ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๗๖ · หน้า 169b
པོས་བསྡུ་བ་མ་ཡིན་ནོ། །དགེ་འདུན་དཀོན་མཆོག་ནི་དབང་པོ་ཉི་ཤུ་རྩ་གཉིས་ལ་ཟག་པ་མེད་པའི་དབང་པོ་གསུམ་གྱི་ནང་དུ་བསྡུའོ། །སངས་རྒྱས་དཀོན་མཆོག་ནི་ཁམས་བཅྭ་བརྒྱད་ལ་ཡིད་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཆ་གཅིག་
གི་ནང་དུ་བསྡུའོ། །སྐྱེ་མཆེད་བཅུ་གཉིས་ལ་ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་ཆ་གཅིག་གི་ནང་དུ་བསྡུའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཟག་པ་མེད་པ་ཕུང་པོ་ལྔའི་ཕྱོགས་ཆ་གཅིག་གི་ནང་དུ་བསྡུའོ། །ཆོས་དཀོན་མཆོག་ནི་ཁམས་བཅྭ་བརྒྱད་ལ་ཆོས་ཀྱི་ཁམས་ཀྱི་
ཕྱོགས་ཆ་གཅིག་གི་ནང་དུ་བསྡུའོ། །སྐྱེ་མཆེད་བཅུ་གཉིས་ལ་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་ཆ་གཅིག་གི་ནང་དུ་བསྡུའོ། །ཆོས་དཀོན་མཆོག་ནི་ཕུང་པོ་ལྔར་བསྡུས་པ་མ་ཡིན་ནོ། །ཕུང་པོ་ལྔ་ནི་འདུས་བྱས་པས་ཆོས་ནི་འདུས་མ་བྱས་པའི་ཕྱིར་རོ། །དགེ་འདུན་དཀོན་མཆོག་ནི་ཁམས་བཅྭ་
བརྒྱད་ལ་ཡིད་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཆ་གཅིག་གི་ནང་དུ་བསྡུའོ། །སྐྱེ་མཆེད་བཅུ་གཉིས་ལ་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་ཆ་གཅིག་གི་ནང་དུ་བསྡུའོ། །ཕུང་པོ་ལྔ་ལ་ཟག་པ་མེད་པའི་ཕུང་པོ་ལྔའི་ཕྱོགས་ཆ་
གཅིག་གི་ནང་དུ་བསྡུའོ། །གསོལ་པ། སངས་རྒྱས་ལ་སྐྱབས་སུ་གསོལ་ཞེས་བགྱི་བ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་གསོལ་ལམ། འོན་ཏེ་དུས་གསུམ་གྱི་སངས་རྒྱས་ལ་སྐྱབས་སུ་གསོལ། བཀའ་སྩལ་པ། དུས་གསུམ་གྱི་སངས་རྒྱས་ལ་སྐྱབས་སུ་གསོལ་ལོ། །ཇི་ལྟ་ཞེ་
ན་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་གཅིག་ཏུ་འཐུན་པའི་ཕྱིར་རོ། །སངས་རྒྱས་གཅིག་ལ་སྐྱབས་སུ་སོང་བ་ཉིད་སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་སོང་བ་སྟེ། སངས་རྒྱས་ལ་ཐ་དད་པ་མེད་པའི་ཕྱིར་རོ། །ཡང་གཞན་དུ་ན་དུས་གསུམ་གྱི་སངས་རྒྱས་ལ་སྐྱབས་སུ་གསོལ་ལོ་ཞེས་བགྱི་བ་ལྷ་རྣམས་ལས་ཁ་
ཅིག་ནི་བདག་སངས་རྒྱས་འོད་སྲུང་གི་ཉེ་གནས་ཡིན་པར་སྨྲ། ཁ་ཅིག་ནི་བདག་སངས་རྒྱས་རྣམ་པར་གཟིགས་ཀྱི་ཉེ་གནས་ཡིན་པར་སྨྲ་སྟེ། དེ་བཞིན་དུ་སངས་རྒྱས་བདུན་ཆར་ལ་ཡང་སོ་སོ་ནས་བདག་ནི་སངས་རྒྱས་ཆེ་གེ་མོ་ཞིག་གི་ཉེ་གནས་ཡིན་ཞེས་སྨྲ་བས་དེ་བས་ན་སངས་རྒྱས་གཅིག་ལ་ང་སྐྱབས་
เล่ม ๗๖ · หน้า 170a
སུ་གསོལ་བར་འོས་ཀྱི་དུས་གསུམ་མི་རིགས་སོ། །གཞན་ཡང་དེ་ལྟར་མི་རུང་ངོ་ཞེས་སྨྲ་བ་ཡང་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། དཔེར་ན་རྣམ་ཐོས་ཀྱི་བུས་དྲིས་པའི་མདོ་ལས་རྒྱལ་པོ་རྣམ་ཐོས་ཀྱི་བུ་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་བ་ནི་འདས་པ་དང་། མ་བྱོན་པ་
དང་། ད་ལྟར་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་གསོལ་ལོ་ཞེས་གསུངས་ཏེ། དོན་དེ་དང་སྦྱར་ན་དུས་གསུམ་གྱི་སངས་རྒྱས་རྣམས་ལ་སྐྱབས་སུ་གསོལ་བར་མངོན་ནོ། །གསོལ་པ། གལ་ཏེ་དེ་ལྟ་བུ་ལགས་ན་ལྷའི་བུ་དག་སོ་སོ་ནས་བདག་ནི་སངས་རྒྱས་ཆེ་གེ་མོ་ཞིག་གི་ཉེ་གནས་
ལགས་སོ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཀའ་སྩལ་པ། ལྷའི་བུས་སྨྲས་པ་ལ་དོན་ངེས་པར་ཆད་པ་ཡང་ཅི་ཡོད། ལྷའི་བུ་ཁ་ཅིག་ནི་སངས་རྒྱས་གཅིག་ལ་སྐྱབས་སུ་འགྲོ་བ་ཡང་ཡོད། ཁ་ཅིག་ནི་དུས་གསུམ་གྱི་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡང་ཡོད་དེ། མདོར་ན་སངས་རྒྱས་
གཅིག་ལ་བྱའོ། །གསོལ་པ། ཅི་ལ་སྐྱབས་སུ་མཆིས་ན་ནི་སངས་རྒྱས་ལ་སྐྱབས་སུ་སོང་བ་ཞེས་བགྱི། བཀའ་སྩལ་པ། སྐྱབས་སུ་འགྲོ་བ་ཞེས་བྱ་བ་ནི་ངག་གི་འཁོར་ལོ་སྟེ། ཐམས་ཅད་མཁྱེན་པ་སློབ་པ་མེད་པའི་ཡོན་ཏན་ལ་སྐྱབས་སུ་སོང་བའོ། །གསོལ་པ། གཟུགས་
ཀྱི་སྐུ་ལ་སྐྱབས་སུ་མཆིའམ། ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། བཀའ་སྩལ་པ། ཆོས་ཀྱི་སྐུ་ལ་སྐྱབས་སུ་འགྲོའི་གཟུགས་ཀྱི་སྐུ་ལ་སྐྱབས་སུ་འགྲོ་བ་མ་ཡིན་ཏེ། གཟུགས་སངས་རྒྱས་མ་ཡིན་པའི་ཕྱིར་རོ། །གསོལ་པ། གཟུགས་ཀྱི་སྐུ་སངས་རྒྱས་མ་ལགས་ན་ཅིའི་སླད་དུ་
སངས་རྒྱས་ཀྱི་སྐུ་ལ་ཁྲག་ཕྱུང་བས་མཚམས་མ་མཆིས་པའི་ལས་བགྱིས་པར་འགྱུར། །བཀའ་སྩལ་པ། གཟུགས་ཀྱི་སྐུ་ནི་ཆོས་ཀྱི་སྐུའི་སྣོད་ཡིན་ཏེ། ཆོས་ཀྱི་སྐུའི་གནས་སོ། །དེ་བས་ན་གཟུགས་ཀྱི་སྐུ་ལ་གནོད་པ་བྱས་པས་མཚམས་མེད་པའི་ལས་སུ་འགྱུར་གྱི། གཟུགས་
ཀྱི་སྐུ་སངས་རྒྱས་ཡིན་པས་མཚམས་མེད་པའི་ལས་སུ་འགྱུར་བ་ནི་མ་ཡིན་ནོ། །གསོལ་པ། ཅི་ལ་སྐྱབས་སུ་མཆི་ན་ཆོས་ལ་སྐྱབས་སུ་མཆི་བ་ཞེས་བགྱི། བཀའ་སྩལ་པ། སྐྱབས་སུ་འགྲོ་བ་ཞེས་བྱ་བ་ནི་ངག་གི་འཁོར་ལོ་སྟེ། འདོད་པ་དང་། འདོད་པ་མེད་པའི་མཐར་ཕྱིན་
เล่ม ๗๖ · หน้า 170b
ཅིང་མྱ་ངན་ལས་འདས་པ་ལ་སྐྱབས་སུ་སོང་བ་ནི་ཆོས་ལ་སྐྱབས་སུ་སོང་བ་ཞེས་བྱའོ། །གསོལ་པ། བདག་གི་ལུས་མཐར་ཕྱིན་པ་ལ་སྐྱབས་སུ་མཆིའམ། གཞན་གྱི་ལུས་མཐར་ཕྱིན་པ་ལ་སྐྱབས་སུ་མཆི། བཀའ་སྩལ་པ། བདག་གི་ལུས་མཐར་ཕྱིན་པ་དང་། གཞན་
གྱི་ལུས་མཐར་ཕྱིན་པ་ལ་སྐྱབས་སུ་འགྲོ་བ་ནི་ཆོས་ལ་སྐྱབས་སུ་སོང་བ་ཞེས་བྱའོ། །གསོལ་པ། ཇི་ལྟར་ན་དགེ་འདུན་ལ་སྐྱབས་སུ་མཆི་བ་ལགས། བཀའ་སྩལ་པ། སྐྱབས་སུ་འགྲོ་བ་ནི་ངག་གི་འཁོར་ལོ་སྟེ། བསོད་ནམས་ཀྱི་ཞིང་སློབ་པ་དང་། མི་སློབ་པའི་ཉན་ཐོས་ཀྱི་ཡོན་ཏན་
ལ་སྐྱབས་སུ་འགྲོ་བ་ནི་དགེ་འདུན་ལ་སྐྱབས་སུ་སོང་བ་ཞེས་བྱའོ། །གསོལ་པ། ཀུན་རྫོབ་ཀྱི་བདེན་པའི་དགེ་འདུན་ལ་སྐྱབས་སུ་མཆིའམ། དོན་དམ་པའི་བདེན་པའི་དགེ་འདུན་ལ་སྐྱབས་སུ་མཆི། གལ་ཏེ་དོན་དམ་པའི་བདེན་པའི་དགེ་འདུན་ལ་སྐྱབས་སུ་མཆི་ན་ནི་སྔོན་སངས་རྒྱས་
ཀྱིས་དེ་ཝི་དང་། པ་རི་ལ་སྐྱབས་སུ་འགྲོ་བ་གསུམ་ཕོག་པའི་ཚེ། ཕྱིས་དགེ་འདུན་ཞེས་བྱ་བ་ཡོད་པར་འགྱུར་གྱིས་དེ་ལ་སྐྱབས་སུ་སོང་ཤིག་ཅེས་གསུང་བའི་མི་རིགས་ཏེ་དོན་དམ་པའི་བདེན་པའི་དགེ་འདུན་ནི་རྟག་ཏུ་འཇིག་རྟེན་ན་མཆིས་པ་ལགས། བཀའ་སྩལ་པ། ཀུན་རྫོབ་ཀྱི་བདེན་པའི་
དགེ་འདུན་ནི་དོན་དམ་པའི་དགེ་འདུན་གྱི་རྟེན་པའི་གནས་ཡིན་པས་ན་ཕྱིས་དགེ་འདུན་ཡོད་པར་འགྱུར་གྱིས་དེ་ལ་སྐྱབས་སུ་སོང་ཤིག་ཅེས་གསུངས་པ་ཡིན་ནོ། །ཡང་གཞན་དུ་ན་ཀུན་རྫོབ་ཀྱི་བདེན་པའི་དགེ་འདུན་ལ་བཀུར་ཞིང་བཙུན་པར་བྱ་བའི་ཕྱིར་ཡང་དེ་སྐད་ཅེས་གསུངས་ཏེ། སངས་རྒྱས་
ཀྱིས་ནི་འཁོར་ཐམས་ཅད་ཀྱི་ནང་ན་དགེ་འདུན་ནི་སངས་རྒྱས་ཀྱི་འཁོར་མཆོག་གོ། །དཔེར་ན་འོ་མ་ལས་ཞོ་འབྱུང་ལ། ཞོ་ལས་མར་འབྱུང་མར་ལས་མར་གྱི་སྙིང་པོ་འབྱུང་སྟེ། མར་གྱི་སྙིང་པོ་ནི་མཆོག་རབ་གྱ་ནོམ་པ་དང་འདྲ་སྟེ། སངས་རྒྱས་ཀྱི་འཁོར་དགེ་འདུན་ཡང་དེ་དང་འདྲ་སྟེ། ཉེ་
གནས་དགེ་འདུན་ཡོད་ན་དེའི་ནང་ན་འཇུག་པ་བཞི་དང་། འབྲས་བུ་བཞི་ཐོབ་པ་བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་ཡོད་པས་ན་འཁོར་རྣམ་པ་དགུ་བཅུ་རྩ་དྲུག་གི་ནང་ན་དགེ་འདུན་ནི་གྱ་ནོམ་པ། མཆོག་རབ་དཔེ་ཟླ་མེད་པ་སྟེ། དེ་བས་ན་ཕྱིས་དགེ་འདུན་ཡོད་པར་འགྱུར་གྱིས་སྐྱབས་སུ་
เล่ม ๗๖ · หน้า 171a
སོང་ཤིག་ཅེས་གསུངས་པ་ལ་དོན་དང་འགལ་བ་མེད་དོ། །གསོལ་པ། སངས་རྒྱས་ཉིད་ཆོས་ལགས་ལ། ཆོས་ཉིད་ཀྱང་དགེ་འདུན་ལགས་ཏེ། དགེ་འདུན་ཉིད་ཀྱང་ཆོས་ལགས་པས་ཡང་དག་པར་ན་ཆོས་གཅིག་ཏུ་བས་ན་ཁྱད་པར་རམ་བྱེ་བྲག་ཅི་མཆིས།
བཀའ་སྩལ་པ། ཆོས་དེ་དག་མཆིས་མོད་ཀྱི་དོན་གྱི་སྒོ་ནས་བྱེ་བྲག་ཡོད་དོ། །དཀོན་མཆོག་གསུམ་ཞེས་བྱ་བ་བསྟན་པ་མེད་པར་ཡེ་ཤེས་ཆེན་པོ་དང་། སློབ་པ་མེད་པའི་ས་ནོན་ཏེ། ཡོན་ཏན་ཐམས་ཅད་དང་ལྡན་པ་ནི་སངས་རྒྱས་དཀོན་མཆོག་ཅེས་བྱའོ། །འགོག་པའི་བདེན་
པ་དང་། འདུས་མ་བྱས་པ་ནི་ཆོས་དཀོན་མཆོག་ཅེས་བྱའོ། །ཉན་ཐོས་ཀྱི་སློབ་པ་དང་། མི་སློབ་པའི་ཡོན་ཏན་དང་། ཤེས་རབ་ཏུ་ལྡན་པ་ནི་དགེ་འདུན་དཀོན་མཆོག་ཅེས་བྱའོ། །ཆོས་ཀྱི་སྒོ་ནས་དབྱེ་ན་བསྟན་པ་མེད་པ་དང་། བསླབ་པ་མེད་པའི་ཆོས་ནི་སངས་རྒྱས་
དཀོན་མཆོག་ཅེས་བྱའོ། །འགོག་པའི་བདེན་པ་དང་། འདུས་མ་བྱས་པ་དང་། སློབ་པ་ཡང་མ་ཡིན། མི་སློབ་པ་ཡང་མ་ཡིན་པའི་ཆོས་ནི་ཆོས་དཀོན་མཆོག་ཅེས་བྱའོ། །ཉན་ཐོས་ཀྱི་སློབ་པ་དང་། མི་སློབ་པ་ནི་དགེ་འདུན་དཀོན་མཆོག་ཅེས་བྱའོ། །དབང་པོའི་སྒོ་
ནས་དབྱེ་ན་སངས་རྒྱས་ནི་ཀུན་ཤེས་པའི་དབང་པོའོ། །ཆོས་ནི་དབང་པོའི་ཆོས་མ་ཡིན་པའོ། །དགེ་འདུན་ནི་ཟག་པ་མེད་པའི་དབང་པོ་གསུམ་མོ། །བདེན་པའི་སྒོ་ནས་དབྱེ་ན་སངས་རྒྱས་ནི་ལམ་གྱི་བདེན་པའི་ཕྱོགས་ཆ་གཅིག་གོ། །ཆོས་ནི་འགོག་པའི་བདེན་པའོ། །དགེ་
འདུན་ཡང་ལམ་གྱི་བདེན་པའི་ཕྱོགས་ཆ་གཅིག་གོ། །དགེ་སྦྱོང་གི་འབྲས་བུའི་སྒོ་ནས་དབྱེ་ན་སངས་རྒྱས་ནི་དགེ་སྦྱོང་ངོ་། །ཆོས་ནི་དགེ་སྦྱོང་གི་འབྲས་བུའོ། །དགེ་འདུན་ནི་དགེ་སྦྱོང་ངོ་། །ཆོས་དཀོན་མཆོག་ནི་དགེ་སྦྱོང་གི་འབྲས་བུའོ། །བྲམ་ཟེའི་སྒོ་ནས་དབྱེ་ན་སངས་
རྒྱས་ནི་བྲམ་ཟེའོ། །ཆོས་ནི་བྲམ་ཟེའི་འབྲས་བུའོ། །དགེ་འདུན་ནི་བྲམ་ཟེའོ། །ཆོས་དཀོན་མཆོག་ནི་བྲམ་ཟེའི་འབྲས་བུའོ། །ཚངས་པར་སྤྱོད་པའི་སྒོ་ནས་དབྱེ་ན་སངས་རྒྱས་ནི་ཚངས་པར་སྤྱོད་པའོ། །ཆོས་ནི་ཚངས་པར་སྤྱོད་པའི་འབྲས་བུའོ། །དགེ་འདུན་ནི་ཚངས་
เล่ม ๗๖ · หน้า 171b
པར་སྤྱོད་པའོ། །ཆོས་དཀོན་མཆོག་ནི་ཚངས་པར་སྤྱོད་པའི་འབྲས་བུའོ། །རྒྱུ་དང་འབྲས་བུའི་སྒོ་ནས་དབྱེ་ན་སངས་རྒྱས་ནི་རྒྱུའོ། །ཆོས་ནི་འབྲས་བུའོ། །དགེ་འདུན་ནི་རྒྱུའོ། །ཆོས་དཀོན་མཆོག་ནི་འབྲས་བུའོ། །ལམ་དང་འབྲས་བུའི་སྒོ་ནས་དབྱེ་ན་སངས་རྒྱས་ནི་
ལམ་མོ། །ཆོས་ནི་འབྲས་བུའོ། །དགེ་འདུན་ནི་ལམ་མོ། །ཆོས་དཀོན་མཆོག་ནི་འབྲས་བུའོ། །སངས་རྒྱས་ཀྱི་སྟོན་པ་ནི་ཆོས་ཡིན་ཏེ། ཆོས་ལས་སངས་རྒྱས་སྐྱེས་པས་ན་ཆོས་ནི་སངས་རྒྱས་ཀྱི་ཡུམ་ཡིན་ཏེ། སངས་རྒྱས་ནི་ཆོས་ལ་གནས་སོ། །གསོལ་པ། སངས་
རྒྱས་ཀྱི་སྟོན་པ་ཆོས་ལགས་ན་ཅིའི་སླད་དུ་དཀོན་མཆོག་གསུམ་ལ་ཆོས་སྔར་མི་སྨོས། བཀའ་སྩལ་པ། སངས་རྒྱས་ཀྱིས་སྟོན་པ་ཆོས་ཡིན་མོད་ཀྱི་ཆོས་ཀྱང་སངས་རྒྱས་མ་ཡིན་པ་གཞན་གྱིས་མི་སྟོན་ཏེ། ལམ་ཞེས་བྱ་བ་ཡང་མིས་བསྒྲུབ་དགོས་པས་དེ་བས་ན་སངས་རྒྱས་སྔར་
སྨོས་སོ། །དེ་ནས་མ་འགགས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་བ་མནོད་པའི་ཚེ། སྔར་ཆོས་དཀོན་མཆོག་སྨོས་ལ། ཕྱིས་སངས་རྒྱས་དཀོན་མཆོག་སྨོས་ན་གསུམ་ལ་སྐྱབས་སུ་མཆི་བར་
རུང་ངམ། བཀའ་སྩལ་པ། རྟོགས་ཤིང་ཤེས་པ་མེད་ན་གོ་རིམས་ནོར་ན་ཡང་ཉེས་པ་མེད་དེ་སྐྱབས་སུ་འགྲོ་བར་ཆུད་དོ། །གལ་ཏེ་ཤེས་བཞིན་དུ་ཆེད་དུ་ནོར་བར་སྨྲས་ན་ཉེས་པ་དང་བཅས་ལ་གསུམ་ལ་སྐྱབས་སུ་འགྲོ་བར་ཡང་མི་ཆུད་དོ། །གསོལ་པ། སངས་རྒྱས་དང་ཆོས་
སྨོས་ལ་དགེ་འདུན་མ་སྨོས་ན་སྐྱབས་སུ་མཆི་བ་གསུམ་དུ་རུང་ངམ། གལ་ཏེ་ཆོས་དང་དགེ་འདུན་སྨོས་ལ་སངས་རྒྱས་མ་སྨོས་ན་སྐྱབས་སུ་མཆི་བར་རུང་ངམ། གལ་ཏེ་སངས་རྒྱས་དང་དགེ་འདུན་སྨོས་ལ་ཆོས་མ་སྨོས་ན་གསུམ་ལ་སྐྱབས་སུ་མཆི་བར་ཆུད་དམ། བཀའ་སྩལ་པ། དེ་གང་
ཡང་མི་རུང་སྟེ་མི་ཆུད་དོ། །གསོལ་པ། གསུམ་ལ་སྐྱབས་སུ་མ་མཆིས་པར་ཚུལ་ཁྲིམས་ལྔ་ཐོབ་པར་རུང་ངམ། གལ་ཏེ་གསུམ་ལ་སྐྱབས་སུ་མ་མཆིས་པར་ཡང་ཡན་ལག་བརྒྱད་ཀྱི་ཚུལ་ཁྲིམས་ཐོབ་པར་རུང་ངམ། གལ་ཏེ་གསུམ་ལ་སྐྱབས་སུ་མཆི་བ་མ་མཆིས་པར་ཚུལ་ཁྲིམས་བཅུ་
เล่ม ๗๖ · หน้า 172a
ཐོབ་པར་རུང་ངམ། ཞུ་བ་དང་གསོལ་བ་བཞིའི་ལས་མ་བགྱིས་པར་ཚུལ་ཁྲིམས་རྫོགས་པར་མནོད་དུ་རུང་ངམ། བཀའ་སྩལ་པ། དེ་དག་གང་ཡང་མི་རུང་ངོ་། །གལ་ཏེ་ཚུལ་ཁྲིམས་ལྔ་ནོད་ན་སྔར་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །གསུམ་ལ་
སྐྱབས་སུ་སོང་བའི་འོག་ཏུ་ཁྲིམས་ལྔ་ཐོབ་པར་འགྱུར་ཏེ། དེ་ནས་ཁྲིམས་ལྔ་གང་ཡིན་པ་བརྗོད་དེ། ཕ་རོལ་པོས་ཁྲིམས་ལྔའི་མིང་ཤེས་པར་བྱའོ། །དེ་བཞིན་དུ་གསོལ་པ་དང་ཞུ་བ་བཞིའི་ལས་བྱས་ནས་ཚུལ་ཁྲིམས་རྫོགས་པར་འགྱུར་ཏེ། དེའི་འོག་ཏུ་གནས་བཞི་
དང་། རྩ་བ་བཞི་དང་། དགེ་འདུན་གྱི་ལྷག་མ་བཅུ་གསུམ་ཤེས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བརྗོད་ཅིང་བསྟན་པར་བྱའོ། །ཡང་གཞན་དུ་ན་སྐྱབས་སུ་འགྲོ་བ་བྱས་ནས་སྲོག་མི་གཅོད་པའི་ཁྲིམས་བསྟན་ན་ཁྲིམས་ཐོབ་པར་འགྱུར་ཏེ། དེ་བས་ན་ཁྲིམས་གཅིག་བཤད་པས་
ཁྲིམས་ལྔ་ཐོབ་ཅེས་བྱ་སྟེ། གལ་ཏེ་ཁྲིམས་གཅིག་ཐུབ་ན་ཁྲིམས་ལྔ་ཆར་ཐུབ་ཅེས་བྱའོ། །ཡང་གཞན་དུ་ན་ཁྲིམས་ལྔ་གཅིག་ལ་གཅིག་འབྲེལ་པ་ཡང་ཡིན་ལ་ཐོག་མ་ནས་ཁྲིམས་ལྔ་མནོད་པར་དམ་བཅས་པའི་ཕྱིར་རོ། །ཡང་གཞན་དུ་ན་ཁྲིམས་ལྔ་ནི་མནོས་པའི་འོག་ཏུ་
ཁྲིམས་ཐོབ་བོ། །སྟོན་པ་ཁ་ཅིག་ནི་སྐྱབས་སུ་འགྲོ་བ་གསུམ་བྱས་ནས་ཁྲིམས་ལྔ་ཐོབ་ཅེས་བྱ་བ་ནི་དོན་བདེན་པ་སྟེ། ཇི་ལྟར་གསོལ་པ་དང་། ཞུ་བའི་ལས་བྱས་པ་བཞིན་ནོ། །ཡན་ལག་བརྒྱད་པའི་ཁྲིམས་ནོད་པ་དང་། ཁྲིམས་བཅུ་ནོད་པ་དང་། ཁྲིམས་ལྔ་ནོད་པ་
བཤད་པ་བཞིན་ནོ། །གསོལ་པ། གལ་ཏེ་སྔར་གསུམ་ལ་སྐྱབས་སུ་མཆིས་ཏེ། དགེ་བསྙེན་དུ་གྱུར་པ་སླད་ཀྱིས་གལ་ཏེ་ཁྲིམས་ལྔ་ནོད་དམ། ཁྲིམས་བཅུ་ནོད་ཀྱང་རུང་། སྐྱབས་སུ་མཆི་བ་གདོད་བགྱི་འཚལ་ལམ། བཀའ་སྩལ་པ། སྐྱབས་སུ་འགྲོ་བ་གསུམ་མ་
བྱས་ཀྱང་སྔར་གསུམ་ལ་སྐྱབས་སུ་སོང་བས་ཚུལ་ཁྲིམས་ཀུན་ཐོབ་བོ། །གསོལ་པ། གལ་ཏེ་གསུམ་ལ་སྐྱབས་སུ་མཆི་བ་ཡང་བགྱིས། གསོལ་པ་དང་ཞུ་བའི་ལས་ཀྱང་མ་བགྱིས་ན་ཁྲིམས་ཐོབ་པར་འགྱུར་རམ། བཀའ་སྩལ་པ། ཁྲིམས་ལྔ་དང་། ཡན་ལག་བརྒྱད་པའི་
เล่ม ๗๖ · หน้า 172b
ཁྲིམས་དང་། ཁྲིམས་བཅུ་ནོད་པ་གསུམ་ལ་སྐྱབས་སུ་སོང་ནས་ཁྲིམས་འཐོབ་བོ། །གལ་ཏེ་ཚུལ་ཁྲིམས་རྫོགས་པར་མནོད་པ་ནི་གསོལ་བ་དང་། ཞུ་བ་བཞིའི་ལས་བྱས་པས་ཚུལ་ཁྲིམས་རྫོགས་པར་འགྱུར་གྱི་གསུམ་ལ་སྐྱབས་སུ་སོང་བས་ནི་མ་ཡིན་ནོ། །ཚུལ་ཁྲིམས་རྫོགས་
པར་མནོད་པ་ནི་དེའི་ཡོན་ཏན་དང་བསོད་ནམས་ཆེ་བས་ན་ལས་ཅུང་ཟད་ཙམ་མམ། རྐྱེན་ཅུང་ཟད་ཙམ་གྱིས་བསྒྲུབ་པར་མི་འགྱུར་བས་དེ་བས་ན་སྐྱབས་སུ་འགྲོ་བ་གསུམ་དང་། དགེ་འདུན་བཅུའི་ནང་དུ་གསོལ་བ་དང་ཞུ་བ་བཞིའི་ལས་བྱས་པས་ཚུལ་ཁྲིམས་ཐོབ་པར་འགྱུར་རོ། །
ཁྲིམས་ལྔ་དང་། ཡན་ལག་བརྒྱད་པའི་ཁྲིམས་དང་། ཁྲིམས་བཅུ་ནི་ཡོན་ཏན་དང་མཐུ་དེ་ཙམ་དུ་མི་ཆེ་བས་དེ་བས་ན་གསུམ་ལ་སྐྱབས་སུ་སོང་བས་ན་ཚུལ་ཁྲིམས་ཐོབ་པར་འགྱུར་ཏེ། ལས་མང་པོ་དང་། རྐྱེན་མང་པོ་མི་དགོས་སོ། །གསོལ་པ། ཚུལ་ཁྲིམས་རྫོགས་པར་མནོས་
པའི་འོག་ཏུ་རྩ་བ་བཞི་དང་། དགེ་འདུན་གྱི་ལྷག་མ་བཅུ་གསུམ་འབའ་ཞིག་ནི་བསྟན་ལ་གཞན་དག་རྫོགས་པར་མི་སྟོན། བཀའ་སྩལ་པ། ཚུལ་ཁྲིམས་རྣམ་པ་འདི་གཉིས་ནི་ནང་གི་ལྕི་བ་ཡིན་ཏེ། རྩ་བ་བཞི་ལས་གཅིག་ཉམས་ན་ཡང་ཕྱིར་གསོར་མི་རུང་ངོ་། །ལྷག་མ་ནི་
གསོར་རུང་མོད་ཀྱི་གསོ་དཀའ་སྟེ། དེ་ཡང་དགེ་འདུན་ལ་མགུ་བ་དང་། ཆད་པའི་ལས་བྱས་ལ་གང་ན་དགེ་འདུན་ཉི་ཤུ་ཡོད་པའི་མདུན་དུ་ཉེས་པ་བཤགས་དགོས་ཏེ། འདི་ནི་བསྲུང་དཀའ་བས་བསྲུང་དགོས་པའི་ཕྱིར་སྨོས་སོ། །གཞན་བསླབ་ན་བསྲུང་སླ་བའི་ཕྱིར་སྨོས་མི་དགོས་ཏེ།
དེ་བས་ན་རྣམ་པ་འདི་གཉིས་སྨོས་ཀྱི་གཞན་མ་སྨོས་པ་ཡིན་ནོ། །གསོལ་པ། སོ་སོར་ཐར་པའི་ཁྲིམས་འདི་ཟག་པ་མེད་པའི་ཁྲིམས་ལགས་སམ། བསམ་གཏན་གྱི་ཚུལ་ཁྲིམས་ལགས། བཀའ་སྩལ་པ། ཟག་པ་མེད་པའི་ཁྲིམས་ཀྱང་མ་ཡིན། བསམ་གཏན་གྱི་ཚུལ་
ཁྲིམས་ཀྱང་མ་ཡིན་ནོ། །སོ་སོར་ཐར་པའི་ཚུལ་ཁྲིམས་འདི་ནི་གལ་ཏེ་སངས་རྒྱས་འཇིག་རྟེན་དུ་གཤེགས་ན་ནི་ཚུལ་ཁྲིམས་འདི་ཡོད་ཀྱི། གལ་ཏེ་སངས་རྒྱས་འཇིག་རྟེན་དུ་མ་གཤེགས་ན་ཚུལ་ཁྲིམས་འདི་མེད་དོ། །ཟག་པ་མེད་པ་དང་། བསམ་གཏན་གྱི་ཚུལ་ཁྲིམས་ནི་སངས་
เล่ม ๗๖ · หน้า 173a
རྒྱས་འཇིག་རྟེན་དུ་གཤེགས་ཀྱང་རུང་། མ་གཤེགས་ཀྱང་རུང་དུས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོད་དོ། །སོ་སོར་ཐར་པའི་ཚུལ་ཁྲིམས་ནི་བཅས་པ་ལས་ཡོད་པར་འགྱུར་གྱི། ཟག་པ་མེད་པ་དང་། བསམ་གཏན་གྱི་ཚུལ་ཁྲིམས་ནི་བཅས་པ་ལས་ཡོད་
པ་མ་ཡིན་ནོ། །སོ་སོར་ཐར་པའི་ཚུལ་ཁྲིམས་ནི་གཞན་ལས་ཐོབ་པར་འགྱུར་གྱི། ཟག་པ་མེད་པ་དང་། བསམ་གཏན་གྱི་ཚུལ་ཁྲིམས་ནི་གཞན་ལས་ཐོབ་པ་མ་ཡིན་ནོ། །སོ་སོར་ཐར་པའི་ཚུལ་ཁྲིམས་ནི་གཉིད་ཀྱིས་ལོག་གམ། མ་ལོག་པའམ། དགེ་བའམ། སྡིག་
པའམ། ལུང་དུ་མི་སྟོན་པའི་སེམས་ཀྱི་དུས་ཐམས་ཅད་དུ་ཡོད་དོ། །ཟག་པ་མེད་པ་དང་། བསམ་གཏན་གྱི་ཚུལ་ཁྲིམས་ནི་བསམ་གཏན་དུ་འདུག་པ་དང་། ཟག་པ་མེད་པའི་སེམས་ལ་ངེས་པའི་ཚེ་ཚུལ་ཁྲིམས་ཡོད་ཀྱི། །སེམས་གཞན་ཐམས་ཅད་ལ་མེད་དོ། །སོ་
སོར་ཐར་པའི་ཚུལ་ཁྲིམས་ནི་མིའི་ནང་འབའ་ཞིག་ན་ཡོད་ཀྱི། ཟག་པ་མེད་པ་དང་། བསམ་གཏན་གྱི་ཚུལ་ཁྲིམས་ནི་ལྷ་དང་མི་གཉིས་ལ་ཡོད་དོ། །སོ་སོར་ཐར་པའི་ཚུལ་ཁྲིམས་ནི་འདོད་པའི་ཁམས་འབའ་ཞིག་ན་ཡོད་ཀྱི། ཟག་པ་མེད་པ་དང་། བསམ་གཏན་གྱི་ཚུལ་
ཁྲིམས་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ན་རྫོགས་པར་ཡོད་དོ། །ཟག་པ་མེད་པའི་ཚུལ་ཁྲིམས་དང་། སོ་སོར་ཐར་པའི་ཚུལ་ཁྲིམས་ནི་སངས་རྒྱས་ཀྱི་སློབ་མ་འབའ་ཞིག་ལ་ཡོད་མོད་ཀྱི། བསམ་གཏན་གྱི་ཚུལ་ཁྲིམས་ནི་མུ་སྟེགས་ཅན་ལ་ཡང་ཡོད་དོ། །
གསོལ་པ། དགེ་བསྙེན་གྱི་ཁྲིམས་ལྔ་ལ་དུ་ནི་རང་བཞིན་གྱི་སྡིག་ལགས། དུ་ནི་བཅས་པའི་སྡིག་ལགས། བཀའ་སྩལ་པ། བཞི་ནི་རང་བཞིན་གྱི་སྡིག །ཆང་འཐུང་བའི་ཁྲིམས་གཅིག་ནི་བཅས་པའི་སྡིག་གོ། །ཆང་འཐུངས་པས་ནི་བག་མེད་པ་ལེ་ལོའི་གནས་ཡིན་པ་སྟེ། སྡིག་
པ་བཞིའི་གྲོགས་སུ་འགྱུར་རོ། །ཁྲིམས་ལྔ་ལ་ཆང་འཐུང་བ་ནི་བག་མེད་པའི་གཞི་ཡིན་པས། ཁྲིམས་བཞི་ཡང་ཉམས་པར་བྱེད་དེ། དཔེར་ན་སངས་རྒྱས་འོད་སྲུང་གི་ཚེ་དགེ་བསྙེན་ཞིག་ཆང་འཐུངས་པའི་རྐྱེན་གྱིས་གཞན་གྱི་ཆུང་མ་ལ་འདོད་པས་ལོག་པར་གཡེམ་པ་ཡང་བྱས།
เล่ม ๗๖ · หน้า 173b
ཕ་རོལ་པོའི་བྱ་ཡང་བརྐུས་ནས་བསད་དོ། །གཞན་ཞིག་གིས་ཁྱོད་ཅིའི་ཕྱིར་འདི་ལྟར་བྱེད་ཅེས་དྲིས་ན་བདག་གིས་བྱས་པ་མེད་ཅེས་ཟེར་ཏེ། དེ་ལྟར་ཆང་འཐུངས་པས་ཁྲིམས་བཞི་ཆར་ཅིག་ཅར་ཉམས་པར་བྱས་སོ། །ཆང་འཐུངས་ན་མཚམས་མེད་པ་བཞི་ཡང་བྱེད་པར་འགྱུར་ཏེ། དགེ་
འདུན་གྱི་དབྱེན་འབའ་ཞིག་བྱེད་མི་ནུས་སོ། །འདི་ཡང་སྔོན་གྱི་ལས་ཀྱིས་གཉེར་བ་མ་ཡིན་མོད་ཀྱི། འོན་ཀྱང་སྨྱོ་བ་དང་མི་དྲན་པར་སྨྱོ་བ་མྱོང་བར་འགྱུར་རོ། །ཆང་འཐུངས་པས་བན་གླང་མྱོས་པ་ལྟར་མྱོས་ཤིང་འཁྲུག་པར་འགྱུར་ཏེ། ཆང་གིས་མྱོས་ན་ཡང་དག་པའི་ལས་སུ་
བྱ་བ་བསམ་གཏན་དང་། མདོ་སྡེ་ཀློག་པ་དང་། འདོན་པ་དང་། དགེ་འདུན་གྱི་ལས་བྱ་བ་རྣམས་ཤོར་བར་འགྱུར་ཏེ། རང་བཞིན་གྱི་སྡིག་པ་མ་ཡིན་མོད་ཀྱི་རང་བཞིན་གྱི་སྡིག་པ་དང་འདྲའོ། །དེ་ནས་མ་འགགས་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
དགེ་བསྙེན་གྱི་ཁྲིམས་ལྟ་བུ་སེམས་ཅན་འབའ་ཞིག་ལས་ཁྲིམས་ཐོབ་བམ། སེམས་ཅན་མ་ཡིན་པ་ལས་ཀྱང་ཐོབ་པར་རུང་། འོན་ཏེ་གསད་དུ་རུང་བ་དང་། རྐུར་ཡོད་པ་དང་། མི་ཚངས་པར་སྤྱད་དུ་རུང་བ་དང་། བརྫུན་སྨྲར་རུང་བའི་སེམས་ཅན་ལས་ཁྲིམས་ཐོབ་པར་འགྱུར་རམ།
འོན་ཏེ་གསད་དུ་མི་རུང་བ་དང་། རྐུར་མ་མཆིས་པ་དང་། མི་ཚངས་པར་སྤྱད་དུ་མི་རུང་བ་དང་། བརྫུན་སྨྲར་མི་རུང་བ་དང་། སེམས་ཅན་ལས་ཀྱང་ཁྲིམས་ཐོབ་པར་འགྱུར། བཀའ་སྩལ་པ། སེམས་ཅན་ལས་ནི་ཁྲིམས་བཞི་ཐོབ་པར་འགྱུར་གྱི་སེམས་ཅན་མ་ཡིན་པ་ལས་ཆང་
མི་འཐུང་བའི་ཁྲིམས་ཐོབ་པར་འགྱུར་རོ། །སེམས་ཅན་དུ་གཏོགས་པ་གསོད་དུ་རུང་བའམ། གསོད་དུ་མི་རུང་བའམ། མི་ཚངས་པར་སྤྱན་དུ་རུང་བའམ། མི་རུང་བའམ། རྐུར་རུང་བའམ། མི་རུང་བའམ། བརྫུན་སྨྲར་རུང་བའམ། མི་རུང་བ་ཐམས་ཅད་ལས་ཚུལ་ཁྲིམས་
ཐོབ་སྟེ། མཚམས་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་མན་ཆད་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པ་དེ་བཞིན་གཤེགས་པའི་བར་དུ་སྲོག་དང་བཅས་པ་ཐམས་ཅད་ལས་ཚུལ་ཁྲིམས་འདི་བཞི་ཐོབ་པར་རུང་
เล่ม ๗๖ · หน้า 174a
སྟེ། དེ་ཡང་ཐོག་མ་ཚུལ་ཁྲིམས་ནོད་པའི་ཚེ་སྲོག་ཆགས་ཐམས་ཅད་ཀྱི་སྲོག་མི་གཅོད་པ་དང་། ཐམས་ཅད་མ་བྱིན་པར་མི་ལེན་པ་དང་། ཐམས་ཅད་ལ་མི་ཚངས་པར་མི་སྤྱོད་པ་དང་། བརྫུན་ཐམས་ཅད་མི་སྨྲའོ་ཞེས་བྱ་བའི་མཐའ་དང་ཚད་གཟུང་དུ་མེད་པས་དེ་བས་ན་
སེམས་ཅན་ཐམས་ཅད་ལས་ཚུལ་ཁྲིམས་མི་ཐོབ་པར་འགྱུར་བ་མེད་དོ། །ཚུལ་ཁྲིམས་འབོགས་པ་ཆོ་ག་བཞིན་དུ་བྱས་ན་སྔར་ཁོང་དུ་ཆུད་ཅིང་ཡིད་ཆེས་པར་བྱ་བའི་ཕྱིར་ཆོས་བཤད་ལ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེའི་སེམས་བསྐྱེད་དུ་གཞུག་གོ། །དེ་ལྟར་ལྷག་པར་
མོས་པའི་སེམས་སྐྱེས་ན་ལྷག་པའི་ཚུལ་ཁྲིམས་ཐོབ་པར་འགྱུར་རོ། །ཡང་ཚུལ་ཁྲིམས་ཐོབ་པ་ནི་སེམས་ཅན་ཐམས་ཅད་ལས་སོ་སོ་ནས་ཚུལ་ཁྲིམས་བཞི་ཐོབ་པར་འགྱུར་ཏེ། ཚུལ་ཁྲིམས་བཞི་སོ་སོར་དབྱེ་ན་ཚུལ་ཁྲིམས་བཅུ་གཉིས་སུ་འགྱུར་རོ། །སེམས་ཅན་ལས་སྲོག་
མི་གཅོད་པ་དང་། མ་བྱིན་པར་མི་ལེན་པ་དང་། མི་ཚངས་པར་མི་སྤྱོད་པ་དང་། བརྫུན་མི་སྨྲ་བས་བཟློག་པའི་ཉེས་པ་བཞི་སྐྱེ་བ་ཡང་རྒྱུ་དང་རྐྱེན་གསུམ་གྱི་ཕྱིར་ཏེ། དེ་ཡང་འདོད་ཆགས་ལས་སྐྱེ་བ་དང་། ཞེ་སྡང་ལས་སྐྱེ་བ་དང་། གཏི་མུག་ལས་སྐྱེ་བའོ། །སེམས་ཅན་ཐམས་
ཅད་ལ་མི་དགེ་བ་བཅུ་གཉིས་པོ་འདི་ཡོད་དེ། མི་དགེ་བ་འདི་ལས་བཟློག་ན་དགེ་བའི་ཚུལ་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་བཅུ་གཉིས་ཐོབ་པར་འགྱུར་རོ། །དཔག་ཏུ་མེད་པའི་སེམས་ཅན་ཐམས་ཅད་ལས་ཐོབ་པ་ཡང་དེ་དང་འདྲའོ། །གལ་ཏེ་དགྲ་བཅོམ་པ་ཁྲི་ཕྲག་བརྒྱའམ།
འབུམ་ཕྲག་བརྒྱ་མྱ་ངན་ལས་འདས་ཀྱང་། ཐོག་མར་དགྲ་བཅོམ་པ་དེ་དག་ལས་ཚུལ་ཁྲིམས་ཐོབ་ན་དགྲ་བཅོམ་པ་མྱ་ངན་ལས་འདས་ཀྱང་ཚུལ་ཁྲིམས་ཉམས་པར་འགྱུར་བ་མ་ཡིན་ནོ། །ཆང་མི་འཐུང་བའི་ཁྲིམས་ནི་ལུས་འདི་ཐོག་མ་ནས་ཐ་མའི་བར་དུ་སྟོང་གསུམ་གྱི་སྟོང་ཆེན་
པོའི་འཇིག་རྟེན་གྱི་ཁམས་ཇི་ཙམ་ཚང་དུ་གཏོགས་པ་ཐམས་ཅད་ལ་རྔུབ་རེ་ཞིང་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་འཐོབ་སྟེ། ཐོག་མ་ཁྲིམས་ནོད་པའི་ཚེ་ཆང་ཐམས་ཅད་མི་འཐུང་ངོ་ཞེས་བྱས་པས་གལ་ཏེ་ཆང་ཐམས་ཅད་ཟད་ཀྱང་ཚུལ་ཁྲིམས་ནི་རྟག་ཏུ་ཡོད་པས་མི་ཉམས་སོ། །གསོལ་པ།
เล่ม ๗๖ · หน้า 174b
ཐོག་མ་ཁྲིམས་ནོད་པའི་ཚེ་བུད་མེད་ཐམས་ཅད་ཀྱི་སྒོ་གསུམ་ནས་འདོད་པས་ལོག་པར་མི་གཡེམ་པའི་ཁྲིམས་མནོས་ལ་ཕྱིས་ཆུང་མ་བླངས་ན་ཚུལ་ཁྲིམས་འདི་ཉམས་པར་འགྱུར་རམ། བཀའ་སྩལ་པ། ཉམས་པར་མི་འགྱུར་རོ། །ཇི་ལྟ་ཞེ་ན། ཐོག་མ་བུད་མེད་ལ་འདོད་པས་ལོག་པར་
མི་གཡེམ་པའི་ཁྲིམས་ཐོབ་ལ་འདི་ནི་བདག་གི་ཆུང་མ་ཡིན་པས་འདོད་པས་ལོག་པར་གཡེམ་པ་མ་ཡིན་ཏེ། ཁྲིམས་འདི་ནི་ཉམས་པར་མི་འགྱུར་རོ། །དོན་འདི་དང་སྦྱར་ན་ཐམས་ཅད་འཐུན་ཏེ། ཁྲིམས་བརྒྱད་དང་། ཁྲིམས་བཅུ་དང་། སེམས་ཅན་དང་། སེམས་ཅན་མ་ཡིན་པ་རྣམས་
ལས་ཚུལ་ཁྲིམས་ཐོབ་པ་ཡང་དེ་དང་འདྲའོ། །ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཡང་སེམས་ཅན་ཀུན་ལ་སོ་སོ་ནས་ཚུལ་ཁྲིམས་བདུན་བདུན་ཞིག་ཐོབ་སྟེ། དེ་ཡང་རྣམ་པར་དབྱེ་ན་ཚུལ་ཁྲིམས་ཉི་ཤུ་རྩ་གཅིག་ཏུ་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་ལུས་དང་ངག་གི་སྡིག་པ་བདུན་
འབྱུང་སྟེ། སྡིག་པ་འབྱུང་བ་འདི་ཡང་རྒྱུ་དང་རྐྱེན་རྣམ་པ་གསུམ་གྱིས་སྐྱེའོ། །དེ་ཡང་འདོད་ཆགས་ཀྱིས་སྐྱེ་བ་དང་། ཞེ་སྡང་གིས་སྐྱེ་བ་དང་། གཏི་མུག་གིས་སྐྱེ་བ་སྟེ། དེ་ལྟར་ན་རྒྱུ་དང་རྐྱེན་གསུམ་གྱིས་སྡིག་པ་བདུན་སྐྱེ་སྟེ། དེ་ལྟར་ན་མི་དགེ་བའི་སྡིག་པ་བདུན་གསུམ་ཉི་ཤུ་གཅིག་
གོ། །སྡིག་པ་དེ་ལས་བཟློག་ན་ཚུལ་ཁྲིམས་སུ་འགྱུར་ཏེ། སེམས་ཅན་གཅིག་ལ་ཚུལ་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་ཉི་ཤུ་རྩ་གཅིག་ཡོད་པ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་དེ་དང་འདྲའོ། །དོན་དེ་དང་སྦྱར་ན་དུས་གཅིག་ཏུ་ཚུལ་ཁྲིམས་གྲངས་མེད་པ་ཐོབ་པར་ནི་རུང་གི །
དུས་གཅིག་ཏུ་ཅིག་ཅར་ཉམས་པར་འགྱུར་བའམ། དུས་གཅིག་ཏུ་མེད་པར་འགྱུར་བ་ནི་མ་ཡིན་ནོ། །ཚུལ་ཁྲིམས་ཉམས་ཞེས་བྱ་བ་ནི་གལ་ཏེ་ཚུལ་ཁྲིམས་ཀྱི་རྩ་བ་ཉམས་ན་གོང་ནས་གོང་དུ་འཕར་བར་མི་འགྱུར་ཏེ། ཇི་སྟེ་ཚུལ་ཁྲིམས་ཕུལ་ལ་ཕྱིས་ནོད་ན་ཡང་ཚུལ་ཁྲིམས་ཐོབ་པར་མི་འགྱུར་
རོ། །དཔེར་ན་ཉིན་ཞག་གཅིག་གི་ཡན་ལག་བརྒྱད་པའི་ཁྲིམས་ཀྱི་རྩ་བ་ཉམས་ན་ཕྱིས་ཁྲིམས་བརྒྱད་དམ། ཁྲིམས་ལྔའམ། ཁྲིམས་བཅུའམ། ཁྲིམས་རྫོགས་པའམ། བསམ་གཏན་གྱི་ཚུལ་ཁྲིམས་སམ། ཟག་པ་མེད་པའི་ཚུལ་ཁྲིམས་སམ། ཚུལ་ཁྲིམས་འདི་དག་གང་
เล่ม ๗๖ · หน้า 175a
ཡང་ནོད་དུ་མི་རུང་ངོ་། །གལ་ཏེ་ཚུལ་ཁྲིམས་ལྔའི་རྩ་བ་ཉམས་ན་ཡང་ཁྲིམས་བརྒྱད་དམ། བཅུའམ། ཚུལ་ཁྲིམས་རྫོགས་པའམ། བསམ་གཏན་གྱི་ཚུལ་ཁྲིམས་སམ། ཟག་པ་མེད་པའི་ཚུལ་ཁྲིམས་མནོས་ཀྱང་ཐམས་ཅད་ཐོབ་པར་མི་རུང་ངོ་། །གལ་ཏེ་
ཁྲིམས་ལྔ་ཉམས་པའི་འོག་ཏུ་ཁྲིམས་ལྔ་ཕུལ་ལ་ཁྲིམས་བཅུ་ནོད་པ་དེ་ནི་གནས་མ་ཡིན་ནོ། །གལ་ཏེ་ཁྲིམས་ལྔ་ཕུལ་བའི་འོག་ཏུ་ཁྲིམས་ལྔ་ནོད་ཀྱང་རུང་། ཁྲིམས་བརྒྱད་དམ། ཁྲིམས་བཅུའམ། ཁྲིམས་རྫོགས་པའམ། བསམ་གཏན་གྱི་ཚུལ་ཁྲིམས་སམ། ཟག་པ་མེད་པའི་
ཁྲིམས་མནོས་ཀྱང་ཁྲིམས་གང་ཡང་མི་འཐོབ་བོ། །གལ་ཏེ་ཁྲིམས་བཅུའམ། ཁྲིམས་རྫོགས་པའི་རྩ་བ་ཉམས་ན་གོང་ནས་གོང་དུ་འཕར་བའམ། ཁྲིམས་ཕུལ་ཏེ་ཁྲིམས་ནོད་པ་ནི་ཇི་ལྟར་ཁྲིམས་ལྔ་ལས་བཤད་པ་དང་འདྲའོ། །གསོལ་པ། བསམ་གཏན་གྱི་ཚུལ་ཁྲིམས་དང་།
ཟག་པ་མེད་པའི་ཚུལ་ཁྲིམས་དང་། སོ་སོར་ཐར་པའི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་འདི་གསུམ་ལས་ཚུལ་ཁྲིམས་མཆོག་ཅེས་བགྱི་བ་གང་ལགས། བཀའ་སྩལ་པ། བསམ་གཏན་གྱི་ཚུལ་ཁྲིམས་མཆོག་སྟེ། གཞན་དུ་ན་སོ་སོར་ཐར་པའི་ཚུལ་ཁྲིམས་ཀྱང་མཆོག་ཡིན་
ནོ། །དེ་ཇི་ལྟ་ཞེ་ན། གལ་ཏེ་སངས་རྒྱས་འཇིག་རྟེན་དུ་གཤེགས་ན་ཚུལ་ཁྲིམས་འདི་ཡོད་པར་འགྱུར་གྱི། བསམ་གཏན་གྱི་ཚུལ་ཁྲིམས་དང་། ཟག་པ་མེད་པའི་ཚུལ་ཁྲིམས་ནི་ཐམས་ཅད་ཀྱི་དུས་སུ་ཡོད་དོ། །སོ་སོར་ཐར་པའི་ཚུལ་ཁྲིམས་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལས་
ཀྱང་ཐོབ་པར་རུང་གི །བསམ་གཏན་གྱི་ཚུལ་ཁྲིམས་དང་། ཟག་པ་མེད་པའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་ལས་ཐོབ་པ་མ་ཡིན་ནོ། །སོ་སོར་ཐར་པའི་ཚུལ་ཁྲིམས་ནི་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་ཐོབ་པར་འགྱུར་གྱི། བསམ་གཏན་གྱི་ཚུལ་ཁྲིམས་དང་།
ཟག་པ་མེད་པའི་ཚུལ་ཁྲིམས་ནི་བྱམས་པའི་སེམས་ཀྱིས་ཐོབ་པ་མ་ཡིན་ནོ། །སོ་སོར་ཐར་པའི་ཚུལ་ཁྲིམས་ནི་སངས་རྒྱས་ཀྱི་ཆོས་འཛིན་པར་འཁོར་རྣམ་པ་བདུན་འཇིག་རྟེན་ན་ཡོད་ཅིང་ཐག་པ་རྣམ་གསུམ་གྱི་འབྲས་བུ་རྒྱུན་མི་འཆད་པར་བྱེད་པའི་གཞིར་འགྱུར་བ་ཡིན་གྱི། བསམ་གཏན་གྱི་
เล่ม ๗๖ · หน้า 175b
ཁྲིམས་དང་། ཟག་པ་མེད་པའི་ཁྲིམས་ནི་དེ་ལྟ་བུ་མ་ཡིན་ཏེ། དེ་བས་ན་ཁམས་གསུམ་ན་མཆོག་རབ་ཕུལ་དུ་གྱུར་པ་ཡིན་ནོ། །ཐོག་མ་ཁྲིམས་ནོད་པའི་ཚེ་གསོལ་བ་དང་ཞུ་བ་བཞིའི་ལས་བྱས་མ་ཐག་ཏུ་ཚུལ་ཁྲིམས་རྫོགས་པར་འགྱུར་ཏེ། ཐོག་མའི་སེམས་སྐད་ཅིག་མ་དང་པོའི་
ཚུལ་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་ནི་ལས་ཞེས་ཀྱང་བྱ། ལས་ཀྱི་ལམ་ཞེས་ཀྱང་བྱའོ། །སེམས་སྐད་ཅིག་མ་ཕྱི་མ་ལས་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་བྱུང་བ་ནི་ལས་ཞེས་བྱའི། ལས་ཀྱི་ལམ་མ་ཡིན་ནོ། །དེ་ལྟ་བས་ན་སེམས་ཀྱི་སྐད་ཅིག་མ་དང་པོ་ལས་
ཚུལ་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་བསམ་པ་ཡོངས་སུ་རྫོགས་ཏེ། བསམ་པ་དང་ལྡན་པས་བསམ་པའི་ལས་ཀྱི་ལམ་ཞེས་བྱའོ། །ཚུལ་ཁྲིམས་སྔ་མས་རྒྱུ་བྱས་ཏེ། ཚུལ་ཁྲིམས་ལྷག་མའི་རྣམ་པར་རིག་བྱེད་ཀྱི་གཟུགས་ལྷུན་གྱིས་གྲུབ་པས་དེ་བས་ན་དེ་ལ་ལས་ཞེས་བྱའི་ལས་
ཀྱི་ལམ་མ་ཡིན་ནོ། །དང་པོའི་སེམས་སྐད་ཅིག་མ་གཅིག་གི་ཁྲིམས་ནི་ཆོ་ག་དང་ཡང་བཅས་ལ་ཆོ་ག་མེད་པ་ཡང་མ་ཡིན་ནོ། །ཕྱིས་རིམ་གྱིས་སྐྱེ་བའི་ཁྲིམས་ནི་ཆོ་ག་མེད་པ་འབའ་ཞིག་དང་ལྡན་གྱི། ཆོ་ག་དང་བཅས་པ་མ་ཡིན་ནོ། །ཐོག་མའི་སེམས་སྐད་ཅིག་མ་གཅིག་གི་ཁྲིམས་ནི་ཚུལ་
ཁྲིམས་ཞེས་ཀྱང་བྱ། དགེ་བར་སྤྱོད་པ་ཞེས་ཀྱང་བྱ། འདུལ་བ་ཞེས་ཀྱང་བྱའོ། །ཕྱིས་རིམ་གྱིས་དེ་མ་ཐག་ཏུ་སྐྱེ་བའི་ཚུལ་ཁྲིམས་ཀྱང་དོན་དེ་དང་ལྡན་ནོ། །དེ་ནས་མ་འགགས་པས་ཡང་བཅོམ་ལྡན་འདས་ལ་གསོལ་པ། དུས་གསུམ་དུ་བཀུམ་པའི་ནང་ན་དུས་གང་གིས་ཚུལ་ཁྲིམས་ཐོབ་
པར་འགྱུར། བཀའ་སྩལ་པ། ད་ལྟར་གྱི་དུས་ཀྱི་སེམས་སྐད་ཅིག་མ་གཅིག་གིས་ཁྲིམས་ཐོབ་པར་འགྱུར་རོ། །འདས་པ་དང་མ་འོངས་པ་ནི་ཆོས་ཡིན་ཏེ། སེམས་ཅན་མ་ཡིན་པས་ཁྲིམས་མི་འཐོབ་ཀྱི། ད་ལྟར་གྱི་སེམས་སྐད་ཅིག་མ་གཅིག་ནི་སེམས་ཅན་ཡིན་པས་ན་ཁྲིམས་འཐོབ་བོ། །
གསོལ་པ། དགེ་བའི་སེམས་ཀྱིས་ཚུལ་ཁྲིམས་ཐོབ་བམ། མི་དགེ་བའི་སེམས་ཀྱིས་སམ། འོན་ཏེ་ལུང་དུ་མ་བསྟན་པའི་སེམས་ཀྱིས་སམ། སེམས་མེད་པས་ཁྲིམས་ཐོབ་པར་འགྱུར། བཀའ་སྩལ་པ། ཐམས་ཅད་ཀྱིས་ཐོབ་པར་འགྱུར་ཏེ། ཐོག་མ་དགེ་བའི་སེམས་ཀྱིས་དགེ་
เล่ม ๗๖ · หน้า 176a
འདུན་གྱི་རྐང་པ་ལ་ཕྱག་བྱས་ལ་ཆོས་གོས་དང་ལྷུང་བཟེད་བླངས་ཏེ་མཁན་པོ་གང་ཡིན་པ་ལ་གསོལ་བ་གདབ་བོ། །དེ་ནས་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ལ་གསོལ་བ་དང་ཞུ་བ་བཞིའི་ལས་བར་ཆད་མེད་པར་དགེ་བའི་སེམས་ཀྱིས་ཁྲིམས་རྫོགས་པ་ནི་དགེ་བའི་
སེམས་ཀྱིས་ཚུལ་ཁྲིམས་ཐོབ་པ་ཞེས་བྱའོ། །གལ་ཏེ་དེ་ལྟར་ཆོ་ག་རིམ་གྱིས་བྱེད་པ་ན་རྟག་ཏུ་དགེ་བའི་སེམས་དང་ལྡན་ཏེ། ལས་བྱེད་པ་ལས་གསོལ་བ་དང་ཞུ་བ་བཞིའི་ལས་བྱེད་པའི་ཚེ། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་མི་དགེ་བའི་བསམ་པ་བྱུང་ན་སེམས་ཅན་དེ་ཉིད་
ཀྱིས་ཚུལ་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་དང་ལྡན་ཡང་དེ་ནི་མི་དགེ་བའི་སེམས་ཀྱིས་ཁྲིམས་ཐོབ་པ་ཞེས་བྱ་སྟེ། དེ་ཡང་ཐོག་མའི་དགེ་བའི་སེམས་དང་། དགེ་བའི་ལས་ཀྱི་ཤུགས་ཀྱིས་ཁྲིམས་ཐོབ་པ་ཡིན་གྱི་མི་དགེ་བའི་སེམས་ཀྱིས་ཐོབ་པ་མ་ཡིན་ནོ། །སྔར་དགེ་བའི་སེམས་
ཀྱིས་ཆོ་གའི་ལས་བྱས་ལ་གསོལ་བ་དང་ཞུ་བ་བཞིའི་ལས་བྱེད་པའི་ཚེ། གལ་ཏེ་གཉིད་ལོག་གམ། ཡུར་ན་ལོག་ཅིང་ཡུར་བའི་སེམས་ལས་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་སྐྱེ་བ་ནི་ལུང་དུ་མ་བསྟན་པའི་སེམས་ཀྱིས་ཁྲིམས་ཐོབ་པ་ཞེས་བྱའོ། །སྔར་དགེ་བའི་སེམས་ཀྱིས་ཆོ་ག་
བྱས་ལ་གསོལ་བ་དང་ཞུ་བ་བཞིའི་ལས་བྱེད་པའི་ཚེ་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་དེའི་ཚེ་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་དང་ལྡན་པས་དེ་ནི་སེམས་མེད་པ་ལས་ཁྲིམས་ཐོབ་པ་ཞེས་བྱའོ། །མ་འགགས་པས་ཡང་གསོལ་པ་གལ་ཏེ་ཁྱིམ་པས་ཁྲིམས་ལྔ་མ་མནོས་པར་
ཐལ་བྱུང་ཁྲིམས་བཅུ་མནོས་ན། ཁྲིམས་ཐོབ་པར་འགྱུར་རམ། བཀའ་སྩལ་པ། དུས་གཅིག་དུ་དགེ་བསྙེན་གྱི་ཁྲིམས་དང་། དགེ་སྦྱོང་གི་ཁྲིམས་རྣམ་པ་གཉིས་ཐོབ་བོ། །གལ་ཏེ་ཁྲིམས་ལྔ་ཡང་མ་མནོས། ཁྲིམས་བཅུ་ཡང་མ་མནོས་པར་ཐལ་བྱུང་ཁྲིམས་རྫོགས་པར་མནོས་ན་ཡང་
དུས་གཅིག་ཏུ་ཁྲིམས་གསུམ་ཆར་ཐོབ་པར་འགྱུར་རོ། །མ་འགགས་པས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཁྲིམས་རྫོགས་པར་མནོས་པས་དུས་གཅིག་ཏུ་ཁྲིམས་རྣམ་པ་གསུམ་ཆར་ཐོབ་པར་འགྱུར་ན། རིམ་གྱིས་སྔར་ཁྲིམས་ལྔ་མནོས་ལ་དེའི་འོག་ཏུ་ཁྲིམས་བཅུ་མནོས་ཏེ། ཕྱིས་
เล่ม ๗๖ · หน้า 176b
ཁྲིམས་རྫོགས་པར་མནོད་དོ་ཞེས་བགྱིར་ཡང་ཅི་འཚལ། བཀའ་སྩལ་པ། དུས་གཅིག་ཏུ་ཚུལ་ཁྲིམས་གསུམ་ཆར་ཐོབ་མོད་ཀྱི། གང་སངས་རྒྱས་ཀྱི་ཆོས་ལ་ལྷག་པར་མོས་པ་ནི་གདོན་མི་ཟ་བར་རིམ་གྱིས་སྔར་ཁྲིམས་ལྔ་མནོས་ཏེ། དུལ་བར་བྱས་ལ་དད་པ་དང་། མོས་པ་ལྷག་པར་
སྐྱེས་ནས་དེའི་འོག་ཏུ་ཁྲིམས་བཅུ་ནོད་དོ། །ཁྲིམས་བཅུ་མནོས་ནས་དགེ་བའི་རྩ་བ་ལྷག་པར་སྐྱེས་ནས་དེའི་འོག་ཏུ་ཚུལ་ཁྲིམས་རྫོགས་པར་མནོས་ན། དེ་ལྟར་རིམ་གྱིས་སངས་རྒྱས་ཀྱི་ཆོས་ཀྱི་རོ་ཐོབ་ཅིང་མོས་པ་བརྟན་པ་མི་ཤིགས་པར་འགྱུར་རོ། །དཔེར་ན་རྒྱ་མཚོ་ཆེན་པོར་འཇུག་པ་
ཡང་བགས་ཀྱིས་ཟབ་པ་དང་འདྲ་བར་སངས་རྒྱས་ཀྱི་ཆོས་ཀྱི་རྒྱ་མཚོར་འཇུག་པ་ཡང་དེ་དང་འདྲ་སྟེ། ཚུལ་ཁྲིམས་རྫོགས་པར་ཅིག་ཅར་མནོས་ན་གོ་རིམས་ཀྱང་ཤོར་ལ་སྤྱོད་ལམ་ཡང་ཉམས་པར་འགྱུར་རོ། །གཞན་དུ་ན་ཚུལ་ཁྲིམས་ཀྱང་སེམས་ཅན་ཁ་ཅིག་ནི་ཁྲིམས་ལྔ་མནོས་པས་ལམ་
གྱི་འབྲས་བུ་ཐོབ་པར་འགྱུར་བ་ཡང་ཡོད་དོ། །སེམས་ཅན་ཁ་ཅིག་ནི་ཚུལ་ཁྲིམས་བཅུ་མནོས་པའི་རྐྱེན་གྱིས་ལམ་གྱི་འབྲས་བུ་ཐོབ་པ་ཡང་ཡོད་དེ། དེ་ལྟར་རྒྱུ་དང་རྐྱེན་རྣམ་པ་ཐ་དད་པས་ན་དེ་བཞིན་གཤེགས་པས་གོ་རིམས་བསྟན་པ་ཡིན་ནོ། །གལ་ཏེ་སྔར་ཁྲིམས་ལྔ་མནོས་ལ་དེའི་
འོག་ཏུ་ཁྲིམས་བཅུ་མནོས་ན་ཁྲིམས་བཅུ་མནོས་པའི་ཚེ་ཡང་ཁྲིམས་གཉི་ག་དང་ལྡན་ནོ། །ཁྲིམས་ལྔ་དང་ཁྲིམས་བཅུ་མནོས་པའི་འོག་ཏུ་ཁྲིམས་རྫོགས་པར་མནོས་ན་རྫོགས་པར་མནོས་པའི་ཚེ་ཁྲིམས་གསུམ་ཆར་དང་ཡང་ལྡན་ནོ། །ཁྲིམས་ལྔ་དང་། ཁྲིམས་བཅུ་དང་། ཁྲིམས་
རྫོགས་པར་མནོད་པ་རྣམ་པ་བདུན་ལ་གསོལ་བ་དང་ཞུ་བ་བཞིའི་ལས་བྱེད་པའི་ཁྲིམས་འབའ་ཞིག་ནི་རིམ་གྱིས་དུས་གསུམ་དུ་ཐོབ་བོ། །ལྷག་མ་རྣམ་པ་དྲུག་ནོད་པ་ནི་དུས་གཅིག་གིས་ཐོབ་ཀྱི། དུས་གསུམ་གྱི་རིམ་པ་མེད་དོ། །དེ་ལྟར་ཚུལ་ཁྲིམས་རྣམ་པ་གསུམ་དུས་གཅིག་ཏུ་ཐོབ་
པ་འགལ་ཏེ་ཚུལ་ཁྲིམས་ཕྱིར་དབུལ་བའི་ཚེ་བདག་ནི་དེང་ཕྱིན་ཆད་དགེ་སྦྱོང་ཡིན་ཏེ། དགེ་སློང་མ་ཡིན་ནོ། །ཞེས་སྨྲས་པས་ཚུལ་ཁྲིམས་རྫོགས་པ་མེད་ཀྱང་ཚུལ་ཁྲིམས་གཉིས་མེད་པ་མ་ཡིན་ཏེ་ཡོད་དོ། །ཚུལ་ཁྲིམས་ལྔ་དང་། ཚུལ་ཁྲིམས་བཅུ་མནོས་པ་ལས་ད་ཕྱིན་ཅད་བདག་ནི་
เล่ม ๗๖ · หน้า 177a
དགེ་བསྙེན་ཡིན་ཏེ། དགེ་སྦྱོང་མ་ཡིན་ནོ་ཞེས་སྨྲས་ན་ཁྲིམས་བཅུ་མེད་པར་ཟད་ཀྱི། ཁྲིམས་ལྔ་ཡོད་དོ། །གལ་ཏེ་བདག་ནི་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཁྲིམས་ཐམས་ཅད་དབུལ་ཏེ། བདག་ལ་སྐྱབས་སུ་འགྲོ་བའི་དགེ་བསྙེན་དུ་ཟུང་ཤིག་ཅེས་སྨྲས་ན་ཚུལ་ཁྲིམས་
རྣམ་པ་གསུམ་ཅིག་ཅར་མེད་ཀྱང་སྐྱབས་སུ་འགྲོ་བ་གསུམ་མེད་པ་མ་ཡིན་ནོ། །གོ་རིམས་ཀྱིས་ཚུལ་ཁྲིམས་རྣམ་པ་གསུམ་ཐོབ་པ་དང་། ཕྱིར་དབུལ་བའི་ཆོ་ག་དང་། རིམ་པ་ནི་ཇི་ལྟར་དུས་གཅིག་ཏུ་ཁྲིམས་ཐོབ་པ་བསྟན་པ་དང་འདྲའོ། །གསོལ་པ་གལ་ཏེ་སྔོན་དགེ་བསྙེན་ལས་རབ་ཏུ་
བྱུང་སྟེ་ཁྲིམས་བཅུ་མནོས་ན་ཁྲིམས་ལྔ་མ་མཆིས་པར་མི་འགྱུར་རམ། བཀའ་སྩལ་པ། མེད་པར་མི་འགྱུར་ཏེ། མིང་དང་གོ་རིམས་བརྗེས་པར་ཟད་ཀྱི། ཁྲིམས་མེད་པར་འགྱུར་བ་མ་ཡིན་ནོ། །དེ་ཡང་དགེ་བསྙེན་གྱི་མིང་སྟོར་ཏེ་དགེ་སྦྱོང་གི་མིང་ཐོབ་བོ། །ཁྱིམ་པའི་གོ་རིམས་སྟོར་གྱི་རབ་ཏུ་
བྱུང་བའི་གོ་རིམས་ཐོབ་བོ། །གསོལ་པ་དགེ་སློང་གི་ཚུལ་ཁྲིམས་རྫོགས་པར་མནོས་ན་ཁྲིམས་བཅུ་དང་ཁྲིམས་ལྔ་མ་མཆིས་པར་མི་འགྱུར་རམ། བཀའ་སྩལ་པ། མེད་པར་མི་འགྱུར་ཏེ། དེ་ཡང་མིང་དང་གོ་རིམས་སྟོར་བར་ཟད་དེ། དགེ་སྦྱོང་གི་མིང་སྟོར་ནས་དགེ་སློང་གི་མིང་ཐོབ་བོ། །
དགེ་སྦྱོང་གི་གོ་རིམས་སྟོར་ནས། དགེ་སློང་གི་གོ་རིམས་ཐོབ་སྟེ། ཐོག་མ་དང་ཐ་མའི་བར་དུ་ཚུལ་ཁྲིམས་ཡིན་གྱི། མིང་ཙམ་ནི་འཕྲལ་ལ་འདོགས་སོ། །དཔེར་ན་སྐྱེད་ཤིང་དང་ཤིང་གི་ལོ་མ་ལྟ་བུ་དཔྱིད་དང་དབྱར་ནི་སྔོ། སྟོན་ནི་སེར། དགུན་ནི་སྐྱ་སྟེ། དེ་ཡང་དུས་ཀྱིས་བསྒྱུར་བས་ཤིང་
གི་ལོ་མ་ཁ་དོག་ཐ་དད་པར་འགྱུར་གྱི། ཐོག་མ་ནས་ཐ་མའི་བར་དུ་ཤིང་གི་ལོ་མར་ཟད་དེ་ཚུལ་ཁྲིམས་ཡང་དེ་དང་འདྲ་བར་རྟག་ཏུ་ཚུལ་ཁྲིམས་གཅིག་ཏུ་ཟད་ན་དུས་ཀྱིས་ཐ་དད་པར་འགྱུར་རོ། །གཞན་ཡང་དཔེར་ན་འོ་མ་དང་། ཞོ་དང་། མར་དང་། མར་གྱི་སྙིང་པོ་ནི་རྣམ་པ་བཞིར་ཐ་དད་དེ།
དེ་ལྟར་དུས་ཀྱི་ཐ་དད་ཀྱང་གཅིག་ཏུ་ཟད་པ་དང་འདྲ་བར། ཚུལ་ཁྲིམས་ཀྱང་དེ་དང་འདྲ་སྟེ། དུས་གསུམ་གྱིས་ཐ་དད་ཀྱང་། ཚུལ་ཁྲིམས་ལ་ཐ་དད་པ་མེད་དོ། །མ་འགགས་པས་ཡང་གསོལ་པ། བཅོམ་ལྡན་འདས་དགེ་བསྙེན་ཁྲིམས་ནོད་པ་ཉམས་ཀྱིས་རྫོགས་པར་ནོད་པར་
เล่ม ๗๖ · หน้า 177b
མི་ནུས་པ་ཚུལ་ཁྲིམས་གཅིག་གམ། གཉིས་སམ། བཞིའི་བར་དུ་མནོས་ན་ཚུལ་ཁྲིམས་མནོས་པར་ཆུད་དམ། བཀའ་སྩལ་པ། དེས་ཁྲིམས་མི་འཐོབ་བོ་གསོལ་པ། གལ་ཏེ་ཁྲིམས་མི་ཐོབ་ན་མདོ་སྡེ་དག་ལས་ཕྱོགས་ཆ་ཆུང་བའི་དགེ་བསྙེན་དང་། ཕྱོགས་ཆ་ཆེ་
བའི་དགེ་བསྙེན་དང་། ཕྱོགས་ཆ་རྫོགས་པའི་དགེ་བསྙེན་མཆིས་པར་གསུངས་ན་དེའི་དོན་དེ་ཇི་ལྟ་བུ་ལགས། བཀའ་སྩལ་པ། དེ་སྐད་ཅེས་གསུངས་པ་ཡང་ཁྲིམས་བསྲུངས་པའི་ཡོན་ཏན་ཆེ་ཆུང་ཡོད་པ་ལས་དགོངས་ཏེ་གསུངས་ཀྱི། དེ་ལྟར་ཚུལ་ཁྲིམས་མནོད་དུ་རུང་བ་ནི་མ་
ཡིན་ནོ། །མ་འགགས་པས་ཡང་གསོལ་པ། བཅོམ་ལྡན་འདས་ཁྲིམས་ལྔ་ནོད་པའི་ཉིན་ཞག་གཅིག་གམ། ཉིན་ཞག་གཉིས་ནས་ཉིན་ཞག་བཅུའི་བར་དུ་དེ་ལྟར་མནོས་ན་ཁྲིམས་ཐོབ་པར་འགྱུར་རམ། བཀའ་སྩལ་པ། དེ་ལྟར་མི་རུང་ངོ་། །སངས་རྒྱས་ཀྱིས་ཚུལ་ཁྲིམས་
བཅས་པ་ཡང་སོ་སོ་ནས་དུས་དང་ཚད་ཡོད་དེ། དེ་ཡང་ཚུལ་ཁྲིམས་ལྔ་ནོད་པ་ནི་གདོན་མི་ཟ་བར་ནམ་འཚོའི་བར་དུ་མནོད་དགོས་སོ། །གལ་ཏེ་ཡན་ལག་བརྒྱད་པའི་ཁྲིམས་མནོད་ན་གདོན་མི་ཟ་བར་ཉིན་ཞག་གཅིག་པ་མནོད་དགོས་ཏེ། དེ་བས་ན་སྔ་མ་མི་རུང་ངོ་། །གསོལ་བ་
དང་ཞུ་བ་བཞིའི་ལས་བྱས་ཏེ་ཁྲིམས་ནོད་པ་ཡང་རབ་དང་། འབྲིང་དང་། ཐ་མ་ཡོད་དོ། །དེ་ལ་ཁྲིམས་ལྔ་ནི་ཁྲིམས་ཐ་མའོ། །ཁྲིམས་བཅུ་ནི་ཁྲིམས་འབྲིང་པོའོ། །ཁྲིམས་རྫོགས་པ་ནི་ཁྲིམས་རབ་ཅེས་བྱའོ། །ཁྲིམས་ལྔ་ལ་ཡང་རབ་འབྲིང་རྣམ་པ་གསུམ་སྟེ། གལ་ཏེ་
ཆུང་ཞིང་ཞན་པའི་སེམས་ཀྱིས་ཁྲིམས་མནོས་པ་ནི་ཁྲིམས་ཐ་མ་ཞེས་བྱའོ། །སེམས་འབྲིང་གིས་ཚུལ་ཁྲིམས་མནོས་པ་ནི་ཁྲིམས་འབྲིང་ཐོབ་པར་འགྱུར་རོ། །གལ་ཏེ་སེམས་རབ་ཀྱིས་ཚུལ་ཁྲིམས་མནོས་པ་ནི་ཁྲིམས་རབ་ཐོབ་པར་འགྱུར་རོ། །ཚུལ་ཁྲིམས་རྫོགས་པ་ལ་རབ་
འབྲིང་གསུམ་ཡོད་པ་ཡང་ཁྲིམས་ལྔ་བསྟན་པ་བཞིན་ནོ། །གལ་ཏེ་སྔར་སེམས་ཐ་མས་ཁྲིམས་མནོས་པའི་འོག་ཏུ་སེམས་རབ་འབྲིང་གིས་ཁྲིམས་བཅུ་མནོས་ན་ཁྲིམས་ལྔ་ནི་སྔ་མ་ལས་སྐྱེ་ཞིང་ལྷག་པ་མེད་ཀྱི། ཁྲིམས་ལྔ་མ་གཏོགས་པར་ཁ་ཟས་དུས་མ་ཡིན་པར་མི་བཟའ་བའི་
เล่ม ๗๖ · หน้า 178a
བར་དུ་ཁྲིམས་ལྷག་མ་ལྔ་ནི་ལྷག་པའི་ཁྲིམས་སུ་འགྱུར་ཏེ། ཚུལ་ཁྲིམས་སྔར་མནོས་པ་ལྔ་ནི་ཐ་མར་འགྱུར་རོ། །སེམས་ཐ་མས་སྔར་ཁྲིམས་ལྔ་མནོས་ལ། དེའི་འོག་ཏུ་སེམས་རབ་དང་འབྲིང་གིས་ཁྲིམས་རྫོགས་པར་མནོས་ན་ཡང་ཁྲིམས་སྔར་མནོས་
པ་ལྔ་ནི་སྐྱེ་བའམ་ལྷག་པ་མེད་ཀྱི། ཁྲིམས་སྔ་མ་ལྔ་མ་གཏོགས་པར་ཚུལ་ཁྲིམས་གཞན་ཐམས་ཅད་ཚུལ་ཁྲིམས་རྫོགས་པར་མནོད་པའི་ཚེ་རབ་དང་ལྷག་པའི་སེམས་ཀྱིས་མནོས་པས་ལྷག་པའི་ཚུལ་ཁྲིམས་རབ་ཐོབ་པར་འགྱུར་རོ། །དེ་བས་ན་སོ་སོར་ཐར་པའི་ཚུལ་ཁྲིམས་
ནི་ཉིས་རིམ་དུ་ཐོབ་པ་མེད་དེ་རིམ་པར་དབྱེ་ན་ཁྲིམས་ལྔ་ནི་ཐ་མ་ཞེས་བྱའོ། །ཁྲིམས་བཅུ་ནི་འབྲིང་ཞེས་བྱ། ཚུལ་ཁྲིམས་རྫོགས་པ་ནི་རབ་ཅེས་བྱའོ། །དོན་གྱི་སྒོ་ནས་དབྱེ་ན་སེམས་རབ་ཀྱི་ཁྲིམས་ལྔ་མནོས་ན་ཁྲིམས་དེ་ནི་རབ་ཅེས་བྱ། སེམས་འབྲིང་གིས་ཁྲིམས་བཅུ་མནོས་ན་
ཁྲིམས་འབྲིང་ཞེས་བྱ། སེམས་ཐ་མས་ཚུལ་ཁྲིམས་རྫོགས་པར་མནོས་ན་ཚུལ་ཁྲིམས་ཐ་མ་ཞེས་བྱའོ། །དོན་དང་སྦྱར་ན་སེམས་རབ་དང་། འབྲིང་དང་། ཐ་མ་ལས་ཚུལ་ཁྲིམས་ཐོབ་པ་མི་འཐུན་ཏེ། ངེས་པར་གཅིག་ཏུ་ཆད་པ་མེད་དོ། །གལ་ཏེ་མཁན་པོ་ཞིག་ལ་ཁྲིམས་
བཅུ་ནོད་པར་གསོལ་བ་བཏབ་པ་ལས་ཁྲིམས་བཅུ་ནོད་པའི་ཚེ་མཁན་པོ་མངོན་སུམ་དུ་མ་གྱུར་ཀྱང་ཁྲིམས་བཅུ་ཐོབ་བོ། །གལ་ཏེ་ཁྲིམས་བཅུ་ནོད་པའི་ཚེ་མཁན་པོ་ཤི་ན་ཤི་བར་ཤེས་སམ་ཐོས་ན་ཁྲིམས་མནོས་ཀྱང་ཁྲིམས་མི་འཐོབ་བོ། །གལ་ཏེ་ཤི་བར་མི་ཤེས་མ་ཐོས་ན་ཁྲིམས་
ཐོབ་བོ། །གསོལ་བ་དང་ཞུ་བ་བཞིའི་ལས་བྱེད་པའི་ཚུལ་ཁྲིམས་མནོད་པ་ནི་མཁན་པོ་མངོན་སུམ་དུ་མ་གྱུར་ན་ཁྲིམས་མནོད་ཀྱང་ཁྲིམས་ཐོབ་པར་མི་འགྱུར་ཏེ། དགེ་འདུན་གྱི་གྲངས་མ་ཚང་བའི་ཕྱིར་རོ། །གལ་ཏེ་དགེ་འདུན་གྱི་གྲངས་ཚང་ན་མཁན་པོ་མེད་ཀྱང་ཁྲིམས་མནོད་དུ་རུང་ངོ་། །མ་
འགགས་པས་ཡང་གསོལ་པ། བཅོམ་ལྡན་འདས་དགེ་བསྙེན་གྱི་ཁྲིམས་ལྔ་པས་ཚོང་སྤོགས་བགྱིར་རུང་ངམ། བཀའ་སྩལ་པ། ཚོང་སྤོགས་བྱར་རུང་སྟེ། ལས་རྣམ་པ་འདི་ལྔ་ནི་མི་བྱའོ། །རྐང་འགྲོས་ཕྱུགས་ཀྱི་ཚོང་སྤོགས་ཀྱི་ལས་མི་བྱའོ། །བདག་ཉིད་ཀྱི་ཕྱུགས་ཡོད་ན་ཚོང་དུ་
เล่ม ๗๖ · หน้า 178b
གནང་གི །ཤེན་པ་ལ་བཙོང་དུ་མི་རུང་བ་དང་། མདའ་གཞུ་མཚོན་ཆའི་བག་ཚོང་སྤོགས་བགྱིར་མི་རུང་བ་དང་། བདག་ལ་ཡོད་པ་ནི་འཚོང་དུ་རུང་བ་དང་། ཆང་གི་ཚོང་སྤོགས་ཀྱི་ལས་བྱར་མི་རུང་སྟེ། བདག་ཉིད་ལ་ཡོད་ན་འཚོང་དུ་རུང་བ་དང་སྲིན་བུ་མང་དུ་འཆི་བས་འབྲུ་མར་འཚིར་དུ་
མི་རུང་བ་དང་། རྒྱ་གར་གྱི་ཆོས་ཀྱིས་དེ་བཞིན་ཏེ། ག་བུ་ཤ་ཚུན་ཆད་ནི་འབྲུ་མར་འཚིར་བའི་ནང་ན་སྲིན་བུ་མེད་ན་ཉེས་པ་མེད་དོ། །ཁ་དོག་ཚོན་ཆེན་པོ་རྣམ་པ་ལྔ་བཙོ་བླག་བྱེད་པ་ཡང་སྲིན་བུ་མང་དུ་འཆི་བས་མི་རུང་སྟེ། ཡོག་ཤ་ལ་སོགས་པ་ཡུལ་གཞན་དག་ན་ཚོན་གྱི་བཙོ་བླག་བྱེད་
པ་ལས་སྲིན་བུ་མང་དུ་འཆི་སྟེ། དེ་བས་ན་མི་གནང་ངོ་། །ཡུལ་རྒྱ་ཡུལ་ཡང་ཁ་དོག་མཐིང་ག་བཙོ་བ་ནི་སྲིན་བུ་མང་དུ་འཆི་བས་བཙོ་བླག་རྣམ་པ་ལྔའི་ནང་དུ་གཏོགས་སོ། །མ་འགགས་པས་ཡང་གསོལ་པ། བཅོམ་ལྡན་འདས་ཉིན་ཞག་གཅིག་གིས་ཁྲིམས་བརྒྱད་ཅེས་བགྱི་བ་དུས་
མ་ལགས་པར་ཕྱེམ་རེད་ཁ་ཟས་མི་འཚལ་བ་མ་གཏོགས་པ་དགུར་འགྱུར་ན་ཇི་ལྟར་བརྒྱད་ཅེས་བགྱི། བཀའ་སྩལ་པ། ཁྲིམས་ཞེས་བྱ་བ་ནི་ཆོས་ཀྱིས་ཕྱེམ་རེད་དུས་མ་ཡིན་པར་ཁ་ཟས་མི་ཟ་བ་ཡིན་ཏེ། ཁྲིམས་བརྒྱད་ཀྱི་ཡན་ལག་ཡིན་ཏེ། གྲོགས་སུ་གྱུར་པས་ཡན་ལག་
གི་ཁྲིམས་བརྒྱད་ཅེས་བྱའི། དགུར་ནི་མ་ཡིན་ནོ། །གསོལ་པ། ཡན་ལག་བརྒྱད་པའི་ཁྲིམས་མནོས་ན་གང་ཟག་དེ་འཁོར་རྣམ་པ་བདུན་ལ་འཁོར་གང་གི་ནང་དུ་བསྡུ། བཀའ་སྩལ་པ། ནམ་འཚོ་བའི་བར་གྱི་ཁྲིམས་མ་མནོས་ཀྱང་ཉིན་ཞག་གཅིག་གི་ཁྲིམས་ཡོད་པས་དེ་ལ་
ཡང་དགེ་བསྙེན་ཞེས་བྱའོ། །གཞན་དུ་ན་དགེ་བསྙེན་ཞེས་བྱར་ནི་ནམ་འཚོ་བའི་བར་དུ་ཚུལ་ཁྲིམས་མནོས་པ་མེད་ལ། དགེ་བསྙེན་མ་ཡིན་ཞེས་བྱར་ནི་ཉིན་ཞག་གཅིག་གི་ཁྲིམས་ཡོད་པས་དེ་ནི་གང་ཟག་བར་མ་དོ་ཞེས་མདོ་སྡེ་ལས་ཀྱང་འབྱུང་ངོ་། །མ་འགགས་པས་ཡང་
གསོལ་པ། བཅོམ་ལྡན་འདས་འཁོར་བདུན་མ་གཏོགས་པར་སོ་སོར་ཐར་པའི་ཚུལ་ཁྲིམས་མཆིས་སམ། བཀའ་སྩལ་པ། ཡོད་དེ་ཡན་ལག་བརྒྱད་ཀྱི་ཁྲིམས་ཉིད་ཡིན་ནོ། །དོན་དེ་དང་སྦྱར་ན་ཡན་ལག་བརྒྱད་ཀྱི་ཁྲིམས་མནོས་པ་འཁོར་རྣམ་པ་བདུན་གྱི་ནང་དུ་མ་གཏོགས་སོ། །
เล่ม ๗๖ · หน้า 179a
ཡན་ལག་བརྒྱད་པའི་ཁྲིམས་མནོས་པའི་ཆོས་ཀྱིས་ནི་ཉིན་ཞག་གཅིག་གི་བར་དུ་སྲོག་མི་གཅོད་དོ་ཞེས་ཚིག་དེ་སྐད་ཆད་པས་ན་ཁྲིམས་གཞན་ནམ་འཚོའི་བར་དུ་མནོས་པ་དང་བསྲེར་ཡང་མི་རུང་ངོ་། །གསོལ་པ། ཡན་ལག་བརྒྱད་ཀྱི་ཁྲིམས་མནོད་པ་ཉིན་
ཞག་གཉིས་སམ། གསུམ་མམ། བཅུའི་བར་དུ་ཅིག་ཅར་མནོད་དུ་རུང་ངམ། བཀའ་སྩལ་པ། ཐོག་མ་སངས་རྒྱས་ཀྱིས་ཉིན་ཞག་གཅིག་གི་ཁྲིམས་སུ་བཅས་པས་དེ་ལས་འདར་མི་རུང་ངོ་། །གལ་ཏེ་ཉམས་ཀྱིས་མནོད་ནུས་ན་ཉིན་ཞག་གཅིག་ཅིང་ལན་རེ་མནོད་དགོས་
ཏེ། ཉིན་ཞག་དུ་མནོས་ཀྱང་རུང་ངོ་། །ཉིན་ཞག་གཅིག་གི་ཡན་ལག་བརྒྱད་ཀྱི་ཁྲིམས་མནོད་པའི་ཐབས་ནི་ཕ་རོལ་པོ་གཞན་ལས་མནོད་དགོས་ཏེ། དེ་ཡང་གང་ལས་མནོད་ཅེ་ན། འཁོར་ལྔ་པོ་གང་ཡང་རུང་བ་ལས་མནོད་དགོས་སོ། །ཡན་ལག་བརྒྱད་ཀྱི་ཁྲིམས་མནོས་
པའི་འོག་ཏུ་གལ་ཏེ་སེམས་ཅན་ལ་བརྡེག་བཙོག་བྱས་ན་ཚུལ་ཁྲིམས་རྣམ་པར་དག་པ་མ་ཡིན་ནོ། །ཁྲིམས་མནོས་པའི་ཉིན་པར་བརྡེག་བཙོག་མ་བྱས་ལ་ཕྱི་དེ་ཉིན་བརྡེག་བཙོག་བྱ་བར་དམ་བཅས་ན་ཡང་ཚུལ་ཁྲིམས་རྣམ་པར་དག་པ་མ་ཡིན་ཏེ། མདོར་ན་ལུས་དང་ངག་གིས་
ཇི་ཙམ་དུ་ཚུལ་བཞིན་མ་ཡིན་པའི་ལས་བྱས་ན་ཁྲིམས་མ་ཉམས་མོད་ཀྱི་རྣམ་པར་དག་པ་མ་ཡིན་ནོ། །གལ་ཏེ་ལུས་དང་ངག་རྣམ་པར་དག་ཀྱང་སེམས་ཀྱིས་འདོད་ཆགས་ཀྱི་རྣམ་པར་རྟོག་པ་བསྐྱེད་དམ། ཞེ་སྡང་གིས་འཚེ་བའི་རྣམ་པར་རྟོག་པ་བསྐྱེད་ན་ཡང་རྣམ་པར་དག་པ་
མ་ཡིན་ནོ། །གལ་ཏེ་ལུས་དང་ངག་དང་ཡིད་ཀྱི་ལས་གསུམ་རྣམ་པར་དག་ཀྱང་རྗེས་སུ་དྲན་པ་དྲུག་ཡིད་ལ་མ་བྱས་ན་དེ་ཡང་ཚུལ་ཁྲིམས་རྣམ་པར་དག་ཅེས་མི་བྱའོ། །ཡན་ལག་བརྒྱད་ཀྱི་ཁྲིམས་མནོས་པའི་འོག་ཏུ་རྗེས་སུ་དྲན་པ་དྲུག་ཡིད་ལ་བྱས་ན་ཚུལ་ཁྲིམས་རྣམ་པར་དག་
ཅེས་བྱའོ། །མདོ་སྡེ་དག་ལས་འཛམ་བུའི་གླིང་གི་རྒྱལ་པོ་འཛམ་བུའི་གླིང་གི་ཁམས་སུ་གཏོགས་པའི་མི་ཐམས་ཅད་དང་། དེའི་ནང་ན་ཡོད་པའི་གསེར་དང་། དངུལ་དང་། ནོར་དབྱིག་ཐམས་ཅད་ལ་དབང་བའི་བསོད་ནམས་ཀྱིས་ཡན་ལག་བརྒྱད་པའི་ཚུལ་ཁྲིམས་རྣམ་པར་དག་
เล่ม ๗๖ · หน้า 179b
པའི་བསོད་ནམས་བཅུ་དྲུག་ཆར་ཡང་དགོས་པའི་ཆ་གཅིག་ཙམ་ཡང་མི་ཕོད་དོ་ཞེས་འབྱུང་ངོ་། །སུ་ཡང་རུང་ཡན་ལག་བརྒྱད་པའི་ཁྲིམས་ནོད་པར་བྱས་ལ་བག་མེད་པར་རང་ཉམ་དུ་རོལ་མོའམ། གལ་ཏེ་ན་ཁ་ཟས་ཞིམ་པོ་ལ་བག་མེད་པར་བཟའ་བ་དང་། རྩེད་མོ་རྣམ་པ་སྣ་
ཚོགས་ཡིད་བཞིན་དུ་བག་མེད་པར་བྱས་པའི་འོག་ཏུ་ཁྲིམས་མནོད་པ་ནི་སྔ་དྲོ་ལ་ཡང་རུང་ཕྱི་དྲོ་ལ་ཡང་རུང་ཁྲིམས་ཐོབ་པར་མི་འགྱུར་རོ། །གལ་ཏེ་སྔ་ནས་ཁྲིམས་མནོད་པའི་སེམས་མེད་ལ་བག་མེད་པའི་ལས་རྣམ་པ་སྣ་ཚོགས་བྱས་པའི་འོག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་
དེ་ཁྲིམས་མནོས་ན་སྔ་དྲོ་ཡང་རུང་ཕྱི་དྲོ་ཡང་རུང་དུས་ཐམས་ཅད་དུ་ཁྲིམས་ཐོབ་བོ། །ཁྲིམས་མནོད་པར་ཆས་པ་ལས་བགེགས་སམ་བར་ཆད་བྱུང་སྟེ་དབང་མེད་པ་ལས། ཕྱིས་བགེགས་དང་བར་ཆད་མེད་པའི་འོག་ཏུ་ཁྲིམས་མནོས་ན་སྔ་དྲོ་ཡང་རུང་ཕྱི་དྲོ་ཡང་རུང་དུས་ཐམས་
ཅད་དུ་ཁྲིམས་ཐོབ་བོ། །གསོལ་པ། གལ་ཏེ་ཉིན་པར་ཁྲིམས་སྲུང་ལ་མཚན་མོ་མི་སྲུང་བའི་ཁྲིམས་མནོས་ན་ཡན་ལག་བརྒྱད་ཀྱི་ཁྲིམས་ཐོབ་བམ། གལ་ཏེ་མཚན་མོ་ཁྲིམས་སྲུང་ལ་ཉིན་པར་མི་སྲུང་བའི་ཁྲིམས་མནོས་ན་ཡན་ལག་བརྒྱད་ཀྱི་ཁྲིམས་ཐོབ་པར་འགྱུར་རམ།
བཀའ་སྩལ་པ། གང་ཡང་ཁྲིམས་མི་ཐོབ་བོ། །དེ་བས་ན་སངས་རྒྱས་ཀྱིས་ཐོག་མ་ནས་ཉིན་ཞག་གཅིག་པའི་ཁྲིམས་སུ་བཅས་ཏེ། ངེས་པའི་ཚད་ཡིན་པས་འགལ་བར་བྱར་མི་རུང་ངོ་། །མ་འགགས་པས་ཡང་གསོལ་པ། བཅོམ་ལྡན་འདས་འོ་ན་དེ་ལྟར་ཁྲིམས་མི་ཐོབ་
ན། མདོ་དག་ལས་དགེ་སློང་ཨིག་ཞི་ཞིག་འབྲོག་དགོན་པ་ཞིག་ན་ཡི་དགས་ཁ་ཅིག་སྡུག་བསྔལ་སྣ་ཚོགས་མྱོང་སྟེ། ལ་ལ་ནི་ཉིན་པར་ལོངས་སྤྱོད་བགྱིད་ལ་མཚན་མོ་སྡུག་བསྔལ་བགྱིད་པ་ཡང་མཆིས། ལ་ལ་ནི་མཚན་མོ་ལོངས་སྤྱོད་བགྱིད་ལ་ཉིན་པར་སྡུག་བསྔལ་མྱོང་བ་དག་མཐོང་ངོ་། །
དེ་བས་ན་དེ་དག་ཀྱང་སྔོན་མིའི་ནང་ན་ཉིན་པར་ནི་ཁྲིམས་སྲུང་ལ་མཚན་མོ་ནི་སྡིག་པ་བགྱིད་པའམ། ཡང་ན་མཚན་མོ་ཁྲིམས་སྲུང་ལ་ཉིན་པར་སྡིག་པའི་ལས་བགྱིད་པ་མི་འཐུན་པའི་དོན་དེ་དག་ཇི་ལྟ་བུ་ལགས། བཀའ་སྩལ་པ། སྐྱེ་བ་སྔ་མའི་རྒྱུ་དང་རྐྱེན་འབའ་ཞིག་ལ་བརྟེན་དུ་ཡང་
เล่ม ๗๖ · หน้า 180a
མི་རུང་སྟེ། འདི་སྐད་དུ་བཤད་པ་ཡང་མདོ་སྡེའམ་འདུལ་བ་ལས་བཤད་པ་མ་ཡིན་ཏེ། དེ་ལ་བདེན་པའི་དོན་ངེས་པ་ཞེས་བྱར་ཡང་མི་རུང་ངོ་། །གཞན་དུ་ནི་འདི་སྐད་བཤད་པ་འདི་ནི་འཕགས་པ་ཀཱ་ཏ་ཡ་ནས་ཨིག་ཞི་ཞིག་གདུལ་བའི་ཕྱིར་སྤྲུལ་པ་ཡིན་གྱི་
ཡང་དག་པ་མ་ཡིན་ནོ་ཞེས་འབྱུང་ངོ་། །ཡན་ལག་བརྒྱད་པའི་ཁྲིམས་མནོས་པ་ལས་ཁྲིམས་ཕྱིར་འབུལ་ན་ངེས་པར་འཁོར་རྣམ་པ་ལྔ་ལ་འབུལ་མི་དགོས་ཀྱི། ཕ་རོལ་པོ་གང་ཟག་གཅིག་ལ་ཁྲིམས་ཕྱིར་དབུལ་ལོ་ཞེས་ཚིག་གཅིག་སྨྲས་པས་ཁྲིམས་ཕུལ་བར་འགྱུར་རོ། །སོ་
སོར་ཐར་པའི་ཁྲིམས་ཐོབ་པའི་སྒོ་ནས་དབྱེ་ན་ལམ་རྒྱུད་ལྔར་གཏོགས་པ་ལ་མིའི་རྒྱུད་དུ་གཏོགས་པ་འབའ་ཞིག་གིས་ཁྲིམས་ཐོབ་ཀྱི་རྒྱུད་ལྷག་མ་གཞན་གྱིས་ཁྲིམས་མི་ཐོབ་བོ། །དཔེར་ན་ལྷའི་རྒྱུད་དུ་གཏོགས་པ་ནི་བདེ་བའི་ལོངས་སྤྱོད་ལ་ཆགས་ཤིང་ཞེན་པས་ཁྲིམས་མི་ཐོབ་
བོ། །དཔེར་ན་སྔོན་འཕགས་པ་མཽད་གལ་གྱི་ཉེ་གནས་ཤིག་ནད་ཀྱིས་བཏབ་པ་ལས་འཕགས་པ་མཽད་གལ་སུམ་ཅུ་རྩ་གསུམ་གནམ་དུ་སྨན་པ་འཚོ་བྱེད་ལ་དཔྱད་འདྲིར་སོང་བ་ལས། དེའི་ཚེ་ལྷའི་བུ་རྣམས་རབ་ཏུ་དགའ་བའི་སྐྱེད་མོས་ཚལ་དུ་རྩེར་འདོང་བའི་ཁར་
བབས་ནས་འཕགས་པ་མཽད་གལ་དེ་དག་འགྲོ་བའི་ལམ་ཀར་སྡོད་ཅིང་འདུག་པ་ལས་ལྷའི་བུ་རྣམས་འཕགས་པ་མཽད་གལ་ལ་མིག་གིས་བལྟ་ཙམ་ཡང་མི་ཁོམ་པར་སོང་ངོ་། །འཚོ་བྱེད་ཀྱི་ཐད་ཀར་ཕྱིན་པ་དང་། རྒྱང་མ་ནས་མཽད་གལ་ལག་པ་བཏེག་པ་ཙམ་ཞིག་
བྱས་ནས་ཤིང་རྟ་ཁྲིད་དེ་སོང་ངོ་། །དེ་ནས་འཕགས་པ་མཽད་གལ་འདི་སྙམ་དུ་སེམས་སོ། །འཚོ་བྱེད་འདི་སྔོན་མིའི་ནང་ན་འདུག་པའི་ཚེ་བདག་གི་སློབ་མ་ཡིན་ན་ང་ནི་ལྷའི་ལོངས་སྤྱོད་ལ་ཆགས་ཏེ། སྔོན་གྱི་དྲན་པ་ཉམས་པར་གྱུར་ཏོ་སྙམ་བསམས་ནས་རྫུ་འཕྲུལ་གྱིས་
འཚོ་བྱེད་ཀྱི་ཤིང་རྟ་འགྲོ་བ་མེད་པར་བྱིན་གྱིས་བརླབས་སོ། །དེ་ནས་འཚོ་བྱེད་ཤིང་རྟ་ལས་བབས་ཏེ་འཕགས་པ་མཽད་གལ་གྱི་རྐང་པ་ལ་ཕྱག་བྱས་ནས་མཽད་གལ་གྱིས་རྒྱུ་རྐྱེན་མང་པོ་རྣམ་པ་སྣ་ཚོགས་གཏམས་སོ། །འཚོ་བྱེད་ཀྱིས་མཽད་གལ་ལ་སྨྲས་པ། བདག་མིའི་
เล่ม ๗๖ · หน้า 180b
ནང་ན་འདུག་པའི་ཚེ་བཙུན་པའི་སློབ་མ་ཡིན་པས་ལག་པ་ཙམ་བཏེག་སྟེ་བྲོ་དྲིས་ཀྱི་ལྷའི་བུ་གཞན་དག་དེ་ལྟར་བྱེད་པ་ཡོད་དམ། ལྷར་སྐྱེས་པ་ནི་བདེ་བའི་ལོངས་སྤྱོད་ལ་ཞེན་ཅིང་ཆགས་པས་དབང་མེད་དེ་དེ་ལྟར་གྱུར་པ་ཡིན་ནོ། །མཽད་གལ་གྱིས་འཚོ་བྱེད་ལ་སྨྲས་པ།
སློབ་མ་ཞིག་ནད་ཀྱིས་བཏབ་སྟེ་ན་ན་དེ་ལ་ཇི་ལྟར་གསོ་བར་བྱ། འཚོ་བྱེད་ཀྱིས་སྨྲས་པ། རེ་ཤིག་ཁ་ཟས་མི་བཟའ་བར་བྱའོ། །དེ་ནས་མཽད་གལ་གྱི་བུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བསྐུལ་ཏོ། །སངས་རྒྱས་འཇིག་རྟེན་དུ་གཤེགས་པ་ཡང་ཤིན་ཏུ་ཕྲད་
དཀའ་ན་ཅིའི་ཕྱིར་སྐབས་སྐབས་སུ་དྲུང་དུ་སོང་སྟེ་དམ་པའི་ཆོས་མི་གླེང་། དེ་ནས་བརྒྱ་བྱིན་ལྷའི་དབང་པོས་འཕགས་པ་མཽད་གལ་གྱི་བསམ་པ་སེམས་ཀྱིས་ཤེས་ནས་ལྷའི་བུ་ཞིག་མངགས་ཏེ། ལྷའི་བུ་ཞིག་འབོད་དུ་བཏང་བ་ལས་ལན་གསུམ་གྱི་བར་དུ་བོས་ན་མ་
འོངས་སོ། །ལྷའི་བུ་དེ་ལ་ལྷའི་བུ་མོ་གཅིག་དང་རོལ་མོ་བྱེད་པ་གཅིག་ལས་མེད་ཀྱང་འདོད་པ་ལ་ཆགས་ཤིང་ཞེན་པས་ལྷའི་དབང་པོ་ཚིག་བཙན་མོད་ཀྱི་གཏོང་མ་ཕོད་དེ་ཕྱིས་གདོད་འོངས་སོ། །དེ་ནས་བརྒྱ་བྱིན་གྱིས་ཅིའི་ཕྱིར་དེ་ལྟར་གྱུར་ཅེས་དྲིས་ན་ཇི་ལྟར་གྱུར་པ་དྲང་པོར་
གསོལ་ཏོ། །བརྒྱ་བྱིན་གྱིས་མཽད་གལ་ལ་གསོལ་པ། ལྷའི་བུ་འདི་ལ་ལྷའི་བུ་མོ་གཅིག་དང་རོལ་མོ་བྱེད་པ་གཅིག་ལས་མེད་ཀྱང་གཏོང་མི་ཕོད་དོ། །རྩེ་དགའ་ནི་ལྷའི་དབང་པོར་གྱུར་ཏེ། གཞལ་མེད་ཁང་སྣ་ཚོགས་མང་པོ་དང་ལྷའི་བུ་མོ་གྲངས་མེད་པས་བསྐོར།
ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་སྣ་ཚོགས་དང་ལྷའི་རོལ་མོ་བརྒྱ་སྟོང་སྙེད་ལ་ལོངས་སྤྱོད་ཅིང་རྩེ་དགའ་བས་ཤར་ཕྱོགས་སུ་བལྟས་ན་ནུབ་ཕྱོགས་ཀྱང་བརྗེད་པ་དེ་ལྟ་ཅི་སྨོས་ཏེ། སངས་རྒྱས་འཇིག་རྟེན་དུ་གཤེགས་པ་དང་ཕྲད་པ་ཡང་དཀའ། དམ་པའི་ཆོས་ཐོས་པ་
ཡང་ཤིན་ཏུ་དཀའ་བར་ཤེས་མོད་ཀྱི་འདོད་པའི་བདེ་བས་བཅིངས་གླགས་ཏེ་རང་དབང་མེད་པས་ཤེས་ཀྱང་བྱར་མེད་པར་གྱུར་ཏོ། །ཚུལ་ཁྲིམས་མནོས་པའི་ཆོས་ནི་དཔའ་ཞིང་རྟུལ་ཕོད་པའི་སེམས་ཀྱིས་ཆད་པར་དམ་བཅས་པས་ཁྲིམས་ཐོབ་པར་འགྱུར་ཏེ། ལྷའི་བུ་ལྟ་
เล่ม ๗๖ · หน้า 181a
བུ་ནི་འདོད་པའི་བདེ་བ་ལ་ཆགས་པས་མི་དགེ་བའི་སེམས་ཀྱི་ཤས་ཆེ་སྟེ། དགེ་བའི་སེམས་ཀྱི་མཐུ་ཆུང་ན་ཅིའི་དབང་གིས་ཁྲིམས་ཐོབ་པར་འགྱུར། ཡི་དགས་ལྟ་བུ་ནི་བཀྲེས་པ་དང་སྐོམ་པས་སྡུག་བསྔལ་ཏེ་ལུས་དང་སེམས་འབར་ཞིང་ཚིག་པའི་
ཕྱིར་རོ། །སེམས་ཅན་དམྱལ་བ་པ་ནི་ཚ་གྲང་གི་སྡུག་བསྔལ་གྲངས་མེད་པས་གཟིར་ཏེ་མི་བཟོད་པ་སྣ་ཚོགས་མྱོང་ཞིང་ལུས་དང་སེམས་གདུངས་པར་གྱུར་པས་ཁྲིམས་ཐོབ་པའི་རྒྱུ་མེད་དོ། །དུད་འགྲོ་ལྟ་བུ་ནི་ལས་ཀྱིས་བསྒྲིབས་ཏེ་ཤེས་པ་མེད་པས་ཁྲིམས་
མནོད་པའི་ཆོ་ག་མེད་དོ། །མདོ་སྡེ་ཁ་ཅིག་ལས་སྐབས་ཁ་ཅིག་ཏུ་ཀླུས་ཚུལ་ཁྲིམས་མནོས་པར་འབྱུང་བ་དགེ་བའི་སེམས་ཀྱིས་ཡན་ལག་བརྒྱད་པའི་ཁྲིམས་མནོས་པས་ཉིན་ཞག་གཅིག་གི་བར་དུ་དགེ་བའི་སེམས་ཀྱིས་བསོད་ནམས་ནི་ཐོབ་ཀྱི་ལས་ཀྱིས་བསྒྲིབས་པས་
ཚུལ་ཁྲིམས་ནི་ཐོབ་པ་མ་ཡིན་ནོ། །གླིང་བཞིས་དབྱེ་ན་ལྷོའི་འཛམ་བུའི་གླིང་དང་། ནུབ་ཀྱི་བ་ལང་སྤྱོད་དང་། ཤར་གྱི་ལུས་འཕགས་གླིང་དང་། གླིང་གསུམ་པོ་འདིར་གཏོགས་པའི་རྒྱ་མཚོའི་གླིང་ཕྲན་ན་འཁོད་པའི་མི་རྣམས་ཀྱིས་ཁྲིམས་ཐོབ་བོ། །དཔེར་ན་ནུབ་ཀྱི་བ་ལང་
སྤྱོད་ན་འཕགས་པའི་འདུ་ལ་གནས་པར་སངས་རྒྱས་ཀྱིས་ལུང་བསྟན་ཏེ། ད་ལྟར་སངས་རྒྱས་ཀྱི་མཛད་པ་ཆེན་པོ་རྒྱས་པར་བྱེད་པས་འཁོར་རྣམ་བཞི་ཡང་ཡོད་དོ། །ཤར་གྱི་ལུས་འཕགས་གླིང་ན་ཡང་དགེ་སློང་ཡོད་དེ། དེ་ན་ཡང་སངས་རྒྱས་ཀྱི་ཆོས་བྱེད་པས་འཁོར་
བཞི་པོ་དག་ཡོད་དོ། །བྱང་གི་སྒྲ་མི་སྙན་འབའ་ཞིག་ན་སངས་རྒྱས་ཀྱི་ཆོས་མེད་དེ། ཚུལ་ཁྲིམས་ཀྱང་མི་ཐོབ་བོ། །དེ་ཡང་བསོད་ནམས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་བསྒྲིབས་ཤིང་གཏི་མུག་གིས་བསྒྲིབས་པའི་ཕྱིར་འཕགས་པའི་ཆོས་ཀྱི་སྣོད་དུ་མ་གྱུར་ཏོ། །གང་
ཟག་ལ་རྣམ་པ་བཞི་སྟེ། གང་ཞེ་ན། སྐྱེས་པ་དང་། བུད་མེད་དང་། མ་ནིང་དང་། མཚན་མ་གཉིས་པའོ། །རྣམ་པ་འདི་བཞི་ལ་སྐྱེས་པ་དང་བུད་མེད་གཉིས་ཀྱིས་ནི་ཁྲིམས་ཐོབ་པར་རུང་། མ་ནིང་དང་མཚན་མ་གཉིས་གཉིས་ཀྱིས་ཁྲིམས་མི་འཐོབ། དེ་ཡང་
เล่ม ๗๖ · หน้า 181b
སྐྱེས་པ་དང་བུད་མེད་ལ་ཡང་གང་ཕ་མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དགེ་སློང་མ་ལ་མི་ཚངས་པར་སྤྱད་པ་དང་། གཅའ་འཕྲང་དུ་ཆོམ་པོ་དང་།
རྐུན་གནས་བྱེད་པ་དང་། དགེ་བའི་རྩ་བ་བཅད་པ་དང་། གང་ཟག་འདི་དག་ནི་གང་ཡང་ཚུལ་ཁྲིམས་མི་ཐོབ་བོ། །དེ་ལ་དོན་ཆེན་པོའི་སྒོ་ནས་བརྟགས་ན་སངས་རྒྱས་ཀྱི་ཆོས་ལ་ཤིན་ཏུ་དད་ཅིང་མོས་པ་ནི་འདིར་མི་གཏོགས་ཏེ། ལྷའམ། ཀླུའམ། ཡི་དགས་སམ།
གནོད་སྦྱིན་ནམ། བྱང་གི་སྒྲ་མི་སྙན་ནམ། མ་ནིང་ངམ། མཚན་མ་གཉིས་པའམ། སྡིག་པ་མི་དགེ་བ་སྣ་ཚོགས་བྱས་ཀྱང་སྐྱབས་སུ་འགྲོ་བ་གསུམ་མནོད་དུ་རུང་ངོ་། །གསོལ་པ། དུས་གསུམ་གྱི་སངས་རྒྱས་རྣམས་ཚུལ་ཁྲིམས་བརྙེས་པ་མཉམ་མམ། བཀའ་
སྩལ་པ། མི་མཉམ་མོ། །ཚུལ་ཁྲིམས་ཐོབ་ཅེས་བྱ་བ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པའི་རིས་ལས་ཁྲིམས་ཐོབ་པར་འགྱུར་ཏེ་སངས་རྒྱས་གཅིག་འཇིག་རྟེན་དུ་གཤེགས་ན་སེམས་ཅན་གྲངས་མེད་པ་ཇི་སྙེད་ཀྱི་དོན་མཛད་དེ་ལྷག་མ་མ་ལུས་པའི་མྱ་ངན་ལས་
བཟླས་པས་ཕྱིས་སངས་རྒྱས་འཇིག་རྟེན་དུ་གཤེགས་པ་དག་སེམས་ཅན་དེ་དག་གང་ལས་ཀྱང་ཚུལ་ཁྲིམས་བརྙེས་ཏེ། དེ་ལྟར་ན་སངས་རྒྱས་རྣམས་སྔ་ཕྱིར་ཚུལ་ཁྲིམས་བརྙེས་པ་མི་མཉམ་མོ། །དཔེར་ན་སངས་རྒྱས་འོད་སྲུང་གིས་སེམས་ཅན་གྲངས་མེད་པ་ཞིག་
བཏུལ་ཏེ་ལྷག་མ་མ་ལུས་པར་མྱ་ངན་ལས་བཟླས་ཀྱང་སངས་རྒྱས་འོད་སྲུང་གིས་ནི་སེམས་ཅན་དེ་དག་ཀུན་ལས་ཚུལ་ཁྲིམས་བརྙེས་ན། སངས་རྒྱས་ཤཱཀྱ་ཐུབ་པས་ནི་སེམས་ཅན་དེ་དག་གང་ལས་ཀྱང་ཚུལ་ཁྲིམས་མ་བརྙེས་སོ། །སངས་རྒྱས་ཐམས་ཅད་
འདྲ་བར་དངོས་པོ་འདི་གསུམ་ནི་མཉམ་མོ། །གང་ཞེ་ན། སྤྱོད་པའི་ཚོགས་མཉམ་པ་དང་། ཆོས་ཀྱི་སྐུ་མཉམ་པ་དང་། སེམས་ཅན་གྱི་དོན་མཛད་པ་མཉམ་པའོ། །སངས་རྒྱས་ཐམས་ཅད་འདྲ་བར་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་བྱང་ཆུབ་སེམས་དཔའི་
เล่ม ๗๖ · หน้า 182a
སྤྱོད་པ་སྤྱད་དེ། ཡན་ལག་ལྔའི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་ཤིང་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་ཏེ་ཐམས་ཅད་ཀྱིས་སེམས་ཅན་གྲངས་མེད་པ་ཇི་སྙེད་མྱ་ངན་ལས་
བཟླས་སོ་གསོལ་པ། མདོ་སྡེ་དག་ལས་སངས་རྒྱས་གཅིག་འཇིག་རྟེན་དུ་གཤེགས་ན་སེམས་ཅན་བྱེ་བ་ཁྲག་ཁྲིག་དགུ་བཅུ་སྙེད་མྱ་ངན་ལས་འདའ་བའི་དོན་མཛད་དོ་ཞེས་འབྱུང་ན། ཅིའི་སླད་དུ་སེམས་ཅན་གྲངས་མེད་པའི་དོན་མཛད་ཅེས་གསུངས། བཀའ་
སྩལ་པ། མདོ་སྡེ་དག་ལས་སངས་རྒྱས་གཅིག་འཇིག་རྟེན་དུ་གཤེགས་ན་སེམས་ཅན་བྱེ་བ་ཁྲག་ཁྲིག་དགུ་བཅུ་སྙེད་ཀྱི་དོན་མཛད་ཅེས་སྨོས་པ་ནི་སངས་རྒྱས་དེ་ལས་གྲོལ་བར་གྱུར་པ་ལ་བྱ་སྟེ། གྲོལ་བའི་སེམས་ཅན་དེ་དག་ཀྱང་ལ་ལ་ནི་སངས་རྒྱས་ཉིད་ཀྱིས་
དོན་མཛད་པ་ཡང་ཡོད། ཁ་ཅིག་ནི་སློབ་མས་དོན་མཛད་པ་ཡང་ཡོད། ཁ་ཅིག་ནི་བཞག་པའི་ཆོས་ཀྱིས་གྲོལ་བ་ཡང་ཡོད་དེ། སེམས་ཅན་བྱེ་བ་ཁྲག་ཁྲིག་དགུ་བཅུ་ཞེས་སྨོས་པ་ནི་སངས་རྒྱས་ཉིད་ཀྱིས་དོན་མཛད་པ་ལ་བྱ། སེམས་ཅན་གྲངས་མེད་པ་ལྷག་མ་
མ་ལུས་པའི་མྱ་ངན་ལས་བཟླས་ཞེས་བྱ་བ་ནི་སྤྱིར་དོན་མཛད་པ་ལ་བྱའོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཉམ་པ་ནི་དུས་གསུམ་མཉམ་གྱི་ཚུལ་ཁྲིམས་བརྙེས་པ་ནི་མི་མཉམ་མོ། །གསོལ་པ། སྡོམ་པ་མ་ཡིན་པའི་ཁྲིམས་ཞེས་བགྱི་བ་སེམས་ཅན་
དང་སེམས་ཅན་མ་ཡིན་པ་ལས་ཐོབ་པར་འགྱུར་རམ། ཟིན་པ་དང་མ་ཟིན་པ་ཀུན་གྱིས་ཁྲིམས་ཐོབ་པར་འགྱུར། བཀའ་སྩལ་པ། སེམས་ཅན་ལས་སྡོམ་པ་མ་ཡིན་པའི་ཁྲིམས་ཐོབ་པར་འགྱུར་གྱི། སེམས་ཅན་མ་ཡིན་པ་ལས་སྡོམ་པ་མ་ཡིན་པའི་ཁྲིམས་མི་ཐོབ་བོ། །
གཞན་དུ་ན་གསོད་དུ་རུང་བའི་སེམས་ཅན་ལས་སྡོམ་པ་མ་ཡིན་པའི་ཁྲིམས་ཐོབ་ཀྱི། གསོད་དུ་མི་རུང་བའི་སེམས་ཅན་ལས་ཁྲིམས་མི་ཐོབ་བོ། །ཡང་གཞན་དུ་ན་གསོད་དུ་རུང་བ་དང་། གསོད་དུ་མི་རུང་བའི་སེམས་ཅན་གཉི་ག་ལས་སྡོམ་པ་མ་ཡིན་པའི་ཁྲིམས་ཐོབ་
เล่ม ๗๖ · หน้า 182b
ཅེས་བྱའོ། །དཔེར་ན་ཤེན་པ་ལུག་གསོད་པ་ནི་རྟག་ཏུ་གསོད་པའི་སེམས་དང་ཆས་ཏེ་ལུག་གསོད་པ་འབའ་ཞིག་ཡིད་ལ་བྱེད་པས་དེའི་ཚད་གཟུང་དུ་མེད་དོ། །ཇི་སྟེ་ལྷ་དང་མིར་སྐྱེས་ན་འཕྲལ་དུ་གསོད་པའི་ལས་མི་བྱེད་ཀྱང་སྐྱེ་བ་གཅིག་ནས་གཅིག་ཏུ་འཁོར་བས་ཕྱིར་ལུག་ཏུ་སྐྱེ་
བའི་ཆོས་ཡོད་དོ། །དེ་བས་ན་སེམས་ཅན་ཐམས་ཅད་ལས་སྡོམ་པ་མ་ཡིན་པའི་ཁྲིམས་ཐོབ་པར་འགྱུར་ཏེ། སྡོམ་པ་མ་ཡིན་པའི་ཁྲིམས་བཅུ་གཉིས་ཀྱང་དེ་དང་འདྲའོ། །སྡོམ་པ་མ་ཡིན་པའི་ཁྲིམས་བཅུ་གཉིས་ཞེས་བྱ་བ་ནི་འདི་ལྟ་སྟེ། ཤེན་པ་དང་། གཤེད་མ་དང་།
ཕག་གསོ་བ་དང་། བྱ་གསོ་བ་དང་། ཉ་ཤོར་བ་དང་། རྔོན་པ་དང་། བྱ་ཤོར་བ་དང་། སྦྲུལ་ཤོར་བ་དང་། ཀླུ་ལ་སྔགས་འདེབས་པ་དང་། བཙོན་རྫི་བྱེད་པ་དང་། རྐུན་པོ་བྱེད་པ་དང་། རྐུན་པོ་འཛིན་པ་དང་བཅུ་གཉིས་སོ། །དར་གྱི་སྲིན་བུ་གསོ་བ་ཡང་སྡོམ་པ་མ་ཡིན་པའི་ཁྲིམས་ཀྱི་ནང་དུ་
འདུས་སོ། །སྡོམ་པ་མ་ཡིན་པའི་ཁྲིམས་ཉམས་པའི་དུས་གསུམ་ཡོད་དེ། ཤི་བའི་དུས་དང་ཆགས་ཤིང་ཞེན་པ་ཟད་པའི་དུས་དང་། སྡོམ་པའི་ཚུལ་ཁྲིམས་མནོད་པའི་དུས་སོ། །དཔེར་ན་སྐྱབས་སུ་འགྲོ་བ་གསུམ་མནོད་པའི་ཚེ་ཐོག་མའི་ཚིག་དང་པོ་གཅིག་སྨྲས་པས་སྡོམ་པ་
མ་ཡིན་པའི་ཁྲིམས་ཉམས་སོ། །དེའི་འོག་ཏུ་ཚིག་གཉིས་པ་དང་གསུམ་པ་སྨྲས་པའི་ཚེ་ན་དགེ་བའི་ཚུལ་ཁྲིམས་ཐོབ་པར་འགྱུར་རོ། །གསོལ་པ་གང་ཟག་གིས་སྡོམ་པ་མ་ཡིན་པའི་ལས་བྱེད་པ་ན་དུས་ཚོད་གང་གི་ཚེ་དགེ་བའི་ཚུལ་ཁྲིམས་ཉམས་ཤིང་མི་དགེ་བའི་ཁྲིམས་ཐོབ་
པར་འགྱུར། བཀའ་སྩལ་པ། ཤེན་པའོ་ཞེས་ཚིག་གཅིག་དང་པོར་སྨྲ་བའི་ཚེ་དགེ་བའི་ཁྲིམས་ཉམས་པར་འགྱུར་ལ་ཤན་པའོ་ཞེས་ལན་གཉིས་ལན་གསུམ་སྨྲས་པས་མི་དགེ་བའི་ཁྲིམས་ཐོབ་པར་འགྱུར་རོ། །ཡང་གཞན་དུ་ན་གང་གི་ཚེ་དགེ་བའི་ཁྲིམས་བཏང་བ་དེ་ཉིད་ཀྱི་ཚེ་
མི་དགེ་བའི་ཁྲིམས་ཐོབ་བོ། །ཇི་སྟེ་དགེ་བའི་ཁྲིམས་སྲུང་བའི་གང་ཟག་ཅིག་བདག་ཤེན་པའོ་ཞེས་དམ་ནི་མ་བཅས། ཁེ་དང་རྙེད་པ་ཙམ་ལ་ཆགས་ཏེ་ཕག་ཕྲུག་གསོ་ཞིང་གསོད་པའི་ལས་བྱེད་ན་དེའི་ཚེ་དགེ་བའི་ཁྲིམས་ཉམས་པ་ཞེས་བྱ་སྟེ། དེ་ནི་དགེ་བའི་ཁྲིམས་གཏང་
เล่ม ๗๖ · หน้า 183a
བ་མི་དགེ་བའི་ཁྲིམས་ཐོབ་པ་ཞེས་བྱའོ། །གལ་ཏེ་བདག་ཤེན་པའོ་ཞེས་ངེས་པར་དམ་བཅས་ན་ཡང་མི་དགེ་བའི་ཁྲིམས་ཐོབ་པར་འགྱུར་རོ། །མི་དགེ་བའི་ཁྲིམས་ནོད་པ་ནི་བདག་གིས་དམ་བཅས་པ་ཙམ་གྱིས་ཐོབ་པར་འགྱུར་ཏེ། ཕ་རོལ་གཞན་ལས་
མནོད་མི་དགོས་སོ། །གལ་ཏེ་མི་དགེ་བའི་ཁྲིམས་ཉིན་ཞག་གཅིག་གམ་གཉིས་ནས་ཉིན་ཞག་བཅུའམ། ལོ་གཅིག་གམ། ལོ་གཉིས་ཀྱི་བར་དུ་མནོད་པར་དམ་བཅས་ན་དམ་བཅས་པའི་དུས་རིང་ཐུང་ལས་དེ་བཞིན་ཐོབ་པར་འགྱུར་ཏེ། དེ་བས་ན་སྡིག་པ་མི་དགེ་བའི་ཆོས་ནི་སྐྱེ་
ཤི་འཁོར་བ་ལ་གཞོལ་བར་བྱེད་ཀྱི་གོང་ནས་གོང་དུ་འཕར་བའི་དོན་མེད་དོ། །དེ་ལྟར་ན་མི་དགེ་བའི་ཁྲིམས་ནི་དངོས་པོ་དེ་ཉིད་ཀྱིས་ཐོབ་པ་ཡིན་ཏེ། དགེ་བའི་ཚུལ་ཁྲིམས་དང་མི་འདྲའོ། །ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་ལས་མ་འགགས་པའི་
ལེའུ་ཞེས་བྱ་སྟེ་བརྒྱད་པའོ།། །།ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ། བམ་པོ་བདུན་པ་སྟེ་ཐ་མ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲིན་ལན་ཤེས་པ་དང་། དྲིན་ལན་བསབ་པ་དང་། ཐབས་མཁས་པ་ཆེན་པོས་
སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་དོན་བྱེད་པ་དག་དུས་དང་སྐབས་ཤེས་ན་བསྟན་ཅིང་བཅོས་པ་ལ་གནོད་པར་མི་འགྱུར་རོ། །རིགས་ཀྱི་བུ་སངས་རྒྱས་མངོན་པར་འཇིག་རྟེན་དུ་བྱུང་བ་འཇིགས་པ་མེད་པའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། སྟོན་པ་རྒྱལ་བ་འཇིག་རྟེན་དུ་གཤེགས་ཏེ། སྐལ་བ་དང་ལྡན་པའི་དོན་མཛད་དོ། །སྐལ་བ་དང་ལྡན་པ་རྣམས་ཀྱི་དོན་མཛད་
ནས་ཡོངས་སུ་མྱ་ངན་ལས་འདས་སོ། །མྱ་ངན་ལས་འདས་ནས་དམ་པའི་ཆོས་ལ་སྤྱོད་པའི་ཚེ་བྲམ་ཟེའི་བུ་ཡིད་གཞུངས་ཤིང་རྣོ་བའི་ཤེས་རབ་དང་ལྡན་པ་གཏན་ཁྲིམས་ལྔ་སྲུང་བ། དམ་པའི་ཆོས་འཛིན་པ་ཞིག་བྱུང་ངོ་། །དུས་གཞན་ཞིག་ན་བྲམ་ཟེའི་བུ་དེ་ཡུལ་གཞན་ཞིག་ཏུ་དོན་
เล่ม ๗๖ · หน้า 183b
གཉེར་དུ་སོང་སོང་བ་ལས་འགྲོན་དུ་འགྲོ་བའི་ལམ་དེ་འཇིགས་ས་ཆེ་བས་ལམ་གྲོགས་ལྔ་བརྒྱ་དང་འགྲོགས་ཏེ་སོང་ངོ་། །ལམ་གྲོགས་དེ་དག་དང་འཇིགས་སར་ཕྱིན་ནས་འཇིགས་ས་དེ་ན་མི་རྒོད་ལྔ་བརྒྱ་ཞིག་གནས་ཏེ། རྟག་ཏུ་འདྲོན་པོ་རྒྱུ་བ་རྣམས་འཇོམས་སོ། །དེའི་ཚེ་ན་མི་རྒོད་དེ་དག་
གིས་འདྲོན་པོ་དེ་དག་གཞོམ་པར་བྱས་ནས་མི་རྒོད་ཀྱི་དཔོན་པོ་དེས་མི་གཅིག་སྔར་འདྲོན་པོ་དེ་དག་ཇི་ལྟར་འགྲོ་བ་ལྟ་ཞིང་རྟོག་ཏུ་བཏང་ངོ་། །དེའི་ཚེ་མི་རྒོད་དེ་དག་གི་ནང་ན་མི་གཅིག་ཅིག་སྔོན་བྲམ་ཟེའི་བུ་དེ་དང་མཛའ་ཞིང་བཤེས་པས་སྔར་མི་དེ་དག་གི་ནང་དུ་འོངས་ཏེ་བྲམ་ཟེའི་བུ་དེ་ལ་འདི་
སྐད་ཅེས་བསྒོའོ། །རིགས་ཀྱི་བུ་ཁྱོད་འདི་ལྟར་རིག་པར་བྱོས་ཤིག །དོ་ནུབ་ནམ་གྱི་ཆ་སྟོད་ལ་དགྲ་འོང་གིས། ཅི་ནས་ཀྱང་ཁྱོད་ཉིད་ལ་གནོད་པ་དང་སྨས་པར་མ་གྱུར་པར་ཁྱོད་ཉིད་ཀྱིས་བྱོལ་བའི་ཐབས་བྱོས་ཤིག་པར་བསྒོའོ། །དེའི་ཚེ་བྲམ་ཟེའི་བུ་དེས་ཚིག་དེ་དག་ཐོས་ནས་དཔེར་ན་
མི་བརྣངས་པ་ལྟར་མིད་དུ་ཡང་མེད་ལ་སྐྱུག་ཏུ་ཡང་མེད་པ་བཞིན་མི་བདེ་བར་གྱུར་ནས་གྲོགས་པོ་རྣམས་ལ་གཏམ་བྱར་ནི་གྲོགས་པོ་རྣམས་ཀྱིས་མི་དེ་བསད་ཀྱིས་དོགས། ཅི་སྟེ་གྲོགས་པོ་རྣམས་ཀྱིས་མི་དེ་བསད་ན་གྲོགས་པོ་རྣམས་ངན་འགྲོ་གསུམ་དུ་སྡུག་བསྔལ་གྲངས་མེད་པ་
མྱོང་བར་འགྱུར་ཏེ། གལ་ཏེ་གྲོགས་པོ་རྣམས་ལ་མ་སྨྲས་ན་ནི་དགྲས་གྲོགས་པོ་རྣམས་བསད་པར་འགྱུར་རོ། །གལ་ཏེ་གྲོགས་པོ་རྣམས་བསད་ན་དགྲ་རྣམས་ངན་འགྲོ་གསུམ་དུ་ལྟུང་ཞིང་སྡུག་བསྔལ་གྲངས་མེད་པ་མྱོང་ངོ་སྙམ་བསམས་ནས་བདག་གིས་སེམས་ཅན་ལ་ཕན་པ་དང་། བདེ་
བའི་ཐབས་བྱས་ཏེ། བདག་ཉིད་ངན་འགྲོ་གསུམ་དུ་ལྟུང་ཞིང་སྡུག་བསྔལ་མྱོང་ཡང་སླའོ་སྙམ་བསམས་ནས་རལ་གྲི་ཐོགས་ནས་སྦྲོན་པའི་མི་དེ་བསད་ནས་གྲོགས་པོ་རྣམས་བདེ་བར་བྱས་སོ། །དེའི་ཚེ་ན་གྲོགས་པོ་རྣམས་ཀྱིས་དེ་ལྟར་གྱུར་པ་མཐོང་ནས་བྲམ་ཟེའི་བུ་དེ་ལ་འདི་སྐད་ཅེས་
སྨྲས་སོ། །བྲམ་ཟེའི་བུ་ཁྱོད་ནི་མིའི་ནང་ན་མཆོག་ཏུ་གྱུར་པ་ཤིན་ཏུ་དགེ་བ་ཡིན་ན། ཅིའི་ཕྱིར་དེང་འདིར་འདི་ལྟ་བུའི་སྡིག་པ་ཆེན་པོ་བྱེད་ཅེས་སྨྲས་སོ། །དེའི་ཚེ་བྲམ་ཟེའི་བུ་དེས་པུས་མོ་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་ངོ་མཚར་དང་ལྡན་པའི་སེམས་ཀྱིས་གྲོགས་པོ་དག་ལ་འདི་སྐད་ཅེས་
เล่ม ๗๖ · หน้า 184a
སྨྲས་སོ། །བདག་དེ་རིང་བྱ་བར་མི་རིགས་པའི་སྡིག་པ་ཆེན་པོ་བྱས་ཏེ། དེ་ཡང་སེམས་ཅན་རྣམས་ལ་ཕན་པ་དང་། གྲོགས་པོ་རྣམས་ལ་བདེ་བར་བྱ་བའི་ཕྱིར་རོ། །གྲོགས་པོ་རྣམས་ཀྱིས་སྨྲས་པ། ཁྱོད་ཉིད་ཀྱིས་མི་བསད་པ་ལ་ངེད་བདེ་བར་བྱས་སོ་ཞེས་བརྗོད་དུ་
ཡང་ཅི་ཡོད། བྲམ་ཟེའི་བུས་སྨྲས་པ། བདག་གིས་བསད་པའི་མི་འདི་ནི་དགྲ་མ་རུངས་པ་ཡིན་ཏེ། དགྲ་འདིས་གྲོགས་པོ་ཁྱེད་གསོད་དུ་འོངས་པས་བདག་ནི་གྲོགས་པོ་ཁྱེད་ཀྱི་ཕྱིར་མི་འདིའི་སྲོག་བཅད་པས་ན་ཁྱེད་རྣམས་ནི་བདེ་བར་ཡུལ་དུ་ཕྱིན་ཏེ། བདག་ནི་སེམས་ཅན་དམྱལ་
བའི་སྡུག་བསྔལ་མྱོང་ཡང་སླའོ། །དེ་ནས་གྲོགས་པོ་ལྔ་བརྒྱ་རྣམས་ཀྱིས་སྐད་ཕྱུང་སྟེ་ངུས་ནས་འདི་སྐད་ཅེས་སྨྲས་སོ། །གནམ་མཐའ་འོག་ན་ཕངས་པར་བྱ་བ་ནི་སྲོག་ལས་འདའ་བ་མེད་དོ། །འཇིགས་པའི་ནང་ན་འཆི་བ་ལས་འདའ་བ་མེད་དེ། དེ་བས་ན་སེམས་ཅན་ཐམས་ཅད་
ནི་ལུས་དང་སྲོག་གི་ཕྱིར་གསེར་དང་། དངུལ་དང་། རིན་པོ་ཆེ་དང་། ཡུལ་ས་དང་། ཆུང་མ་དང་། བུ་དང་། ཟས་དང་གོས་ཀྱང་ཡོངས་སུ་གཏོང་སྟེ། བདག་ཅག་ནི་དེང་དུ་ཕྱིར་ལན་ཅིག་འཚོ་བའི་སྲོག་ཐོབ་བོ་ཞེས་སྨྲས་ནས་བྲམ་ཟེའི་བུ་ཁྱོད་སེམས་ཅན་གྱི་ཕྱིར་ངན་འགྲོ་གསུམ་གྱི་སྡུག་
བསྔལ་ཁྱད་དུ་བསད་པས་བདག་ཅག་ནི་ཁྱོད་ཀྱི་དྲིན་ཤིན་ཏུ་ལྕི་བ་དྲན་པར་བྱེད་དོ། །དྲིན་ལྕི་བ་དྲན་པས་ན་དེང་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་སྨྲས་ནས་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེའི་ཚེ་ན་མི་རྒོད་ལྔ་བརྒྱ་རྣམས་
ཀྱིས་ཀྱང་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི་ཀུན་གྱི་མཆོག་ཤིན་ཏུ་དགེ་བ་ཡིན་ནོ་ཞེས་ཟེར་ན་ཅིའི་ཕྱིར་འདི་ལྟ་བུའི་སྡིག་པ་ཆེན་པོ་བྱེད། བྲམ་ཟེའི་བུས་སྨྲས་པ། བདག་ནི་བྱ་བར་མི་རིགས་པའི་སྡིག་པ་ཆེན་པོ་བྱས་ཏེ། དེ་ཡང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། ཁྱེད་རྣམས་ཀྱི་ལུས་དང་
སྲོག་གི་བསྐྱབ་བྱ་བའི་ཕྱིར་རོ། །དེ་ནས་མི་རྒོད་དེ་དག་གིས་བྲམ་ཟེའི་བུ་ལ་སྨྲས་པ། ཁྱོད་ཉིད་ཀྱིས་མི་བསད་པ་ལ་བདག་ཅག་ལ་ཕན་པ་ཡང་ཅི་ཞིག་ཡོད། བྲམ་ཟེའི་བུས་སྨྲས་པ། མི་རྒོད་ཁྱེད་རྣམས་འདི་ན་འདུག་པར་སྔ་ནས་ཤེས་ཀྱང་བདག་ཀྱང་མ་སྨྲས་ཏེ། རྒྱལ་པོ་ཡང་མ་
เล่ม ๗๖ · หน้า 184b
སྦྲན། བདག་གི་གྲོགས་པོ་རྣམས་ལ་ཡང་མ་སྨྲས། གཏམ་མ་བྱས་པས་ཁྱེད་ཀྱི་ལུས་དང་སྲོག་བདེ་བར་གྱུར་པ་ཡིན་ནོ། །དེའི་ཚེ་མི་རྒོད་དེ་དག་གིས་དེ་སྐད་ཅེས་སྨྲས་པ་ཐོས་ནས་འདི་སྙམ་དུ་གྱུར་ཏོ། །བདག་ཅག་གི་ལུས་དང་སྲོག་ཀྱང་གཟོད་གསོན་ནོ་སྙམ་བསམས་ནས་བྲམ་
ཟེའི་བུ་ལ་ཐལ་མོ་སྦྱར་ཏེ། སྐྱེས་བུ་ཆེན་པོ་ཤིན་ཏུ་ལེགས་སོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་བདག་ཅག་གིས་དེང་ཕྱིན་ཆད་ཅི་དང་ཅི་བྱ་བ་བསྟན་དུ་གསོལ། བྲམ་ཟེའི་བུས་སྨྲས་པ། ཁྱེད་རྣམས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག །དེ་ནས་མི་རྒོད་རྣམས་ཀྱང་དྲིན་
ལན་བསབ་པའི་ཕྱིར་དེ་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ལ་གནས་པ་བྱང་ཆུབ་ཡོངས་སུ་བརྒྱན་པ་དང་། སངས་རྒྱས་ཀྱི་བཀའ་
དྲིན་གྱི་ལན་བསབ་པར་འདོད་པ་དག་རྟག་ཏུ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་འདུ་ཤེས་བསྐྱེད་ཅིང་དྲན་པར་བྱའོ། །རིགས་ཀྱི་བུ་འདི་ལྟར་རིག་པར་བྱ་སྟེ། དེའི་དུས་དེའི་ཚེ་ན་བྲམ་ཟེའི་བུ་དེ་གཞན་ཞིག་ཡིན་པར་མ་སེམས་ཤིག །དེ་ལྟར་མི་བལྟའོ། །དེའི་ཚེ་བྲམ་ཟེའི་
བུར་གྱུར་པ་དེ་ནི་ད་ལྟར་ང་ཉིད་ཡིན་ནོ། །དེའི་རྒྱུ་དེའི་རྐྱེན་གྱིས་བསྐལ་པ་དགུ་བཅུ་སྙེད་ཀྱི་འཁོར་བ་ལས་འདས་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ཆེན་པོ་སྤྱོད་
ཅིང་དྲིན་ལན་ཤེས་པ་དང་། དྲིན་ལན་བསབ་པ་ནི་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་པ་ན། དགེ་སློང་གཅིག་ལུས་ལ་འབྲུམ་བུའི་ནད་ཀྱིས་བཏབ་ནས་ལུས་ལ་ཀུན་ནས་རྣག་ཁྲག་རྒྱུན་དུ་ཟག་པས་ཐམས་ཅད་ཀྱིས་མི་འདོད་དེ། གཙུག་
ལག་ཁང་གི་ཕྱི་རོལ་གནས་ཁང་ཞིག་པར་གྱུར་པ་ཐ་མ་ཞིག་གི་ནང་དུ་བཞག་གོ། །དེའི་ཚེ་དེ་བཞིན་གཤེགས་པས་རྫུ་འཕྲུལ་གྱི་མཐུས་འཁོར་མང་པོས་གཅིག་གིས་ཀྱང་མི་ཤེས་པར་བྱིན་གྱིས་བརླབས་ནས་དེ་བཞིན་གཤེགས་པ་ཉག་གཅིག་དགེ་སློང་ནད་པའི་ཐད་དུ་
เล่ม ๗๖ · หน้า 185a
གཤེགས་ཏེ། ཆུས་བཀྲུ་བར་དགོངས་ནས་འདོད་པའི་ཁམས་ཀྱི་ལྷ་རྣམས་ཤིས་པར་བྱ་བའི་ཕྱིར་བརྒྱ་བྱིན་ལྷའི་དབང་པོ་ལྷའི་འཁོར་ཚད་མེད་པ་བརྒྱ་སྟོང་གིས་བསྐོར་ཏེ་ལྷ་རྫས་ཀྱི་མེ་ཏོག་ཆར་བཞིན་དུ་ཕབ། ལྷ་རྫས་ཀྱི་རོལ་མོ་རྣམ་པ་སྣ་ཚོགས་བྱས་ནས་
སྟེང་གི་ནམ་མཁའ་ལ་འཁོད་དོ། །དེའི་ཚེ་ན་སུམ་ཅུ་རྩ་གསུམ་གནམ་གྱི་ལྷའི་དབང་པོ་བསོད་ནམས་བརྒྱ་ལས་གྲུབ་པའི་བུམ་པ་དམ་པའི་ནང་ན་སྙིང་རྗེ་ཆེན་པོའི་ཆུ་གཙང་མས་བཀང་ནས་ལག་ན་ཐོགས་ཏེ། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་དེ་
བཞིན་གཤེགས་པ་ལ་མདུན་ནས་བསུ་སྟེ་ཕྱོགས་གཅིག་ཏུ་སྡོད་དོ། །དེའི་ཚེ་ན་དེ་བཞིན་གཤེགས་པས་བསོད་ནམས་བརྒྱ་དང་ལྡན་པའི་ཕྱག་བརྐྱང་ནས་ཕྱག་སོར་མཉེན་ཞིང་རིང་བ་ལྔ་ལས་འོད་ཟེར་ཆེན་པོ་བཀྱེ་ནས་ལྷ་དང་འཁོར་མང་པོ་དེ་དག་རྣམས་སྣང་བར་བྱས་ཏེ། འཁོར་
མང་པོ་དེ་དག་འདུག་ནས་དེ་བཞིན་གཤེགས་པ་ཉིད་དགེ་སློང་ནད་པའི་དྲུང་དུ་གཤེགས་ཏེ་དབུའི་སྤྱི་གཙུག་ནས་འོད་ཟེར་བཀྱེ་ནས་དགེ་སློང་ནད་པ་སྣང་བར་བྱས་སོ། །དགེ་སློང་ནད་པ་དེ་ལ་རེག་མ་ཐག་ཏུ་ན་བའི་སྡུག་བསྔལ་བྱང་བར་གྱུར་ཏེ། རྨའི་རྣག་ཁྲག་དང་བཅས་པའི་
ལུས་ཀྱིས་སྐྱབས་སུ་གསོལ་ནས་ལུས་ཀྱིས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་མ་ནུས་པས་དེ་བཞིན་གཤེགས་པས་ཕྱག་གཡས་པས་བརྒྱ་བྱིན་ལྷའི་དབང་པོ་ལས་རིན་པོ་ཆེའི་བུམ་པ་བླངས་ཏེ་དགེ་སློང་ནད་པའི་སྤྱི་བོ་ནས་ཆུ་བླུགས་ཏེ། ཕྱག་གཡོན་པས་དགེ་སློང་ནད་པའི་ལུས་ཀྱི་
རྨ་བཀྲུས་ཤིང་བྱུགས་པས་དགེ་སློང་ནད་པའི་རྨ་ཐམས་ཅད་དེ་བཞིན་གཤེགས་པའི་ཕྱག་གི་རྗེས་སུ་སོས་པར་གྱུར་ཏོ། །དེ་ལྟར་རྨ་ཀུན་སོས་ནས་དགེ་སློང་དེ་དགའ་མགུ་རངས་པར་གྱུར་ཏེ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་ཡབ་ལ་ཕྱག་འཚལ་
ལོ། །བླ་ན་མེད་པའི་སྨན་པའི་རྒྱལ་པོ་མཆོག་ལ་ཕྱག་འཚལ་ལོ་ཞེས་བརྗོད་དོ། །བདག་གི་ལུས་ཀྱི་ནད་རྣམས་ནི་དེང་དུ་སོས་པར་གྱུར་ན་སེམས་ཀྱི་ནད་འབའ་ཞིག་མ་སོས་པས་དེ་བཞིན་གཤེགས་པས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཆོས་ཀྱི་སྨན་སྩལ་ཅིང་སེམས་ཀྱི་ནད་ཀྱང་
เล่ม ๗๖ · หน้า 185b
གསོ་བར་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པས་དགེ་སློང་ནད་པ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ནི་ཁྱོད་ཀྱི་དྲིན་ཤིན་ཏུ་ལྕི་བར་དགོངས་པས་ན་དེ་བཞིན་གཤེགས་པས་ཁྱོད་ཀྱི་དྲིན་ལན་བསབ་པར་མཛད་དོ། །དེའི་ཚེ་དགེ་སློང་ནད་པ་དེ་
ཤིན་ཏུ་དགའ་བར་གྱུར་ཏེ། དེ་བཞིན་གཤེགས་པས་སྤྲོ་བ་དང་། དགའ་བ་དང་། གཟེངས་བསྟོད་པ་མཛད་ནས་དགེ་སློང་ནད་པ་དེ་དགྲ་བཅོམ་པའི་འབྲས་བུ་ཐོབ་ནས་རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། རྣམ་པར་གྲོལ་བ་བརྒྱད་དང་ལྡན་པར་གྱུར་ཏོ། །བརྒྱ་
བྱིན་ལྷའི་དབང་པོ་ལ་སོགས་པ་ལྷའི་འཁོར་ཐམས་ཅད་ཐེ་ཙོམ་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ། །ཅིའི་སླད་དུ་དེ་བཞིན་གཤེགས་པ་ཉིད་ཕྱག་དར་ཏེ་དགེ་སློང་ནད་པའི་ལུས་ཀྱི་རྨ་ཁྲག་ཀུན་བཀྲུས་ཏེ། དགེ་སློང་འདི་ལ་ཤིན་ཏུ་དྲིན་ལྕི་བ་ཡོད་དོ་ཞེས་
གསུངས་པའི་དོན་བདག་ཅག་ལ་བཀྲོལ་ཞིང་བཤད་དུ་གསོལ། སངས་རྒྱས་ཀྱིས་བརྒྱ་བྱིན་ལྷའི་དབང་པོ་དང་ལྷའི་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་རྣམས་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་། དངོས་པོ་དེ་དག་བསྟན་པར་བྱའོ། །བརྒྱ་བྱིན་
ལྷའི་དབང་པོ་སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་ཚད་མེད་པའི་ཕ་རོལ་ན་རྒྱལ་པོ་སྡིག་པ་ཅན་ཆོས་མ་ཡིན་པར་བྱེད་པ་ཀུན་ལ་འཕྲོག་རློམ་བྱེད་པ་ཞིག་བྱུང་ངོ་། །དེའི་ཚེ་རྒྱལ་པོ་སྡིག་པ་ཅན་དེ་ལ་བློན་པོ་ལྔ་བརྒྱ་ཞིག་བཀུག་ནས་དཀུ་གསང་གཅིག་ཏུ་བྱས་ཏེ། གསང་ལ་བཏགས་
ནས་བློན་པོ་དེ་ལ་འདི་སྐད་ཅེས་བསྒོའོ། །གང་སུ་ཡང་རུང་ཁྲིམས་ལས་འགལ་བར་བྱས་ན་ཁྱེད་ཀྱིས་ཆད་པས་བཅད་པར་དབང་བསྐུར་གྱིས། ཁྱེད་ཀྱིས་ནོར་ཅི་ཐོབ་ཀྱང་རུང་ང་དང་ཐུན་མོང་དུ་བྱའོ་ཞེས་བསྒོའོ། །དེའི་ཚེ་ན་ལྔ་བརྒྱ་པོ་དེས་རྟག་ཏུ་གཞུ་རྡེག་བྱེད་དེ་ནོར་མང་དུ་ཐོབ་པ་ནི་
དེ་བཞིན་དུ་བཏང་། གང་ནོར་མེད་པ་ལ་ནི་སྲོག་ལ་བབ་ཀྱི་བར་དུ་གནོད་པ་བྱེད་དེ། དེའི་ཚེ་ན་དགེ་བསྙེན་གཅིག་ཁྲིམས་ལས་འགལ་བ་ཅུང་ཟད་ཅིག་བྱས་པས་ལྔ་བརྒྱ་པའི་གན་དུ་ཁྲིད་ནས་གཞུ་བརྡེག་བྱ་བར་བྱས་པ་ལས་དགེ་བསྙེན་ཤིན་ཏུ་དགེ་བ་ཡིན་ནོ་ཞེས་ཐོས་པས་གནོད་པ་
เล่ม ๗๖ · หน้า 186a
མ་བྱས་པར་ཡན་པར་བཏང་ངོ་། །དེའི་རྐྱེན་གྱིས་དགེ་བསྙེན་དེ་ཡང་ཤིན་ཏུ་དགའ་བར་གྱུར་ཏོ། །ཀཽ་ཤི་ཀ་འདི་ལྟར་རིག་པར་བྱ་སྟེ། དེའི་ཚེ་དེའི་དུས་ན་ལྔ་བརྒྱ་པོ་དེ་ནི་དགེ་སློང་ནད་པ་འདི་ཡིན་ནོ། །དེའི་ཚེ་དེའི་དུས་ན་དགེ་བསྙེན་དུ་གྱུར་པ་དེ་ནི་ད་ལྟར་ང་ཉིད་ཡིན་ནོ། །
དེ་བས་ན་བྱང་ཆུབ་སེམས་དཔའ་ནི་བསྐལ་པ་གྲངས་མེད་པའི་སྔོན་རོལ་གྱི་དྲིན་ཡང་བ་ཡང་ལྕི་བས་གླན་པ་ཡིན་ཏེ། མངོན་པར་སངས་རྒྱས་ཀྱི་བར་དུ་ཡང་རྟག་ཏུ་མི་བརྗེད་དོ། །དེའི་ཚེ་ན་བརྒྱ་བྱིན་ལྷའི་དབང་པོ་དང་ལྷའི་འཁོར་མང་པོ་རབ་ཏུ་དགའ་བར་གྱུར་ཏེ། ལྷའི་འཁོར་བཞི་ཁྲི་བརྒྱད་
སྟོང་སྙེད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས་ལྷ་རྫས་ཀྱི་རོལ་མོ་བྱས་ཏེ། ཕྱིར་རང་རང་གི་གནས་སུ་སོང་ངོ་། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་
དྲིན་ཤེས་པ་དང་། དྲིན་ལན་བསབ་པ་ནི་དོན་རྣམ་པ་འདི་བཞི་ལ་ནན་ཏན་བྱའོ། །བཞི་གང་ཞེ་ན། དགེ་བའི་བཤེས་གཉེན་བསྟེན་པ་དང་། སེམས་རྩེ་གཅིག་ཏུ་ཆོས་ཉན་པ་དང་། དོན་ཡིད་ལ་བྱེད་པ་དང་། ཇི་ལྟར་བསྟན་པ་བཞིན་དུ་སྤྱོད་པའོ། །གཞན་ཡང་ཆོས་རྣམ་པ་བཞི་ལ་གནས་
པར་བྱའོ། །བཞི་གང་ཞེ་ན། ཆོས་ལ་གནས་ཀྱི་གང་ཟག་གི་རྗེས་སུ་མི་གནས་པ་དང་། དོན་ལ་གནས་ཀྱི་ཡི་གེའི་རྗེས་སུ་མི་གནས་པ་དང་། ཡེ་ཤེས་ལ་གནས་ཀྱི་རྣམ་པར་ཤེས་པའི་རྗེས་སུ་མི་གནས་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་གནས་ཀྱི་བཀྲི་བའི་དོན་གྱི་མདོ་སྡེ་ལ་མི་གནས་
པ་སྟེ། ཆོས་འདི་བརྒྱད་ལ་ནན་ཏན་བྱེད་ན་ནི་དྲིན་ལན་ཤེས་པ་ཞེས་བྱའོ། །གཞན་ཡང་ཆོས་རྣམ་པ་བརྒྱད་དང་ལྡན་ན་དྲིན་ལན་བསབ་པ་ཞེས་བྱའོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། རྙེད་པ་དང་། ཁེ་དང་། སྨད་པ་དང་། བསྟོད་པ་དང་། གྲགས་པ་དང་། འཕྱ་བ་དང་། སྡུག་བསྔལ་དང་། བདེ་
བ་ལ་མི་བལྟ་བའོ། །གཞན་ཡང་དངོས་པོ་འདི་བཞི་ལ་ནན་ཏན་བྱེད་པ་ནི་དྲིན་ལན་ཤེས་པ་ཞེས་བྱ། དྲིན་ལན་བསབ་པ་ཞེས་ཀྱང་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། བྱམས་པ་བསྒོམས་པའི་རྐྱེན་གྱིས་སེམས་ཅན་སྡིག་པ་ཅན་དག་མཐོང་ན་བྱམས་ཤིང་སྙིང་བརྩེ་བའི་སེམས་བསྐྱེད་པ་
เล่ม ๗๖ · หน้า 186b
དང་། སྙིང་རྗེ་བསྒོམས་པའི་རྐྱེན་གྱིས་སྡུག་བསྔལ་བའི་སེམས་ཅན་རྣམས་མཐོང་ན་མི་སྐྱོ་བར་ལྟ་ཞིང་མི་གཏོང་བ་དང་། དགའ་བ་བསྒོམས་པའི་རྐྱེན་གྱིས་སློབ་དཔོན་དང་། བླ་མ་དང་། ཕ་མ་དང་། ཡོན་ཏན་དང་ལྡན་པ་རྣམས་མཐོང་ན་དགའ་བའི་སེམས་བསྐྱེད་པ་དང་། བཏང་སྙོམས་བསྒོམས་
པའི་རྐྱེན་གྱིས་དགྲར་གྱུར་པའི་སེམས་ཅན་མཐོང་ན་ཞེ་སྡང་གི་སེམས་མི་བསྐྱེད་པའོ། །དེའི་ཚེ་ཀུན་དགའ་བོས་གོས་ཚགས་སུ་བཅོས་ནས་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐོག་མ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་དྲིན་ཤེས་པ་དང་། དྲིན་ལན་
བསབ་པའི་དོན་གྱི་དངོས་པོ་བཞི་ཅི་ལྟར་ནན་ཏན་དུ་མཛད་པ་ལགས། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་དཔག་ཏུ་མེད་ཚད་མེད་པའི་ཕ་རོལ་ན་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་སྟོན་པ་རྒྱལ་བ་འཇིག་རྟེན་དུ་བྱུང་སྟེ། སྐལ་བ་དང་ལྡན་པ་རྣམས་ཀྱི་དོན་མཛད་དོ། །སྐལ་བ་དང་ལྡན་པ་རྣམས་ཀྱི་
དོན་མཛད་ནས་ཡོངས་སུ་མྱ་ངན་ལས་འདས་ཏེ། དམ་པའི་ཆོས་དང་གཟུགས་བརྙན་ལས་ཆོས་བྱ་བ་ཡང་ནུབ་ནས་ཡུལ་བཱ་རཱ་ཎ་སཱི་ཞེས་བྱ་བ་ན་མི་རྣམས་ཀྱང་སྐྱིད་ཅིང་བདེ་ལ་ལོ་ཡང་ལེགས་ཏེ་རྒྱལ་པོ་དེ་ཡང་དྲང་པོའི་ཆོས་ཀྱིས་ཡུལ་གྱི་སྲིད་འཚོའོ། །ཡུལ་དེ་ན་རི་དྲང་སྲོང་འཕགས་ཞེས་བྱ་བ་
ཞིག་ཡོད་དེ། རི་དེ་ལ་རྒྱུན་ཏུ་རང་སངས་རྒྱས་ལྔ་བརྒྱ་གནས་སོ། །དེ་མ་ཡིན་པ་མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་ཡང་མང་དུ་གནས་སོ། །དེའི་ཚེ་རི་དེ་ལ་རི་དགས་དང་གཅན་གཟན་ཡང་མང་དུ་གནས་ཏེ། དེ་ན་སེང་གེ་ཡི་དམ་བརྟན་ཞེས་བྱ་བ་ཞིག་ལུས་ཀྱི་སྤུ་གསེར་གྱི་
མདོག་ཏུ་འདུག་པ། མཐུ་སྟོབས་དང་གཟི་བརྗིད་ཆེ་བ། སྐད་ཕྱུང་ན་བྱ་རྣམས་ཀྱང་ས་ལ་ལྟུང་བ། རི་དགས་རྣམས་ཀྱང་འབྲོས་པ་ཞིག་ཡོད་དེ། རི་དེ་ལ་འགྲོ་ཞིང་རྒྱུ་བ་དང་། རང་སངས་རྒྱས་དགེ་སྦྱོང་གི་གཟུགས་དང་སྤྱོད་ལམ་དུ་ལྡན་པ་གཅིག་དང་ཕྲད་ནས་དེ་ལ་ཤིན་ཏུ་དགའ་བའི་
เล่ม ๗๖ · หน้า 187a
སེམས་སྐྱེས་ཏེ། ཉིན་གཅིག་བཞིན་དུ་ཉེ་བར་བསྙེན་ནས་རྒྱུན་དུ་མདོ་སྡེ་ཀློག་པ་དང་དམ་པའི་ཆོས་འཆད་པ་ཐོས་པར་གྱུར་ཏོ། །དེའི་ཚེ་ན་རྔོན་པ་ཆེན་པོ་མ་རུངས་པ་ཞིག་གིས་སེང་གེའི་པགས་པ་གསེར་གྱི་མདོག་ཏུ་འདུག་པ་དེ་མཐོང་ནས་རབ་ཏུ་དགའ་བའི་སེམས་
སྐྱེས་ཏེ་འདི་སྙམ་དུ་སེམས་སོ། །གལ་ཏེ་བདག་གིས་གསེར་གྱི་སེང་གེ་དེ་བསད་དེ་པགས་པ་བཤུས་ལ་རྒྱལ་པོ་ལ་ཕུལ་ན་གདོན་མི་ཟ་བར་བྱ་དགའ་ཆེན་པོ་ཐོབ་པར་འགྱུར་ཏེ། རབས་བདུན་གྱི་བར་དུ་ཕོངས་པ་མེད་པར་འགྱུར་རོ་སྙམ་བསམས་ནས། ཡང་འདི་སྙམ་དུ་བསམས་སོ། །
སེང་གེ་ཡི་དམ་བརྟན་ཞེས་བྱ་བ་འདི་ནི་གཅན་གཟན་གྱི་རྒྱལ་པོ་ཡིན་པས་མདའ་གཞུས་ཀྱང་མི་རྫི། རྙི་དང་རྒྱས་ཀྱང་བྱར་མེད་དེ། ད་བདག་གིས་ཐབས་འདི་ལྟ་བུ་ཞིག་བྱའོ། །རི་དགས་ཀྱི་རྒྱལ་པོ་སེང་གེ་འདི་ལྟར་དགེ་སྦྱོང་གི་ཕྱི་བཞིན་འབྲང་བས་བདག་ཀྱང་དགེ་སྦྱོང་གི་གཟུགས་སུ་
བྱས་ལ། ཆོས་གོས་ཀྱི་འོག་ཏུ་མདའ་གཞུ་སྦས་ལ་མིག་ཕབ་ལ་གོམ་པ་དལ་བུས་སོང་སྟེ་ཤིང་དྲུང་ཞིག་ཏུ་འདུག་ན། དེས་བདག་མཐོང་མ་ཐག་ཏུ་གདོན་མི་ཟ་བར་བདག་གི་དྲུང་དུ་འོང་སྟེ། གལ་ཏེ་བདག་གི་དྲུང་དུ་འོངས་ན་གཞུ་བདུངས་བཀང་སྟེ། དུག་མདའ་འཕངས་ན་གདོན་མི་ཟ་
བར་སོད་དོ་སྙམ་བསམས་ནས་ཕྱིར་ཁྱིམ་དུ་འོངས་ཏེ་འདི་སྐད་ཅེས་སྨྲས་སོ། །བདག་རྒྱུད་ཀྱིས་རྔོན་པ་བྱེད་བྱེད་དེ་གནས་ན་གཅན་གཟན་ལ་སྤུ་གསེར་དུ་འདུག་པ་ཡང་མ་ཐོས་ན་མཐོང་བ་ལྟ་ཅི་སྨོས་ཏེ། ད་བདག་གིས་དེ་བསད་པའི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ལ། ཆོས་གོས་གྱོན་
ནས་ཕྱིར་ཡང་རི་དེ་ལ་སོང་ནས་ཤིང་དྲུང་ཞིག་ན་འདུག་ན། དེའི་ཚེ་སེང་གེ་ཡི་དམ་བརྟན་གྱིས་དགེ་སློང་མཐོང་ནས་རབ་ཏུ་དགའ་སྟེ་མཆོང་རྒལ་ནས་དགེ་སློང་དེའི་དྲུང་དུ་བསྙེན་ཏེ། རྐང་པ་ལ་བལྡག་གོ། །དེ་ནས་རྔོན་པ་དེས་སེང་གེ་ལ་མདའ་འཕངས་སོ། །དེ་ནས་དུག་མདས་སྡུག་
བསྔལ་བར་གྱུར་ཏེ་སྐད་ཕྱུང་ནས་གཟུང་ཞིང་མཆོང་བར་བྱས་པ་ལ་འདི་སྙམ་བསམས་སོ། །འདི་ནི་དགེ་སྦྱོང་གི་གོས་ཁ་དོག་བསྒྱུར་བ་གྱོན་པ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཀྱི་འཕགས་པའི་རྒྱལ་མཚན་ཡིན་པས་འདི་ལ་བདག་གིས་གནོད་པ་བྱས་ན་དཀའ་བ་མ་ཡིན་ན། གལ་
เล่ม ๗๖ · หน้า 187b
ཏེ་འདི་ལ་གནོད་པ་བྱས་ཏེ་སྲོག་གི་དབང་པོ་དང་ཕྲལ་ནས་སངས་རྒྱས་རྣམས་ཀྱི་འཕགས་པའི་རྒྱལ་མཚན་མ་རུངས་པར་བྱས་པ་ཡིན་ནོ་སྙམ་བསམས་ནས་ཅང་མ་བྱས་པར་བསྡད་པ་ལས། རིང་པོ་མ་ལོན་པར་དུག་ལངས་ནས་ལྷག་པར་སྡུག་བསྔལ་མི་བཟོད་པར་གྱུར་ཏེ། ཡང་
འདི་སྙམ་དུ་བཟའ་ཞིང་བཅའ་བའམ། སྙམ་བསམས་པ་ལས་འདི་ནི་དཀའ་བ་མ་ཡིན་ན། གལ་ཏེ་བདག་གིས་འདི་ལ་གནོད་པ་བྱས་ན་སངས་རྒྱས་རྣམས་དང་འཕགས་པ་རྣམས་ཀྱིས་སྨོད་པར་འགྱུར་ཏེ། འཇིག་རྟེན་ན་དགེ་བ་བྱེད་པ་དང་། སྡིག་པ་བྱེད་པ་ཡང་བྱེ་
བྲག་མེད་དེ། འདི་ནི་སྡིག་པ་ཅན་ཡིན་ཏེ་བདག་གསོད་དུ་འོངས་པས་གལ་ཏེ་བདག་གིས་དེ་ལ་བཟོད་པ་མ་བྱས་ན་ནི་སྡིག་པ་ཅན་དེ་དང་ཐ་དད་པ་ཡང་མེད་དེ། གང་ཡང་བཟོད་པ་སྒོམ་པ་དེ་ལ་ཐམས་ཅད་བྱམས་པར་འགྱུར་རོ། །གང་མི་བཟོད་པ་དེ་ལ་ནི་ཐམས་ཅད་སྡང་བར་
འགྱུར་བས་དེ་ལ་ཉོན་མོངས་པ་སྐྱེ་བར་འགྱུར་ཏེ། ཉོན་མོངས་པ་སྐྱེས་པར་གྱུར་ན་སྐྱེ་ཤིའི་འཁོར་བར་འགྱུར་རོ། །སྐྱེ་ཤིར་འཁོར་བ་ན་མི་ཁོམ་པའི་གནས་སུ་སྐྱེ་བར་འགྱུར། མི་ཁོམ་པའི་གནས་སུ་སྐྱེས་ན་དགེ་བའི་བཤེས་གཉེན་དང་འབྲལ་བར་འགྱུར། དགེ་བའི་
བཤེས་གཉེན་དང་བྲལ་ན་དམ་པའི་ཆོས་མི་ཐོས་པར་འགྱུར། དམ་པའི་ཆོས་མ་ཐོས་ན་ཐེ་ཙོམ་གྱི་དྲ་བས་གླགས་པར་འགྱུར། ཐེ་ཙོམ་གྱི་དྲ་བས་གླགས་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་བྲལ་བར་འགྱུར་ཏེ། དེ་བས་ན་བདག་ནི་སྡིག་པའི་སེམས་མི་
བསྐྱེད་དོ་སྙམ་བསམས་ནས་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །བདག་གི་ལུས་སྲོག་ཡལ་བླ་ཡི། །མི་དགེ་སྡིག་པའི་སེམས་མི་བསྐྱེད། །བདག་ནི་སྲོག་དང་བྲལ་ཡང་རུང་། །ངུར་སྨྲིག་གྱོན་ལ་གནོད་མི་བྱ། །རབ་ཏུ་བྱུང་བའི་མི་དག་ལ། །ནམ་
དུའང་ངན་སེམས་མི་སྐྱེད་དོ། །ཚིགས་སུ་བཅད་པ་འདི་དག་སྨྲས་ནས་ཚེའི་དུས་བྱས་པར་གྱུར་ཏེ། གནམ་ས་ཡང་ལན་དྲུག་ཏུ་གཡོས་སོ། །གཅན་གཟན་དང་རི་དགས་ཀྱང་སྐྲག་ནས་ཕྱོགས་བཞིར་བྲོས་སོ། །སྤྲིན་མེད་པར་ཆར་པ་བབ་ནས་ཉི་མ་ཡང་འོད་མི་སྣང་བར་གྱུར་
เล่ม ๗๖ · หน้า 188a
ཏོ། །དེའི་ཚེ་རྔོན་པ་དེས་གོས་ཕུད་ནས་གྲི་ཐོགས་ནས་པགས་པ་བཤུས་ཏེ་ཕྱིར་ཁྱིམ་དུ་སོང་ངོ་། །ཕྱིར་ཁྱིམ་དུ་སོང་ནས་རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོས་པགས་པ་དེ་མཐོང་ནས་རབ་ཏུ་དགའ་སྟེ་བློན་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །བདག་
སྐྱེས་ནས་དུད་འགྲོ་ལ་ལུས་ཀྱི་པགས་པ་སྤུ་གསེར་གྱི་མདོག་ཏུ་འདུག་པ་ཡོད་པ་ཡོང་མ་ཐོས་ཏེ། ད་འདིར་མིག་གིས་མངོན་སུམ་དུ་མཐོང་བ་ངོ་མཚར་ཆེའོ་ངོ་མཚར་ཆེའོ་ཞེས་རྔོན་པ་དེ་ལ་ཁྱོད་ཇི་ལྟ་བུ་ཞིག་གི་ཐབས་བྱས་ཏེ་པགས་པ་འདི་ལྟ་བུ་ཐོབ་ཅེས་དྲིས་སོ། །དེ་ནས་རྔོན་
པས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ་འཇིགས་པ་མེད་པ་སྩལ་ན་དྲང་པོར་སྨྲའོ་ཞེས་གསོལ་ཏོ། །རྒྱལ་པོས་ཀྱང་ཁྱོད་ཅི་འདོད་པ་བཞིན་གནང་ངོ་བར་བསྒོ་ནས་རྔོན་པ་དེས་ཀྱང་ཇི་ལྟར་གྱུར་པ་བཞིན་དུ་གསོལ་ཏོ། །རྒྱལ་པོས་ཀྱང་ཚིག་དེ་ཐོས་ནས་
ཤིན་ཏུ་མྱ་ངན་གྱིས་ནོན་ཏེ། དཔེར་ན་མི་བརྣངས་པ་བཞིན་མིད་དུ་ཡང་མེད་ལ་སྐྱུག་ཏུ་ཡང་མེད་པ་ལྟར་མི་བདེ་བར་གྱུར་ཏེ། །བློན་པོ་ཆེན་པོ་ཐམས་ཅད་དང་། རྒྱལ་ཕྲན་དང་། འཁོར་མང་པོ་ཀུན་བསྡུས་ཏེ་འདི་སྐད་ཅེས་བསྒོའོ། །ཁྱེད་རྣམས་ཤེས་པར་གྱིས་ཤིག །ངས་
སྔོན་མཁས་པ་ཤེས་རབ་ཅན་དག་ལས་འདི་སྐད་ཅེས་ཐོས་ཏེ། དུད་འགྲོའི་ཁམས་སུ་སྐྱེས་པའི་ནང་ན་ལུས་ཀྱི་སྤུ་མདོག་གསེར་ལྟ་བུར་འདུག་ན་གདོན་མི་ཟ་བར་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་ཟེར་ཏེ། གལ་ཏེ་སོ་སོའི་སྐྱེ་བོ་ལས་གཅིག་ཙམ་བླ་ན་མེད་པའི་བྱང་ཆུབ་ཏུ་
སེམས་བསྐྱེད་ན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་ཆེན་པོ་བྱེད་པ་ཡིན། ཅིའི་ཕྱིར་རྔོན་པ་སྡིག་པ་ཅན་འདིས་དེ་འདྲ་བའི་ཐབས་བྱས་ཏེ། བྱང་ཆུབ་སེམས་དཔའ་བསད་པ་འདི་གལ་ཏེ་བདག་གིས་བློན་ཐབས་སམ། བྱ་དགའའམ། བལ་གྱི་གླང་པོ་
ཆེའམ། རྟའམ། རིན་པོ་ཆེ་སྣ་བདུན་ནམ། གོས་སམ། ཟས་སམ། ནོར་རམ། འབྲུའམ། ནོར་འདི་ལྟར་བྱིན་པར་གྱུར་ན་སྡིག་ཅན་དེ་དང་འཐུན་པར་གྱུར་ཏེ་དེའི་གྲོགས་སུ་འགྱུར་རོ་སྙམ་བསམས་ནས་རྔོན་པ་དེའི་སྲོག་གི་དབང་པོ་བཅད་དོ། །དེ་ལྟར་རྔོན་པ་དེའི་སྲོག་
เล่ม ๗๖ · หน้า 188b
གི་དབང་པོ་བཅད་ནས་སེང་གེའི་པགས་པ་ཐོགས་ཏེ་རི་དེ་ལ་སོང་ནས་ཤིང་གླང་མགོའི་ཙན་དན་སྤུངས་ཏེ་སེང་གེའི་པགས་པ་དང་རོ་བསྲེགས་སོ། །དེ་ལྟར་སེང་གེའི་རོ་བསྲེགས་ནས་རུས་པ་བསྡུས་ཏེ་མཆོད་རྟེན་བརྩིགས་ནས་མཆོད་པ་བྱས་སོ། །བཅོམ་ལྡན་འདས་
ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་དེའི་ཚེ་དེའི་དུས་ན་སེང་གེ་ཡི་དམ་བརྟན་ཞེས་བྱ་བ་དེ་ནི་ད་ལྟར་ཤཱཀྱ་ཐུབ་པ་ང་ཉིད་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ནི་དགེ་བའི་བཤེས་གཉེན་དང་བསྟེན་པའི་ཕྱིར་ལུས་དང་སྲོག་གི་ཕྱིར་ཡལ་
ཡང་སླའི་སྡིག་པའི་སེམས་མི་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དྲིན་ཤེས་པ་དང་། དྲིན་ལན་བསབ་པའི་ཕྱིར་རོ། །དེ་ཡང་ཇི་ལྟ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་དགེ་བའི་བཤེས་གཉེན་ལ་བསྟེན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པར་
འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་རྒྱུན་དུ་བརྩོན་འགྲུས་སུ་དགེ་བའི་བཤེས་གཉེན་ལ་བསྟེན་ཏེ་ཁམས་གསུམ་གྱི་ཉོན་མོངས་པ་གཞོམ་ཞིང་རྒུད་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་ཚིག་གཅིག་ཙམ་མམ། ཚིགས་སུ་བཅད་པ་གཅིག་གམ། དོན་གཅིག་
ཙམ་གྱི་བར་དུ་ཉན་པ་ལ་རབ་ཏུ་བརྩོན་པར་བྱེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་རྩེ་གཅིག་ཏུ་སངས་རྒྱས་ཀྱི་གསུང་རབ་ཚོལ་བ་ན་ཆོས་འདོད་པའི་སེམས་དང་ཤིན་ཏུ་ལྡན་པས་ལུས་དང་སྲོག་ཀྱང་མི་ཕངས་པར་མེ་མ་མུར་གྱི་ལྕགས་སམ། ས་གཞི་ལས་ཀྱང་འབོག་
ཅིང་འགྲོ་སྟེ་གནོད་པར་མི་སེམས་སོ། །བྱང་ཆུབ་སེམས་དཔའ་ནི་ཚིགས་སུ་བཅད་པ་འགའ་ཙམ་གྱི་ཕྱིར་ཡང་ལུས་དང་སྲོག་མི་ཕངས་ན་མདོ་སྡེ་བཅུ་གཉིས་ལྟ་ཅི་སྨོས། ཚིགས་སུ་བཅད་པ་གཅིག་ཙམ་གྱི་ཕྱིར་ཡང་ལུས་དང་སྲོག་མི་ཕངས་ན་དེ་མ་ཡིན་པ་ཕྱིའི་ཟང་ཟིང་ལྟ་
ཅི་སྨོས། ཆོས་ཐོས་པའི་དོན་གྱིས་ལུས་དང་སེམས་ཤིན་ཏུ་བདེ་བར་འགྱུར་ཏེ། ཤིན་ཏུ་དད་པའི་སེམས་སྐྱེས་པས་ཡང་དག་པའི་ལྟ་བའི་སེམས་ཐོབ་པར་འགྱུར་རོ། །ཆོས་སྟོན་པ་མཐོང་ན་ཕ་མ་མཐོང་བ་ལྟར་ང་རྒྱལ་གྱི་སེམས་མི་སྐྱེའོ། །སེམས་ཅན་གྱི་དོན་དུ་ཆོས་ཉན་
เล่ม ๗๖ · หน้า 189a
གྱི་རྙེད་པ་དང་གྲགས་པའི་ཕྱིར་མ་ཡིན། སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་བྱེད་ཀྱི། བདག་ལ་ཕན་པའི་དོན་གྱི་ཕྱིར་མ་ཡིན་ནོ། །དམ་པའི་ཆོས་ཀྱི་ཕྱིར་རྒྱལ་པོ་དང་། བཀྲེས་སྐོམ་དང་། གྲང་བ་དང་། ཚ་བ་དང་། སྟག་དང་།
སྤྱང་ཀི་ལ་སོགས་ཏེ། གཅན་གཟན་ཁྲོ་བོ་དང་། རྐུན་པོ་དང་། དགྲ་ལ་སོགས་པས་འཇིགས་པ་མ་ཡིན་ནོ། །སྔར་དབང་པོ་རྣམས་ཀྱི་ཉོན་མོངས་པ་བཏུལ་ནས་དེའི་འོག་ཏུ་ཆོས་ཉན་པར་བྱེད་ཀྱི་དུས་མ་ཡིན་པར་ཉན་པ་ནི་མ་ཡིན་ཏེ། སེམས་རྩེ་གཅིག་ཏུ་ཉན་
པར་བྱེད་དོ། །ཆོས་ལ་བཀུར་སྟི་བྱ་བའི་ཕྱིར་ཆོས་སྟོན་པ་ལ་རིམ་གྲོ་གུས་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་དྲིན་ཤེས་པ་དང་དྲིན་ལན་བསབ་པ་ཞེས་བྱའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་རྩེ་གཅིག་ཏུ་ཆོས་ཉན་པ་ཞེ་ན། ཆོས་ཉན་པ་ལ་རྣམ་པ་འདི་
བཞི་སྟེ། ཡང་དག་པའི་སེམས་དང་། རྩེ་གཅིག་པའི་སེམས་དང་། ཐམས་ཅད་དུ་ཐམས་ཅད་ཀྱི་སེམས་དང་། དགེ་བའི་སེམས་དང་བཞི་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་མདོ་སྡེ་བཅུ་གཉིས་ཚོལ་བ་ལ་བརྩོན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན།
སངས་རྒྱས་ཀྱི་བཀའ་དྲིན་ལྕི་བ་དྲན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཆོས་ཀུན་ཏུ་རྒྱས་པར་བྱ་བའི་ཕྱིར། སངས་རྒྱས་ཀུན་གྱི་དམ་པའི་ཆོས་སྐྱེ་ཞིང་འཕེལ་བར་བྱ་བའི་ཕྱིར། འཇིག་རྟེན་པ་དག་སངས་རྒྱས་ཀྱི་ཆོས་ལ་དད་པར་བྱ་བའི་ཕྱིར། སེམས་ཅན་
ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་པར་བྱ་བའི་ཕྱིར། དེ་བས་ན་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་སེམས་ཅན་གྲངས་མེད་པ་དྲན་པར་བྱེད་དོ། །སངས་རྒྱས་ཀུན་གྱི་བཀའ་དྲིན་ལྕི་བ་བསབ་པའི་ཕྱིར། བྱང་ཆུབ་སེམས་དཔའ་ནི་མདོ་སྡེ་བཅུ་གཉིས་ཚོལ་བ་ལ་
བརྩོན་པར་བྱེད་དོ། །བྱང་ཆུབ་སེམས་དཔས་བརྩོན་འགྲུས་སུ་སངས་རྒྱས་ཀྱི་ཆོས་ཚོལ་བ་ནི་སེམས་ཅན་ཐམས་ཅད་དད་པའི་སེམས་བསྐྱེད་པའི་ཕྱིར་རྒྱུའི་རིག་པའི་བསྟན་བཅོས་སློབ་པར་བྱེད་དོ། །གཞན་ཡང་ཉེས་པའི་སྐྱོན་ཐམས་ཅད་ཤེས་པར་བྱ་བ་དང་། མུ་
เล่ม ๗๖ · หน้า 189b
སྟེགས་ཅན་གྱི་ངན་པར་ལྟ་བའི་གཙུག་ལག་གཞིག་པར་བྱ་བ་དང་། སེམས་ཅན་གདུལ་བའི་ཐབས་མཁས་པ་ཤེས་པར་བྱ་བ་དང་། དེ་བཞིན་གཤེགས་པས་གསུངས་པའི་དོན་དང་། འཇིག་རྟེན་པའི་ཚིག་གི་དོན་རྣམ་པར་དབྱེ་བར་བྱ་བའི་ཕྱིར། བྱང་ཆུབ་
སེམས་དཔའ་རྒྱུའི་རིག་པའི་བསྟན་བཅོས་སློབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་སྒྲའི་རིག་པའི་བསྟན་བཅོས་སློབ་པར་བྱེད་ཅེ་ན། སྒྲའི་ཚིག་ཡོངས་སུ་དག་པར་བརྒྱན་པ་དང་། ཡོངས་སུ་མ་དག་པའི་ཚིག་གིས་དོན་གསལ་བར་སྟོན་མི་ནུས་པ་དང་། དོན་
ཐམས་ཅད་ཤེས་ཤིང་ཁོང་དུ་ཆུད་པར་བྱ་བ་དང་། ཡང་དག་པའི་ཚིག་མི་ཉམས་པས་ང་རྒྱལ་གྱིས་མི་ཤིགས་པ་དང་། ངན་པར་ལྟ་བ་ལས་བཟློག་ཅིང་སེམས་ཅན་གདུལ་བའི་ཐབས་མཁས་པར་ཤེས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲའི་རིག་པའི་བསྟན་
བཅོས་སློབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་སྨན་དཔྱད་ཀྱི་རིག་པའི་བསྟན་བཅོས་སློབ་ཅེ་ན། སེམས་ཅན་རྣམས་མི་དགེ་བའི་ནད་བརྒྱ་རྩ་བཞི་དང་དབྲལ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་བྱམས་ཤིང་སྙིང་བརྩེ་བའི་ཕྱིར་སེམས་ཅན་རྣམས་
དད་པའི་སེམས་བསྐྱེད་པར་བྱ་བ་དང་། དེ་ལྟར་ནད་དང་བྲལ་བས་དགའ་བའི་སེམས་སྐྱེ་བར་བྱ་བ་དང་། དེ་ལྟར་དགའ་བའི་སེམས་སྐྱེས་པས། རྟག་ཏུ་སངས་རྒྱས་དྲན་པར་འགྱུར་ཏེ། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པར་བྱ་བའི་ཕྱིར། བྱང་
ཆུབ་སེམས་དཔའ་སྨན་དཔྱད་ཀྱི་རིག་པའི་བསྟན་བཅོས་སློབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་ཅིའི་ཕྱིར། འཇིག་རྟེན་གྱི་བཟོའི་རིག་པ་སློབ་པར་བྱེད་ཅེ་ན། སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར། ནོར་ཟང་ཟིང་རྙེད་སླ་བས་སེམས་ཅན་རྣམས་དད་པ་
བསྐྱེད་པར་བྱ་བ་རྣམས་དང་། འཇིག་རྟེན་གྱི་བྱ་བའི་དངོས་པོ་ཀུན་ཤེས་པས་ང་རྒྱལ་གཞོམ་པ་དང་། སེམས་ཅན་གདུལ་བར་བྱ་བ་དང་། སྲིད་པའི་ཆོས་ཐམས་ཅད་ཀྱིས་བསྒྲིབས་པ་ཀུན་བསལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་བཟོའི་རིག་པ་སློབ་པར་བྱེད་དོ། །
เล่ม ๗๖ · หน้า 190a
གལ་ཏེ་བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔར་མ་བསླབས་ན་ནམ་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་ནུས་སོ། །དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་རིག་པའི་
དངོས་པོ་ལྔ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་དྲིན་ཤེས་པ་དང་། དྲིན་ལན་བསབ་པ་ནི་སེམས་ཅན་ལ་བཤད་པའི་དངོས་པོ་བཤད་ཅིང་བསྟན་པར་བྱའོ། །ཇི་ལྟར་བཤད་ཅེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། རིག་
པ་ལྔ་དང་ལྡན་པར་བཤད་པར་བྱའོ། །བཤད་པ་ལ་ཡང་རྣམ་པ་གཉིས་ཏེ། རིམ་གྱིས་བཤད་པ་དང་། ཡོངས་སུ་དག་པར་བཤད་པའོ། །དེ་ལ་ཇི་ལྟར་ན་རིམ་གྱིས་བཤད་པ་ཞེ་ན། སྔར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བཤད་ལ་དེའི་འོག་ཏུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་
པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བཤད་པ་དང་། དྲིན་ཤེས་པ་དང་། དྲིན་བསབ་པའི་ཕྱིར། དོན་ཡིད་ལ་བྱེད་ཅིང་ཆོས་བཞིན་དུ་གནས་པ་ནི་རིམ་གྱིས་བཤད་པ་ཞེས་བྱའོ། །དེ་ལ་ཡོངས་སུ་དག་པར་བཤད་པ་ཞེས་བྱ་བ་ནི་གང་ཞེ་ན། ཉན་པ་
འདུག་ལ་འཆད་པ་འགྲེང་ན་དེ་ལ་བཤད་པར་མི་བྱའོ། །གལ་ཏེ་ཉན་པ་ཆོས་ལ་སྐྱོན་ཚོལ་ལམ་བཤད་པ་ལ་སྐྱོན་ཚོལ་ན་དེ་ལ་བཤད་པར་མི་བྱའོ། །གལ་ཏེ་ཉན་པ་གང་ཟག་ལ་རྟེན་གྱི་ཆོས་ལ་མི་རྟེན་ན་ཆོས་ལ་མི་རྟེན་པས་དེ་ལ་བཤད་པར་མི་བྱའོ། །གལ་ཏེ་ཉན་པ་ཡི་གེ་
ལ་རྟེན་ལ་དོན་ལ་མི་རྟེན་ན་བཤད་པར་མི་བྱ་བ་ནས་བཀྲི་བའི་དོན་ལ་རྟེན་གྱི་ངེས་པའི་དོན་གྱི་བར་ལ་མི་རྟེན་ན་བཤད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་དག་པའི་ཆོས་ལ་མ་གུས་པའི་ཕྱིར་རོ། །གལ་
ཏེ་བཤད་ཅིང་སྟོན་པ་ཡང་ཆོས་ལ་བཀུར་སྟི་བྱེད་ལ། ཆོས་ཉན་པ་གང་གུས་པའི་སེམས་ཀྱིས་རྩེ་གཅིག་ཏུ་ཉན་ཅིང་ང་རྒྱལ་གྱི་སེམས་མེད་པ་ནི་ཡོངས་སུ་དག་པར་བཤད་པ་ཞེས་བྱའོ། །གཞན་ཡང་རིམ་གྱིས་བཤད་པ་ཞེས་བྱ་བ་ནི་ཐམས་ཅད་བཤད་པའོ། །ཐམས་
เล่ม ๗๖ · หน้า 190b
ཅད་བཤད་པ་ཞེས་བྱ་བ་ནི་མདོ་སྡེ་བཅུ་གཉིས་ནས་ཚིག་གཅིག་གམ། ཚིགས་སུ་བཅད་པ་གཅིག་གམ། ཚིགས་སུ་བཅད་པ་ཕྱེད་ཀྱི་བར་དུ་བཤད་པ་སྟེ། དེ་ཡང་ཚིག་གི་སྒྲ་དང་། དོན་དང་། ཆོས་སུ་ལྡན་ལ། ཆོས་དང་དོན་བསྟན་པ་ཡང་སྤྲོ་བ་དང་།
གཟེངས་བསྟོད་པ་དང་། དགའ་བར་བྱ་བའི་ཕྱིར་དུས་སུ་བསྟན་པ་དང་། དུས་ཁ་ཅིག་ཏུ་གཤེ་ཞིང་སྤྱོ་བ་དང་། དུས་ཁ་ཅིག་ཏུ་དྲང་པོར་ཐད་ཀར་བསྟན་པ་དང་། དུས་ཁ་ཅིག་ཏུ་དཔེ་རྣམས་བསྟན་ཏེ་ཅི་དང་འཕྲོད་པ་བཞིན་དུ་བསྟན་པ་དང་། དུས་ཁ་ཅིག་ཏུ་དེ་བས་ཉེ་ཞིང་སླ་བར་
བསྟན་པ་དང་། དུས་ཁ་ཅིག་ཏུ་ཇི་ལྟར་མོས་པ་བཞིན་དུ་འཇུག་སླ་བ་བསྟན་པ་ནི་བྱང་ཆུབ་སེམས་དཔའི་དྲིན་ཤེས་པ་དང་། དྲིན་བསབ་པ་ལ་མཁས་པའི་མཆོག་ཆོས་རིམ་གྱིས་བཤད་པ་ཞེས་བྱའོ། །གཞན་ཡང་ཡོངས་སུ་དག་པར་བཤད་པ་ཞེས་བྱ་བ་ནི། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དགྲ་སྡང་བ་ལ་བྱམས་པའི་སེམས་སྒོམ་སྟེ། བྱམས་པའི་སེམས་ཀྱིས་སེམས་ཅན་སྡིག་པ་དང་བཅས་པ་དང་། གང་ཟག་བག་མེད་པ་དང་། ལེ་ལོ་ཅན་དག་ལ་ཐབས་རྣམ་པ་མང་པོ་ནས་ཆོས་བསྟན་ནས་རྒྱགས་ཤིང་དྲེགས་པ་དང་།
གང་ཟག་དབུལ་ཕོངས་པའི་བར་དུ་ཐབས་རྣམ་པ་མང་པོས་ཆོས་སྟོན་པར་བྱེད་ཀྱི་བདག་སྟོད་པའམ། གཞན་སྨོད་པའམ། བཟའ་བ་དང་། བཏུང་བ་དང་། རྙེད་པ་དང་། གྲགས་པའི་ཕྱིར་མ་ཡིན་པ་ནི་བྱང་ཆུབ་སེམས་དཔའ་དྲིན་ཤེས་ཤིང་དྲིན་བསབ་པ་ལ་མཁས་
པའི་ཆོས་ཡོངས་སུ་དག་པ་བཤད་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ཆོས་བཞིན་དུ་གནས་པ་ཡིན་ཞེ་ན། ལུས་དང་། ངག་དང་། ཡིད་ཀྱི་ལས་དགེ་བའི་ཆོས་སྒོམ་ཞིང་ཡོངས་སུ་དག་པ་དང་ལྡན་ཏེ། དྲིན་ཤེས་པ་དང་། དྲིན་བསབ་པ་ཡང་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཡོངས་སུ་བསྟན་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲིན་ཤེས་ཤིང་དྲིན་བསབ་པ་ནི་དོན་ཡིད་ལ་བྱེད་དེ། མང་དུ་ཐོས་པས་གཟུངས་ཐོབ་པར་བྱེད་ཅིང་ཆོས་ཀྱི་སྒྲོན་མ་འབར་བར་བྱ་བའི་ཕྱིར། སེམས་ཅན་
เล่ม ๗๖ · หน้า 191a
ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་སྦྱིན་པ་དང་། ཚུལ་ཁྲིམས་དང་། མང་དུ་ཐོས་པ་ལ་བརྩོན་པར་བྱ། ཆོས་སྟོན་ཅིང་འཆད་པ་ལ་མཆོད་པ་དང་རིམ་གྲོ་བྱའི་ཆོས་ལ་སྐྱོན་མི་གདགས། སྟོན་ཅིང་འཆད་པ་ལ་སྐྱོན་མི་གདགས། གནོད་པ་
དང་འཚེ་བ་མེད་པའི་སེམས་ཀྱིས་སེམས་ཅན་ལ་མི་འཇིགས་པ་སྦྱིན་པ་ནི་དྲིན་ཤེས་པ་ཞེས་བྱའོ། །ལྷ་དང་མིའི་ལོངས་སྤྱོད་མྱོང་ཞིང་མྱ་ངན་ལས་འདའ་བའི་ལམ་ཐོབ་པ་ནི་དྲིན་ཤེས་པ་དང་། དྲིན་བསབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནི། གཞན་ཡང་དངོས་
པོ་བཞིས་བཟོད་པ་བསྒོམ་ཞིང་མི་བཟོད་པ་ཡོངས་སུ་སྤངས་ཏེ་བྱང་ཆུབ་བརྒྱན་པའི་ཕྱིར། སེམས་ཅན་མང་པོ་བསྡུས་ནས་བཟོད་པ་བསྒོམ་པ་ལ་བཀོད་དེ། བདག་ཀྱང་བཟོད་པ་བྱེད་དེ། གཞན་ཡང་བཟོད་པ་བྱེད་པ་ལ་འགོད་ཅིང་འཇིགས་པ་དང་བྲལ་བ་ནི་དྲིན་ཤེས་པ་ཞེས་
བྱའོ། །དེ་ལྟར་བཟོད་པ་བྱས་པའི་རྐྱེན་གྱིས་ཞེ་སྡང་གི་སེམས་མི་འབྱུང་བས་འཁོར་ཕུན་སུམ་ཚོགས་པ་དང་ལྡན་ཏེ། སྡུག་བསྔལ་བའམ། ཉོན་མོངས་པ་མི་འབྱུང་བས་འགྱོད་པའི་སེམས་མེད་དེ། ལུས་འདི་དང་བྲལ་ནས་ཀྱང་ལྷ་དང་མིའི་ལོངས་སྤྱོད་མྱོང་ཞིང་མྱ་
ངན་ལས་འདའ་བ་ཐོབ་པ་ནི་དྲིན་བསབ་པ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་དངོས་པོ་རྣམ་པ་བཞིས་བརྩོན་འགྲུས་རྩོམ་སྟེ། ལེ་ལོ་ཡོངས་སུ་སྤངས་ནས་བྱང་ཆུབ་བརྒྱན་པའི་ཕྱིར་སེམས་ཅན་ཡོངས་སུ་སྡུད་དོ། །བྱང་ཆུབ་ཀྱི་ལམ་གྱི་ཕྱིར་
བརྩོན་འགྲུས་རྩོམ་པས་ཉལ་ན་ཡང་བདེ་ལ། སད་ན་ཡང་བདེ་སྟེ། ཉོན་མོངས་པ་དང་བྲལ་བས་བདེ་བའི་ཆོས་སྐྱེ་ཞིང་འཕེལ་ཏེ། ལུས་ཀྱིས་བདེ་བའི་ལོངས་སྤྱོད་མྱོང་བ་ནི་བདག་ལ་ཕན་པའི་དོན་བྱེད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྩོམ་
ཡང་སེམས་ཅན་ལ་མི་འཚེ་སྟེ། འཚོག་རྡེག་དང་། གཤེ་བ་དང་། སྤྱོ་བ་མེད་པ་ནི་གཞན་ལ་ཕན་པའི་དོན་བྱེད་པ་ཞེས་བྱ་སྟེ། ལུས་འདི་དང་བྲལ་ནས་ཀྱང་། ལྷ་དང་མིའི་ལོངས་སྤྱོད་མྱོང་ཞིང་མཐུ་དང་དབང་དུ་ལྡན་ཏེ། བྱང་ཆུབ་ཀྱི་ལམ་ཐོབ་པས་འབྲས་བུ་
เล่ม ๗๖ · หน้า 191b
ཆེན་པོ་ཐོབ་པར་འགྱུར་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་རྩོམ་པའི་དངོས་པོ་བཞི་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྒོམ་པས་འཁྲུག་པའི་སེམས་ཡོངས་སུ་སྤངས་ཏེ། བྱང་ཆུབ་བརྒྱན་པའི་ཕྱིར་སེམས་ཅན་ཡོངས་སུ་སྡུད་དོ། །བྱང་
ཆུབ་ཀྱི་ལམ་གྱི་ཕྱིར་ཏིང་ངེ་འཛིན་བསྒོམས་པས་ཚེ་འདི་ལ་ཡང་འཇིག་རྟེན་གྱི་བདེ་བ་མྱོང་ལ། ལུས་དང་སེམས་དབེན་ཞིང་ཞི་བ་ནི་དྲིན་ལན་ཤེས་པ་ཞེས་བྱའོ། །དེ་ལྟར་ལུས་དང་སེམས་དབེན་ཞིང་ཞི་བས་སེམས་ཅན་ལ་མི་འཚེ་བ་ནི་དྲིན་བསབ་པ་ཞེས་བྱ་སྟེ། བྱང་
ཆུབ་སེམས་དཔའ་ལུས་འདི་དང་བྲལ་ནས། རྣམ་པར་དག་པའི་ལུས་ཐོབ་ཅིང་བདེ་བ་ཕུན་སུམ་ཚོགས་པའི་ལོངས་སྤྱོད་མྱོང་སྟེ། ཡོངས་སུ་མྱ་ངན་ལས་འདའ་བ་ཐོབ་པ་ནི། བྱང་ཆུབ་སེམས་དཔའི་བསམ་གཏན་སྒོམ་པའི་དངོས་པོ་བཞི་ཞེས་བྱའོ། །གཞན་
ཡང་བྱང་ཆུབ་སེམས་དཔའ་དྲིན་ཤེས་པ་དང་། དྲིན་བསབ་པ་ནི་ཤེས་རབ་དང་ལྡན་པས་མ་རིག་པ་བཅོམ་སྟེ། བྱང་ཆུབ་ཡོངས་སུ་བརྒྱན་པའི་ཕྱིར། བསྡུ་བའི་ཆོས་རྣམ་པ་བཞིས་སེམས་ཅན་ཡོངས་སུ་སྡུད་དོ། །བྱང་ཆུབ་ཀྱི་ཕྱིར་ཤེས་རབ་བསྒོམས་པས་
ཆོས་ཀྱི་དབྱིངས་ཤེས་ཤིང་རྟོགས་པའི་ཕྱིར། ལུས་ཀྱི་བདེ་བའི་ལོངས་སྤྱོད་མྱོང་བ་ནི་བདག་ལ་ཕན་པའི་དོན་ཞེས་བྱའོ། །སེམས་ཅན་རྣམས་ཀྱི་འཇིག་རྟེན་གྱི་དོན་དང་། འཇིག་རྟེན་ལས་འདས་པའི་དོན་བསྐྱེད་པ་ནི་གཞན་ལ་ཕན་པའི་དོན་ཞེས་བྱའོ། །ཉོན་
མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པ་གཉིས་ཡོངས་སུ་སྤངས་པས་ན་འབྲས་བུ་ཆེན་པོ་ཞེས་བྱ་སྟེ། འདི་ནི་དྲིན་ཤེས་ཤིང་དྲིན་བསབ་པའི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་དངོས་པོ་བསམ་གྱིས་མི་ཁྱབ་པ་བཞི་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སྔོན་
གྱི་གནས་དྲན་པའི་མངོན་པར་ཤེས་པས་སྔོན་འདས་པའི་དངོས་པོ་ཤེས་རབ་ཀྱིས་རྟོགས་ཏེ། སེམས་ཅན་རྣམས་ཀྱི་དགེ་བ་དང་སྡིག་པའི་ལས་བརྟགས་ནས་དགེ་བའི་རིས་སུ་འཐུན་པའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་
เล่ม ๗๖ · หน้า 192a
དཔའ་ཆེན་པོ་ཐབས་མཁས་པས་དགའ་ལྡན་གནམ་དུ་ཚེ་ཕུན་སུམ་ཚོགས་པར་སྐྱེས་སོ། །དེ་ན་མཆོག་ཏུ་གྱུར་པ་གསུམ་དང་ལྡན་ཏེ། ཚེ་མཆོག་ཏུ་གྱུར་པ་དང་། གཟུགས་མཆོག་ཏུ་གྱུར་པ་དང་། གྲགས་པ་མཆོག་ཏུ་གྱུར་པའོ། །ཐོག་
མ་གནས་དེ་ནས་བབས་པའི་ཚེ་འོད་ཟེར་ཆེན་པོ་བཀྱེ་ནས་ཕྱོགས་བཅུ་སྣང་བར་བྱས་ཏེ་ཡུམ་གྱི་ལྷུམས་སུ་འཇུག་པ་དང་། ལྷུམས་ན་ཇི་སྲིད་གནས་པ་དང་། ལྷུམས་ནས་བལྟམ་པའི་དུས་མཁྱེན་ཏོ། །ཕྱོགས་བཅུར་ཕྱོགས་རེ་རེར་ཡང་མིས་མ་བརྟེན་པར་གོམ་པ་བདུན་
བདུན་བོར་ཏེ་འདི་སྐད་ཅེས་བསྒྲགས་སོ། །བདག་གི་ད་ལྟར་གྱི་ལུས་འདི་ནི་ནངས་ཀྱི་ཐ་མ་སྟེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟ་འཕྱེ་ཆེན་པོ་རྣམས་ཀྱིས་མེ་ཏོག་དང་། བདུག་
སྤོས་དང་། རོལ་མོ་དང་། སིལ་སྙན་དང་། བ་དན་དག་དང་། གདུགས་དམ་པ་རྣམས་ཀྱིས་མཆོད་པ་བྱས་སོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པས་དེའི་ལུས་ལས་མཆོག་ཏུ་གྱུར་པ་གཞན་མེད་དོ། །བྱམས་པའི་ཤུགས་ཀྱིས་བདུད་ཀྱི་
དཔུང་རྣམས་བཅོམ་མོ། །ལྷུ་ཚིགས་རེ་རེ་ལ་ཡང་གྱད་མཐུ་བོ་ཆེའི་སྟོབས་རེ་རེ་དང་ལྡན་ནོ། །གཞོན་ནུ་བུས་པའི་ཚེ་འཇིག་རྟེན་གྱི་དངོས་པོ་མ་བསླབས་པར་ཐམས་ཅད་ཀུན་རྟོགས་ཤིང་ཤེས་སོ། །སྟོན་པ་མེད་པར་རང་བཙལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ལྷུན་གྱིས་གྲུབ་བོ། །ཚངས་པའི་ལྷའི་དབང་པོས་བསྐུལ་ནས་སེམས་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། འབྲུག་སྒྲ་བསྒྲགས་ཀྱང་མ་གཡོས་སོ། །གཅན་གཟན་རྣམས་ཉེ་བར་བསྟེན་ཏེ་ཕ་མ་
བཞིན་དུ་སྡུག་པར་བསམས་སོ། །བྱོལ་སོང་གིས་བསོད་སྙོམས་ཕུལ་བ་ཡང་སངས་རྒྱས་ཀྱིས་དེའི་བསམ་པ་མཁྱེན་ཏོ། །ལྷ་དང་ཀླུས་ཆར་ཕབ་སྟེ་ལུས་ཀྱི་ཁྲུས་བྱས་སོ། །ཤིང་ལྗོན་པའི་ཡལ་ག་ཡང་དེའི་ཕྱོགས་སུ་བཏུད་དེ་གྲིབ་མས་སྐྱབས་བྱས་སོ། །མངོན་
เล่ม ๗๖ · หน้า 192b
པར་སངས་རྒྱས་ནས་ཀྱང་ལོ་དྲུག་གི་བར་དུ་བདུད་མ་རུངས་པས་རྒྱུན་དུ་གླགས་བཙལ་ཀྱང་གླགས་མ་རྙེད་དོ། །རྒྱུན་དུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་དྲན་པ་ཉེ་བར་གཞག་པའི་སེམས་ཡོངས་སུ་རྫོགས་ཏེ། རྣམ་པར་རྟོག་པ་འབྱུང་བ་དང་། འགག་
པ་ལ་ཤིན་ཏུ་མཁས་པས་དེ་ནི་བྱང་ཆུབ་སེམས་དཔའི་སྐྱེ་བ་ཐུན་མོང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །སྐྱེ་བ་ཐུན་མོང་མ་ཡིན་པ་ནི་སེམས་ཅན་ལ་ཕན་པ་དང་། བདེ་བའི་དོན་དུ་དཔེར་ན་གང་ཟག་སྨྱོས་པ་དག་དེ་བཞིན་གཤེགས་པ་མཐོང་བའི་རྐྱེན་གྱིས་སྔོན་གྱི་
སེམས་སོར་ཆུད་པའམ། དམུས་ལོང་གིས་མཐོང་བར་གྱུར་པའམ། མངལ་མགོ་ལོག་ཏུ་གྱུར་པ་ལེགས་པར་བཙས་པའམ། འོན་པ་རྣ་བས་ཐོས་པར་གྱུར་པའམ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅན་དུག་གསུམ་བྱང་བར་
གྱུར་པ་དེ་ལྟ་བུ་ནི་སྐྱེ་བ་ཐུན་མོང་མ་ཡིན་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །གཞན་ཡང་སྐྱེ་བ་ཐུན་མོང་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་མཛད་པ་བསམ་གྱིས་མི་ཁྱབ་པ་སྟེ། རྟག་ཏུ་གློ་གཡས་པ་ཕབ་ནས་གཟིམས་པ་དང་། སེང་གེའི་རྒྱལ་པོ་
ལྟ་བུར་རྩྭ་འཇག་མ་ལྟར་མི་འགྲུག་པ་དང་། རླུང་གི་རྒྱལ་པོ་བཻ་རམ་བས་ཀྱང་ན་བཟའི་མཐའ་ཙམ་མི་གཡོ་བ་དང་། གཤེགས་པའི་གོམ་སྟབས་རི་དགས་ཀྱི་རྒྱལ་པོ་སེང་གེའམ་ངང་པའི་རྒྱལ་པོ་ལྟར་གཤེགས་པ་དང་། གཤེགས་སུ་ཆ་བ་ན་ཞབས་གཡས་
པ་སྔར་འདོར་བ་དང་། གནས་གང་དང་གང་དུ་གཤེགས་ཀྱང་ས་གཞི་མཐོ་དམའ་མཉམ་པ་དང་། བསོད་སྙོམས་ལ་དྲི་ང་བའི་སྐྱོན་མེད་ཅིང་ཞལ་ནས་ཕྱིར་མི་འབྲུལ་བ་ནི་སྐྱེ་བ་ཐུན་མོང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །གཞན་ཡང་སྐྱེ་བ་ཐུན་མོང་བ་བསམ་གྱིས་
མི་ཁྱབ་པ་ནི་འདི་ལྟ་སྟེ། ཞབས་ཀྱི་མཐིལ་མཉམ་ཞིང་གང་བ་ཡིན། ཞབས་ཀྱི་མཐིལ་ན་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཡོད་པ་ཡིན། ཕྱག་སོར་ཕྲ་ལ་རིང་བ་ཡིན། ཞབས་ཀྱི་རྟིང་བ་ཟླུམ་ལ་གང་བ་ཡིན། ཕྱག་སོར་གྱི་བར་དྲ་བས་འབྲེལ་བ་ཡིན།
เล่ม ๗๖ · หน้า 193a
ཕྱག་དང་ཞབས་འཇམ་ཞིང་མཉེན་པ་ཡིན། ཞབས་ཀྱི་བྱིན་པ་རི་དགས་ཀྱི་རྒྱལ་པོ་ཨེ་ན་ཡ་ལྟར་ཟླུམ་ལ་ཤུགས་ཀྱིས་གཞོལ་བ་ཡིན། ཞབས་ཀྱི་ལོང་བུ་ཕྱིར་མི་སྣང་བ་ཡིན། ཕྱག་པུས་མོར་སླེབས་པ་ཡིན། རྟའི་རྒྱལ་པོ་
ལྟར་མཚན་སྦུབས་ཀྱི་ནང་དུ་ནུབ་པ་ཡིན། ཤིང་ནྱ་གྲོ་དྷ་ལྟར་སྐུའི་ཡན་ལག་ཡོངས་སུ་རྫོགས་པ་ཡིན། སྐུའི་བ་སྤུ་གྱེན་དུ་ཉལ་བ་ཡིན། བ་སྤུ་རེ་རེ་ནས་གཡས་སུ་འཁྱིལ་བ་ཡིན། སྐུ་མདོག་གསེར་བཙོ་མ་ལྟར་འདུག་པ་ཡིན། རྟག་པའི་འོད་འདོམ་
གང་དང་ལྡན་པ་ཡིན། པགས་པ་མཉེན་ཞིང་འཇམ་ལ་རྡུལ་དང་དྲི་མས་མི་གོས་པ་ཡིན། གནས་བདུན་ཡོངས་སུ་གང་བ་ཡིན། སྐུའི་སྟོད་སེང་གེ་ལྟར་འདུག་པ་ཡིན། ཕྱག་གི་ལག་ངར་ཟླུམ་ལ་ཤུགས་ཀྱིས་གཞོལ་བ་ཡིན། སྒྲོག་རུས་མཉམ་
པར་གང་བ་ཡིན། སྐུའི་སྟོད་སྨད་འབྱེས་པའི་མཚན་དང་ལྡན་པ་ཡིན། ཞལ་གྱི་ཚེམས་བཞི་བཅུ་དང་ལྡན་པ་ཡིན། ཚེམས་ཀྱི་ཐགས་བཟང་ཞིང་མཉམ་པ་ཡིན། ཚེམས་ཀྱི་མདོག་དཀར་བ་ཡིན། འགྲམ་པ་རི་དགས་ཀྱི་རྒྱལ་པོ་སེང་གེ་ལྟར་གང་བ་
ཡིན། རོ་བྲོ་བའི་མཆོག་དང་ལྡན་པ་ཡིན། ཤའི་དོ་ཀེར་གྱི་མཚན་དང་ལྡན་པ་ཡིན། ལྗགས་རིང་ལ་ཡངས་པ་ཡིན། ཚངས་པའི་སྒྲ་དབྱངས་དང་ལྡན་པ་ཡིན། སྤྱན་གྱི་མདོག་མཐོན་མཐིང་ལྟར་འདུག་པ་ཡིན། སྤྱན་ཁྱུ་མཆོག་གི་རྒྱལ་པོ་ལྟར་འདུག་
པ་ཡིན། སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་དང་ལྡན་པ་ཡིན་ནོ། །དེ་བཞིན་དུ་བསམ་གྱིས་མི་ཁྱབ་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་ཏེ། དཔེ་བྱད་བཟང་པོ་རེ་རེ་ལ་ཡང་དཔེ་བྱད་བཟང་པོའི་མཆོག་དམ་པ་བརྒྱ་སྟོང་སྙེད་ཡོད་དེ། དཔེ་བྱད་བཟང་པོ་དེ་
དག་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་ཐོག་མ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་ལ་ཤིན་ཏུ་བརྟན་པས་དྲིན་ཤེས་ཤིང་དྲིན་བསབ་པའི་ཕྱིར་སྤྱོད་པ་དམ་པ་དེ་དག་སྤྱད་དེ། དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །སངས་རྒྱས་ཀྱིས་བཀའ་སྩལ་
เล่ม ๗๖ · หน้า 193b
པ། དེ་བཞིན་གཤེགས་པ་ནི་སྔོན་ཡུན་རིང་པོ་བསྐལ་པ་གྲངས་མེད་པ་ཚད་མེད་པའི་བར་དུ་ཚུལ་ཁྲིམས་ཡོངས་སུ་དག་པར་བསྲུངས་པས། ཞབས་ཀྱི་མཐིལ་མཉམ་པར་གང་བའི་མཚན་དང་ལྡན་པར་གྱུར་པ་ཡིན་ནོ། །ཕ་མ་དང་། སློབ་དཔོན་དང་། བླ་མ་
དང་། གང་ཟག་ཡོན་ཏན་དང་ལྡན་པ་ལ་མཆོད་པ་དང་། བཀུར་སྟིར་བྱས་པའི་རྐྱེན་གྱིས་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པར་གྱུར་པ་ཡིན་ནོ། །སེམས་ཅན་རྣམས་ལ་མི་འཚེ་ཞིང་འཕྲོག་པ་དང་རྐུ་བའི་སེམས་མེད་ལ་ཕ་མ་དང་། སློབ་དཔོན་དང་། བླ་མ་དང་།
ཡོན་ཏན་དང་ལྡན་པའི་གང་ཟག་ལ་རྒྱང་མ་ནས་བསུ་བསྐྱལ་བྱས་ཤིང་ཁྲི་སྟན་བཏིང་ལ་ང་རྒྱལ་སྤངས་ཏེ། རིམ་གྲོ་དང་། བཀུར་སྟི་དང་། ཕྱག་བྱས་པས་དེའི་རྒྱུ་དེའི་རྐྱེན་གྱིས་སོར་མོ་ཕྲ་ཞིང་རིང་བར་གྱུར་པའི་མཚན་དང་ལྡན་པར་གྱུར་པ་ཡིན་ནོ། །གོང་དུ་སྨོས་པའི་
བྱ་བ་གསུམ་དང་ལྡན་པས་རྟིང་བ་ཟླུམ་ལ་གང་བའི་མཚན་དང་ལྡན་པར་གྱུར་པ་ཡིན་ནོ། །བསྡུ་བའི་ཆོས་རྣམ་པ་བཞིས་འགྲོ་བ་མང་པོ་ཡོངས་སུ་བསྡུས་པས། དེའི་རྒྱུ་དེའི་རྐྱེན་གྱིས་སོར་མོའི་བར་དྲ་བས་འབྲེལ་པའི་མཚན་དང་ལྡན་པར་གྱུར་པ་ཡིན་ནོ། །མར་
དང་འབྲུ་མར་གྱིས་ཕ་མ་དང་། སློབ་དཔོན་དང་། བླ་མ་དང་། ཡོན་ཏན་དང་ལྡན་པའི་གང་ཟག་གི་ལུས་ལ་བསྐུས་ཤིང་མཉེས་པས། དེའི་རྒྱུ་དེའི་རྐྱེན་གྱིས་རྐང་ལག་མཉེན་ཞིང་རིང་ལ་འཇམ་པ་ཡིན་ནོ། །དགེ་བའི་ཆོས་བསྒོམ་པ་ལ་མི་སྐྱོ་བས། དེའི་
རྒྱུ་དེའི་རྐྱེན་གྱིས་ཐལ་གོང་མཉམ་ལ་ལག་ངར་ཟླུམ་ཞིང་ཤུགས་ཀྱིས་གཞོལ་བ་ཡིན་ནོ། །ཆོས་ཐོས་པར་དགའ་ཞིང་གཞན་ལ་ཆོས་སྟོན་པར་ཡང་མོས་ཏེ། ཆོས་ཀྱི་ཕྱིར་མངག་གཞུག་གི་ལས་བྱས་ན། དེའི་རྒྱུ་དེའི་རྐྱེན་གྱིས་ལོང་བུའི་རུས་པ་མི་སྣང་བའི་
མཚན་དང་ལྡན་ནོ། །སྒོ་གསུམ་ཡོངས་སུ་དག་ཅིང་ནད་གཡོག་དང་། སྨན་གྱི་སྦྱིན་པ་བྱིན་ཏེ། ང་རྒྱལ་མེད་ལ་བཟའ་བ་དང་། བཏུང་བ་ལ་ཆོག་ཤེས་པའི་རྒྱུ་དང་རྐྱེན་གྱིས་ལུས་དྲང་པོར་འགྲེང་ན་ལག་པས་པུས་མོར་སླེབས་པ་ཡིན་ནོ། །འཁོན་
เล่ม ๗๖ · หน้า 194a
གཅུགས་སུ་གྱུར་པ་ལ་ཚིག་འཇམ་པོས་བསྡུམས་ཏེ། །བདག་ཀྱང་ངོ་ཚ་བ་དང་ལྡན་པའི་ཆོས་སྤྱད་དེ་གཞན་ཡང་སྤྱོད་དུ་བཅུག་ན། དེའི་རྒྱུ་དེའི་རྐྱེན་གྱིས། རྟའི་རྒྱལ་པོ་ལྟར་མཚན་སྦུབས་ཀྱི་ནང་དུ་ནུབ་པ་ཡིན་ནོ། །བདག་
གི་སྒོ་གསུམ་ཡོངས་སུ་དག་ལ། གཞན་ཡང་ཡོངས་སུ་དག་པར་བྱེད་ཅིང་། སེམས་ཅན་དག་འབྱུང་བ་ཆེན་པོ་བཞི་འཁྲུགས་ཏེ། ནད་དུ་གྱུར་པའི་སྨན་དཔྱད་ཀྱིས་གསོས་པས་ན། དེའི་རྒྱུ་དེའི་རྐྱེན་གྱིས། ལུས་ཀྱི་མཚན་ཡོངས་སུ་རྫོགས་པ་
ཡིན་ནོ། །ཆོས་ཐོས་པར་དགའ་ཞིང་གཞན་ལ་ཆོས་སྟོན་པར་མོས་པས་ན། ལུས་ཀྱི་བ་སྤུ་གྱེན་དུ་ཉལ་བའི་མཚན་དང་ལྡན་པ་ཡིན། ཆོས་ཀྱི་དོན་ཟབ་མོ་ཡིད་ལ་བགྱིད་ཅིང་དགེ་བའི་ཆོས་སྒོམ་པར་མོས་ལ། ཕ་མ་དང་། སློབ་དཔོན་དང་། བླ་མ་
དང་། ཡོན་ཏན་དང་ལྡན་པའི་གང་ཟག་ལ་མཆོད་པ་བྱས་པ་དང་། སངས་རྒྱས་ཀྱི་མཆོད་རྟེན་དང་། དགེ་འདུན་གྱི་གནས་ཁང་དང་། ལམ་སྲང་ན་འདུག་པའི་བོང་བའམ། རྡོ་བའམ། ཚེར་མའམ། མི་གཙང་བ་མེད་པར་བྱས་ན། དེའི་
རྒྱུ་དེའི་རྐྱེན་གྱིས་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་པའི་མཚན་དང་ལྡན་པར་གྱུར་པ་ཡིན་ནོ། །ཕ་རོལ་པོ་གཞན་དག་ལ་ཟས་དང་། སྐོམ་དང་། རྒྱན་དང་། དེ་ལ་སོགས་པ་བྱིན་ཞིང་ཞེ་སྡང་གི་སེམས་མེད་ན། དེའི་རྒྱུ་དེའི་རྐྱེན་གྱིས་གསེར་བཙོ་
མའི་མདོག་དང་ལྡན་པ་དང་། འོད་རྟག་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །ཅིའི་ལས་ཀྱིས་བ་སྤུའི་ཁུང་བུ་རེ་རེ་ནས་སྤུ་རེ་རེ་སྐྱེས་པའི་མཚན་དང་ལྡན་ཞེ་ན། ལས་དེ་ཉིད་ཀྱི་རྒྱུ་ལས་གྱུར་ཏེ། ལས་ཀྱི་རྒྱུ་དེ་ཉིད་ཀྱིས་ལུས་མཉེན་ཞིང་འཇམ་ལ་རྡུལ་དང་དྲི་
མས་མི་གོས་པའི་མཚན་དང་ལྡན་པ་ཡིན་ནོ། །སེམས་ཅན་དག་ལ། དགོས་པའི་ཟང་ཟིང་རྒྱུན་དུ་གཏོང་བས་ན། དེའི་རྒྱུ་དེའི་རྐྱེན་གྱིས། གནས་བདུན་མཉམ་པར་གང་བའི་མཚན་དང་ལྡན་པ་ཡིན་ནོ། །བདག་གི་ང་རྒྱལ་དང་དྲེགས་པ་བཅོམ་ནས། རང་
เล่ม ๗๖ · หน้า 194b
བཞིན་གྱིས་མཉེན་ཞིང་དེས་པའི་སེམས་ཀྱིས་སེམས་ཅན་གྱི་ཡིད་དང་སྦྱོར་ཏེ། །ཆོས་བཞིན་དུ་སྤྱོད་ལ། མི་དགེ་བའི་ཆོས་སྤངས་པའི་ཕྱིར་དགེ་བའི་ཆོས་སྟོན་ན། དེའི་རྒྱུ་དེའི་རྐྱེན་གྱིས། རོ་སྟོད་རི་དགས་ཀྱི་རྒྱལ་པོ་སེང་གེ་ལྟ་བུའི་མཚན་དང་། སྨིན་མཚམས་
དང་། སྒྲོག་རུས་མཉམ་པར་གང་བའི་མཚན་དང་། སོར་མོ་རིང་བའི་མཚན་དང་། ལུས་ཀྱི་མཐའ་ཡང་ཞིང་འཇམ་པའི་མཚན་དང་ལྡན་པ་ཡིན་ནོ། །ཕྲ་མ་ཡོངས་སུ་སྤངས་ཏེ། རྩོད་ཅིང་འཁོན་པའི་བསྡུམས་བྱས་པས། དེའི་རྒྱུ་དེའི་རྐྱེན་གྱིས་སོ་
བཞི་བཅུ་དང་ལྡན་པའི་མཚན་དང་། སོའི་ཐགས་བཟང་བའི་མཚན་དང་། སོ་མཉམ་པའི་མཚན་དང་ལྡན་པ་ཡིན་ནོ། །འདོད་པའི་ཁམས་ཀྱི་བྱམས་པ་བསྒོམས་པས། དེའི་རྒྱུ་དེའི་རྐྱེན་གྱིས། སོ་དཀར་བའི་མཚན་དང་ལྡན་པ་ཡིན་ནོ། །སློང་བ་
མཐོང་ན་དགའ་བའི་སེམས་ཀྱིས་བསུ་བསྐྱལ་བྱས་པས། དེའི་རྒྱུ་དེའི་རྐྱེན་གྱིས། སེང་གེའི་འགྲམ་པ་ལྟ་བུའི་མཚན་དང་ལྡན་པར་གྱུར་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་འདྲ་བར་ལྟ་བས། དེའི་རྒྱུ་དེའི་རྐྱེན་གྱིས། རོ་བྲོ་བའི་
མཆོག་གི་མཚན་དང་ལྡན་པ་ཡིན་ནོ། །སེམས་ཅན་ལ་བླ་ན་མེད་པའི་ཆོས་ཀྱི་རོ་རྟག་ཏུ་གཏོང་ཞིང་བརྗེད་ཅིང་མི་དྲན་པ་ལ་ཡང་དྲན་པར་བྱས་ཏེ། བདག་ཀྱང་ཚུལ་ཁྲིམས་ལྔ་སྲུང་ལ་གཞན་ཡང་བསྲུང་བར་བསྐུལ་ཞིང་བྱམས་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་
པ་ཆེན་པོ་བྱས་ན། དེའི་རྒྱུ་དེའི་རྐྱེན་གྱིས་ཤའི་གཙུག་ཏོར་གྱི་མཚན་དང་ལྕེ་རིང་ཞིང་ཡངས་པའི་མཚན་དང་ལྡན་པ་ཡིན་ནོ། །བདེན་པའི་ཚིག་དང་། ཆོས་ཀྱིས་དགའ་བའི་ཚིག་དང་། མཉེན་དེས་པའི་ཚིག་སྨྲའི། དུས་མ་ཡིན་པའི་ཚིག་མི་
སྨྲ་བས། དེའི་རྒྱུ་དེའི་རྐྱེན་གྱིས་ཚངས་པའི་སྒྲ་དབྱངས་དང་ལྡན་པ་ཡིན་ནོ། །སྙིང་རྗེའི་སེམས་བསྒོམས་པས་སེམས་ཅན་རྣམས་ལ་ཕ་མ་ལྟ་བུར་ལྟ་བས། དེའི་རྒྱུ་དེའི་རྐྱེན་གྱིས་མིག་མཐོན་མཐིང་ལྟར་འདུག་པ་དང་། མིག་ཁྱུ་མཆོག་གི་རྒྱལ་པོ་ལྟ་
เล่ม ๗๖ · หน้า 195a
བུའི་མཚན་དང་ལྡན་པ་ཡིན་ནོ། །ཡོན་ཏན་དང་ལྡན་པའི་ལེགས་པ་མི་བཅབས་ཤིང་། བསྟོད་ཅིང་བསྔགས་པས། དེའི་རྒྱུ་དེའི་རྐྱེན་གྱིས། མཛོད་སྤུ་དཀར་པོའི་མཚན་དང་ལྡན་པ་ཡིན་ནོ། །མཚན་སུམ་ཅུ་རྩ་
གཉིས་འདི་དག་གི་རྒྱུ་དང་རྐྱེན་ས་སོར་བཤད་མོད་ཀྱི། དེའི་རྒྱུ་དེའི་རྐྱེན་ཡང་དག་པ་ནི། ཚུལ་ཁྲིམས་དང་བརྩོན་འགྲུས་སོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཚུལ་ཁྲིམས་མ་བསྲུངས། བརྩོན་འགྲུས་མ་སྤྱད་ན། མིའི་ལུས་ཀྱང་ཐོབ་པར་
མི་ནུས་ན། མཚན་སུམ་ཅུ་རྩ་གཉིས་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། སྤྱི་གཙུག་བལྟར་མི་སྣང་བ་དང་། ཤའི་གཙུག་ཏོར་གྱི་མཚན་གཉིས་ལ་ཐ་དད་པ་མེད་དོ། །གཞན་ཡང་ཅི་བྱེད་དོ་ཅོག་ལ་གཅིག་ཏུ་མ་ངེས་ཏེ། འགྱོད་པའི་སེམས་མེད་ན། དེའི་
རྒྱུ་དེའི་རྐྱེན་གྱིས། རྐང་མཐིལ་མཉམ་པར་གང་བའི་མཚན་ཐོབ་བོ། །དེ་ཡང་སེམས་རྩེ་གཅིག་ཏུ་བྱས་ན། དེའི་རྒྱུས་འཁོར་ལོའི་རྩིབས་སྟོང་དང་ལྡན་པའི་མཚན་དང་། མཚན་གསུམ་པ་དང་། བཞི་པ་དང་། སོར་མོའི་བར་འབྲེལ་པ་དང་། གནས་
བདུན་མཉམ་པར་གང་བ་དང་། མཉེན་ཞིང་འཇམ་པ་དང་། ཕྲག་པ་ཟླུམ་པ་དང་། སྒྲོག་རུས་གང་བ་དང་། ལུས་དྲང་བ་དང་། ལྕེ་རིང་ཞིང་ཡངས་པའི་མཚན་དང་ལྡན་པ་ཡིན་ནོ། །དེ་ཡང་བྱ་བརྟག་ཏུ་བྱས་ན། དེའི་རྒྱུས་སོར་མོ་རིང་
བའི་མཚན་དང་། ལག་པས་པུས་མོར་སླེབས་པའི་མཚན་དང་། འོད་རྟག་པ་འདོམ་གང་གི་མཚན་དང་། སོ་ཐགས་བཟང་ཞིང་ཡ་ཡོ་མེད་པའི་མཚན་ཐོབ་བོ། །བྱ་བ་ཡོངས་སུ་དག་པར་བྱས་ན། དེའི་རྒྱུས་མཚན་ལྷག་མ་གཞན་རྣམས་ཐོབ་
པར་འགྱུར་རོ། །གཞན་ཡང་སེམས་ཅན་དག་ལ་དགེ་བ་འབའ་ཞིག་གི་སེམས་བསྐྱེད་པས། དེའི་རྒྱུས་རྐང་ལག་མཉེན་ཞིང་འཇམ་པ་དང་། པགས་པ་མཉེན་ཞིང་འཇམ་ལ། རྡུལ་དང་དྲི་མས་མི་གོས་པའི་མཚན་ཐོབ་བོ། །རིམ་གྱིས་
เล่ม ๗๖ · หน้า 195b
བསྒོམ་ཞིང་སྤྱོད་པ་དང་། དུས་བཞིན་དུ་བསྒོམས་ཤིང་སྤྱོད་པས་དེའི་རྒྱུས། གཉིས་པ་དང་། གསུམ་པ་དང་། བཞི་པའི་མཚན་ཐོབ་བོ། །དགེ་བའི་ཆོས་བསྒོམ་པ་ལ་མོས་ཤིང་། འགྱོད་པའི་སེམས་མེད་པས། དེའི་རྒྱུས་ལུས་ཀྱི་མདོག་གསེར་ལྟ་
བུ་དང་། འོད་རྟག་པ་དང་། སོ་དཀར་བ་དང་། སྨིན་མཚམས་ཀྱི་མཛོད་སྤུའི་མཚན་ཐོབ་བོ། །བསྟོད་ཅིང་བསྔགས་ན་ཡང་ང་རྒྱལ་མི་སྐྱེ་ལ། བདག་གི་ལེགས་པ་བཅབས་ཏེ་རློམ་སེམས་མེད་ན་དེའི་རྒྱུས་རྟ་ལྟ་བུར་མཚན་སྦུབས་སུ་ནུབ་པའི་མཚན་ཐོབ་བོ། །
དགེ་བའི་ལས་ཅི་བྱས་པ་བྱང་ཆུབ་ཏུ་བསྔོས་ན་དེའི་རྒྱུས། བ་སྤུའི་ཁུང་རེ་རེ་ནས་སྤུ་རེ་རེ་སྐྱེ་བའི་མཚན་དང་། བ་སྤུ་གྱེན་དུ་ཉལ་བ་དང་། སོ་བཞི་བཅུ་དང་ལྡན་པ་དང་། རོ་བྲོ་བའི་མཆོག་གི་མཚན་ཐོབ་བོ། །རྟག་ཏུ་བརྩོན་འགྲུས་བྱས་ན། དེའི་རྒྱུས་འགྲམ་
པའི་ལྷ་ང་ཟླུམ་པ་དང་། ལུས་ཀྱི་སྟོད་སེང་གེ་ལྟ་བུའི་མཚན་ཐོབ་བོ། །སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་སྡུག་པར་བསམས་པས་དེའི་རྒྱུས་སོ་ཐགས་བཟང་ཞིང་མཉམ་པ་དང་། མིག་མཐོན་མཐིང་དུ་འདུག་པ་དང་།
མིག་ཁྱུ་མཆོག་གི་རྒྱལ་པོ་ལྟ་བུའི་མཚན་ཐོབ་བོ། །དགེ་བའི་ཆོས་སྒྲུབ་པ་ལ་སྐྱོ་ཞིང་ངལ་བའི་སེམས་མེད་པས་མཚན་ལྷག་མ་གཞན་རྣམས་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་ཉིད་ལ་སྤྱོད་ཅིང་གནས་པའི་ཚེ་མཚན་
སུམ་ཅུ་རྩ་གཉིས་ཀྱི་ལས་བྱེད་དོ། །རྣམ་པར་དག་པའི་སྤྱོད་པ་ལ་གནས་པའི་ཚེ། མཚན་སུམ་ཅུ་རྩ་གཉིས་ཡོད་མོད་ཀྱི། ཡོངས་སུ་རྫོགས་པའམ། གསལ་བ་མ་ཡིན་ནོ། །སྤྱོད་པ་བཅུ་གསུམ་པ་ལ་གནས་པ་ན་མཚན་རྣམས་ཀྱང་མངོན་
པར་གསལ་བར་ཡོངས་སུ་རྫོགས་སོ། །སངས་རྒྱས་ཀྱི་ཆོས་ཀྱི་མཚན་གྲངས་མེད་མོད་ཀྱི་སེམས་ཅན་རྣམས་ལ་མི་འཐུན་ཏེ། རབ་དང་། འབྲིང་དང་། ཐ་མ་ཡོད་པས་བསམ་གྱིས་མི་ཁྱབ་པས་ན། དེ་བས་ན། སངས་རྒྱས་ཀྱིས་
เล่ม ๗๖ · หน้า 196a
མཚན་བཟང་པོ་སུམ་ཅུ་རྩ་གཉིས་གསུངས་སོ། །སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཇི་ཙམ་ཡོད་པ་ཕྱོགས་གཅིག་ཏུ་བསྡུས་ཏེ་སྤུངས་ནས། དེ་བཞིན་གཤེགས་པའི་བ་སྤུ་གཅིག་གི་མཚན་དང་མཉམ་མོ། །
བ་སྤུའི་ཁུང་བུ་ཐམས་ཅད་ཀྱི་བསོད་ནམས་ཇི་སྙེད་ཅིག་ཡོད་པ། གཅིག་ཏུ་བསྡུས་ཏེ་སྤུངས་ནས། དཔེ་བྱད་བཟང་པོ་གཅིག་དང་མཉམ་མོ། །དཔེ་བྱད་བཟང་པོ་ཇི་ཙམ་ཡོད་པའི་བསོད་ནམས་ཇི་སྙེད་ཡོད་པ་དེ་ལས་བརྒྱ་འགྱུར་དུ་བྱས་ན་མཚན་
གཅིག་དང་མཉམ་སྟེ། སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་མཚན་དང་། སྤྱི་གཙུག་བལྟར་མི་སྣང་བའི་མཚན་ནི་མ་གཏོགས་སོ། །དེ་མ་ཡིན་པ་མཚན་གཞན་ཐམས་ཅད་གཅིག་ཏུ་བསྡུས་ཏེ། སྟོང་འགྱུར་དུ་བྱས་ན། མཚན་གོང་མ་
གཉིས་སུ་འགྱུར་རོ། །མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་པོའི་བསོད་ནམས་ཇི་སྙེད་ཡོད་པ་གཅིག་ཏུ་བསྡུས་སྤུངས་ཏེ་ཁྲི་ཕྲག་སྟོང་འགྱུར་དུ་བྱས་པ་དང་། དེ་བཞིན་གཤེགས་པའི་འབྲུག་སྒྲ་ལྟ་བུའི་དབྱངས་ཟབ་ཅིང་
རྒྱང་རིང་པོར་གྲགས་པའི་མཚན་དང་མཉམ་སྟེ། གསུང་སྒྲ་དེས་ནི། སངས་རྒྱས་ཀྱི་ཞིང་ཚད་མེད་མཐའ་ཡས་བསམ་གྱིས་མི་ཁྱབ་པའི་རྡུལ་ཕྲ་རབ་སྙེད་དུ་གྲགས་ཤིང་། སེམས་ཅན་གྱི་དོན་དུ་བྱམས་པ་དང་། སྙིང་རྗེ་ཆེན་པོ་སྤྱོད་པས། དྲིན་
ཤེས་པ་དང་། དྲིན་བསབ་པ་འདི་ནི་བསམ་གྱིས་མི་ཁྱབ་བོ། །དེ་ལྟར་མཚན་དང་དཔེ་བྱད་བཟང་པོ་དེ་དག་རེ་རེས་ཀྱང་། སོ་སོའི་སྐྱེ་བོ་ཚད་མེད་གྲངས་མེད་པ་བྱེ་བ་བརྒྱ་སྟོང་གིས་ས་ཆེན་པོའི་རྡུལ་ཕྲ་རབ་སྙེད་ལ་ཕན་པ་དང་བདེ་བའི་དོན་བྱས་ནས། བྱང་ཆུབ་
ཏུ་སེམས་བསྐྱེད་དུ་བཅུག་གོ། །དེ་ལྟར་མཐར་གྱིས། བསྒྲུབ་པ་ཡོངས་སུ་རྫོགས་ནས། མཚན་དང་དཔེ་བྱད་བཟང་པོ་རྣམ་གཉིས་ཐོབ་སྟེ། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་ནས། བྱང་ཆུབ་ཀྱི་ཤིང་དྲུང་དུ་སོང་སྟེ། བདུད་ཀྱི་དཔུང་
เล่ม ๗๖ · หน้า 196b
རྣམས་བཏུལ་ཏེ། མངོན་པར་སངས་རྒྱས་ནས། ཡང་དག་པར་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །སོ་སོའི་སྐྱེ་བོ་ལ་ཕན་པ་དང་བདེ་བའི་དོན་དུ་འདོད་པའི་ཆུའི་ཀླུང་ལས་བསྒྲལ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲམ་དུ་བཀོད་དེ། སེམས་ཅན་
ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་ཡོངས་སུ་རྫོགས་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སོགས་ཏེ། འཁོར་མང་པོ་ཐམས་ཅད་ལ། འདི་སྐད་ཅེས་བཀའ་སྩལ་ཏོ། །
རིགས་ཀྱི་བུ་དག་ཁྱེད་རྣམས་ལ་སུ་ཞིག་སངས་རྒྱས་ཀྱི་བཀའ་དྲིན་རྟག་ཏུ་གཟོ་ཞིང་། དམ་པའི་ཆོས་བསྲུང་བའི་ཕྱིར། ཐབས་མཁས་པ་ཆེན་པོ་དྲིན་ལན་བསབ་པའི་མདོ་སྡེ་ཤིན་ཏུ་ཟབ་མོ་འདི། གླེགས་བམ་དུ་བྲི་བ་དང་། ཀློག་པ་དང་། ཁ་ཏོན་བྱེད་
པར་འགྱུར། སུ་ཞིག་གིས་ཕྱི་མའི་དུས་ངན་པའི་ཚེ། བརྩོན་འགྲུས་ཆེན་པོ་བསྐྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་སྲུང་ཞིང་གཟུངས་སུ་འཛིན་པར་འགྱུར། སུ་ཞིག་གིས་ཆོས་བསྲུང་བའི་ཕྱིར། མདོ་སྡེ་འདི་རྒྱས་པར་སྤེལ་
ཞིང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་དོན་བྱེད་པར་ནུས། ཞེས་བཀའ་སྩལ་པ་དང་། དེའི་ཚེ་འཁོར་དེ་ཉིད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྲི་བརྒྱ་སྟོང་སྙེད་འདུག་པ་ལས་ལངས་ཏེ། གོས་ཚགས་བཅོས་ནས་
བློ་གོས་ཕྱོགས་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཐལ་མོ་སྦྱར་བ་བཏུད་ནས། སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་སླད་མའི་དུས་ངན་པའི་ཚེ། བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་བསྲུང་ཞིང་། དམ་པའི་ཆོས་གཟུངས་སུ་བཟུང་སྟེ། སེམས་ཅན་མང་པོ་ལ་ཕན་པའི་དོན་བྱེད་པར་སྤྲོའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེང་གེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
เล่ม ๗๖ · หน้า 197a
འདས། བདག་ཀྱང་ཐབས་རྣམ་པ་སྣ་ཚོགས་ཀྱིས། སེམས་ཅན་རྣམས་ཡོངས་སུ་བསྡུ་བར་སྤྲོའོ། །བྱང་ཆུབ་སེམས་དཔའ་རྡོ་རྗེས་གསོལ་པ། སེམས་ཅན་གང་ངན་འགྲོ་གསུམ་དུ་ལྟུང་བར་འགྱུར་བ་དག །བདག་
གིས་ཅི་ནས་ཀྱང་མི་ལྟུང་བར་བགྱི་བར་སྤྲོའོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་གསོལ་པ། སེམས་ཅན་རྣམས་ཅི་དང་ཅི་འདོད་པ། བདག་གིས་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བར་སྤྲོའོ། །བྱང་ཆུབ་སེམས་དཔའ་
ཡེ་ཤེས་རྒྱལ་མཚན་གྱིས་གསོལ་པ། བདག་གིས་ནི། སེམས་ཅན་རྣམས་ལ་ཡེ་ཤེས་ཆེན་པོའི་ཆོས་ཀྱི་རྒྱལ་མཚན་སྦྱིན་པར་བགྱི་བ་སྤྲོའོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་མཚན་གྱིས་གསོལ་པ། བཅོམ་ལྡན་འདས། བདག་
གིས་ནི། སེམས་ཅན་རྣམས་ལ་ཆོས་ཡོངས་སུ་སྦྱིན་པར་སྤྲོའོ། །བྱང་ཆུབ་སེམས་དཔའ་ཉི་འོད་ཀྱིས་གསོལ་པ། བཅོམ་ལྡན་འདས། བདག་གིས་ནི། སེམས་ཅན་རྣམས་ལ་བདེ་བ་སྦྱིན་པར་སྤྲོའོ། །བྱང་ཆུབ་སེམས་དཔའ་ཟླ་
འོད་ཀྱིས་གསོལ་པ། བཅོམ་ལྡན་འདས། བདག་གིས་ནི། སེམས་ཅན་རྣམས་ལ་བསོད་ནམས་ཀྱི་ལས་བྱེད་དུ་གཞུག་པར་བསྐུལ་བར་སྤྲོའོ། །བྱང་ཆུབ་སེམས་དཔའ་དགེ་སྦྱོང་གིས་གསོལ་པ། བཅོམ་ལྡན་འདས། བདག་གིས་ནི་
སེམས་ཅན་རྣམས་ལ་ཐམས་ཅད་བག་མེད་པ་ལ་མི་གནས་པར་བསྐུལ་བར་སྤྲོའོ། །བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་གསོལ་པ། བཅོམ་ལྡན་འདས། བདག་གིས་ནི། སེམས་ཅན་ཐམས་ཅད་ལ། ཟད་པ་མི་ཤེས་པའི་དབྱིངས་
ཀྱི། དོན་མཐོང་བར་བསྟན་པར་སྤྲོའོ། །བྱང་ཆུབ་སེམས་དཔའ་ཟླ་འོད་བུས་གསོལ་པ། བཅོམ་ལྡན་འདས། བདག་ནི་སེམས་ཅན་ཐམས་ཅད་ལ། བླ་ན་མེད་པའི་བདེ་བ་སྦྱིན་པ་བགྱི་བར་སྤྲོའོ། །ཞེས་བྱང་ཆུབ་
เล่ม ๗๖ · หน้า 197b
སེམས་དཔའ་དེ་དག །སོ་སོ་ནས་དམ་བཅས་སོ། །བྱང་ཆུབ་ཡོངས་སུ་བརྒྱན་ཅིང་། སེམས་ཅན་ཐམས་ཅད་ལ་ཕན་ཞིང་། བདེ་བ་དང་། སངས་རྒྱས་ཀྱི་བཀའ་དྲིན་དྲན་ཞིང་། སངས་རྒྱས་ཀྱི་བཀའ་དྲིན་བསབ་པའི་ཕྱིར།
སྟན་ལས་ལངས་ནས། ཐལ་མོ་སྦྱར་བ་བཏུད་དེ། སངས་རྒྱས་ཀྱི་མདོ་སྡེ་འདི། བདག་ཅག་ལ་གཏད་དུ་གསོལ། ཞེས་གསོལ་ཏོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མདོ་སྡེ་འདིའི་
མཚན་ཅི་ཞེས་བགྱི། །ཇི་ལྟར་ཡོངས་སུ་གཟུང་། བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ་ལ་བཀའ་སྩལ་པ། མདོ་སྡེ་འདིའི་མིང་། དགེ་བའི་དངོས་པོ་ཀུན་བསྡུ་བ་ཞེས་ཀྱང་བྱ། ཐབས་མཁས་པ་ཆེན་པོ་ཞེས་ཀྱང་བྱ། དགོངས་
པ་དམ་པའི་སྤྱོད་པ་ཞེས་ཀྱང་བྱ། སངས་རྒྱས་དྲིན་ལན་བསབ་པ་ཞེས་ཀྱང་བྱའོ། །བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་རྣམས་
ཇི་ལྟར་བསྟན་པ་བཞིན་དུ། ནན་ཏན་དུ་སྤྱོད་ཅིག །སངས་རྒྱས་ཀྱིས་ཡོངས་སུ་གདམས་པའི་ལེའུ་འདི་བསྟན་པའི་ཚེ། ཉན་ཐོས་བདུན་ཁྲི་ཉིས་སྟོང་གིས། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །གཞན་ཡང་། ལྷ་
དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དང་། དེ་ལ་སོགས་པ་ཐམས་ཅད་སངས་རྒྱས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་བར་གྱུར་ཏོ། །ཐབས་མཁས་
པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་ལས། ཉེ་བར་བསྙེན་པའི་ལེའུ་ཞེས་བྱ་སྟེ་དགུ་པའོ།། །།ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པ་ཞེས་བྱ་བའི་མདོ་རྫོགས་སོ།། །།
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด