འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ

ชื่อสันสกฤต (อักษรทิเบต ตามตัวบท) མཉྫུ་ཤྲཱི་ཛྙཱ་ན་ས་ཏྭསྱ་པ་ར་མཱརྠ་ནཱ་མ་སཾ་གཱི་ཏི

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๗๗ · หน้า 1b

༄༅༅། །རྒྱ་གར་སྐད་དུ། མཉྫུ་ཤྲཱི་ཛྙཱ་ན་ས་ཏྭསྱ་པ་ར་མཱརྠ་ནཱ་མ་སཾ་གཱི་ཏི། བོད་སྐད་དུ། འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་

པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔའ་བོ་འཇིག་རྟེན་གསུམ་

ལས་རྒྱལ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །རྣམ་རྒྱས་པདྨ་དཀར་པོའི་སྤྱན། །པདྨ་རབ་ཏུ་རྒྱས་པའི་ཞལ། །རང་གི་ལག་གིས་རྡོ་རྗེ་མཆོག །ཡང་དང་ཡང་དུ་

གསོར་བྱེད་པ། །ཁྲོ་གཉེར་ལྡན་པའི་རླབས་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །དཔའ་བོ་འཇིགས་རུང་གཟུགས་ཅན་

དང་། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོར་བྱེད་པ། །ཤེས་རབ་ཐབས་དང་སྙིང་རྗེ་ཆེ། །འགྲོ་དོན་བྱེད་པ་རྣམས་ཀྱི་མཆོག །དགའ་མགུ་རངས་པའི་བསམ་

เล่ม ๗๗ · หน้า 2a

པ་ཅན། །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་

བ་བྱས་གྱུར་ནས། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །བྱང་ཆུབ་ཇི་ལྟར་བདག་ཐོབ་མཛོད། །ཉོན་མོངས་པས་ནི་སེམས་

དཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །བཅོམ་ལྡན་སྟོན་པ་རྫོགས་སངས་རྒྱས། །འགྲོ་བའི་བླ་མས་བཤད་དུ་གསོལ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །

དབང་པོ་བསམ་པ་རིག་པ་མཆོག །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོའི་ཚིག་གི་བདག །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་

བ། །ཐོག་མ་བར་དང་མཐར་དགེ་བ། །མཚན་ཡང་དག་པར་བརྗོད་པ་མཆོག །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །གང་ཡང་ཡང་ཡང་གསུངས་པ་

གང་། །རྒྱུད་ཆེན་རྒྱུ་འཕྲུལ་དྲ་བ་འདིར། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །དཔག་མེད་རྣམས་ཀྱིས་དགྱེས་པ་ཡིས། །གང་ཡང་ཡང་དག་རབ་གསུངས་པ། །བདག་ཀྱང་འདི་ནི་གཟུང་བར་བགྱི། །བསམ་པ་བརྟན་པོས་ངེས་འབྱུང་བར། །

เล่ม ๗๗ · หน้า 2b

མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཇི་ལྟར་བདག་འགྱུར་བགྱི། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། །སེམས་ཅན་རྣམས་ཀྱི་བསམ་པ་ཡི། །ཁྱད་པར་ཇི་བཞིན་རབ་བཤད་འཚལ། །གསང་དབང་ལག་

ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་བཏབ་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བཅུ་དྲུག་གོ།། །།དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་

མཆོག །ཉིད་ཀྱི་ཞལ་ནས་ལྗགས་བཟང་དགེ། །རིང་ཞིང་ཡངས་པ་བརྐྱང་མཛད་དེ། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །འཇིག་རྟེན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཚངས་

པའི་གསུང་ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་སྟེ། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་སླར་གསུངས་པ། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །སྙིང་རྗེ་ཆེ་དང་

ལྡན་གྱུར་ཅིང་། །འཇམ་དཔལ་ཡེ་ཤེས་སྐུ་ཡི་མཚན། །ཡང་དག་བརྗོད་པ་དོན་ཆེ་བ། །དག་པར་བྱེད་ཅིང་སྡིག་སེལ་བ། །ང་ལས་མཉན་པར་བརྩོན་པ་ནི། །གསང་བའི་བདག་པོ་ཁྱོད་ལེགས་སོ། །དེ་ཕྱིར་འདི་ནི་ངས་བཤད་བྱ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་

ཉོན། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ལན་གྱི་གསུང་ཚིགས་སུ་བཅད་པ་དྲུག་གོ།། །།དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །གསང་སྔགས་མཐའ་དག་རིགས་ཆེན་པོ། །གསང་སྔགས་རིག་པ་འཆང་བའི་རིགས། །རིགས་གསུམ་ལ་ནི་རྣམ་པར་

གཟིགས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །གཙུག་ཏོར་ཆེན་པོའི་རིགས་ཆེན་ནོ། །རིགས་དྲུག་ལ་གཟིགས་པའི་ཚིགས་སུ་བཅད་པ་གཉིས་སོ།། །།གསང་སྔགས་རྒྱལ་

เล่ม ๗๗ · หน้า 3a

པོ་དྲུག་ལྡན་ཞིང་། །གཉིས་སུ་མེད་པར་འབྱུང་བ་དང་། །སྐྱེ་བ་མེད་པའི་ཆོས་ཅན་འདི། །ཚིག་གི་བདག་པོས་ཚིགས་བཅད་གསུངས། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། སྠི་ཏོ་ཧྲྀ་དི། ཛྙཱནམཱུ་རྟི་ར་ཧྃ་བུདྡྷོ་བུདྡྷཱ་ནཱྃ། ཏྲྱདྷྭ་

བརྟཱི་ནཱཾ། ཨོཾ་བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད། པྲཛྙཱ་ཛྙཱ་ན་མཱུརྟྟ་ཡེ། ཛྙཱ་ན་ཀཱ་ཡ། ཝཱ་གཱི་ཤྭ་ར། ཨ་ར་པ་ཙ་ནཱ་ཡ་ཏེ་ནམཿ །སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་བའི་རིམ་པ་ཚིགས་སུ་བཅད་པ་གསུམ་མོ།། །།འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་

སངས་རྒྱས་ཨ་ཡིག་བྱུང་། །ཨ་ཡིག་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་འགྱུར་མེད་དམ་པ་ཡིན། །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །མཆོད་པ་ཆེན་པོ་འདོད་ཆགས་

ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་

པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཤེས་རབ་ཆེན་

པོའི་མཚོན་འཆང་བ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོ་

མིག་འཕྲུལ་ཅན། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པ་སྟེ། །བརྩོན་འགྲུས་ཆེན་པོ་ཕ་རོལ་གནོན། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཤེས་རབ་ཆེན་པོ་ལུས་འཆང་བ། །སྟོབས་

เล่ม ๗๗ · หน้า 3b

པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །ཐབས་ཆེན་བྱེད་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་

པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །མགོན་པོ་རིགས་མཆོག་ཆེན་པོ་སྟེ།།

བླ་མ་གསང་སྔགས་ཆེ་བ་མཆོག །ཐེག་པ་ཆེན་པོའི་ཚུལ་གནས་པ། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚིགས་སུ་བཅད་པ་བཅུ་བཞིའོ།། །།སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །

གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ས་བཅུའི་དབང་ཕྱུག་མགོན་པོ་སྟེ། །ས་བཅུ་ལ་ནི་རབ་ཏུ་

གནས། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་མེད་བདག །དེ་

བཞིན་ཉིད་བདག་དག་པའི་བདག །ཡང་དག་སྨྲ་ཞིང་ཚིག་གཞན་མེད། །ཇི་སྐད་སྨྲ་བ་དེ་བཞིན་བྱེད། །གཉིས་སུ་མེད་དང་གཉིས་མེད་སྨྲ། །ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དགས་ངན་འཇིགས་བྱེད། །ཀུན་

ཏུ་འགྲོ་བའི་དོན་ཡོད་བགྲོད། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་གཙོ། །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ཆེན་གཅེས་པ་འཛིན་པ་

เล่ม ๗๗ · หน้า 4a

སྟེ། །ཚུལ་ཆེན་གཞན་གྱིས་འདྲེན་པ་མིན། །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་བདེན་པར་སྨྲ་བ་དང་། །བདེན་པ་བཞི་ནི་སྟོན་པ་པོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །བསེ་རུ་སོ་སོར་འདྲེན་པ་སྟེ། །

ངེས་འབྱུང་སྣ་ཚོགས་ངེས་འབྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བ་དབང་པོ་ཐུལ། །བདེ་བ་རྙེད་པ་འཇིགས་མེད་ཐོབ། །བསིལ་བར་གྱུར་པ་གོས་པ་མེད། །རིག་པ་དང་ནི་རྐང་པར་ལྡན། །བདེ་གཤེགས་

འཇིག་རྟེན་རིག་པ་མཆོག །བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །འཁོར་བའི་ཕ་རོལ་མཐར་གནས་པ། །བྱ་བ་བྱས་པ་སྐམ་སར་གནས། །ཡེ་ཤེས་འབའ་ཞིག་ངེས་འབྱུང་བ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །དམ་

ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །དོན་གྲུབ་གྲུབ་པའི་ཀུན་རྟོག་ནི། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་

དབྱིངས་དམ་པ་ཟད་པ་མེད། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་དང་ཡང་དག་ལྡན། །རྟག་པར་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་

ཡི་བདག །སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །སངས་རྒྱས་ཐམས་ཅད་

སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པ་མཆོག །ཤེས་རབ་སྲིད་འབྱུང་སྐྱེ་གནས་ཏེ། །ཆོས་ཀྱི་སྐྱེ་གནས་སྲིད་མཐར་བྱེད། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །འཕྲལ་དུ་སྐྱེད་པ་འགྲོ་བའི་བདག །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་

เล่ม ๗๗ · หน้า 4b

བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་བྱུང་

གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་དངོས་པོ་མཆོག །འགྲོ་བ་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །མཆོད་འོས་རྗེད་འོས་དྲང་སྲོང་ཆེ། །རིགས་གསུམ་འཆང་བ་གསང་སྔགས་ལྡན། །དམ་

ཚིག་ཆེན་པོ་གསང་སྔགས་འཛིན། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་གསུམ་མཆོག་སྟོན་པ་པོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་

ཡེ་ཤེས་ཀྱི་ཚིགས་སུ་བཅད་པ་རྐང་པས་དམན་པ་ཉི་ཤུ་རྩ་ལྔའོ།། །།རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །གཤིན་རྗེ་

མཐར་བྱེད་བགེགས་ཀྱི་རྒྱལ། །རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ། །རྡོ་རྗེ་གྲགས་པ་རྡོ་རྗེའི་སྙིང་། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རྡོ་རྗེའི་སྐྱེ་གནས་རྡོ་རྗེའི་དབང་། །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་པ་གཅིག་བསྒྱིངས་པ། །གླང་ཆེན་པགས་པ་

རློན་པ་འཆང་། །དྲག་ཆེན་ཧཱ་ཧཱ་ཞེས་སྒྲོགས་པ། །ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། །གད་མོ་ཆེན་པོ་གད་རྒྱངས་ཅན། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་གཏུམ་པོ་དགའ་བ་ཆེ། །རྡོ་རྗེ་ཧཱུཾ་མཛད་

ཧཱུཾ་གི་གཟུགས། །རྡོ་རྗེ་མདའ་ཡི་མཚོན་འཆང་བ། །རྡོ་རྗེ་རལ་གྲིས་གཅོད་མཛད་པ། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །རྡོ་རྗེ་འབར་བ་གཙིགས་པའི་མིག །མགོ་སྐྱེས་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་

เล่ม ๗๗ · หน้า 5a

བརྒྱ་པ་སྟེ་རྡོ་རྗེའི་མིག །རྡོ་རྗེའི་སྤུ་ནི་མྱུ་གུ་ལུས། །རྡོ་རྗེའི་སྤུ་ནི་ལུས་གཅིག་པུ། །རྡོ་རྗེ་རྩེ་མོ་སེན་མོས་བརྩམས། །རྡོ་རྗེ་སྙིང་པོ་པགས་པ་མཁྲེགས། །རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེ་རྒྱན་གྱིས་བརྒྱན་པ་སྟེ། །གད་རྒྱངས་ཧཱ་ཧཱ་ངེས་པར་སྒྲོགས། །

ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །འཇམ་པའི་དབྱངས་ནི་སྒྲ་ཆེ་བ། །འཇིག་རྟེན་གསུམ་གཅིག་སྒྲ་ཆེན་པོ། །ནམ་མཁའི་ཁམས་ཀྱི་མཐར་ཐུག་སྒྲ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཚིགས་སུ་བཅད་པ་རྐང་པ་དང་བཅས་པ་བཅུའོ།། །།

ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་པོ། །ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ། །རབ་ཏུ་མི་གནས་མྱ་ངན་འདས། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །

གཟུགས་མེད་གཟུགས་ལྡན་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་རང་བཞིན། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །སྣང་བ་མེད་ཅིང་ཆེ་བར་གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་

ཏུ་མཐོ་ལ་གནས། །ཆོས་ཀྱི་ཏོག་ནི་ཆེར་འབྱུང་བ། །འཇིག་རྟེན་གསུམ་པོ་གཅིག་གཞོན་ལུས། །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །སློབ་དཔོན་འཇིག་རྟེན་ཡོན་ཏན་ཤེས། །འཇིག་

རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱོབ་འཇིག་རྟེན་གསུམ་ཁྱབ་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ནམ་མཁའ་ཁྱབ་པར་ལོངས་སྤྱོད་པ། །ཐམས་ཅད་མཁྱེན་པ་ཡེ་ཤེས་མཚོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །སྲིད་པའི་དྲ་བ་འཇོམས་པ་པོ། །ཉོན་མོངས་

མ་ལུས་ཞི་བྱེད་པ། །འཁོར་བའི་རྒྱ་མཚོའི་ཕ་རོལ་སོན། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཡང་དག་རྫོགས་པའི་སངས་རྒྱས་རྒྱན། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་མཐའ་མཐའ་ཡས་གྲོལ་གསུམ་པ། །སྒྲིབ་པ་ཐམས་ཅད་ངེས་པར་གྲོལ། །

เล่ม ๗๗ · หน้า 5b

མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པར་གནས། །སེམས་ཅན་ཀུན་གྱི་ཀླུ་ཆེན་པོ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ལྷག་མ་ཀུན་ལས་རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །

ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཕན་འདོགས་སེམས་ཅན་མཉེས་གཤིན་པ། །བཟང་ངན་ཤེས་ཤིང་དུས་ཤེས་པ། །

ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཆོས་ཤེས་རབ་ཞི་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པ་དཔལ་མོ་སྙན་པ་དགེ། །

དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་བ་ཆེན་པོ་རོལ་པ་ཆེ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །རབ་ཏུ་དགའ་བ་གྲགས་བདག་དཔལ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །རབ་མཆོག་འཇིགས་པ་ཆེན་པོའི་དགྲ། །

འཇིགས་པ་མ་ལུས་སེལ་བ་པོ། །གཙུག་ཕུད་ཕུད་བུ་རལ་པ་ཅན། །རལ་པ་མགོ་རེག་ཅོད་པན་ལྡན། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་དང་ལྡན་པའི་ཐོད། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་འཆང་། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །

དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །ཁྲུས་ལྡན་གོའུ་ཏ་མ་མཆོག །བྲམ་ཟེ་ཚངས་པ་ཚངས་པ་རིག །ཚངས་པ་མྱ་ངན་འདས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །མྱ་ངན་འདས་ཞི་མྱ་ངན་འདས། །ལེགས་པར་ངེས་འབྱུང་

མཐར་བྱེད་པ། །བདེ་དང་སྡུག་བསྔལ་མཐར་བྱེད་གནས། །འདོད་ཆགས་བྲལ་བ་བརྟགས་པ་ཟད། །ཐུབ་པ་མེད་པ་དཔེ་མེད་པ། །གསལ་མིན་མི་སྣང་གོས་པ་མེད། །ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཕྲ་མོ་ས་བོན་ཟག་པ་མེད། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །

เล่ม ๗๗ · หน้า 6a

ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་རབ་སད་རྣམ་སད་བདག །ཐམས་ཅད་ཡེ་ཤེས་ཀུན་རིག་མཆོག །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་

རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་

གནས། །སྨྲ་བའི་སེང་གེ་ཐུབ་པ་མེད། །ཀུན་ཏུ་ལྟ་བ་མཆོག་ཏུ་དགའ། །གཟི་བརྗིད་ཕྲེང་ལྡན་བལྟ་ན་སྡུག །འོད་བཟང་འབར་བ་དཔལ་གྱི་བེའུ། །སྣང་བ་གསལ་བར་བྱེད་པའི་འོད། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་

མ་ལུས་ལྗོན་པའི་ཤིང་། །ཉོན་མོངས་ནད་ཀྱི་དགྲ་ཆེ་བ། །སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པ། །ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་། །འགྲོ་བའི་གདུགས་གཅིག་ཡངས་པ་སྟེ། །

བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་དབང་ཕྱུག །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ། །སངས་རྒྱས་ཀུན་བདག་དངོས་པོ་འཛིན། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་བསྟན་

པ་གཅིག །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་ཀུན་འཆང་མངའ་བདག་སྟེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་

ཆེ་བ། །སངས་རྒྱས་ཀུན་གྱི་མཚོ་དང་ལྡན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་བརྗོད་པའི་ཆོས་འཛིན་པ། །དཔལ་

เล่ม ๗๗ · หน้า 6b

ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་པ་འཆང་། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །རྣམ་པར་དག་པ་འགྱུར་མེད་མཆོག །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་

ཆེན་པོ་རྡོ་རྗེ་ཆོས། །རྡོ་རྗེ་ཟབ་མོ་ཛིན་ཛིཀ །རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཐམས་ཅད་རྣམ་པར་བརྒྱན། །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །སྒྱུ་འཕྲུལ་དྲ་བ་རྣལ་འབྱོར་ཆེ། །

རྒྱུད་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་རྡོ་རྗེ་སྐྱིལ་ཀྲུང་སྟེ། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཀུན་ཏུ་བཟང་པོ་བློ་གྲོས་བཟང་། །ས་ཡི་སྙིང་པོ་འགྲོ་བ་འཛིན། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྣ་ཚོགས་སྤྲུལ་པའི་འཁོར་ལོ་འཆང་། །དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་

གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །སྐད་ཅིག་གཅིག་ལ་ཤེས་རབ་ཆེས། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་

ཡང་དག་མཐའ། །མི་གཡོ་རབ་ཏུ་དང་བའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །སོ་སོར་གཟིགས་པའི་ཡེ་ཤེས་ཀྱི་ཚིགས་སུ་བཅད་པ་བཞི་བཅུ་རྩ་གཉིས་སོ།། །།འདོད་

པའི་དོན་སྒྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །བློ་ནི་སྒེག་འཆང་དཔལ་དང་ལྡན། །

དཔའ་བོ་མི་སྡུག་གཟུགས་འཆང་བ། །ལག་པའི་དབྱུག་པ་བརྒྱ་བསྐྱོད་ཅིང་། །རྐང་པ་བསྐྱོད་པས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །རྐང་པ་གཅིག་གིས་མཐིལ་གནོན་པ། །ས་ཡི་སྙིང་པོའི་མཐིལ་ལ་གནས། །

เล่ม ๗๗ · หน้า 7a

ཚངས་པའི་སྒོ་ངའི་རྩེ་མོ་གནོན། །རྐང་མཐེབ་སེན་མོ་ལ་གནས་པ། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་དེ་འཇིག་པ་མེད། །རྣམ་རིག་སྣ་ཚོགས་རང་བཞིན་དོན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །དངོས་པོ་མ་ལུས་དོན་དགའ་བ། །སྟོང་

བ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་ལ་སོགས་འདས། །སྲིད་པ་གསུམ་པོ་དགའ་བ་ཆེ། །དག་པ་སྤྲིན་དཀར་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །འདོད་ཆགས་ཆེན་པོ་སེན་མོའི་འོད། །ཟུར་ཕུད་བཟང་

པོ་མཐོན་ཀའི་མཆོག །སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང་། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་པ་སྟོབས་ཆེན་ལྡན། །དེ་ཉིད་དྲན་པ་ཆེན་པོ་འཆང་། །དྲན་

པ་བཞི་པོ་ཏིང་འཛིན་རྒྱལ། །བྱང་ཆུབ་ཡན་ལག་མེ་ཏོག་དགའ། །དེ་བཞིན་གཤེགས་པ་ཡོན་ཏན་མཚོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་པ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་

པ་མེད། །སེམས་ཅན་ཀུན་གྱི་ཡིད་ལས་སྐྱེས། །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །རྣམ་དག་ཕུང་པོ་ལྔ་འཆང་བ། །ཐམས་ཅད་ངེས་

འབྱུང་མཐའ་ལ་གནས། །ཐམས་ཅད་ངེས་པར་འབྱུང་བ་མཁས། །ཐམས་ཅད་ངེས་འབྱུང་ལམ་ལ་གནས། །ཐམས་ཅད་ངེས་འབྱུང་སྟོན་པ་པོ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ཚུལ་གྱི་

རྣམ་པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག །དཔག་མེད་སངས་རྒྱས་སྤྲུལ་པ་ཡི། །སྐུ་ནི་བྱེ་བ་འགྱེད་པ་

เล่ม ๗๗ · หน้า 7b

པོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་གྱི་རྣམ་དབྱེ་ཅན། །ཐེག་པ་གསུམ་གྱི་ངེས་འབྱུང་ནི། །ཐེག་པ་གཅིག་གི་འབྲས་བུར་གནས། །ཉོན་མོངས་ཁམས་

རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཉོན་མོངས་ཉེ་ཉོན་ཀུན་ཉོན་མོངས། །བག་ཆགས་བཅས་པ་རབ་སྤངས་པ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་

འགྲོ་བའི་དོན་བྱེད་པ། །འདུ་ཤེས་ཐམས་ཅད་རབ་སྤངས་དོན། །རྣམ་ཤེས་དོན་ནི་འགོག་པ་འཆང་། །སེམས་ཅན་ཀུན་གྱི་ཡིད་ཀྱི་ཡུལ། །སེམས་ཅན་ཀུན་གྱི་ཡིད་གནས་པ། །སེམས་ཅན་ཀུན་གྱི་ཡིད་ནང་གནས། །དེ་དག་སེམས་དང་མཉམ་ཉིད་སོན། །

སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །གྲུབ་མཐའ་འཁྲུལ་པ་ལྡན་པ་མིན། །འཁྲུལ་པ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཙོམ་མེད་པའི་བློ། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །དུས་གསུམ་ཕུང་པོ་ལྔ་ཡི་

དོན། །སྐད་ཅིག་ཐམས་ཅད་རྣམ་བསྒོམ་པ། །སྐད་ཅིག་གཅིག་མངོན་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ལུས་མེད་སྐུ་སྟེ་སྐུ་ཡི་མཆོག །སྐུ་ནི་བྱེ་བ་རྣམ་པར་འགྱེད། །གཟུགས་རྣམས་མ་ལུས་ཀུན་ཏུ་སྟོན། །ནོར་བུ་ཆེན་པོ་

རིན་ཆེན་ཏོག །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞིའོ།། །།སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །གསང་སྔགས་སྐྱེ་གནས་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །གསང་

སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །རྣམ་པ་ཐམས་ཅད་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཆ་མེད་ཆ་ལྡན་ལས་འདས་པ། །བསམ་གཏན་བཞི་པའི་རྩེ་མོ་

เล่ม ๗๗ · หน้า 8a

འཆང་། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིག་དང་རྒྱུད་རིག་པ། །ཏིང་འཛིན་སྐུ་སྟེ་སྐུ་ཡི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་

བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ལྷ་ཡི་དབང་པོ་ལྷ་ཡི་ལྷ། །ལྷ་མིན་དབང་པོ་སྦྱིན་བྱེད་བདག །ལྷ་ཡི་བླ་མ་འཆི་མེད་དབང་། །རབ་འཇོམས་རབ་འཇོམས་དབང་ཕྱུག་གོ། །སྲིད་པའི་དགོན་པ་ལས་བརྒལ་བ། །སྟོན་པ་

གཅིག་པུ་འགྲོ་བའི་བླ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །བྱམས་པའི་གོ་ཆ་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་

བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་མཐར་བྱེད་པ། །བདུད་དཔུང་ཐམས་ཅད་ཕམ་པར་བྱེད། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རིམ་གྲོ་བྱ་བའི་འོས། །བཀུར་འོས་རྗེད་བར་བྱ་བའི་

འོས། །ཕྱག་བྱར་འོས་པ་བླ་མའི་མཆོག །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །གསུམ་རིག་གཙང་མ་དག་པ་སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་

འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱི་ནི་དེ་ཉིད་ཐོབ། །བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །འཇིག་རྟེན་དཔེ་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །

གཙོ་བོ་ཆོས་ཀྱི་སྦྱིན་པའི་བདག །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་གྱི་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །

เล่ม ๗๗ · หน้า 8b

འཇམ་དཔལ་དཔལ་དང་ལྡན་པའི་མཆོག །བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ཚིགས་སུ་བཅད་པ་བཅོ་ལྔའོ།། །།མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །

སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་སྣང་ལ་ཕྱག་འཚལ་འདུད། །སངས་རྒྱས་

གསུང་བ་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །དངོས་མེད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་

འདུད། །སངས་རྒྱས་གར་མཛད་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཁྱོད་ལ་འདུད་དོ། །ཞེས་པ་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་ལྔའོ།། །།ལག་ན་རྡོ་རྗེ་རྡོ་རྗེ་འཆང་། །འདི་ནི་བཅོམ་

ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུ་དང་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་དང་། འཇམ་དཔལ་ཡེ་ཤེས་སེམས་དཔའི་མ་འདྲེས་པ་ཡོངས་སུ་དག་པའི་མཚན་ཡང་དག་པར་བརྗོད་པའོ། །ཁྱོད་ཀྱི་བླ་ན་མེད་པའི་དགའ་བ་དང་རབ་ཏུ་དང་བ་དང་མགུ་བ་ཆེན་པོ་

ཡང་དག་པར་བསྐྱེད་པའི་དོན་དང་། །སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཡོངས་སུ་དག་པའི་ཕྱིར་དང་། ཡོངས་སུ་མ་རྫོགས་པ་དང་། ཡོངས་སུ་མ་དག་པའི་ས་དང་ཕ་རོལ་ཏུ་ཕྱིན་པ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པའི་

ཕྱིར་དང་། །བླ་ན་མེད་པའི་དོན་ལྷག་པར་མ་རྟོགས་པ་ལྷག་པར་རྟོགས་པའི་ཕྱིར་དང་། །མ་ཐོབ་པ་ཐོབ་པའི་ཕྱིར་དང་། ཇི་སྲིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བའི་དོན་དུ་ཡང་བདག་གིས་བསྟན་པ་དང་། ཡང་དག་པར་

เล่ม ๗๗ · หน้า 9a

རབ་ཏུ་བཤད་པ་དང་། །རྣམ་པར་བཀྲོལ་བ་དང་། རྣམ་པར་ཕྱེ་བ་དང་། རབ་ཏུ་གསལ་བར་བྱས་པ་དང་། བྱིན་གྱིས་བརླབས་པའོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། འདི་ནི་ངས་ཁྱོད་ཀྱི་རྒྱུད་ལ་སྔགས་ཀྱི་ཆོས་ཉིད་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་

གྱིས་བརླབས་པའོ། །འདི་ནི་འཁོར་ལོ་དང་པོའི་རྗེས་སུ་བསྔགས་པ་བཅུ་གཅིག་གོ། །གཞན་ཡང་ལག་ན་རྡོ་རྗེ་རྡོ་རྗེ་འཆང་། མཚན་ཡང་དག་པར་བརྗོད་པ་འདི་ནི་ཤིན་ཏུ་ཡོངས་སུ་དག་པ། །ཡོངས་སུ་བྱང་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་སྐུ་དང་གསུང་དང་

ཐུགས་ཀྱི་གསང་བར་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་བྱང་ཆུབ་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའོ། །བདེ་བར་གཤེགས་པ་ཐམས་

ཅད་ཀྱི་ཆོས་ཀྱི་དབྱིངས་རྟོགས་པའོ། །རྒྱལ་བ་རྣམས་ཀྱི་བདུད་ཀྱི་སྟོབས་ཐམས་ཅད་ཕམ་པར་བྱེད་པའོ། །སྟོབས་བཅུ་དང་ལྡན་པ་ཐམས་ཅད་ཀྱི་སྟོབས་བཅུའི་སྟོབས་སུ་གྱུར་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམས་ཀྱི་ཐམས་ཅད་མཁྱེན་པའོ།། །།ཆོས་ཐམས་ཅད་ཀྱི་

ལུང་ངོ་། །སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་ཀུན་ཆུབ་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དྲི་མ་མེད་པ་ཤིན་ཏུ་ཡོངས་སུ་དག་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་

རབ་ཏུ་སྐྱེ་བའོ། །ལྷ་དང་མི་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པའི་ཞིང་ངོ་། །ཐེག་པ་ཆེན་པོའི་རབ་ཏུ་གནས་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་འབྱུང་ཁུང་ངོ་། །འཕགས་པའི་ལམ་ཡང་དག་པའི་མཐར་ཐུག་པའོ། །རྣམ་པར་གྲོལ་བ་རྣམས་ཀྱི་བརྟག་པའོ། །ངེས་པར་

འབྱུང་བའི་ལམ་གྱི་སྐྱེད་པའོ། །དེ་བཞིན་གཤེགས་པའི་གདུང་གི་རྒྱུན་མི་འཆད་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོའི་རིགས་དང་རྒྱུད་རབ་ཏུ་འཕེལ་བའོ། །ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཀྱི་ཚར་གཅོད་པའོ། །མུ་སྟེགས་པ་ཐམས་ཅད་ཀྱི་རྣམ་པར་འཇོམས་པའོ། །བདུད་

เล่ม ๗๗ · หน้า 9b

བཞིའི་སྟོབས་དང་དཔུང་དང་སྡེ་རྣམས་ཀྱི་ཕམ་པར་བྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་ཡང་དག་པར་སྡུད་པའོ། །ངེས་པར་འབྱུང་བས་བགྲོད་པ་ཐམས་ཅད་ཀྱི་འཕགས་པའི་ལམ་ཡོངས་སུ་སྨིན་པའོ། །ཚངས་པའི་གནས་བཞི་ལ་གནས་པ་རྣམས་ཀྱི་ཏིང་ངེ་འཛིན་ཏོ། །

སེམས་རྩེ་གཅིག་པ་རྣམས་ཀྱི་བསམ་གཏན་ནོ། །ལུས་དང་ངག་དང་ཡིད་མངོན་པར་སྦྱོར་བ་རྣམས་ཀྱི་རྣལ་འབྱོར་རོ། །ཡང་དག་པར་སྦྱོར་བ་ཐམས་ཅད་ཀྱི་ཀུན་ཏུ་སྦྱོར་བ་དང་བྲལ་བའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་སྤོང་བའོ། །སྒྲིབ་པ་ཐམས་ཅད་

ཀྱི་ཉེ་བར་ཞི་བའོ། །འཆིང་བ་ཐམས་ཅད་ཀྱི་རྣམ་པར་གྲོལ་བའོ། །ལྷག་མ་ཐམས་ཅད་ཀྱི་ཐར་པའོ། །སེམས་ཉེ་བར་འཕྲོ་བ་ཐམས་ཅད་ཀྱི་ཞི་བའོ། །འབྱོར་པ་ཐམས་ཅད་ཀྱི་འབྱུང་གནས་སོ། །རྒུད་པ་ཐམས་ཅད་ཀྱི་རབ་ཏུ་འཇོམས་པའོ། །ངན་སོང་གི་སྒོ་ཐམས་ཅད་ཀྱི་འགེབས་པའོ། །

རྣམ་པར་གྲོལ་བའི་གྲོང་ཁྱེར་གྱི་ལམ་དམ་པའོ། །འཁོར་བའི་འཁོར་ལོའི་རབ་ཏུ་མི་འཇུག་པའོ། །ཆོས་ཀྱི་འཁོར་ལོའི་རབ་ཏུ་བསྐོར་བའོ། །དེ་བཞིན་གཤེགས་པའི་བསྟན་པའི་གདུགས་དང་རྒྱལ་མཚན་དང་བ་དན་རབ་ཏུ་བསྒྲེང་བའོ། །དམ་པའི་ཆོས་སྟོན་པའི་ལྷག་པར་

གནས་པའོ། །བྱང་ཆུབ་སེམས་དཔའི་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱི་མྱུར་དུ་གྲུབ་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མངོན་པར་སྦྱོར་བ་རྣམས་ཀྱི་སྒོམ་པ་ལྷག་པར་རྟོགས་པའོ། །གཉིས་སུ་མེད་པ་སོ་སོར་རྟོག་པ་སྒོམ་པ་མངོན་པར་སྦྱོར་བ་རྣམས་

ཀྱི་སྟོང་པ་ཉིད་སོ་སོར་རྟོགས་པའོ། །ཕ་རོལ་ཏུ་ཕྱིན་པ་དང་ཚོགས་ཐམས་ཅད་ཀྱི་སྐྱེད་པའོ། །ཡོངས་སུ་དག་པའི་ས་དང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཡོངས་སུ་རྫོགས་པའོ། །ཡང་དག་པའི་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་སོ་སོར་རྟོགས་པའོ། །དྲན་པ་

ཉེ་བར་གཞག་པ་བཞི་པོ་རྣམས་ཀྱི་ཆོས་ཐམས་ཅད་གཅིག་པའི་སོ་སོར་རྟོགས་པའོ། །མཚན་ཡང་དག་པར་བརྗོད་པ་འདི་ནི་ཇི་སྲིད་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ཡོངས་སུ་རྫོགས་པའི་བར་རོ། །འདི་ནི་འཁོར་ལོ་གཉིས་པའི་རྗེས་སུ་བསྔགས་པ་ལྔ་བཅུ་རྩ་

เล่ม ๗๗ · หน้า 10a

གཉིས་སོ།། །།གཞན་ཡང་ལག་ན་རྡོ་རྗེ་རྡོ་རྗེ་འཆང་། མཚན་ཡང་དག་པར་བརྗོད་པ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ཀྱིས་ཀུན་ཏུ་སྤྱད་པའི་སྡིག་པ་མ་ལུས་པ་རབ་ཏུ་ཞི་བར་བྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་ངན་སོང་

ཐམས་ཅད་རྣམ་པར་སྦྱོང་བའོ། །ངན་འགྲོ་ཐམས་ཅད་ཟློག་པའོ། །ལས་ཀྱི་སྒྲིབ་བ་ཐམས་ཅད་ཡང་དག་པར་གཅོད་པའོ། །མི་ཁོམ་པ་བརྒྱད་དུ་སྐྱེ་བར་འགྱུར་བ་ཐམས་ཅད་མི་སྐྱེ་བར་བྱེད་པའོ། །འཇིགས་པ་ཆེན་པོ་བརྒྱད་ཉེ་བར་ཞི་བར་བྱེད་པའོ། །རྨི་ལམ་ངན་

པ་ཐམས་ཅད་ངེས་པར་སེལ་བར་བྱེད་པའོ། །མཚན་མ་ངན་པ་ཐམས་ཅད་རྣམ་པར་སེལ་བར་བྱེད་པའོ། །ལྟས་ངན་པ་དང་བགེགས་ཐམས་ཅད་ཉེ་བར་ཞི་བར་བྱེད་པའོ། །བདུད་ཀྱི་དགྲའི་ལས་ཐམས་ཅད་ཐག་རིང་དུ་བྱེད་པའོ། །དགེ་བའི་རྩ་བ་དང་བསོད་ནམས་

ཐམས་ཅད་ཉེ་བར་འཕེལ་བར་བྱེད་པའོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཐམས་ཅད་མི་སྐྱེ་བར་བྱེད་པའོ། །རྒྱགས་པ་དང་ང་རྒྱལ་དང་དྲེགས་པ་དང་ངར་འཛིན་པ་ཐམས་ཅད་ངེས་པར་འཇོམས་པར་བྱེད་པའོ། །སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་མི་སྐྱེ་བར་

བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་བར་གྱུར་པའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་དུ་གྱུར་པའོ། །ཕྱག་རྒྱ་དང་སྔགས་ཐམས་ཅད་དུ་གྱུར་པའོ། །ཆོས་

ཐམས་ཅད་བརྗོད་དུ་མེད་པར་སྨྲ་བ་རྣམས་ཀྱི་དྲན་པ་དང་ཤེས་བཞིན་ཡང་དག་པར་སྐྱེད་པའོ། །བླ་ན་མེད་པའི་ཤེས་རབ་དང་ཡིད་གཞུངས་པར་བྱེད་པའོ། །ནད་མེད་པ་དང་སྟོབས་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱེད་པའོ། །དཔལ་དང་དགེ་བ་དང་ཞི་བ་དང་། །ལེགས་པ་

རབ་ཏུ་འཕེལ་བར་བྱེད་པའོ། །གྲགས་པ་དང་སྙན་པ་དང་ཚིགས་སུ་བཅད་པ་དང་བསྟོད་པ་རབ་ཏུ་གསལ་བར་བྱེད་པའོ། །ནད་དང་འཇིགས་པ་ཆེན་པོ་ཐམས་ཅད་ཉེ་བར་ཞི་བར་བྱེད་པའོ། །ཤིན་ཏུ་དག་པ་རྣམས་ཀྱི་ཤིན་ཏུ་དག་པའོ། །ཤིན་ཏུ་གཙང་བ་རྣམས་ཀྱི་ཤིན་ཏུ་གཙང་བའོ། །

เล่ม ๗๗ · หน้า 10b

ཤིན་ཏུ་འབྱོར་ལྡན་རྣམས་ཀྱི་ཤིན་ཏུ་འབྱོར་ལྡན་ནོ། །ཤིན་ཏུ་བཀྲ་ཤིས་པ་རྣམས་ཀྱི་ཤིན་ཏུ་བཀྲ་ཤིས་པའོ། །སྐྱབས་འདོད་པ་རྣམས་ཀྱི་སྐྱབས་སོ། །གནས་མེད་པ་རྣམས་ཀྱི་གནས་སོ། །སྐྱོབ་པ་འདོད་པ་རྣམས་ཀྱི་སྐྱོབ་པའོ། །དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་ནོ། །

གླིང་འདོད་པ་རྣམས་ཀྱི་གླིང་དུ་གྱུར་པའོ། །རྟེན་མེད་པ་རྣམས་ཀྱི་བླ་ན་མེད་པའི་རྟེན་དུ་གྱུར་པའོ། །སྲིད་པའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བ་རྣམས་ཀྱི་གྲུར་གྱུར་པའོ། །ནད་ཐམས་ཅད་ངེས་པར་འཇོམས་པའི་ཕྱིར་སྨན་པའི་རྒྱལ་པོ་ཆེན་པོར་གྱུར་པའོ། །བླང་བར་བྱ་བ་དང་དོར་བར་བྱ་བའི་

དངོས་པོ་རྣམ་པར་དབྱེ་བའི་ཕྱིར་ཤེས་རབ་ཏུ་གྱུར་པའོ། །ལྟ་བ་ངན་པའི་མུན་པའི་སྨག་རུམ་ཐམས་ཅད་བསལ་བའི་ཕྱིར་ཡེ་ཤེས་ཀྱི་སྣང་བར་གྱུར་པའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། འདོད་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པའི་ཕྱིར་ཡིད་བཞིན་གྱི་ནོར་བུར་

གྱུར་པའོ། །འཇམ་དཔལ་གྱི་ཡེ་ཤེས་ཀྱི་སྐུ་རབ་ཏུ་ཐོབ་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གྱུར་པའོ། །སྤྱན་ལྔ་རབ་ཏུ་ཐོབ་པའི་ཕྱིར་ཡོངས་སུ་དག་པའི་ཡེ་ཤེས་གཟིགས་པར་གྱུར་པའོ། །ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་སྦྱིན་པ་རབ་ཏུ་གཏོང་བ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་

པ་དྲུག་ཡོངས་སུ་རྫོགས་པར་གྱུར་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ཉིད་ཀྱིས་ས་བཅུ་རབ་ཏུ་ཐོབ་པར་གྱུར་པའོ། །གཉིས་ཀྱི་ཆོས་དང་བྲལ་བའི་ཕྱིར་གཉིས་སུ་མེད་པའི་ཆོས་ཉིད་དོ། །ལྷག་པར་སྒྲོ་འདོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་དེ་

བཞིན་ཉིད་ཀྱི་རང་བཞིན་དང་གཞན་མ་ཡིན་པའི་ཆོས་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཡོངས་སུ་དག་པའི་རང་བཞིན་ཉིད་ཀྱིས་ཡང་དག་པའི་མཐའི་རང་བཞིན་ཉིད་དོ། །ལྟ་བ་ངན་པའི་ཚང་ཚིང་མ་ལུས་པ་ངེས་པར་སེལ་བ་ཉིད་ཀྱིས་རྣམ་པ་ཐམས་ཅད་ཆེན་པོ་

སྟོང་པ་ཉིད་ཀྱི་རང་བཞིན་ཉིད་དོ། །མཚན་ཡང་དག་པར་བརྗོད་པ་འདི་ནི་འདི་ལྟར་གཉིས་སུ་མེད་པའི་ཆོས་ཉིད་ཀྱི་དོན་དང་མིང་ཡང་དག་པར་འཛིན་པ་རབ་ཏུ་གསལ་བར་བྱེད་པ་ཉིད་ཀྱིས་ཆོས་ཐམས་ཅད་བརྗོད་དུ་མེད་པར་གྱུར་པའོ། །འདི་ནི་འཁོར་ལོ་གསུམ་པའི་རྗེས་སུ་བསྔགས་པ་ལྔ་བཅུ་རྩ་གཉིས་

เล่ม ๗๗ · หน้า 11a

སོ།། །།གཞན་ཡང་ལག་ན་རྡོ་རྗེ་རྡོ་རྗེ་འཆང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པས། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡེ་ཤེས་ཀྱི་སྐུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཉིས་

སུ་མེད་པ་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། གཙུག་གི་ནོར་བུ་ཞེས་བྱ་བ་འདི་མཐའ་དག་ཡོངས་སུ་རྫོགས་པ། མ་ཚང་བ་མེད་པ། དུམ་བུ་མ་ཡིན་པ། ཚིགས་སུ་བཅད་པ་དང་། ཚིག་དང་ཡི་གེ་འདི་རྣམས་ཉིད་ཀྱིས་ཉི་མ་སོ་སོར་དུས་གསུམ་དུ་འཛིན་པར་བྱེད་པ་དང་།

རྗོད་པར་བྱེད་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། །གཞན་རྣམས་ལ་ཡང་དུས་ཇི་ལྟ་བར་རྒྱས་པར་ཇི་ལྟ་བ་བཞིན་རབ་ཏུ་གསལ་བར་བྱེད་པ་དང་། མཚན་གྱི་དོན་གཞན་དང་གཞན་རེ་རེ་ཞིང་ཡང་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱས་ཏེ། ཡིད་རྩེ་གཅིག་པས་

སྒོམ་པར་བྱེད་པ་དང་། ལྷག་པར་མོས་པ་དང་། དེ་ཁོ་ན་ཡིད་ལ་བྱེད་པ་དག་གིས་ཀུན་ནས་སྒོའི་གནས་པས་གནས་པ་དང་། ཆོས་ཐམས་ཅད་སོ་སོར་རྟོགས་པ་དང་། མཆོག་ཏུ་གྱུར་པ་དང་། རྙོག་པ་མེད་པ་དང་། ཤེས་རབ་ཀྱིས་རྗེས་སུ་འབིགས་པ་དང་། དད་པས་ཡང་དག་པར་བགྲོད་པ་

དེ་ལ་ནི། དུས་གསུམ་དུ་དུས་མེད་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་འདུས་ཏེ་ཡང་དག་པར་གཤེགས་ཤིང་ཡང་དག་པར་བྱོན་ནས་ཆོས་ཐམས་ཅད་ཀྱི་སྒོ་རྣམས་ཉེ་བར་སྟོན་པར་འགྱུར་རོ། །བདག་ཉིད་སྒོམ་པ་ཉེ་བར་སྟོན་པར་བྱེད་དོ། །སངས་རྒྱས་དང་བྱང་

ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཀྱང་ལུས་དང་ངག་དང་ཡིད་ཀྱི་རྒྱུད་ལ་ཡང་དག་པར་བྱིན་གྱིས་རློབ་པར་བྱེད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྗེས་སུ་འཛིན་པས་ཀྱང་རྗེས་སུ་འཛིན་པར་བྱེད་དོ། །ཆོས་ཐམས་ཅད་ལ་མི་འཇིགས་པའི་སྤོབས་

པ་ཡང་ཉེ་བར་སྒྲུབ་པར་བྱེད་དོ། །དགྲ་བཅོམ་པ་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་འཕགས་པའི་ཆོས་ལ་སྡུག་པའི་བསམ་པ་ཉིད་ཀྱིས་བདག་གི་དངོས་པོ་ཡང་ཉེ་བར་སྟོན་པར་བྱེད་དོ། །གདུལ་དཀའ་བ་འདུལ་བ་པོ་རྣམས་ཀྱང་ཁྲོ་བོའི་རྒྱལ་པོ་ཆེན་པོ་དང་། རྡོ་རྗེ་འཆང་

เล่ม ๗๗ · หน้า 11b

ཆེན་པོ་ལ་སོགས་པ་འགྲོ་བ་ཡོངས་སུ་སྐྱོབ་པར་གྱུར་པ་གཟུགས་སྣ་ཚོགས་པའི་སྤྲུལ་པའི་སྐུ་རྣམས་ཀྱིས་མདངས་དང་སྟོབས་དང་གཟི་བརྗིད་ཟིལ་གྱིས་མི་གནོན་པ་ཉིད་དང་། སྔགས་དང་ཕྱག་རྒྱ་དང་མངོན་པར་རྟོགས་པ་དང་དཀྱིལ་འཁོར་རྣམས་ཉེ་བར་སྟོན་པར་བྱེད་དོ། །སྔགས་

དང་རིག་པའི་རྒྱལ་པོ་མ་ལུས་པ་དང་། བགེགས་དང་ལོག་འདྲེན་དང་བདུད་དང་དགྲ་ཕྱིར་རྒོལ་བ་དང་གཞན་གྱིས་མི་ཐུབ་པ་ཆེན་པོ་ཐམས་ཅད་ཀྱང་། མཚན་མོ་དང་ཉིན་མོར་བཅས་པར་སྐད་ཅིག་སོ་སོར་སྤྱོད་པ་ཐམས་ཅད་དང་ལམ་རྣམས་སུ་ཡང་། །སྲུང་བ་དང་སྐྱོབ་པ་དང་། སྦེད་

པར་བྱེད་དོ། །ཚངས་པ་དང་དབང་པོ་དང་། ཉེ་དབང་པོ་དང་། དྲག་པོ་དང་། སྲེད་མེད་ཀྱི་བུ་དང་། ཀུན་འགྱེད་གཞོན་ནུ་དང་། དབང་ཕྱུག་ཆེན་པོ་དང་། སྨིན་དྲུག་གི་བུ་དང་། ནག་པོ་ཆེན་པོ་དང་། དགའ་བྱེད་དབང་ཕྱུག་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། འཕྲོག་

མ་དང་། ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རྟག་པར་རྒྱུན་དུ་མཚན་མོ་དང་། ཉིན་མོར་བཅས་པ་འགྲོ་བ་དང་། གནས་པ་དང་། ཉལ་བ་དང་། འདུག་པ་དང་། གཉིད་ལོག་པ་དང་། གཉིད་སད་པ་དང་། མཉམ་པར་བཞག་པ་དང་། མཉམ་པར་མ་

བཞག་པ་དང་། གཅིག་པུར་གནས་པ་དང་། སྐྱེ་བོ་མང་པོའི་ནང་དུ་སོང་བ་དང་། ཇི་སྲིད་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ན་གནས་པ་དང་། དབང་པོའི་ཕུར་པ་དང་། སྒོ་ཁང་དང་། ལམ་སྲང་དང་། སྲང་དང་། བཞི་མདོ་དང་།

སུམ་མདོ་དང་། གྲོང་ཁྱེར་གྱི་བར་དང་། ཚོང་ཁང་གི་ནང་དུ་གནས་པ་དང་། ཇི་སྲིད་ཁང་སྟོང་དང་། རི་དང་། དགོན་པ་དང་། ཆུ་ཀླུང་དང་། དུར་ཁྲོད་དང་། ནགས་ཚང་ཚིང་དུ་ཉེ་བར་སོན་པ་དང་། འབགས་པ་དང་། མ་འབགས་པ་དང་། མྱོས་པ་དང་། རབ་ཏུ་མྱོས་པ་ན་རྟག་ཏུ་ཐམས་ཅད་

ཀྱི་ཚེ་རྣམ་པ་ཐམས་ཅད་དུ་མཆོག་ཏུ་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པ་བྱེད་པར་འགྱུར་རོ། །ཉིན་མོ་དང་མཚན་མོ་མཆོག་ཏུ་བདེ་ལེགས་སུ་བྱེད་པར་འགྱུར་རོ། །གཞན་ཡང་གང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་

เล่ม ๗๗ · หน้า 12a

ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རྣམས་དང་། གཞན་ཡང་གང་གཟའ་དང་། རྒྱུ་སྐར་དང་། མ་མོ་དང་། ཚོགས་ཀྱི་བདག་པོ་རྣམས་དང་། གང་ཡང་མ་མོ་བདུན་པོ་རྣམས་དང་། གང་ཡང་གནོད་སྦྱིན་མོ་དང་། སྲིན་མོ་དང་། ཤ་ཟ་མོ་རྣམས་ཏེ། དེ་རྣམས་

ཐམས་ཅད་ལྷན་ཅིག་མཐུན་པར་སྡེ་དང་བཅས་པ། འཁོར་དང་བཅས་པ་རྣམས་ཀྱིས། སྤྱོད་ལམ་དང་ལམ་རྣམས་སུ་ཡང་མཆོག་ཏུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་བྱེད་པར་འགྱུར་རོ། །གཞན་ཡང་དེའི་ལུས་ལ་མདངས་དང་སྟོབས་རབ་ཏུ་འཇུག་པར་བྱེད་དོ། །ནད་མེད་པ་དང་།

སྟོབས་དང་། ཚེ་འཕེལ་བ་ཡང་ཉེ་བར་སྒྲུབ་པར་བྱེད་དོ། །འདི་ནི་འཁོར་ལོ་བཞི་བའི་རྗེས་སུ་བསྔགས་པ་བཅུ་དགུ་པའོ།། །།གཞན་ཡང་ལག་ན་རྡོ་རྗེ་རྡོ་རྗེ་འཆང་། མཚན་ཡང་དག་པར་བརྗོད་པ་གཙུག་གི་ནོར་བུ་ཞེས་བྱ་བ་འདི་ནི་ཉི་མ་སོ་སོར་མ་ཉམས་པ་ཡང་དག་པར་བླངས་ཏེ། མགྲིན་

པར་གནས་པ་ལན་གསུམ་དུ་ཁ་ཏོན་དུ་བྱེད་པ་དང་། གླེགས་བམ་དུ་ཆུད་པ་ཀློག་པར་བྱེད་པ་དང་། རབ་ཏུ་འདོན་པར་བྱེད་པ་དང་། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཟུགས་ལ་དམིགས་ཏེ། དེའི་གཟུགས་ཀྱི་རྗེས་སུ་སེམས་པར་བྱེད་པ་དང་། དེའི་གཟུགས་ཀྱི་རྗེས་སུ་

བསམ་གཏན་བྱེད་པས་དེ་ཉིད་སྤྲུལ་པའི་གཟུགས་ཀྱི་སྐུ་ཡིས་ཡུན་མི་རིང་བ་ཉིད་ལས་གདུལ་བྱའི་དབང་ཉེ་བར་བཟུང་ནས་མཐོང་བར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྣ་ཚོགས་པའི་སྤྲུལ་པའི་གཟུགས་ཀྱི་སྐུ་དང་། ལྷན་ཅིག་གནས་པ་ནམ་མཁའི་མཐིལ་ན་བཞུགས་

པ་རྣམས་ཀྱང་མཐོང་བར་འགྱུར་རོ། །སེམས་དཔའ་ཆེན་པོ་དེའི་སྐྱེ་བ་ཇི་ལྟར་གྱུར་ཀྱང་ངན་འགྲོ་དང་། ངན་སོང་དུ་ལྟུང་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །རིགས་ངན་དུ་སྐྱེ་བར་མི་འགྱུར་རོ། །ཡུལ་མཐའ་འཁོབ་ཀྱི་སྐྱེ་བོར་སྐྱེ་བར་མི་འགྱུར་རོ། །དབང་པོ་དམན་པར་མི་འགྱུར་རོ། །དབང་

པོ་མ་ཚང་བར་མི་འགྱུར་རོ། །ལོག་པར་ལྟ་བའི་རིགས་སུ་སྐྱེ་བར་མི་འགྱུར་རོ། །སངས་རྒྱས་མི་བཞུགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སྐྱེ་བར་མི་འགྱུར་རོ། །སངས་རྒྱས་འབྱུང་བ་དང་དེས་བསྟན་པའི་ཆོས་སྤོང་བ་དང་ལྐོག་ཏུ་གྱུར་པར་མི་འགྱུར་རོ། །ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བར་མི་འགྱུར་རོ། །

เล่ม ๗๗ · หน้า 12b

མུ་གེ་དང་ནད་དང་མཚོན་གྱི་བསྐལ་པ་རྣམས་ལ་སྐྱེ་བར་མི་འགྱུར་རོ། །སྙིགས་མ་ལྔའི་དུས་རྣམས་ལ་སྐྱེ་བར་མི་འགྱུར་རོ། །རྒྱལ་པོ་དང་ཆོམ་རྐུན་དང་དགྲའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །རྒུད་པ་དང་དབུལ་བའི་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་རོ། །མི་བསྔགས་

པ་དང་། སྐུར་པ་འདེབས་པ་དང་། སྨོད་པ་དང་། མི་སྙན་པ་དང་། གྲགས་པ་ངན་པའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །སྐྱེ་བ་བཟང་པོ་དང་རིགས་དང་རུས་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་རོ། །ཀུན་ནས་མཛེས་པར་གྱུར་པ་དང་། གཟུགས་དང་ཁ་དོག་དང་ཡང་དག་པར་

ལྡན་པར་འགྱུར་རོ། །འཇིག་རྟེན་པ་རྣམས་ཀྱི་སྡུག་པ་དང་། ཡིད་ལ་འབབ་པ་དང་། འགྲོགས་ན་མཆོག་ཏུ་བདེ་བ་དང་། མཐོང་ན་དགའ་བར་འགྱུར་རོ། །འཇིག་རྟེན་པ་རྣམས་ཀྱི་མཛེས་པ་དང་། སྐལ་བ་བཟང་པོ་དང་ལྡན་པ་དང་། ཚིག་གཟུང་བར་བྱ་བར་འགྱུར་རོ། །

གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་སྐྱེ་བ་དྲན་པར་འགྱུར་རོ། །ལོངས་སྤྱོད་ཆེ་བ་དང་། འཁོར་མང་བ་དང་། ལོངས་སྤྱོད་མི་ཟད་པ་དང་། འཁོར་མི་ཟད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་སྨོན་ལམ་དང་ཡེ་ཤེས་དང་ཡང་དག་པར་

ལྡན་པར་འགྱུར་རོ། །རང་བཞིན་གྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་དང་ཡང་དག་པར་ལྡན་པར་འགྱུར་རོ། །ཚངས་པའི་གནས་བཞི་ལ་གནས་པར་འགྱུར་རོ། །དྲན་པ་དང་ཤེས་བཞིན་དང་། ཐབས་དང་སྟོབས་དང་སྨོན་ལམ་དང་ཡེ་ཤེས་དང་ཡང་དག་པར་ལྡན་

པར་འགྱུར་རོ། །བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པ་དང་། སྨྲ་མཁས་པར་ཡང་འགྱུར་རོ། །ཚིག་གསལ་བ་དང་བླུན་པོ་མ་ཡིན་པ་དང་། བློ་གསལ་བར་འགྱུར་རོ། །མཁས་པ་དང་ལེ་ལོ་མེད་པ་དང་། ཆོག་ཤེས་པ་དང་། དོན་ཆེ་བ་དང་། སྲེད་པ་

མེད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་ཡིད་བརྟན་པར་བྱ་བ་དང་། སློབ་དཔོན་དང་། བླ་མ་བཀུར་བར་བྱ་བར་འགྱུར་རོ། །དེའི་སྔོན་མ་ཐོས་པའི་བཟོ་དང་རྩིས་དང་ཤེས་པ་དང་། བསྟན་བཅོས་ཐམས་ཅད་ཀྱང་དོན་དང་གཞུང་ལས་རབ་ཏུ་གསལ་བར་

เล่ม ๗๗ · หน้า 13a

ཡང་དག་པར་རྟོགས་པར་འགྱུར་རོ། །ཤིན་ཏུ་ཡོངས་སུ་དག་པའི་ཚུལ་ཁྲིམས་དང་། འཚོ་བ་དང་། ཀུན་ཏུ་སྤྱོད་པ་སྤྱོད་པ་དང་ལྡན་པར་འགྱུར་རོ། །ལེགས་པར་རབ་ཏུ་འབྱུང་བ་དང་། ལེགས་པར་བསྙེན་པར་རྫོགས་པར་འགྱུར་རོ། །ཐམས་ཅད་

མཁྱེན་པ་ཉིད་དང་། བྱང་ཆུབ་ཀྱི་སེམས་རབ་ཏུ་བརྗེད་པ་མེད་པར་འགྱུར་རོ། །ཉན་ཐོས་དང་དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་ངེས་པ་དང་། བགྲོད་པ་ལ་གནས་པར་ནམ་ཡང་མི་འགྱུར་རོ། །འདི་ནི་འཁོར་ལོ་ལྔ་པའི་རྗེས་སུ་བསྔགས་པ་ལྔ་བཅུ་རྩ་གཅིག་

གོ །།ལག་ན་རྡོ་རྗེ་རྡོ་རྗེ་འཆང་། དེ་ལྟར་ཡོན་ཏན་དཔག་ཏུ་མེད་པ་དང་ཡང་དག་པར་ལྡན་པར་འགྱུར་རོ། །རྣམ་པ་དེ་ལྟ་བུའི་ཡོན་ཏན་དཔག་ཏུ་མེད་པ་གཞན་རྣམས་དང་ཡང་དག་པར་ལྡན་པར་འགྱུར་རོ། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། དོན་དམ་པའི་

མཚན་ཡང་དག་པར་བརྗོད་པ་འདི་ཡང་དག་པར་འཛིན་པའི་སྐྱེས་བུ་གང་ཟག་ནི་རིང་པོ་མི་ཐོགས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་ཏེ། ཤིན་ཏུ་མྱུར་བར་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཡང་དག་པར་བསྒྲུབས་ནས། བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བསྐལ་པ་མང་པོར་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པའི་ཆོས་སྟོན་པ་པོ་དང་། ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ་ལྷག་པར་གནས་པའི་ཆོས་ཀྱི་

རྒྱལ་པོར་འགྱུར་རོ། །འདི་ནི་འཁོར་ལོ་དྲུག་པའི་རྗེས་སུ་བསྔགས་པ་དཔག་ཏུ་མེད་པའོ།། །།ཨོྃ་སརྦྦ་དྷརྨྨཱ་བྷཱ་བ་སྭ་བྷཱ་ཝ་བི་ཤུདྡྷ་བཛྲ་ཙཀྵུཿཨ་ཨཱཿཨཾ་ཨཿཔྲ་ཀྲཱི་ཏི། པ་རི་ཤུདྡྷཿསརྦྦ་དྷརྨྨཱ་ཡ་དུ་ཏ་སརྦྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ། མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ། མུ་པཱ་དཱ་

ཡེ་ཏི། ཨ་ཨཱཿ། སརྦྦ་ཏ་ཐཱ་ག་ཏ་ཧྲཱི་ད་ཡ། ཧ་ར་ཧ་ར། ཨཽཾ་ཧཱུཾ་ཧྲཱིཿབྷ་ག་བཱན་ཛྙཱ་ན་མཱུརྟི། བཱ་གཱི་ཤྭ་ར། མ་ཧཱ་པཱ་ཙ། སརྦྦ་དྷརྨྨཱ་ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ། དྷརྨྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ། སྔགས་དགོད་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དགའ་

เล่ม ๗๗ · หน้า 13b

ཞིང་མགུ་ནས་ཐལ་མོ་སྦྱར། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །རྣམ་མང་མགོན་པོ་གཞན་རྣམས་དང་། །གསང་དབང་ལག་ན་རྡོ་རྗེ་དེ། །ཁྲོ་བོའི་རྒྱལ་པོར་བཅས་རྣམས་ཀྱིས། །གསང་བསྟོད་ནས་

ནི་ཚིག་འདི་གསོལ། །མགོན་པོ་བདག་ཅག་རྗེས་ཡི་རང་། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །འགྲོ་བ་མགོན་མེད་རྣམས་དང་ནི། །རྣམ་གྲོལ་

འབྲས་བུ་འཚལ་བ་ཡི། །རྣམ་དག་ལེགས་པའི་ལམ་འདི་ནི། །སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་ཀུན་གྱིས་

བཤད། །འདི་ནི་ཡང་དག་པར་སྤྲོ་བ་ཉེ་བར་བསྡུ་བའི་ཚིགས་སུ་བཅད་པ་ལྔའོ། །འཕགས་པ་རྣལ་འབྱོར་ཆེན་པོའི་རྒྱུད་སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པ་ཏིང་ངེ་འཛིན་དྲ་བའི་ལེའུ་ལས་ཕྱུང་བ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་

དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་རྫོགས་སོ།། །།ཐུན་མོང་དང་ཐུན་མོང་མ་ཡིན་པའི་གསུང་རབ་ཐམས་ཅད་ལ་དབང་འབྱོར་པའི་བདག་ཉིད་ཆེན་པོ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་

དྲིན་གྱིས་ཉེ་བར་བསྐྱངས་པ། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་བློ་གྲོས་བརྟན་པས། བསམ་གཏན་གླིང་གི་དབེན་གནས་སུ་ལེགས་པར་བསྒྱུར་ཅིང་དག་པར་བྱས་པའོ། །སྔོན་གྱི་སྒྲ་བསྒྱུར་ཆེན་པོ་དེ་དག་གིས། །རྒྱུད་འདི་བསྒྱུར་ཅིང་ཀུན་ལ་གྲགས་ལགས་མོད། །འོན་ཀྱང་སྒྲ་དོན་

གཙུག་ལག་ཇི་བཞིན་དུ། །རྒྱུད་འདི་བློ་བརྟན་གཉིས་པས་ལེགས་པར་བསྒྱུར། །ཟབ་ཅིང་རྒྱ་ཆེ་རྡོ་རྗེ་ཐེག་པ་ཡི། །ངེས་དོན་ཡེ་ཤེས་དོན་གཉེར་སྐྱེས་བུ་དག །ཆོས་དང་དོན་ལ་ལེགས་པར་མི་རྟོན་པར། །གང་ཟག་ཚིག་འབྲུའི་རྗེས་སུ་མ་འབྲང་ཞིག །

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด