤིང་དྲིན་མི་དྲན་པ་ཡིན་ནོ། །དགེ་སྦྱོང་གཽ་ཏ་མའི་འཁོར་ནི་བཟང་ངན་མེད་དེ་སློབ་མ་ལྔ་བརྒྱ་པོ་ཡང་སོ་སོ་ནས་ང་ནི་མཆོག་ཡིན་ནོ། །

ཞེས་ཟེར་ཏེ། མཁན་པོ་ལ་ཡང་ཆོས་ལུགས་མེད་པས་སློབ་མ་ལ་ཡང་ཆོས་ལུགས་སམ་སྤྱོད་པའི་ལས་མེད་དོ། །ཆུང་ངུ་ན་སྟན་འདིངས་པའི་མི་དགེ་སློང་ཐ་བྱེའུ་ལྟ་བུ་ཡང་ང་ནི་ཀུན་གྱི་མཆོག་ཡིན་ནོ་ཞེས་ཟེར། ཡིད་གཞུངས་ཤིང་ཤེས་རབ་ཆེ་བ་བློ་རྣོ་བའི་མཆོག་ཤཱ་རིའི་

བུ་ལྟ་བུ་ཡང་དེ་ན་ཡོད། ཤེས་རབ་རྟུལ་བ་ཤེས་པ་མེད་པ་དགེ་སློང་ཕན་ཐིག་དེ་ཡང་དེ་ལ་འཇུག །ཆུང་ངུ་ན་འདོད་ཆགས་ཆུང་བ་དགེ་སློང་མ་གྲགས་འཛིན་ཡང་དེ་ལ་འཇུག །མཉན་དུ་ཡོད་པ་ན་སྦྲུལ་འཚོང་མ་མ་རུང་མ་ཨུད་པ་ལའི་མདོག་ཀྱང་དེ་ལ་འཇུག །ཆུང་ངུ་ན་ཤེད་མ་བྱེ་བ་

ཤེས་པ་མེད་པ་བུས་པ་ཙུན་ད་ཡང་དེ་ལ་འཇུག །ནང་གི་རྒས་འཁོགས་པ་དེ་སུ་བར་ཏ་ལ་ཞེས་བྱ་བ་ལོ་བརྒྱ་ཉི་ཤུ་ལོན་པ་དེ་ཡང་དེ་ལ་འཇུག །རིགས་བཙུན་པ་ཆེ་བ་ཤཱཀ་རིགས་ཀྱང་དེ་ལ་འཇུག །མཉན་དུ་ཡོད་པ་ན་ནང་གི་རིགས་ངན་ཕྱག་དར་ལུང་སྐྱེད་པ་ཡང་དེ་ལ་འཇུག་སྟེ།

དེ་བས་ན་དགེ་སྦྱོང་གཽ་ཏ་མའི་ཆོས་ནི་གོ་འདུན་བསྡུས་པ་བཟང་ངན་མེད་པ་སྟེ། མཆོད་པར་འོས་པའམ། བཀུར་སྟིར་བྱ་བའི་གནས་མ་ཡིན་ནོ། །དཔེར་ན་རླུང་ཆེན་པོ་ལངས་ན་ཤིང་ལོ་མ་འམ་འདབ་མ་ཐམས་ཅད་ལྷན་ཅིག་འཕུངས་པ་ལྟར་སངས་རྒྱས་ཀྱི་ཆོས་ཀྱང་དེ་དང་འདྲའོ། །

དཔེར་ན་བྱ་མང་པོ་ནི་མིས་བོར་བའི་ཁ་ཟས་སམ་བར་བུར་ལ་འདུ་བ་ལྟར་དགེ་སྦྱོང་གཽ་ཏ་མའི་འཁོར་ཡང་དེ་དང་འདྲ་སྟེ། རྙེད་རྙེད་ལེན་ཅིང་ཟའོ། །དེ་བས་ན་ཁྱེད་རྣམས་ཅིའི་ཕྱིར། དགེ་སྦྱོང་གཽ་ཏ་མ་ལ་མཆོད་པ་བྱ་བར་སེམས་ཞེས་བསྒྲགས་སོ། །དེའི་ཚེ་ན་མི་མང་པོས་དེ་སྐད་

སྨྲས་པ་ཐོས་ཀྱང་། དཔེར་ན་ས་ཆེན་པོ་བསྐྱོད་དུ་མེད་པ་བཞིན་དེ་བཞིན་གཤེགས་པ་ལ་སྐོམ་པས་གདུངས་པ་ཙམ་དུ་མོས་ཤིང་འདུད་པའི་སེམས་མ་ནུར་ཏོ། །འཁོར་མང་པོ་རྣམས་སུ་མུ་སྟེགས་ཅན་གྱི་སྟོན་པ་དྲུག་གིས་སྨྲས་པའི་ཚིག་གིས་སེམས་ཕྱིར་མ་ནུར་བ་ནི་ཇི་ལྟར་

เล่ม ๗๖ · หน้า 120b

རྡོ་རྗེ་ལྟར་བརྟན་པར་གྱུར་ཏེ། སྐྱེད་བྲི་མེད་པས་དེ་བཞིན་གཤེགས་པ་ལ་སྐོམ་པས་གདུངས་པ་ལྟར་མོས་ཤིང་དད་པས་ཞག་བདུན་ལོན་ནས། དེ་བཞིན་གཤེགས་པ་ཡང་སུམ་ཅུ་རྩ་གསུམ་གནམ་ནས་སླར་འཛམ་བུའི་གླིང་དུ་གཤེགས་ཏེ། ལྷའི་འཁོར་གྲངས་མེད་པ་བརྒྱ་

སྟོང་གིས་བསྐོར་ཅིང་དེ་བཞིན་གཤེགས་པའི་འོད་ཟེར་གྱིས་ཀུན་ཏུ་སྣང་ལ་གསལ་བར་བྱས་ནས་ལྷའི་རོལ་མོ་ཚད་མེད་པ་བརྒྱ་སྙེད་ཀྱིས་མཆོད་པ་ནས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་

ཆེན་པོ་དང་། མི་དང་མི་མ་ཡིན་པའི་བར་དུ་ཐམས་ཅད་འདུས་ཏེ་ཕྱག་འཚལ་ནས་མཆོད་པ་བྱས་སོ། །དེའི་ཚེ་རྒྱལ་པོ་ཨུད་ཏྲ་ཡན་ཡང་འཁོར་དང་བཅས་ཏེ། རྒྱང་མ་ནས་དེ་བཞིན་གཤེགས་པ་བསུ་ནས་མགོ་བོས་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ནས་

ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་མུ་སྟེགས་ཅན་གྱི་སྟོན་པ་དྲུག་ཀྱང་ཕྱོགས་གཅིག་ཏུ་འདུས་ནས་འདི་སྙམ་དུ་སེམས་པར་གྱུར་ཏོ། །བདག་ཅག་གི་བྱུར་ཞེས་བྱ་བ་འདིར་འོངས་ཏེ། མི་མང་པོའི་ནང་དུ་དེ་སྐད་ཅེས་བསྒྲགས་ཀྱང་ཡིད་ཆེས་ལ་མ་ཕན་པས། ད་ནི་བདག་

ཅག་གིས་ལྷ་དང་མིའི་ཚོགས་པའི་ནང་དུ་བསྒྲགས་ན་བྱེ་བྲག་མ་ཕྱེད་དོ་སྙམ་བསམས་སོ། །དེའི་ཚེ་མུ་སྟེགས་ཅན་གྱི་སྟོན་པ་དྲུག་གིས་དེ་སྙམ་བསམས་ནས་འཁོར་བརྒྱ་སྟོང་སྙེད་དང་མདུན་གྱིས་བྱས་ཏེ། འཁོར་མང་པོ་འདུས་པའི་ནང་དུ་འོངས་ནས་ཕྱོགས་གཅིག་ཏུ་འཁོད་

དོ། །དེའི་ཚེ་ན་དྲི་ཟའི་བུ་ཆོས་ཀྱི་ཕྲེང་བ་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་པི་བང་ཐོགས་ནས་དེ་བཞིན་གཤེགས་པ་གང་ན་བར་འོངས་ཏེ་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འདུག་ནས་གླུ་དང་བཅས་པའི་རོལ་མོ་བྱས་

ནས་རོལ་མོའི་སྒྲ་སྐད་ཤིན་ཏུ་སྙན་པ་དེས་འཁོར་ཐམས་ཅད་ཀྱི་ཡིད་ཀྱང་ཚིམ་པར་གྱུར་ཏེ། ཉན་ཐོས་ཤཱ་རིའི་བུ་ལ་སོགས་པ་མ་ཚོར་བར་ལུས་བསྐྱོད་ཅིང་གཡོས་ཏེ་གར་བྱས་པར་གྱུར། རི་རབ་ལྷུན་པོ་ཡང་འགུལ་ཞིང་གཡོས་པར་གྱུར་ཏོ། །དེའི་ཚེ་དེ་བཞིན་གཤེགས་

เล่ม ๗๖ · หน้า 121a

པ་མཚན་མ་ཡོད་ཅེས་བྱ་བའི་ཏིང་ངེ་འཛིན་དུ་ཞུགས་ནས་ཏིང་ངེ་འཛིན་དེའི་མཐུས་པི་བང་གི་སྒྲས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་གྲགས་ཤིང་། པི་བང་གི་སྒྲ་དེ་ལས་སྡུག་བསྔལ་བ་དང་། སྟོང་པ་དང་། མི་རྟག་པ་དང་།

མི་གཙང་བ་དང་། བདག་མེད་པ་ཞེས་བྱ་བའི་སྒྲ་བྱུང་སྟེ། སེམས་ཅན་ཐམས་ཅད་ཀྱིས་རོལ་མོའི་སྒྲ་དེ་ལས་དེ་བཞིན་གཤེགས་པའི་དྲིན་གཟོ་བ་དང་། དྲིན་ལན་བསབ་པ་དང་། བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་ཕ་མ་ལ་སྲི་ཞུ་བྱ་བའི་སྒྲ་གྲག་པར་གྱུར་ཏོ། །

སྒྲ་དེ་ཐོས་པའི་སེམས་ཅན་ཐམས་ཅད་འཛམ་བུའི་གླིང་དུ་སངས་རྒྱས་ག་ན་བ་དེར་ལྷགས་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་དུ་ཞུགས་པ་ལ་འཁོར་མང་པོ་རྣམས་མིག་མི་འཛུམས་པར་དེ་བཞིན་

གཤེགས་པ་ལ་བལྟ་ཞིང་ཅང་མི་སྨྲ་བར་འཁོད་པ་ལས། འཁོར་གྱི་དཀྱིལ་འཁོར་དེ་ཉིད་དུ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་རྒྱལ་མཚན་དང་། བ་དན་གྲངས་མེད་པས་བརྒྱན་པ། རིན་པོ་ཆེའི་དྲིལ་བུ་བརྒྱ་སྟོང་གིས་བཏགས་པ། རླུང་གིས་བསྐྱོད་ན་ཤིན་ཏུ་

སྒྲ་སྙན་པ་འབྱུང་བ། སའི་ནང་ནས་བྱུང་བ་ནམ་མཁའ་ལ་འཕགས་ཏེ་གནས་སོ། །དེའི་ཚེ་འཁོར་མང་པོ་ཐམས་ཅད་རིན་པོ་ཆེའི་མཆོད་རྟེན་ས་ལས་བྱུང་བ་དེ་ལ་ཐེ་ཚོམ་དུ་གྱུར་ཏེ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་རིན་པོ་ཆེའི་མཆོད་རྟེན་འདི་ལྟ་བུ་ས་ལས་བྱུང་སྙམ་

ཐེ་ཚོམ་དུ་གྱུར་ཏེ། ཤཱ་རིའི་བུ་ལ་སོགས་པའི་ཤེས་པའི་བློས་གཏུགས་ཏེ་བརྟགས་ཀྱང་མ་རྟོགས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཉིད་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་བར་དུ་ཡང་མ་རྟོགས་སོ། །དེ་ནས་མུ་སྟེགས་ཅན་གྱི་སྟོན་

པ་དྲུག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་རིན་པོ་ཆེའི་མཆོད་རྟེན་འདི་ལྟ་བུ་བྱུང་བར་གྱུར་པ། མི་གཞན་ཞིག་གིས་གལ་ཏེ་བདག་ཅག་ལ་དྲིས་ལ། ཅི་དེ་དག་གིས་མ་ཤེས་ན་ཐམས་ཅད་མཐོང་ཞིང་ཤེས་པ་ཞེས་ཀྱང་ཇི་སྐད་བྱ། ད་དགེ་སྦྱོང་གཽ་ཏ་

เล่ม ๗๖ · หน้า 121b

མས་འཁོར་མང་པོ་ལ་མྱུར་དུ་བསྟན་ཅིང་བཤད་ན་ཅི་མ་རུང་སྙམ་པར་སེམས་པར་གྱུར་ཏེ། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་པ་དང་། བརྒྱ་བྱིན་ལྷའི་དབང་པོ་སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་དང་། སེང་གེའི་ཁྲི་བཤམས་ཏེ་ལྷ་རྫས་ཀྱི་གོས་བཏིང་ངོ་། །དེ་ནས་

དེ་བཞིན་གཤེགས་པ་སེང་གེའི་ཁྲི་ལ་ཇི་ལྟར་རི་རབ་ལྷུན་པོ་རྒྱ་མཚོའི་ནང་ན་གནས་པ་བཞིན་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་བྱམས་པས་འཁོར་མང་པོ་ཐེ་ཙོམ་དུ་གྱུར་པ་ཡང་སེམས་ཀྱིས་ཤེས། བདག་ཀྱང་ཐེ་ཙོམ་དུ་གྱུར་ཏེ། མ་

རྟོགས་པས་སྟན་ལས་ལངས་ནས་སངས་རྒྱས་གང་ན་བར་ལོགས་སུ་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་རིན་པོ་ཆེའི་མཆོད་རྟེན་འདི་ལྟ་བུ་བྱུང་བར་གྱུར་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་

ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་སྔོན་འདས་པ་བསྐལ་པ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་

སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། སྟོན་པ་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ནས་སོ་སོའི་སྐྱེ་བོ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྟེན་

པར་བྱས་སོ། །སངས་རྒྱས་དེ་མྱ་ངན་ལས་འདས་ནས་གཟུགས་བརྙན་གྱི་ཆོས་ལ་སྤྱོད་པའི་ཚེ་ཡུལ་བཱ་རཱ་ཎ་སཱི་ཞེས་བྱ་བ་ཞིག་ཡོད་དེ། བཱ་རཱ་ཎ་སཱི་ཞེས་བྱ་བའི་རྒྱལ་པོ་ཆེན་པོ་དེ་མཁས་པའི་བློ་དང་ལྡན་ཞིང་རྟག་ཏུ་དྲང་བའི་ཆོས་ཀྱིས་ཡུལ་གྱི་སྲིད་འཚོ་སྟེ། མི་རྣམས་ཀྱང་བདེ་སྐྱིད།

རྒྱལ་པོ་ཆེན་པོ་དེ་རྒྱལ་ཕྲན་དྲུག་ཅུ་ལ་དབང་བསྒྱུར་ཏེ། གྲོང་ཁྱེར་བརྒྱད་བརྒྱ་ཡོད་ཀྱང་རྒྱལ་པོ་ལ་སྲས་མེད་དོ། །དེ་ལྟར་སྲས་མེད་པས་འཇིག་རྟེན་གྱི་ལྷ་དང་། ལྷ་ཐམས་ཅད་ལ་ལོ་བཅུ་གཉིས་ཀྱི་བར་དུ་མི་ངལ་མི་སྐྱོ་བར་མཆོད་འབྲང་བྱས་པས་བཙུན་མོ་ཆེན་མོ་ལ་སྲས་ཤིག་མངའ་

เล่ม ๗๖ · หน้า 122a

བར་གྱུར་ཏེ། ཟླ་བ་བཅུ་ཚང་ནས་སྲས་བུ་གཅིག་བལྟམ་མོ། །སྲས་བུ་དེ་ཡང་སྡུག་ཅིང་མཛེས་ལ་མཚན་ཕུན་སུམ་ཚོགས་པ་གཅིག་བཙས་མ་ཐག་ཏུ་བློན་པོ་ཆེན་པོ་རྣམས་དང་། མཐའི་རྒྱལ་པོ་རྒྱལ་ཕྲན་ཀུན་བསྡུས་ཏེ་རྒྱལ་བུའི་མཚན་བལྟས་ནས་རྒྱལ་བུ་རང་བཞིན་

གྱིས་ཁྲོ་མི་ཤེས་ཤིང་དགེ་བ་ཞིག་སྟེ། མཚན་ཡང་རྒྱལ་བུ་བཟོད་པ་ཞེས་བཏགས་སོ། །རྒྱལ་བུ་བཟོད་པ་དེ་ཆེར་སྐྱེས་ནས་སྦྱིན་པ་སྦྱིན་པ་ལ་དགའ་ཞིང་མཁས་པའི་བློ་དང་ལྡན་ཏེ། སེམས་ཅན་མང་པོ་ལ་སྙིང་རྗེའི་སེམས་ཆེར་སྐྱེས་སོ། །དེའི་ཚེ་ན་རྒྱལ་པོ་ཆེན་པོ་དེ་ལ་བློན་པོ་

ཆེན་པོ་རང་བཞིན་གྱིས་ཁྲོ་བ། གཡོ་དང་སྒྱུས་འཚོ་བ། ཉེས་པ་མེད་པར་སྟབས་ལས་གཅོད་པ་ཀུན་གྱིས་མི་འདོད་ཅིང་སྙིང་དུ་མི་སྡུག་པ་དྲུག་ཞིག་ཡོད་དོ། །བློན་པོ་ཆེན་པོ་དྲུག་པོ་དེ་དག་བདག་གི་ལུས་ལ་སྐྱོན་ཡོད་པར་ཤེས་ནས་རྟག་ཏུ་ཕྲག་དོག་བྱེད་དོ། །རྒྱལ་བུ་དེ་

ལ་མི་དགའོ། །དེའི་ཚེ་རྒྱལ་པོ་ཆེན་པོ་ནད་ཚབས་ཆེན་པོས་བཏབ་ནས་ནད་ཀྱིས་གཟིར་ཏེ། ཉམ་ཆུང་ཞིང་རིད་པར་གྱུར་པས་སྲོག་ལ་བབ་ཏུ་ཉེ་བ་དང་། རྒྱལ་བུ་བཟོད་པས་བློན་པོ་རྣམས་ལ་ཡབ་རྒྱལ་པོ་སྙུན་ཚབས་ཆེའམ། སྐུ་ཚེའི་བར་ཆད་དུ་མི་འགྱུར་རམ་ཞེས་དྲིས་ན།

བློན་པོ་རྣམས་ཁྲོས་ཏེ་རྒྱལ་བུ་ལ་རྒྱལ་པོའི་སྐུ་ཚེ་རིང་པོ་མི་ཐོགས་སོ་ཞེས་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། སྨན་བཟང་པོ་མི་རྙེད་པས་དེ་བས་ན་སྐུ་ཚེ་ཡང་རིང་པོ་མི་ཐོགས་སོ། །རྒྱལ་བུས་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་མི་དགའ་བའི་སེམས་སུ་གྱུར་ཏེ། འཁམས་

ནས་ས་ལ་འགྱེལ་བ་དང་། བློན་པོ་ཆེན་པོ་དྲུག་པོ་གནས་དབེན་པར་སོང་ནས་འདི་སྐད་ཅེས་བགྲོས་སོ། །རྒྱལ་བུ་བཟོད་པ་འདི་མེད་པར་མ་བྱས་ན་བདག་ཅག་ནམ་དུ་ཡང་བདེ་བར་མི་འགྱུར་རོ་སྙམ་བསམས་ཤིང་བགྲོས་པ་ལས། བློན་པོ་གཅིག་གིས་སྨྲས་པ། རྒྱལ་བུ་འདི་ལ་ཉེས་

པ་ཡེ་མེད་ན་ཇི་ལྟར་མེད་པར་བྱ། བློན་པོ་གཅིག་གིས་སྨྲས་པ། བདག་ལ་རྒྱལ་བུ་མེད་པར་བྱ་བའི་ཐབས་ཡོད་དོ་ཞེས་སྨྲས་ནས་རྒྱལ་བུ་གང་ན་བ་དེར་སོང་ནས་རྒྱལ་བུ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་གིས་མཐའི་རྒྱལ་ཕྲན་དྲུག་ཅུའི་ཡུལ་དང་། གྲོང་ཁྱེར་བརྒྱད་

เล่ม ๗๖ · หน้า 122b

བརྒྱའི་ནང་དུ་སྨན་བཙལ་ཡང་རྙེད་པར་མ་གྱུར་ཏོ། །རྒྱལ་བུས་སྨྲས་པ། རྒྱལ་པོའི་སྨན་དུ་ཅི་ཞིག་དགོས་ན་དེ་ལྟར་མི་རྙེད་ཅེས་བསྒོ་བ་དང་། བློན་པོས་སྨྲས་པ། རྒྱལ་བུ་མཁྱེན་ཏམ། རྒྱལ་པོའི་སྨན་དུ་གཅེས་པ་ནི་ཐོག་མ་བཙས་ནས་ཐ་མ་སྐྱེས་ཀྱི་བར་དུ་ཁྲོ་མི་ཤེས་པའི་མིའི་

མིག་གི་འབྲས་བུ་དང་། རྐང་དགོས་ཏེ། སྨན་འདི་ལྟ་བུ་རྙེད་ན་རྒྱལ་པོའི་སྲོག་འཚོའི་གལ་ཏེ་མི་རྙེད་ན་མི་འཚོ་བས། འདི་ལྟ་བུ་ནི་གང་ནས་ཀྱང་མ་བྱུང་ངོ་། །རྒྱལ་བུས་དེ་སྐད་སྨྲས་པ་ཐོས་ནས་མི་དགའ་ཞིང་མྱ་ངན་གྱིས་སེམས་སྐྱེས་ཏེ་བློན་པོ་རྣམས་ལ་དེ་ནི་ད་ལྟར་བདག་དེ་དང་

ལྡན་ནོ་ཞེས་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་ནི་ཐོག་མ་བཙས་ནས་ད་ཙམ་གྱི་བར་དུ་ཁྲོ་མ་མྱོང་ངོ་། །བློན་པོས་སྨྲས་པ། རྒྱལ་བུ་དེ་དང་ལྡན་ཡང་དོན་འདི་ནི་ཤིན་ཏུ་བྱ་དཀའ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་བདག་གི་ལུས་ལས་ཕངས་པ་མེད་པའི་ཕྱིར་

རོ། །རྒྱལ་བུས་སྨྲས་པ། བློན་པོ་ཁྱོད་སྨྲ་བ་ལྟར་མ་ཡིན་ཏེ། ཡབ་རྒྱལ་པོ་སྙུང་བ་ལས་འཚོ་བར་འགྱུར་ན་ལྟ་བདག་གིས་ལུས་བརྒྱ་སྟོང་གཏོང་ན་ཡང་ནུས་ཏེ་དཀའ་བ་མ་ཡིན་ན། བདག་གི་ལུས་མི་གཙང་བ་འདི་བཏང་བ་ལྟ་ཅི་སྨོས། བློན་པོས་སྨྲས་པ། དོན་འདི་ལྟ་བུ་དག་ནི་

རྒྱལ་བུས་ཅི་མཛད་དུ་བས་སོ། །དེ་ནས་རྒྱལ་བུ་བཟོད་པ་རབ་ཏུ་དགའ་ནས་དགའ་བའི་སེམས་སྐྱེས་ཏེ། སྨན་འདིས་ཡབ་རྒྱལ་པོའི་སྙུན་འཚོ་ན་ལྟ་མྱུར་དུ་བྱ་བའི་དུས་ལ་བབ་བོ་སྙམ་བསམས་ནས་ཕོ་བྲང་གི་ནང་དུ་སོང་སྟེ། ཡུམ་གྱི་དྲུང་དུ་ཕྱིན་ནས་ཡུམ་གྱི་རྐང་པ་ལ་མགོ་བོས་ཕྱག་

བྱས་ཏེ་ཐལ་མོ་སྦྱར་བ་བཏུད་ནས་ཡུམ་ལ་འདི་སྐད་ཅེས་སྨྲས་སོ། །ད་ལྟར་བདག་གི་ལུས་འདི་ཡབ་རྒྱལ་པོའི་སྨན་དུ་བགོས་ཏེ། གལ་ཏེ་ན་སྲོག་མི་འཚོར་དོགས་པས་ཡུམ་ལ་མཆི་ཕྱག་འཚལ་གྱིས་ཡུམ་མི་དགྱེས་པར་མ་མཛད་ཅིག །ཡུམ་གྱིས་དེ་སྐད་ཅེས་སྨྲས་པ་ཐོས་ནས་

འཁམས་ཏེ་ཕྱོགས་ཀྱང་བསླད་པར་གྱུར་ནས། དཔེར་ན་མི་བརྣངས་པ་མིད་དུ་ཡང་མེད་སྐྱུག་ཏུ་ཡང་མེད་པ་ལྟར་སྐྲག་ནས་རྒྱལ་བུ་པང་དུ་བླངས་ནས་ས་ལ་འགྱེལ་ཏོ། །དེ་ནས་གདོང་དུ་ཆུ་གྲང་མོ་གཏོར་ནས་རིང་ཞིག་ལོན་པ་དང་ཕྱིར་སངས་ཏེ་ཡུམ་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །ཡབ་

เล่ม ๗๖ · หน้า 123a

རྒྱལ་པོའི་སྐུ་ཚེ་རིང་པོར་མི་ཐོགས་ཏེ། བདག་གི་དོན་འདི་མྱུར་དུ་བསྒྲུབས་ལ་རྒྱལ་པོའི་སྐུ་ཚེ་འཚོ་བར་བགྱིའོ། །དེ་ནས་རྒྱལ་བུ་བཟོད་པས་བློན་པོ་རྣམས་དང་། རྒྱལ་ཕྲན་རྣམས་དང་། འཁོར་མང་པོ་རྣམས་ལ་བདག་མཆི་ཕྱག་བྱའོ་ཞེས་སྨྲས་སོ། །དེའི་ཚེ་བློན་

པོ་ཆེན་པོས་རིགས་ངན་པའི་ཤེན་པ་གཅིག་བོས་ནས་རྒྱལ་བུའི་རུས་པ་ནི་བཅག །རྐང་ནི་ཕྱུང་། མིག་གཉིས་ཀྱི་འབྲས་བུ་ཡང་ཕྱུང་ངོ་། །དེ་ནས་བློན་པོ་དེ་དག་གིས་སྨན་དེ་དག་བརྡུངས་ནས་སྦྱར་ཏེ། རྒྱལ་པོ་ལ་བྱིན་པ་དང་། རྒྱལ་པོ་ཆེན་པོས་ཀྱང་སྨན་དེ་ཟོས་ནས་ནད་ཀྱང་

སོས་པར་གྱུར་ཏོ། །རྒྱལ་པོ་ནད་སོས་ནས་བློན་པོ་རྣམས་ལ་ཁྱེད་ཀྱིས་འདི་ལྟ་བུའི་སྨན་བཟང་པོ་ངའི་ནད་སོས་ཤིང་སྲོག་ལས་ཐར་བ་ག་ལས་རྙེད་ཅེས་སྨྲས་སོ། །བློན་པོ་རྣམས་ཀྱིས་གསོལ་པ། སྨན་འདི་ནི་རྒྱལ་བུ་བཟོད་པས་སྦྱར་བ་ལགས་སོ། །བདག་ཅག་གིས་རྙེད་ཅིང་སྦྱར་བ་

ནི་མ་ལགས་སོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་དངངས་ཏེ་འགྱེལ་ལོ། །ལུས་ཀྱི་བ་སྤུ་ཡང་ལངས་སོ། །བློན་པོ་རྣམས་ལ་རྒྱལ་བུ་བཟོད་པ་ད་ལྟར་ག་རེ་ཞེས་དལ་གྱིས་དྲིས་སོ། །བློན་པོས་གསོལ་པ། རྒྱལ་བུ་བཟོད་པ་ད་ལྟར་ཕྱི་རོལ་ན་ལུས་ཀྱི་རྨ་གསོ་ཞིང་མཆིས་

ཏེ་སྲོག་མི་འཚོར་དོགས་སོ། །རྒྱལ་པོས་ཚིག་དེ་ཐོས་ནས་སྐད་ཆེན་པོ་ཕྱུང་ནས་ཀྱི་ཧུད་ཀྱི་ཧུད་ཅེས་སྨྲས་ནས། ལུས་ས་ལ་བརྡབས་ཏེ་ས་དང་རྡུལ་གྱིས་ལུས་ལ་གོས་ནས་ཁོ་བོ་ནི་ཡང་དག་པར་ཁྲེལ་མེད་པ་ཡིན་ཏེ། ཅིའི་ཕྱིར་བུའི་ཤ་སྨན་དུ་ཟོས་ཞེས་སྨྲས་ནས་བུ་ག་ལ་བར་སོང་བ་ལས་

མ་སླེབས་པར་རྒྱལ་བུ་ཡང་ཚེ་འདས་སོ། །རྒྱལ་པོ་དང་བཙུན་མོ་དང་བློན་པོ་རྣམས་དང་འཁོར་མང་པོ་ཐམས་ཅད་ཀྱིས་བསྐོར་ཅིང་། ཡུམ་ཡང་རྒྱལ་བུའི་རོའི་སྟེང་དུ་ལུས་བརྡབས་ནས། བདག་གིས་སྔོན་སྡིག་པ་ཅི་ཞིག་བྱས་ན་བདག་གི་བུ་འདི་ལྟར་སྡུག་བསྔལ་མྱོང་བར་གྱུར། བདག་

གི་ལུས་འདི་རྡུལ་དུ་བཏགས་ཀྱང་སླ་ན། ཅིའི་ཕྱིར་བུ་འདི་ཤི་བར་གྱུར་ཅེས་སྨྲེ་སྔགས་འདོན་ཏོ། །དེ་ནས་ཡབ་རྒྱལ་པོ་དང་། རྒྱལ་ཕྲན་རྣམས་ཀྱིས་སྤོས་གླང་མགོའི་ཙན་དན་སྤུངས་ཏེ་རྒྱལ་བུའི་རོ་བསྲེགས་ནས་རྒྱལ་བུའི་རུས་པ་བསྡུས་ཏེ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་སོ། །དེའི་ཚེ་

เล่ม ๗๖ · หน้า 123b

བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་རྣམས་ཤེས་པར་གྱིས་ཤིག །དེའི་ཚེ་དེའི་དུས་ན་བཱ་རཱ་ཎ་སཱིའི་རྒྱལ་པོ་ཆེན་པོ་དེ་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟའོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་དེ་ནི་ད་ལྟར་

ངའི་ཡབ་རྒྱལ་པོ་ཟས་གཙང་མ་ཡིན་ནོ། །དེའི་ཚེ་དེའི་དུས་ན་བཙུན་མོ་དེ་ནི་གཞན་ཡིན་པར་སེམས་ན་དེ་ལྟར་མི་བལྟ་སྟེ། དེའི་ཚེ་དེའི་དུས་ན་བཙུན་མོ་དེ་ནི་ད་ལྟར་ངའི་ཡུམ་ལྷ་མཛེས་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་བུ་བཟོད་པ་དེ་ནི་ད་ལྟར་ང་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་

བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་ཕ་མ་ལ་སྲི་ཞུ་བྱ་བའི་ཕྱིར་གོས་དང་། ཟས་དང་། བཏུང་བ་དང་། གནས་དང་། མལ་ཆ་དང་། ལུས་ཀྱི་ཤ་དང་། ཁྲག་དང་། རྐང་གི་བར་དུ་སྦྱིན་པར་བྱེད་དེ། དེའི་རྒྱུ་དེའི་རྐྱེན་གྱིས་མངོན་པར་སངས་རྒྱས་པའི་བར་དུའོ། །ད་ལྟར་རིན་

པོ་ཆེའི་མཆོད་རྟེན་ས་ལས་བྱུང་བ་འདི་ནི་ངས་སྔོན་ཕ་མའི་ཕྱིར་ལུས་ཀྱི་རྐང་དང་སྲོག་གི་བར་དུ་ཕུལ་ཏེ་འདི་ཉིད་དུ་མཆོད་རྟེན་བརྩིགས་ཏེ་མཆོད་པ་བྱས་པས་ད་མངོན་པར་སངས་རྒྱས་ན་ཡང་མངོན་པར་བྱུང་ནས་སྣང་བར་གྱུར་པ་ཡིན་ནོ། །དེའི་ཚེ་ན་འཁོར་མང་པོ་ལྷ་དང་། ཀླུ་དང་། གནོད་

སྦྱིན་དང་། མི་ལ་སོགས་པ་གྲངས་མེད་པ་རྣམས་དེ་སྐད་ཅེས་གསུངས་པ་ཐོས་ནས་དགའ་བ་དང་མི་དགའ་བར་འདྲེས་པར་བྱུང་སྟེ། ཐམས་ཅད་མཆི་མ་བླགས་ནས་ས་སྐད་འཐུན་པར། དེ་བཞིན་གཤེགས་པའི་ཡོན་ཏན་བརྒྱ་སྟོང་བསྔགས་ཤིང་བསྟོད་དེ་དུས་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །གཞན་ཡང་སེམས་ཅན་ཚད་མེད་པ་བརྒྱ་སྟོང་སྙེད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་སུ་སེམས་བསྐྱེད་དོ། །དེ་མ་ཡིན་པ་གཞན་ཡང་སྐྱེ་བོ་ཚད་མེད་པ་སྙེད་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པར་གྱུར་ཏོ། །

གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་ཡང་དག་པར་ཕ་མ་ལ་སྲི་ཞུ་བྱེད་པའོ། །གཞན་ཡང་

เล่ม ๗๖ · หน้า 124a

བྱང་ཆུབ་སེམས་དཔའ་ནི་ཕ་མའི་ཡོན་ཏན་ཤེས་ཤིང་སྔོན་གྱི་སྨོན་ལམ་གྱིས་དེ་བཞིན་གཤེགས་པའི་སྐུ་བཙས་པར་ཤེས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་སྨོན་ལམ་རྫོགས་པར་བྱ་བའི་ཕྱིར་ཡུམ་གྱིས་ཕྱག་བྱ་བར་མི་འདོད་པའི་ཕྱིར་ཚེའི་དུས་བྱས་པ་ཡིན་ནོ། །

དེའི་ཚེ་ན་འཁོར་མང་པོ་ཐམས་ཅད་ཀྱིས་ཚིག་འཐུན་པར་ཡུམ་ལྷ་མཛེས་ལ་ལེགས་སོ། །ཡུམ་ལྷ་མཛེས་དེ་བཞིན་གཤེགས་པ་ལྷ་དང་མིའི་སྟོན་པ་འཇིག་རྟེན་ན་དཔེ་ཟླ་མེད་པ་བཙས་པ་ཤིན་ཏུ་ལེགས་སོ། །དེ་ནས་དྲི་ཟའི་བུ་ཆོས་ཀྱི་ཕྲེང་བ་འདུག་པ་ལས་ལངས་ཏེ། བླ་གོས་ཕྲག་

པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་སངས་རྒྱས་གང་ན་བར་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡུམ་ལྷ་མཛེས་འདི་བསོད་ནམས་ཅི་བགྱིས་ན་ཅིའི་རྒྱུ་ཅིའི་རྐྱེན་གྱིས་དེ་བཞིན་གཤེགས་པ་བལྟམ་པར་གྱུར།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་ཁྱོད་ལ་བཤད་པར་བྱའོ། །སྔོན་འདས་པ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། སྟོན་པ་རྒྱལ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །སངས་རྒྱས་དེའི་དམ་པའི་ཆོས་ནུབ་ནས་གཟུགས་བརྙན་ལ་ཆོས་

སྤྱོད་པའི་བར་དུ་ནུབ་པར་གྱུར་ནས། དེའི་ཚེ་ཡུལ་བཱ་རཱ་ཎ་སཱི་ཞེས་བྱ་བ་ན་འཕགས་པ་གནས་ཞེས་བྱ་བའི་རི་ཞིག་ཡོད་དེ། རི་དེ་ལ་རང་སངས་རྒྱས་ཞེས་བྱ་བ་བརྒྱ་སྟོང་སྙེད་གནས་སོ། །རི་དེ་ལ་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་གྲངས་མེད་པ་ཞིག་ཀྱང་རི་དེ་ལ་གནས་སོ། །

ངས་དེ་ལྟར་འཕགས་པ་དང་དྲང་སྲོང་མང་པོ་གནས་པའི་ཕྱིར། རི་དེ་ཡང་འཕགས་པ་གནས་ཞེས་བཏགས་སོ། །རི་དེ་ལ་དྲང་སྲོང་གཅིག་ནི་རི་དེའི་ལྷོ་ཕྱོགས་ན་གནས་སོ། །དྲང་སྲོང་གཅིག་ནི་རི་དེའི་བྱང་ཕྱོགས་ན་གནས་ཏེ། དྲང་སྲོང་དེ་གཉིས་གནས་པའི་བར་ན་ཆུ་མིག་གཅིག་

เล่ม ๗๖ · หน้า 124b

ཡོད་དེ་ཆུ་མིག་དེའི་དྲུང་ན་ཕ་བོང་ཕྱ་ལེབ་བཟང་པོ་གཅིག་ཡོད་དོ། །དེའི་ཚེ་དེའི་དུས་གཅིག་ན་རིའི་ལྷོ་ཕྱོགས་ལོགས་ན་གནས་པའི་དྲང་སྲོང་དེ་ཕ་བོང་དེའི་སྟེང་དུ་གོས་དང་རྐང་པ་བཀྲུས་ཏེ་ཕྱིར་གནས་སུ་སོང་བ་དང་། རིང་པོ་མ་ལོན་པར་ཤ་བ་ཡུ་མོ་གཅིག་ཆུ་མིག་ལ་ཆུ་འཐུང་དུ་འོངས་པ་དང་།

ཆུ་མིག་ལ་ཆུ་འཐུངས་པའི་འོག་ཏུ་ཕ་བོང་དེའི་སྟེང་ན་དྲང་སྲོང་གིས་གོས་བཀྲུས་པའི་ཁུ་བ་འཐུངས་སོ། །གོས་བཀྲུས་པའི་ཁུ་བ་འཐུངས་པའི་འོག་ཏུ་ཕྱིར་འཕོངས་རོལ་དུ་བལྟས་ཏེ་མོ་མཚན་ལ་བལྡགས་སོ། །དེ་ནས་ཤ་བ་ཡུ་མོ་དེའི་ལྟོར་བུ་ཆགས་ཏེ་ཟླ་བ་ཚང་བ་དང་། རི་དགས་ཀྱི་ཆོས་ཀྱིས་

བུ་འབྱུང་བ་ན་ཐོག་མ་གནས་གང་དུ་མངལ་དུ་ཆགས་པ་དེར་བུ་འབྱིན་པས་ཆུ་མིག་གི་དངོར་འོངས་ཏེ་ཕ་བོང་དེའི་སྟེང་དུ་ངུ་ཞིང་འགྲེ་ནས་བུ་མོ་གཅིག་བྱུང་ངོ་། །དེའི་ཚེ་ན་ལྷོ་ཕྱོགས་ལོགས་ཀྱི་དྲང་སྲོང་དེས་ཤ་བ་ངུ་བའི་སྐད་ཐོས་ནས་སྙིང་རྗེ་བའི་སེམས་སྐྱེས་ཏེ་ཤ་བའི་དྲུང་དུ་ལྟར་སོང་བ་

དང་། ཤ་བ་ཡུ་མོ་དེ་ལ་བུ་མོ་གཅིག་བྱུང་སྟེ་ཤ་བ་དེ་ལ་ལྡག་ཅིང་འདུག་པ་ལས་དྲང་སྲོང་དེར་འོངས་པ་དང་ཤ་བ་ཡང་བུ་བོར་ནས་སོང་ངོ་། །དེ་ནས་དྲང་སྲོང་དེ་ཤ་བ་ལ་བཙས་པའི་བུ་མོ་དེ་མཛེས་ཤིང་སྡུག་ལ། མཚན་དང་ལྡན་པར་མཐོང་བས་སྙིང་རྗེའི་སེམས་ཀྱིས་རྩྭའི་གོས་

ཀྱིས་དཀྲིས་ཏེ་པང་དུ་བླངས་ནས་ཕྱིར་གནས་སུ་འོངས་ནས་ཤིང་ཏོག་དང་། འབྲས་བུ་བརྔས་ནས་གསོས་གསོས་པ་དང་། མཐར་གྱིས་ཆེར་སྐྱེས་ནས་ལོ་བཅུ་བཞི་ལོན་པ་དང་། དྲང་སྲོང་ཡང་བུ་མོ་དེ་ལ་ཤིན་ཏུ་བྱམས་ཏེ་རྟག་ཏུ་རྒྱུན་མི་འཆད་པར་མེ་གསོར་བཅུག་པ་ལས་ཉི་མ་

གཅིག་ལེ་ལོ་བྱས་ནས་མེ་ཤི་བར་གྱུར་པ་དང་། དྲང་སྲོང་གིས་ཚིག་གིས་སྤྱོས་ཏེ་བུ་མོ་ཐོག་མ་བསྐྱེད་ནས་ད་ཙམ་གྱི་བར་དུ་མེ་ཤི་མ་མྱོང་ན་ཅིའི་ཕྱིར་མེ་བསད་ཅེས་གཤེས་ཏེ། རི་བྱང་ཕྱོགས་ལོགས་ན་གནས་པའི་དྲང་སྲོང་གི་ཐད་དུ་མེ་ལེན་དུ་བཏང་ངོ་། །དེ་ནས་བུ་མོ་དེས་ཕས་བསྒོ་

བ་བཞིན་དུ་རི་བྱང་ཕྱོགས་ལོགས་སུ་སོང་བ་ལས་གོམ་པ་རེ་རེ་ཞིང་རྐང་པའི་འོག་ནས་པད་མོ་རེ་རེ་སྐྱེས་ཏེ། འགྲོ་བའི་རྗེས་བཞིན་ཁོད་མཉམ་པར་དངར་བ་དང་པད་མོ་སྐྱེས་ནས་རི་བྱང་ཕྱོགས་ལོགས་སུ་མེ་ལེན་དུ་སོང་ངོ་། །དེའི་ཚེ་ན་དྲང་སྲོང་དེས་བུ་མོ་དེ་ཤིན་ཏུ་བསོད་ནམས་

เล่ม ๗๖ · หน้า 125a

དང་ལྡན་ཞིང་རྐང་པའི་འོག་ནས་པད་མོ་སྐྱེས་པ་མཐོང་ནས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་མེ་འདོད་ན་ཁོ་བོའི་སྤྱིལ་པོ་འདི་ལན་བདུན་སྐོར་ལ་གོམ་པའི་བར་མཉམ་པ་དང་། ཉེ་རིང་ཐག་རན་པར་གོམ་པའི་འོག་ནས་པད་མོ་སྐྱེས་པར་བྱོས་ཤིག །དེ་

ལྟར་ལན་བདུན་བསྐོར་བ་བྱས་ནས་ཀྱང་བུ་མོ་ལ་ཁྱོད་མེ་འདོད་ན་ཕྱིར་ཡང་གཡས་ཕྱོགས་ནས་བསྐོར་ཏེ་སོང་ཤིག་དང་མེ་སྦྱིན་ནོ་བར་བསྒོའོ། །དེའི་ཚེ་ན་བུ་མོ་དེ་མེ་འདོད་པའི་ཕྱིར་དྲང་སྲོང་གིས་བསྒོ་བ་བཞིན་བྱས་ཏེ་མེ་བླངས་ནས་ཕྱིར་སོང་ངོ་། །བུ་མོ་དེ་ཕྱིར་སོང་ནས་རིང་པོ་མ་ལོན་

པར་ཡུལ་བཱ་རཱ་ཎ་སཱིའི་རྒྱལ་པོ་དང་བློན་པོ་ཆེན་པོ་དང་། འཁོར་བརྒྱ་སྟོང་སྙེད་དང་བཅས་སུ་རི་དེ་ལ་འཆག་ཅིང་རི་དགས་ལ་ལིངས་འདེབས་སུ་འོངས་པ་དང་། དེ་ནས་བཱ་རཱ་ཎ་སཱིའི་རྒྱལ་པོ་བལ་གྱི་གླང་པོ་ཆེ་ལ་ཞོན་ནས་རི་བྱང་ཕྱོགས་ལོགས་ཀྱི་དྲང་སྲོང་ག་ལ་བ་དེར་འོངས་ནས་དེར་ཕྱིན་

པ་དང་། དྲང་སྲོང་དེའི་སྤྱིལ་པོ་ལ་པད་མོས་འཁོར་བར་བསྐོར་བ་དེ་མཐོང་ནས་རབ་ཏུ་དགའ་རངས་པའི་སེམས་སྐྱེས་ཏེ། དྲང་སྲོང་ཆེན་པོ་ལ་ཤིན་ཏུ་ལེགས་སོ་ལེགས་སོ། །ཡོན་ཏན་ཆེན་པོ་དང་ལྡན་པའི་དྲང་སྲོང་སྟོན་ཅིང་འདྲེན་པའི་ཡོན་ཏན་དང་ལྡན་པ་དགེའོ་ཞེས་བསྟོད་དོ། །དེ་ནས་

དྲང་སྲོང་དེས་རྒྱལ་པོ་ལ་འདི་སྐད་གསོལ་ཏོ། །རྒྱལ་པོ་ཆེན་པོ་མཁྱེན་ཏམ། པད་མོ་འདི་དག་ནི་བདག་གི་ནུས་པ་མ་ལགས་སོ། །རྒྱལ་པོས་སྨྲས་པ། འོ་ན་འདི་སུས་བྱས། དྲང་སྲོང་གིས་གསོལ་པ། རྒྱལ་པོ་ཆེན་པོ་རི་ལྷོ་ཕྱོགས་ལོགས་ན་གནས་པའི་དྲང་སྲོང་ལ་རི་དགས་

ཀྱིས་བཙས་པའི་བུ་མོ་བྱད་བཞིན་བཟང་ཞིང་སྡུག་པ། མིའི་མཚན་དང་ལྡན་པ། འཇིག་རྟེན་ན་དཀོན་པ་འགྲོ་བའི་རྗེས་བཞིན་རྐང་པའི་འོག་ནས་པད་མོ་སྐྱེ་བ་ཅིག་ཡོད་དོ། །རྒྱལ་པོས་དེ་སྐད་སྨྲས་པ་ཐོས་ནས་སེམས་རབ་ཏུ་དགའ་རངས་ཏེ། རིའི་ལྷོ་ཕྱོགས་ལོགས་ཀྱི་དྲང་

སྲོང་ག་ལ་བ་ལོགས་སུ་སོང་སྟེ་ཕྱིན་པ་དང་། དྲང་སྲོང་དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་དྲང་སྲོང་དེས་སྒོར་བྱུང་ནས་བསུས་ཏེ་རྒྱལ་པོ་ཆེན་པོ་ཤུལ་རིང་པོ་ནས་གཤེགས་ན་རབ་ཏུ་ངལ་བར་མ་གྱུར་ཏམ་ཞེས་བྲོ་དྲིས་སོ། །དེ་ནས་རྒྱལ་པོ་ཆེན་པོས་དྲང་སྲོང་དེ་ལ་འདི་སྐད་

เล่ม ๗๖ · หน้า 125b

ཅེས་སྨྲས་སོ། །བཙུན་པ་ཁྱོད་ལ་བུ་མོ་ཞིག་ཡོད་པ་དེ་གཉེན་བྱ་བར་འདོད་དོ། །དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ཕོངས་པ་ལ་བུ་མོ་གཅིག་པུ་ཞིག་ཡོད་པ་དེ་ཆུང་ལ་ཅི་ཡང་མི་ཤེས་ཏེ། ཆུང་ནས་རི་ལ་བསྐྱེད་བསྐྱེད་པས་མིའི་ཆོས་ཚུལ་ཅི་ཡང་མ་རྟོགས་ཏེ།

རྩྭའི་རྩ་བ་དང་འབྲས་བུ་གཞན་མི་ཟ་ན། ཇི་ལྟར་རྒྱལ་པོ་ལ་དབུལ་དུ་རུང་བུ་མོ་འདི་ཡང་རི་དགས་ཀྱིས་བཙས་ཏེ་དབུལ་དུ་མི་རུང་ངོ་ཞེས་ཇི་ལྟར་གྱུར་པ་རྒྱུས་ཀྱིས་ཞིབ་ཏུ་གསོལ་བའི་བར་དུའོ། །རྒྱལ་པོས་སྨྲས་པ། དེ་ལྟ་བུ་ཡིན་ཡང་སླ་འདི་ལྟར་གང་ན་འདུག་སྟོན་ཅིག །དྲང་

སྲོང་གིས་སྨྲས་པ། ད་ལྟར་སྤྱིལ་པོའི་ནང་ན་འདུག་གོ་ཞེས་སྨྲས་སོ། །དེའི་ཚེ་རྒྱལ་པོ་ཆེན་པོ་སྤྱིལ་པོའི་ནང་དུ་ཞུགས་ནས་བུ་མོ་ལ་བལྟས་ཏེ་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ་རི་དགས་ཀྱི་བུ་མོ་སྤོས་ཆུས་བཀྲུས་ནས། རིན་ཐང་མེད་པའི་གོས་བསྐོན་ཏེ། རིན་པོ་ཆེའི་རྒྱན་

སྣ་ཚོགས་ཀྱིས་བརྒྱན་ནས། བལ་གྱི་གླང་པོ་ཆེའི་སྟེང་དུ་བཞག་ནས། འཁོར་བརྒྱ་སྟོང་སྙེད་ཀྱིས་བསྐོར་ཏེ། རོལ་མོ་བྱེད་ཅིང་ཕྱིར་ཡུལ་དུ་འོངས་སོ། །དེའི་ཚེ་རི་དགས་ཀྱི་བུ་མོ་དེ་ཐོག་མ་བཙས་ནས། དེ་ལྟ་བུའི་མི་མང་པོ་མ་མཐོང་བས་དངངས་ཤིང་སྐྲག་གོ། །དེའི་ཚེ་

དྲང་སྲོང་དེ་རི་མཐོན་པོའི་ཁར་སོང་ནས་བུ་མོ་དེ་ལ་མིག་མི་འཛུམས་པར་ལྟ་ཞིང་འདི་སྙམ་དུ། ད་ནི་བདག་གི་བུ་མོ་ཡང་ཇེ་རིང་ཇེ་རིང་སོང་བས་མ་མཐོང་བར་གྱུར་ནས་ཕྱིར་གནས་སུ་འགྲོའོ་སྙམ་བསམས་ནས་མིག་མཆི་མ་ཟག་ཅིང་མཆིས་ཏེ། བདག་གིས་བུ་མོ་གསོས་པ་འདི་ཅི་

ཡང་ཤེས་པ་མེད་པར་བྲལ་བར་གྱུར་ཏོ། །ཡང་འདི་སྙམ་དུ་བསམས་ཏེ། བདག་ད་དུང་གནས་འདི་ལས་མི་གཡོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་བདག་གི་བུ་མོ་ཕྱིར་བདག་ལ་ལྟ་བར་གྱུར་ལ། ཅི་སྟེ་མ་མཐོང་བར་གྱུར་ན་མི་དགའ་ཞིང་སྡུག་བསྔལ་གྱིས་

གདུངས་པར་འགྱུར་གྱིས། རེ་ཞིག་འདི་ཁོ་ནར་བསྡད་དོ་སྙམ་ནས། དེ་ནས་ཀྱང་རིང་ཞིག་བསྡད་དེ་མ་མཐོང་གི་བར་དུ་བལྟས་ཀྱང་བུ་མོས་ཕྱིར་མ་བལྟས་སོ། །དེ་ལྟར་བུ་མོས་ཕྱིར་མ་བལྟས་པས་དྲང་སྲོང་དེ་ཁྲོ་བའི་སེམས་སྐྱེས་ནས་འདི་སྐད་ཅེས་སྨྲས་སོ། །ཡང་

เล่ม ๗๖ · หน้า 126a

ཡང་བྱོལ་སོང་ལས་སྐྱེས་པས་ང་ལ་ཡང་ཕྱིར་མ་བལྟས་ཏེ། ངས་ཆུང་ངུ་ནས་གསོས་གསོས་ནས་ད་མིར་གྱུར་ཏེ་རྒྱལ་པོས་ཕྲོགས་པས་བདག་ཡེ་འུར་གྱུར་ཏོ་ཞེས་སྤྱིལ་པོར་ཞུགས་ནས་རིག་སྔགས་བྱས་ཏེ། གལ་ཏེ་རྒྱལ་པོས་བོར་བར་གྱུར་ན་ནི་དེར་ཡང་ཟད་

དོ། །ཅི་སྟེ་གཅེས་སུ་བྱས་ལ་བོར་བར་མ་གྱུར་ན་བསམས་པ་ལྟར་མ་གྲུབ་ཅིག་ཅེས་སྔགས་ཀྱིས་བཏབ་བོ། །དེའི་ཚེ་ན་བཱ་རཱ་ཎ་སཱིའི་རྒྱལ་པོ་ཆེན་པོ་དེ་ཕོ་བྲང་དུ་ཕྱིན་ནས་གཅེས་སུ་བྱས་ནས་མཚན་ཡང་བཙུན་མོ་རི་དགས་མ་ཞེས་བཏགས་སོ། །མཐའི་རྒྱལ་ཕྲན་དང་། བློན་པོ་

རྣམས་ཀྱང་འདུས་ནས་རྒྱལ་པོ་ལ་ཚིག་སྙན་པས་བསྟོད་ནས་རྒྱལ་པོ་ཡང་རབ་ཏུ་དགའ་རངས་པར་གྱུར་ཏོ། །དེ་ནས་ཀྱང་རིང་པོ་མ་ལོན་པར་མངལ་དུ་བུ་ཆགས་པར་གྱུར་ནས་རྒྱལ་པོ་ཉིད་བཙུན་མོའི་རིམ་གྲོ་བྱེད་དེ། མལ་ཆ་དང་། ཁ་ཟས་དང་། བཏུང་བ་ལ་སོགས་པ་བཟང་

ཞིང་འཇམ་པོར་སྦྱོར་ཏོ། །དེ་ནས་ཟླ་བ་བཅུ་ཚང་ནས་བུ་ཁྱེའུ་གཅིག་བཙས་ན་རྒྱལ་པོའི་གདུང་འཚོབ་པར་རེ་བ་ལས་ཟླ་བ་ཚང་ནས་པད་མོ་ཅིག་བཙས་སོ། །དྲང་སྲོང་གི་རིག་སྔགས་ཀྱི་མཐུས་རྒྱལ་པོ་ཁྲོས་པར་གྱུར་ནས་འདི་སྐད་དུ། བྱོལ་སོང་ལས་སྐྱེས་པ་བདེན་ཞེས་བཙུན་མོ་ལས་

ཕྱུང་སྟེ་པད་མོ་ཡང་བོར་དུ་བཅུག་གོ། །དེ་ནས་རིང་ཞིག་ལོན་པ་དང་བཱ་རཱ་ཎ་སཱིའི་བློན་པོ་རྣམས་དང་སྐྱེད་མོས་ཚལ་དུ་ལྟད་མོ་ལྟ་ཞིང་རྩེར་ཕྱིན་པ་དང་། རྩེ་ཞིང་རོལ་མོ་བྱེད་དེ་རྟ་དང་གླང་པོ་ཆེ་ཡང་འཐབ་ཏུ་བཅུག །གྱད་རྣམས་ཀྱང་སྟོབས་འགྱེད་དུ་བཅུག་པ་ལས་གྱད་ཀྱི་ནང་ན་གྱད་

རབ་ཏུ་མཆོག་ཏུ་སྟོབས་ཆེ་བ་གཅིག་རྡོག་པ་ས་ལ་བརྡབས་ན་ས་ཡང་འགུལ་ཏེ། དྲུང་ན་པད་མོའི་རྫིང་ཞིག་ཡོད་པ་ཡང་འགུལ་བར་གྱུར་ཏོ། །པད་མོའི་རྫིང་དེའི་དྲུང་ན་ཕ་བོང་ཞིག་ཡོད་དེ། དེའི་འོག་ན་པད་མོ་ཞིག་ཡོད་པ་རྫིང་གི་ནང་དུ་ལྷུང་ངོ་། །རྫིང་དུ་ལྷུང་བའི་པད་མོ་དེ་

མདོག་རབ་ཏུ་བཟང་ལ་ཁ་དོག་ལེ་བརྒན་དུ་འདུག་ལ་འཚེར་བའི་འོད་ཆགས་པ་རྒྱལ་པོས་མཐོང་ནས་སེམས་རབ་ཏུ་དགའ་སྟེ། བློན་པོ་རྣམས་ལ་པད་མོ་འདི་ལྟ་བུ་ནི་སྔོན་ཆད་ཡང་མཐོང་མ་མྱོང་ངོ་ཞེས་སྨྲས་སོ། །དེ་ནས་པད་མོ་དེ་ཆུའི་ནང་ནས་ཕྱུང་ཤིག་ཅེས་བསྒོ་ནས་པད་མོ་ལེན་དུ་བཏང་

เล่ม ๗๖ · หน้า 126b

བ་ལས། པད་མོ་དེ་ལ་འདབ་མ་ལྔ་བརྒྱ་ཡོད་དེ། འདབ་མ་རེ་རེའི་འོག་ན་ཁྱེའུ་གཞོན་ནུ་བྱད་བཞིན་བཟང་ཞིང་མཛེས་ལ་ཕལ་ལས་འཕགས་པ་རེ་རེ་ཡོད་པར་མཐོང་ངོ་། །དེ་ནས་པད་མོ་ལེན་པའི་མི་དེས་པད་མོ་དེ་ལ་ངོ་མཚར་ཆེ་བ་དེ་ལྟ་བུ་དག་མཐོང་ནས། རྒྱལ་པོ་ཆེན་པོ་

པད་མོ་དེ་ལ་འདབ་མ་ལྔ་བརྒྱ་མཆིས་ཏེ། འདབ་མ་རེ་རེའི་འོག་ན་ལྷའི་བུ་རེ་རེ་ཡོད་དོ་ཞེས་གསོལ་ཏོ། །རྒྱལ་པོས་ཚིག་དེ་ཐོས་ནས་བ་སྤུ་ཀུན་ལངས་པ་ཙམ་དུ་དངངས་ནས་མི་དེ་ལ་ཡང་དག་པར་བདེན་ནམ་ཞེས་བཀའ་སྩལ་ཏོ། །དེ་ཉིད་བཙུན་མོ་རི་དགས་མས་

བཙས་པའི་པད་མོ་ཡིན་ནམ་ཞེས་བཙུན་མོ་ལས་བཙས་པའི་པད་མོ་གར་བོར་ཞེས་དྲིས་ན། བཙུན་མོས་གསོལ་པ། རྒྱལ་པོ་ཆེན་པོ་པད་མོ་དེ་རྫིང་གི་འགྲམ་ན་ཕ་བོང་ཞིག་མཆིས་པའི་འོག་ཏུ་སྦས་སོ་ཞེས་གསོལ་པ་དང་། དེ་ཉིད་མཙུན་མོ་རི་དགས་མས་བཙས་པ་ཡིན་

པར་ཡིད་ཆེས་པས་ཕྱིར་ཕོ་བྲང་གི་ནང་དུ་འོངས་སོ། །ཕྱིར་ཕོ་བྲང་དུ་ཕྱིན་ནས་བཙུན་མོ་རི་དགས་མ་ལ་བདག་ནི་གཏི་མུག་ཅན། ཤེས་པ་མེད་པ། མཛངས་ངན་མི་རྟོགས་པས་བཙུན་མོ་བདེན་པར་འོང་ངོ་སྙམ་ནས་བཙུན་མོའི་ཡིད་དང་འགལ་བར་གྱུར་པ་བཤགས་སོ་ཞེས་སྨྲས་

ནས་ཕྱིར་བཙུན་མོ་དམ་པར་དབང་བསྐུར་རོ། །དེ་ནས་རྒྱལ་པོ་ཤིན་ཏུ་དགའ་ནས་བློན་པོ་རྣམས་དང་། བྲམ་ཟེ་དང་། རྒྱལ་ཕྲན་དང་། མཚན་མཁན་ཀུན་བསྡུས་ནས་རྒྱལ་བུ་ལྔ་བརྒྱ་པང་དུ་བླངས་ནས་མཚན་མཁན་རྣམས་ལ་མཚན་བཟང་ངན་བལྟར་བཅུག་གོ། །མཚན་མཁན་

གྱིས་གསོལ་པ། རྒྱལ་བུ་འདི་དག་ནི་རྒྱལ་པོའི་བསོད་ནམས་དང་དབང་ཐང་གིས་གྲུབ་སྟེ། གལ་ཏེ་ཁྱིམ་ན་གནས་ན་མཐའ་བཞི་རང་འདུ་ཞིང་ལྷ་རྣམས་ཀྱང་འགོ་བར་འགྱུར། གལ་ཏེ་རབ་ཏུ་བྱུང་ན་གདོན་མི་ཟ་བར་སྐྱེ་ཤིའི་རྩ་བ་གཅོད་ཅིང་འདོད་པའི་ཆུ་ཀླུང་ལས་ཐར་ཏེ་

འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ཅིང་། རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་ལྡན་ཞིང་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་འགྱུར་རོ། །རྒྱལ་པོས་ཚིག་དེ་ཐོས་ནས་ལྷག་པར་དགའ་བར་གྱུར་ནས། རྒྱལ་བུ་ལྔ་བརྒྱ་གསོ་བའི་མ་མ་ལྔ་བརྒྱ་བཏུས་པ་དང་།

เล่ม ๗๖ · หน้า 127a

དེ་ནས་བཙུན་མོ་རི་དགས་མས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ་ཡུལ་ཁམས་ཀུན་དུ་མ་མ་བཏུ་མི་དགོས་ཏེ། ད་ལྟར་རྒྱལ་པོའི་ཕོ་བྲང་ན་བཙུན་མོ་ལྔ་བརྒྱ་ཡོད་ལ། བཙུན་མོ་དེ་དག་བདག་ལ་བུ་ཡོད་པས་ཐམས་ཅད་ཕྲག་དོག་བྱེད་དོ། །ད་རྒྱལ་

པོས་བཙུན་མོ་རེ་རེ་ཞིང་རྒྱལ་བུ་རེ་རེ་གསོར་བཅུག་ན་རྒྱལ་བུ་རྣམས་ཀྱང་སོས་པར་འགྱུར་རོ། །རྒྱལ་པོས་བཙུན་མོ་ལ་སྨྲས་པ། བཙུན་མོ་ལྔ་བརྒྱ་བཙུན་མོ་ལ་ཕྲག་དོག་བྱེད་པར་གྱུར་ན་གཞུ་བ་དང་། བརྡེག་པ་དང་། སྤང་བ་དང་། བསྐྲད་པ་དང་། སྲོག་ལ་དབབ་པའི་བར་དུ་

བཙུན་མོའི་ཡིད་དང་མི་འགལ་བར་བདག་བྱེད་ན། ཅིའི་ཕྱིར་དགྲར་གྱུར་པ་དེ་དག་ལ་དེ་ལྟ་བུའི་ཤིན་ཏུ་བཟོད་དཀའ་བ་ཉམས་སུ་ལེན་ཅིང་། གནམ་སའི་བར་ན་དྲིན་ཆེ་བ་བདག་གི་བུ་བཙུན་མོ་རྣམས་ལ་སྦྱིན་པར་སེམས། དེའི་ཚེ་བཙུན་མོ་ལྔ་བརྒྱས་དེ་སྐད་ཅེས་སྨྲས་པ་ཐོས་ཏེ་རབ་ཏུ་

དགའ་ནས་བཙུན་མོ་རི་དགས་མས་བདག་ཅག་ལ་བདེ་བ་དང་སྐྱིད་པ་རྒྱུན་དུ་བསྟབས་ལ་ད་ཡང་སྲས་བུ་བདག་ཅག་ལ་བྱིན་པས་རབ་ཏུ་དགའོ་ཞེས་སྨྲས་སོ། །དེའི་ཚེ་ན་འཁོར་བརྒྱ་སྟོང་སྙེད་ཀྱང་ཚིག་དེ་དག་ཐོས་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པར་

གྱུར་ཏོ། །དེ་ནས་རྒྱལ་པོ་ཆེན་པོས་བཙུན་མོ་ལ་ངོ་མཚར་ཆེ་སྟེ། བདག་ནི་ཁྱོད་ཙམ་མི་ཕོད་དོ་ཞེས་སྨྲས་སོ། །བཙུན་མོས་སྨྲས་པ། ཕྲག་དོག་གི་དབང་གིས་ཞེ་སྡང་སྐྱེ་སྟེ། ཉེས་པའི་གཉེན་པོར་ནི་བཟོད་པ་སྒོམ། ཁྲོ་བའི་གཉེན་པོར་ནི་བྱམས་སེམས་བསྐྱེད་དགོས་

ཏེ། བདག་ནི་ཐོག་མ་ནས་ཅི་ལ་ཡང་རྩོད་པ་མ་མྱོང་སྟེ། བཙུན་མོ་རྣམས་རང་ལ་འཚེ་ཞིང་གནོད་པ་བྱེད་དུ་ཟད་དོ། །དཔེར་ན་མི་ཞིག་མཚན་མོ་སོང་སོང་བ་ཞིག་ལས་ཤིང་དུམ་ཅིག་མཐོང་བ་ལས། དགྲའམ་ཡི་དགས་སུ་འདུ་ཤེས་སྐྱེས་ཏེ། མོད་ལ་དངངས་སྐྲག་ནས་བྲོས་

སོ། །མུན་ཁུང་དུ་བྲོས་པ་ལས་ལ་ལ་ནི་བྲག་མཐོན་པོ་ལས་གཡང་དུ་ལྷུང་། ལ་ལ་ནི་ཆུའམ། མེའམ། ཚེར་ཕུང་ངམ། ནགས་ཚལ་གྱི་ནང་དུ་ལྷུང་ནས་ལུས་རྨས་ཤིང་ཞིག་པར་གྱུར་ཏེ། དེ་ལྟར་འདུ་ཤེས་ལོག་པའི་རྐྱེན་གྱིས་དེ་ལྟ་བུའི་གནོད་པ་དང་ཕྲད་དོ། །དེ་

เล่ม ๗๖ · หน้า 127b

བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་རང་སྐྱེ། རང་འཆི་བ་ནི་དར་གྱི་སྲིན་བུའམ། ཕྱེ་མ་ལེབ་མེར་སོང་བ་དང་འདྲ་སྟེ་སུས་ཀྱང་བཞེན་མ་བཏབ་བོ། །ཉེས་པ་ཐམས་ཅད་ནི་མི་བདེན་པར་འདུ་ཤེས་པ་ལས་བྱུང་སྟེ། བཙུན་མོའི་རྣམས་ཀྱང་དེ་དང་འདྲ་བས་ན་བདག་ནི་ཤེས་པ་མེད་པ་

འམ། ཕལ་དང་རྩོད་པ་ཅི་ཡང་མེད་དོ། །བཙུན་མོ་ལྔ་བརྒྱ་པོ་རྣམས་བཙུན་མོ་རི་དགས་མ་ལ་ཕྱག་བྱས་ཏེ། རང་གི་ཉེས་པ་མཐོལ་བཤགས་ནས་བཙུན་མོ་རི་དགས་མའི་གཡོག་དང་རིམ་གྲོ་བྱེད་ཅིང་མའམ། བུ་མོ་ལྟར་སེམས་ཏེ། རྒྱལ་བུ་ལ་ཡང་བདག་གི་བུ་དང་འདྲ་བར་

གསོ་ཞིང་རིམ་གྲོ་བྱེད་དོ། །དེ་ནས་རྒྱལ་བུ་ལྔ་བརྒྱ་བགས་ཀྱིས་ཆེར་སྐྱེས་ནས། རྒྱལ་བུ་གཅིག་ཅིག་གིས་མཐུ་སྟོབས་ནི་མི་སྟོང་ཐུབ་པས། མཐའི་རྒྱལ་ཕྲན་དག་ལྡོག་ཅིང་བཀའ་མི་ཉན་པ་ཡོད་ན། དམག་རྣམ་བཞི་མི་དགོས་པར་རྒྱལ་བུ་ཉིད་འབེབས་ཤིང་རྒོལ་དུ་

འགྲོ་སྟེ། དེའི་ཚེ་ན་ཡུལ་ཡང་བདེ་ཞིང་སྐྱིད་ལ་སྲུངས་མའི་ལྷ་ཡང་དགའ་བས། རླུང་དང་ཆར་ཆུ་ཡང་དུས་བཞིན་དུ་ལྡང་ཞིང་འབེབས་སོ། །མི་རྣམས་ཀྱང་དལ་ལ་བདེ་སྐྱིད་དོ། །རྒྱལ་བུ་ལྔ་བརྒྱ་ཡང་བལ་གྱི་གླང་པོ་དམ་པ་ལ་ཞོན་ཞིང་སྐྱེད་མོས་ཚལ་དུ་ཡིད་བཞིན་དུ་རྩེ་

དགའ་ཞིང་འཁོད་པ་ལ་ཕ་མ་ཡང་རྒྱལ་བུ་དེ་དག་ལ་མིག་གིས་འབྲས་བུ་དང་འདྲ་བར་སེམས་ཏེ་བྱམས་སོ། །དེའི་ཚེ་རྒྱལ་བུ་ལྔ་བརྒྱ་ཆེར་སྐྱེས་ཏེ། ཤེད་རྫོགས་ནས་ཕྱིས་དུས་གཞན་ཞིག་ན་ཐམས་ཅད་པད་མོའི་རྫིང་དེའི་འགྲམ་དུ་འདུས་ཏེ་འདུག་འདུག་པ་ལས་སོ་སོའི་གཟུགས་

བརྙན་རྫིང་གི་ཆུ་ལ་སྣང་བར་གྱུར་ནས་གཅིག་ལ་གཅིག་འདི་སྐད་ཅེས་སྨྲས་སོ། །འདི་ལྟ་སྟེ། ཆོས་ཐམས་ཅད་ནི་སྒྱུ་མའམ། སྤྲུལ་པའམ། རྨི་ལམ་འམ། ཆུའི་གཟུགས་བརྙན་ལྟ་བུ་སྟེ། བདེན་པའམ། ཡང་དག་པ་མེད་དོ། །བདག་ཅག་ཀྱང་ད་ལྟར་དེ་དང་འདྲ་སྟེ།

རིགས་ཆེ་ཞིང་བཙུན་ལ་ཕོ་བྲང་གི་ནང་ན་གནས་ནས་འདོད་པ་ལྔ་ལ་བག་མེད་པར་སྤྱོད་པས་ལོངས་སྤྱོད་མོད་ཀྱི། དར་བའི་ཚེ་ལོ་དང་གཟུགས་བཟང་པོ་ནི་ཡིད་བརྟན་དུ་མི་རུང་སྟེ། གྲུབ་པ་ཡོད་ན་འཇིག་པར་འགྱུར། སྐྱེ་བ་ཡོད་ན་འཆི་བར་འགྱུར་ཏེ། གཞོན་ཞིང་དར་བ་

เล่ม ๗๖ · หน้า 128a

ཡང་རིང་པོར་མི་ཐོགས་ཏེ་རྒས་ཤིང་རྒུད་པར་འགྱུར། ཁ་ཟས་ཀྱི་ཚོད་མ་ཟིན་ན་ན་བར་འགྱུར། ཚེ་ལོ་བརྒྱ་ཐུབ་ན་ཡང་ཐ་མར་ཤི་དགོས་སོ། །ཞེས་རྒྱལ་བུ་རྣམས་མི་དགའ་བའི་མྱ་ངན་གྱིས་ནོན་ཏོ། །ཟས་དང་སྐོམ་ཡང་མི་འདོད་པར་ཕྱིར་ཕོ་བྲང་དུ་འོངས་ནས་

ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་དག་ནི་སྡུག་བསྔལ་བ་སྟེ་བདེ་བ་མ་མཆིས་པས་ཡབ་རྒྱལ་པོ་བདག་ཅག་རབ་ཏུ་འབྱུང་བར་གསོལ་ལོ། །རྒྱལ་པོས་རྒྱལ་བུ་རྣམས་ལ་སྨྲས་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། ཤི་བ་ནི་ཐམས་ཅད་ལ་ཡོད་པར་འདྲ་ན་ཁྱེད་

འབའ་ཞིག་མྱ་ངན་བྱར་ཡང་ཅི་ཡོད། རྒྱལ་བུས་གསོལ་པ། བདག་ཅག་ནི་ཤི་ནས་སྐྱེ་བ་ཡང་ནས་ཡང་དུ་ལེན་པའི་ཉོན་མོངས་པ་དང་། འགྲོ་བ་ལྔར་རྒྱུན་དུ་འགྲོ་བར་མི་བཟོད་དོ། །དེ་ནས་རྒྱལ་པོས་ཀྱང་རྒྱལ་བུའི་ཡིད་དམ་མ་བཟློག་སྟེ། རབ་ཏུ་འབྱུང་བར་གནང་ངོ་། །

བཙུན་མོས་རྒྱལ་བུ་རྣམས་ལ་སྨྲས་པ། ཁྱེད་རབ་ཏུ་བྱུང་ནས་ཁོ་མོ་སྤངས་ལ་ལམ་རིང་དུ་མ་འགྲོ་བར་ཕོ་བྲང་རྒྱབ་ཀྱི་སྐྱེད་མོས་ཚལ་ན་རབ་ཏུ་དབེན་ལ་ཤིང་དང་ཚལ་ཡང་དབེན་པ་ཡོད་ཀྱིས། དེར་འདུག་ཤིག་དང་། ཡོ་བྱད་རྣམ་བཞིས་མི་བྲེལ་བར་བྱ་ཞིང་འབུལ་ལོ། །རྒྱལ་བུ་

རྣམས་རབ་ཏུ་བྱུང་ནས་བཙུན་མོས་གསོལ་པ་བཞིན་རྒྱབ་ཀྱི་སྐྱེད་མོས་ཚལ་ན་གནས་པ་ལས་རྒྱལ་བུ་དེ་དག་ཐམས་ཅད་ཀྱིས་རེ་རེ་ནས་མཐར་གྱིས་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར་ཏོ། །དེ་ལྟར་རྒྱལ་བུ་བཞི་བརྒྱ་དགུ་བཅུ་རྩ་དགུ་མཐར་གྱིས་རབ་ཏུ་བྱུང་། རང་བྱང་ཆུབ་ཀྱི་

འབྲས་བུ་ཐོབ་པར་གྱུར་ནས་རྒྱལ་པོའི་ཕོ་བྲང་དུ་ལྷགས་ཏེ། ཡབ་རྒྱལ་པོ་དང་ཡུམ་ལ་བདག་ཅག་རབ་ཏུ་བྱུང་བའི་དོན་དེ་ཐོབ་བོ་ཞེས་སྨྲས་ནས། དགེ་སློང་དེ་དག་སྟེང་གི་ནམ་མཁའ་ལ་འཕགས་ཏེ་ཤར་ཕྱོགས་ནས་མི་སྣང་བར་གྱུར་ན་ནུབ་ཕྱོགས་ནས་བྱུང་ངོ་། །ནུབ་ཕྱོགས་

ནས་མི་སྣང་བར་གྱུར་ན་ཤར་ཕྱོགས་ནས་བྱུང་ངོ་། །ལྷོ་ཕྱོགས་ནས་མི་སྣང་བར་གྱུར་ན་བྱང་ཕྱོགས་ནས་བྱུང་ངོ་། །བྱང་ཕྱོགས་ནས་མི་སྣང་བར་གྱུར་ན། ལྷོ་ཕྱོགས་ནས་བྱུང་ངོ་། །ཆེད་འགའ་ནི་ལུས་ཆེན་པོས་ནམ་མཁའི་ཁམས་གང་བར་གྱུར། ཆེད་འགའ་ནི་ལུས་གཅིག་

เล่ม ๗๖ · หน้า 128b

ལས་ལུས་གྲངས་མེད་པར་སྤྲུལ། ཆེད་འགའ་ནི་ལུས་ཀྱི་ཆ་སྟོད་ན་ཆུ་འབབ་ན། ལུས་ཀྱི་ཆ་སྨད་ན་མེ་འབར་བ་ལ་སོགས་པ་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ་བསྟན་ནས་ལུས་ལ་མེ་བཏང་ནས་མྱ་ངན་ལས་འདས་སོ། །དེ་ནས་བཙུན་མོ་རི་དགས་མས་སྐུ་གདུང་བསྡུས་ནས་རྒྱབ་

ཀྱི་སྐྱེད་མོས་ཚལ་དུ་མཆོད་རྟེན་བཞི་བརྒྱ་དགུ་བཅུ་རྩ་དགུ་བྱས་ནས་མཆོད་པ་བྱེད་དོ། །རྒྱལ་བུ་ནང་གི་ཆུང་ངུ་ཡང་ཞག་དགུ་བཅུ་འདས་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་སྟེ། དེ་ཡང་ཡབ་དང་ཡུམ་ལ་ཆོ་འཕྲུལ་ཆེན་པོ་བསྟན་ཏོ། །ཆོ་འཕྲུལ་ཆེན་པོ་བསྟན་ནས་མྱ་ངན་ལས་འདས་སོ། །

དེ་ནས་བཙུན་མོ་རི་དགས་མས་སྐུ་གདུང་བསྡུས་ནས་མཆོད་རྟེན་བརྩིགས་ཏེ་མཆོད་པ་བྱས་སོ། །དེའི་ཚེ་ན་བཙུན་མོ་རི་དགས་མས་ཉིན་གཅིག་བཞིན་བདུག་སྤོས་དམ་པ་དང་། མེ་ཏོག་དམ་པ་དང་། རོལ་མོ་སྣ་ཚོགས་ཀྱིས་རང་སངས་རྒྱས་ལྔ་བརྒྱའི་མཆོད་རྟེན་ལ་མཆོད་པ་བྱེད་ཅིང་

མཆོད་རྟེན་དེ་དག་གི་དྲུང་ན་མི་དགའ་ཞིང་མྱ་ངན་བྱེད་དེ་འདི་སྐད་ཅེས་སྨྲས་སོ། །བདག་གིས་བུ་ལྔ་བརྒྱ་བཙས་ནས་རབ་ཏུ་བྱུང་མོད་ཀྱི། དེ་ལ་གཅིག་ཙམ་ཡང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མེད་པས་འདི་སྐད་ཅེས་སྨོན་ལམ་དུ་བཏབ་བོ། །བདག་གིས་རང་སངས་རྒྱས་

ལྔ་བརྒྱ་ལ་མཆོད་པ་བྱས་ཤིང་མཆོད་རྟེན་ལྔ་བརྒྱ་བརྩིགས་ཏེ། སྐུ་གདུང་ལ་མཆོད་པའི་བསོད་ནམས་ཅི་ཡོད་པ་སེམས་ཅན་ཐམས་ཅད་ལ་བསྔོའོ། །བདག་མ་འོངས་པའི་དུས་ན་བུ་མང་དུ་བཙས་ཤིང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་མི་བསྐྱེད་པ་མི་འདོད་ཀྱི། བུ་གཅིག་པུ་ཞིག་

བཙས་ལ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཚེ་དེ་ཉིད་ལ་རབ་ཏུ་བྱུང་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པར་ཤོག་ཤིག་ཅེས་སྨོན་ལམ་དུ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་བཙུན་མོ་རི་དགས་མ་དེ་གཞན་ཞིག་

ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེའི་ཚེ་དེའི་དུས་ན་བཙུན་མོ་རི་དགས་མ་དེ་ཉིད་ནི་ད་ལྟར་ཡུམ་ལྷ་མཛེས་ཉིད་ཡིན་ནོ། །ཡུམ་ལྷ་མཛེས་དེ་ལྟར་རང་སངས་རྒྱས་ལྔ་བརྒྱ་ལ་མཆོད་པ་བྱས་ཏེ་དགེ་བའི་རྩ་བ་གྲངས་མེད་པ་བསྐྱེད་པས་དེ་བས་ན་ད་ལྟར་དེ་བཞིན་གཤེགས་པའི་སྐུ་

เล่ม ๗๖ · หน้า 129a

བལྟམས་པ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་འདི་བསྟན་པ་ན་ལྷ་དང་མི་གྲངས་མེད་པ་འབྲས་བུ་དང་པོ་ཐོབ་པ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་པར་གྱུར་ཏོ། །སེམས་ཅན་ཚད་མེད་པ་སྙེད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །

དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡུམ་ལྷ་མཛེས་སྔོན་ལས་ཅི་ཞིག་བགྱིས་ན་དུད་འགྲོའི་ནང་དུ་དུད་འགྲོ་ལ་བཙས་ཏེ་རི་དགས་ཀྱི་བུ་མོར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ལེགས་པར་ཉོན་

ཅིག །ཡུམ་ལྷ་མཛེས་སྔོན་འདས་པའི་དུས་ན་ལས་ཅི་བྱས་པའི་རྒྱུ་དང་རྐྱེན་ཁྱོད་ལ་དགྲོལ་ཞིང་བཤད་པར་བྱའོ། །སྔོན་འདས་པའི་དུས་ན་བསྐལ་པ་གྲངས་མེད་ཚད་མེད་པ་འདས་པའི་ཕ་རོལ་ན། དེའི་ཚེ་དེའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་

བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། སྟོན་པ་རྒྱལ་བ་འཇིག་རྟེན་དུ་བྱུང་སྟེ། སེམས་ཅན་གྱི་དོན་མཛད་

ནས་མྱ་ངན་ལས་འདས་པའི་འོག་ཏུ་གཟུགས་བརྙན་ལ་ཆོས་སྤྱོད་པ་ན། དེའི་ཚེ་དེའི་དུས་ན་ཡུལ་བཱ་རཱ་ཎ་སཱི་ཞེས་བྱ་བར་བྲམ་ཟེ་ཞིག་ལ་བུ་མོ་གཅིག་པུ་ཞིག་བྱུང་ནས་བྲམ་ཟེ་དེ་ཚེའི་དུས་བྱས་སོ། །བྲམ་ཟེ་དེའི་ཆུང་མ་དེས་བུ་མོ་དེ་གསོས་སོ། །བུ་མོ་དེ་ཡང་བགས་ཀྱིས་ཆེར་སྐྱེས་སོ། །

བུ་མོ་མ་སྨད་ལ་བཟའ་ཤིང་གི་ར་བ་ཞིག་ཡོད་དེ་མས་བུ་མོ་ར་བ་སྲུང་དུ་བཅུག་གོ། །བུ་མོ་བདག་ནི་ཟས་ཚོལ་ཞིང་ཅི་རྙེད་པ་ཕྱིར་འོངས་ནས་བུ་མོ་དང་ལྷན་ཅིག་ཟའོ། །རྟག་ཏུ་དེ་བཞིན་དུ་ཟས་ཚོལ་བ་ལ་ཉི་མ་གཅིག་འཕྱིས་ནས་དུས་ལས་ཡོལ་ནས་བུ་མོ་བཀྲེས་པ་དང་སྐོམ་པས་

གདུངས་པས་ཁྲོ་སེམས་སྐྱེས་ནས་བདག་གི་མ་དེ་རྐྱེན་ཅི་བྱུང་ན་ང་ཙམ་གྱི་བར་དུ་ཁ་ཟས་མ་བྱིན་ཏེ། བདག་འདི་ལྟར་བཀྲེས་ཤིང་སྐོམ་པར་བྱས་ཞེས་ཁྲོས་ནས་བདག་གི་མ་དུད་འགྲོ་ཙམ་ཡང་མི་ཕོད་དེ། དུད་འགྲོས་གཅན་གཟན་དང་། རི་དགས་དང་། བྱ་ཡང་བུ་ལ་བཀྲེས་སྐོམ་

เล่ม ๗๖ · หน้า 129b

དྲན་ཏེ་དུས་བཞིན་དུ་སྙོད་དུ་འོང་ངོ་ཞེས་སྨྲས་སོ། །དེ་སྐད་ཅེས་སྨྲས་པས་རིང་པོ་མ་ལོན་པར་མས་ཟས་ཐོགས་ཏེ་འོངས་ནས་ཟ་བའི་འཕྲོ་ལས་རང་སངས་རྒྱས་དགེ་སྦྱོང་གི་གཟུགས་ཅན་ཞིག་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་ནམ་མཁའ་ལ་འགྲོ་བ་དེ་བུ་མོ་དེས་མཐོང་ནས་དགེ་སློང་

དེ་ལ་དགའ་བའི་སེམས་སྐྱེས་ཏེ་འདུག་པ་ལས་ལངས་ནས་ཐལ་མོ་སྦྱར་ཏེ། མགོ་བོས་ཕྱག་འཚལ་ནས་སྤྱན་དྲངས་སོ། །སྟན་གཙང་མ་བཏིང་སྟེ་མེ་ཏོག་བཟང་པོས་མཆོད་ནས་ཁ་ཟས་དེ་ལས་བགོས་ནས་དགེ་སློང་དེ་ལ་ཕུལ་ལོ། །དགེ་སློང་དེས་ཟས་ཀྱི་བྱ་བ་བྱས་ནས་

དམ་པའི་ཆོས་བསྟན་ནས་སྤྲོ་བ་དང་དགའ་བར་བྱས་པས་དེའི་ཚེ་བུ་མོ་དེས་འདི་སྐད་ཅེས་སྨོན་ལམ་དུ་བཏབ་བོ། །བདག་མ་འོངས་པའི་དུས་ན་འཕགས་པ་དང་ཕྲད་ཅིང་དེ་ལ་རིམ་གྲོ་དང་། མཆོད་པ་དང་། ཕྱག་བྱེད་པར་གྱུར་ཅིག །བདག་བྱད་བཞིན་བཟང་ཞིང་མཛེས་པ་དང་། ཆེ་

ཞིང་བཙན་པ་དང་། འགྲོ་བའི་གོམ་པའི་འོག་ནས་པད་མོ་སྐྱེས་ཏེ་རྐང་པ་འདེགས་པར་ཤོག་ཤིག་ཅེས་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ཀྱི་བུ་མོ་དེ་ནི་བཙུན་མོ་རི་དགས་མ་ཡིན་ནོ། །དེ་ལྟར་རང་སངས་རྒྱས་ལ་

བསོད་སྙོམས་གཅིག་ཕུལ་ཏེ། མེ་ཏོག་བཟང་པོས་མཆོད་པས་ཚེ་རབས་ལྔ་བརྒྱའི་བར་དུ་ཆེ་ཞིང་བཙན་ལ། གོས་དང་ཟས་ཡིད་བཞིན་དུ་ལྡན་ཏེ་རྐང་པའི་འོག་ནས་པད་མོ་སྐྱེས་སོ། །སྨོན་ལམ་གྱི་མཐུས་ད་ཡང་རང་སངས་རྒྱས་ལྔ་བརྒྱ་དང་ཕྲད་དེ། མཆོད་པ་དང་། རིམ་གྲོ་

དང་། ཕྱག་བྱས་པར་གྱུར་ཏོ། །དེའི་ཚེ་དྲིན་མི་ཤེས་ཏེ་ཚིག་ངན་པ་གཅིག་གིས་མ་ལ་དུད་འགྲོ་དང་འདྲའོ་ཞེས་སྨྲས་པའི་ངག་གི་ལས་ངན་པའི་རྐྱེན་གྱིས་ཚེ་རབས་ལྔ་བརྒྱའི་བར་དུ་རི་དགས་ཀྱི་ལྟོར་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། འཇིག་

རྟེན་དུ་སྐྱེས་སོ་ཅོག་གི་ཉེས་པ་ནི་རང་གི་ཁ་ནས་བྱུང་བས་ངག་གི་ལས་བསྲུང་བར་བྱའོ། །ངག་གི་ལས་ནི་མེ་འབར་བས་ཚིག་པ་བས་ལྷག་སྟེ། མེ་འབར་བས་ཚིག་པ་དེ་ནི་ཚེ་གཅིག་པར་ཟད་དོ། །ངག་གི་ལས་མི་དགེ་བའི་མེ་འབར་བས་ནི་སྐྱེ་བ་གྲངས་མེད་པར་འཚིག་གོ། །མེ་

เล่ม ๗๖ · หน้า 130a

འབར་བས་ནི་འཇིག་རྟེན་གྱི་ནོར་ཙམ་འཚིག་གོ། །ངག་མི་དགེ་བའི་མེ་འབར་བས་ནི་འཕགས་པའི་ནོར་བདུན་ཚིག་པར་འགྱུར་རོ། །དེ་བས་ན་ཀུན་དགའ་བོ་སེམས་ཅན་ཐམས་ཅད་ཀྱི་ཉེས་པ་ནི་ཁ་ནས་བྱུང་སྟེ། ཁ་དང་ལྕེ་ནི་ལུས་གཅོད་པའི་མཚོན་ཞེས་

བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ན་དགེ་བསྙེན་དང་དགེ་བསྙེན་མ་སྟོང་སྙེད་དག་གི་ལས་བསྲུངས་པས་འབྲས་བུ་དང་པོ་ཐོབ་པར་གྱུར་ཏོ། །ལྷ་དང་མི་གྲངས་མེད་པ་སྙེད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་རང་སངས་

རྒྱས་ཀྱི་བར་དུ་སེམས་བསྐྱེད་པར་གྱུར་ཏོ། །འཁོར་མང་པོ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ནས་ཕྱག་བྱས་ཏེ་ཕྱིར་དོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་དང་ཀུན་དགའ་བོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བླངས་ནས་སླར་གཤེགས་པ་དང་།

གྲོང་ཁྱེར་གྱི་ཕྱི་རོལ་ན་གྲོག་པོ་ཟབ་མོ་ཅིག་ཡོད་དོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་མི་རྣམས་བཤང་གཅི་དང་། མི་གཙང་བ་ཐམས་ཅད་གྲོག་པོ་དེར་སྐྱེལ་ལོ། །ཆར་པ་བབ་ན་གྲུ་ཆར་གྱི་ཆུ་རྣམས་ཀྱང་དེར་འབབ་བོ། །དེའི་ཚ་གྲོག་པོའི་ཆུ་བཙོག་པ་དེའི་ནང་ན་སྲིན་བུ་མིའི་

གཟུགས་འདྲ་བ་ལ་རྐང་ལག་མང་བ་ཞིག་གིས་རྒྱང་མ་ནས་དེ་བཞིན་གཤེགས་པ་བྱོན་པ་མཐོང་ནས་ཆུའི་ནང་ནས་མགོ་བཏེག་ནས་དེ་བཞིན་གཤེགས་པ་ལ་བལྟས་ནས་མིག་ནས་མཆི་མ་ཟག་གོ། །བཅོམ་ལྡན་འདས་ཀྱིས་དེ་གཟིགས་ནས་ཐུགས་རྗེ་བར་དགོངས་ཏེ་མི་དགྱེས་པར་

གྱུར་ནས་སླར་བྱ་རྒོད་སྤུངས་པའི་རི་ལ་གཤེགས་སོ། །དེ་ནས་ཀུན་དགའ་བོས་དེ་བཞིན་གཤེགས་པའི་གདན་གདིང་བ་བཏིང་ནས་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་སོ། །དེ་ནས་ཀུན་དགའ་བོས་འཁོར་ཐམས་ཅད་ལ་བལྟས་ཏེ་འཁོར་གྱི་བསམ་པ་སེམས་ཀྱིས་ཤེས་

ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ད་ཅི་ཆབ་བཙོག་པའི་ནང་ན་སྲིན་བུ་ཞིག་མཆིས་པ་དེ་སྔོན་ལས་ཅི་བགྱིས་པས་ཆབ་བཙོག་པ་དེའི་ནང་དུ་སྐྱེས། དེར་སྐྱེས་ནས་ནི་ཇི་སྲིད་ཅིག་ལགས། ད་ཡང་ནམ་ཞིག་དེ་ལས་ཐར་བར་འགྱུར། བཅོམ་

เล่ม ๗๖ · หน้า 130b

ལྡན་འདས་ཀྱིས་ཀུན་དགའ་བོ་དང་འཁོར་མང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ལེགས་པར་ཉོན་ཅིག །ཁྱོད་ལ་ལེགས་པར་དགྲོལ་བར་བཤད་པར་བྱའོ། །ཀུན་དགའ་བོ་སྔོན་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་སྟོང་འདས་པའི་སྔོན་རོལ་ན། དེའི་ཚེ་དེའི་

དུས་ན་སངས་རྒྱས་འཇིག་རྟེན་དུ་གཤེགས་ནས་སེམས་ཅན་གྱི་དོན་མཛད་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །མྱ་ངན་ལས་འདས་ནས་གཟུགས་བརྙན་ལ་ཆོས་སྤྱོད་པ་ན་བྲམ་ཟེ་ཞིག་གིས་དགེ་འདུན་གྱི་གནས་ཁང་བྱས་ཏེ་དགེ་འདུན་ལ་ཕུལ་ལོ། །དེའི་ཚེ་ན་ཡོན་བདག་ཞིག་

གིས་དགེ་འདུན་ལ་མར་དང་། འབྲུ་མར་དག་ཕུལ་ཏེ་དེ་ན་དགེ་སློང་འདྲོན་པོ་དག་ཅིག་ཀྱང་ལྷགས་སོ། །དེའི་ཚེ་གང་ཟག་གི་ལས་གཙང་སྦྱོར་བྱེད་པ་ཞིག །དགེ་སློང་འདྲོན་པོ་འོངས་པ་མཐོང་ནས་འཁྲེན་ཏེ་མར་དང་། འབྲུ་མར་བཅབས་ཤིང་བསྲེས་ནས་དགེ་འདུན་

འདྲོན་པོ་ལ་མ་བྱིན་ནོ། །དགེ་འདུན་འདྲོན་པོས་གཙང་སྦྱོར་ལ་མར་དང་། འབྲུ་མར་དང་། སྦྲང་རྩི་འོངས་པ་ངེད་ལ་མི་སྦྱིན་ནམ་ཞེས་དྲིས་པ་དང་། གཙང་སྦྱོར་གྱིས་ཁྱེད་ནི་འདྲོན་པོ། ངེད་ནི་གཟའ་ཡིན་ནོ་ཞེས་སྨྲས་སོ། །དགེ་སློང་འདྲོན་པོས་ཡོན་བདག་གིས་

མངོན་སུམ་གྱི་དགེ་འདུན་ལ་ཕུལ་བ་མ་ཡིན་ནམ་ཞེས་སྨྲས་པ་དང་། དེའི་ཚེ་ན་གཙང་སྦྱོར་གྱི་ལས་བྱེད་པ་དེ་ཁྲོས་ཤིང་འཇིགས་སུ་རུང་བ་ཞིག་པས། དགེ་སློང་འདྲོན་པོ་ལ་ཁྱེད་བཤང་གཅི་མི་ཟ་བར་ང་ལ་མར་དང་། འབྲུ་མར་འདོད་དམ་ཞེས་ཚིག་ངན་པ་སྨྲས་སོ། །དེ་

ལྟར་ཚིག་ངན་པ་སྨྲས་པའི་ལས་ཀྱིས་བསྐལ་པ་བྱེ་བ་དགུ་བཅུའི་བར་དུ་རྒྱུན་དུ་ཆུ་བཙོག་པ་འདིར་སྐྱེས་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་གཙང་སྦྱོར་གྱི་ལས་བྱེད་པ་དེ་ནི་དེ་ཅི་ཆུ་བཙོག་པའི་ནང་ན་འདུག་པའི་སྲིན་བུ་དེ་ཡིན་ནོ། །དེ་ལྟར་འདས་པའི་དུས་ན་ཚིག་ངན་པ་གཅིག་དགེ་

འདུན་ལ་སྨྲས་པས། ཚེ་རབས་བགྲངས་པ་བརྒྱ་སྟོང་གི་བར་དུ་གནས་དེར་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་ཉེ་གནས་རྣམས་ལ་བཀའ་སྩལ་པ། ཁྱེད་རྣམས་ངག་གི་ལས་སྡོམ་ཞིང་སྲུངས་ཤིག །ངག་གི་ཉེས་པ་ནི་མེ་འབར་བ་ལས་ལྷག་གོ། །ཕ་མ་དང་

เล่ม ๗๖ · หน้า 131a

དགེ་འདུན་ནི་བསྔགས་ཤིང་བསྟོད་པར་འོས་པས་ཚིག་འཇམ་པོར་སྨྲ་ཞིང་རྒྱུན་དུ་དྲིན་དྲན་པར་བྱའོ། །དགེ་འདུན་ཞེས་བྱ་བ་ནི་ཁམས་གསུམ་ལས་འདའ་བར་བྱེད་པའི་བསོད་ནམས་ཀྱི་ཞིང་ངོ་། །ཕ་མ་ནི་ཁམས་གསུམ་གྱི་བསོད་ནམས་ཀྱི་ཞིང་མཆོག་

དམ་པའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་འདུན་གྱི་ནང་ན་སྐྱེས་བུ་ཟུང་བཞི་ཡ་བརྒྱད་དང་འཕགས་པ་བཅུ་གཉིས་ཡོད་དེ། རིམ་གྲོ་བྱས་ན་བསོད་ནམས་འཐོབ་ལ་བསྒྲུབས་ན་བྱང་ཆུབ་འགྲུབ་བོ། །ཕ་མ་ནི་ཟླ་བ་བཅུའི་བར་དུ་ལྟོར་བཞག་ལ་བྱུང་ནས་ཀྱང་གཤེར་ནི་བོར། སྐམ་

ནི་ལེན་ནུ་ཞོ་བསྣུན་ནས་ཆེར་བསྐྱེད་དོ། །སྐྱེས་ནས་ཀྱང་རིག་བྱེད་མཁས་པར་སློབ་ཅིང་དུས་ལས་མི་ཡོལ་བར་རིམ་གྲོ་བྱེད་དོ། །གལ་ཏེ་རབ་ཏུ་བྱུང་ན་བསོད་ནམས་བྱེད་པས་སྐྱེ་ཤིའི་འཁོར་བའི་རྒྱ་མཚོ་ལས་རྒལ་ཏེ། བདག་གི་དོན་དང་། སེམས་ཅན་ཐམས་ཅད་ལ་ཕན་

པ་དང་། བདེ་བའི་དོན་བྱེད་དོ། །དེ་བས་ན་ཀུན་དགའ་བོ་ཕ་མ་དང་། དགེ་འདུན་ནི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་གཉིས་ཞེས་བྱ་སྟེ། ལྷ་དང་མི་གཉིས་དེ་རྣམས་ཀྱི་རྐྱེན་གྱིས་མྱ་ངན་ལས་འདའ་བ་རྣམ་པར་གྲོལ་བའི་འབྲས་བུ་དམ་པ་ཐོབ་པ་ནས། སངས་

རྒྱས་ཀྱི་བར་དུ་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས་མི་དང་མི་མ་ཡིན་པ་སེམས་ཅན་ཚད་མེད་པ་བརྒྱ་སྟོང་སྙེད་འབྲས་བུ་དང་པོ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་པར་གྱུར་ཏོ། །ལ་ལ་ནི་བླ་ན་མེད་པི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

སེམས་བསྐྱེད་དེ། ལ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་སུ་སེམས་བསྐྱེད་དོ། །སོ་སོ་ནས་ཐལ་མོ་སྦྱར་ནས་སངས་རྒྱས་ལ་ཕྱག་འཚལ་ནས་བསྐོར་བ་བྱས་ཏེ། རབ་ཏུ་དགའ་བས་ཕྱིར་དོང་ངོ་། །གཞན་ཡང་ཡུལ་བཱ་རཱ་ཎ་སཱི་ན། བློན་པོ་བྲམ་ཟེ་རབ་ཏུ་ཕྱུག་པ་ནོར་

རིན་པོ་ཆེ་མང་བ། གསེར་དང་། དངུལ་དང་། བཻ་དཱུརྱ་དང་། མན་ཤེལ་དང་། བྱི་རུ་དང་། སྤུག་དང་། བལ་གྱི་གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། ལུག་དང་། ཞིང་འབྲོག་དང་། བྲན་ཁོལ་དང་། ལས་བྱེད་པའི་མི་མང་དུ་ཡོད་པ་ཞིག་ལ། ལོ་བརྒྱད་ཅུ་ལོན་

เล่ม ๗๖ · หน้า 131b

ནས་ཁྱེའུ་ཞིག་བྱུང་ངོ་། །ཁྱེའུ་དེ་ཡང་བྱད་བཞིན་བཟང་ལ་སྡུག་པ། མཛེས་པ་མིའི་མཚན་རྫོགས་པར་ལྡན་པས་ཕ་མ་གཉིས་རབ་ཏུ་དགའ་ནས་མཚན་མཁན་བོས་ཏེ་མཚན་བལྟས་སོ། །མཚན་མཁན་གྱིས་མཚན་བལྟས་ནས་ཁྱེའུ་དེའི་མིང་ཡང་ཙུན་ད་ཞེས་བཏགས་ནས་

གསོས་བསྐྱེད་དེ་ལོ་བདུན་ལོན་ནས་ཕ་མ་གཉིས་བྱམས་ཆེ་བས་རབ་ཏུ་བྱུང་བར་གནང་ངོ་། །རབ་ཏུ་བྱུང་བའི་ཕྱིར་དབང་ཕྱུག་གི་རི་ཞེས་བྱ་བར་དེ་བཞིན་གཤེགས་པ་གང་ན་བཞུགས་པར་ཁྲིད་དོ། །དེའི་ཚེ་ན་དེ་བཞིན་གཤེགས་པ་ལ་འཁོར་རྣམ་བཞི་དང་། ལྷ་དང་། ཀླུ་

དང་། གནོད་སྦྱིན་དང་། དེ་ལ་སོགས་པ་ལ་མདུན་གྱིས་བྱས་ཏེ་འཁོར་མང་པོ་ལ་འཇིག་རྟེན་གྱི་རིག་བྱེད་ཀྱི་གཙུག་ལག་དང་། འཇིག་རྟེན་ལས་འདས་པའི་ཆོས་སྟོན་ཏོ། །དེ་ནས་བྲམ་ཟེ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་རྒས་

འཁོགས་ནས་ཁྱེའུ་ཞིག་མཆིས་པ། བཅོམ་ལྡན་འདས་ལ་འབུལ་གྱིས། ཐུགས་རྗེ་ཆེན་པོས་བསྐྱབ་ཅིང་བདག་གི་བུ་འདི་ཉེ་གནས་སུ་བཞེས་སུ་གསོལ་ལོ་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ་ཞེས་བཀའ་སྩལ་ནས། སྐྲ་ཡང་རང་

བྱི་ནས་ཆོས་གོས་ལུས་ལ་རང་ཡོད་པར་གྱུར་ཏེ། གཟེངས་བསྟོད། སྤྲོ་བ་དང་དགའ་བའི་སེམས་བསྐྱེད་དེ། ལམ་གྱི་འབྲས་བུ་ཡང་ཐོབ་སྟེ། རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། རྣམ་པར་ཐར་པ་བརྒྱད་དང་ལྡན་པར་གྱུར་ཏོ། །དེའི་ཚེ་ཀུན་

དགའ་བོས་འཁོར་མང་པོ་ལ་བལྟས་ཏེ། ཀུན་གྱི་ཐེ་ཙོམ་དགྲོལ་བའི་ཕྱིར་སྟན་ལས་ལངས་ཏེ་གོས་ཚགས་བཅོས་ནས། བླ་གོས་ཕྱོགས་གཅིག་བྱས་ནས་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་ཙུན་ད་སྔོན་འདས་པའི་

དུས་ན་བསོད་ནམས་ཅི་ཞིག་བགྱིས་ན་བཅོམ་ལྡན་འདས་དང་འདིར་ཕྲད་དེ་མྱུར་དུ་འབྲས་བུ་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སྦྱོང་ཙུན་ད་འདི་དུས་འདི་གཅིག་པུར་མ་ཟད་དེ། སྔོན་འདས་པའི་དུས་སུ་ཡང་ཕ་མ་དང་

เล่ม ๗๖ · หน้า 132a

དགེ་འདུན་ལ་བསོད་ནམས་མཆོག་བྱས་པས་དགེ་བའི་བཤེས་གཉེན་དང་ཕྲད་དེ་ལམ་གྱི་འབྲས་བུ་ཐོབ་པ་ཡིན་ནོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་དེའི་དངོས་པོ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་

སྩལ་པ། ལེགས་པར་ཉོན་ཅིག །སྔོན་འདས་པའི་དུས་ཚེ་ལོ་ཚད་མེད་པ་སྟོང་འདས་པའི་ཕ་རོལ་ན་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ལྷ་དང་མི་ལ་ཕན་པ་དང་བདེ་བའི་དོན་མཛད་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །

མྱ་ངན་ལས་འདས་ནས་དམ་པའི་ཆོས་ལ་སྤྱོད་པའི་དགེ་སློང་གཞོན་ནུ་ཅིག་མ་མོ་དང་། མདོ་སྡེ་དང་། འདུལ་བ་ལ་ཤིན་ཏུ་མཁས་པ། བྱད་གཟུགས་མཛེས་ཤིང་བཟང་བ། མིའི་མཚན་དང་ལྡན་པ། ཆོས་སྟོན་པ་ལ་སྤོབས་པ། ཆོས་སྨྲ་བའི་ང་རོ་དང་ཚིག་སྙན་

པས་རྒྱལ་རིགས་དང་བྲམ་ཟེ་རྣམས་ཀྱང་དེ་དང་བཤེས་ཤིང་དེ་ལ་རིམ་གྲོ་དང་མཆོད་པ་བྱེད་དོ། །དེའི་ཚེ་ན་དགེ་སློང་རྒན་པོ་གཅིག་བྱད་བཞིན་རབ་ཏུ་མི་སྡུག་ལ་མིའི་མཚན་དང་ཡང་མི་ལྡན་པ། སྐད་ང་རོ་ཡང་མི་སྙན་པ། རྒྱུན་དུ་དཀོན་མཆོག་གསུམ་ལ་ཚིག་དང་ང་རོར་བཅས་

པས་བསྟོད་པ་ཞིག་བྱུང་ངོ་། །དེའི་ཚེ་ན་མཛོད་གསུམ་དང་ལྡན་པའི་དགེ་སློང་གཞོན་ནུ་དེས་དགེ་སློང་ང་རོ་མི་སྙན་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །དེ་ནས་འདི་ལྟ་བུའི་ང་རོ་མི་སྙན་པ་ཟེར་བ་ནི་ཁྱི་ཟུགས་པའི་སྐད་དང་འདྲའོ། །ཞེས་སྨྲས་སོ། །དེ་ནས་དགེ་སློང་

རྒན་པོ་དེས་དགེ་སློང་གཞོན་ནུ་ལ་ཅི་ཁྱོད་ང་མི་ཤེས་སམ། ང་ལ་ཚིག་ངན་པ་བརྗོད་ཅེས་སྨྲས་སོ། །དེ་དགེ་སློང་མཛོད་གསུམ་དང་ལྡན་པས་སྨྲས་པ། བདག་ཁྱོད་ཤེས་ཏེ་ཁྱོད་ནི་སངས་རྒྱས་རྣམ་པར་གཟིགས་ཀྱི་དམ་པའི་ཆོས་ལ་རབ་ཏུ་བྱུང་བའི་དགེ་སློང་རྒན་པོ་མ་ཧ་ལ་

ཞེས་བྱ་བ་ཡིན་ཏེ། ངས་ཅིའི་ཕྱིར་མི་ཤེས། དགེ་སློང་མ་ཧ་ལས་སྨྲས་པ། ད་ནི་བྱ་བ་བྱས་སོ། །ཚངས་པར་སྤྱོད་པ་སྤྱད་དོ། །སྲིད་པ་ཕྱི་མ་མི་ལེན་ནོ་ཞེས་སྨྲས་སོ། །དེ་ནས་མཛོད་གསུམ་དང་ལྡན་པའི་དགེ་སློང་གཞོན་ནུས་ཚིག་དེ་ཐོས་པ་དང་། སྐྱི་བུང་ཞེས་

เล่ม ๗๖ · หน้า 132b

བྱས་ཏེ་དངངས་པར་གྱུར་ཏོ། །དེ་ནས་དགེ་སློང་གཞོན་ནུས་དགེ་སློང་མ་ཧ་ལ་ལག་པ་གཡས་པས་བཏེག་སྟེ། ལག་པ་ལས་འོད་ཟེར་ཆེན་པོ་བཀྱེ་ནས་ཕྱོགས་བཅུར་སྣང་བར་བྱས་སོ། །དེ་ནས་མཛོད་གསུམ་དང་ལྡན་པའི་དགེ་སློང་གཞོན་ནུས་དགེ་སློང་རྒན་པོའི་རྐང་པ་ལ་

མགོ་བོས་ཕྱག་འཚལ་ནས་འགྱོད་ཚངས་བྱས་ཏེ་བདག་ནི་མི་ཤེས་པའི་གཏི་མུག་གིས་ཁེབས་པས་འཕགས་པ་ཡིན་པར་མ་ཤེས་ཏེ། སྡིག་པའི་ལས་བྱས་པ་མ་ཤེས་པ་འདི་སྡིག་པར་མི་འགྱུར་ཞིང་། བདག་མ་འོངས་པའི་དུས་སུ་དགེ་བའི་བཤེས་གཉེན་དང་

ཕྲད་ཅིང་སྟོན་པ་འཕགས་པ་ཁྱོད་དང་ཕྲད་དེ། ཟག་པ་ཟད་པར་ཤོག་ཤིག་ཅེས་བཤགས་ཤིང་འཐོལ་ལོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་དགེ་སློང་གཞོན་ནུ་མཛོད་གསུམ་དང་ལྡན་པ་དེས་ཚིག་བརླང་པོ་གཅིག་གིས་

དགེ་སློང་རྒན་པོ་ལ་སྨྲས་པས་ཚེ་རབས་ལྔ་བརྒྱའི་བར་དུ་ཁྱིའི་ལུས་མྱོང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས་འཁོར་མང་པོ་རྣམས་ཨེ་མའོ་ཨེ་མའོ་འཇིག་རྟེན་འདི་ན་གདུག་པའི་མཆོག་ནི་ངག་གི་ལས་ལས་འདའ་བ་མེད་དོ། །ཞེས་འཁོར་

མང་པོ་ཐམས་ཅད་ཀྱིས་ཚིགས་སུ་བཅད་དེ་འདི་སྐད་ཅེས་དམ་བཅས་སོ། །ལྕགས་ཀྱི་འཁོར་ལོ་ཚ་བ་དག །སྤྱི་བོའི་སྟེང་ན་རྒྱུན་འཁོར་ཡང་། །སྡུག་བསྔལ་བར་ནི་མི་འཛིན་ཏེ། །ནམ་དུའང་ཚིག་ངན་མི་སྨྲའོ། །ལྕགས་ཀྱི་འཁོར་ལོ་ཚ་བ་དག །སྤྱི་བོའི་

ཐོག་ན་རྒྱུན་འཁོར་ཡང་། །སྡུག་བསྔལ་བར་ནི་མི་འཛིན་ཏེ། །ཚིག་ངན་འཕགས་ལ་མི་སྨྲའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ནི་སེམས་ཅན་མང་པོའི་དགེ་བའི་བཤེས་གཉེན་དུ་གྱུར་པས། ཉིན་མཚན་དུས་དྲུག་ཏུ། ལྷའི་

མིག་གིས་འགྲོ་བ་ལྔའི་སྐྱེ་བོ་རྣམས་ལ་རྟོག་ཅིང་ལྟ་སྟེ། འདུལ་བའི་དུས་ལ་བབ་ན་དེའི་དོན་བྱེད་དོ། །དེའི་ཚེ་ན་ཡུལ་མ་ག་དྷཱ་དང་། ཡུལ་འདི་གཉིས་ཀྱི་བར་ན་ཚོང་པ་ལྔ་བརྒྱ་ཞིག་རྟག་ཏུ་ཕན་ཚུན་རྒྱུ་བ་ལས། ཕན་ཚུན་དུ་རྒྱུ་བའི་ལམ་དེ་ཡང་འཇིགས་པ་ཆེ་

เล่ม ๗๖ · หน้า 133a

བས་ཚོང་པ་ཅིག་ལ་ཁྱི་དཀར་པོ་ཅིག་ཡོད་དེ། དེའི་ཚེ་ཚོང་པ་དེའི་གྲོགས་པོ་གཅིག་གིས་སྲོད་ལ་ཤ་བཙོས་ནས་བཞག་པ་ལས། ནམ་གྱི་ཆ་སྨད་ལ་ཁྱི་དེས་བརྐུས་ནས་ཟོས་སོ། །ཕྱི་དེ་ཉིན་ནམ་ནངས་ནས་ཚོང་པ་གྲོགས་པོས་ཤ་བཟའ་བར་བྱས་པ་ལས་

མ་རྙེད་པས་གདུངས་ནས། ཁྲོས་ཏེ་མཚོན་ཐོགས་ཏེ། ཁྱི་དེའི་རྐང་ལག་བཞི་བཅད་དེ་སུ་ར་ཁུང་དུ་བོར་ནས་དོང་ངོ་། །སུ་ར་ཁུང་ན་ཁྱི་དེ་སྡུག་བསྔལ་ཆེན་པོ་མྱོང་བ་དེ། ཤཱ་རིའི་བུས་ནམ་གྱི་ཆ་སྟོད་ལ་ལྷའི་མིག་གིས་ཀུན་ཏུ་བརྟགས་ནས་རྒྱང་མ་ནས་ཁྱི་སྡུག་བསྔལ་

བ་དེ་མཐོང་ངོ་། །དེ་ནས་ཕྱི་དེ་ཉིན་པར་ནམ་ནངས་ནས་ཆོས་གོས་བགོས། ལྷུང་བཟེད་ཐོགས་ནས་གྲོང་ཁྱེར་ནས་བསོད་སྙོམས་བླངས་ནས། གང་ན་འཇིགས་པའི་ལམ་སུ་ར་ཁུང་དུ་ཕྱིན་ནས། བསོད་སྙོམས་བསླངས་པ་ཁྱི་དེ་ལ་བསྙོད་དོ། །དེ་ནས་སྤྲོ་བ་དང་དགའ་

བའི་ཆོས་བཤད་དོ། །ཁྱི་དེས་ཆོས་དེ་ཐོས་ནས་ངོ་ཚ་ཞིང་མི་དགའ་སྟེ། དེ་ནས་ཞག་བདུན་ལོན་ནས་སྡིག་པའི་ལས་བོར་ནས་ཐར་ཏེ་དེ་ནས་མིར་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་ཁྱི་དཀར་པོ་དེ་ནི་ད་ལྟར་དགེ་སྦྱོང་

ཙུན་ད་འདི་ཡིན་ནོ། །སྔོན་འདས་པའི་དུས་ན་འཕགས་པ་ལ་ཚིག་ངན་པ་སྨྲས་པས་ངན་འགྲོར་སྐྱེས་ཏེ། དེ་མ་ཐག་ཏུ་འགྱོད་ཅིང་བཤགས་ནས་ངོ་ཚ་བའི་སེམས་སྐྱེས་ཏེ། བདག་མ་འོངས་པའི་དུས་ན་དགེ་བའི་བཤེས་གཉེན་དང་ཕྲད་པར་ཤོག་ཤིག་པར་སྨོན་ལམ་

བཏབ་བོ། །དེ་ལྟར་སྨོན་ལམ་བཏབ་པས་དགེ་བའི་བཤེས་གཉེན་དང་ཕྲད་དེ་སྡིག་པའི་ལས་བྱང་ནས་མིར་སྐྱེས་ཏེ་སངས་རྒྱས་དང་ཕྲད་པས་ཟག་པ་ཟད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཕ་མ་དང་དགེ་བའི་བཤེས་གཉེན་གྱི་དྲིན་

དྲན་པར་གྱིས་ཤིག །དེ་ནས་དེ་ལྟར་དྲིན་དུ་གཟོ་བ་ཤེས་ནས་དྲིན་ལན་བསབ་པར་བྱའོ། །དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་ཕན་པའི་དོན་དུ་འགྱུར་བའི་རྒྱུ་ཡིན་ནོ་ཞེས་བཀའ་སྩལ་པ་དང་། དེའི་ཚེ་སེམས་ཅན་ཚད་མེད་པ་བརྒྱ་སྟོང་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་

เล่ม ๗๖ · หน้า 133b

པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བར་དུ་སེམས་བསྐྱེད་དོ། །འཁོར་མང་པོ་རྣམས་སངས་རྒྱས་ཀྱིས་གསུངས་པ་ལ་རབ་ཏུ་དགའ་ནས་ཕྱག་བྱས་ཏེ་ཕྱིར་དོང་ངོ་། །ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་ལས་

བསྟན་བཅོས་ཀྱི་ལེའུ་ཞེས་བྱ་སྟེ་ལྔ་པའོ།། །།ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ། བམ་པོ་བཞི་པ། དེའི་ཚེ་བཅོམ་ལྡན་འདས་ལ་འཁོར་བཞི་པོས་མདུན་གྱིས་བྱས་ནས་མཆོད་པ་བྱས། རིམ་གྲོ་བྱས་བཀུར་སྟི་བྱས་

ཏེ་ཚིག་གིས་བསྟོད་པ་བྱས་སོ། །དེའི་ཚེ་དེ་བཞིན་གཤེགས་པས་འཛུམ་པ་མཛད་དེ་ཞལ་གྱི་སྒོ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་ལྡན་པ་སྙིང་རྗེ་ཆེན་པོ་ཞེས་བྱ་བ་བཀྱེ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྲིད་པའི་རྩེ་མོ་

མན་ཆད་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་ཀྱི་བར་དུ་སྣང་བར་བྱས་ནས། ལྷ་སྦྱིན་གྱི་ལུས་ལ་ཡང་འོད་ཀྱིས་སྣང་བར་གྱུར་ཏེ། ལྷ་སྦྱིན་སྡུག་བསྔལ་མྱོང་བ་ལས་བདེ་བར་བྱས་སོ། །དེ་ནས་འཁོར་མང་པོའི་རྣམས་ཐམས་ཅད་ཚིག་འཐུན་པར་དེ་བཞིན་གཤེགས་པ་ལ་

ལེགས་སོ་ལེགས་སོ་ཞེས་བསྟོད་དེ། བཅོམ་ལྡན་འདས་ནི་བྱམས་པ་ཆེན་པོ་དང་ལྡན་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡང་དག་པ་སྟེ། དགྲ་དང་གཉེན་ལ་ཐུགས་སྙོམས་པའོ། །ལྷ་སྦྱིན་ལྟ་བུ་རྟག་པར་བཅོམ་ལྡན་འདས་ལ་གནོད་པ་དང་དགྲར་བགྱིད་པ་

ལགས་ན། བཅོམ་ལྡན་འདས་ནི་གནོད་པ་བགྱིད་པ་ལ་ཡང་ཐུགས་བརྩེ་བར་དགོངས་ཏེ་ཐུགས་རྗེ་ཆེན་པོའི་འོད་བཀྱེ་ནས་ལྷ་སྦྱིན་གྱི་ལུས་ལ་རེག་པར་བྱས་ཏེ་སྡུག་བསྔལ་ལས་ཐར་བར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་ལ་འདི་སྐད་

ཅེས་བཀའ་སྩལ་ཏོ། །ལྷ་སྦྱིན་འདི་ནི་ཚེ་འདི་འབའ་ཞིག་ལ་ང་ལ་གནོད་པ་བྱེད་པར་མ་ཟད་ཀྱི། སྔོན་འདས་པའི་དུས་ན་ཡང་ང་ལ་རྟག་ཏུ་གནོད་པ་བྱས་ཀྱང་བྱམས་པ་དང་སྙིང་རྗེའི་ཤུགས་ཀྱིས་རྟག་པར་ཕན་པ་དང་བདེ་བའི་དོན་བྱས་སོ། །དེ་ནས་ཀུན་དགའ་བོས་འཁོར་

เล่ม ๗๖ · หน้า 134a

མང་པོའི་བསམ་པ་སེམས་ཀྱིས་ཤེས་ཏེ། ཀུན་གྱི་ཐེ་ཙོམ་གཅོད་པའི་ཕྱིར་སྟན་ལས་ལངས་ནས་བླ་གོས་ཕྱོགས་གཅིག་ཏུ་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་བ་བཏུད་དེ། དེ་ནས་བཅོམ་ལྡན་འདས་ལ་འདི་སྐད་

ཅེས་གསོལ་ཏོ། །ལྷ་སྦྱིན་འདི་སྔོན་འདས་པའི་དུས་ན། བཅོམ་ལྡན་འདས་ལ་གནོད་པ་ཅི་དག་བགྱིས་པ་བཅོམ་ལྡན་འདས་ཀྱིས་དངོས་པོ་དེ་དག་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ལེགས་པར་ཉོན་ཅིག་དང་ཁྱོད་ལ་དགྲོལ་

ཞིང་བཤད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་ལོ་ཚད་མེད་པ་སྟོང་འདས་པའི་ཕ་རོལ་ན་ཡུལ་བཱ་རཱ་ཎ་སཱི་ཞེས་བྱ་བར་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་

ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། སྟོན་པ་རྒྱལ་བ་འཇིག་རྟེན་དུ་བྱུང་སྟེ། ལོ་སྟོང་ཕྲག་བཅུའི་བར་དུ་སེམས་ཅན་གྱི་དོན་མཛད་ནས་མྱ་ངན་ལས་འདས་སོ། །མྱ་ངན་ལས་འདས་

པའི་འོག་ཏུ་དམ་པའི་ཆོས་ལོ་ཁྲི་ཕྲག་ཉི་ཤུའི་བར་དུ་གནས་པར་གྱུར་ཏོ། །གཟུགས་བརྙན་གྱི་ཆོས་ཀྱང་ནུབ་ཅིང་མེད་པར་གྱུར་ནས་ཡུལ་བཱ་རཱ་ཎ་སཱི་ཞེས་བྱ་བའི་རྒྱལ་པོ་མ་ཧཱ་རཱ་ཛཱ་ཞེས་བྱ་བ་རང་བཞིན་གྱིས་དགེ་ཞིང་མཁས་པའི་བློ་དང་ལྡན་པ། ཡང་དག་པའི་ཆོས་ཀྱིས་

ཡུལ་གྱི་སྲིད་འཚོ་སྟེ་མི་རྣམས་ཀྱང་བདེ་སྐྱིད་དོ། །རྒྱལ་པོ་དེ་མཐའི་རྒྱལ་ཕྲན་དྲུག་ཅུ་དང་། གྲོང་ཁྱེར་ཆེན་པོ་བརྒྱད་བརྒྱ་ལ་དབང་སྒྱུར་ཏེ། བལ་གྱི་གླང་པོ་ཆེ་ལྔ་བརྒྱ་ཡང་ཡོད་དོ། །བཙུན་མོ་ཉི་ཁྲི་ཡོད་ཀྱང་སྲས་མེད་པས། རྒྱལ་པོ་དེ་རྒྱུན་དུ་འཇིག་རྟེན་གྱི་ལྷ་དང་། རི་

དང་། ཆུ་ཀླུང་དང་། ཤིང་གི་ལྷ་རྣམས་ལ་མཆོད་འབྲས་བྱེད་ཅིང་གསོལ་བ་བཏབ་ནས་ལོ་བཅུ་གཉིས་ལོན་པ་དང་། བཙུན་མོ་ཆེན་མོ་ལ་ཡང་སྲས་མངའ་བར་གྱུར། བཙུན་མོ་འབྲིང་མོ་ལ་ཡང་སྲས་མངའ་བར་གྱུར་ཏེ། རྒྱལ་པོ་ཤིན་ཏུ་དགའ་ནས་རྒྱལ་པོ་ལག་དར་ཏེ་

เล่ม ๗๖ · หน้า 134b

རིམ་གྲོ་དང་། བཀུར་སྟི་དང་། མལ་ཆ་བྱ་བ་དང་། ཟས་དང་། སྐོམ་དང་། དེ་ལ་སོགས་པ་ཡོ་བྱད་ཀྱི་བར་དུ་འཇམ་ཞིང་བཟང་བ་སྦྱར་ཏེ། རིམ་གྲོ་བྱས་སོ། །དེ་ལྟར་ཟླ་བ་བཅུའི་བར་དུ་རིམ་གྲོ་བྱས་ནས་བཙུན་མོ་ཆེན་མོ་ལ་སྲས་མངའ་བྱད་བཟང་ལ་མཛེས་ཤིང་མཚན་

བཟང་པོས་བརྒྱན་པ། མིའི་མཚན་རྫོགས་པར་ལྡན་པ་ཞིག་བྱུང་ངོ་། །བཙུན་མོ་འབྲིང་མོ་ལ་ཡང་སྲས་ཅིག་བྱུང་བས་རྒྱལ་པོ་རབ་ཏུ་དགའ་བས་བློན་པོ་རྣམས་དང་། མཚན་མཁན་རྣམས་དང་། བྲམ་ཟེ་རྣམས་བསྡུས་ནས་སྲས་བུ་བསྟན་ནས་མཚན་བསྟན་ཏོ། །

མཚན་མཁན་རྣམས་ཀྱིས་མཚན་བལྟས་ནས་རྒྱལ་བུའི་མཚན་གདགས་པའི་ཕྱིར་སྲས་བུ་འདི་བལྟམ་པའི་ཚེ་ལྟས་ཇི་ལྟ་བུ་བྱུང་ཞེས་དྲིས་སོ། །རྒྱལ་པོས་སྨྲས་པ། རྒྱལ་བུ་ཆེན་པོའི་ཡུམ་བཙུན་མོ་ཆེན་མོ་ནི་སྔོན་རང་བཞིན་གྱིས་ཁྲོ་ལ་ཕྲག་དོག་ཆེ་ཞིང་། ང་རྒྱལ་

བྱེད་པ་ལས་སྲས་མངལ་དུ་ཆགས་ནས་ནི་རང་བཞིན་གྱིས་དགེ་དེས་པར་གྱུར་ནས། རྟག་ཏུ་འཛུམ་པ་དང་ལྡན་ཞིང་སེམས་ཅན་ལ་ཡང་བུ་གཅིག་པ་དང་འདྲ་བར་བྱམས་ཤིང་བརྩེ་བའི་སེམས་ཀྱིས་འཛུམ་པ་དང་ལྡན་ཞིང་གསོང་པོར་སྨྲ་བར་གྱུར་ཏོ། །དེ་ནས་མཚན་མཁན་

གྱིས་ཀྱང་རྒྱལ་བུའི་མཚན་དགེ་དོན་ཞེས་བཏགས་སོ། །བཙུན་མོ་འབྲིང་མོ་ལ་སྲས་མངའ་བའི་ཚེ་སྔ་ལྟས་ཇི་ལྟ་བུ་བྱུང་ཞེས་དྲིས་ན། སྲས་བུ་འདིའི་མ་རང་བཞིན་གྱིས་དགེ་ཞིང་དེས་ཏེ་འཛུམ་པ་དང་ལྡན་ཞིང་ཚིག་གིས་སྔར་གསོང་པོར་སྨྲ་ཞིང་ཀུན་གྱི་ཡིད་ཚིམ་པར་བྱེད་པ་

ལས། སྲས་མངལ་དུ་ཆགས་ནས་རང་བཞིན་གྱིས་ཁྲོ་ཞིང་ཞེ་སྡང་ཆེ་བ་དང་། ཕྲག་དོག་དང་ང་རྒྱལ་བྱེད་པར་གྱུར་ཏོ། །མཚན་མཁན་གྱིས་སྨྲས་པ། འདི་ཡང་སྲས་བུའི་སྔོན་གྱི་ལས་འཕྲོ་ཡིན་པས། སྲས་བུའི་མཚན་ངན་དོན་ཞེས་བཏགས་སོ། །དེ་ནས་རྒྱལ་བུ་

གཉིས་གསོས་བསྐྱེད་དེ་ལོ་བཅུ་བཞི་ལོན་ནས་རྒྱལ་བུ་དགེ་དོན་རང་བཞིན་གྱིས་མཁས་པའི་བློ་དང་བྱམས་པའི་སེམས་སུ་ལྡན་ཏེ། སྦྱིན་པ་བྱེད་པ་ལ་དགའ་བས་ཕ་མ་ཡང་ལྷག་པར་སྲས་བུ་དེ་ལ་མིག་དང་འདྲ་བར་སྡུག་པར་སེམས་སོ། །རྒྱལ་བུ་ངན་དོན་ནི་རང་བཞིན་གྱིས་

เล่ม ๗๖ · หน้า 135a

ཁྲོ་བས་ན་ཕ་མ་ཡང་དེ་ལ་མི་དགའ་སྟེ། སྡང་བས་རྒྱལ་བུ་ངན་དོན་རྒྱུན་དུ་ཕྲག་དོག་བྱེད་དེ་ཕུ་བོ་ལ་གནོད་པ་བྱ་བར་སེམས་སོ། །ཕྱིས་དུས་གཞན་ཞིག་ན་རྒྱལ་བུ་དགེ་དོན་འཁོར་དང་བཅས་པ་རོལ་མོ་བྱེད་ཅིང་ཕོ་བྲང་གི་ཕྱི་རོལ་དུ་ལྟད་མོ་ལྟ་ཞིང་འཆག་ཏུ་སོང་བ་ལས་

ཞིང་རྨོ་བ་དག་ཞིང་རྨོ་བའི་རོལ་ནས་སྲིན་བུ་དག་བྱུང་བ་ལས་བྱ་མང་པོ་དག་ཐུ་ཞིང་ཟ་བ་མཐོང་ངོ་། །རྒྱལ་བུ་དགེ་དོན་གྱིས་དེ་ལྟ་བུ་དག་མཐོང་ནས་སྙིང་རྗེ་བའི་སེམས་སྐྱེས་ཏེ། བདག་ནི་ཕོ་བྲང་ཟབ་མོ་ནས་སྐྱེས་པས་འདི་ལྟ་བུའི་དངོས་པོ་མ་མཐོང་མ་ཐོས་ན། འཁོར་རྣམས་ལ་འདི་

དག་ཅིའི་ཕྱིར་གཅིག་ལ་གཅིག་གནོད་པ་བྱེད་ཅིང་ཟ་ཞེས་དྲིས་སོ། །འཁོར་རྣམས་ཀྱིས་རྒྱལ་བུ་ལ་སྨྲས་པ། ད་ལྟར་རྒྱལ་པོ་མངའ་བའི་ཡུལ་འདི་ཡང་འབངས་ལ་རྟེན་ཏེ། འབངས་ཀྱང་ཁ་ཟས་ལ་ལྟོས་ཏེ་ཁ་ཟས་ནི་ཞིང་རྨོས་པ་ལས་འབྲུ་སྣ་ལྔ་སྐྱེས་ཏེ་སེམས་ཅན་གྱི་སྲོག་འཛིན་

ཏོ། །རྒྱལ་བུས་དེ་ལ་རེ་སྡུག་རེ་སྡུག་ཅེས་སྨྲས་ཏེ། ཡང་སོང་སོང་བ་ལས་སྐྱེས་པ་དང་། བུད་མེད་དག་སྐུད་པ་འཁལ་བ་དང་འཐག་པའི་ལས་བྱེད་དེ། ཕན་ཚུན་བསྐྱོད་ཅིང་ཉོན་མོངས་པར་མཐོང་ངོ་། །དེ་དག་མཐོང་ནས་མི་འདི་དག་ཅི་བྱེད་ཅེས་གཡོག་པོ་གཡས་

གཡོན་ན་འདུག་པ་ལ་དྲིས་སོ། །དེ་དག་གིས་སྨྲས་པ། མི་འདི་དག་ནི་བཀལ་བ་དང་འཐག་པའི་ལས་བྱེད་དེ། དེས་བདག་གི་ལུས་གཡོག་ཅིང་དགབ་པའི་གོས་བྱེད་དོ། །འདི་དག་ཡང་རེ་སྡུག་ཉོན་མོངས་པར་གྱུར་པའི་ལས་བྱེད་དོ། །དེ་ནས་ཡང་སོང་སོང་བ་ལས་མི་མང་

པོ་དག་བ་ལང་དང་། རྔ་མོ་དང་། རྟ་དང་། ཕག་དང་། ལུག་གསོད་ཅིང་པགས་པ་བཤུ་བདག་མཐོང་ནས་འདི་དག་ཅི་བྱེད་ཅེས་དྲིས་སོ། །སྨྲས་པ་འདི་དག་ནི་གསོད་པའི་ལས་བྱེད་དེ། ཤ་འཚོང་ཞིང་བགོ་བ་དང་བཟའ་བའི་སྤོགས་བྱེད་དོ། །དེས་སྲོག་འཚོ་བར་བྱེད་དོ། །

རྒྱལ་བུས་དེ་སྐད་ཅེས་ཐོས་ནས། བ་སྤུ་དང་ལུས་ཀྱི་ཤ་ཀུན་འགུལ་ཏེ། ཀྱི་ཧུད་ཀྱི་ཧུད་གསོད་པ་ལ་སྙིང་མི་བཟོད་དོ། །གཅིག་གིས་གཅིག་གི་ཉིང་ཤ་ཉིང་ཟ་ཞིང་བསྐལ་པ་བགྲངས་པའི་བར་དུ་གཅིག་ལ་གཅིག་གསོད་པའི་ལས་བྱེད་དོ། །དེ་ནས་ཡང་སོང་སོང་བ་ལས་མི་

เล่ม ๗๖ · หน้า 135b

མཆིས་པོ་དག་ཅིག་ཉ་རྒྱ་དང་བྱ་རྒྱ་ཐོགས་ཤིང་བྱ་དང་། ཉ་གསོད་དེ། གཅིག་ལ་གཅིག་ཉིང་ཤ་ཟ་བར་མཐོང་ངོ་། །དེ་ནས་འདི་ཅི་བྱེད་ཅེས་དྲིས་སོ། །གསོལ་པ། འདི་དག་ནི་བྱ་དང་ཉ་ཤོར་བ་ཡིན་ཏེ། གསོད་པའི་ལས་འདི་ལྟ་བུ་བྱེད་ཅིང་བགོ་བ་དང་ཟས་ཚོལ་ལོ། །རྒྱལ་

བུ་དགེ་དོན་གྱིས་དེ་སྐད་ཅེས་སྨྲས་པའི་ཚིག་དེ་ཐོས་ནས་མིག་མཆི་མས་གང་སྟེ། འཇིག་རྟེན་གྱི་སེམས་ཅན་འདི་དག་ནི་སྡིག་པ་མི་དགེ་བར་འགྱུར་བའི་ལས་བྱེད་དེ། སྡུག་བསྔལ་ལས་ནམ་དུ་ཡང་མི་ཐར་རོ་སྙམ་ནས་མི་དགའ་ཞིང་མྱ་ངན་གྱིས་ནོན་ཏེ་ཕྱིར་ཕོ་བྲང་དུ་འོངས་

སོ། །ཡབ་རྒྱལ་པོས་རྒྱལ་བུ་མི་དགའ་ཞིང་མྱ་ངན་བྱེད་པའི་ཚུལ་གྱིས་ཕྱིར་འོངས་པ་མཐོང་ནས་རྒྱལ་བུ་ལ་ཅི་ཞིག་གིས་མི་དགའ་ཞེས་དྲིས་པ་དང་། རྒྱལ་བུས་ཀྱང་ཇི་ལྟར་མཐོང་བའི་དངོས་པོ་དེ་དག་ཡབ་རྒྱལ་པོ་ལ་ཞིབ་ཏུ་གསོལ་ཏོ། །རྒྱལ་པོས་རྒྱལ་བུ་ལ་སྨྲས་པ།

འདི་ལྟ་བུའི་དངོས་པོ་ནི་ཡོངས་ཀྱི་ཡོད་ཅིང་སྲིད་པ་ཡིན་ན་མྱ་ངན་བྱར་ཡང་ཅི་ཞིག་ཡོད། རྒྱལ་བུས་གསོལ་པ། བདག་རྒྱལ་པོ་ལ་འདོད་པ་གཅིག་ཅིག་གསོལ་ན་རྒྱལ་པོས་གནང་ངམ། རྒྱལ་པོས་སྨྲས་པ། ང་ལ་བུ་ཁྱོད་གཅིག་པུར་ཟད་དེ་བྱམས་ཤིང་སྡུག་པས་ཁྱོད་ཀྱི་

ཡིད་དང་འགལ་བར་མི་བྱེད་དོ། །རྒྱལ་བུས་གསོལ་པ། བདག་ནི་ཡབ་རྒྱལ་པོའི་བང་མཛོད་ན་ནོར་དང་། རིན་པོ་ཆེ་དང་། བཟའ་བ་དང་། བཏུང་བ་ཅི་མངའ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བགྱིའོ་ཞེས་གསོལ་པ་དང་། རྒྱལ་པོས་ཀྱང་ཁྱོད་ཀྱི་ཡིད་

དང་འགལ་བར་མི་བྱེད་ཀྱིས་ཅི་དགའ་མགུར་སྦྱིན་པ་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་རྒྱལ་བུ་དགེ་དོན་གྱིས་བློན་པོ་བཀུག་ནས་རྒྱལ་པོའི་བང་མཛོད་ཕྱེ་ནས་བལ་གྱི་གླང་པོ་ཆེ་ལྔ་བརྒྱ་ལ་ནོར་དང་རིན་པོ་ཆེ་བཀལ་ཏེ་གྲོང་ཁྱེར་གྱི་སྒོ་བཞིར་སྤུངས་ནས་འགྲོ་བ་མང་པོ་དག་བགོ་

བ་འདོད་དམ། བཟའ་བ་དང་བཏུང་བ་འདོད་དམ། ཅི་འདོད་པ་ཡིད་བཞིན་དུ་ལོང་ལ་ཁྱེར་ཅིག་ཅེས་ཕྱོགས་བཞིར་བསྒྲགས་སོ། །དེ་ལྟར་རྒྱལ་བུ་དགེ་དོན་གྱི་སྙན་པ་ཕྱོགས་སུ་བསྒྲགས་པས་ཐམས་ཅད་འདུས་ནས་ཅི་འདོད་པ་ཡིད་བཞིན་དུ་ཁྱེར་རོ། །རིང་པོ་མ་ལོན་པར་རྒྱལ་

เล่ม ๗๖ · หน้า 136a

པོའི་བང་མཛོད་སུམ་ཆ་ཞིག་ཟད་ནས། བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་དཀོར་མཛོད་སུམ་ཆ་གཅིག་བས་ཏེ། རྒྱལ་བུས་མ་མཆིས་པར་བགྱིས་ཀྱིས་རྒྱལ་པོ་དགོངས་ཤིག་ཅེས་གསོལ་པ་དང་། རྒྱལ་པོས་ང་ནི་རྒྱལ་བུའི་ཡིད་དང་འགལ་བར་བྱེད་

མི་ནུས་སོ་ཞེས་བཀའ་སྩལ་ཏོ། །ད་ནི་རྒྱལ་པོའི་བང་མཛོད་སུམ་ཆ་གཉིས་བས་ཀྱི་རྒྱལ་པོ་དགོངས་ཤིག་བཀའ་སྩལ་པ། ང་ནི་རྒྱལ་བུའི་ཡིད་དང་འགལ་བར་བྱེད་མི་ནུས་སོ། །ཁྱོད་ཀྱིས་ཐབས་ཅི་ལེགས་སུ་ཅུང་ཟད་བཀག་སྟེ་ཡིད་དང་མི་འགལ་བར་གྱིས་

ཤིག་པར་བཀའ་སྩལ་ཏོ། །དེ་ནས་ཡང་རྒྱལ་བུ་དགེ་དོན་བང་མཛོད་འབྱེད་དུ་སོང་བ་ལས། བང་མཛོད་ལ་དབང་བའི་བློན་པོ་དོན་གཉེར་དུ་སོང་ནས་རིང་ཞིག་མ་ཁུགས་ཏེ་འཕྱིས་པར་གྱུར་པས་རྒྱལ་བུ་དགེ་དོན་འདི་སྐད་དུ། བང་མཛོད་བསྲུང་བའི་བློན་པོ་ཆུང་ངུ་ན་

བདག་གི་ཡིད་དང་འགལ་བར་བྱེད་པའི་ཐུགས་མི་ཐུབ་སྟེ། འདི་ནི་རྒྱལ་པོ་ཡབ་ཀྱི་བཀའ་ཡིན་དུ་ངེས་པས་བུ་སྲི་ཞུ་ཅན་ཞེས་བྱ་བ་ཕའི་བང་མཛོད་སྟོངས་པར་བྱ་བར་མི་རིགས་ཀྱིས་ད་བདག་ཉིད་ཀྱིས་ནོར་དང་རིན་པོ་ཆེ་བཙལ་ལ་སེམས་ཅན་ཐམས་ཅད་ཚིམ་པར་

བྱའོ། །གལ་ཏེ་བདག་གིས་སེམས་ཅན་ཐམས་ཅད་ལ་བགོ་བ་དང་། བཟའ་བ་དང་། བཏུང་བ་ཡིད་བཞིན་དུ་ཆོག་པར་སྦྱིན་མི་ནུས་ན་རྒྱལ་པོ་ཆེན་པོའི་སྲས་སུ་ཇི་སྐད་གདགས་ཞེས་སྨྲས་ནས་བློན་པོ་ཆེན་པོ་དང་། བློན་པོ་ཕྲ་མོ་ཡན་ཆད་བསྡུས་ཏེ། ནོར་དང་། ཁེ་

སྤོགས་ཚོལ་བ་དག་ཅིའི་སྒོ་ནས་བསྒྲུབས་ན་མཆོག་ཏུ་འགྱུར་ཞེས་བགྲོས་སོ། །དེ་ལ་བློན་པོ་ཆེན་པོ་གཅིག་གིས་སྨྲས་པ། དེ་ལྟར་སྤོགས་ཤིག་བྱ་ན་ཞིང་རྨོ་བ་ལས་འདའ་བ་མེད་དེ་གཅིག་ལ་ཁྲིར་འགྱུར་རོ། །ཡང་བློན་པོ་ཆེན་པོ་གཅིག་གིས་སྨྲས་པ། འཇིག་རྟེན་ན་ཁེ་

སྤོགས་བྱ་བའི་ནང་ན་རྐང་འགྲོས་ལས་ཁྱུ་བཙུགས་ལ་འབྲོག་བཟང་པོར་བཞག་ན་མང་དུ་འཕེལ་ཏེ་སྤོགས་དེ་ལས་ཆེ་བ་མེད་དོ། །ཡང་བློན་པོ་གཅིག་གིས་སྨྲས་པ། འཇིག་རྟེན་ན་ཁེ་སྤོགས་ཤིག་བྱ་ན་རྒྱ་མཚོར་ཞུགས་ལ་ནོར་བུ་རིན་པོ་ཆེ་བཙལ་བ་ལས་འདའ་བ་མེད་དོ། །

เล่ม ๗๖ · หน้า 136b

གལ་ཏེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་ན་ཡིད་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཚིམ་པར་སྦྱིན་པར་འགྱུར་རོ། །དགེ་དོན་གྱིས་སྨྲས་པ། འདི་ནི་བདག་གི་ཡིད་ལ་བབ་སྟེ་རུང་ངོ་ཞེས་ཕོ་བྲང་དུ་སོང་སྟེ། ཡབ་རྒྱལ་པོ་ལ་བདག་ནི་རྒྱ་མཚོ་ཆེན་པོར་ཞུགས་ཏེ། ནོར་བུ་རིན་པོ་

ཆེ་ལེན་དུ་འགྲོ་བར་འདོད་དོ་ཞེས་གསོལ་ཏོ། །རྒྱལ་པོས་ཚིག་དེ་ཐོས་ནས་དཔེར་ན་མི་བརྣངས་པ་ལྟར་སྐྱུག་ཏུ་ཡང་མེད་ལ་མིད་དུ་ཡང་མེད་པ་ལྟར་མི་བདེ་བ་ལྟར་གྱུར་ནས་རྒྱལ་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཡུལ་འདི་ཡང་ཁྱོད་ཀྱི་ཡུལ་ཡིན་ཏེ། བང་མཛོད་དང་། ནོར་རིལ་

དང་། རིན་པོ་ཆེ་ཅི་ཡོད་པ་ཡང་ཁྱོད་དབང་བས་ཡིད་བཞིན་དུ་སྤྱད་དུ་ཡོད་པས་ན་བདག་ཉིད་རྒྱ་མཚོར་འཇུག་ཅི་དགོས། ཁྱོད་ནི་རྒྱལ་པོའི་སྲས་ཡིན་ཏེ། ཕོ་བྲང་ཟབ་མོའི་ནང་དུ་སྐྱེས་པས་ཉལ་ན་ནི་གུར་ཡོལ་བ་ཅན་གྱིས་བསྐོར། ཁ་ཟས་ནི་ཅི་འདོད་པ་དང་ལྡན་ཏེ། ད་ལམ་

དུ་ཞུགས་ཏེ་འདྲོན་དུ་འགྲོ་ན་ཉོན་མོངས་ཤིང་བཀྲེས་པ་དང་། སྐོམ་པ་དང་། གྲང་བ་དང་། ཚ་བས་ཉེན་པར་འགྱུར་ཡང་སུས་ཤེས། དེ་མ་ཡིན་པ་རྒྱ་མཚོའི་ནང་ན་བགེགས་སུ་གྱུར་པ་ཡང་གཅིག་ཏུ་མ་ཟད་དེ་མང་ངོ་། །འདི་ལྟ་སྟེ། ཡི་དགས་མ་རུངས་པ་དང་། ཀླུ་

གདུག་པ་དང་། དབའ་རླབས་འཁྱིལ་པ་དང་། རླུང་དྲག་པོས་བསྒུལ་ཞིང་གཡེང་བ་དང་། ཆུའི་མདོག་དང་། རི་དང་། ཆུ་སྲིན་དང་། ཉ་ཆེན་པོ་ལ་སོགས་པ་བགེགས་མང་བས་བརྒྱ་སྟོང་ཙམ་སོང་ཡང་ཕྱིར་ཡང་འཁོར་བ་ནི་གཅིག་གཉིས་ཙམ་ལས་མེད་ན་ཅིའི་ཕྱིར་

ཁྱོད་རྒྱ་མཚོ་ཆེན་པོར་འགྲ་བར་སེམས་དེ་ནི་ཁོ་བོ་མི་ཉན་ཏོ། །དེ་ནས་རྒྱལ་བུ་དགེ་དོན་ལུས་སྨད་ལྔ་ས་ལ་ཁ་སྦུབ་ཏུ་ས་ལ་ཕབ་སྟེ། རྐང་ལག་བཞི་ཡང་བརྐྱང་ནས་ཡབ་རྒྱལ་པོ་དང་ཡུམ་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བདག་རྒྱ་མཚོར་མཆིར་མ་གནང་ན་བདག་འདི་ཁོ་

ནར་སྲོག་ཡོངས་སུ་འདོར་གྱི་འདི་ལས་མི་ལྡང་ངོ་། །དེའི་ཚེ་རྒྱལ་པོ་ཆེན་པོ་དང་བཙུན་མོ་དག་དེ་ལྟར་གྱུར་པ་མཐོང་ནས་མིག་མི་འཛུམས་པ་ལྟར་བལྟ་ཞིང་། རྒྱལ་བུ་ཁྱོད་ལོངས་ལ་བཟའ་བ་དང་། བཏུང་བ་འཐུང་ཤིག་ཅེས་ཐབས་སྣ་ཚོགས་ཀྱིས་སྤྲོ་བ་བསྐྱེད་ཀྱང་། རྒྱལ་བུ་

เล่ม ๗๖ · หน้า 137a

དགེ་དོན་མ་ཉན་ཏེ། བདག་རྒྱ་མཚོ་ཆེན་པོར་མཆིར་མི་གནང་ན་ནམ་དུ་ཡང་བཟའ་བ་དང་བཏུང་བ་དག་མི་འཚལ་ལོ་ཞེས་གསོལ་ཏོ། །རྒྱལ་པོ་དང་བཙུན་མོ་མི་དགའ་བའི་མྱ་ངན་གྱིས་གདུངས་ཏེ་དྲུང་ན་ངུ་ཞིང་སྨྲེ་སྔགས་འདོན་ནས་ས་ལ་འགྲེའོ། །དེ་

བཞིན་དུ་ཉི་མ་གཅིག་མ་ཟོས་མ་འཐུངས་པ་ནས་ཞག་གཉིས། ཞག་གསུམ་ཞག་དྲུག་གི་བར་དུ་མ་ཟོས་མ་འཐུངས་པས་ཡབ་ཡུམ་ལྷག་པར་ཡང་མྱ་ངན་གྱིས་གདུངས་པར་གྱུར་ཏེ། སྲོག་མི་འཚོ་བར་དོགས་ནས་ཞག་བདུན་ལོན་པ་དང་ཡབ་ཡུམ་གྱིས་རྐང་ལག་པང་

དུ་བླངས་ཏེ་རྐང་ལག་ལ་འོ་བྱས་ཏེ་ཚིག་སྙན་པ་འཇམ་པོས་ད་ལོངས་ལ་བཟའ་བ་དང་། བཏུང་བ་འཐུང་ཤིག །ཁ་ཟས་ཀྱིས་བསྡུས་པའི་ལུས་འདི་ནི་ཁ་ཟས་ལ་བརྟེན་པའི་རྐྱེན་གྱིས་གསོན་པ་ཡིན་གྱིས། མ་ཟོས་མ་འཐུངས་ན་ཁྱོད་སྲོག་མི་འཚོའོ་ཞེས་སྤྲོ་བ་བསྐྱེད་

ཀྱང་རྒྱལ་བུ་མ་ཉན་ཏེ། ཡབ་དང་ཡུམ་གྱིས་བདག་མཆི་བར་མ་གནང་ན་ངེས་པར་འདི་ཁོ་ན་ལས་ནམ་དུ་ཡང་མི་ལྡང་ངོ་ཞེས་གསོལ་ཏོ། །དེའི་ཚེ་ན་བཙུན་མོ་ཆེན་མོས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་བུས་བསམས་པའི་སེམས་འདི་ཤིན་ཏུ་སྤྱོད་དཀའ་བས་

རྒྱལ་བུ་འདི་ཉིད་དུ་ཚེའི་དུས་བྱེད་པར་ཐུགས་བཟོད་དམ། ཡིད་དང་འགལ་བར་མཛད་པར་མི་རིགས་ཀྱི། ཐུགས་རྗེ་བར་དགོངས་ཏེ་རྒྱ་མཚོ་ཆེན་པོར་མཆི་བར་གནང་བའི་རིགས་སོ། །མཆིར་གནང་ན་གལ་ཏེ་བརྒྱ་ལམ་ན་སླར་འཁོར་ཡང་སྲིད་ཀྱིས། ད་མ་གནང་ན་

གདོན་མི་ཟ་བར་ཚེའི་དུས་བགྱིད་པར་འགྱུར་རོ་ཞེས་གསོལ་ཏོ། །རྒྱལ་པོས་ཀྱང་ཐུགས་མ་བཟོད་ནས་འགྲོ་བར་གནང་ངོ་། །དེ་ལྟར་གནང་ནས་དེའི་ཚེ་རྒྱལ་བུ་དགེ་དོན་ཉལ་བ་ལས་ལངས་ཏེ་རབ་ཏུ་དགའ་མགུ་རངས་ནས་ཡབ་རྒྱལ་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏོ། །རྒྱལ་

པོའི་འཁོར་བཙུན་མོ་དང་། སླས་རྣམས་དང་། མི་མང་པོ་བརྒྱ་སྟོང་སྙེད་གཅིག་ལ་གཅིག་འདི་སྐད་དུ། རྒྱལ་བུ་དགེ་དོན་ད་ལྟར་ཤིའམ་གསོན་ཞེས་གཏམ་ཟེར་བ་ལས། རྒྱལ་བུ་དགེ་དོན་ད་ལྟར་ལངས་ཏེ་རབ་ཏུ་དགའ་ནས་བཟའ་བ་དང་བཏུང་བའི་ལས་ཀྱང་བྱེད་དོ་ཞེས་སྨྲས་སོ། །

เล่ม ๗๖ · หน้า 137b

དེ་ནས་རྒྱལ་པོས་རྒྱལ་བུ་ལ་ཁྱོད་འདི་ལྟར་དུས་ཀྱིས་རྒྱ་མཚོར་འགྲོར་གསོལ་པ་འདིའི་དོན་ཅི་ཞིག་ཡོད། རྒྱལ་བུས་གསོལ་པ། རྒྱལ་པོ་ཆེན་པོ་བདག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆེན་པོ་བླངས་ཏེ་སེམས་ཅན་ཐམས་ཅད་ཀྱི་དགོས་པ་ཆོག་པར་བགྱིད་འཚལ་ལོ། །དེ་ནས་རྒྱལ་པོ་

ཆེན་པོས་ཀུན་བཀར་བཏགས་ཏེ། སུ་དག་རྒྱ་མཚོར་འགྲོ་བར་འདོད། གལ་ཏེ་རྒྱ་མཚོ་ནས་སླར་འཁོར་ན་རབས་བདུན་གྱི་བར་དུ་བགོ་བ་དང་། ཁ་ཟས་དང་། ནོར་དང་། རིན་པོ་ཆེ་མི་བྲེལ་བར་སྦྱིན་ལ། རྒྱ་མཚོར་འཇུག་པའི་ཡོ་བྱད་ཅི་དགོས་པ་ཐམས་ཅད་ཀྱང་སྦྱིན་ཞིང་སྦྱར་

རོ་ཞེས་བཀར་བཏགས་སོ། །རྒྱལ་བུ་དགེ་དོན་རྒྱ་མཚོར་འཇུག་ཅིང་ནོར་བུ་རིན་པོ་ཆེ་ལེན་དུ་འགྲོ་ཞེས་ཐོས་ནས་ཐམས་ཅད་རབ་ཏུ་དགའ་ནས་འདུས་སོ། །དེའི་ནང་ན་མི་ལྔ་བརྒྱ་ཞིག་བདག་ཅག་ཀྱང་རྒྱལ་བུའི་ཞབས་འབྲིང་དུ་མཆི་བར་གསོལ་ལོ་ཞེས་ཁས་བླངས་སོ། །

དེའི་ཚེ་ཡུལ་བཱ་རཱ་ཎ་སཱི་ན་རྒྱ་མཚོའི་ས་མཁན་གཅིག་ཅིག་སྔ་ཕྱིར་ལན་དུ་མ་ཞིག་རྒྱ་མཚོར་ཕྱིན་ཏེ། ཐར་བ་དང་མི་ཐར་བའི་ལམ་རྒྱུས་ཤིན་ཏུ་མཁས་པ། ལོ་བརྒྱད་ཅུ་ལོན་པ། མིག་གཉིས་ཀྱང་མི་མཐོང་བ་ཞིག་ཡོད་དེ། དེའི་ཚེ་རྒྱལ་པོ་ཆེན་པོ་ཉིད་ལམ་མཁན་གྱི་དེར་

གཤེགས་ནས་ལམ་མཁན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ལ་བུ་གཅིག་ལས་མེད་པས་སྒོར་བྱུང་ཡང་མ་མྱོང་ན་རྒྱ་མཚོར་འགྲོ་བར་འདོད་དེ་ཁྱོད་ཀྱང་ཞབས་འབྲིང་དུ་འགྲོ་དགོས་སོ། །དེའི་ཚེ་ལམ་མཁན་དེས་རྒྱལ་པོའི་གསུང་ཐོས་ནས་སྐད་ཆེན་པོ་ཕྱུང་ནས་ངུས་

ཏེ། རྒྱལ་པོ་ཆེན་པོ་རྒྱ་མཚོ་ཆེན་པོར་འཇུག་པ་ནི་བགེགས་དང་བར་ཆད་མང་སྟེ། ཉོན་མོངས་པར་འགྱུར་བ་ཡང་གཅིག་ཏུ་མ་ཟད་པས་བརྒྱ་སྟོང་གྲངས་མེད་པ་ཅིག་སོང་ཡང་སླར་འཁོར་བ་གཅིག་གཉིས་ཙམ་ལས་མེད་ན། རྒྱལ་པོ་ཆེན་པོ་ཅིའི་སླད་དུ་རྒྱལ་བུ་འདི་ལྟ་བུའི་

ལམ་རིང་པོ་ཡ་ང་བར་གཏོང་། རྒྱལ་པོས་སྨྲས་པ། རྒྱལ་བུ་ལ་བྱམས་ཤིང་བརྩེ་བས་ངོ་མ་ཟློགས་ཏེ་བཏང་བ་ཡིན་ནོ། །ལམ་མཁན་གྱིས་བདག་ཀྱང་འོ་ན་མཆིའོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་བུ་དགེ་དོན་གྱིས་མི་ལྔ་བརྒྱའི་ལམ་རྒྱགས་དང་ཡོ་བྱད་སྦྱར་ཏེ་རྒྱ་མཚོའི་ངོགས་

เล่ม ๗๖ · หน้า 138a

སུ་བསྐྱས་སོ། །དེའི་ཚེ་ནུ་བོ་ངན་དོན་འདི་སྙམ་དུ་རྒྱལ་བུ་དགེ་དོན་ལ་ཡང་ཡང་ཡབ་ཡུམ་ལྷག་པར་བྱམས་ཏེ། ད་རྒྱ་མཚོར་ནོར་བུ་རིན་པོ་ཆེ་ལེན་དུ་འགྲོ་བ་གལ་ཏེ་ཕྱིར་ཡང་འཁོར་ན་དགེ་དོན་ལ་ཇེ་བྱམས་ཇེ་བྱམས་ཤིང་བདག་ལ་ནི་ལྷག་པར་སྡང་ཞིང་བེན་པར་

འགྱུར་རོ་སྙམ་བསམས་ནས་བདག་ཀྱང་རྒྱལ་བུ་དགེ་དོན་གྱི་ཕྱི་བཞིན་དུ་རིན་པོ་ཆེ་ལེན་དུ་འགྲོའོ་ཞེས་གསོལ་པ་དང་། ཡབ་ཡུམ་གྱིས་འགྲོ་བར་གནང་སྟེ། འདི་ཡང་སོང་ན་ལམ་ཡ་ང་བའམ། མི་བདེ་བ་དག་ཏུ་སྤུན་གཉིས་འགྲོགས་ན་གདོན་མི་ཟ་བར་གཅིག་ལ་

གཅིག་ཕན་ནོ་ཞེས་གསུངས་ནས་རྒྱལ་བུ་ངན་དོན་ཡང་བཏང་ངོ་། །དེ་ནས་རྒྱལ་བུ་དགེ་དོན་གྲུའི་ནང་ན་ཞུགས་ནས་གྲུ་ལ་ལྕགས་ཀྱི་ཉག་ཐག་བདུན་བཏགས་ཏེ་ཞག་བདུན་གྱི་བར་དུ་བསྡད་དོ། །ཐོག་མར་གྲུར་ཞུགས་པའི་ནང་པར་ཉི་མ་ཤར་བ་ན་རྒྱལ་བུ་དགེ་དོན་གྱིས་རྔ་

བརྡུངས་ཏེ་སྐད་ཆེན་པོས་འདི་སྐད་ཅེས་བོས་སོ། །ཁྱོད་ལ་སོགས་པ་སུ་རྒྱ་མཚོར་འགྲོ་འདོད་པ་ནི་ཅང་མ་སྨྲ་ཤིག །སུ་ཕ་མ་དང་། ཕུ་ནུ་དང་། བུ་སྨད་ལ་ཆགས་ཏེ་འཛམ་བུའི་གླིང་གི་ལོངས་སྤྱོད་དང་། བདེ་བ་ལ་དད་པ་རྣམས་ནི་འདི་ནས་ཕྱིར་དེང་ཤིག །

བདག་གི་ཕྱིར་འགྱོད་པར་གྱུར་ཏ་རེ། དེ་ཅིའི་ཕྱིར་ཞེ་ན། རྒྱ་མཚོའི་ནང་ན་བགེགས་རབ་ཏུ་མང་བས་སོང་བ་གྲངས་མེད་ཀྱང་ཕྱིར་འཁོར་བ་གཅིག་གཉིས་ཙམ་ལས་མེད་དོ་ཞེས་སྐད་ཆེན་པོས་བོས་ཀྱང་འཁོར་མང་པོ་རྣམས་ནི་ཅང་མི་སྨྲ་བས་ཉག་ཐག་གཅིག་བཅད་དེ་གྲུའི་སྟེང་དུ་

དྲངས་སོ། །དེ་བཞིན་ཉིན་རེ་ལན་རེ་ཞག་བདུན་གྱི་བར་དུ་བོས་ཀྱང་ཀུན་ཁ་རོག་འདུག་སྟེ་ཅང་མི་སྨྲ་བས་ཉག་ཐག་བདུན་ཆར་བཅད་དེ་ཉག་ཐག་གྲུའི་སྟེང་དུ་དྲངས་སོ། །དེ་ནས་རླུང་ཕྱོགས་སུ་གཡོར་མོ་བསྒྲེངས་ནས་སོང་ངོ་། །རྒྱལ་བུའི་སྙིང་རྗེའི་སེམས་དང་བསོད་ནམས་ཀྱི་ཤུགས་

ཀྱིས་ཉེ་ཞོ་མེད་པར་རྒྱ་མཚོའི་གླིང་ནོར་བུ་རིན་པོ་ཆེའི་དྲུང་དུ་ཕྱིན་ཏོ། །རིན་པོ་ཆེའི་དྲུང་དུ་ཕྱིན་ནས་རྒྱལ་བུ་དགེ་དོན་གྱིས་ཡང་རྔ་བརྡུངས་ཏེ་མི་མང་པོ་ལ་ལམ་རིང་ཞིང་ཡ་ང་བས། ཁྱེད་རྣམས་འདི་ནས་རིན་པོ་ཆེ་ལོང་ལ་ཞག་བདུན་ཞིག་བསྟིས་ལ་ཕྱིར་དེང་ཤིག་པར་བསྒོའོ། ཡང་

เล่ม ๗๖ · หน้า 138b

འདི་སྐད་དུ་རིན་པོ་ཆེ་འདི་དག་ནི་འཛམ་བུའི་གླིང་ན་ངོ་མཚར་དུ་རིན་ཆེ་བ་ཡིན་གྱིས། ཧ་ཅང་ཡང་མ་ལྕི་ཞིག །ལྕིས་ན་གྲུ་འབྱིང་བར་འགྱུར་རོ། །ཧ་ཅང་ཡང་ན་ལམ་རིང་པོར་ཉོན་མོངས་པའི་དོན་མེད་པས་རན་པར་བྱོས་ལ་དེང་ཤིག་ཅེས་མི་དེ་དག་ལ་ཁྱེད་རྣམས་ཡུལ་དུ་བདེ་བར་ཕྱིན་པར་

གྱུར་ཅིག །བདག་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཚོལ་དུ་འགྲོའོ་ཞེས་བསྒོ་ནས་མཆི་ཕྱག་བྱས་ཏེ་སོ་སོར་དོང་ངོ་། །དེའི་ཚེ་རྒྱལ་བུ་དགེ་དོན་ནི་ལམ་མཁན་དང་གཉིས་ཆས་ནས་ཞག་བདུན་གྱི་བར་དུ་ཆུ་པུས་མོ་ལས་མི་ནུབ་པའི་ནང་དུ་སོང་ངོ་། །དེ་ནས་ཞག་བདུན་གྱི་བར་དུ་གཉའ་བར་

ཕྱིན་པ་ཙམ་གྱི་བར་དུ་སོང་ངོ་། །དེ་ནས་ཞག་བདུན་ནི་རྐྱལ་ཏེ་ཕ་རོལ་རྒྱ་མཚོའི་གླིང་དུ་ཕྱིན་ཏོ། །རྒྱ་མཚོའི་གླིང་དེ་ས་གཞི་དངུལ་གྱི་བྱེ་མ་བདལ་བ་ཞིག་ཏུ་ཕྱིན་ནས་ལམ་མཁན་གྱིས་ས་གཞི་འདི་ཅི་ཡིན་ཞེས་དྲིས་ན་རྒྱལ་བུས་ས་གཞི་འདི་ནི་དངུལ་གྱི་བྱེ་མ་འབའ་ཞིག་ཡོད་དོ་ཞེས་

སྨྲས་སོ། །ལམ་མཁན་གྱིས་སྨྲས་པ། ཕྱོགས་བཞིར་ལྟོས་ཤིག་དང་། རི་དཀར་པོ་ཞིག་སྣང་བའི་རིགས་ན་ཁྱོད་མཐོང་ངམ། རྒྱལ་བུས་སྨྲས་པ། ཤར་ལྷོའི་མཚམས་ན་རི་དཀར་པོ་ཞིག་སྣང་ངོ་། །ལམ་མཁན་གྱིས་སྨྲས་པ། ཕར་འགྲོ་བའི་ལམ་ནི་རི་དེའི་དྲུང་ན་

ཡོད་དེ། དེའི་འགྲམ་ཕ་ཟད་ཅིག་ན་གསེར་གྱི་བྱེ་མ་བདལ་བའི་ས་གཞི་ཞིག་ཡོད་པའི་རིགས་ཞེས་སྨྲས་ནས། ངལ་ཆད་དེ་ཉམ་ཐག་ནས་ས་ལ་འགྱེལ་ཏེ་རྒྱལ་བུ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ནི་ཉམ་ཐག་ནས་མ་ནུས་པར་འདིར་འཆིའོ། །རྒྱལ་བུ་ཁྱོད་འདི་ནས་ཤར་

ཕྱོགས་སུ་ཞག་བདུན་གྱི་བར་དུ་སོང་ཤིག་དང་། གསེར་གྱི་རི་དང་ཕྲད་པའི་རིགས་སོ། །དེ་ནས་ཞག་བདུན་གྱི་བར་དུ་སོང་ཤིག་དང་། ས་གཞི་པད་མོ་སྔོན་པོ་འབའ་ཞིག་ཡོད་པར་ཕྱིན་པའི་རིགས་སོ། །དེ་ནས་ཡང་ཞག་བདུན་སོང་ཤིག་དང་། ས་གཞི་པད་མ་ལེ་

བརྒན་འབའ་ཞིག་ཡོད་པ་དང་ཕྲད་པའི་རིགས་སོ། །པད་མོ་དེའི་ཕ་རོལ་ན་རིན་པོ་ཆེ་སྣ་བདུན་གྱི་མཁར་ཞིག་ཡོད་དེ། མཁར་དེའི་ཉེན་ནི་གསེར་ལས་བྱས། ཅོག་པར་དངུལ་ལས་བྱས། མདའ་ཡབ་ཀེ་ཀེ་རུ་དམར་པོ་ལས་བྱས། མན་ཤེལ་དང་། སྤུག་ལ་སོགས་པ་རིན་

เล่ม ๗๖ · หน้า 139a

པོ་ཆེ་སྣ་ཚོགས་ཀྱིས་སྤྲས་ཏེ། མུ་ཏིག་དམར་པོའི་དྲ་བས་སྟེང་གཡོགས་ལ། མཐའ་མ་བཻ་དཱུརྱ་མཐོན་མཐིང་གི་འོབས་རིམ་པ་བདུན་གྱིས་བསྐོར་བའི་ནང་ན་ཀླུའི་རྒྱལ་པོའི་ཕོ་བྲང་ཡོད་ཀྱིས་ཀླུའི་རྒྱལ་པོ་དེའི་རྣ་བའི་ནང་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོད་

ཀྱིས་སློངས་ཤིག །དེ་ཐོབ་པར་གྱུར་ན་འཛམ་བུའི་གླིང་དུ་རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་ཤིང་། གོས་དང་། ཟས་དང་། ནད་ཀྱི་རྐྱེན་སྨན་དང་། རོལ་མོ་དང་། དགོས་པའི་ཡོ་བྱད་ཐམས་ཅད་ཡིད་བཞིན་དུ་ཆར་འབེབས་སོ། །དེ་བས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་

ཆེ་ཞེས་བྱའོ། །གལ་ཏེ་རྒྱལ་བུས་ཐོབ་ན་སྨོན་པ་ཐམས་ཅད་ངེས་པར་འགྲུབ་པར་འགྱུར་རོ་ཞེས་སྨྲས་ནས་ཚེའི་དུས་བྱས་པར་གྱུར་ཏེ། དེའི་ཚེ་རྒྱལ་བུ་དགེ་དོན་གྱི་ལམ་མཁན་དེ་པང་དུ་བླངས་ནས་སྐད་ཕྱུང་སྟེ་ངུས་སོ། །ཀྱི་ཧུད་ཀྱི་ཧུད་ཅིའི་ཕྱིར་བདག་གི་ལྷ་ནང་ཅིག་

སྟོར་བར་གྱུར་ཅེས་ལམ་མཁན་གྱི་རུས་བུ་གསེར་གྱི་བྱེ་མའི་ནང་དུ་སྦས་ནས་གཡས་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ཏེ་ཕྱག་བྱས་ནས་སོང་ངོ་། །དེ་ནས་སོང་སོང་བ་ལས་གསེར་གྱི་རིའི་དྲུང་དུ་ཕྱིན་ནོ། །གསེར་གྱི་རིའི་དྲུང་ཕ་རོལ་དུ་ཕྱིན་ནས་པད་མོ་སྔོན་པོས་ས་གཞི་

ཁེབས་པར་འདུག་པ་དེ་ན་པད་མོ་དེ་དག་གི་འོག་ན་སྦྲུལ་གདུག་པ་ཆེན་པོས་གང་བར་མཐོང་ངོ་། །སྦྲུལ་གདུག་པ་ཅན་དེ་དག་ལ་གདུག་པ་རྣམ་པ་གསུམ་ཡོད་དེ། འདི་ལྟ་སྟེ། ཟིན་པའི་གདུག་པ་དང་། རེག་པའི་གདུག་པ་དང་། ཁ་རླངས་ཀྱི་གདུག་པའོ། །སྦྲུལ་

གདུག་པ་དེ་དག་པད་མའི་སྡོང་བུ་ལ་འཁྲི་ཞིང་ཁ་ནི་གདངས། མིག་ནི་བགྲད་དེ། རྒྱལ་བུ་ལ་བལྟའོ། །དེའི་ཚེ་ན་རྒྱལ་བུ་དགེ་དོན་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་དུ་ཞུགས་ནས་ཏིང་ངེ་འཛིན་གྱི་མཐུས་དེ་ནས་ཆས་ཏེ། པད་མོ་དེ་དག་ལ་རྡོག་པས་བརྫིས་ཤིང་སོང་ཡང་

སྦྲུལ་གདུག་པ་དེ་དག་གིས་གནོད་པར་མ་གྱུར་ཏོ། །དེ་ལྟར་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་གྱི་ཤུགས་ཀྱིས་སོང་སོང་བ་ལས་ཀླུའི་ཕོ་བྲང་གི་དྲུང་དུ་ཕྱིན་ནོ། །ཀླུའི་རྒྱལ་པོའི་ཕོ་བྲང་གི་ཕྱི་རོལ་འོབས་རིམ་པ་བདུན་གྱིས་བསྐོར་ཏེ། འོབས་དེ་དག་གི་ནང་ན་ཀླུ་གདུག་པ་

เล่ม ๗๖ · หน้า 139b

གཅིག་ལ་གཅིག་འཁྲི་ཞིང་མགོ་བཏེག་སྟེ་མཁར་སྒོ་སྲུང་ངོ་། །དེའི་ཚེ་ན་རྒྱལ་བུ་དགེ་དོན་མཁར་སྒོ་དེར་ཕྱིན་ཏེ། ཀླུ་གདུག་པ་དེ་མཐོང་ནས་བྱམས་པའི་སེམས་ཀྱིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཡིད་ལ་བྱས་ཏེ། བདག་སེམས་ཅན་གྱི་དོན་དུ་སོང་སོང་བ་

ལས་གལ་ཏེ་ཀླུ་གདུག་པས་གནོད་པ་བྱས་ན། ཕན་པ་དང་བདེ་བའི་དོན་མེད་པར་འགྱུར་རོ་སྙམ་དུ་བསམས་ནས། རྒྱལ་བུ་དགེ་དོན་གྱིས་ལག་པ་གཡས་པ་བཏེག་ནས་ཀླུ་གདུག་པ་རྣམས་ལ་འདི་སྐད་ཅེས་བསྒོའོ། །ཁྱེད་རྣམས་ཤེས་པར་གྱིས་ཤིག །བདག་ནི་སེམས་

ཅན་ཐམས་ཅད་ཀྱི་དོན་དུ་ཀླུའི་རྒྱལ་པོ་དང་ཕྲད་པར་འདོད་དོ། །དེ་ནས་ཀླུ་གདུག་པ་རྣམས་ཀྱིས་ལམ་ཕྱེ་སྟེ། འོབས་རིམ་པ་བདུན་གྱི་བར་དུ་ཐལ་ཏེ་སོང་ནས་མཁར་སྒོར་ཕྱིན་ནོ། །མཁར་སྒོ་དེ་ན་ཤེལ་གྱི་བུ་མོ་གཉིས་ཤིག་ཤེལ་གྱི་སྐུད་པ་འཁལ་ཞིང་འདུག་པ་མཐོང་

ནས་ཁྱེད་ཅི་ཡིན་ཞེས་དྲིས་ན་ཁོ་མོ་ནི་ཀླུའི་རྒྱལ་པོའི་ཕྱི་སྒོ་སྲུང་བའི་བྲན་མོ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་ཡང་ནང་དུ་ཞུགས་ཏེ་སོང་བ་ལས་བར་སྒོར་ཕྱིན་པ་དང་། བར་སྒོ་ན་ཤེལ་གྱི་བུ་མོ་བཞི་ཞིག་དངུལ་གྱི་སྐུད་པ་འཁལ་ཞིང་འདུག་པ་མཐོང་ངོ་། །བུ་མོ་དེ་ལ་ཁྱེད་ཀླུའི་རྒྱལ་

པོའི་བཙུན་མོ་ཡིན་ནམ་ཞེས་དྲིས་ན་མ་ཡིན་ཏེ། བདག་ཅག་ནི་ཀླུའི་རྒྱལ་པོའི་བར་སྒོ་སྲུང་བའི་བྲན་མོ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་ཡང་རྒྱལ་བུ་སྒོ་དེའི་ནང་དུ་ཞུགས་ཏེ་སོང་བ་ལས་ནང་སྒོ་དེ་ལ་ཤེལ་གྱི་བུ་མོ་བརྒྱད་ཅིག་གསེར་གྱི་སྐུད་པ་འཁལ་ཞིང་འདུག་པ་མཐོང་ངོ་། །ཁྱེད་

ཅི་ཡིན་ཞེས་དྲིས་ན་བདག་ཅག་ནི་ཀླུའི་རྒྱལ་པོའི་ཕོ་བྲང་གི་ནང་སྒོ་སྲུང་བའི་བྲན་མོ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་རྒྱལ་བུ་དགེ་དོན་གྱིས་བུ་མོ་དེ་དག་ལ་བདག་ནི་འཛམ་བུའི་གླིང་གི་ཡུལ་བཱ་རཱ་ཎ་སཱིའི་རྒྱལ་པོའི་བུ་དགེ་དོན་ཞེས་བྱ་བ་ཡིན་ཏེ། རྒྱལ་པོ་དང་ཕྲད་འདོད་པས་ད་ལྟར་སྒོ་

ན་འདུག་གོ་ཞེས་ཕྲིན་གྱིས་ཤིག་ཅེས་བསྒོའོ། །དེ་ནས་སྒོ་སྲུངས་དེས་ཀྱང་ཀླུའི་རྒྱལ་པོ་ལ་དེ་བཞིན་དུ་གསོལ་པ་དང་། ཀླུའི་རྒྱལ་པོ་ངོ་མཚར་དུ་འཛིན་ཏེ་འདི་སྙམ་དུ་འདི་ནི་བསོད་ནམས་དང་དགེ་བའི་རྩ་བ་ཤིན་ཏུ་བྱང་བ་ཞིག་མ་ཡིན་པར་ཐ་མལ་པ་གཞན་ཞིག་གིས་ལམ་

เล่ม ๗๖ · หน้า 140a

འདི་ལྟ་བུ་བགྲོད་ཅིང་འོང་མི་ནུས་སོ་སྙམ་བསམས་ནས་ནང་དུ་བོས་ཏེ་ཀླུའི་རྒྱལ་པོ་ཉིད་ཀྱིས་བསུ་ནས་ཕོ་བྲང་གི་ནང་དུ་ཁྲིད་དོ། །ཀླུའི་རྒྱལ་པོའི་ཕོ་བྲང་གི་ནང་ནི་ས་གཞི་བཻ་དཱུརྱ་ལས་བྱས། ཁྲི་སྟན་ནི་རིན་པོ་ཆེ་སྣ་བདུན་ལས་བྱས་སོ། །འོད་རྣམ་པ་སྣ་ཚོགས་ནི་

མིག་གིས་མི་བཟོད་པ་ཙམ་དུ་འཚེར་རོ། །དེ་ནས་ཀླུའི་རྒྱལ་པོས་རྒྱལ་བུ་དགེ་དོན་སྟན་བཏིང་བ་ལ་བཞག་ནས་གཏམ་བྱས་སོ། །དེ་ནས་རྒྱལ་བུ་དགེ་དོན་དེ་ལས་གླེངས་ཏེ་ཀླུའི་རྒྱལ་པོ་ལ་སྤྲོ་བ་དང་། གཟེངས་བསྟོད་པ་དང་། དགའ་བའི་གཏམ་རྣམ་པ་སྣ་ཚོགས་དང་། སྦྱིན་

པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། ལྷ་དང་མིའི་གཏམ་ལ་སོགས་པ་རྒྱས་པར་སྨྲས་ཏེ་ཆོས་བཤད་དོ། །དེ་ནས་ཀླུའི་རྒྱལ་པོ་རབ་ཏུ་དགའ་ཞིང་རངས་པར་གྱུར་ཏེ། འདི་ལྟར་བགྲོད་དཀའ་བ་བགྲོད་ཅིང་ལམ་རིང་པོ་ནས་འོངས་པ་འདི་ཅི་འདོད་ཅེས་སྨྲས་པ་དང་། རྒྱལ་

བུ་དགེ་དོན་གྱིས་ཀླུའི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །འཛམ་བུའི་གླིང་གི་སེམས་ཅན་རྣམས་ནི་གོས་དང་། ནོར་དང་། ཟས་དང་། སྐོམ་གྱི་ཕྱིར་མཐའ་མེད་པའི་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་པས་རྒྱལ་པོའི་སྙན་གཡོན་པའི་ནང་ན་ནོར་བུ་རིན་པོ་ཆེ་འདོད་དོ། །ཀླུའི་རྒྱལ་པོས་

སྨྲས་པ། ཞག་བདུན་གྱི་བར་དུ་བདག་གིས་མཆོད་པ་སྦྱར་བ་ཙམ་བཞེས་སུ་གནང་ན་ནོར་བུ་སྦྱིན་ནོ་ཞེས་སྨྲས་སོ། །དེ་ནས་རྒྱལ་བུ་དགེ་དོན་ཀླུའི་རྒྱལ་པོས་སྤྱན་དྲངས་པ་བཞིན་ཞག་བདུན་གྱི་བར་དུ་ཀླུའི་ཕོ་བྲང་ན་འདུག་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཁྱེར་ཏེ་ཕྱིར་འཛམ་བུའི་གླིང་དུ་འགྲོ་

བར་ཆས་པ་ལས། དེའི་ཚེ་ན་ཀླུའི་རྒྱལ་པོ་ཆེན་པོས་ཀླུ་རྣམས་ཀྱི་མཐུས་ནམ་མཁའ་ལ་འཕུར་ཏེ་རྒྱ་མཚོའི་ཚུ་རོལ་གྱི་ངོགས་སུ་བསྐྱལ་ཏོ། །དེར་ཕྱིན་པ་དང་ནུ་བོ་ངན་དོན་དང་ཕྲད་དོ། །རྒྱལ་བུས་ནུ་བོ་ངན་དོན་ལ་ཁྱོད་ཀྱི་གྲོགས་པོ་ཀུན་ག་རེ་ཞེས་དྲིས་ནས་ཁྱོད་གཅིག་པུ་འདི་ན་འདུག་གམ་ཞེས་

སྨྲས་པ་དང་། རྒྱལ་བུ་ངན་དོན་ན་རེ་གྲུ་བྱིང་ནས་ཐམས་ཅད་ཤི་སྟེ། བདག་འབའ་ཞིག་རོ་ཞིག་ལ་འཇུ་འཇུ་ནས་མ་ཤི་ནས་ཕྱིན་ཏེ་གཞན་ནི་ཅིག་ཅར་ཀུན་ཤིའོ། །རྒྱལ་བུ་དགེ་དོན་གྱིས་སྨྲས་པ། འཇིག་རྟེན་ན་རིན་པོ་ཆེའི་མཆོག་ནི་བདག་གི་ལུས་ལས་འདའ་བ་མེད་དོ། །ནུ་བོས་སྨྲས་

เล่ม ๗๖ · หน้า 140b

པ། དེ་ལྟར་མ་ཡིན་ཏེ་ཕྱུག་བཞིན་དུ་ཤི་ཡང་སླའི་དབུལ་བཞིན་དུ་མི་གསོན་ནོ། །དེར་ཅི་མངོན་ཞེ་ན། བདག་དུར་ཁྲོད་ཅིག་ན་འདུག་པར་ཕྱིན་པ་ན། དུར་ཁྲོད་དེ་ན་ཡོད་པའི་རོ་དག་དེ་སྐད་ཅེས་ཟེར་བ་ཐོས་སོ། །རྒྱལ་བུ་དགེ་དོན་རང་བཞིན་གྱིས་དྲང་བས་ནུ་བོ་ལ་ཁྱོད་རིན་པོ་ཆེ་

མེད་ཀྱང་ཚོད་ཡོད་ཀྱིས། བདག་ལ་ཀླུའི་རྒྱལ་པོའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོད་དོ། །ནུ་བོས་ནོར་བུ་ག་རེ་ཞེས་དྲིས་ན། ཕུ་བོས་སྨྲས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བདག་གི་དོ་ཀེར་གྱི་ནང་ན་ཡོད་དོ་ཞེས་སྨྲས་སོ། །ནུ་བོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཕྲག་དོག་གི་

སེམས་ཀྱིས་ལྷག་པར་འཁྲུག་ཅིང་ཞེ་སྡང་གི་སེམས་སྐྱེས་ཏེ། འདི་སྙམ་དུ་ཡབ་རྒྱལ་པོ་དང་ཡུམ་བདག་ལ་ལྷག་པར་སྡང་བའི་སྟེང་དུ་ད་ཕུ་བོས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པས། ད་ནི་ལྷག་པར་བདག་ལ་སྡང་ཞིང་ས་རྡོ་དང་འདྲ་བར་བེན་པར་འགྱུར་རོ་སྙམ་བསམས་ནས་ཕུ་

བོ་དགེ་དོན་ལ་འདི་སྐད་ཅེས་སྨྲས་སོ། །ཤིན་ཏུ་ལེགས་སོ། །ནོར་བུ་རིན་པོ་ཆེ་ཐོབ་པ་ཤིན་ཏུ་ལེགས་ཀྱིས་ད་འཇིགས་པ་འདིར་ལེགས་པར་བསྲུང་དགོས་སོ། །དེ་ནས་རྒྱལ་བུ་དགེ་དོན་གྱིས་དོ་ཀེར་བཀྲོལ་ཏེ་ནོར་བུ་ནི་ནུ་བོ་ངན་དོན་གྱི་ལག་ཏུ་བྱིན་ཏེ། ཁྱོད་ངལ་ཞིང་ཆད་དེ་ཉལ་

བའི་ཚེ་ཁོ་བོས་བཙའ་ཞིང་བསྲུང་ངོ་། །ཁོ་བོ་ངལ་ཏེ་ཉལ་བའི་ཚེ་ན་ཁྱོད་ཀྱིས་བཙའ་ཞིང་སྲུངས་ཤིག །དེའི་ཚེ་ངན་དོན་ནོར་བུ་སྲུང་རེས་ལ་བབ་ནས་ཕུ་བོ་དགེ་དོན་དེ་གཉིད་ལོག་ཅིང་འདུག་པ་ལས། ངན་དོན་གྱིས་སྨྱིག་མ་སྐམ་པོའི་ཚལ་པ་གཉིས་ཀྱིས་དགེ་དོན་གྱི་མིག་གཉིས་ཀྱི་

ནང་དུ་བཙུགས་ནས་ནོར་བུ་རིན་པོ་ཆེ་ཁྱེར་ཏེ་བྲོས་སོ། །དེ་ནས་རྒྱལ་བུ་དགེ་དོན་གྱིས་ནུ་བོ་ངན་དོན་ཞེས་བོས་ཏེ། ངའི་མིག་གཉིས་སུ་རྐུན་པོས་ཤིང་ཚལ་བཙུགས་ཀྱིས་ནོར་བུ་རིན་པོ་ཆེ་ཐོགས་ལ་བྲོས་ཤིག་ཅེས་བོས་ནས་ཅང་མི་གྲག་པས། ད་ནི་བདག་གི་ནུ་བོ་ངན་དོན་ཡང་

དགྲས་བསད་པ་ལྟའི་ཅང་མི་གྲག་གོ་ཞེས་སྐད་ཆེན་པོས་ལྷ་རྣམས་ཐོས་པ་ཙམ་དུ་བོས་ཀྱང་རིང་ཞིག་གི་བར་དུ་ཅང་མི་གྲག་གོ། །དེ་ནས་ཤིང་ལྗོན་པའི་ལྷ་ཞིག་འདི་སྐད་ཅེས་སྨྲའོ། །ཁྱོད་ཀྱི་ནུ་བོ་ངན་དོན་ཉིད་དགྲ་ཡིན་ཏེ། ཁྱོད་ཀྱི་མིག་གཉིས་ཕྱུང་ནས་ནོར་བུ་རིན་པོ་ཆེ་ཁྱེར་ཏེ་ཕྱིར་བྲོས་

เล่ม ๗๖ · หน้า 141a

ནས་སོང་བ་ལ་ངན་དོན་ཞེས་བོས་པས་ཅི་ཕན་ཞེས་སྨྲས་སོ། །ཡང་རྒྱལ་བུ་དགེ་དོན་གྱིས་ཚིག་དེ་ཐོས་ནས་མྱ་ངན་གྱིས་གདུངས་ཏེ་ཡི་མུག་པར་གྱུར་ཏོ། །དེའི་ཚེ་རྒྱལ་བུ་ངན་དོན་ནོར་བུ་རིན་པོ་ཆེ་ཁྱེར་ཏེ་ཕྱིར་བདག་གི་ཡུལ་དུ་ཕྱིན་ནས་ཡབ་ཡུམ་དང་ཕྲད་དེ་ཡབ་རྒྱལ་པོ་

དང་ཡུམ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ནི་བསོད་ནམས་དང་ལྡན་ཏེ་ཉེ་ཞོ་མེད་པར་སླར་མཆིས་སོ། །རྒྱལ་བུ་དགེ་དོན་དང་གྲོགས་གཞན་ནི་བསོད་ནམས་ཆུང་བས་ཆུར་གུམ་སྟེ་ཟད་པར་ཤིའོ། །ཡབ་རྒྱལ་པོ་དང་ཡུམ་གྱིས་ཚིག་དེ་ཐོས་ནས་སྐད་ཆེན་པོ་ཕྱུང་ནས་ངུས་སོ། །བརྒྱལ་

ཏེ་ས་ལ་འགྱེལ་ཏོ། །དེ་ནས་ཆུ་གྲང་མོ་གཏོར་བས་རིང་ཞིག་ལོན་པ་དང་ཕྱིར་སངས་ནས་རྒྱལ་བུ་ངན་དོན་ལ་ངོ་སོ་ཅི་ཡོད་ན་ངེད་དང་ཕྲད་ཅིང་འོངས་ཞེས་སྨྲས་པ་དང་། རྒྱལ་བུ་ངན་དོན་མི་དགའ་ནས་ཁྲོས་ཏེ་ནོར་བུ་རིན་པོ་ཆེ་དབེན་པ་ཞིག་ཏུ་ས་བརྐོས་ནས་སྦས་སོ། །དེའི་ཚེ་རྒྱལ་བུ་དགེ་དོན་མིག་

གཉིས་སུ་སྨྱིག་མའི་ཚལ་པ་སྐམ་པོ་ཟུག་པ་འབྱིན་པའི་མི་མེད་པས་སྡུག་བསྔལ་གྱིས་གདུངས་ཏེ་ས་ལ་འགྲེའོ། །གར་འགྲོ་ཡང་མི་ཤེས་ཏེ་བཀྲེས་པ་དང་སྐོམ་པས་ཀྱང་གདུངས་ནས། གསོན་ན་གསོན་དུ་ཡང་མེད། ཤི་ན་ཤིར་ཡང་མེད་དེ་བགབ་ཀྱིས་འཐོམ་ཞིང་སོང་བ་ལས་རྒྱལ་པོ་ལི་

ཤི་བར་གྱི་ཡུལ་འདབ་ཏུ་ཕྱིན་ཏོ། །ལི་ཤི་བར་གྱི་རྒྱལ་པོ་དེ་ལ་བུ་མོ་ཞིག་ཡོད་པ་ནི་ཡུལ་བཱ་རཱ་ཎ་སཱིའི་རྒྱལ་པོའི་སྲས་རྒྱལ་བུ་དགེ་དོན་ལ་སྦྱིན་པར་བྱས་སོ། །རྒྱལ་བུ་ལི་ཤི་བར་དེ་ལ་རྫིའུ་བ་ལང་ལྔ་བརྒྱ་འཚོ་བ་ཞིག་ཡོད་དེ། རྩྭ་དང་ཆུ་ག་ལ་ཡོད་པར་འཚོ་ཞིང་འགྲོའོ། །དེའི་ཚེ་ན་རྒྱལ་བུ་

དགེ་དོན་ལམ་ཀ་ཞིག་ན་འདུག་པ་ལས་རྫིའུ་དེས་གནག་ཕལ་པོ་ཆེ་དེད་ནས་དེར་ཕྱིན་པ་དང་། བ་ལང་ཕལ་གྱིས་བརྫིས་མ་ཁད་པ་ལས་བ་ལང་དེའི་ནང་ན་ཁྱུ་མཆོག་གི་རྒྱལ་པོ་གཅིག་ཡོད་པས་རྒྱལ་བུའི་སྟེང་དུ་ཞོན་ཏེ་བ་ལང་ཕལ་ཀུན་ཐལ་བའི་འོག་ཏུ་ཕ་ཟད་སོང་ནས་ས་ལ་འགྲེ་ཞིང་རྒྱལ་

བུ་ལ་ལྟ་ཞིང་ཕྱིར་ལངས་ཏེ། རྒྱལ་བུའི་མིག་གཉིས་སུ་ལྕེས་བལྡགས་པ་དང་སྨྱིག་མའི་ཚལ་པ་ཡང་ཕྱུང་ངོ་། །དེ་ནས་གནག་རྫི་ཡང་ཕྱི་བཞིན་དེར་འོངས་ནས་ཁྱོད་སུ་ཞིག་ཅེས་དྲིས་སོ། །དགེ་དོན་གྱིས་འདི་སྙམ་དུ་བདག་གིས་ཆོ་རིགས་དང་ཇི་ལྟར་གྱུར་པ་ཞིབ་ཏུ་སྨྲས་ན་གལ་

เล่ม ๗๖ · หน้า 141b

ཏེ་བདག་གི་ནུ་བོ་སྡུག་བསྔལ་ཆེན་པོ་མྱོང་ངོ་སྙམ་བསམས་ནས་བདག་ནི་ལོང་བ་མུ་ལྟོ་བ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་གནག་རྫི་དེས་བལྟས་ན། མཚན་གཞན་ལས་དཔགས་ཏེ་ཐ་མལ་པ་མ་ཡིན་པར་མཐོང་ནས་ཁོ་བོའི་ཁྱིམ་འདི་ནས་མི་རིང་བ་ཞིག་ན་ཡོད་དེ། ཁྱོད་ཀྱི་འཚོ་བ་སྦྱར་གྱིས་

ངའི་ཁྱིམ་དུ་འདོང་ངོ་ཞེས་སྨྲས་ནས་རྒྱལ་བུ་དགེ་དོན་ཁྱིམ་དུ་ཁྲིད་དོ། །གནག་རྫི་དེས་ཁྱིམ་དུ་ཁྲིད་ནས་ཟས་དང་། སྐོམ་དང་། དགོས་པ་ཐམས་ཅད་སྦྱར་ནས། ཁྱིམ་གྱི་བུ་དང་། བུ་མོ་དང་། ཁྱིམ་གང་གི་མི་ཐམས་ཅད་ལ་ཁྱེད་ཐམས་ཅད་ཀྱིས་ལོང་བ་འདི་ལ་ང་དང་འདྲ་བར་

རིམ་གྲོ་བྱོས་ཤིག་ཅེས་བསྒོའོ། །དེ་ནས་དེ་བཞིན་དུ་ཟླ་བ་གཅིག་ལྷག་གི་བར་དུ་ཁྱིམ་ན་གསོ་གསོ་བ་ལས་སྐྱོ་བར་གྱུར་ནས་འདི་སྐད་དུ། ད་ནི་སོ་ཚིས་ཀྱང་དམས་པས་རྟག་ཏུ་ལོང་བ་འདི་གསོ་སུས་ནུས་ཞེས་སྨྲས་སོ། །དགེ་དོན་གྱིས་ཚིག་དེ་སྐད་སྨྲས་པ་ཐོས་ནས་སེམས་

ཉམ་ང་བར་གྱུར་ཏེ། དེའི་མཚན་མོ་འདས་ནས་ཕྱི་དེ་ཉིན་ཁྱིམ་བདག་ལ་ད་བདག་མཆིའོ་ཞེས་སྨྲས་པ་དང་། ཁྱིམ་བདག་གིས་སྨྲས་པ། ཅི་ཞིག་མ་རུངས་ན་བདག་ཅག་སྤངས་ནས་འགྲོ་བར་སེམས། དགེ་དོན་གྱིས་སྨྲས་པ། བཟའ་དང་མགྲོན་ནི་ཆོས་ཀྱིས་ཡུན་རིང་དུ་འགྲོགས་ཤིང་

གནས་པ་མ་ཡིན་ནོ། །དགེ་དོན་གྱིས་ཡང་སྨྲས་པ། ཁྱོད་འདི་ལྟར་བདག་ལ་བྱམས་ན་བདག་ལ་རོལ་མོ་ཇེང་སྙན་པ་ཅིག་བྱས་ཏེ། གང་ན་མི་མང་པོ་འདུ་བའི་གནས་སམ། གྲོང་ཁྱེར་ཆེན་པོ་ཞིག་ཏུ་སྐྱོལ་ཅིག །དེ་ནས་ཁྱིམ་བདག་དེས་ཀྱང་དེའི་ཡིད་བཞིན་དུ་དགོས་པ་

སྦྱར་ནས་རྒྱལ་པོ་ལི་ཤི་བར་གྱི་གྲོང་ཁྱེར་དུ་མི་མང་པོའི་ནང་དུ་བསྐྱལ་ནས་བདེ་བར་ཕྱིར་ལོག་གོ། །དེ་ནས་རྒྱལ་བུ་དགེ་དོན་ཇེང་ལ་ཤིན་ཏུ་མཁས་པས་ཇེང་གི་སྒྲ་སྙན་པ་ཡིད་དུ་འོང་བས་ཐམས་ཅད་ཀྱིས་འཚོ་བའི་ཡོ་བྱད་བྱིན་ནོ། །བཟའ་བ་དང་བཏུང་བས་མི་བྲེལ་བར་བྱས་སོ། །

དེའི་ཚེ་ལི་ཤི་བར་གྱི་ཡུལ་ན་སྤྲང་པོ་ལྔ་བརྒྱ་ཡོད་པ་ཡང་ཐམས་ཅད་བཟའ་བ་དང་བཏུང་བས་ཆོག་པར་བྱས་སོ། །དེའི་ཚེ་ན་རྒྱལ་པོ་དེ་ལ་བཟའ་ཤིང་གི་ར་བ་ཞིག་ཡོད་དེ། འབྲས་བུ་རབ་ཏུ་རྒྱས་ནས་རྟག་ཏུ་བྱ་མི་ཐུབ་སྟེ། ར་བ་སྲུང་བའི་སྣ་བོས་དེའི་ཚེ་ན་རྒྱལ་བུ་དགེ་དོན་ལ་

เล่ม ๗๖ · หน้า 142a

འདི་སྐད་ཅེས་སྨྲས་སོ། །ཁྱོད་བདག་གི་ཤིང་ཏོག་གི་ར་བ་སྲུང་ཞིང་འདུག་མི་ནུས་སམ། བདག་གིས་ཁྱོད་ལ་དགོས་པའི་ཡོ་བྱད་སྦྱར་རོ། །དགེ་དོན་གྱིས་སྨྲས་པ། བདག་ལ་མིག་གཉིས་མེད་དེ་མི་མཐོང་ན་ཇི་ལྟར་ཁྱོད་ཀྱི་ར་བ་སྲུང་ཞིང་བྱ་རྣམས་བསྐྲད་ནུས།

ར་བའི་སྣ་བོས་སྨྲས་པ། བདག་ལ་ཐབས་ཡོད་དེ། བདག་གི་སྐྱེད་ཤིང་གི་ཁར་ཐག་པ་བྲེས་ཏེ་ཐག་པ་ལ་དྲིལ་བུ་བཏགས་ལ་ཐག་པ་ཁྱོད་ཀྱི་ལག་ཏུ་བཞག་ལ་བྱ་སྐད་ནམ་གྲག་པ་དང་ཐག་པ་ནས་དྲངས་པས་ཆོག་གོ། །དགེ་དོན་གྱིས་སྨྲས་པ། དེ་ལྟར་བྱས་ན་བདག་གིས་

ནུས་ཀྱི་ཤིང་དྲུང་དུ་ཁྲིད་ཅིག་ཅེས་སྨྲས་ནས་དེར་སོང་ངོ་། །རྒྱལ་བུ་དགེ་དོན་ར་བ་དེ་ན་ཤིང་ཏོག་སྲུང་ཞིང་རོལ་མོ་ཇེང་བྱེད་དེ་རྩེ་ཞིང་འདུག་གོ། །དེའི་ཚེ་ན་རྒྱལ་པོའི་བུ་མོ་འཁོར་རྣམས་དང་བཟའ་ཤིང་གི་ར་བར་འཆག་ཅིང་ལྟད་མོ་ལྟར་སོང་བ་ལས་ལོང་བ་དེ་མཐོང་ནས་ལོང་བའི་དྲུང་དུ་

སོང་སྟེ། ཁྱེད་སུའི་མི་ཡིན་ཞེས་དྲིས་སོ། །སྨྲས་པ། བདག་ནི་དམུས་ལོང་མུ་ལྟོ་བ་ཡིན་ནོ། །རྒྱལ་པོའི་བུ་མོས་ལོང་བ་དེ་མཐོང་ནས་དེ་ལ་སྙིང་ཆགས་ཏེ་གཏོང་མ་ཕོད་དོ། །རྒྱལ་པོས་བུ་མོ་འབོད་དུ་བཏང་བ་ལས་ཁོ་མོ་མི་འགྲོའོ། །བཟའ་བ་དང་བཏུང་བ་འདིར་སྐྱོལ་ཅིག །

བདག་ལོང་བ་འདི་དང་ལྷན་ཅིག་ཟའོ། །དེ་ལྟར་ལོང་བ་དང་ལྷན་ཅིག་ཟན་ཟོས་ནས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ལོང་བ་འདི་ལ་སྩལ་དུ་གསོལ། དེ་ལ་སྩལ་ན་བདག་གི་ཡིད་ཚིམ་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། བུ་མོ་ཁྱོད་འདྲེ་གདོན་གྱིས་བརླམས་སམ།

འོན་ཏེ་སྨྱོས་སམ། སྙིང་མྱོས་སམ། ཅིའི་ཕྱིར་ལོང་བ་དེ་དང་ལྷན་ཅིག་ཏུ་གནས། ཁྱོད་མི་ཤེས་སམ། སྔར་བཱ་རཱ་ཎ་སཱིའི་རྒྱལ་པོས་བུ་དགེ་དོན་གྱི་ཆུང་མར་བསླངས་ཏེ་དེ་ལ་སྦྱིན་པར་བྱས་ནས་རྒྱལ་བུ་ད་ལྟར་རྒྱ་མཚོར་སོང་བ་ལས་ཕྱིར་མ་འཁོར་ན་ཅིའི་ཕྱིར་ན་མུ་ལྟོ་བ་ཞིག་གི་ཆུང་

མ་བྱེད་པར་སེམས། བུ་མོས་གསོལ་པ། དེ་ལྟ་ལགས་མོད་ཀྱི་སྲོག་འདི་ཡལ་ཡང་ལོང་བ་མི་གཏོང་ངོ་། །རྒྱལ་པོས་ཚིག་དེ་ཐོས་ནས་བུ་མོའི་ངོ་མ་ཟློགས་ནས་ལོང་བ་བཀུག་ནས་ཕོ་བྲང་གི་ནང་དུ་ཕྱོགས་དབེན་པ་ཞིག་ཏུ་བཞག་གོ། །དེ་ནས་རྒྱལ་པོའི་བུ་མོ་དེ་ལོང་བའི་ཐད་དུ་སོང་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด