དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་ཌཱ་ཀཱརྞྞ་བ་མ་ཧཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๗๘ · หน้า 137a
༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཌཱ་ཀཱརྞྞ་བ་མ་ཧཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ། ཨོཾ་སངས་རྒྱས་དཔའ་བོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གསུང་གི་མངའ་བདག་ལ་ཕྱག་འཚལ་ལོ། །འདི་
སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དཔའ་བོ་ཆེན་པོའི་དབང་ཕྱུག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔའ་བོའི་སྐུ་དང་གསུང་དང་ཐུགས་ཀྱི་རྣལ་འབྱོར་མ་རྣམས་ཀྱི། བྷ་ག་རྣམས་སུ་རྩེན་པ་དང་ལྡན་པར་གྱུར་ཏོ། །དེར་དཔའ་བོ་ཆེན་པོའི་དབང་ཕྱུག་གིས་བཀའ་
སྩལ་པ། བདེ་བ་ཆེན་པོའི་ཏིང་འཛིན་གྱིས། །དབང་པོའི་དྲ་བ་བདག་གིས་མཐོང་། །འཁོར་བ་དང་ནི་ངེས་འབྱུང་གིས། །མྱ་ངན་འདས་པ་སོ་སོར་བསྐྱེད། །དེ་ཡི་དབུས་སུ་སྐུ་ཆེན་པོ། །བདག་གི་དབང་པོ་ཡིས་རིག་གོ། །དཔའ་བོ་རང་གི་རང་བཞིན་ནི། །ཡེ་ཤེས་རྒྱ་མཚོར་མཉན་པར་
བགྱི། །རྣལ་འབྱོར་མ་འཁོར་ལོ་དབུས་སུ། །ཕག་མོ་བདག་ནི་འདྲི་བའོ། །དབང་པོའི་དྲ་བ་ཅི་རུ་བཤད། །བདག་གིས་གང་དུ་བཤད་པར་བྱ། །མཐོང་བ་དང་ནི་ཆེན་པོའི་སྒྲ། །བདེ་བ་ཟ་བ་དེ་བཞིན་ཅི། །ཏིང་འཛིན་མིང་ཅི་དེ་ལ་ནི། །བྱུང་བ་ཉམས་པར་བྱས་པ་དང་། །འཁོར་བ་ཡང་
དག་བྱུང་བ་ནི། །གང་དུ་ཐིམ་པར་འགྱུར་བ་ཡིན། །བཅོམ་ལྡན་མྱ་ངན་འདས་པའི་མིང་། །ཇི་ལྟར་སླར་ཡང་ཡོངས་སུ་བསྐྱེད། །སྐུ་བརྗོད་པ་ནི་གསུང་བར་མཛོད། །ཉིད་ཀྱི་དབང་པོས་རིག་པ་ནི། །བདེ་བ་ཆེན་པོར་བཞུགས་གྱུར་པའི། །བདག་གི་བདག་པོས་གསུང་བར་མཛོད། །
དཔའ་བོའི་དབང་ཕྱུག་ཆེན་པོས་བཀའ་སྩལ་པ། ཕག་མོ་ལྷ་རྫས་པདྨ་ཅན། །ལྷ་མོ་རྩེ་གཅིག་ཡིད་ཀྱིས་ཉོན། །སྔོན་དུ་སྤྱོད་པའི་མཚན་ཉིད་ནི། །མདོར་བསྡུས་པ་ཡིས་བཤད་པར་བྱ། །དབང་པོ་འཇིག་རྟེན་མཆོག་ཆོས་བཤད། །དྲ་བ་དེ་ལ་ཡིད་རོལ་པའོ། །བདག་གི་ང་རྒྱལ་ཙམ་
གྱིས་ནི། །དམ་ཚིག་མཆོག་གང་བྱུང་བའོ། །དེ་ཕྱིར་ཡེ་ཤེས་ཆེ་མཐོང་སྟེ། །ཐབས་ཆེན་བདེ་ལ་བཞུགས་པས་སོ། །གང་དུ་དབང་པོ་རྣམས་ཀྱིས་ཟ། །དེ་ཡིས་ང་ཡི་མིང་སྔོན་སོང་། །དེ་ཚེ་ཏིང་ངེ་འཛིན་ཙམ་དུ། །ཐུབ་པ་སྐྱེས་མཆོག་རྣམས་ཀྱིས་གསུངས། །ཡང་དག་ལྷག་རྟོགས་ཡེ་ཤེས་ནི། །
เล่ม ๗๘ · หน้า 137b
སངས་རྒྱས་རྣམས་ཀྱི་ལྷ་དབང་པོས། །དེ་རྣམས་སུ་བྱུང་བའི་སྦྱོར་བས། །མཁའ་འགྲོ་མཆོག་མང་གིས་བྱས་སོ། །བདེ་དང་མི་བདེ་གཉིས་ཉམས་ལས། །སླར་ཡང་འདིར་ནི་བྱུང་བ་སྟེ། །སྒྲ་ཡི་གཟུགས་ལས་བྱུང་ཞིང་ཐོན། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ལོ། །སེམས་གསུམ་རྣམས་ཀྱི་དབྱེ་བ་
ཡིས། །གྲུབ་མོ་ཁྱོད་ཀྱིས་ཤེས་པར་གྱིས། །འདི་ཡིས་རང་བྱུང་བཅོམ་ལྡན་འདས། །དཔའ་བོ་མཁའ་འགྲོ་དྲ་བའི་སྡོམ། །བྱུང་དང་འབྱུང་བའི་དུས་སུ་ནི། །ཡོངས་སུ་གསལ་བ་འོད་གསལ་བའོ། །དེ་ཕྱིར་འཇིག་རྟེན་འཁོར་བར་བྱེད། །དེ་ནི་འཁོར་བར་ཡོངས་སུ་བརྗོད། །འདིར་
ནི་སྒྱུ་མ་སྐྱེས་དེ་བཞིན། །དེ་ནི་ཐིམ་པའི་དངོས་པོའང་མེད། །མྱང་འདས་གཞན་པའི་རྫས་ཡོད་ཡིན། །འཁོར་བ་ཡི་ནི་ཕྱི་རོལ་སོན། །སྲིད་པའི་རྩེ་མོ་གང་འཛིན་པ། །དེ་ཕྱིར་མྱ་ངན་འདས་པར་བརྗོད། །གཟུགས་ནི་སྒྱུ་མ་ལྟ་བུའི་སྐུ། །དེ་ཡི་གནས་ལ་རྣམ་པར་འཕྲོ། །བདག་ཆེན་ཡེ་ཤེས་
གཟུགས་ཀྱི་ནི། །དབང་པོས་གསལ་བར་རིག་པ་སྟེ། །ལྷ་དང་སྦྱིན་བྱེད་ལ་སོགས་པས། །མི་མཐོང་མཁའ་ལ་འགྲོ་བའི་གཟུགས། །ལྷ་ཁྱོད་ཀྱིས་ནི་གསུང་རྣམས་ཀྱི། །ཡེ་ཤེས་ཆེན་པོའི་རོས་བདག་ཚིམ། །དེ་རིང་བདག་ལ་ཐེ་ཚོམ་མཆིས། །དཔའ་བོ་རྣམས་ཀྱི་རང་བཞིན་ཅི། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཔའ་རྣམས་ཐམས་ཅད་རང་བཞིན་ཏེ། །རང་བཞིན་དེ་རྣམས་ཆོས་ཅན་ནོ། །འདིར་ནི་འདོད་པའི་དུས་བརྗོད་དེ། །འདོད་པ་སེམས་ལས་ཡོངས་སུ་བྱུང་། །འདོད་དང་སེམས་གཉིས་དག་ལས་ནི། །བྱུང་བ་གཟུགས་ནི་གཙོ་བོའོ། །འཇིག་རྟེན་
གསུམ་དུ་རྙེད་དཀའ་བ། །ཐོག་མ་དབུས་མཐར་ཡང་དག་གནས། །གང་ཞིག་མཐའ་མ་རྣམས་ཀྱི་སེམས། །སེམས་དེ་རོ་མཉམ་གྱུར་པའོ། །དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ལས། །མཁའ་འགྲོ་དེ་ནི་དེ་ཕྱིར་བྱུང་། །རྡོ་རྗེ་མཁའ་འགྲོ་བདག་ཉིད་ཆེ། །ས་གསུམ་པོ་ནི་བསྒྲུབ་པར་
བྱ། །གང་ཚེ་སྔོན་དུ་ཡང་དག་བྱུང་། །འགྲོ་བའི་གཙོ་བོ་ཚངས་པའོ། །གནས་དང་དེ་བཞིན་ཇི་ལྟར་སྟོང་། །མགོན་པོ་སེམས་ཅན་རྣམ་གྲོལ་བྱེད། །དེ་ཚེ་འཇིག་རྟེན་ཁམས་གཞན་གྱིས། །ཆུང་ངུ་འདིར་ནི་བསྐུལ་བའོ། །གསོན་གསོན་བྱང་ཆུབ་སྤྲོས་སོན་པའི། །སེམས་ཅན་བསྒྲལ་བའི་
เล่ม ๗๘ · หน้า 138a
སེམས་མེད་པ། །སྒྱུ་མའི་རང་བཞིན་ཁྱོད་བཞུགས་ནས། །ཁམས་གསུམ་མ་ལུས་བསྒྲལ་བར་མཛོད། །ཡོན་ཏན་དག་འདི་ཐོས་ནས་ནི། །སེམས་ཅན་གྲོལ་བྱེད་འདི་ལྟར་བསྒོམ། །དེ་བཞིན་གཤེགས་པ་ཀུན་རྣམ་པ། །འགྲོ་བའི་གཙོ་བོ་ཧེ་རུ་ཀ། །དཔལ་ནི་སྔོན་དུ་མངོན་
བརྗོད་པས། །རྟེན་ལ་སོགས་པ་བསྐྱེད་པ་སྟེ། །གླུ་དང་རོལ་མོ་དྲི་ཟ་དང་། །གཞན་རྣམས་གང་རྣམས་དེ་རྣམས་དང་། །འགྲོ་བའི་སྡེ་དང་ལས་དང་ནི། །དེ་ཡི་རྒྱུན་ལས་ཡོངས་སུ་བྱུང་། །དེ་ལ་སོགས་པ་མཐའ་མེད་དང་། །སྟོང་ཕྲག་སུམ་ཅུ་རྩ་གསུམ་མོ། །གསང་བ་མཆོག་གི་དགྱེས་པ་
ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །དེ་ཉིད་རྣམ་པ་བཅུ་དྲུག་དང་། །སྐྱེ་བ་དང་ནི་ཐིམ་པའི་རྒྱུ། །རྣལ་འབྱོར་རྣལ་འབྱོར་མའི་དེ་ཉིད། །ཟླ་བའི་དབྱེ་བས་འགྲོ་བའོ། །དགའ་བ་རྟག་ཏུ་ཤེས་བྱས་ནས། །ཚེས་གཅིག་ཟླ་བ་འཕེལ་བས་སོ། །ནག་པོ་སོགས་དང་དཀར་མཐར་
ཡང་། །ཐུང་ངུ་དེ་བཞིན་འདིར་ཤེས་བྱ། །འདི་སྐད་ཐོས་པ་བདག་གི་ངག །གསང་བའི་འདོད་པ་ཐམས་ཅད་སྟེར། །དེ་བཞིན་འདིར་བདག་ཐེ་ཚོམ་མཆིས། །གསང་བ་ལ་སོགས་གསུང་ནི་ཅི། །བདག་གི་བདག་པོས་གསུང་བར་མཛོད། །སེམས་ཅན་རྣམས་ཀྱི་དོན་བྱེད་པ། །ལྷ་མོ་ཆེན་མོ་
བདག་དགའོ། །སེམས་ཅན་ཀུན་གྱི་དགོས་པའི་རྒྱུར། །མདོར་བསྡུས་བདག་གིས་བཤད་བྱ་སྟེ། །རྩེ་གཅིག་པ་ཡི་སེམས་ཀྱིས་ཉོན། །གསང་བ་ཁམས་ཐམས་ཅད་ཀྱི་མཐའ། །དབང་པོའི་གནས་ནི་མཆོག་ཡིན་ལ། །རྣམ་ཤེས་ཕུན་ཚོགས་དེ་རྣམས་སུ། །དགྱེས་པ་ནམ་མཁའ་ལས་
བྱུང་བའོ། །ཐམས་ཅད་བདག་ཉིད་ཁམས་གསུམ་གྱི། །ཁྱབ་བྱའི་གཟུགས་སུ་ཡང་དག་སོན། །རྟག་བཞུགས་གཉིས་སུ་མེད་པའི་ཆོས། །སྒྱུ་མ་རྨི་ལམ་ལྟ་བུ་མཆོག །ཡང་ན་བདག་མེད་བཅུ་དྲུག་དང་། །ཁྱད་པར་དུ་ཡང་སྙིང་རྗེའོ། །དེ་ཡི་རྣམ་པ་ཡེ་ཤེས་ཆེ། །དེ་ཁོ་ན་ཉིད་
ཀུན་དུ་སོན། །འདིར་ནི་སྐྱེ་བར་གོ་བྱ་བ། །རྣལ་འབྱོར་རྗེས་སུ་རྣལ་འབྱོར་རོ། །ཐིམ་པ་སྒྲུབ་པ་གཉིས་དང་ནི། །དེ་བཞིན་བསྙེན་པ་གཉིས་ཀྱང་ངོ་། །རྣལ་འབྱོར་ཐིག་ལེར་བཤད་པ་སྟེ། །ཕྲ་མོའི་རྣལ་འབྱོར་རྣལ་འབྱོར་མའོ། །དུས་ཀྱིས་ཕྱེད་དང་ཟླ་བ་ཡི། །རྫོགས་ལྡན་
เล่ม ๗๘ · หน้า 138b
གསུམ་གཉིས་རྩོད་དུས་སོན། །འདི་ཡི་རྡོ་རྗེའི་ཞལ་བཞི་པོ། །དགའ་བ་བརྒྱད་གཉིས་སུ་འགྱུར་ཏེ། །ཆ་ཤས་བཅུ་དྲུག་རྣམ་ལྡན་པའི། །ཕྱོགས་ཀྱི་དབྱེ་བས་འགྲོ་བའོ། །ཐུང་ངུ་ཉི་མའི་རྒྱུ་བ་ཡིས། །དེ་བཞིན་དུ་ནི་ཆ་ཤས་ཟ། །བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །གཉིས་
མེད་ཡེ་ཤེས་བླ་ན་མེད། །བྱང་ཆུབ་སེམས་འོད་ཆེན་པོར་ནི། །རྣལ་འབྱོར་ཆེན་པོ་ངེས་པར་འགྲོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་དེ། །དངོས་རྣམས་ནམ་མཁའི་མེ་ཏོག་བཞིན། །སད་པ་ན་ཡང་ཉམས་པ་སྟེ། །དེ་གནས་ཀུན་དུ་གནས་མིན་པའོ། །རྨི་ལམ་ཡུལ་མེད་ལས་བྱུང་བ། །
དབང་པོ་ཀུན་ལས་བྱུང་བ་མེད། །གཉིད་ལོག་པ་ཡི་སྟོབས་ཀྱིས་ནི། །ས་གསུམ་པོ་ནི་བཟའ་བར་བྱ། །གཉིད་མཐུག་སྐྱེས་པའི་དུས་དེ་ལྟར། །སད་མེད་གཉིད་མེད་རྨི་ལམ་མེད། །འདས་པའི་བདེ་བའི་དུས་རྣམས་སུ། །སངས་རྒྱས་ཉིད་ཀྱང་ལྷག་པར་གནས། །མཁའ་འགྲོ་ཀུན་
དངོས་སེམས་དཔའ་ནི། །རྡོ་རྗེ་མཁའ་འགྲོ་མཆོག་ཏུ་བདེ། །ལས་ཀྱི་ཡུལ་ནི་བསྙེན་བྱས་ན། །སུམ་ཅུ་རྩ་གསུམ་དུ་ལྟུང་ངོ་། །མ་རིག་པས་བསླང་ངེས་པར་ནི། །འགྲོ་བ་དམྱལ་སོགས་འཇིགས་པ་ཆེ། །དེ་ཕྱིར་སངས་རྒྱས་ཆོས་དགེ་འདུན། །རྫུ་འཕྲུལ་ཆེ་འདིར་རྗེས་ཆགས་
བྱ། །ཇི་ལྟར་བཅོམ་ལྡན་འདས་བདག་པོ། །མཁའ་འགྲོ་མ་ཀུན་གྱི་ནི་མིང་། །དེ་ནི་བདག་ལ་སེམས་པས་གསུངས། །མཁའ་འགྲོ་ཀུན་ལ་བདག་མཆོག་ཏུ། །གསང་བ་དེར་ནི་བཏུད་བྱས་ནས། །ཕག་མོ་ལྷ་རྫས་རྣལ་འབྱོར་མ། །གཉིས་མེད་ཚིག་གིས་ཇི་ལྟར་ཞེས། །དེ་བཞིན་
ཡང་ནས་ཡང་དུ་དྲིས། །མཁའ་འགྲོ་མའི་བདག་པོས་བཀའ་སྩལ་པ། ཕྲ་མོའི་རྣམ་པ་ར་གསུམ་སྟེ། །རྣམ་པར་ཤེས་པ་གསུམ་གྱི་རྒྱུ། །དེ་ཕྱིར་ཕྲ་མོར་རིག་བྱ་སྟེ། །རྩ་འབྱུང་བ་ནི་བདག་ཉིད་ཆེ། །སུམ་ཅུ་རྩ་བདུན་རྣལ་འབྱོར་མ། །རེ་རེ་ལ་ནི་དེ་ཡོངས་ལྡན། །མཁའ་
འགྲོ་མ་ཀུན་དེར་བཤད་དེ། །གཞན་ཡང་དེ་ལྟར་ངོ་མཚར་ཆེ། །མིང་མདོར་བསྟན་པའི་རྒྱ་མཚོ་འདིར། །དེ་ཀུན་ཇི་ལྟ་བཞིན་བཤད་བྱ། །ཟླ་བ་འོ་མ་སྣུམ་པ་མོ། །འཇམ་མ་འདོད་མ་ཀུན་སྦྱིན་མ། །མ་དང་སྲིང་མོ་བུ་མོ་དང་། །སྲིང་མོའི་བུ་མོ་ནེ་ནེ་མོ། །གཉེན་མོ་ཕ་ཡི་མ་དང་ནི། །ཞང་
เล่ม ๗๘ · หน้า 139a
པོ་ཡི་ཡང་ཆུང་མ་དང་། །པད་ཅན་དུང་ཅན་སྣ་ཚོགས་མ། །གླང་པོ་མ་དང་མྱོས་བརླབས་མ། །གཟུགས་མ་སྒྲ་མ་དྲི་མ་དང་། །རོ་མ་རེག་མ་ཡིད་མ་དང་། །ཆོས་དབྱིངས་མ་དང་ཚོགས་ཅན་མ། །གཉིད་མ་ལེ་ལོ་མ་གཞན་གནོན། །རློམ་པ་མོ་དང་སྒེག་མོ་དང་། །
བཟང་ཞལ་མ་དང་དྲག་མོ་མ། །འཐུང་མ་ཟ་མ་འཇིགས་པ་མོ། །ཧ་ཧ་སྒྲོགས་མ་དུར་ཁྲོད་མ། །བཅོམ་ལྡན་དགྱེས་མར་རྟག་ཏུ་བཤད། །སུམ་ཅུ་རྩ་བདུན་རྣལ་འབྱོར་མ། །ལས་ཀྱི་ཆོ་ག་བླངས་པ་ཡིས། །གཞན་གྱི་མིང་ཡང་ཤེས་པར་བྱ། །གང་ཞིག་གང་གིར་
མངོན་བརྗོད་པའི། །རྩ་དེ་འདིར་ནི་བརྗོད་པའོ། །དེ་རྣམས་སེམས་དཔའ་བདེ་རང་བཞིན། །མཐར་གྱུར་མཆོག་ཏུ་ཞི་བའོ། །རྡོ་རྗེ་མཁའ་འགྲོའི་དངོས་པོ་ཡང་། །མཆོག་ཏུ་ཟག་མེད་རྣལ་འབྱོར་ལྡན། །མདོག་དང་ཕྱག་སོགས་རྣམ་པ་རུ། །སྲིད་པའི་འཁོར་ལོར་ཡང་དག་
བྱུང་། །གནས་དང་ཉེ་བའི་གནས་སོགས་འདིར། །པུལླི་ར་སོགས་དབུས་སུའོ། །གང་ཞིག་གང་གི་ལྷའི་བདག་པོ། །དེ་ནི་དེ་དང་དེས་རྒྱས་གདབ། །ཉིད་དང་བདག་ཏུ་རྩེན་གྱུར་པའི། །བདེ་བ་ཀུན་དང་ཡང་དག་ལྡན། །འདི་ཡིས་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་དེ་
བཞིན་དང་པོའི་ལྷ། །མཁའ་འགྲོ་མ་ཀུན་བདེ་སྟེར་བའི། །བཅོམ་ལྡན་རྡོ་རྗེས་འདི་གསུངས་སོ། །ནམ་མཁའ་ཐོག་མ་ཐ་མ་མེད། །གང་འདྲར་མཆོག་ཏུ་འདུ་ཤེས་པ། །དེ་འདྲར་བདག་ནི་རིག་པ་སྟེ། །སྣང་མེད་པར་ཡང་ཡོངས་སུ་གསལ། །དེར་ནི་འབྱུང་བའང་ཡོད་
མིན་ཏེ། །འཇིག་རྟེན་པ་ཡི་ཐ་སྙད་མཆོག །ཇི་ལྟར་མཁའ་ལས་མེ་བྱུང་བ། །བླ་མེད་མེ་འདིར་དེ་བཞིན་ནོ། །རོ་བྲོ་བ་ནི་གཅིག་དངོས་ལ། །དེ་ཡི་ནང་ན་དངོས་མང་པོ། །གཅིག་དང་དུ་མའི་རང་བཞིན་འདིས། །ཐམས་ཅད་རོ་སྟེ་རོའི་ཁྱབ་བདག །ཕོ་ཉ་རྣམས་ཀྱི་བདག་པོ་
ཡིས། །ས་གསུམ་པོ་ནི་མཆོག་ཏུ་ཟ། །ཐབས་དང་ཤེས་རབ་སྙིང་རྗེ་ཆེ། །ལྷ་ཡི་བདག་པོ་གཞན་མེད་དོ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །དེ་ལྟར་བརྟག་ཤེས་རྣལ་འབྱོར་པས། །འདོད་བྱ་ཀུན་ལ་ལོངས་སྤྱད་བྱ། །རྟག་ཏུ་ནང་
เล่ม ๗๘ · หน้า 139b
དུ་གྱུར་བྱས་ནས། །ཁ་དོག་རྣམས་ནི་ཞལ་ལས་བྱུང་། །རྟག་ཏུ་ལུས་ཀྱིས་སྦྱིན་པ་སྟེ། །སེམས་ལས་བྱུང་བ་སྤང་བར་བྱ། །དེ་ལྟར་འདོད་ཆགས་སྒྱུ་མཐའ་ལ། །རོལ་པ་མཆོག་གི་གོ་འཕང་ངོ་། །འདོད་ཆགས་བྲལ་བ་དགའ་བ་གསུམ། །སྤངས་པ་དབུ་མ་ཟག་པ་མེད། །གཟུང་བར་བྱ་བ་
མིན་པ་སྟེ། །དངོས་པོའི་རང་བཞིན་འདོད་ཆགས་མིན། །བྲལ་བའི་དགའ་བ་ཉམས་པ་སྟེ། །དེ་ལའང་དགའ་བར་མི་བྱའོ། །དེ་གཉིས་དབུས་ན་གནས་པ་ཡིས། །ཆོས་དེ་ལ་ཡང་དགའ་དམིགས་མེད། །དབྱེ་བ་མེད་པ་ཡི་ནི་ཆོས། །རྡོ་རྗེ་ལ་ནི་དགའ་བར་གྱིས། །ལྷ་ཡི་རྣམ་པའི་རྣལ་
འབྱོར་བ་དག །སྐད་ཅིག་མངོན་སུམ་བྱེད་པའོ། །ལུགས་མ་ལ་སོགས་རྣལ་འབྱོར་གྱིས། །རྣམ་པར་བྱས་པའི་དབྱིབས་སུ་འགྱུར། །སྟོང་ཉིད་རང་བཞིན་གཟུགས་རྣལ་འབྱོར། །རང་བྱིན་རླབས་པའི་མཚན་ཉིད་དོ། །བདག་བྱིན་རླབས་དང་བྲལ་རྣལ་འབྱོར། །སྦུན་སྐོགས་དུམ་
བུ་བཞིན་ཤེས་བྱ། །འདི་འདྲའི་མཚན་ཉིད་མཆོག་གྱུར་པ། །སྐྱེ་བོ་ཕྱུགས་རྣམས་ཀྱིས་མི་ཤེས། །དེ་ཕྱིར་སྒྱུ་འཕྲུལ་འདི་བསྒོམས་ན། །བྱང་ཆུབ་བླ་ན་མེད་པ་འཐོབ། །སྐྱེ་བ་འདི་ལ་གླེན་པ་ཉིད། །ཤེས་རབ་སྙན་དངགས་སྐྱེས་བུར་འགྱུར། །འདི་འདྲའི་ཡོན་ཏན་ཚོགས་ལྡན་
པས། །རྨི་ལམ་དང་ནི་མཉམ་པར་ལྟོས། །རྣལ་འབྱོར་རྣལ་འབྱོར་མའི་རྒྱུད་དུ། །འགྲོ་སྟེ་དེ་ཕྱིར་འཇིག་རྟེན་པའོ། །མངོན་སུམ་རང་ཉིད་སྔགས་ཀྱི་སྐུ། །འཁོར་ལོ་གསུམ་རྣམས་ཉིས་འགྱུར་རོ། །གཅིག་ལ་འཁོར་ལོ་གསུམ་བཤད་དེ། །གཉིས་པ་ཉིས་འགྱུར་དུ་ནི་
འདོད། །འཁོར་ལོ་གསུམ་པོ་ཐབས་ཤེས་རབ། །སྙོམས་པར་འཇུག་པར་འཆད་པའོ། །དེ་ནི་ཉིས་འགྱུར་ཤེས་བྱ་སྟེ། །འཁོར་ལོ་ཉིས་འགྱུར་དེས་བཤད་དོ། །ཁམས་གསུམ་གྱི་ནི་གནས་ཆེན་པོ། །དཀྱིལ་འཁོར་འཁོར་ལོ་བསྒོམ་པའོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །
རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །དེ་བཞིན་གཤེགས་པ་དཔའ་དབང་ཆེ། །བཅོམ་ལྡན་རྡོ་རྗེས་འདི་གསུངས་སོ། །ཆོས་དང་ཆོས་མིན་གང་དུ་ནུབ། །བྱང་ཆུབ་དེར་ནི་སེམས་གཟུང་གིས། །གྲུབ་པ་ལྷ་དང་ལྷ་མ་ཡིན། །དབང་པོ་དང་ནི་ཡུལ་དང་ནི། །ཁམས་དང་སྐྱེ་མཆེད་
เล่ม ๗๘ · หน้า 140a
ཐམས་ཅད་ནི། །སྐྱེ་བ་དང་ནི་འགག་པ་སྟེ། །རྨོངས་པ་འཆིང་ཞིང་མཁས་པ་ནི། །ཡོངས་སུ་ཤེས་པས་གྲོལ་བའོ། །སེམས་འདི་རང་ཉིད་མངོན་སུམ་དུ། །ཁམས་གསུམ་དུ་ནི་རྣམ་པར་གནས། །བདག་དང་མཆོག་ཁྱོད་གཉིས་མེད་ལས། །ཚོགས་པའི་
གཙོ་བོ་བྱུང་བའོ། །སྤྱོད་ལམ་ལ་སོགས་བྱེ་བྲག་ཆོས། །མདོ་སྡེ་རྣམ་ཤེས་དབུ་མ་པ། །མོས་པའི་སེམས་ཅན་རྣམས་བཤད་དེ། །བདེན་པ་མ་ཡིན་རྫུན་པ་མིན། །ཕྱག་ནི་བཅུ་གཉིས་དང་ལྡན་ཏེ། །དེ་བཞིན་ཞལ་ནི་བཞི་པའོ། །ཁ་དོག་ནམ་མཁའ་སྔོན་པོ་ལ། །སྤྱན་གསུམ་
བརྐྱང་བསྐུམ་ལྡན་པ་སྟེ། །འཕྲོག་བྱེད་དཀར་མོ་མཉམ་པར་མནན། །གཞན་ནི་འབུམ་ཚོ་སྟོང་ཕྲག་གི། །གང་དང་གང་གི་རྒྱུད་ཀྱི་ནི། །ཕྱི་དང་གསང་བ་ནང་བདག་ཉིད། །དེ་དང་དེ་ཡི་གཟུགས་ངེས་པར། །ལྷ་ནི་ཧེ་རུ་ཀའི་བདག་ཉིད། །རྒྱུད་དང་རྒྱུད་ཀྱི་ནང་མཆོག་ཏུ། །དབྱེ་བ་
མོས་པའི་དབང་གིས་ཏེ། །མིང་ནི་དེ་འདྲར་ཤེས་པར་བྱ། །འོན་ཀྱང་ཧེ་རུ་ཀ་བསྲེས་པའོ། །ཁ་དོག་དེ་དང་འདྲར་ཤེས་བྱ། །བཞུགས་ཚུལ་ཧེ་རུ་ཀའི་རྣམ་པ། །ས་ནི་བཅུ་གཉིས་རྣམས་ཀྱི་རྒྱུ། །དེ་ཡིས་ཧེ་རུ་ཀ་དང་འདྲ། །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །དཔའ་བོ་
ཐམས་ཅད་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །བཅོམ་ལྡན་བདག་པོས་འདི་གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པ་སྟེ་འདི་ནི་ལེའུ་དང་པོའོ།། །།ཕག་མོ་ལྷ་
རྫས་རྣལ་འབྱོར་མས། །སླར་ཡང་རྡོ་རྗེ་མཆོད་བྱས་ཏེ། །བཅོམ་ལྡན་བདག་པོས་བསྟན་པར་མཛོད། །ཕག་མོ་ཅི་ཡིས་ཡོངས་སུ་བྱུང་། །སྐྱེད་པ་གང་གིས་བསྐྱེད་པ་ཡིན། །རང་བཞིན་ཇི་ལྟར་དུ་ནི་འདོད། །བདག་བྱུང་བ་ཡི་རྒྱུ་མཚན་ཅི། །འདིར་ནི་དགོས་པ་ཇི་ལྟར་ཡིན། །
དབང་པོ་དང་ནི་ཡུལ་ཐམས་ཅད། །ལྟེ་བའི་དཀྱིལ་འཁོར་དུ་རབ་ཞུགས། །སྤྱི་བོའི་རྡོ་རྗེ་གུར་དུ་ནི། །སྟེང་དུ་ཁ་བལྟས་རླུང་འབབ་བོ། །འདོད་ཆགས་ཉི་མའི་དབུས་སུ་ནི། །སྐད་ཅིག་གིས་ནི་སྤྲུལ་ཐིམ་གྱུར། །དེར་སྐྱེས་པ་ཡི་ཕག་མོ་ནི། །བྷ་ག་ལིངྒ་ཡིད་ལས་བྱུང་། །
เล่ม ๗๘ · หน้า 140b
བདེ་བ་ཆེན་པོའི་རང་བཞིན་ཁམས། །དེ་རྣམས་ལས་ནི་སྔོན་དུ་སྐྱེས། །རང་བཞིན་བདག་མེད་གཅིག་པུ་སྟེ། །མཁའ་མཉམ་རྣལ་འབྱོར་གཟུགས་ཅན་ནོ། །རྒྱུ་མཚན་སྐྱེ་བོ་སྒྲོལ་བ་དང་། །སྙིང་རྗེའི་གཟུགས་རང་བཞིན་དུ་བྱུང་། །འདིར་ནི་དགོས་པ་གཉིས་རིག་སྟེ། །ཕྱག་རྒྱ་སྦྱོར་
བ་རབ་སྒྲུབ་པའོ། །ཁྱོད་ནི་ལྷ་མོའི་བདག་པོ་སྟེ། །ཀུན་དུ་སྤྱོད་པ་མང་སྤྱོད་པའོ། །སྔགས་ཀྱི་ཕྲེང་བ་བརྗེ་བྱས་ནས། །ཨ་ཡིག་ལ་སོགས་དེའི་ཁྱབ་བདག །ཡང་ན་ཕག་མོའི་རྩ་བ་དང་། །གོ་ཆའི་སྔགས་རྣམས་ཀྱིས་ལྡན་ཏེ། །ཡི་གེ་རེ་རེའི་སྔགས་ཀྱི་ནི། །སྤྱོད་པ་སྡོམ་པར་
སོན་པའོ། །རྣལ་འབྱོར་མ་མཆོག་སྐྱེ་བ་ནི། །རྩ་ཡི་མཆོག་གི་གྲོང་དུ་སྟེ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །དབུས་མ་ཨ་བ་དྷཱུ་ཏཱིའོ། །དབུ་མ་འདི་ལྟར་ཐམས་ཅད་ཀྱི། །ཁྱབ་བྱེད་དུ་ནི་རྣམ་པར་གནས། །དེ་ཕྱིར་ཕག་མོ་གཙོ་མོ་ཡི། །གོ་འཕང་མཆོག་བཞིན་ཤེས་པར་བྱ། །
རྡོ་རྗེ་ལ་སོགས་མིང་ཐོག་མར། །ཨ་རྡོ་རྗེ་དང་ཀ་རྡོ་རྗེ། །སྔགས་མཐར་དེ་ལ་སོགས་པ་སྟེ། །ཡང་ན་སོ་སོ་ཐ་དད་དུའོ། །གང་གིས་དུས་སུ་སྔགས་ཟློས་པ། །དེའི་དུས་རྣམས་སུ་རྣལ་འབྱོར་ལྡན། །ལྟེ་བ་སྤྱི་བོ་སྙིང་གྱེན་དུ། །འདི་ལྟར་འགྲོ་དང་འོང་བ་མེད། །དཔའ་བོ་རྣལ་འབྱོར་
མ་གཙོ་མོ། །དེ་ནི་བདག་ཉིད་རྣམ་པར་འཕྲོ། །རང་གི་འཁོར་ལྡན་རྣལ་འབྱོར་མ། །ཞིང་དང་ཞིང་རྣམས་སུ་ནི་འགྲོ། །ལྷ་མོ་ཁྱོད་ནི་བདག་པོ་སྟེ། །ང་དང་ལྷན་ཅིག་ཁ་སྦྱོར་རོ། །དུས་དང་དུས་ནི་མ་ཡིན་པར། །ནམ་མཁའི་བུ་གའི་ནང་འདུག་ནས། །དེ་བཞིན་སྐྱེ་གནས་ལམ་
འཐོན་ནས། །འཆི་བ་མེད་པའི་ས་བོན་འཛག །དེར་ནི་འཕོ་མེད་ཡེ་ཤེས་བྱ། །ཧིག་ཕྱེད་ཡི་གེས་བསྒོམ་བྱ་སྟེ། །མི་མོ་སྐྱེས་བུའི་དུས་སུ་ཡང་། །མཆོག་ཏུ་ཟག་མེད་མངོན་པར་བྱ། །དེ་བྱུང་བ་ཡི་རིག་མ་ཆེ། །སྒོམ་པའི་བདག་ཉིད་ཀྱིས་བྲིའོ། །ཐོག་མར་རྣམ་སྣང་མགོན་པོ་
སྟེ། །རི་མོ་གསུམ་བསྐོར་ལྟེ་འོག་གནས། །ལངས་ནས་མགྲིན་པའི་བར་དུ་འགྲོ། །ས་གསུམ་སྒྲོན་མ་ལྟ་བུར་སོན། །གཞན་པའི་སྔགས་ནི་ས་མཐའ་འདྲ། །དེ་ལས་ཟླ་འབབ་གཡོན་ནས་སོ། །སྔགས་འདི་ཐིག་ལེས་བརྒྱན་པ་སྟེ། །སྔགས་ནི་རྣལ་འབྱོར་མ་བསྐྱེད་པའོ། །
เล่ม ๗๘ · หน้า 141a
སླར་ཡང་ས་བོན་གཉིས་པ་བརྗོད། །གཡས་པ་ཉི་མ་བསྐྱེད་པ་སྟེ། །ལོགས་སུ་གཉིས་ཕྱེ་མགོར་ཐིག་ལེ། །ཡ་སྡེའི་མཐའ་ཡི་ས་བོན་ནི། །བྱང་ཆུབ་སེམས་ཆེན་འབབ་ལམ་མོ། །འདི་ནི་ཕག་མོའི་ས་བོན་ཡིན། །ཨཱ་ཡི་ཡི་གེས་མཐར་བརྒྱན་པ། །བཅུ་
དྲུག་ཟླ་ཕྱེད་ཉི་མས་བརྒྱན། །ཡ་སྡེའི་དང་པོའི་ས་བོན་ནི། །སྦྱོར་བས་ས་གསུམ་རླུང་ཡོན་ཏན། །དབྱངས་ཀྱི་བཅུ་གསུམ་པས་རྒྱས་གདབ། །དཀར་པོའི་ཕྱོགས་ཀྱིས་མགོ་བོར་བརྒྱན། །ཐིག་ལེ་དང་ནི་བཅས་པ་འབར། །དགའ་བ་བཞི་པོ་དག་པའོ། །པ་སྡེའི་མཐའ་མ་བདེ་
བའི་གཟུགས། །ཨོ་ཡི་ཡི་གེ་ཞོན་ལྡན་པ། །མགོ་བོར་ཟླ་ཕྱེད་ཉི་མས་མནན། །ས་ཡི་ཕ་རོལ་གཞོམ་མེད་པས། །ཉི་མ་ཡི་ནི་གདན་ལ་གནས། །དབྱངས་ཀྱི་བཞི་པ་རྣ་དྲུང་བཟུང་། །མགོ་བོར་ཟླ་ཕྱེད་ཐིག་ལེས་བརྒྱན། །འདོད་ཆགས་མཐའ་ཡི་རང་བཞིན་ནོ། །ཡེ་ཤེས་ས་
བོན་ཉིས་འགྱུར་དབྱེ། །སྤྲོ་བ་དང་ནི་བསྡུ་བས་སྐྱེས། །འོག་དང་སྟེང་དུ་གནས་པ་ཡིས། །མགོན་པོ་ལོངས་སྤྱོད་རྫོགས་འཛིན་པ། །སྙིང་ག་དང་ནི་ཆུ་སྐྱེས་སུ། །དོན་གྱི་ཆོ་ག་ཡོངས་རྫོགས་པའོ། །ཡོངས་སུ་སྐྲག་བྱེད་མ་ས་བོན། །པ་མཐའི་ཡི་གེ་བཟུང་ནས་ནི། །སླར་ཡང་དེ་
བཞིན་བརྗོད་པར་བྱ། །ཨོ་ཌྱན་འབར་བ་འཛིན་གྲོང་གི། །བུ་གར་གཏུམ་མོ་སྦོར་བའོ། །བྱང་ཆུབ་སེམས་ཀྱིས་ས་གསུམ་འགེངས། །དེ་ལྟར་བཤད་པའི་སྔགས་གང་ནི། །རིམ་པས་ཡི་གེ་རྣམས་མི་མཐུན། །རྣལ་འབྱོར་མ་ཡི་མིང་ལྡན་པར། །ལས་དུས་དེ་ལྟར་རྟོགས་པར་
བྱ། །རེ་རེའི་ཆེ་བའི་བདག་ཉིད་ནི། །ཡི་གེ་ཡི་ནི་གྲངས་ཀྱིས་སོ། །བདག་ཉིད་ཆེན་པོ་རྣམ་པར་འཕྲོ། །བྱང་ཆུབ་ཆ་ཤས་ཆ་རྒྱུའོ། །ཐོག་མར་རྣམ་སྣང་ཕྱག་འཚལ་བ། །ཆོས་ཀྱི་དབྱིངས་ནི་བྱ་བའི་གཟུགས། །ཏ་སྡེའི་ལྔ་པའི་ཡི་གེ་ནི། །ལྔ་པ་ཡི་ནི་སྡེ་ཚན་ནོ། །རྣལ་
འབྱོར་མ་གཟུགས་ནམ་མཁའ་བརྟེན། །པ་མཐའི་ས་བོན་ཨོ་དབྱངས་ལྡན། །གཏི་མུག་འཇོམས་པར་བྱེད་མ་སྟེ། །རྣལ་འབྱོར་མའི་ཚོགས་སྤྲོ་བའོ། །དེ་ཡི་བཞི་པའི་ས་བོན་ནོ། །ས་གསུམ་དུ་ནི་ཁྱབ་པ་ཡི། །རྣལ་འབྱོར་མ་ནི་སྤྲོ་བའོ། །ཐོག་མའི་སྡེ་ཡི་གསུམ་པ་སྟེ། །
เล่ม ๗๘ · หน้า 141b
འགྲོ་བ་དྲུག་པོ་ཉམས་བྱེད་པའི། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །ཡ་སྡེའི་མཐའ་མའི་ས་བོན་ནི། །བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ལྔ་པའི་སྡེ་ཡི་ཐོག་མ་སྟེ། །དེ་བཞིན་ཉིད་ཀྱི་ས་བོན་ཏེ། །ཨི་ཡི་དབྱངས་ཀྱིས་མགོ་ལ་རེག །ཆུ་ཡི་ཡི་གེ་ཡོངས་བསྔགས་པ། །ཐམས་
ཅད་བྱེད་པའི་རང་བཞིན་ནོ། །ཙ་སྡེའི་དབུས་གནས་བཟུང་ནས་ནི། །ཉི་མ་ཡི་ནི་གདན་ལྡན་པ། །ལས་ཀྱི་དུས་སུ་ཁྱད་པར་ལྡན། །ཕག་མོ་ཡི་ནི་ས་བོན་ནི། །ཨ་ཡི་ཡི་གེ་རྣ་བར་རེག །ས་གསུམ་ཡེ་ཤེས་རང་བཞིན་མཉམ། །མེ་ཡི་ས་བོན་དབྱངས་གཉིས་ལྡན། །འཁོར་བའི་
ལས་ཀྱི་རང་བཞིན་ནོ། །ས་མཐའི་མགོ་ལ་ཨཱི་དབྱངས་རེག །རྟག་ཏུ་ཚངས་པའི་རང་བཞིན་བལྟ། །དབྱངས་ཀྱི་གཉིས་པ་བཟུང་ནས་ནི། །དེ་ལྟར་མཁའ་འགྲོ་མ་ཡི་གཟུགས། །སེམས་ཅན་སྒྲོལ་བར་བྱེད་པའོ། །ཡ་ཡིག་གནས་པ་ར་དང་ལྡན། །སླར་ཡང་ཨཱི་ཡི་དབྱངས་སྦྱར་རོ། །
ཁམས་གསུམ་རྣལ་འབྱོར་མ་སྤྲོའོ། །དྲུག་པའི་སྡེ་ཡི་དང་པོ་ནི། །རྣལ་འབྱོར་མ་སྔགས་ཀུན་རང་བཞིན། །ར་གནས་པ་ནི་ཨ་དབྱངས་ལྡན། །སྡང་བའི་སེམས་ཅན་གསོད་བྱེད་འགྱུར། །ཛ་ཡི་ཡི་གེ་ཡོངས་བཟུང་སྟེ། །ཨི་ཡི་དབྱངས་དང་ཡང་དག་ལྡན། །སྒྱུ་མའི་རང་བཞིན་
ཡོངས་ལྡན་པའོ། །སོ་ཡི་ས་བོན་རྣ་བ་ལ། །ཨི་ཡི་དབྱངས་ཀྱིས་རེག་པས་དབྱེ། །ཀླུ་ཡི་སྔགས་ནི་སྦྱར་བྱས་ཏེ། །ཏྲེ་ཡི་གེ་ས་གསུམ་ཀུན། །ཡེ་ཤེས་ཀྱི་ནི་ཁྱད་པར་སྔགས། །ལ་ཡི་ཡི་གེ་ཨོ་དང་ལྡན། །འཇིག་རྟེན་རྣམས་ཀྱི་རྟེན་ཡིན་ཏེ། །བྱང་ཆུབ་བྱེད་པའི་ཆོས་
ཡིན་ནོ། །ཐོག་མའི་ཀ་ནི་ཡ་སྟན་ལྡན། །འཆི་དང་ལྷན་སྐྱེས་དབྱེ་བ་མེད། །པ་ཡི་སྡེ་ཡི་མཐའ་མ་ལ། །ཨ་ཡི་ཡི་གེའི་དབྱངས་སྦྱར་བྱ། །ས་གསུམ་གྱི་ནི་མ་རང་བཞིན། །ཏ་ཡིག་ཨེ་ཡི་ཡི་གེས་བརྒྱན། །བདེ་བ་འཛིན་པར་བྱེད་པའོ། །སླར་ཡང་པ་སྡེའི་མཐའ་མ་སྟེ། །ཚད་
མེད་པ་ཡི་ལྷན་སྐྱེས་ཀྱི། །དབུས་ན་བཞུགས་པའི་རང་བཞིན་ནོ། །ས་ཡི་མཐའ་མ་ཨཱ་དང་ལྡན། །རྡོར་སེམས་ཡེ་ཤེས་གཞོམ་མེད་པའོ། །ཡ་སྡེའི་མཐའ་མ་ཨི་དབྱངས་ལྡན། །མི་ཤེས་རང་བཞིན་འཇོམས་བྱེད་པའོ། །ཏྱེ་སྔགས་ཆོས་དབྱིངས་རང་བཞིན་ཏེ། །ཐམས་ཅད་རང་བཞིན་
เล่ม ๗๘ · หน้า 142a
དུ་ཁྱབ་པའོ། །བུ་ག་རྣམས་ནས་འཛག་པ་ས། །འབབ་པའི་ས་བོན་ཉི་མ་ལྡན། །ཆུ་སྲིན་དབང་པོ་ཡི་ནི་སྔགས། །བ་སྡེ་བཞི་པའི་ས་བོན་ནི། །ཨཱུ་དབྱངས་སྟན་དང་ལྡན་པ་སྟེ། །འཁོར་བའི་འཇིགས་པ་ཉམས་བྱེད་པའོ། །ཏ་ཡི་སྔགས་ཀྱིས་དགྲ་ཉམས་བྱེད། །
སླར་ཡང་པ་སྡེའི་བཞི་པ་ནི། །སྒྲ་ཆེན་པོ་ནི་སྒྲོགས་པའོ། །རླུང་གི་ས་བོན་ཨཱ་ཡིག་རེག །སྔགས་ནི་ནོར་བུར་འབབ་བཞིན་པའོ། །ཆུ་ཡི་ས་བོན་རྣར་བཟུང་བ། །སྒྱུ་མ་ཡི་ནི་རང་བཞིན་ནོ། །ས་ཡི་ཕ་རོལ་ཨེ་ཡིག་ལྡན། །ས་གསུམ་གྱི་ནི་འཁྲུལ་འཇོམས་རྒྱུ། །པ་སྡེའི་
མཐའ་མ་རྐང་རང་བཞིན། །ས་ཡི་ཕ་རོལ་ཨཱ་དང་ལྡན། །ངོ་མཚར་ཆེ་བ་ཡི་ནི་ཆོས། །ཡ་ཡི་སྡེ་ཡི་མཐའ་མ་ནི། །པདྨའི་ས་བོན་མཆོག་ཡིག་གོ། །ཙ་ཡི་དབུས་མའི་ས་བོན་ནི། །ར་ནི་མགོ་ལ་གནས་པ་སྟེ། །ཨེ་ཡིག་གིས་ནི་ཕྱེ་བ་ནི། །ལྷ་དང་ལྷ་མིན་རང་བཞིན་ནོ། །དེ་
ལྟར་སྔགས་ཚིག་དྲུག་པོ་སྟེ། །རྣལ་འབྱོར་མ་ཡི་ཚོགས་སྤྲོ་བ། །ལས་ཀུན་རང་བཞིན་འཁོར་ལོའོ། །སྙིང་རྗེའི་འདོད་པར་གྱུར་པ་ཡི། །དེ་ཁོ་ན་ཉིད་ཚིག་རྒྱ་ཆེ། །རྣལ་འབྱོར་ཐམས་ཅད་རབ་འགེངས་པའི། །བཅོམ་ལྡན་མཁའ་འགྲོས་འདི་གསུངས་སོ། །འཁྲུལ་འཁོར་
འཁོར་ལོ་བཤད་བྱ་སྟེ། །ཁྱོད་ཀྱི་འཁྲུལ་འཁོར་ཆུང་རྒྱ་ཆེ། །ཀུན་ནས་ཡོངས་སུ་ཟླུམ་པོར་ནི། །རི་མོ་བཅུ་གསུམ་བྲི་བར་བྱ། །ལྷ་མོ་དུམ་བུ་བཅུ་གཉིས་འགྱུར། །སུམ་ཅུ་རྩ་དྲུག་རྩིབས་ཀྱིས་བརྒྱན། །རྩིབས་རེ་རེ་ལའང་ཡི་གེ་ནི། །རིམ་པས་ཡོངས་སུ་གསལ་བར་སྦྱིན། །
ལྷག་མ་ཉི་ཤུ་བཞི་ཡི་གེ། །ཐམས་ཅད་ལྟེ་བའི་སྙིང་པོ་ལའོ། །དེ་རྣམས་ཀྱིས་ནི་བསྐྱེད་པའི་རྩ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །སོ་སོ་རེ་རེ་ཡི་ནི་འཁོར། །ནོར་དང་མདའ་དང་ཟླ་བའོ། །ཀུན་ལ་ལྷག་པས་དམན་པ་ནི། །ནོར་དང་རིག་བྱེད་ཚོགས་པའོ། །དེར་གནས་པ་ལ་
འཁྲུལ་འཁོར་བཏུ། །ལས་གཅིག་ཇི་ལྟར་མོས་པའོ། །རྣམ་པར་ཤེས་པའི་བཞོན་པ་ནི། །རྩ་ཐམས་ཅད་དུ་འཆར་དུས་སུ། །དེར་ནི་དབང་པོ་དང་ནི་ཡུལ། །ལས་ཀྱི་དུས་སུ་གསད་པར་བྱ། །ཡིད་ཅེས་བྱ་བ་བསྐྲད་བྱ་ཞིང་། །སེམས་ནི་དབང་དུ་བྱ་བ་སྟེ། །ཁམས་དང་སྐྱེ་
เล่ม ๗๘ · หน้า 142b
མཆེད་གཞན་དེ་བཞིན། །ཞི་བ་དང་ནི་རྒྱས་པར་བྱ། །ཕུང་པོ་ཀུན་དང་དེ་བཞིན་སྲོག །དགུག་པ་དང་ནི་སྡང་བའོ། །ལུས་དང་ངག་དང་དེ་བཞིན་སེམས། །དེ་རྣམས་རེངས་པར་བྱ་བའོ། །ལས་གཞན་ཇི་ལྟར་རིགས་པ་ཡིས། །བརྒྱད་ཀྱིས་ལྷག་པའི་བརྒྱ་ཡང་ངོ་། །ཡང་ན་ས་བོན་
ཅི་འདྲ་བ། །དེ་ཡི་ཚད་དང་མཉམ་ལས་སོ། །དེ་དུས་བདག་ཉིད་ཆེ་བ་ཡིས། །ཡི་གེས་བསྐྱེད་དང་འཇོམས་པའོ། །ཕག་མོ་རྡོ་རྗེ་གཙོ་མོ་ཡི། །འཁྲུལ་འཁོར་གཉིས་པ་བཤད་བྱ་སྟེ། །ཡ་སྡེའི་མཐའ་ཡི་ས་བོན་ནི། །བྱང་ཆུབ་ས་བོན་རང་བཞིན་ནོ། །ལྕེ་གཉིས་ཡི་གེ་ར་
ཡིག་ལྡན། །རྣལ་འབྱོར་མ་སྔགས་ཨཱ་ཡིག་དགང་། །ས་གནས་པ་ནི་མི་གཡོ་བའོ། །ན་ཡི་ཡི་གེ་ཨེ་དང་ལྡན། །སེམས་ཅན་ཀུན་སྤྲུལ་རྒྱུ་མཚན་ནོ། །ཐོག་གནས་དབྱངས་ནི་ཐོག་མའི་མགོན། །ལྕེ་གཉིས་ཨེ་དབྱངས་མགོ་ལ་རེག །ས་གསུམ་ཁམས་ཀྱི་རང་བཞིན་
ནོ། །ཏ་ཡི་ཡི་གེ་ཨེ་དང་ལྡན། །ལྔ་པ་ཡི་ནི་ཐོག་མ་སྟེ། །རྣལ་འབྱོར་མ་ཡི་རང་བཞིན་ནོ། །ཡ་སྡེའི་བཞིར་གནས་པའི་ས་བོན། །ཀུན་གྱི་གཙོ་མོའི་རང་བཞིན་ནོ། །བརྒྱད་པའི་སྡེ་ཡི་ཐོག་ས་བོན། །སྟོང་པ་ཡིས་ནི་བརྒྱན་པ་སྟེ། །ཁུ་བའི་ཁམས་ཀྱི་ངོ་བོ་ཉིད། །གཉིས་པར་
གནས་པའི་ཐོག་མ་ནི། །ཀེང་རུས་ཐིག་ལེ་འཛིན་པའོ། །ཡ་སྡེའི་གཉིས་པའི་ས་བོན་ནི། །ཨི་ཡི་དབྱངས་དང་ལྡན་པ་སྟེ། །རྡོ་རྗེ་སྙིང་གནས་མགོན་པོའོ། །ཏ་མཐའ་ཨེ་ཡི་ཡི་གེས་བརྒྱན། །སྐྱེ་གནས་ལ་ནི་སྤྲས་པའོ། །ཏ་ཡིག་ཉི་མ་དང་ལྡན་པ། །རིམས་འཇོམས་པ་ཡི་
རྒྱལ་པོའོ། །བྷ་ནི་ཉི་ལྡན་ཨ་ཡིག་བརྒྱན། །ལྟེ་བའི་ཐབ་ཏུ་གནས་པའོ། །པ་སྡེའི་མཐའ་མ་གནས་རང་བཞིན། །ཊ་མཐའ་ཨི་ཡིས་བརྒྱན་པ་ནི། །འགུགས་པ་ཡི་ནི་རང་བཞིན་ནོ། །བི་ཤོ་ཥ་ཥི་སྔགས་བཞི་སྟེ། །དགའ་བ་བཞི་ཡི་རང་བཞིན་གྱིས། །གཏེར་ཆེན་པོ་ཡི་ས་
བོན་ནོ། །ར་ཡིག་ཨོ་ཡི་ཡི་གེས་བརྒྱན། །རྩ་དྲག་པོ་ཡི་རང་བཞིན་ནོ། །ཤ་ཡི་གཉིས་པའི་ས་བོན་ནི། །སྙིང་པོ་ཡི་ནི་གཟུགས་སུའོ། །ཎི་ཡིག་རང་བཞིན་གྱིས་བཟུང་བ། །རྣལ་འབྱོར་མ་ཡི་དེ་ཉིད་དོ། །ཀ་ཡིག་ར་ཡིག་ཨོ་ཡིག་ལྡན། །དབུ་མ་བརྐྱང་མ་རོ་རང་བཞིན། །ཏ་པའི་
เล่ม ๗๘ · หน้า 143a
བར་གནས་གཟུང་བར་བྱ། །རྣལ་འབྱོར་མ་ཡི་ཚོགས་ཀྱི་ནི། །རྐང་པ་བརྒྱད་པ་བསྒྲུབ་རང་བཞིན། །ཏ་སྡེའི་མཐའ་མ་ཨི་ཡིག་བརྒྱན། །ཐོད་པའི་དབུས་ཀྱི་རྩ་རང་བཞིན། །ཀ་རུ་མངོན་བརྗོད་གཟུང་བར་བྱ། །དེ་ཡིས་ལས་རྣམས་ཟད་པར་བྱེད། །ར་ཡིག་
ཨ་ཡི་ཡི་གེས་གཟུང་། །མགོ་བོའི་དབུས་ནས་སྒྲ་ཆེན་འཛག །ས་ཡི་ས་བོན་ཨི་ཡིག་ལྡན། །གྲུ་གསུམ་གྱི་ནི་དབུས་སུའོ། །ཏ་ཡི་མཐའ་མ་ཨིས་བརྒྱན་པ། །སྤྲུལ་པའི་སྟེང་དང་འོག་ཏུའོ། །ཏ་ཡིག་ར་ཡིག་ཨཱ་ཡིག་སྦྱར། །ཆོས་ཀྱི་དབྱིངས་ནི་གྲུ་གསུམ་སྟེ། །དེ་ཕྱིར་
ས་གསུམ་སྐྱེད་པའོ། །ས་གཟུང་དབུས་མ་བཅས་ས་བོན། །ན་ཡིག་ཨི་དང་ལྡན་རང་བཞིན། །པ་སྡེའི་མཐའ་མ་ཨ་ཡིས་བརྒྱན། །སྒྱུ་མའི་ངོ་བོ་པདྨའི་རྩ། །ར་གང་གནས་པ་རྣ་རང་བཞིན། །ཊ་སྡེའི་མཐའ་མ་ཨི་དང་ལྡན། །མ་ལུས་དབྱེར་མེད་སེམས་ཅན་གྱི། །ཁམས་
འཛིན་པ་ཡི་མགོན་པོའོ། །དེ་ལྟར་སྔགས་ཚིག་བཅུ་བརྗོད་དེ། །དུས་བཞི་ཡི་ནི་ཚད་ཅན་ནོ། །རྣལ་འབྱོར་མ་ཀུན་ལས་ཀྱི་ནི། །འཁོར་ལོས་སྒྱུར་བ་ལོངས་སྤྱོད་པ། །དུས་ཀྱི་གཟུགས་ཀྱི་རང་བཞིན་ཅན། །བཅོམ་ལྡན་ལྷ་ཡིས་འདི་གསུངས་སོ། །མཁའ་འགྲོ་མ་གནས་འདུ་བ་ནི། །
འཁོར་ལོ་འཁོར་ལོར་ཤེས་པའོ། །ཉི་ཁྲི་བརྒྱ་ཕྲག་བཅུ་དྲུག་གི། །ཡེ་ཤེས་ལས་ནི་དེ་བཞིན་བྱེད། །ཡོན་པོར་སྨྲ་བ་རྣམས་ཀྱི་ནི། །དེའི་རྡུལ་གྲངས་ལས་སྐྱེས་པར་འདོད། །བསྒྲུབ་པར་བྱ་བའི་མིང་བཟུང་ནས། །ཕྱི་ནས་བློ་ལྡན་གྱིས་སྔགས་སྦྱར། །སྔོན་དུ་པ་ལ་ར་སྟན་ནོ། །
ཐོག་མ་ཡི་ནི་ཆོས་གཟུགས་སོ། །དེ་ཡི་བཞི་པར་གནས་པ་ལ། །ཨེ་ཡི་ཡི་གེས་རྣར་བརྒྱན་པ། །རྣལ་འབྱོར་མ་རྣམས་ཀྱི་སྔགས་སོ། །ཏ་སྡེའི་དབུས་གནས་ཅི་འདོད་སྟེར། །ན་ཡིག་ཨི་ཡི་ཡི་གེ་ལྡན། །སྣ་ཚོགས་སྤྲུལ་པ་བྱེད་པའོ། །པ་ཡིག་སྤྲོས་པ་དང་བཅས་པའོ། །
ར་ཡི་ཡི་གེ་ཨ་དང་ལྡན། །རྣལ་འབྱོར་མ་ཡི་འཁོར་ལོས་སྒྱུར། །ཙ་སྡེའི་དབུས་གནས་ས་བོན་གཟུང་། །གང་ལྟ་དེ་ལྟའི་རང་བཞིན་ནོ། །རླུང་བསགས་པ་ནི་ཨེ་ཡིག་ལྡན། །ཨ་ཧཾ་ཡི་གེའི་རང་བཞིན་ནོ། །ཡ་ཡི་སྡེ་ཡི་མཐའ་མ་ལ། །དབྱངས་ཀྱི་གསུམ་པས་མགོ་ལ་བརྒྱན། །
เล่ม ๗๘ · หน้า 143b
སྣ་ཚོགས་ཡེ་ཤེས་སྔགས་རང་བཞིན། །ཛ་ཡི་ས་བོན་མཐའ་མེད་པར། །འབར་བར་འགྱུར་བ་ཡི་ནི་གཟུགས། །ཡི་གེ་ཡ་ནི་ཨེ་ཡིག་ལྡན། །ཐེག་པ་ཀུན་གྱི་ལྟ་བའི་གཟུགས། །ཙ་སྡེའི་གསུམ་པའི་ས་བོན་ནི། །རྣལ་འབྱོར་མ་ཡི་གཟུགས་ཞེས་བྱ། །པ་མཐའ་དེ་ཡི་བཞི་པ་
ལའོ། །སྔགས་ཐམས་ཅད་ཀྱི་བླ་མའོ། །ཏ་སྡེའི་མཐའ་མ་དབྱངས་གསུམ་ལྡན། །མ་ལུས་སེམས་ཅན་འབོད་པའི་གཟུགས། །དྲོ་བའི་གསུམ་པ་ཏ་སྟན་ཅན། །འགྲོ་དང་མི་འགྲོ་བཅས་འགྲོ་སྒྲོལ། །དེ་བཞིན་མྦྷའི་ཡི་གེ་བཟུང་། །ས་ནི་བཅུ་བཞི་པའི་གཟུགས་སོ། །ནི་
སྔགས་རྣལ་འབྱོར་མ་རྣམས་ཀྱི། །བརྡ་ཡིས་སུ་ནི་འཇུག་པའོ། །པ་སྡེའི་མཐའ་མ་ཨོ་ཡིག་རེག །སྣ་ཚོགས་མི་ཤེས་འཛིན་པའོ། །ས་མཐའ་རྡོར་སེམས་རང་བཞིན་ནོ། །ནི་ཡི་ཡི་གེ་ཆོས་དང་ནི། །ཆོས་མིན་སུན་འབྱིན་པ་ཡིན་ནོ། །ཡ་ཡི་སྡེ་ཡི་མཐའ་མ་ནི། །རྣལ་
འབྱོར་མ་སྟེ་ནམ་མཁའི་གཟུགས། །ཛ་ཡིག་ར་ཡིག་སྟན་ཅན་ནི། །ཁུ་བའི་རང་བཞིན་ཤར་བའོ། །སླར་ཡང་རླུང་གི་མཐའ་མ་ནི། །ཨ་ཡི་ཡི་གེས་གཟི་བསྐྱེད་པ། །ཚངས་པ་པདྨ་ཡི་ནི་གཟུགས། །ར་ཡིག་ཨ་ཡིག་ཡི་གེ་ལྡན། །འགྱུར་བ་མེད་པའི་རང་བཞིན་ནོ། །ས་མཐའ་
དབྱངས་གསུམ་མགོ་ལ་གནས། །རྣལ་འབྱོར་མ་རྣམས་འབབ་པའི་གཟུགས། །མ་ནི་དབུས་མ་དེ་ཉིད་གཟུགས། །ས་མཐའ་ཨ་ཡིས་བཀང་བ་སྟེ། །རྣལ་འབྱོར་མ་གཟུགས་ཀྱི་ཁར་བརྗོད། །ཡ་ཡིག་ཨོ་ཡི་ཅོད་པན་གནས། །ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །ཀ་སྡེའི་
དབུས་གནས་དབྱངས་གསུམ་བརྒྱན། །དེ་ཉིད་མེད་པའི་རང་བཞིན་ནོ། །ནི་ཡི་ཡི་གེ་རང་བཞིན་མེད། །གཉིས་པ་ཡི་ནི་ཐོག་མ་ལ། །ཨ་ཡི་ཡི་གེ་གསལ་བར་བྱེད། །འདོད་པའི་ཁམས་ཀྱི་རང་བཞིན་ནོ། །པ་སྡེའི་མཐའ་མ་ཨེ་དང་ལྡན། །ཐམས་ཅད་སྒྱུ་མའི་རང་བཞིན་ནོ། །
པ་ཡི་ས་བོན་མཐར་ཤ་སྟེ། །ཡ་སྡེའི་མཐའ་ཡིག་སྟན་ཅན་ནི། །ཁུ་བ་དང་ནི་རླུང་དབྱེར་མེད། །ཨི་དབྱངས་མགོར་བརྒྱན་མེ་ས་བོན། །གྲུབ་པ་སྒྱུ་མའི་རང་བཞིན་ནོ། །ཀ་ཡི་གཉིས་པའི་ས་བོན་ནི། །ནམ་མཁའ་རྣལ་འབྱོར་མ་ཡི་གཟུགས། །ས་བོན་དེ་ཡི་མཐའི་ཡི་གེ། །
เล่ม ๗๘ · หน้า 144a
ཨེ་ཡི་ཡི་གེས་རྣར་བརྒྱན་པ། །དཔའ་བོ་གཅིག་པུ་མི་བསྐྱོད་པའོ། །དེ་ལྟར་འཁོར་ལོ་མཁའ་རང་བཞིན། །དེ་ལྟར་རྐང་པ་དགུ་པོ་ནི། །རྣལ་འབྱོར་མ་ཚོགས་ཡི་གེ་སྟེ། །ཁམས་གསུམ་གྱི་ནི་སྔགས་རང་བཞིན། །སྔགས་ཀུན་སྤྱོད་པའི་སྦྱོར་བདག་ཉིད། །
མཁའ་འགྲོའི་དམ་ཚིག་ལ་བཞུགས་ནས། །དངོས་གྲུབ་ཐམས་ཅད་རབ་སྩོལ་བའི། །བཅོམ་ལྡན་ལྷ་ཡིས་འདི་གསུངས་སོ། །འཁོར་ལོ་གསུམ་པའི་ནུས་པ་ཡིས། །ཇི་ལྟར་འདོད་པའི་ལས་བྱའོ། །རྣལ་འབྱོར་རྣམས་ཀྱི་ལས་དུས་སུ། །སྒྱུ་མས་ཐམས་ཅད་རྨོངས་པར་བྱ། །
རྡོ་རྗེ་མ་བདག་སླར་ལངས་ནས། །འཁོར་ལོ་གཞན་གྱི་རྣལ་འབྱོར་ལྡན། །མཆོག་ཏུ་མི་འགྱུར་གཙོ་བོ་ལ། །བདག་མེད་མ་ཡིས་དམ་འཁྱུད་དོ། །ཏ་ཡི་སྔགས་ཀྱིས་གཉིས་པ་སྦྱོར། །དྱ་གནས་མེ་དང་རླུང་ས་བོན། །བདེ་བ་ཆེན་པོའི་འདོད་ཆགས་ཆེ། །དེ་ཡི་གཉིས་པའི་ས་
བོན་ནི། །ཨཱ་ཡི་ཡི་གེས་དགང་བའོ། །འབྱུང་བ་ཆེན་པོ་བཞི་རང་བཞིན། །པ་ཡིག་ར་ཡིག་ཨོ་ཡིག་སྦྱར། །གསུམ་པོ་རླུང་གི་རང་བཞིན་ནོ། །ཏ་ཡི་ཡི་གེ་ཨྃ་ཡིག་ལྡན། །སླར་ཡང་རྣམ་ཤེས་ས་བོན་ནོ། །ཀ་ཡི་སྡེ་ཡི་དབུས་གནས་པ། །ཨེ་ཡི་ཡི་གེས་རྣམ་པར་བརྒྱན། །
རྣལ་འབྱོར་མའི་ཕྱག་རྒྱ་རང་བཞིན། །སླར་ལ་ཡང་ནི་བརྗོད་པར་བྱའོ། །ཚིག་འདི་ཐབས་ཤེས་དབྱེར་མེད་དངོས། །ས་མཐའ་དང་ནི་ན་ཡི་སྔགས། །སླར་ལ་ཡང་ནི་བརྗོད་པར་བྱ། །སྐྱེད་ཅིང་སྡུད་པར་བྱེད་གཟུགས་སོ། །པ་ར་ཨཱ་ཡིག་ས་བོན་གཅིག །དོན་དམ་པ་ཡི་ཡི་
གེའོ། །ཊ་མཐའ་ཨཱ་ཡི་ཡི་གེ་ལྡན། །གཞོམ་དུ་མེད་ལས་སྐྱེས་པའོ། །ཏ་ཡི་མཐའ་མ་ཀུན་འཇོམས་པའོ། །ཀ་ཀ་དང་ནི་ཎི་གནས་ལ། །དབྱངས་གསུམ་སྦྱར་ཞིང་ཐིག་ལེ་སྦྱིན། །རྣལ་འབྱོར་མ་ཀུན་འབོད་པའོ། །དེ་བཞིན་དུ་ནི་ཁ་ཁ་དང་། །གསུམ་པ་ཎ་རུ་གནས་པ་ཨི། །
དུབ་པ་སེལ་བར་བྱེད་པའི་རྒྱུ། །དྷུ་ན་ཡི་ནི་སྔགས་ཀྱི་ཚིག །ལན་གཉིས་སུ་ནི་བརྗོད་པར་བྱ། །རྟོག་པ་ཐམས་ཅད་འཇོམས་པར་བྱེད། །ཡ་སྡེའི་མཐའ་མ་ཡི་ནི་སྔགས། །རྡོ་རྗེའི་བུ་གར་བརྒྱན་པའོ། །ཙ་སྡེའི་དབུས་གནས་ས་བོན་ནི། །ར་ཡི་སྟན་ལ་ཡོངས་སུ་གནས། །གཏི་མུག་
เล่ม ๗๘ · หน้า 144b
ཟ་བར་བྱེད་པའོ། །ས་མཐའ་གཞོམ་མེད་དབུས་མའོ། །ཤ་སྡེའི་གསུམ་པ་ཧ་སྟན་ཅན། །ཨེ་ཡི་ཡི་གེ་རྣ་བར་བརྒྱན། །སྣ་ཚོགས་མཁའ་འགྲོ་མ་ཡི་གཟུགས། །འབོད་པར་བྱེད་པ་ཡི་ནི་སྔགས། །ཤོ་ཥ་ཡ་ཡི་སྔགས་ཀྱི་ཚིག །ལན་གཉིས་སུ་ནི་བརྗོད་པར་བྱ། །ཡེ་
ཤེས་ཅན་རློམ་ང་རྒྱལ་འཇོམས། །བྱང་ཆུབ་བྱང་ཆུབ་མེད་དེ་ཉིད། །དེ་ལྟར་རྐང་པ་བཅུ་གཉིས་ནི། །ས་དང་རྣལ་འབྱོར་ལས་རང་བཞིན། །བཅུ་གཉིས་ས་རྣམས་ཁྱབ་བདག་གི། །བཅོམ་ལྡན་ལྷ་ཡིས་འདི་གསུངས་སོ། །ཡི་གེ་རྣམས་ཀྱི་གནས་སོགས་ཀྱི། །བརྡ་ཡིས་དེ་ཉིད་ཕ་
རོལ་འགྲོ། །བདག་ལས་སེམས་ཅན་ཐམས་ཅད་སྐྱེས། །སེམས་ཅན་ལས་ཀྱང་བདག་བྱུང་ངོ་། །བདག་དེ་རྟག་ཏུ་མེད་གྱུར་ནས། །སྒྱུ་མ་རྨི་ལམ་དེ་བཞིན་གཤེགས། །འཁྲུལ་འཁོར་འདི་ནི་སྟོབས་ཆེ་སྟེ། །ལས་རྣམས་ཇི་ལྟ་བར་ནི་བྱུང་། །རྡོ་རྗེ་མཁའ་འགྲོའི་མཚན་ཉིད་
དུ། །དུས་འདིར་ཐམས་ཅད་འགྱུར་བའོ། །འཁོར་ལོ་ལྔ་པ་འདི་རྣམས་སུ། །མྱ་ངན་འདས་པའང་བརྗོད་པར་བྱ། །ལྷ་སོགས་ཐམས་ཅད་རྒྱུན་དུ་གསོད། །དེ་རྣམས་ཐམས་ཅད་རྟག་ཏུ་འགྲོལ། །བཀའ་སྩལ་པ། ཀ་ཡི་གཉིས་པའི་ས་བོན་ནི། །རྣལ་འབྱོར་མའི་ཚོགས་དེ་
ཉིད་དོ། །ཊ་བཟུང་པ་མཐའི་སྟན་ཅན་ཏེ། །ཨྃ་གིས་ཅོད་པན་བརྒྱན་པར་བྱ། །དེ་ལ་ཨ་ཡི་ཡི་གེས་དགང་། །འགྲོ་བ་དྲུག་གི་རང་བཞིན་ནོ། །ཀ་སྡེའི་དབུས་གནས་ས་བོན་ནི། །དུག་གིས་རེག་པ་འཕྲོག་པར་བྱེད། །ཀ་ཡི་ས་བོན་སྟོང་རང་བཞིན། །ན་ཡི་མཐའ་མ་ཨཱ་ཡིག་
ལྡན། །མེ་འབར་བ་ཡིས་དབང་ལྡན་ཏེ། །འཛིན་པ་ཡི་ནི་ས་བོན་ནི། །བསྐྱོད་པའི་ཁྱབ་བདག་ཆེན་པོའོ། །ཏ་ཡི་སྡེ་ཡི་བཞི་པ་ནི། །ཨཱ་ཡི་དབྱངས་ཀྱིས་བརྒྱན་པའོ། །སྲིད་པ་དང་བྲལ་བ་ཡི་གཟུགས། །ཉི་མ་ཨེ་ཡིག་ལྡན་རོ་ལངས། །ཏ་མཐའི་ས་བོན་གཟུང་བར་བྱ། །
དབྱངས་ཀྱི་གསུམ་པས་མགོ་ལ་བརྒྱན། །ས་གསུམ་ཐམས་ཅད་གསོད་པའོ། །པ་སྡེ་མཐའ་ཡི་ས་བོན་ནི། །ཡིད་ཀྱི་སྨྲ་བ་རྟོག་མེད་བྱེད། །ས་མཐའིཨཱ་ཡི་ངག་ལྡན་པ། །ཐར་པའི་བཤེས་ནི་རྟོག་པའོ། །མ་གཉིས་ཧ་གཉིས་བརྗོད་པར་བྱ། །རྨོངས་པའི་རང་བཞིན་འཕྲོག་
เล่ม ๗๘ · หน้า 145a
ཅིང་འཕྲོག །པ་ཡི་ས་བོན་ཨི་ཡིག་བརྒྱན། །ཕ་ནགས་ཀུན་ཉམས་གཟུང་དེ་ཉིད། །ཤ་ཡི་ཡི་གེས་ཨི་དང་ལྡན། །སེང་གེ་ཟ་བ་ཡི་ནི་སྔགས། །ཏའི་སྔགས་སླར་ཡང་འཆི་མེད་སྐྱེ། །པ་མཐའ་ཨི་ཡི་ཡི་གེས་དགང་། །ཐིག་ལེས་ཅོད་པན་ལ་རེག་
པའོ། །རྒྱ་ལ་འཆི་བ་རྟོག་པ་ཡིན། །ས་ཡིག་དབྱངས་གཉིས་བརྗོད་ཕྱིར་བརྒྱན། །སྔོན་དུ་འཕྲོག་པར་བྱེད་པའོ། །ཤ་གནས་ས་བོན་དུར་ཁྲོད་དེ། །ཏ་མཐའ་ཨི་དང་ལྡན་པ་ནི། །ཐམས་ཅད་རང་བཞིན་མེད་པའོ། །པ་སྡེའི་མཐའ་མ་ཨཱི་དབྱངས་ལྡན། །སྡང་བའི་ཡིད་
ནི་འཛིན་ཆེན་པོ། །ན་ཡིག་ཨུ་སྟན་རྟོག་ཀུན་སེལ། །ཤ་སྡེའི་གཉིས་པའི་ས་བོན་ནི། །ཨཱ་ཡིག་མགོར་རེག་ཐིག་ལེ་གནས། །བྱང་ཆུབ་སྒྲུབ་པ་ཡི་ནི་སྔགས། །ཐུར་དུ་སེལ་བའི་རླུང་གིས་སོ། །ཏ་དང་ར་ཡི་ཡི་གེ་གཉིས། །ས་ནི་འཇིགས་པར་བྱེད་སྔགས་སོ། །པ་ར་ཨཱ་ཡི་ས་
བོན་གཅིག །སུམ་ཅུ་རྩ་གསུམ་སྐྱོ་དུབ་འཇོམས། །ཡ་སྡེའི་མཐའ་མ་རི་མནན་པ། །ཡེ་ཤེས་ཀྱི་ནི་དག་བྱེད་དོ། །ཎ་ཡི་འགྲམ་གནས་ས་བོན་ནི། །ཨི་ཡིས་རྣ་བར་བརྒྱན་པའོ། །རྣལ་འབྱོར་པ་ཡི་མི་ཤེས་འཇོམས། །ས་ཡིག་ཨེ་ཡི་ཡི་གེས་དགང་། །དབུགས་འཆད་པ་
ནི་ཉམས་པར་བྱེད། །ན་སྔགས་དབྱངས་གསུམ་མགོ་ལ་བརྒྱན། །ཆོས་དང་ཆོས་མིན་སྤོང་རང་བཞིན། །དྷ་ཡིག་ཡ་དང་སྦྱར་བ་སྟེ། །བསམ་གཏན་སྔགས་ཀྱི་རང་བཞིན་ནོ། །ཏ་སྡེའི་མཐའ་མ་གཟུང་བྱ་སྟེ། །གྲོང་ཁྱེར་ལྟར་སྣང་དངོས་པོ་མེད། །ཡ་སྡེའི་གཉིས་པའི་ས་བོན་ནི། །
གཏི་མུག་རང་བཞིན་འབར་བའོ། །ས་ཡིག་ཨི་ཡི་ཡི་གེས་དབྱེ། །སེང་གེ་མ་ཧེ་འཇོམས་པའོ། །ཉི་མར་ཡང་ནི་གནས་པ་ནི། །རྣལ་འབྱོར་མ་ཀུན་རྒྱལ་པོའོ། །པ་སྡེའི་མཐའ་མ་ཨཱ་དབྱངས་བརྒྱན། །སྒྱུ་མར་སེམས་ཅན་ཀུན་དེས་འཛིན། །འཛིན་པའི་ས་བོན་ཨ་ཡིག་
བརྒྱན། །དེ་ཁོ་ན་ཡི་ཡེ་ཤེས་ཐོབ། །དེ་ལྟར་རྐང་པ་བཅུ་བཞི་པོ། །སེམས་ཅན་ཀུན་གྱིས་མི་ཤེས་གསོད། །དམ་པའི་སྔགས་དངོས་གཟུགས་བདག་ཉིད། །འབྱིན་ཅིང་སྡུད་པར་བྱེད་པ་པོ། །འབྱུང་པོ་ཐམས་ཅད་འཇིགས་བྱེད་པ། །བཅོམ་ལྡན་ལྷ་ཡིས་འདི་གསུངས་སོ། །
เล่ม ๗๘ · หน้า 145b
འཁོར་ལོའི་རྣམ་པའི་གཟུགས་བདག་ཉིད། །ཕག་མོའི་ཐུགས་ཀར་བརྒྱན་པ་སྟེ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པས། །གསོད་པ་དང་ནི་མི་གསོད་པའོ། །ཀ་སྡེའི་དབུས་ན་ར་སྟན་ཅན། །གསུམ་དེའི་མགོ་ལ་ཐིག་ལེ་སྦྱིན། །ཐེག་པ་མཆོག་གི་ཆོས་ཅན་ནོ། །ཏ་སྡེའི་གཉིས་
པའི་ཡི་གེ་ནི། །ཨི་ཡི་དབྱངས་དང་ལྡན་པའོ། །མུ་སྟེགས་རྣལ་འབྱོར་ཉམས་བྱེད་པའོ། །ཏ་ཡིག་རྟོགས་པར་བྱེད་པའོ། །ཏ་སྡེའི་བཞིར་གནས་ཨཱ་དང་ལྡན། །བྱང་ཆུབ་མཐའ་མེད་འཛིན་པའོ། །ར་གནས་པ་ལ་དབྱངས་གསུམ་བརྒྱན། །རྣལ་འབྱོར་མ་ཀུན་འཆད་པའོ། །
ན་སྔགས་ཨི་ཡིག་གིས་བརྒྱན་པའོ། །རྣལ་འབྱོར་མ་རྣམས་ཀྱི་ལམ་མོ། །སུམྦྷ་ན་ཡི་ཚིག་རྐང་སྟེ། །ལན་གཉིས་སུ་ནི་བརྗོད་པར་བྱ། །ཚིག་དྲུག་རྟོགས་པའི་དེ་ཉིད་དོ། །དེ་བཞིན་དུ་ནི་སུམྦྷའི་སྔགས། །རྣལ་འབྱོར་མ་ཡི་མཆོད་རང་བཞིན། །ཧ་ནའི་སྔགས་ནི་ལན་གཉིས་བརྗོད། །
སྡང་བའི་ཐེག་པ་ཉམས་པར་བྱེད། །པ་ར་ཨཱ་ཡི་ཡི་གེ་གཅིག །དབང་པོ་རང་རང་ངོ་བོ་གཞན། །ཎ་ཨ་ཨྃ་གི་ཡི་གེས་དགང་། །ས་བོན་འདི་ནི་ཡོན་ཏན་སྔགས། །ས་ཡིག་རྩ་ཀུན་འཛག་པའོ། །བ་ཡིག་ར་ཡི་ཡིག་བརྒྱན་རི། །པ་གནས་ནམ་མཁའ་ལ་འཇུག་པའོ། །ས་ཡི་ཡིག་
གནས་ཀུན་གྱི་གཟུགས། །ཡ་སྡེའི་མཐའ་མ་ཨཱ་ཡིས་དགང་། །རླུང་ནི་སྲོག་གི་ཡེ་ཤེས་སོ། །ན་ཡིག་ཨཱ་ཡི་ཡི་གེས་དགང་། །བྱང་ཆུབ་གང་དུའང་མི་རྟོག་པའོ། །ཐིག་ལེ་མགོ་ལ་བལྟ་བར་བྱ། །བ་སྡེའི་མཐའ་མ་སྦྲང་ཆེན་གཟུགས། །ས་མཐའ་ཨཱ་ཡིས་དགང་བར་བྱ། །རྣལ་
འབྱོར་མ་ཡི་ཚོགས་སྲོག་གོ། །པ་མཐའ་ཨ་དང་ལྡན་པ་ལ། །ཨྃ་གི་ཅོད་པན་བརྒྱན་པའོ། །ཆོས་ཀུན་གྱི་ནི་སྤྲིན་རང་བཞིན། །ས་ཡིག་དམ་ཆོས་མི་ཤེས་གསོད། །ཙྪེ་སྔགས་བྱང་ཆུབ་སེམས་དཔའོ། །སོང་བ་འཁོར་བར་སྐྱེ་བ་མེད། །ཏ་སྡེའི་དབུས་གནས་ས་བོན་ནི། །
ང་ནི་དོན་མེད་པ་སྣང་བའོ། །ན་ལ་ཨི་དང་ལྡན་པ་སྟེ། །འཇིག་རྟེན་མ་ལུས་འཆིང་བ་ཉིད། །ཀྲོ་སྔགས་གནོན་པས་འཁོར་བ་གཅོད། །དྷ་ཡི་ས་བོན་འགྲོ་ཀུན་འཇོམས། །སྤྲོས་པ་མེད་པར་བྱེད་པའོ། །མཱུ་ཡི་ཡི་གེ་ས་བོན་ནི། །རྨོངས་པའི་འཇིག་རྟེན་ཀུན་གྱི་ལས། །དེ་ལྟར་
เล่ม ๗๘ · หน้า 146a
ཕྱེད་བཅས་ཚིག་བཅུ་བཞི། །རྩ་ཡི་འཁོར་ལོ་ཡི་ནི་མཐའོ། །བུམ་པ་ཅན་ལ་སོགས་པའི་ལས། །རྣལ་འབྱོར་གང་དང་གང་འདོད་བྱེད། །འཁོར་ལོ་དྲུག་གི་རབ་སྦྱོར་བས། །ཅི་འདོད་ལས་ཀྱི་རང་བཞིན་ཏེ། །བདག་པོ་སྦྱོར་བ་འགྲུབ་ནུས་ཅན། །བཅོམ་ལྡན་
འདས་ཀྱིས་འདི་གསུངས་སོ། །གཙུག་ཏོར་ལ་སོགས་སྐྱེ་གནས་མཐར། །ལུས་ངག་སེམས་ཤེས་ནམ་མཁའ་ལས། །ལུགས་འབྱུང་ལུགས་ལས་བཟློག་པ་ཡིས། །དེ་ཉིད་བྱང་ཆུབ་རྣམས་ཤེས་བྱ། །འདིར་ནི་ཐབས་ཀྱི་ཆ་དང་ནི། །ཤེས་རབ་ཀྱི་ཡང་ཆ་རུ་བརྗོད། །
ཡང་ན་ཡི་གེ་རེ་རེ་ཡི། །བར་བར་དུ་སྟེ་སླར་ཡང་ནི། །དྷི་སྔགས་ལྷན་སྐྱེས་རང་བཞིན་ཏེ། །འཁོར་ལོ་ཡི་ནི་ཁྱད་པར་གྱི། །ཉེ་བའི་ལས་རྣམས་བྱེད་པའོ། །དཾ་ཥྚྲ་ཀ་རཱ་ལི་ཡི་སྔགས། །འགྲོ་བ་རྣམས་ཀྱི་ལས་རང་བཞིན། །མ་སྔགས་ཧཱ་སྔགས་མུ་དྲེའི་སྔགས། །རྣ་བ་ཡི་ནི་
རང་བཞིན་ནོ། །ཤྲཱི་ཧེ་རུ་ཀ་དེ་བ་སྱ་གྲ་མ་ཧི་ཥིའི། །སྔགས་ཚིག་སྣ་ཡི་རང་བཞིན་ནོ། །ས་ཧ་སྲ་ཤི་རེ་ཡི་སྔགས། །དབྱངས་ཀྱི་བདག་པོ་ཡི་ནི་གཟུགས། །ས་ཧ་སྲ་བཱ་ཧ་བེ་ཡི། །སྔགས་ཀྱི་ཡི་གེ་ལུས་ཀྱི་གཟུགས། །ཤ་ཏ་སའི་སྔགས་འཁོར་ལོ་གཅིག །མཁའ་འགྲོ་
མའི་སྔགས་འཆི་བ་དང་། །སྐྱེ་བ་ཡི་ནི་རང་བཞིན་ནོ། །གཉིས་མེད་རྣམ་པའི་ཆོས་ལས་ནི། །གཉིས་སུ་སེམས་ཅན་འཛིན་པ་སྟེ། །ཤེས་རབ་ལ་ནི་བདེ་སྟེར་བ། །བཅོམ་ལྡན་བླ་མས་འདི་གསུངས་སོ། །ཉན་ཐོས་ལ་སོགས་མུ་སྟེགས་རྣམས། །མི་ཤེས་པ་ཡི་ཕྱུགས་
ཐམས་ཅད། །དེ་རྣམས་ཡེ་ཤེས་འཐོབ་བྱའི་ཕྱིར། །ཚུལ་ལུགས་འདི་ནི་བསྟན་པའོ། །ཧ་སྲཱ་ན་ནེ་ཡི་ནི་སྔགས། །ཡུལ་གྱི་གཟུགས་ལ་རེག་པའོ། །ཛྭ་ལི་ཏ་ཏེ་ཛ་སེའི་སྔགས། །སྔགས་ཀྱི་ཚིག་ནི་ཡིད་ཀྱི་ཡུལ། །ཛྭ་ལ་མུ་ཁིའི་ཚིག་ལུས་ཡུལ། །པིང་ག་ལོ་ཙ་ན་ཡི་
སྔགས། །མིག་གི་རྣམ་པར་ཤེས་པའོ། །བཛྲ་ཤ་རཱི་རེའི་སྔགས་ཚིག །ལུས་ཀྱི་རྣམ་པར་ཤེས་པའོ། །བཛྲཱ་ས་ནེ་ཡི་ནི་སྔགས། །སྣ་ཡི་ཡུལ་ལ་རེག་པའོ། །མི་ལི་ཏེ་ཡི་སྔགས་ཀྱི་ཚིག །སྣ་ཡི་རྣམ་པར་ཤེས་པའོ། །ཙི་ལི་ཏེ་ཡི་སྔགས་ཀྱི་ཚིག །དབྱངས་ཀྱི་
เล่ม ๗๘ · หน้า 146b
བདག་པོ་ཡི་ནི་ཡུལ། །ཧེ་སྔགས་གཉིས་བརྗོད་སྒྲ་ཡི་ཡུལ། །སྒྲ་དང་དབྱངས་གཉིས་ཀྱི་རྣམ་ཤེས། །དེ་ལྟར་སྔགས་ཚིག་ཕྱེད་བཅས་བདུན། །འཆི་དང་སྐྱེ་བ་ཀུན་གྱི་གཟུགས། །ཕག་མོ་ལ་ནི་བདེ་དགའ་བའི། །བཅོམ་ལྡན་བདག་པོས་འདི་གསུངས་ཏེ། །བོ་ལ་
ཀཀྐོལ་སྦྱོར་བདག་ཉིད། །ཡུལ་དང་དབང་པོ་སོགས་གསོད་པའོ། །སེམས་ཅན་གང་དང་གང་རྣམས་ཀྱི། །ཡུལ་གྱི་ཆུ་སྐྱེས་ལས་སྐྱེས་ཏེ། །སེམས་ཅན་དེ་དང་དེ་རྣམས་ཀྱི། །རང་རང་ལས་རྣམས་ཀྱིས་གསོད་པའོ། །ཡུལ་ལ་སོགས་པ་འཇོམས་པས་ན། །ཤེས་རབ་
འཁོར་ལོ་དེ་བཤད་དོ། །རྒྱུད་དང་རྒྱུད་རྣམས་ཀྱི་ནི་ལས། །སྒྲུབ་པའི་སྙིང་པོའི་ཡེ་ཤེས་སོ། །ས་མཐའ་དྲུག་པའི་དབྱངས་སྟན་ཅན། །ཟླ་དུམ་ཐིག་ལེས་མགོ་ལ་བརྒྱན། །ལན་གཉིས་སུ་ནི་བརྗོད་པར་བྱ། །རྡོ་རྗེ་སེམས་དཔའ་གསང་བའི་གཟུགས། །ཁ་གཉིས་དྷུ་གཉིས་
མུ་རུ་གཉིས། །ལས་རྣམས་ཀྱི་ནི་དངོས་པོ་སྟེ། །སྲོག་དང་མཉམ་དུ་གནས་པའོ། །ཨ་དྭཱི་ཏེ་མ་ཧཱ་ཡོ་གི་ནཱི། །པ་ཐི་ཏ་སིདྡྷེའི་སྔགས་ཀྱི་ཚིག །དེ་ཡང་ལུས་མཐའ་ཡི་ནི་གཟུགས། །དྲེ་ངྷྃ་ཚིག་གཉིས་གྲྃ་ཚིག་གཉིས། །ཧེ་ཡི་ཚིག་གཉིས་ཧ་ཚིག་གཉིས། །ཁྲོ་བཅུའི་ཡི་གེ་
གཤིན་རྗེ་ནི། །མཐར་བྱེད་ལ་སོགས་ཀྱིར་གོ་བྱ། །པ་སྡེའི་བཞི་པའི་ས་བོན་ལ། །ཨཱི་ཡིག་མགོ་ལ་རེག་པའོ། །མེ་སའི་སྔགས་ནི་ཚིག་ཀུན་ཏེ། །མཁའ་འགྲོ་མ་ཡི་རང་བཞིན་ནོ། །དེ་ལྟར་སྔགས་ཚིག་བཅུ་གཉིས་ནི། །རྟེན་འབྲེལ་བཅུ་གཉིས་སླུ་བ་སྟེ། །སྟོན་པ་དམ་
ཚིག་ཆེན་པོ་གཙོ། །བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི། །ལས་ཀྱིས་ལྷན་ཅིག་རྨུགས་བྱེད་པའོ། །ཕོ་ཉ་རྣམས་བསྐྱེད་པའི་ཡི་གེ། །འཁོར་ལོའི་རྣམ་པའི་རང་བཞིན་ཅན། །འཁོར་ལོ་ཡི་གེ་མིན་དེ་ལྟར། །ཕོ་ཉའི་རང་བཞིན་
མེད་པའོ། །རྣམ་སྨིན་དེ་ལས་རྣམ་སྐྱེས་པ། །སོ་སོའི་མིང་དུ་འདུ་ཤེས་ཏེ། །འཇམ་རྡོར་ལ་སོགས་དངོས་པོ་ཡིས། །ཨ་བ་དྷཱུ་ཏཱིའི་མཚན་ཉིད་བྱ། །ཧཱ་ས་ཧཱ་དཔའ་བོ་གཅིག་སྔགས་ཚིག །དེ་བཞིན་གཤེགས་དྲུག་ས་བོན་ཏེ། །ཡོན་ཏན་མཐའ་མེད་འཆད་པའོ། །ཧཱ་ཡི་ས་
เล่ม ๗๘ · หน้า 147a
བོན་ཡི་གེ་བཞི། །ཧོ་གཅིག་ཧོ་གཉིས་བརྗོད་པར་བྱ། །ཡི་གེ་བདུན་པོ་ལྤགས་སོགས་ཁམས། །ཏྲཻ་ལོ་ཀྱ་བི་ནཱ་ཤའི་སྔགས། །སྡང་བ་ལ་ནི་གོ་ཆའོ། །ཤ་ཏ་ས་ཧ་སྲ་ཀོ་ཊི། །ཏ་ཐཱ་ག་ཏ་པ་རི་བཱ་རེ། །ས་མཐའ་ཨཱུ་ཡི་དབྱངས་ཀྱིས་སྤྲས། །ཟླ་བའི་དུམ་བུ་
ཐིག་ལེས་བརྒྱན། །དེ་ལྟར་སྔགས་ཀུན་ཉེར་སྡུད་པའོ། །ཧ་ཨཱུ་ཨཾ་སྔགས་ཀྱི་རང་བཞིན། །དེ་ལྟར་སྔགས་ཀྱི་ཚིག་ནི་བཞི། །རྣལ་འབྱོར་མ་སྐྱེད་དངོས་གྲུབ་འགྱུར། །བཀས་གནང་དངོས་གྲུབ་རབ་འཇུག་པ། །བཅོམ་ལྡན་དཔའ་བོས་འདི་གསུངས་སོ། །མཁའ་འགྲོ་
སྡོམ་པ་མངོན་བརྗོད་དང་། །གཞན་ཡང་རྣལ་འབྱོར་མའི་རྒྱུད་དང་། །རྣལ་འབྱོར་རྒྱུད་རྣམས་སུ་གསུངས་པའི། །ལས་ཀྱི་ཚོགས་ཀྱི་དངོས་གྲུབ་སྟེར། །བཀས་གནང་འཁོར་ལོའི་རབ་སྦྱོར་བས། །འགྲུབ་འགྱུར་སྦྱོར་བ་གཞན་གྱིས་མིན། །སླར་ཡང་ས་མཐའ་དབྱངས་ལྔ་
པའི། །དྲུང་ན་གནས་པའི་སྟན་ཅན་ལ། །ཟླ་དུམ་ཐིག་ལེས་བརྒྱན་པའོ། །ཆོ་གས་དེ་ཁོ་ནའི་ས་བོན། །པ་དྲུང་གནས་པ་རྣལ་འབྱོར་མའི། །ཚོགས་ནི་སྐྱེད་པར་བྱེད་པའོ། །ཊ་ཡིག་འབར་བར་བྱེད་པའི་སྔགས། །སིང་ཧ་རུ་པེ་ཁཿསྔགས་ཚིག །བགེགས་ཀྱི་གཙོ་བོ་རླག་
བྱེད་པའོ། །ག་ཛ་རཱུ་པེ་གཿཡི་སྔགས། །སེམས་ཅན་ཀུན་གྱི་བགེགས་བྱེད་པའོ། །ཏྲཻ་ལོ་ཀྱོ་ད་རེ་ཡི་ཚིག །རབ་མཆོག་ཕོ་ཉ་ཀུན་སྐྱེད་པའོ། །ས་མུ་དྲ་མེ་ཁ་ལེ་གྲ་ཧ་གཉིས་ཀྱི་ཚིག །རྒྱ་མཚོ་ལྟ་བུའི་སྐ་རགས་སྤྲས། །དེ་ནི་སྔགས་ཀྱི་སྐ་རགས་སོགས། །ཧཱུྃ་དང་ཕཊ་ཀྱི་ཡི་གེ་ནི། །མཁའ་འགྲོ་
མ་ཡི་ཁྱབ་བདག་གོ །བཱི་རཱ་དྭཱི་ཏེ་ཧཱུྃ་སྔགས་ཚིག །ཐབས་དང་ཤེས་རབ་གཉིས་མེད་ལས། །ཐ་མལ་འདུས་བྱས་སྐྱེས་པའོ། །དེ་ལྟར་རྐང་པ་བདུན་སྔགས་ཏེ། །ཡེ་ཤེས་ས་ཡི་རང་བཞིན་གྱི། །བཅོམ་ལྡན་རྡོ་རྗེས་འདི་གསུངས་ཏེ། །སེམས་ཅན་ལས་ལས་གྲུབ་པའི་མཐར། །
དེ་ཡི་གོ་འཕང་མཆོག་ཏུ་འགྲོ། །སངས་རྒྱས་རྡོ་རྗེ་འཆང་བའི་མིང་། །སླར་ཡང་སྐྱེ་ཞིང་ལམ་ལ་གནས། །སྒྱུ་མའི་རྣམ་པ་སྒྱུ་མ་ཡིན། །རང་གི་བདག་ཉིད་སོ་སོར་རིག །ཧཱུྃ་ཧཱ་གཉིས་མ་ཧཱ་པ་ཤུ་མོ་ཧ་ནི། །ཚིག་ནི་འཁོར་བའི་རྨོངས་པའོ། །ཡོ་གཱི་ཤྭ་རཱི་ཏྭྃ་གི་སྔགས། །ཞི་བ་ཡི་ནི་
เล่ม ๗๘ · หน้า 147b
གཟུགས་སུའོ། །ཌཱ་ཀི་ནཱི་ལོ་ཀཱ་ནཱཾ་བན་དྷཱ་ནིའི་ཚིག །འཇིག་རྟེན་བྱང་ཆུབ་ཏུ་འཇུག་བྱེད། །ས་ཏྱ་མེ་ཧཱུྃ་ཕཊའི་སྔགས་ཀྱི་ཚིག །མཐའ་བཞི་པོ་ནི་སྟོན་པའོ། །བྷཱུ་ཏ་ཏྲཱ་ས་ནི་ཡི་ཚིག །མུ་སྟེགས་ཡེ་ཤེས་འཇོམས་པའོ། །དེ་ལྟར་སྔགས་ཚིག་བདུན་པོས་ནི། །ལས་ཀྱི་དབྱེ་བ་བྱེད་པ་སྟེ། །
པད་ལྟེའི་འདབ་མ་རེ་རེ་ལ། །སྔགས་ཀྱི་ཡི་གེ་རྣམས་གནས་པའོ། །དཔའ་བོའི་སྔགས་ཀྱི་གཟུགས་གནས་པའོ། །བཅོམ་ལྡན་འདས་ཀྱིས་འདི་གསུངས་སོ། །འཁྲུལ་འཁོར་ཆེན་པོ་བཅུ་གཉིས་དེ། །བདག་གི་མཛའ་བོ་ཡིས་ནི་གསུངས། །ལས་ཐམས་ཅད་ཀྱི་འཁྲུལ་འཁོར་
ནི། །བཅུ་གཉིས་རྣམས་ཀྱིས་ལྷན་ཅིག་བྱ། །འཁོར་ལོ་ཆེན་པོ་རེ་རེ་རུ། །ངེས་པར་སོ་སོའི་ལས་བྱའོ། །ཕྲད་པ་རྣམས་ནི་བཅུ་གཉིས་སུ། །བསྒྲུབ་བྱའི་མིང་གིས་བསྒྲུབ་པར་བྱ། །པ་མཐའ་ས་མཐའ་ཨཱ་དང་ལྡན། །ཡ་མཐའ་ཨཱི་ཡི་དབྱངས་དང་བཅས། །རེ་ཡིག་ན་
མཐའ་ར་ཡིག་དང་། །པ་མཐའ་དང་ནི་སིདྡྷེའི་ཚིག །པིདྱེའི་ཚིག་དང་ཤྭ་རིའི་སྔགས་པའི་དྲུང་མ་དང་ཊ་ས་བོན། །ཧཱུ་ལ་ཟླ་དུམ་ཐིག་ལེས་བརྒྱན། །བསྐྱར་ལ་ཡང་ནི་བརྗོད་པར་བྱ། །པའི་དྲུང་གནས་དང་ཊ་ཡིག་སྟེ། །ཧཱུྃ་ཕཊ་དང་ནི་སྭཱ་ཧཱ་བཅས། །སྔགས་འདིས་ལྟེ་
བར་ཆོ་ག་ཡིས། །བསྒྲུབ་བྱ་མིང་དང་བཅས་པར་བརྗོད། །བཅུ་གཉིས་རྣམས་དང་ལྟེ་བཅས་པ། །དེ་བཞིན་གཤེགས་པས་འདི་གསུངས་སོ། །ས་བོན་ཡི་གེ་ཉི་ཤུ་བཞི། །པུལླཱི་ར་སོགས་བསྲེས་པའོ། །དཔལ་ཧེ་རུ་ཀ་རྡོར་ཕག་མོ། །མ་བྱུང་འབྱུང་བར་མི་འགྱུར་རོ། །
སྔགས་འདི་ཡི་ནི་མཐུ་སྟོབས་ནི། །བྱེ་བ་སྟོང་ཕྲག་གསུངས་པ་ཡི། །མཐའ་མེད་གཞུང་ལས་དཔའ་བ་ཡིས། །དེ་བཞིན་སྙིང་པོ་བསྡུས་པ་ཡིན། །རྒྱུད་གཞན་དུ་ནི་གསུངས་པའི་སྔགས། །སྔགས་འདི་ཡི་ནི་སྒྲུབ་ཐབས་སོ། །བཟླས་མེད་གྲངས་མེད་ཡི་གེ་མེད། །གཟུགས་
མེད་བསམ་གཏན་དེ་བཞིན་མེད། །ལྷ་དྲན་པ་ཡི་ཡེ་ཤེས་ཀྱིས། །དངོས་གྲུབ་ཐམས་ཅད་སྐྱེད་པའོ། །དབུགས་འཇུག་པ་ཡི་དུས་སུ་ནི། །ཡི་གེ་ཐམས་ཅད་གསད་པར་བྱ། །འབྱིན་པ་རྣམས་ཀྱིས་སྦྱོར་ཀུན་བྱེད། །འབྱུང་བའི་དུས་སུ་ཤེས་པར་བྱ། །གནས་དུས་རྣལ་འབྱོར་
เล่ม ๗๘ · หน้า 148a
དབང་ཕྱུག་གི། །སངས་རྒྱས་ཞིང་ནི་འདོད་མི་བྱ། །དབུགས་རྒྱུ་དེ་ལྟར་ཤེས་བྱ་སྟེ། །བྱིས་པའི་རྣལ་འབྱོར་པས་མི་རྟོགས། །གང་གི་སློབ་མ་དབང་བསྐུར་བ། །དེ་ཉིད་བཞི་རྣམས་བཅས་པས་སོ། །ཐེག་པ་ཆེན་པོར་ཡོངས་སྨིན་ལ། །ཕྱི་ནས་སྔགས་ནི་རབ་
བསྟན་བྱ། །སྔོན་དུ་ཕག་མོའི་དཀྱིལ་འཁོར་ནི། །བྲི་བྱ་དེ་ནས་ཧེ་རུ་ཀའིའོ། །རྡོ་རྗེའི་བུ་མོའམ་དེ་ནས་གཞན། །དེར་ནི་ཤེས་རབ་གཞུག་པར་བྱ། །རྒྱུད་གཞན་དུ་ནི་དབང་བསྐུར་ལ། །ཚུལ་འདི་བསྟན་པར་མི་བྱའོ། །ཡེ་ཤེས་ཤེས་བྱའི་རང་བཞིན་ཅན། །ཨ་བ་དྷཱུ་ཏཱིར་དཀྱིལ་
འཁོར་བྱ། །ཡེ་ཤེས་རྣམ་པ་ཕག་མོ་ཡིས། །ཤེས་བྱ་དཔལ་ཧེ་རུ་ཀར་འཁྱུད། །སྤྱན་གསུམ་དྲག་པོའི་གཟུགས་ཅན་མ། །ཞལ་བཞི་མཆེ་བ་གཙིགས་པ་སྟེ། །ཕྱག་ནི་བཅུ་གཉིས་རྣམས་དང་ལྡན། །དཀར་མོ་དང་ནི་འཇིགས་བྱེད་གནོན། །སྐུ་ལ་ཕྱག་རྒྱ་ལྔ་ལ་སོགས། །
འཇིག་དུས་མེ་ལྟའི་འོད་ཟེར་ཅན། །ཕྱག་གཡས་རྡོ་རྗེ་དང་གྲི་གུག །དགྲ་སྟ་ཌཱ་རུ་དེ་བཞིན་དུ། །རྩེ་གསུམ་ལུས་མེད་པགས་པ་སྟེ། །ཕྱག་གཡོན་པས་ཀྱང་དེ་བཞིན་ནོ། །གཡོན་དུ་དྲིལ་བུ་ཐོད་པ་དང་། །ཞགས་པ་ཁ་ཊྭཱཾ་ག་དང་མགོ། །དབུ་སྐྲ་གྲོལ་ཞིང་གཅེར་བུ་མ། །མགོ་
བོའི་ཕྲེང་བ་འཛིན་པ་མོ། །སྒེག་པའི་རྒྱན་རྣམས་དང་ནི་ལྡན། །དབུ་ལ་ཐོད་པའི་ཕྲེང་བ་ཅན། །འདོད་ཆགས་རྡོ་རྗེས་རྒྱས་བཏབ་སྟེ། །ཡང་ན་ཧེ་རུ་ཀ་ཡིས་སོ། །ཡན་ལག་ལྷ་རྫས་དྲིས་ཉེར་བྱུགས། །ཞབས་གདུབ་དཔུང་རྒྱན་རྣམས་དང་ལྡན། །ལྷ་རྫས་མེ་ཏོག་ཕྲེང་བས་
བཀླུབས། །རྩེ་བྲན་ཟླར་གནས་རྡོ་རྗེ་ནི། །དཔྲལ་བར་རྟག་ཏུ་འཛིན་པ་མོ། །གཡས་བརྐྱང་བ་ཡི་ཞབས་དང་ལྡན། །རྣལ་འབྱོར་མ་ཡི་ཚོགས་མདུན་དུ། །སྐུ་ལས་འབར་བའི་ཕྲེང་བ་སྤྲོ། །ཧེ་རུ་ཀ་མིག་སྨན་ནག་པོ་འདྲ། །རལ་པའི་ཅོད་པན་མདུན་དུའོ། །སྟག་གི་པགས་པའི་
ཤམ་ཐབས་ཅན། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བཀླུབས། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །སྣ་ཚོགས་རྡོ་རྗེ་ཟླ་ཕྱེད་ལྡན། །སྤྱན་གསུམ་མཆེ་བ་གཙིགས་པ་སྟེ། །ཞལ་བཞི་པ་ལ་འཇིགས་པར་བྱེད། །ཕྱག་བཅུ་གཉིས་པར་རིག་པར་བྱ། །བརྒྱ་ཕྱེད་མགོ་བོས་བརྒྱན་པ་སྟེ། །
เล่ม ๗๘ · หน้า 148b
མཆོད་ཕྱིར་ཐོགས་དང་ཐལ་བ་དང་། །འབར་བའི་ཕྲེང་ཅན་གཙིགས་པ་པོ། །སྐྱེ་གནས་ཕྱག་རྒྱ་ཕྱག་གཉིས་ཀྱིས། །ལྷག་མ་རྡོ་རྗེ་ཕག་མོའིའོ། །གལ་ཏེ་ཧེ་རུ་ཀ་གཙོ་བོ། །དེ་ཚེ་ཕག་མོའི་ཕྱག་གཉིས་སུའོ། །གླང་པོའི་པགས་པ་འཛིན་པ་པོ། །ཐབས་དང་ཤེས་རབ་བདག་ཉིད་དེ། །
ཟག་མེད་རྣལ་འབྱོར་བདེ་ཆེན་བཟང་། །སྲིད་དང་མྱ་ངན་འདས་པའི་གཟུགས། །གཉིས་པོ་སྙིང་པོར་སྦྱིན་པར་བྱ། །ལྷག་མ་རྣལ་འབྱོར་མ་རྣམས་ནི། །མཁའ་འགྲོ་མ་སོགས་རིམ་ཇི་ལྟར། །ཐོད་དུམ་ལ་སོགས་སྔགས་རིག་པས། །དཔའ་བོ་ཀུན་ཀྱང་སྦྱིན་པར་བྱ། །རེ་རེ་ཡི་
ཡང་དེ་ཡི་རྒྱུད། །ཇི་ལྟར་སྔོན་གྱི་རྗེས་སུའོ། །བརྐྱང་མ་དང་ནི་རོ་མའི་རྩ། །ཤེས་རབ་དང་ནི་ཐབས་འདུ་བའི། །རྟེན་ནི་ཨ་བ་དྷཱུ་ཏཱི་སྟེ། །གང་དེར་རོ་མཉམ་སོན་པའོ། །འཁོར་ལོ་གསུམ་གཉིས་འགྱུར་ཤེས་བྱ། །མཁའ་འགྲོ་མ་སོགས་རིམ་ཇི་བཞིན། །ཧེ་རུ་ཀ་དང་རྡོར་
ཕག་མོ། །འབུམ་ཚོ་སྟོང་ཕྲག་ཕྱག་ཅན་ཏེ། །ཕྱག་གཉིས་ལ་སོགས་ནས་བརྩམས་ནས། །གཞན་ནི་གང་རྣམས་དེ་རྣམས་སོ། །དབང་པོའི་ཡུལ་ནི་མི་ལྟ་ཞིང་། །ཕྱག་དང་བཞུགས་ཚུལ་ལ་སོགས་མིན། །བསྒོམས་པས་སྤྲོས་པ་ཀུན་བཟུང་སྟེ། །གཏི་མུག་དེ་ནི་སྤང་བར་གྱིས། །
སྐད་ཅིག་རྣམ་པའི་རྣལ་འབྱོར་བདག །སྐད་ཅིག་ལ་སོགས་དེའི་སྦྱོར་ཅན། །སྙིང་གར་ས་བོན་རྣམ་པར་དགོད། །སྤྲོ་དང་བསྡུ་བ་ལ་སོགས་བྱ། །དཀྱིལ་འཁོར་སྤྱན་དྲངས་མཆོད་པ་དང་། །སྡིག་པ་བཤགས་པ་ལ་སོགས་ཏེ། །སྟོང་ཉིད་ལ་སོགས་རི་རབ་མཐར། །ར་བ་དང་ནི་
གུར་ལ་སོགས། །ས་ཡི་ཆར་ནི་རྡོ་རྗེའི་ཐིག །འཁོར་ལོ་དྲུག་ཏུ་བྲི་བའོ། །ཇི་ལྟའི་མངོན་རྟོགས་མཚན་ཉིད་ཀྱིས། །རྣམ་པ་སྣ་ཚོགས་ཐམས་ཅད་བྱ། །ཐབས་དང་མན་ངག་ཐམས་ཅད་ནི། །མཛེས་མ་བདག་གིས་ཀུན་བཤད་དོ། །དེར་ནི་གཏོར་མ་སྦྱིན་བྱ་སྟེ། །ས་སོགས་
ལྔ་རྣམས་ཀྱིས་མཆོད་བྱ། །ཡི་གེ་འབར་བའི་ཡིག་རྣམས་ཀྱིས། །སྔགས་ཀྱི་བཟླས་པ་ཡང་བྱའོ། །འབར་བའི་གཉིས་འཕེལ་ཡིག་རྣམས་ཀྱིས། །སྲོག་གི་གཏུམ་མོ་སྦར་བར་བྱ། །སྟེང་དུ་ཁ་བལྟས་རྩ་བསྲེག་སྟེ། །དེ་བཞིན་ཡེ་ཤེས་མཁའ་འགྲོ་སྐྱེས། །མཁའ་འགྲོ་
เล่ม ๗๘ · หน้า 149a
མ་སོགས་མ་ལུས་དང་། །རྣམ་པར་ཤེས་ལ་སོགས་ཐིམ་པས། །བསྲེགས་པས་རི་བོང་ཅན་ཧཾ་འཛག །དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་
གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་རྡོ་རྗེ་ཕག་མོ་སྐྱེད་པ་དང་གཙོ་མོ་དང་འཁྲུལ་འཁོར་གྱི་འཁོར་ལོ་དང་། དཀྱིལ་འཁོར་སྒོམ་པ་ལ་སོགས་པའི་རང་བཞིན་ཏེ། འདི་ནི་ལེའུ་གཉིས་པའོ།། །།དེ་ནས་མཁའ་འགྲོ་
མ་སོགས་ཀྱི། །ཇི་ལྟར་བསྐྱེད་པ་རབ་བཤད་བྱ། །མཁའ་འགྲོ་མ་ཡི་སྦྱོར་བརྟེན་ནས། །བཅོམ་ལྡན་འདས་ནི་མཆོག་ཏུ་རྩེན། །ཕག་མོའི་གཟུགས་ནི་མཐའ་ཡས་པའང་། །སྤྲོས་པ་དྲ་བའི་སྡོམ་པའོ། །ལུས་ཀྱི་དངོས་པོའི་དབྱེ་བ་ཡིས། །མཐའ་ཡས་གཟུགས་ཅན་
མཁའ་འགྲོ་མ། །ལུས་ཀྱི་བདེ་བ་ལ་བརྟེན་ནས། །འདོད་པ་རྣམ་པ་གསུམ་དུ་འགྱུར། །དགའ་བ་གསུམ་དང་རྩ་གསུམ་སྟེ། །བཞི་པ་ལྷན་ཅིག་སྐྱེས་པར་འདོད། །སངས་རྒྱས་སྐུ་ཡི་ཉམས་ཆེན་པོ། །དེའི་རང་བཞིན་ལས་སྣ་ཚོགས་འཕྲོ། །མཁའ་འགྲོ་མ་ཡི་གནས་
བརྟེན་ནས། །དཀྱིལ་འཁོར་འཁོར་ལོའི་རང་བཞིན་ནོ། །འཛམ་བུ་གླིང་ནི་ཆེན་པོ་ཡི། །དུམ་བུ་བཅུ་གཉིས་ཀྱི་དབུས་སུ། །ཤར་གྱི་ཡུལ་དུ་གནས་ལྷ་མོ། །དུས་སྦྱོར་རོ་ཧི་ཏ་ཆུ་སྲིན། །རྒྱལ་དང་ཉི་མ་དགའ་སྐྱེད་དང་། །རྩ་ཡི་དངོས་པོ་སྲོག་འབབ་པའོ། །ལྷ་མོ་
ཕྱི་ནང་བདག་ཉིད་དུ། །བཅོམ་ལྡན་གཟུགས་ཅན་མ་གནས་ཏེ། །ཕྱག་བཞི་མ་ལ་ཁ་དོག་གནག །སྤྱན་གསུམ་པ་ལ་ཞལ་གཅིག་མ། །མཆེ་བ་གཙིགས་ཤིང་དྲག་པ་སྟེ། །ཕྱག་རྒྱ་ལྔ་མངོན་འཛིན་པ་མོ། །རོ་ལ་ཞོན་མ་སྐྲ་གྲོལ་མ། །གཡས་བརྐྱང་ཞབས་དང་ལྡན་པ་མོ། །
དྲག་མོ་ཐོད་པའི་ཕྲེང་ཅན་མ། །གཡས་པ་ཌཱ་རུ་གྲི་གུག་ཅན། །གཡོན་པར་ཐོད་པ་ཁ་ཊྭཱཾ་ག །སྤྲོ་ཞིང་སྡུད་པའི་སྐུ་ཅན་མ། །སུམ་ཅུ་རྩ་བདུན་བདག་ཉིད་ཀྱི། །དཀྱིལ་འཁོར་དབུས་སུ་གཞག་པར་བྱ། །སྙིང་པོ་ཡི་གེ་ཉི་ཤུ་གཉིས། །མཁའ་འགྲོ་མ་དང་བཅས་ཁ་སྦྱོར། །ཨོཾ་
เล่ม ๗๘ · หน้า 149b
ཤྲཱི་ཨོཾ་བཛྲ་བཛྲ་ཧེ་ཌཱ་ཧེ་ཀི་རུ་ནཱི་རུ་ཡེ་ཀཾ་ཧཱུྃ་ཌཱ་ཧཱུྃ་ཀི་ཕ་ནཱི་ཊ་ཛཱ་ཕ་ལ་ཊ་སཾ་སྭཱ་བ་ཧཱ་ར་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དཀྱིལ་འཁོར་པ་ཡི་ལྷ་མོ་རྣམས། །ཡི་གེ་རྡོ་རྗེ་ཅན་དུ་འདོད། །མཁའ་འགྲོ་མ་ཐོག་འཇོམས་པའི་མཐར། །རིགས་ཀྱི་རྩར་ནི་རབ་ཏུ་གྲགས། །མཁའ་འགྲོ་མའི་གནས་བསྒྲུབས་
ནས་སུ། །དེར་ནི་ཕག་མོ་གནས་པར་འགྱུར། །སུམ་ཅུ་རྩ་བདུན་ལྷ་རྣམས་ནི། །རང་འདྲའི་ཐབས་དང་གཉིས་མེད་བདེ། །མིང་གི་སྦྱོར་བས་ཤེས་བྱ་བ། །དགོས་པ་རྣམ་མང་མན་ངག་གོ། །སུམ་ཅུ་རྩ་བདུན་གྱི་ནི་རྒྱུད། །བདེ་བ་ཆེ་ལས་སྐྱེད་པར་འགྱུར། །གང་ཕྱིར་བདག་
པོ་མཁའ་འགྲོ་མ། །རྒྱུད་དེ་མཁའ་འགྲོ་མའི་རིགས་སོ། །བདག་པོ་ཁྱོད་ལ་བདག་འདིའོ། །ཇི་ལྟར་བདག་གིས་བསྐྱེད་འགྱུར་བ། །མཁའ་འགྲོ་མ་ལ་བདེ་སྟེར་བའི། །བཅོམ་ལྡན་འདས་ནི་མཉེས་བྱས་ནས། །ཁྱོད་བསྐྱེད་པ་ནི་བཤད་ཀྱིས་ཉོན། །རང་གི་རྒྱུད་ནི་མ་
ཉམས་པ། །ཌཱ་ཡིག་གསང་བའི་བུག་བདག་ཉིད། །གཞུ་ཡི་རྣམ་པ་སྲོག་དང་ལྡན། །ལུས་ཀྱི་གཟུགས་ཅན་ཡང་དག་པ། །ཡུལ་དང་དབང་པོའི་བདག་ཉིད་ཅན། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ཆེ། །རྒྱུད་ཨི་ཞེས་བྱའི་མིང་ཅན་ཏེ། །འགྲོ་དང་འོང་བའི་པད་ཆེན་དུ། །རྩ་
ཡི་འཁོར་ལོ་ལ་ཁྱབ་འགྱུར། །ཀ་ཡིག་ཀ་གཟུགས་ཀྱང་དེ་བཞིན། །འོད་གསལ་སྤྲུལ་བྱ་སྤྲུལ་པའོ། །ཕྲིན་ལས་ཀྱི་ནི་ཁམས་ཀུན་གྱི། །ཞི་བའི་གཟུགས་ཀྱིས་འགྲོ་བ་ཆེ། །དགའ་བ་མེད་མཛེས་མི་འགྱུར་ཀྱང་། །བརྗོད་མིན་ལྷན་སྐྱེས་ཚོན་གྱིས་འཚེད། །མི་གཟུགས་
རྟག་ཏུ་བདེ་ཆེན་པོས། །སྒྱུ་འཕྲུལ་ངེས་པར་འཕྲོ་བར་འགྱུར། །ཨཱི་ནི་འབྱུང་པོ་ཆེ་ཀུན་དང་། །དབང་ཕྱུག་ལ་སོགས་སུ་ནི་སྟོན། །ལུག་དང་དམར་སེར་ཡིད་བཟང་གིས། །དེ་ཡི་གཞི་ནི་བསྐྱེད་པར་འགྱུར། །འདི་ནི་མཁའ་འགྲོ་མ་ཡི་མིང་། །ལས་ཀྱི་དུས་བཞིན་མཚོན་
པར་བྱ། །ཀླུ་རྣམས་ཡང་དག་དགུག་བྱ་དང་། །ཆར་འབེབས་གཞུག་ཕྱིར་བཞུ་བ་དང་། །ལྷ་རྣམས་དང་ནི་འབྱུང་པོ་ཀུན། །རྒྱལ་པོ་རྣམས་ཀྱིའང་འཕྲུལ་ཆེན་དང་། །དབང་དང་མངོན་སྤྱོད་རེངས་པ་དང་། །བསད་དང་བསྐྲད་པ་ལ་སོགས་པ། །མངོན་སྤྱོད་དུས་ལས་ཤེས་པར་བྱ། །
เล่ม ๗๘ · หน้า 150a
རང་རང་གླིང་དུ་བསྐྱེད་པ་སྟེ། །ཤེས་རབ་ཐབས་ཀྱི་སྙོམས་འཇུག་པས། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཀྱི། །རྣལ་འབྱོར་དབང་པོས་སེམས་ཕྲ་ཞིང་། །ཤིན་ཏུ་ཕྲ་བས་དེར་འཇུག་འགྱུར། །སེམས་ཅན་དོན་དུ་དེ་དང་དེར། །རང་བདག་སྦྱོར་བས་མཛད་
པར་འགྱུར། །སྟོང་གསུམ་སྟོང་ནི་ཆེན་པོ་རུ། །གང་དུ་ཁྱབ་བདག་ཀུན་སྤྱོད་འགྱུར། །དེར་ནི་དུམ་བུ་བཅུ་གཉིས་སུ། །རང་རང་གཙོ་མོ་རྣལ་འབྱོར་མ། །ཐིམ་དང་ལོངས་སྤྱོད་སྤྱོད་རྣམས་སུ། །རྫུ་འཕྲུལ་ཆེ་རྣམས་ཀུན་སྤྱོད་འགྱུར། །ཉི་ཁྲི་བརྒྱ་ཕྲག་བཅུ་དྲུག་གི། །
དབུགས་རྒྱུ་བར་ནི་ཤེས་པར་བྱ། །བརྒྱ་ཕྲག་བཅྭ་བརྒྱད་སྲོག་རྣམས་ཀྱིས། །འཕོ་བར་འདིར་ནི་བརྗོད་པར་བྱ། །བཅུ་གཉིས་རྣམས་ནི་ཉིན་ཞག་འགྱུར། །དུས་སྦྱོར་བཅུ་གཉིས་རིམ་ལས་སོ། །དུས་སྦྱོར་གསུམ་བསྒྱུར་བྱས་ནས་ཀྱང་། །དུས་ཀྱི་ཕོ་ཉ་མོ་ཀུན་སྤྱོད། །དུས་
བརྒྱའི་ཕྱེད་ཀྱིས་ཕོ་ཉ་མོ། །རེ་རེ་རྣམ་པར་ཤེས་པར་བྱ། །ལྔ་བཅུ་གསུམ་གྱིས་ཡང་དག་པར། །ཉིན་ཞག་གཅིག་ལ་སྤྱོད་པའོ། །དེ་རྣམས་ཡི་གེར་ཡང་དག་བཤད། །ཨ་ཡིག་ལ་སོགས་ཀྵ་མཐའ་ཅན། །ཡོན་ཏན་འཕར་མ་ཡིན་བསྟན་པས། །གསུམ་བསྒྱུར་བརྒྱ་ཕྲག་
ཕྱེད་དང་བཅས། །དེ་རྣམས་ཕོ་ཉ་མོར་ངེས་བཤད། །འདི་ནི་མཁའ་འགྲོ་མ་ཕྱག་རྒྱ། །མཁའ་སྤྱོད་མ་དང་ས་སྤྱོད་གཞན། །ས་འོག་རྣམས་ནའང་གནས་པ་མོ། །རྣལ་འབྱོར་མ་རྣམས་རྣམ་གསུམ་ནི། །ཞིང་སྔགས་ལྷན་ཅིག་སྐྱེས་རང་ངོ་། །གང་ཞིག་གང་གིས་ལྷག་
གནས་པ། །དེ་ནི་དེ་ཡིར་གསལ་མཐོང་འགྱུར། །རིགས་ཀྱི་ཁྱད་པར་ལ་བརྟེན་ནས། །འདོད་པའི་སྦྱོར་སྐྱེས་གནས་པ་ཅན། །ཙ་རུའི་བཟའ་བ་དེ་རྣམས་སུ། །ཡེ་ཤེས་གཟུགས་ཅན་ཕྱུགས་ཆེན་པོ། །བཟའ་མིན་བཟའ་བྱ་དེར་ཡང་ནི། །མཚོན་མིན་གསལ་བར་མཚོན་
པར་བྱ། །མཚན་ཉིད་མཚན་ཉིད་མིན་པ་སྤོང་། །དེ་ནི་སྤོང་བར་རབ་སྤོང་བའོ། །རྗེས་འཛིན་ཚར་གཅོད་ལ་ཆགས་པའང་། །གང་ཞིག་གང་གིས་རང་རང་དངོས། །སངས་རྒྱས་དང་ནི་ཆོས་གནས་པར། །བྱས་ཏེ་མངོན་སྦྱོར་སྦྱོར་བ་ཡིས། །ཨ་བ་དྷཱུ་ཏཱིའི་སྲོག་གི་རླུང་། །
เล่ม ๗๘ · หน้า 150b
བརྟན་པར་ཕག་སོགས་རྣལ་འབྱོར་མ། །མ་བརྟན་སྲོག་གི་རླུང་རྣམས་ཀྱི། །དངོས་གྲུབ་གསལ་བར་མི་འགྱུར་རོ། །ལྷ་མོ་རྣམ་སྣང་གིས་རྒྱས་གདབ། །རྡོ་རྗེ་འཛིན་བདག་མི་བསྐྱོད་པས། །ཕོ་ཉ་མོ་སྔགས་སུམ་ཅུ་དྲུག །དུས་ལས་རང་དང་རང་གི་རིགས། །ཇི་ལྟར་བདག་
མོའི་རིགས་དང་ནི། །ཕྱག་དང་མཚན་མ་རིམ་ཇི་ལྟར། །ཡང་ན་ངེས་པར་བརྗོད་པ་རུ། །མངོན་རྟོགས་མཚན་ཉིད་ལས་ཤེས་བྱ། །བོལླ་ཀཀྐོ་ལ་སྦྱོར་ལས། །ལྷ་མོ་རང་ཉིད་ཞུ་བར་ཞུགས། །སྐད་ཅིག་དེ་ལ་མ་ལུས་པའི། །དཀྱིལ་འཁོར་ཐམས་ཅད་རོ་མཉམ་ལྟ། །
ལྷ་མོ་ནམ་མཁའི་ནང་སྣང་བས། །འདི་ཡིས་མངའ་བདག་བསྐུལ་བར་བྱ། །མཆོག་ཏུ་བདེ་བ་ཆེན་པོའི་རྡོ་རྗེ་རོལ་ཅིག་རོལ། །ཤེས་རབ་ཐབས་ཀྱི་དགོངས་པ་རབ་ཏུ་གྲུབ་པར་མཛོད། །འཇིག་རྟེན་རྣམས་ལ་ཁྱོད་ཀྱི་ཐུགས་རྗེ་བསྒོམས་པ་ཡིས། །ཇི་ལྟར་ལྷ་དང་ལྷ་མིན་མ་ལུས་
སངས་རྒྱས་མཛོད། །བྱང་ཆུབ་རྡོ་རྗེ་འཛིན་པས་བདེ་ཆེན་གྱིས་མཉེས་མཛོད། །ཁྱོད་ནི་སྟོང་ཉིད་ཏིང་ངེ་འཛིན་ལ་ཞུགས་སམ་ཅི། །རྡོ་རྗེ་པདྨ་རོལ་པས་དེང་ནི་ངེས་རྟོགས་མཛོད། །གང་གིས་ལྷན་ཅིག་སྟོང་ཉིད་ཏིང་འཛིན་ལ་ཁྱོད་བཞུགས། །མངའ་བདག་ཁྱོད་ཀྱིས་ཁམས་བཞིའི་
ས་བོན་འཛག་པར་མཛོད། །ཨ་བ་དྷཱུ་ཏཱིའི་རང་བཞིན་གཏུམ་མོ་ལྡང་བར་འགྱུར། །ས་གསུམ་སྲེག་པར་བྱེད་དེ་གང་དུའང་མི་མཐོང་ངོ་། །མྱ་ངན་འདས་པའི་ངོ་བོས་འབར་ཞིང་འབར་བར་འགྱུར། །མཁའ་འགྲོ་མ་རྣམས་ལྷན་སྐྱེས་རང་བཞིན་གྱིས་དགར་མཛོད། །དགའ་བ་དང་
ནི་འཆི་བར་སྣང་བ་མི་མཐོང་ངོ་། །ཐུགས་ཀྱི་རྒྱལ་བ་མགོན་པོས་འདི་དག་སད་པར་མཛོད། །སྒྱུ་མ་ཡི་ནི་སེམས་ཅན་ཁམས་ནི་བསྒྲལ་བར་མཛོད། །གླུ་ཆེན་པོ་ནི་འདི་གསན་ནས། །རྣལ་འབྱོར་འཁོར་ལོ་ཅན་རབ་སད། །སྒྱུ་མ་ལྟ་བུའི་འགྲོ་བ་ཀུན། །བརྟན་པ་ལ་སོགས་
འགྲོ་བ་ནི། །མཐོང་བཞིན་རང་གི་འཁོར་ལོ་ཅན། །ནམ་མཁའ་ཐིམ་པ་སྐུ་ཆེར་འགྱུར། །ལྷན་སྐྱེས་སོགས་ཀྱིས་སྤྲུལ་པ་ཅན། །གཉིས་པོ་གཅིག་པའི་སྐུ་ཆེན་པོ། །དང་པོའི་སངས་རྒྱས་རང་བཞིན་ཅན། །ཐམས་ཅད་ཀྱི་ནི་ཆོས་ཀྱི་སྐུ། །རྣལ་འབྱོར་མ་ཡི་རྒྱུད་ཐོབ་ནས། །རྣལ་
เล่ม ๗๘ · หน้า 151a
འབྱོར་རྒྱུད་རྣམས་ལ་ཡིད་ཆེས། །སློབ་དཔོན་སེམས་ཀྱི་རྡོ་རྗེ་ཡང་། །དབུ་མའི་ཚུལ་གྱི་སྤྱོད་ཡུལ་ལོ། །དེ་ཉིད་ཕྱིར་བསྟན་ཐོབ་པ་ལས། །དབུ་མ་ཆེན་པོའི་མཚན་ཉིད་དོ། །གྲུབ་མཐའི་མན་ངག་སྤྱོད་ཡུལ་ནི། །མཁས་པ་རྣམས་ཀྱིའང་སྤྱོད་ཡུལ་མིན། །
གྲུབ་མཐའ་མངོན་སུམ་ལས་ཤེས་བྱ། །མན་ངག་ཀྱང་ནི་རྗེས་དཔག་ལས། །ཤེས་བྱ་བླ་མའི་ཞལ་ལས་ཀུན། །དེ་མཁས་སངས་རྒྱས་སྤྱོད་ཡུལ་ལོ། །བྱིས་པའི་རིགས་ཀྱི་རྣམ་ཤེས་ཀྱི། །མངོན་ང་རྒྱལ་ཅན་སྤྱོད་ཡུལ་མིན། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་
དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་མཁའ་འགྲོ་མ་སྐྱེད་པའི་མཚན་ཉིད་དང་། བདེ་བ་ལ་ཀུན་དུ་སྤྱོད་པའི་ལས་ཀྱི་དེ་ཁོ་ན་ཉིད་ཀྱི་
རྣམ་པར་གཞག་པའི་ཆོ་ག་སྟེ་འདི་ནི་ལེའུ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལཱ་མ་ཇི་ལྟར་གནས་པ་ནི། །ཇི་ལྟར་སྔོན་གྱི་སངས་རྒྱས་ཀྱིས། །གསུངས་པ་བདག་གིས་གསལ་བྱ་ཙམ། །རྡོ་རྗེ་སྡོམ་པ་བཅོམ་ལྡན་འདས། །ཕག་མོ་རྣལ་འབྱོར་
སྡོམ་པ་སྟེ། །འཁོར་ལོ་སྡོམ་པ་མཁའ་འགྲོ་མ། །དེ་བཞིན་དམ་ཚིག་སྡོམ་པ་ནི། །ལཱ་མ་ཡིས་ནི་ཡང་དག་བསྟན། །པདྨའི་སྡོམ་པར་འདོད་པ་ནི། །དུམ་སྐྱེས་མ་ཅན་གཟུགས་ཅན་མ། །རིན་ཆེན་སྡོམ་པའོ་ཁྱབ་བདག་ལ། །ལཱ་མ་རང་ཉིད་ཀྱིས་ཞུས་པ། །རྡོ་རྗེ་སྡོམ་སོགས་ཇི་
ལྟ་བུ། །ངོ་མཚར་བདག་གི་བདག་པོ་ཀྱེ། །རྡོ་རྗེ་དམ་ཚིག་དེ་བཞིན་སྦྱོར། །པད་འཁོར་དེ་བཞིན་རིན་ཆེན་གྱི། །སྡོམ་པ་ཡང་ནི་ཇི་ལྟར་ལགས། །དེ་ནས་རྡོ་རྗེ་ཅན་མཆོད་ནས། །མཉེས་པ་བདག་ལ་ཡང་དག་གསུངས། །རྡོ་རྗེ་པུག་འཕོ་མེད་ཡེ་ཤེས། །རྟོགས་ནས་རྡོ་རྗེ་
གསུམ་རྣམས་སུ། །སྡོམ་པ་རྡོ་རྗེ་གསུམ་རྣམས་ལ། །བསྐྱེད་པ་རྡོ་རྗེ་སྡོམ་པ་ནི། །དམ་ཚིག་རྩ་རྣམས་ཐམས་ཅད་ཀྱིར། །ཤེས་བྱ་ལམ་གྱི་རྗེས་སྐྱོབ་པའི། །སྡོམ་པའོ་འཁོར་ལོ་མཆོད་པ་ནི། །དམ་ཚིག་སྡོམ་པར་འདོད་པ་ཡིན། །རྣལ་འབྱོར་རྣམ་པ་དྲུག་པོ་ནི། །སྦྱོར་
เล่ม ๗๘ · หน้า 151b
དྲུག་ནམ་མཁའི་བུ་ག་རུ། །སྡོམ་པ་བདེན་པའི་དངོས་པོ་ཀུན། །བདག་གི་རྣལ་འབྱོར་སྡོམ་པའོ། །པདྨ་ཨ་བ་དྷཱུ་ཏཱིའི་རྩ། །འཁོར་ལོ་བཞི་ལ་གནས་པ་ནི། །སྡོམ་པའོ་འཁོར་ལོ་དེ་རྣམས་སུ། །པདྨའི་སྡོམ་པར་བརྗོད་པར་བྱ། །འཁོར་ལོ་བདེ་བར་གཤེགས་པའི་ལམ། །
དབང་སོགས་རྣམས་སུ་བསྐྱེད་པ་ཡིས། །སྡོམ་པའོ་ཆོས་དེ་རྣམས་སུ་ནི། །འཁོར་ལོ་སྡོམ་པ་ཡིན་པར་བཤད། །རིན་ཆེན་རྡོ་རྗེ་མགོ་བོ་ཡི། །ནོར་བུར་འབབ་པ་འོངས་པ་ཡིས། །སྡོམ་པའོ་སྲོག་གི་ཐིག་ལེ་ཡང་། །རིན་ཆེན་སྡོམ་པ་ཡིན་པར་འདོད། །མ་བཤད་པ་ལས་དེ་
རྣམས་ཀྱིས། །མཁའ་འགྲོ་བདུན་པ་ཡེ་ཤེས་མཆོག །ཁྭ་གདོང་ལ་སོགས་བརྒྱད་དང་ནི། །འདྲེན་པ་གཉིས་མེད་མཚན་ཉིད་ཕྱིར། །དེ་ལྟར་ཐམས་ཅད་མཉམ་སྦྱོར་བས། །གཅིག་ཏུ་སྡོམ་པའི་མཁའ་འགྲོ་ཡིན། །གཏུམ་མོ་འབར་མ་ལ་ནི་གཟུགས། །རྩ་སོ་སོ་དང་དབུ་མ་སྟེ། །
ཡེ་ཤེས་མཁའ་འགྲོ་དེ་ལས་བསྐྱེད། །རྣམ་པ་ཀུན་རིག་སྐད་ཅིག་ལས། །བྱང་ཆུབ་སེམས་ཀྱི་དབུས་སུ་ནི། །བདུད་རྩི་གསང་བའི་གཟུགས་ཅན་གང་། །རྡོ་རྗེ་མཁའ་འགྲོ་དེ་བཤད་དོ། །ནམ་མཁར་འགྲོ་བ་ཡི་ནི་མཆོག །བློ་བུར་བྱུང་བ་བདག་མེད་པ། །སྒྱུ་འཕྲུལ་ཆེན་པོ་ཆུ་
སྐྱེས་གཟུགས། །རྣལ་འབྱོར་རང་སེམས་སེམས་མེད་ཀྱང་། །རྣལ་འབྱོར་མཁའ་འགྲོའི་མཚན་ཉིད་དོ། །འཁོར་ལོ་ནང་གི་བདག་ཉིད་གཟུགས། །ཐིག་ལེ་ཀུན་ཏུ་སྦྱར་བ་ཡིས། །མཚན་ཉིད་གནད་དང་མཚམས་ལ་ནི། །ཀུན་དུ་སངས་རྒྱས་སྐྱེ་བར་འགྱུར། །འདུ་བ་ཕྱི་དང་ནང་
བདག་ཉིད། །ཡེ་ཤེས་དངོས་རང་བཞིན་ལས་སོ། །དམ་ཚིག་སེམས་དཔའ་གསུམ་རིག་པ། །སྐྱེ་དང་འཆི་དང་བར་རྣམས་ཀྱི། །སྲིད་པ་ཀུན་ལས་ཤེས་པར་བྱ། །སྤོང་བས་དམ་ཚིག་མཁའ་འགྲོ་སྐྱེ། །བདག་ཉིད་ཀུན་གྱིས་མི་ཤེས་ཀྱང་། །འགྲོ་བ་མཁས་པའི་ལམ་གྱིས་
འགྱུར། །འདོད་ཆགས་སྒྱུ་མ་བཅས་ནམ་མཁའ། །པདྨ་མཁའ་འགྲོ་རང་ཉིད་གཙོ། །དབྱངས་ཡིག་དེ་བཞིན་རྣལ་འབྱོར་དང་། །ཕྱག་རྒྱ་ལྷན་སྐྱེས་འདོད་རྣམས་ཀྱི། །བགྲོད་བཞིན་དུ་ནི་རྟག་ཏུ་སྐྱེ། །འབར་བ་རིན་ཆེན་དབང་མཁའ་འགྲོ། །དེ་བཞིན་ཁམས་ནི་རྣམ་པ་བདུན། །
เล่ม ๗๘ · หน้า 152a
རྣམ་ཤེས་བདུན་གྱི་མཚན་ཉིད་དོ། །ཆུ་གཏེར་རི་དང་གླིང་རྣམས་ཀྱང་། །རྒྱ་མཚོ་ཆེ་དེར་རབ་ཏུ་ཞུགས། །དེ་ཉིད་ཉི་ཤུ་ལྔ་བདག་ཉིད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་རྒྱུས། །འཁོར་ཡུག་ལ་སོགས་སྟོང་ཉིད་དང་། །རང་བཞིན་སྐྱེས་བུ་དེ་བཞིན་དུ། །འོད་
གསལ་བ་དང་ཐམས་ཅད་མིང་། །ཆོས་ཀྱི་དབྱིངས་དང་རང་མཚན་ཉིད། །ཐར་དང་སངས་རྒྱས་དེ་བཞིན་དུ། །ཡེ་ཤེས་རྡོ་རྗེ་སེམས་ལམ་བདག །ཆོས་འབྱུང་དང་ནི་ཐེག་ཆེན་དང་། །གསང་བ་སྔགས་ཚུལ་ཁྱབ་བདག་དང་། །ལྷན་སྐྱེས་དང་ནི་འདུས་དེ་བཞིན། །ཐུགས་རྗེ་ཆེན་
པོ་རང་ཉིད་དང་། །བདག་མེད་མ་དང་ཀུན་དེ་ཉིད། །རང་བཞིན་ཅན་སྟོང་ཡང་ནས་ཡང་། །དེ་ཕྱིར་རྒྱ་མཚོའི་མིང་དང་ཡང་། །རྒྱ་མཚོ་ཆེན་པོའི་གཟུགས་ཀྱིས་ནི། །ཨཱ་ཀུན་འཇིགས་གཟིར་སེམས་ཅན་རྣམས། །ངང་གིས་སངས་རྒྱས་ཡོན་ཏན་ལྡན། །རྞྞ། དེ་རྣམས་དགེ་བ་
མངོན་འདོད་ལ། །དུབ་དང་ཡོངས་སུ་ངལ་བ་མེད། །ཝ། རྟོག་པ་ཐམས་ཅད་སྤངས་པ་ལས། །ཐོབ་པ་སྒྱུ་མའི་རང་མཚན་ཉིད། །མ། གསང་སྔགས་ཚུལ་གྱི་བདག་ཉིད་ཀུན། །ཧཱ། བསྐྱེད་པ་ཡི་ནི་གཟུགས་ཅན་ནོ། །ས། དེ་ཡི་ཆོས་ནི་མི་བདེན་ཏེ། །མུ། དངོས་པོ་སྐད་ཅིག་འཇིག་
ཕྱིར་རོ། །དྲ། རྫས་དང་སྣ་ཚོགས་རང་བསྟན་ཆོས། །རྒྱ་མཚོ་ཆེན་པོའི་མཚན་ཉིད་དོ། །ལཱ་མའི་རང་གི་མཚན་ཉིད་ས། །ཇི་ལྟ་བ་བཞིན་རིམ་གྱིས་ཏེ། །རོལ་པའི་མྱོས་ལས་བསྐྱེད་པ་ནི། །རྣལ་འབྱོར་མ་ཀུན་ཤེས་པར་བྱ། །མ་སོགས་ཀུན་གྱི་འཁོར་ལོ་ཡི། །རྩ་ཡི་ལམ་ནས་རྗེས་འགྲོ་
མའོ། །ཡང་ན་སྒྱུ་མ་འཛིན་པར་འགྱུར། །དེ་ནི་སྒྱུ་མ་ཆེ་རང་བཞིན། །བུམ་པའི་རཱ་སི་སྤྱོད་པ་ཡིས། །འཕོ་བའི་གྲངས་ཀྱང་གཉིས་པའོ། །རྡོ་རྗེ་ཕག་མོ་ཅན་ལྷ་མོ། །ཀུན་དུ་སྤྱོད་པ་ལཱ་མར་གནས། །ཁ་དོག་ལྗང་སྣང་ལྷ་མོ་སྟེ། །ལྷག་མ་མཁའ་འགྲོ་མ་དང་མཚུངས། །སྲེད་པ་དང་
ནི་སྡང་བའི་དངོས། །ཐམས་ཅད་དེ་ཡི་སྟེང་དུ་གནས། །ཧེ་རུ་ཀ་ཡི་མདོག་དང་གཟུགས། །དེ་བཞིན་གཤེགས་པའི་རྗེས་འགྲོ་རྣམས། །ལྷག་མ་འཁོར་དྲུག་རྣལ་འབྱོར་མ། །དཔའ་བོ་རྣམས་དང་ཐམས་ཅད་འབྱུང་། །འཁོར་ལོའི་རྩིབས་ཀྱི་དབུས་སུ་སྦྱིན། །ཐུགས་སོགས་
เล่ม ๗๘ · หน้า 152b
ཁ་དོག་དྲུག་ཏུ་གྲགས། །འཁོར་ལོ་ཆ་མཉམ་ལ་བྲི་བྱ། །རྡོ་རྗེ་པདྨ་འཁོར་དེ་བཞིན། །རལ་གྲི་རིན་ཆེན་གྲི་གུག་གི། །ཕྲེང་བ་རྟག་ཏུ་རིམ་ཤེས་བྱ། །ཕྱི་རོལ་སྣ་ཚོགས་རྡོ་རྗེའི་ཕྲེང་། །མགོ་བོའི་ཕྲེང་བ་ཐམས་ཅད་དུའོ། །ལཱ་མ་བྱང་གི་སེམས་ལས་བསྐྱེད། །རྣལ་འབྱོར་མ་
ཚོགས་གཙོ་མོ་སྟེ། །དུས་ཀྱི་རྗེས་མཐུན་སེམས་ཅན་དོན། །སྨོན་ལམ་གྱི་ནི་མཚན་ཉིད་དོ། །བསྐལ་པ་བཟང་པོའི་དབུས་སུ་ཡང་། །རྫོགས་ལྡན་ལ་ནི་རྣམ་གཟིགས་སོགས། །དེ་ཡི་དུས་སུ་ཤེས་བྱ་བ། །དེ་བཞིན་རྣམ་གཟིགས་བྱང་གླིང་དུའོ། །འཛམ་བུའི་གླིང་ནི་ཆུ་དུན་
དུའང་། །བདག་ནི་ཤཱཀྱའི་རིགས་རྗེས་འགྲོ། །ལྷག་མའི་གླིང་ལྔ་རྣམས་སུ་ནི། །དེ་བཞིན་གཤེགས་རིགས་རིམ་པས་སོ། །དེ་ཕྱིར་ལཱ་མ་འགྲོ་བ་ཀུན། །སངས་རྒྱས་མཆོག་གི་གནས་མཐའ་ལེན། །མ་ནི་རྣལ་འབྱོར་ཐམས་ཅད་ཀྱི། །སྙིང་སྟོབས་བྱ་བ་བྱེད་པ་གསལ། །ས་ཡི་དབང་
ཕྱུག་ཞག་ལ་ནི། །མཆུ་ཡི་ཟླ་བ་ཅན་དུ་འདོད། །ཐུར་སེལ་ཞེས་བྱའི་རླུང་དང་ནི། །འགྲོ་དང་ཟླ་བ་ཞེས་བྱའི་རྩ། །ཇི་སྲིད་འཆི་བའི་དུས་ཉིད་བར། །འཛིན་བཞིན་དུ་ནི་མི་ཉམས་སོ། །དེ་ལྟར་རྣལ་འབྱོར་མ་བཅུ་གཉིས། །ཟླ་བ་ཉིན་ཞག་རླུང་རྣམས་སོ། །རྩ་དང་རྩ་ནས་འབབ་པ་
སྟེ། །མི་ནི་སྐྱེད་པ་རྣལ་འབྱོར་མ། །རྩ་ཡི་ཚོགས་ནི་ཐམས་ཅད་ལ། །སྐད་ཅིག་ལས་ནི་སྲོག་འཕོ་འགྱུར། །རང་བཞིན་དེ་ལ་ཤེས་བྱས་ནས། །སྡང་སོགས་ཡོན་ཏན་གྱིས་རིམ་པས། །དེས་ནི་སྣ་ཚོགས་སྤྲུལ་བདག་དང་། །ལས་ཀྱིས་གནས་ནི་མང་པོའོ། །རྣལ་འབྱོར་པ་
ཡི་དངོས་གཅིག་ནི། །ལཱ་མ་མྱ་ངན་འདས་མཚན་ཉིད། །མྱ་ངན་འདས་དང་མཚོན་པ་ནའང་། །གཉིས་པོ་ཞུགས་གྱུར་མིང་མེད་པ། །ཇི་ལྟར་མི་ཤེས་དེ་ལ་ནི། །བདག་གིས་མཆོག་ཏུ་འདུ་ཤེས་སོ། །སངས་རྒྱས་བྱང་ཆུབ་སེམས་མེད་འགྱུར། །ཆོས་ཀྱི་སྐུ་སོགས་དངོས་
པོའོ། །དབང་པོ་རྣམས་ཀྱི་དྲིན་གྱིས་ནི། །སྐྱེ་བ་ཅན་ཀུན་འཐོབ་པར་འགྱུར། །དབང་པོའི་དངོས་པོ་བདེན་མིན་ཡང་། །དེ་ཚེ་མི་བདེན་པས་འཐོབ་འགྱུར། །དབང་པོ་གཉིས་ཀྱི་དངོས་ཉིད་ཅི། །གྲིབ་མ་ཡི་ནི་སྐྱེས་བུ་མཚུངས། །གྲིབ་མའི་དངོས་པོ་དེ་བདེན་ཀྱང་། །སྐྱེས་
เล่ม ๗๘ · หน้า 153a
བུའི་གཟུགས་ནི་བདེན་མ་ཡིན། །དེ་བཞིན་དབང་པོ་མི་བདེན་ཀྱང་། །དེ་དངོས་བདེན་པའི་མཚན་ཉིད་དོ། །མན་ངག་རྣམ་པ་མང་པོ་གཞན། །མཆོག་ཏུ་བསྔགས་པར་ཤེས་པར་བྱ། །བཏུང་བ་ལ་སོགས་བདོག་པ་ཀུན། །བླ་མ་ལ་ནི་འབུལ་བ་བདེན། །
དེ་ནི་མི་བདེན་པས་སྤྱད་བྱ། །དེ་ལ་བརྙས་པར་མི་བྱའོ། །འདི་ལ་སྔགས་ཀྱང་བཤད་བྱ་སྟེ། །ལྷ་མོ་ཀུན་གྱི་རྒྱ་མཚོ་འདིར། །ཉེ་བའི་སྙིང་པོ་སྔགས་རྣམས་ལ། །ཁ་སྦྱོར་མཛེས་པས་བརྒྱན་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །ཉེ་སྙིང་རྣམ་པ་གསུམ་དུ་འདོད། །
ལུགས་འབྱུང་ལུགས་ལ་བཟློག་པ་ཡིས། །དེ་བཞིན་དབུས་སུ་ལུགས་འབྱུང་མིན། །ཨོཾ་ཨོཾ་བ་ཧྲཱིཿ། ཛྲ་ཧེ་ལཱ་ཧེ་མཱ་ཧཱུྃ་ཡཻ་ཧཱུྃ་ཧཱུྃ་ཕ་ཧཱུྃ་ཊ་ཕ་ཊ་ཕ་ཧཱུྃ་ཊ་ཧཱུྃ་སྭཱ་ཧཱ་ཧཱ་ཧེ་ཧྲཱིཿཨོཾ་ཨོཾ་ཧཱུྃ་ཧེ་ཧཱུྃ་ཧེ་ཧྲཱིཿཕཊ་ཨོཾ་ཞེས་བྱ་བའོ། །སུམ་ཅུ་རྩ་བདུན་རྣམས་ཀྱིས་ནི། །རྣལ་འབྱོར་དབང་ཕྱུག་མ་རིམ་ལས། །རྩ་
དང་ཚིག་ནི་ཤེས་བྱ་སྟེ། །ཡི་གེ་བརྗོད་པའི་བདག་ཉིད་ཀྱི། །གཉིས་དང་གསུམ་གྱི་རྩ་བསྐྱེད་དེ། །ཡི་གེ་རེ་རེ་ཡི་ཡང་ངོ་། །ཡང་ན་ཐམས་ཅད་བསྡུས་པ་ཡིས། །བདག་ཉིད་ཆེན་པོའི་དུས་འདིའོ། །དེ་ཕྱིར་སངས་རྒྱས་ཀུན་བདག་ཉིད། །རྣལ་འབྱོར་མ་རྟག་རེ་རེ་སྐྱེ། །གལ་ཏེ་སེམས་
དཔའ་ཆེ་ཁྲོས་ན། །སྤྲོས་པའི་ཁྲོ་བོ་རྣལ་འབྱོར་མ། །དེ་བཞིན་གཏི་མུག་འདོད་ཆགས་སོགས། །རྣལ་འབྱོར་མ་ནི་རྟག་ཏུ་སྤྲོས། །ཚེགས་ཆུང་བ་ཡིས་ལས་འགྲུབ་པ། །ཡུམ་མཆོག་ལཱ་མའང་འཐོབ་པར་འགྱུར། །བཅོམ་ལྡན་བདག་པོས་འདི་གསུངས་ཏེ། །ཡི་གེ་
རེ་རེ་རྣལ་འབྱོར་མ། །མིང་ནི་དེ་དང་མཉམ་ཞེས་བྱ། །ཁྱོད་ལ་རྡོ་རྗེ་མཆོག་བསྲེས་པའོ། །དེ་ལྟར་དེ་ཉིད་རྟག་བརྟེན་ནས། །རྣལ་འབྱོར་ཕྱག་རྒྱ་དང་ལྷན་ཅིག །རྩེན་ཅིང་རྒྱ་ཆེར་རོལ་པར་བྱ། །སྲིད་དང་མྱ་ངན་འདས་དབུས་སུ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །རྡོ་རྗེ་
སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལཱ་མ་བསྐྱེད་པའི་མཚན་ཉིད་དང་སྔགས་དགོད་པ་དང་། འཁོར་ལོས་
เล่ม ๗๘ · หน้า 153b
སྒྱུར་བ་དྲུག་ལ་སོགས་པའི་རང་བཞིན་དང་མྱ་ངན་ལས་འདས་པ་ལ་སོགས་པའི་རྣམ་པར་གཞག་པ་སྟེ་ལེའུ་བཞི་པའོ།། །།དེ་ནས་མཆོག་ཏུ་རབ་བཤད་བྱ། །སེམས་ཅན་རྣམས་ལ་ཕན་བརྩེ་བས། །ཁཎྜ་རོ་ཧིའི་གནས་བཞུགས་ནས། །མངའ་བདག་རྡོ་རྗེ་
མཁའ་འགྲོ་དང་། །འཁོར་ལོ་བཞི་ཡི་པདྨོ་རུ། །རྩ་ནི་བརྒྱ་དང་ཉི་ཤུའོ། །དེ་རྣམས་མིང་ནི་ཅི་རིགས་པར། །དེ་ཁོ་ན་ཉིད་སྣོད་ལ་བཤད། །ཡུལ་དབུས་མ་དང་ཀ་ལིང་ཀ་མ་དང་། །ཨོ་ཊ་མ་དང་ཀརྞྞ་ཊ་མོ་མ་རུ་མོ། །སཽ་རཱཥྚ་མོ་མ་ལ་ཡམ་བིང་ག་མ། །འགྲོ་ལྡིང་མ་དང་ཏ་ལིཾ་ག་
ཀ་མོ། །མཱ་ལ་བ་མོ་མ་ཧ་རཥྛི་མ། །བ་རེན་དྲ་མོ་ཀཱ་མ་རུ་པི་མ། །ཌཱ་ཧཱ་ལི་མོ་ཨ་ཊ་ལི་ཡུལ་མ། །བྷ་ཌ་རི་མོ་ལཱ་ཌཱ་དབུས་འགྱུར་མ། །ཏི་ར་ཧུ་ད་ཏི་མོ་དང་དད་ད་ར་ན་ཊ་མ་དང་བལ་ཡུལ་མ། །མཉན་ཡོད་མ་དང་རཱ་ཌྷ་མོ་དང་ཌི་ཀ་ཀ་རི་མ་དང་། །བྷང་ག་ལཱ་མོ་ཁ་ཌ་མ་དང་ཧ་རི་ཀེ་ལ་མ། །
གསེར་གླིང་མ་དང་སིང་ག་ལི་མོ་དང་། །ཌ་མ་ཌ་མོ་ཀན་ཏོ་ར་ཀ་མོ། །སིན་དྷུ་ཁ་བའི་གནས་མ་ཙཱུཾ་ཌི་མོ། །ཀུ་ལུ་ཏ་མོ་ཛ་ཌ་ར་མོ་པ་ཐ་མ། །ཛ་ཛྫ་ཡུ་ཏ་མ་དང་བ་རུ་ཎ་མ་དང་། །ཨོ་ཌི་ཡཱ་ཎ་མ་དང་ལམ་པ་ཀ་མ་དང་། །ཛཱ་ལན་དྷ་ར་མ་དང་ཨར་བུ་ད་མ་དང་། །ཁ་ཆེ་མ་དང་ཀོ་ས་ལ་མོ་
ཀཱཉྩི་མ། །ཛ་ཡན་ཏ་མོ་ཏྲི་ཤཀ་ཏ་མོ་ཙམ་བྷ་མ། །ལུ་ཧ་ར་མ་པུ་ར་ཧོ་རི་ཀ་མོ་དང་། །མུམྨུ་ནམ་ཀཱམ་པོ་ཛ་མ་དང་། །བྷཊྚོ་མ་ལ་གྲི་ཧ་དེ་བ་མོ། །པྲེ་ཏ་པུ་རི་མ་དང་བབ་བྷ་ར་མ་དང་། །པི་ལ་མོ་དང་ཉེ་བའི་པི་ལ་མོ། །དུར་ཁྲོད་མ་དང་ཉེ་བའི་དུར་ཁྲོད་མ། །རྒྱ་མཚོ་ཆེན་པོའི་འགྲམ་མ་ཁ་
ས་མོ། །ཀླ་ཀློ་མ་དང་ཐམས་ཅད་ཡུལ་མ་སྟེ། །རིམ་པས་དྲུག་ཅུ་བཞི་ལྷ་མོ། །ལྟེ་བའི་འཁོར་ལོ་རྣལ་འབྱོར་མ། །རིགས་ཀྱི་རྩར་ནི་ཤེས་པར་བྱ། །སྙིང་གའི་འཁོར་ལོ་དེ་བཞིན་བརྒྱད། །ཕོ་ཉ་མོ་ཀུན་འགྲོ་མ་སྟེ། །པྲ་ཡ་ག་མོ་དེ་བི་ཀོ་ཊ་མ། །འཕགས་རྒྱལ་མ་དང་དཔལ་ཆེན་མོ། །
འབར་བའི་གདོང་མ་གྲུབ་པ་སྲིམ་བ་ལི་མོ་དང་། །མ་ཧི་ལ་མ་ཀཽ་མ་རི་མོ་སཽ་ར་མ། །དེ་ལྟར་ཐམས་ཅད་སྙིང་གནས་སུ། །སྒྱུ་མའི་རྣམ་པར་ང་ཞིང་མའོ། །མགྲིན་པར་འཁོར་ལོའི་ལྷ་མོ་ཡང་། །གཙོ་མོ་མཆོག་ནི་བཤད་པར་བྱ། །ཆ་ཆེན་བཅུ་དྲུག་ཉིད་ཡིན་ཏེ། །ཁམས་རྣམས་བཅུ་དྲུག་
เล่ม ๗๘ · หน้า 154a
དེ་བཞིན་ནོ། །ཁྲག་དང་ཁུ་བ་རྐང་དང་ནི། །རྔུལ་དང་ཚིལ་དང་པགས་པ་དང་། །ཤ་དང་རུས་པ་རྒྱུས་པ་དང་། །རྣག་དང་རྒྱུ་མ་རང་བྱུང་དང་། །བཤང་གཅི་མཁྲིས་པ་མཆིལ་མའོ། །ར་ཧ་སྱ་སོགས་ཚིལ་གྱི་ཁམས། །དེ་རྣམས་མྱོས་བྱེད་འབབ་མའོ། །མགོ་
བོ་རུ་ནི་ལྷ་མོ་ཆེ། །འཁོར་ལོ་སུམ་ཅུ་རྩ་གཉིས་རྩ། །ཞག་གི་རིམ་པ་ཐམས་ཅད་དུ། །མཚམས་ཀུན་རྨད་བྱུང་ཆེན་མོའོ། །ནག་མོ་གཙིགས་མ་འཇིགས་རུང་མ། །དགའ་མ་འདས་མ་ལོག་འདྲེན་མ། །ཙཱ་མུཎྜ་དང་དྲག་གཟུགས་མ། །ལྷ་མོ་དཀའ་ཟློག་དབྱངས་ཅན་
མ། །ནག་བཟང་མོ་དང་ནག་ཆེན་མོ། །ནག་སྦོམ་མ་དང་གཞན་མི་ཐུབ། །རྒྱལ་མ་དང་ནི་རྣམ་རྒྱལ་མ། །མི་ཕམ་མ་དང་རྒྱལ་བ་མོ། །དྲག་མོ་སྡང་མ་དབང་མོ་དང་། །ཟླ་མ་ལམ་གྱི་བཞི་མདོ་མ། །གྲོང་གནས་མ་དང་དྲག་མིག་མ། །ཀམ་པོ་ཛ་མ་ཌོམ་བི་མ། །
གཏུམ་མོ་དང་ནི་གདོལ་པ་མོ། །བྲམ་ཟེ་མོ་དང་དམངས་རིགས་མོ། །རྒྱལ་པོའི་བུ་མོ་འཕྲུལ་ཆེན་མོ། །ལྷ་རྫས་ཆང་གིས་འགེངས་བྱེད་མའོ། །དེ་ལྟར་རྩ་ཡི་འཁོར་ལོ་རུ། །ཁཎྜ་རོ་ཧཱི་ནང་འགྲོ་མའོ། །བདག་འདིར་འགྲོ་བ་མོ་ཡིན་ཅི། །རང་གི་བདག་པོས་བཀའ་
སྩོལ་ཅིག །ལུས་རྣམས་ཐམས་ཅད་ལ་ནི་ཁམས། །མཁའ་འདྲ་དངོས་པོ་གཅིག་ཏུ་འགྱུར། །ས་གཞི་ཆ་བཞིན་ཤེས་བྱ་སྟེ། །ཡུལ་གྱིས་ཕྱེ་ཡང་ས་གཞི་གཅིག །དུམ་བུ་དུམ་བུར་གྱུར་པའི་ཁམས། །ཡང་ན་ཡུལ་དང་ཞག་དག་འགྱུར། །ཌ་ཡི་ཡི་གེ་བསྟན་དེའི་
ཕྱིར། །སྒོ་ང་མངལ་གྱི་མཚན་ཉིད་ལས། །འདིར་ནི་རྣམ་ཤེས་བསྐྱེད་པར་འགྱུར། །གང་འདྲའི་གང་གི་ཁམས་རྣམས་ལ། །བཞིར་ནི་རྣམ་པར་ཤེས་བྱ་སྟེ། །ལས་ལ་དུམ་སྐྱེས་མ་རང་ཉིད། །སྡིག་པ་ཆེན་པོ་འཕྲོག་བཞིན་མ། །བསད་པ་ཁམས་ནི་ཐམས་ཅད་དོ། །དེས་
ནི་སེམས་ཅན་པྲལ་དུམ་སྐྱེས། །ཤིན་ཏུ་ལས་ཀུན་མཛད་པ་མོ། །གཙོ་མོ་མཆོག་གི་རྣལ་འབྱོར་མ། །རང་གི་འཕོ་བ་ལས་བཞེངས་མཆོག །ཉ་ནི་འཆར་བའི་དུས་དང་ནི། །འདོད་དང་རྒྱུ་སྐར་གྲེ་མཆོག་དང་། །ནུབ་ཀྱི་བ་ལང་སྤྱོད་གླིང་དུ། །འདོད་ཆགས་ཆེན་པོའི་
เล่ม ๗๘ · หน้า 154b
རང་བཞིན་མ། །དངོས་མེད་བྱེད་པ་མིན་ལྷ་མོ། །གཉིས་མེད་གོ་འཕང་ལ་བརྟེན་མ། །སུམ་ཅུ་བདུན་བདག་ཉིད་དབུས་སུ། །བསྐྱེད་འགྱུར་རང་གི་སྔགས་ལས་སྐྱེ། །ཨོཾ་བ་ས་ཛྲ་རྦ་ཁ་བུ་ཎྜ་དྡྷ་རོ་བ་ཧི་ཛྲ་ཀཱ་ཌཱ་ཡཻ་ཀེ་ཧཱུྃ་ནཱི་ཧཱུྃ་ཡེ་ཕཊ་བ་ཕཊ་རྞྞ་སྭཱ་ནཱི་ཧཱ་ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཧ་ཨོཾ།
སྔགས་འདི་རབ་ཏུ་སྦྱོར་བར་བྱེད། །དཀྱིལ་འཁོར་འདོད་པ་ཐམས་ཅད་ལ། །ལྷ་མོ་རེ་རེ་རྣམས་ཀྱི་ནི། །དབུས་སུ་འཁོར་ལོ་བཞི་སྐྱེས་མ། །ཐབས་དང་ཤེས་རབ་བདག་ཉིད་ཅན། །ཐམས་ཅད་ཆོས་འབྱུང་དབུས་སུ་སྟེ། །སྒོ་བཞི་དང་ནི་ཡང་དག་ལྡན། །རྟ་བབས་ཀྱིས་ནི་དེ་
རྣམས་བརྒྱན། །ཤ་ཆེན་པོ་ནི་ཟ་བཞིན་དུ། །འཇིགས་བྱེད་སྒྲ་ནི་བསྒྲགས་པའོ། །ལཱ་མའི་འཁོར་ལོ་བ་ལང་ཤ། །མཁའ་འགྲོ་མ་ལ་གླང་ཆེན་ཤ། །ཕག་མོ་ལ་ནི་ཤ་ཐམས་ཅད། །དམ་ཚིག་སྡོམ་པའི་སྦྱོར་བས་སོ། །གསང་སྔགས་བདེན་པར་ཤེས་བྱས་ནས། །
སྔགས་ཀྱི་ཡི་གེ་བརྗོད་པ་མིན། །སེམས་ཅན་ཀུན་གྱི་ངག་གང་དེ། །སྔགས་ནི་རྣལ་འབྱོར་མ་རུ་གྲགས། །གལ་ཏེ་ཡི་གེ་པ་སྔགས་ཡིན། །གོ་ཌིའི་ཡི་གེ་པ་དང་མཚུངས། །རྩ་ཡི་བུ་ག་བུ་ག་རུ། །དབུགས་ནི་ཡི་གེར་འདུ་ཤེས་པའོ། །སྔགས་ཀྱི་བཏུང་བས་སེམས་
ལ་ནི། །ཇི་སྲིད་རྐང་མཐར་འགོག་པ་ལས། །ཡུལ་དང་ཡུལ་དུ་ཀུན་དུ་སྤྱོད། །ཡུལ་དབུས་སུ་ཡང་འོངས་པ་ལས། །ཚིམ་བྱ་རང་གི་འཁྲུལ་འཁོར་དུ། །བུམ་པ་བཞིན་དུ་བཏུང་བ་འབབ། །དཀྱིལ་འཁོར་རང་གི་སྟན་གནས་ནས། །སྲོག་གི་འཁོར་ལོ་བཞིན་དུ་
བསྐོར། །སེམས་དཔས་འཁོར་བཞིན་པ་རུ་ནི། །ནོར་བུའི་བུ་གར་བཙིར་བར་བྱ། །བུ་ག་དགུ་རུ་ས་བོན་ཀྱང་། །རྡོ་རྗེ་སོགས་པས་བསྒོམ་པར་བྱ། །ཡང་ན་རྩ་རྣམས་ཐམས་ཅད་དུ། །སྔགས་ཀྱི་ཡི་གེ་འདི་དགོད་བྱ། །མ་ཀ་ཨོཾ་ཀཱ་མ་སཽ་མ་བི་དྲ་ཏ་མཱ་མ་བྷ་ཀཱ་ཌཱ་ཨ་བྷ་ལཱ་
མ་ཏི་ད་ནེ་སྲཱ་རཱ་ཌི་བ་ཁཱ་ཧ་སུ་སི་ཌཱ་ཀ་སི་ཧི་ཙུ་ཀུ་ཛ་པ་ཛ་བ་ཨཽ་ལཾ་ཛཱ་ཨ་ཀཱ་ཀོ་ཀཱཾ་ཛ་ཏྲི་ཙ་ལུ་པུ་མུྃ། ཀཱཾ་བྷ་གྲི་པྲེ་བ་པི་ཨུ་སྨ་ཨུ་ཁ་མྨེ་ཞེས་བྱ་བ་ནི་ལྟེ་བར་རོ། །པྲི་དེ་ཨུ་མ་ཛྭ་སུ་མ་ཀཽ་ཞེས་བྱ་བ་ནི་སྙིང་གར་རོ། །ར་ཤུ་མ་སྭཱ་མེ་ཙ་མཱཾ་ཨ་སྣཱ་པཱུ་ཨ་སྭ་བི་མཱུ་པི་ཤླེ་ཞེས་བྱ་བ་ནི་མགྲིན་པའིའོ། །
เล่ม ๗๘ · หน้า 155a
ཀྲྀ་ཀ་བྷཱི་ནཱ་ཏི་བི་ཙཱ་གཽ་ཨོ་ས་བྷ་མ་བྷྲུ་ཨ་ཛ་བི་ཨ་ཛ་གོ་དུ་ཨི་ཙ་ཙ་གྲཱ་རཽ་ཀཱཾ་ཌཽ་ཙ་མཱ་བྲཱ་སཱུ་རཱ་ཞེས་བྱ་བ་ནི་མགོ་བོའི་འཁོར་ལོ་ལའོ། །ཡང་ན་མི་ཕྱེད་མ་ལ་སོགས་པའི་མིང་ཅན་ཏེ། དེ་རྣམས་ཀྱི་ཡང་ཡིག་དང་པོ། །ཐམས་ཅད་མགོ་བོའི་འཁོར་ལོར་སྦྱིན། །འཁྲུལ་
འཁོར་འདི་ནི་བློ་ཆེན་པོ། །སྲོག་གི་རླུང་ནི་རྣམ་འཛིན་འགྱུར། །པདྨ་བཞི་ཡི་འདབ་མའི་དབྱིབས། །རེའུ་མིག་འཁོར་ལོ་རིམ་ཐིག་གདབ། །ཐམས་ཅད་ཟླུམ་པོའི་རྣམ་པར་ནི། །ཐིག་ལྔ་རྣམས་ནི་གདབ་པར་བྱ། །བརྒྱད་དང་བཅུ་དྲུག་དྲུག་ཅུ་བཞི། །སུམ་ཅུ་རྩ་གཉིས་རེའུ་
མིག་འདོད། །ལྟེ་བའི་གནས་ནི་ཐོབ་ནས་སུ། །སྲོག་གི་ནུས་པ་རྣམས་ཀྱིས་འཁོར། །ཇི་སྲིད་ཨ་བ་དྷཱུ་ཏཱིའི་རླུང་། །དེ་སྲིད་འཁྲུལ་འཁོར་འདིར་བརྗོད་དོ། །གལ་ཏེ་ངག་གིས་དེ་ལྟར་བྱེད། །སྔགས་ནི་འཇམ་སྙན་གྱིས་གླུ་ལེན། །སྒྲས་ནི་སྲོག་ངེས་ཕུར་བཏབ་ནས། །
རྩ་དགུ་པོ་ནི་དགག་པར་བྱ། །ནད་མེད་མི་རྒས་མཛེ་མེད་ཅིང་། །རྟག་ཏུ་བཀྲེས་དང་སྐོམ་པ་མེད། །དེ་ལྟར་ལ་སོགས་མཐའ་ཡས་པ། །ནད་དང་འཆི་བའི་མཐར་ཐུག་མེད། །དཀྱིལ་འཁོར་ལྔར་རམ་ཡང་ན་ནི། །འཁྲུལ་འཁོར་ཅན་ཀུན་འབབ་པར་བྱ། །ཁམས་དང་སྐྱེ་
མཆེད་གཞན་ལ་སོགས། །བདུད་རྩིའི་རྣལ་འབྱོར་ལྡན་པས་བཟའ། །མདོག་དམར་འདུ་ཤེས་ལྷག་མ་ནི། །ལཱ་མའི་ཕྱག་དང་གཟུགས་ཅན་ནོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །
བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་དུམ་སྐྱེས་མའི་མཚན་ཉིད་དང་སྐྱེད་པ་དང་། འཁོར་ལོ་བཞིའི་རྩའི་རྣམ་པར་གཞག་པའི་མིང་མདོར་བསྟན་པ་དང་། སྔགས་དགོད་པ་ལ་སོགས་པའི་
ཆོ་ག་སྟེ་ལེའུ་ལྔ་པའོ།། །།དེ་ནས་གཞན་མཆོག་བཤད་པར་བྱ། །མདོར་བསྡུས་པ་སྟེ་རྒྱས་པར་མིན། །དཔལ་ཧེ་རུ་ཀའི་ཀུན་སྦྱོར་ལས། །གཟུགས་ཅན་མ་ཡི་མཚན་ཉིད་དགེ། །ལུས་ལྡན་དང་ནི་ལས་དང་ཚིགས། །སྔོན་དུ་གཟུགས་ཅན་མ་
เล่ม ๗๘ · หน้า 155b
ལ་བརྟེན། །ཕྱི་ནང་བདག་ཉིད་ཅན་གཟུགས་སུ། །བདེ་ལ་གནས་པས་འགྲོ་བར་འགྱུར། །འདིར་ནི་རྐང་ལག་ཐམས་ཅད་ལ། །ཚིགས་ནི་བཅུ་གཉིས་ཉིད་ཡིན་ནོ། །ལྔ་ལྔ་རུ་ནི་ཤེས་བྱ་སྟེ། །བཅུ་གཉིས་ལ་རྩ་དྲུག་ཅུའོ། །དཀྱིལ་འཁོར་རྣམས་ལའང་འབབ་པ་མོ། །
འཕོ་བ་བཅུ་གཉིས་སུ་འདོད་དོ། །གཡོན་པ་དང་ནི་གཡས་པ་ལའང་། །སྔོན་དུ་ལུག་སོགས་སྔགས་རིག་པས། །ལྷག་མ་བུ་ག་བཞི་རྣམས་སོ། །ལྟེ་བ་མདོམས་དང་རྩིབ་ལོགས་གཉིས། །གྲུ་གསུམ་དེ་བཞིན་ཤེས་བྱ་སྟེ། །དེ་ཡི་སྒོ་རྣམས་རྩ་དྲུག་ཅུ། །མཚམས་ནི་
རྣམ་པ་ལྔར་རབ་གསུངས། །ཉི་མ་རྒྱུ་བར་གང་འགྲོ་བ། །དེ་འགྲོ་ཟླ་བ་ཟླ་རྣམས་སུ། །དྲུག་ལྔ་སུམ་ཅུའི་ཆ་རྣམས་སུ། །སྙིང་གར་གྲགས་པ་དེ་བཞིན་གསུངས། །རྩ་དགུ་ཇི་ལྟར་འགྲོ་བའོ། །མིག་ལ་སོགས་པའི་བུག་རྣམས་སུ། །སྒོ་ལ་བརྟེན་ནས་གནས་པར་འགྱུར། །
མགྲིན་པར་གང་འདྲ་བ་ཡི་ཁམས། །དེ་རུ་གྱུར་ནས་གནས་པའོ། །མི་ཕྱེད་མ་སོགས་སུམ་ཅུ་གཉིས། །རྒྱུད་མང་པོར་ནི་བསྔགས་པའོ། །དེ་ཡི་གཟུགས་སུ་གནས་ལྷ་མོ། །གཟུགས་ཅན་མ་དེའི་རྣམ་རྟོག་པས། །བཅོམ་ལྡན་འདས་ལ་བདག་འདྲིའོ། །གཟུགས་ཅན་མ་
ཡི་མིང་ཅི་གསུངས། །འགྲོ་བ་ཐམས་ཅད་གཟུགས་མེད་མཛོད། །རྩ་ཡི་བདེ་སོགས་མིང་གིས་སོ། །འགྲོ་བའང་དབང་པོའི་ལམ་རྣམས་སུ། །གང་འདྲའི་གཟུགས་ཀྱི་གཟུགས་ཅན་མ། །ཕ་ལས་ཐོབ་པའི་བདེ་བ་ནི། །དབང་གཉིས་རྣམ་པའི་སྦྱོར་ལས་སོ། །གང་
དང་གང་གི་རིགས་གང་ནི། །དེ་དང་དེ་ཡི་འགྲོ་བར་བཤད། །བདེན་པ་ཀུན་ལས་འདྲེན་པར་འགྱུར། །སྔགས་ཀྱི་ཚུལ་ལས་གཞན་མི་འགྲོ། །དེ་ཕྱིར་གཟུགས་ཅན་མ་འགྲོགས་ལས། །ལྷན་སྐྱེས་རྫོགས་པའི་བྱང་ཆུབ་ཚོལ། །ལྷ་མོ་ཆེན་མོ་ཁ་དོག་སེར། །ལྷག་
མ་དུམ་སྐྱེས་མ་དང་མཚུངས། །འདུ་བྱེད་ཕུང་པོའི་གཟུགས་དང་ནི། །མིང་དང་བུད་མེད་སོགས་གཟུགས་ཅན། །མཉམ་མེད་སེམས་ཅན་དོན་ལས་ཕྱིར། །གླིང་འདི་རུ་ནི་སྐྱེ་འགྱུར་རོ། །ལུག་དང་བྱ་ཀུ་ལ་གནག་པའི། །ཟླ་བ་རཱ་སིའི་རང་བཞིན་ཅན། །ཐབས་དང་ཤེས་
เล่ม ๗๘ · หน้า 156a
རབ་བདེ་བས་ཀྱང་། །དཀྱིལ་འཁོར་དབུས་སུ་བཞུགས་པའོ། །ཡང་དག་སུམ་ཅུ་བདུན་བདག་ཉིད། །ཇི་ལྟའི་རིམ་པས་དཔའ་རྣལ་འབྱོར། །གསང་སྔགས་ཁ་དོག་སྦྱོར་བ་རུ། །གཟུགས་ཅན་གཙོ་མོའི་ཤེས་པར་བྱ། །ཨོཾ་བཛྲ་གྲཾ་རཱུ་ན་པི་
མཿ། ནཱི་ཧི་ཡི་ཨོཾ་ཀེ་སྭཱ་ཧཱུྃ་ཧཱ་ཧཱུྃ་ཧུ། ཕ་ཨོཾ་ཊ་བཽ་ཕ་ཥ་ཊ་ཊ་ཧེ་སྭཱ་ཧཱ་ཧཱུྃ་ཧཱུྃ་ཧོཿ། ཨོཾ་ཕཊ་ཕཊ་ཧཾ། དེ་ལྟར་རང་བཞིན་ལས་ཤེས་བྱ། །སྔོན་གྱི་ཆོ་གའི་ལས་ཀྱིས་ནི། །དབུས་མའི་བུ་གར་ཕྱིན་ནས་ནི། །དབུགས་ནི་རྣམ་ཤེས་ངོ་བོ་ཅན། །སངས་རྒྱས་ཞིང་ནི་གྲངས་མེད་པ། །མ་ལུས་
སྐད་ཅིག་དེ་ལ་མཐོང་། །མ་ལུས་རང་བདག་ངོ་བོ་ཅན། །བསྒོམས་དང་ཐོས་དང་མཐོང་བ་ཡང་། །བགྲོད་བཞིན་པ་ན་རྟོགས་མི་འགྱུར། །འདི་ནི་སྒྱུ་མའི་རང་མཚན་ཉིད། །གཟུགས་ཀྱི་སྐུ་ཡང་རྣམ་གསུམ་སྟེ། །སྐུ་གསུང་ཐུགས་ཀྱི་མཚན་ཉིད་དེ། །དེ་ནི་འདོད་དང་
གཟུགས་གཟུགས་མེད། །མེ་ལོང་དུ་ནི་གདོད་རྫོགས་པ། །ཇི་བཞིན་ཁམས་གསུམ་ལ་གནས་ནས། །དེ་ཡི་གཟུགས་དང་གཞན་གཟུགས་ཅན། །གཟུགས་དང་གཟུགས་ལས་གཟུགས་བརྙན་ཏེ། །གྲངས་མེད་པ་ཡི་འཇིག་རྟེན་ཁམས། །གཟུགས་ཅན་སྒྱུ་མས་
བུད་མེད་དང་། །ཐབས་ནི་སྐྱེས་བུའི་ལས་ཅན་གྱི། །གཉིས་མེད་བུད་མེད་སྐྱེས་བུ་གཅིག །གཅིག་མིན་གཅིག་མིན་མིན་གཟུགས་ཅན། །གཟུགས་ཀྱི་ཡུལ་ལ་སོགས་དངོས་ལ། །མཚོན་བྱེད་མཚོན་བྱ་མེད་གཟུགས་ཅན། །མཚོན་དཀའ་མཚོན་བྱའོ་མཚོན་བྱ་ལ། །
མཚོན་བྱ་གཟུགས་མེད་མཚན་ཉིད་མ། །མཚོན་མེད་སྤྱོད་ཡུལ་དེ་ཡང་ནི། །མཚོན་པ་པོ་དེའི་སྤྱོད་ཡུལ་ལོ། །ཇི་ལྟར་ལ་ལར་རྨི་ལམ་མཐོང་། །རང་ཉིད་ཤི་བ་མཐོང་འགྱུར་ནའང་། །མཐོང་བཞིན་དུ་ཡང་ངུ་བར་བྱེད། །གཟུགས་དང་གཞན་གྱི་གཟུགས་ཅན་ནོ། །དེ་ལྟར་ཀུན་གྱི་
རང་བཞིན་དུ། །རྡོ་རྗེ་སེམས་དཔའ་རང་གི་དང་། །སེམས་དཔའ་ཆེན་པོའི་རང་བཞིན་དང་། །དམ་ཚིག་སེམས་དཔའ་ཆེན་པོ་པ། །བྱང་ཆུབ་ཆེན་པོའི་ཚུལ་སེམས་དཔའ། །བརྟན་དང་འགྲོ་བ་སྣ་ཚོགས་སོ། །དེ་ལྟའི་གཟུགས་ནི་ཇི་ལྟར་སྔོན། །རྟོག་གེ་པ་རྣམས་ཀྱིས་
เล่ม ๗๘ · หน้า 156b
མི་ཤེས། །བྱིས་པའི་རྣལ་འབྱོར་རྟོགས་བྱ་མིན། །རྣལ་འབྱོར་མ་ཡི་མཆོག་ཐོབ་པས། །སྐྱེ་བ་འདི་ཉིད་ལ་ཤེས་འགྱུར། །སྐྱེ་བོ་ཐམས་ཅད་བྱང་ཆུབ་རང་བཞིན་ཏེ། །རྨོངས་པའི་བྱིས་པས་ཤེས་པ་མ་ཡིན་ནོ། །སེམས་ཅན་ཐམས་ཅད་རྣལ་འབྱོར་མའི་དེ་ཉིད། །མི་གང་ཡིན་
པ་དེ་ནི་རྡོ་རྗེ་འཆང་། །གླུ་འདི་བླངས་པས་ཐམས་ཅད་ནི། །སྐྲག་སྟེ་ས་ལ་བརྒྱལ་བར་འགྱུར། །རྣལ་འབྱོར་མ་རྣམས་འགྱེལ་ནས་ཀྱང་། །ཆོས་ཀྱི་སྤྱོད་ཡུལ་ངོ་མཚར་ཏོ། །ཐོད་པའི་དུམ་བུ་ལ་སོགས་གཙོ། །དཔའ་བོ་རྣམས་ཀྱིས་བསྐུལ་མཛད་ནས། །གསོན་ཅིག་
གསོན་ཅིག་སྲིན་མོ་ཁྱེད། །སེམས་ཅན་ཁམས་ཀྱི་རང་བཞིན་གྲོལ་བྱེད་མ། །ཁྱེད་དང་སེམས་ཅན་རྣམས་ལ་དབྱེ་བ་མེད། །དཔའ་བོ་ཐམས་ཅད་སྒྲོལ་བར་མཛད་པ་མོ། །སླར་ཡང་བཅོམ་ལྡན་འདས་ཀྱི་ནི། །སྐུ་ལ་ཐམས་ཅད་རབ་ཏུ་ཞུགས། །སླར་ཡང་སྤྲོ་བའི་སྦྱོར་བ་ཡིས། །
གཙོ་བོའི་ཞལ་ནས་སྤྲོས་པར་འགྱུར། །རྣམ་སྣང་མཛད་ལ་སོགས་པའི་རྒྱུ། །སླར་ཡང་ཞལ་ནས་སྤྲོ་བར་མཛད། །བཅོམ་ལྡན་ཐམས་ཅད་བསྡུ་མཛད་ནས། །རྣལ་འབྱོར་མ་ཡི་རྒྱུད་ལ་ནི། །ཆེད་དུ་བརྗོད་པས་ཆེད་བརྗོད་མཛད། །རྣལ་འབྱོར་རྒྱུད་ཀུན་ལ་ཡང་ངོ་། །རྣམ་
སྣང་མཛད་དང་རིན་ཆེན་དབང་། །འདིར་ནི་འདོད་ཆགས་དོན་ཡོད་གྲུབ། །མི་བསྐྱོད་པ་དང་སྤྱན་མའི་རྒྱུད། །མཱ་མ་ཀཱི་དང་གོས་དཀར་མོ། །སྒྲོལ་མ་དང་ནི་གཟུགས་རྡོ་རྗེ། །སྒྲ་དང་དྲི་དང་རོ་དེ་བཞིན། །རེག་དང་ཆོས་དབྱིངས་སུ་གྲགས་དང་། །ས་སྙིང་ནམ་མཁའི་སྙིང་པོ་དང་། །
ཕྱག་ན་རྡོ་རྗེ་འཇིག་རྟེན་དབང་། །སྒྲིབ་ཀུན་སེལ་དང་བཟང་པོ་དང་། །འཇམ་དཔལ་དང་ནི་བྱམས་པ་དང་། །གཤིན་རྗེའི་དགྲ་དང་ཤེས་མཐར་མཛད། །པདྨ་མཐར་མཛད་བགེགས་མཐར་མཛད། །མི་གཡོ་བ་དང་དབྱུག་སྔོན་ཅན། །འདོད་དང་སྟོབས་ཆེན་གནོད་མཛེས་དང་། །
གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། །ཁྲོ་གཉེར་རི་ཁྲོད་ལོ་མ་ཅན། །ལྷག་མ་རྡོ་རྗེ་སེམས་དཔའོ། །དེ་ལྟར་རྒྱུད་ཀྱི་མིང་འདི་ནི། །ཐབས་ཀྱི་དངོས་པོའི་མཚན་ཉིད་དོ། །ཤེས་རབ་རྒྱུད་ནི་རང་བྱུང་ཉིད། །རང་གི་རང་བཞིན་རྟག་ཏུ་གནས། །བྱང་ཆུབ་ཕྱོགས་ཀྱི་ཆོས་
เล่ม ๗๘ · หน้า 157a
རྣམས་སུ། །མི་འཇིག་གོ་འཕང་རྗེས་འགྲོ་བ། །བསྐལ་པ་བསྲེག་པའི་དུས་སུ་ནི། །གཞན་དུ་སོང་ནས་ཡང་དག་གནས། །ཐོད་པའི་དུམ་ལ་སོགས་དཔའ་བོ། །མིང་ནི་མི་བསྐྱོད་ལ་སོགས་སོ། །དངོས་པོའི་དབྱེ་བའི་རྣམ་གྲངས་ཀྱིས། །རིགས་ནི་དུ་མ་
འབྱུང་བའོ། །གཟུགས་ཅན་མ་ཡི་གནས་བརྟེན་ནས། །དཔའ་བོས་ལ་བསྒྱིངས་པར་འགྱུར། །གཟུགས་ནི་གཟུགས་མེད་གྱུར་པའི་གཟུགས། །བདེ་མཆོག་དང་ནི་མཉམ་པར་འཁྱེར། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །
རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གཟུགས་ཅན་མའི་མཚན་ཉིད་ཀྱི་རང་བཞིན། རྩའི་འཁོར་ལོའི་རང་བཞིན་དང་གནས་ཀྱི་རྣམ་པར་གཞག་པ་
དང་རྒྱུད་ཀྱི་མཚན་ཉིད་ཀྱི་ཆོ་ག་སྟེ་ལེའུ་དྲུག་པའོ།། །།དེ་ནས་རྣལ་འབྱོར་མཆོག་གི་ས། །ཆོ་ག་མཐོང་བའི་ལས་ཀྱིས་ཏེ། །གང་གིས་ཁྭ་གདོང་མ་བྱུང་བ། །དེ་ཡི་ཆོ་གས་ཐར་འགྲོ་མ། །ཉེ་བའི་གླིང་དུ་གནས་མ་སྟེ། །ཁྱུ་མཆོག་འཕོ་དང་བཟང་པོ་མ། །
ས་གའི་ཟླ་བར་ཤེས་བྱ་སྟེ། །ས་ལྔ་པར་ནི་འདོད་པ་ཡིན། །ལྷ་མོ་སྒོ་ན་གནས་པ་མོ། །ཀཱ་ནི་ཆོས་དབྱིངས་མར་འདུ་ཤེས། །གཉིས་པ་ཆོས་ཀྱི་སྐུ་དང་ནི། །དེ་ལས་ལོངས་སྤྱོད་རྫོགས་འབྱུང་བ། །སྱཱ་ནི་སྤྲུལ་པའི་སྐུ་ཡིན་ཏེ། །ལྟེ་སྙིང་མགྲིན་པ་མགོ་བོ་ལས། །བུ་
ག་བཞི་རྣམས་ཤེས་བྱ་སྟེ། །བྱ་རོག་འདྲ་བའི་སྲོག་གདོང་ཅན། །དེ་ལ་རྟག་ཏུ་མངོན་སྤྱོད་ནི། །སྲོག་ཆགས་རྣམས་ནི་སྐད་ཅིག་གསོད། །ཀླུ་རྣམས་དགུག་པར་བྱ་བ་དང་། །ཆར་དབབ་པ་དང་རེངས་པའོ། །ཆོས་ཀྱི་དབྱིངས་དང་བྱང་ཆུབ་ཆེ། །རྣལ་འབྱོར་མ་ཀུན་རང་
བཞིན་མ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་ལ། །བདེ་བ་འདོད་པས་འགྲོ་བ་མོ། །སྔགས་བདེན་ལས་ཀྱི་བདག་ཉིད་ཅན། །བྱ་རོག་གཙོ་མོ་དེ་ལ་བརྟེན། །རྡོ་རྗེ་ཕག་མོ་དེ་ལ་ནི། །བྱ་རོག་མ་ནི་གནས་སུ་སོན། །སུམ་ཅུ་རྩ་བདུན་རྣལ་འབྱོར་མ། །སྔགས་འདི་ལས་ནི་བྱུང་བ་ཡིན། །
เล่ม ๗๘ · หน้า 157b
ཨོཾ་བ་ན་ཛྲ་མོ་ཀཱ་བྷ་ཀཱ་ག་སྱཱ་བ་ཡ་ཏེ་ཀེ་བཱི་ཧཱུྃ་རེ་ཧཱུྃ་ཤཱ་ཕ་ཡ་ཊ་ཧཱུྃ་ཕ་ཧཱུྃ་ཊ་ཕ་སྭཱ་ཊ་ཧཱ་ཕ་ཨོཾ་ཊ་སྭཱ་ཧཱུྃ་ཧཱ་ཧཱུྃ། འདི་ནི་རིང་ཐུང་དབྱེ་བ་ལས། །ཤེས་རབ་ཐབས་ཀྱི་རང་བཞིན་ཅན། །ཐུང་ངུ་ཐབས་ཀྱི་རང་བཞིན་དང་། །རིང་པོ་ཤེས་རབ་མངོན་པར་བརྗོད། །ཁ་དོག་ནག་མོ་དྲག་ཆེན་མོ། །ལྷག་
མ་མཁའ་འགྲོ་མ་དང་མཚུངས། །གང་ཕྱིར་བྱང་ཆུབ་སེམས་ཞུ་བ། །དེ་ཚེ་བྱ་རོག་ལས་རྒྱལ་མ། །ནམ་མཁར་བྱ་རོག་བཞིན་འཁོར་བ། །བྱ་རོག་གདོང་མའི་རླུང་གིས་སོ། །གང་ཕྱིར་འཕུར་ཞིང་སྟེང་འཕུར་བ། །དེ་ཕྱིར་འོག་དང་སྟེང་དུ་ལྟ། །བྱ་རོག་བཞིན་དུ་རིང་འཕུར་
ནས། །བྱ་རོག་གླིང་དུ་སླར་འོང་བའོ། །དེར་སོན་པ་ནི་བདེ་ཆེན་པོ། །ལུས་ཀྱིས་ཉམས་སུ་མྱོང་བའོ། །བསོད་ནམས་ལས་ཀྱིས་སྐྱེ་བར་འགྱུར། །རྣལ་འབྱོར་གོང་ནས་གོང་དུའོ། །བསོད་ནམས་མིན་ལྡན་དེ་བཞིན་འདིར། །དམྱལ་བ་བྱ་རོག་དུམ་བུ་ཅན། །ཕ་རོལ་ཕྱིན་
ཚུལ་རྣམས་ཀྱི་ཡང་། །སྦྱིན་པའི་ཕ་རོལ་ཕྱིན་པར་འདོད། །མ་བྱིན་ལེན་པས་དམྱལ་བ་པ། །བྱ་རོག་བཞིན་དུ་རྟག་ཏུ་བཀྲེས། །དེ་ཡི་དེ་ལྟར་ལས་དུས་སུ། །མི་གང་ངང་གིས་འཆི་བར་འགྱུར། །རྣལ་འབྱོར་མ་ནི་དེ་བསྒོམས་ནས། །བདེ་ཆེན་ཉམས་སུ་མྱོང་བར་འགྱུར། །
རྣལ་འབྱོར་མ་ཡི་སྤྱོད་ཀུན་ཀྱང་། །རང་གིས་རང་ནི་འཐོབ་པར་འགྱུར། །ལས་མ་བྱས་ན་གང་གི་ནི། །ལས་ཅན་མེད་ཅིང་ལས་བྱེད་མེད། །རང་སེམས་འཕོ་བ་ལས་ཡིན་ཏེ། །ལས་དེ་ལས་བྱེད་པ་ཡང་དེ། །ལུས་ཀྱི་དབྱིབས་དང་གཟུགས་བདག་ཉིད། །སེམས་མེད་པ་ནི་
སེམས་དཔའ་མཆོག །ལག་པ་རྐང་པ་ཐམས་ཅད་ཀྱིས། །གང་བྱས་ལས་བྱེད་པ་རང་ངོ་། །དེ་ཀུན་གྱི་ནར་ཁྱེར་བ་ནི། །ཡང་དག་ལས་མཐའི་མཚན་ཉིད་དོ། །ལས་ཀྱང་དགེ་བ་རྒྱུ་དོན་གཉེར། །མི་དགེ་རང་གིས་སྤང་བར་བྱ། །རྣལ་འབྱོར་མ་རྣམས་ཀྱི་མཆོད་པའམ། །དེ་
བཞིན་བཟའ་བ་འདུ་བ་ནི། །གྲོང་དང་གྲོང་ཁྱེར་གནས་པ་དང་། །རི་ལ་སོགས་པའི་རྩེ་ཆེན་དུ། །དམ་ཚིག་དོན་དུ་མཆོད་པར་བྱ། །རྣལ་འབྱོར་དངོས་གྲུབ་འབྲས་རབ་སྟེར། །མཁའ་འགྲོ་མ་ཡི་གཟུགས་བརྙན་ཀྱང་། །ཁྱབ་གནས་རླུང་གི་མིང་ཅན་ཏེ། །སྲོག་དང་ཐུར་སེལ་
เล่ม ๗๘ · หน้า 158a
མཉམ་གནས་དང་། །ཁྱབ་བྱེད་ཇི་ལྟའི་རིམ་གཉིས་ཀྱིས། །མཁའ་འགྲོ་དེ་བཞིན་ལཱ་མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་མ། །འུག་གདོང་ཁྱི་དང་ཕག་གདོང་མ། །རིམ་པས་ཀླུ་དང་རུས་སྦལ་རྩངས། །ལྷ་སྦྱིན་དང་ནི་ནོར་ལས་རྒྱལ། །རྟག་ཏུ་བརྟན་
མ་ཕོ་ཉ་གཉིས། །དགའ་དང་སྐྱོ་བ་ཞེས་བྱ་བ། །མཆེ་མ་དང་ནི་འཇོམས་མ་མཆོག །མདོར་བསྟན་པ་ཡི་ཚིག་འདི་ཡང་། །རྒྱས་བཤད་ཀུན་ནས་བརྗོད་པར་བྱ། །ཕག་མོས་མཆོད་པ་བྱས་ནས་ནི། །རྡོ་རྗེ་སེམས་དཔའ་ལ་ཞུས་པ། །ཇི་སྲིད་སྲོག་སོགས་རླུང་རྣམས་ཀྱི། །
སོ་སོ་རེ་རེའི་མིང་འདུ་ཤེས། །བདག་གི་སྟོན་པ་ངོ་མཚར་ཆེ། །དུས་ཀུན་དུ་ནི་སྐྱེ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོར་གཙོ་བོ་ཅན་འཛིན་པ། །སྟོང་པའི་ངོ་བོས་གྲོལ་བར་འགྱུར། །རྡོ་རྗེ་ལྟ་བུའི་རླུང་དགོད་བྱ། །རྟེན་ནི་སྣོད་ཀྱི་འཇིག་རྟེན་ལའོ། །
གང་ཕྱིར་འཇིག་པ་ཐིམ་འགྱུར་བ། །དེ་ཡི་དབྱིབས་ཚུལ་ཀྱང་མེད་པ། །དེ་ཕྱིར་ཐུར་སེལ་ཞེས་བྱ་ཡང་། །འགྲོ་བ་དང་ནི་འོང་བར་བསྟན། །མཉམ་གནས་རིགས་སུ་སོང་ནས་ནི། །སྔོན་དུ་གང་དང་གང་རྣམས་ཀྱིས། །ངག་ཏུ་བརྗོད་པ་སྨྲ་བར་འགྱུར། །སྔོན་དུ་བག་ཆགས་
མ་ལུས་པའོ། །ཁྱབ་བྱེད་འགྲོ་བ་ཐམས་ཅད་ལ། །རྒྱས་འདེབས་པས་ན་ལས་ཀྱི་རླུང་། །ཀླུ་ནི་ཁྲོ་བོའི་ངོ་བོ་ཉིད། །ཁྱབ་བྱེད་དེ་བཞིན་ཚིག་གཉིས་ཏེ། །རུས་སྦལ་སེར་སྣའི་ངོ་བོ་ནི། །སྨྲ་བ་ཡི་ནི་མཚན་ཉིད་དོ། །རྩངས་པ་འདོད་ཆགས་མཉམ་གནས་སོ། །ཐུར་སེལ་
ཕྲག་དོག་ལྷ་སྦྱིན་ནོ། །ནོར་རྒྱལ་གཏི་མུག་བདག་ཉིད་དོ། །སྲོག་གི་རླུང་ནི་གྲངས་གཉིས་ལས། །དགའ་བའི་ཡེ་ཤེས་ཅན་ཤེས་བྱ། །སྐྱོ་བ་དེ་ཡི་བཏགས་པའོ། །དེ་ཕྱིར་མཁས་པས་སོ་སོར་ཤེས་པ་ཡིས། །གང་ཕྱིར་སྲོག་གི་རླུང་ནི་ཐམས་ཅད་བདག་ཉིད་སྐྱེ། །ཇི་ལྟར་
ས་ནི་བཅུ་གཉིས་ལས། །ཐོག་མ་དེ་ཉིད་བཅུ་གཉིས་པའོ། །བཅུ་པོ་རྣམས་ཀྱིས་དེ་ཤེས་བྱ། །གང་ཕྱིར་ས་བཅུའི་དབང་ཕྱུག་གོ། །ས་གཅིག་རང་བཞིན་རྣམས་ཀྱིས་ནི། །རྡོ་རྗེ་འཛིན་མ་ཆེན་མོར་འདོད། །སྦྱིན་སོགས་ཕ་རོལ་ཕྱིན་པ་གང་། །ལྷན་སྐྱེས་ཡང་དག་བྱང་
เล่ม ๗๘ · หน้า 158b
ཆུབ་ཉིད། །ཐམས་ཅད་ཀྱི་ནི་ནང་སོན་པས། །རྡོ་རྗེ་དབྱིངས་དབང་ཕྱུག་མ་མཆོག །བཤད་དང་མ་བཤད་གང་ཅིའང་རུང་། །དེ་ཀུན་བྱང་ཆུབ་ཚུལ་ཅན་ནོ། །སླར་ཡང་བྱ་རོག་དབྱིབས་ལྷ་མོ། །དེ་ནས་བྱེད་པའི་གཟུགས་ཅན་མའོ། །བྱེད་པ་ཕྱོགས་ཀྱི་གནས་ལ་སྟེ། །
རྩ་གནས་ཀུན་གྱི་བུ་གའོ། །ཐིམ་དང་དེ་ལས་ལངས་བསམ་གཏན། །ཁྭ་གདོང་མིང་དུ་འདུ་ཤེས་སོ། །དེ་ལྟར་རྣལ་འབྱོར་གཏེར་ཐམས་ཅད། །བླ་མའི་ཞལ་ལས་གསལ་འཐོབ་འགྱུར། །བླ་མ་གང་དེ་མི་བརྙས་ཤིང་། །སྟོན་བྱེད་དེ་ཉིད་འདོད་པར་བྱ། །འཕགས་
པའི་གོ་འཕང་མ་ཐོབ་ན། །མནར་མེད་ལ་སོགས་རྣམས་སུ་འཚེད། །ཀུན་ནས་བླ་མ་གུས་པ་ལས། །བྱང་ཆུབ་རབ་ཏུ་འཐོབ་པར་འགྱུར། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་
བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཁྭ་གདོང་མ་ལ་སོགས་པའི་སྲོག་སྐྱེད་པའི་མཚན་ཉིད་ཀྱི་ཆོ་ག་སྟེ་ལེའུ་བདུན་པའོ།། །།དེ་ནས་གཞན་གྱི་མཚན་ཉིད་མཆོག །འུག་གདོང་
ལ་སོགས་གང་གསལ་བ། །བྱེད་པ་ཡང་དག་བྱ་བ་དང་། །ཐམས་ཅད་མཚམས་ནི་བཤད་པར་བྱ། །འཁྲིག་པ་སྡིག་པ་སྣྲོན་རྣམས་ནི། །ཟླ་བའི་སྦྱོར་བས་རྟག་ཏུ་གནས། །འུག་གདོང་ཡེ་ཤེས་ཐོབ་ནས་ནི། །རྩ་ནི་ལམ་གསུམ་འགྲོ་བ་མོ། །ཨུ། དྲག་ཤུལ་གཟི་བརྗིད་
གཙིགས་པ་མོ། །ཡེ་ཤེས་ལམ་དབང་བཟའ་བ་ལས། །ལཱུ། འདོད་ལ་དགའ་བ་སྒྱུ་འཕྲུལ་ཆེ། །ལྷ་མིན་ལ་སོགས་སྐྱེ་རྣམས་ལ། །རྐང་པའི་མཐེབ་མཐར་བཅུ་གཉིས་སུ། །ཀ། མདའ་ཡི་ཤུགས་ཀྱིས་འགྲོ་བར་འགྱུར། །འུག་གདོང་མ་ཡི་མིང་ལ་ཡང་། །ཨུ་ནི་ཨོ་
ཌྱན་བུ་གར་འདོད། །ལ། པུལླཱི་ར་མ་ལ་ཡར་གྲགས། །ཨཱུ་ནི་མུམྨུ་ནི་ཞིང་ངོ་། །ཀཱ་ནི་ཀཱ་མ་རཱུ་པ་སྟེ། །དེ་བཞིན་སྱ་འདིར་ཞིང་ཀུན་འདོད། །ཞིང་ཀུན་དབུགས་སུ་གྱུར་པ་ནི། །གྲུ་གསུམ་རྣམ་པའི་བདེ་བའི་མཐའ། །གང་ཕྱིར་གནས་ལྔའི་བདག་ཉིད་ཀྱི། །མི་ཟད་ཧེ་རུ་ཀའི་གོ་
เล่ม ๗๘ · หน้า 159a
འཕང་། །ཡང་ན་བདག་གི་གདན་སོགས་སུ། །དཔལ་ཧེ་རུ་ཀ་རྡོ་རྗེ་རང་། །སྐྱེ་གནས་གནས་ལྔའི་བདག་ཉིད་དེ། །སྙིང་ལྟེ་རྐན་དང་མགོ་བོ་དང་། །གསང་བ་རུ་ཡང་རྩ་ཀུན་གྱི། །སྐྱེ་གནས་བུ་ག་ལྔའི་བདག་ཉིད། །སྒོང་སྐྱེས་དང་ནི་དྲོད་གཤེར་སྐྱེས། །མངལ་
སྐྱེས་བརྫུས་ཏེ་སྐྱེས་པ་རྣམས། །སེམས་ཅན་སངས་རྒྱས་ཡོན་ཏན་བདག །རིགས་ལྔ་རབ་ཏུ་སྟོན་པའོ། །ཉེ་བའི་གླིང་དུ་གནས་མ་ཡང་། །གཙོ་མོའི་གཟུགས་ཅན་ཡང་དག་གནས། །སྔགས་ཀྱི་ཕྲེང་བ་ལས་སྐྱེས་རྣམས། །སུམ་ཅུ་རྩ་བདུན་བདག་ཉིད་སྐྱེས། །ཨོཾ་བ་མ་ཛྲ་ཧཱ་ཨུ་ཀ་ལཱུ་
ལྤ་ཀཱ་ཨ་སྱཱ་གྣི་ཡ་སཾ་ཀེ་ནི་ཧཱུྃ་བྷཱ་ཧཱུྃ་ཡ་ཕ་ཧཱུྃ་ཊ་ཧཱུྃ་ཕ་ཕ་ཊ་ཊ་སྭཱ་ཕ་ཧཱ་ཊ་ཨོཾ་སྭཱ་ཧཱུྃ་ཧཱ། དེ་ལྟར་སྔགས་དེ་ཁོ་ནའི་བདག །ཤེས་རབ་ཐབས་ཀྱི་རང་བཞིན་ཅན། །ཁ་དོག་ལྗང་སེར་དྲག་ཆེན་མོ། །ལྷག་མ་ལཱ་མ་དང་ནི་མཚུངས། །དཀྱིལ་འཁོར་དབུས་སུ་བསྒོམས་བྱས་ནས། །དུར་ཁྲོད་གནས་
དང་གཉིས་མེད་པ། །ཀུན་སྤྱོད་རྩ་རྣམས་ཐམས་ཅད་ཀྱི། །རྒྱས་པའི་དགའ་བའི་སྤྱོད་ཡུལ་ལོ། །འདི་ནི་འཚོ་བའི་ཏིང་འཛིན་དང་། །འོད་གསལ་རྣམ་པའི་ཆོས་ཉིད་དོ། །བསྐྲད་པའི་ལས་དང་རྣལ་འབྱོར་མ། །འཇིག་རྟེན་གྱི་ནི་འདྲེན་པ་མོ། །རང་བསྟན་ཆོས་ལས་གསུངས་པ་ཡི། །
སྣ་ཚོགས་ལས་ཀྱང་བྱ་བའོ། །ཀུན་གྱི་རྣལ་འབྱོར་ཡོངས་རྫོགས་ནས། །རྒྱུད་འདི་ཡི་ནི་སྤྱོད་ཡུལ་ལོ། །འོན་ཀྱང་རྣལ་འབྱོར་དེ་ཀུན་ཀྱང་། །མདོར་བསྡུས་ཚུལ་ནི་ཚིག་འདི་ཡིན། །སོ་སོར་སྡུད་དང་དེ་བཞིན་དུ། །བསམ་གཏན་སྲོག་རྩོལ་འཛིན་པ་དང་། །རྗེས་སུ་དྲན་དང་
ཏིང་འཛིན་ཏེ། །སྦྱོར་བའི་མཚན་ཉིད་རྣམ་དྲུག་གོ། །སོ་སོར་སྡུད་པ་ཁྭ་གདོང་མ། །འུག་གདོང་མ་ནི་བསམ་གཏན་འདོད། །སྲོག་རྩོལ་དུ་ནི་གནས་པ་ཁྱི། །འཛིན་པ་ལ་ནི་ཕག་མོའོ། །རྗེས་དྲན་གནས་པ་ཕོ་ཉ་མོ། །ཏིང་ངེ་འཛིན་ནི་བརྟན་མར་འདོད། །མཆེ་བ་མ་ནི་རྒྱས་
བསྟན་ཐོབ། །འཇོམས་མ་འབྲས་བུ་ཀུན་བདག་སྐྱེས། །འཁོར་བ་ལས་ནི་གྲོལ་གྱུར་པ། །རང་གི་སྐུ་ནི་སྒྱུ་མ་མཉམ། །བདག་བྱིན་རླབས་འདི་ཕྲ་མོ་དང་། །རྡོ་རྗེ་བཟླས་རང་མཚན་ཉིད་དོ། །རྫོགས་པའི་བྱང་ཆུབ་སེམས་ཀྱི་གཏེར། །དེ་ལས་ལྷག་མ་ཟུང་འཇུག་གོ། །མྱ་
เล่ม ๗๘ · หน้า 159b
ངན་འདས་ཞེས་བྱ་བའང་འདི། །ལམ་ཐམས་ཅད་ཀྱིས་མྱ་ངན་འདས། །ཐེག་ཆེན་ཀུན་ལ་རབ་འཇུག་པ། །སྔགས་ཀྱི་ཐེག་པ་རུ་ནི་བྱེད། །བྱ་བ་བསྟན་བཅོས་དགེ་སྣ་ཚོགས། །སྙིང་རྗེ་མཉེས་གཤིན་པ་ཡིས་བྱེད། །གང་འདྲའི་དངོས་དང་དངོས་པོ་ལ། །ཡེ་ཤེས་རྣམ་པའི་
རང་བྱུང་གིས། །དེ་འདྲ་བ་ཡི་སེམས་རྒྱུན་ལས། །བདག་ཉིད་རྣལ་འབྱོར་རྣམས་ཀྱིས་མཐོང་། །ལུས་ཀྱི་མཚན་ཉིད་ཡང་དག་པ། །རྩ་ཡི་གུར་ནི་བཤད་པར་བྱ། །སྤྱི་གཙུག་ནས་ནི་ནོར་བུའི་མཐར། །མཚམས་དང་མགྲིན་པ་རྣམ་གཉིས་འདོད། །རྐང་པའི་མཐེ་བོ་
མཚམས་མཐའ་དང་། །སྨིན་དབུས་དེ་བཞིན་སྒྲོ་བ་སྟེ། །མཚན་མའི་རྩ་བ་དཔྲལ་བ་དག །མིག་དང་རྐང་པའི་སོར་མོ་གཉིས། །མིང་མེད་པས་ནི་པུས་མོར་ཤེས། །བྱིན་པ་རྣ་བ་གཉིས་དག་དང་། །རྐང་པའི་མཐིལ་དང་སྙིང་ག་དག །ལྟེ་བ་དང་ནི་རྒྱབ་གཞུང་དང་། །བཤང་ལམ་
དང་ནི་རྐན་ཤེས་བྱ། །རྐང་པའི་ཚིགས་དང་མཆུ་དག་དང་། །མཁུར་བ་མཁུར་ཚོས་དག་དང་ནི། །མདོམས་དང་མཆན་ཁུང་གཉིས་དང་ནི། །ལག་པའི་ཚིགས་དང་རྐང་པ་དག །དཔུང་པའི་ཚིགས་དང་ནུ་མ་གཉིས། །མཇིང་པ་ཐལ་གོང་འདིར་མཚམས་སོ། །མཇུག་མ་ནོར་བུ་
གཉིས་དག་དང་། །རྐེད་པའི་ཚིགས་དང་མགྲིན་པ་དང་། །དཔྲལ་བ་དང་ནི་ཚིགས་གཉིས་དག །རྣ་བུག་དག་དང་རྩ་བ་དང་། །བྲང་དག་གཉིས་ཀྱི་མཚམས་སུ་འདོད། །སྟན་དག་དང་ནི་སྨིན་ཁུགས་དང་། །ལྕེ་དང་མི་ཡི་སྣ་གང་དག །དེ་བཞིན་དུ་ནི་རྐན་དང་ལྕེ། །བོལླ་ཀཀྐོ་ལ་
གཉིས་དག །དེ་ལ་སོགས་པ་དུ་མ་ནི། །རྩ་དང་ཚིགས་ཀྱི་གནད་དུ་འགྱུར། །རང་རང་སྤྱོད་པ་བཙིར་བྱ་སྟེ། །བྱང་སེམས་བདག་ཉིད་ཆེ་རྣམས་ཀྱི། །བཙན་ཐབས་སྦྱོར་བའི་ཆོ་ག་རུ། །ཤེས་བྱ་བླ་མའི་གསུང་གིས་སོ། །ཟླ་བ་ཟླ་བའི་ཚེས་གང་དུ། །ཚེས་གྲངས་དེ་ལ་རྩ་
བའི་རྩ། །དཀར་པོའི་ཚེས་གཅིག་ལ་སོགས་ནས། །ཇི་སྲིད་ནག་པོའི་མཐར་ཐུག་པར། །ཤེས་བྱང་ཆུབ་འབབ་པའི་རྩ། །འུག་མོ་སྒོ་ལ་སྤྱོད་པ་མོ། །གང་དང་འདྲ་བའི་གདོང་དེ་ཡི། །དེ་འདྲའི་སོར་མོའི་ཕྱག་རྒྱ་ནི། །དབུགས་ནི་དེ་དང་འདྲ་བར་བྱ། །ཕྱི་དང་ནང་གི་བདག་ཉིད་
เล่ม ๗๘ · หน้า 160a
འདོད། །ཡང་ན་རྩ་རྣམས་ཐམས་ཅད་ནི། །བཙིར་བྱ་བཅུ་གཉིས་ཀྱིས་ལྷག་པའི། །བརྒྱ་ཡི་ཚིགས་རྣམས་ཐམས་ཅད་ནི། །ཇི་ལྟར་གདོང་གིས་རིམ་པས་སོ། །དེ་དང་དེར་ནི་ཨཱ་ལི་འབར། །དྲག་པོའི་སྒྱུ་མ་དུས་ཀུན་དུ། །དེ་ཕྱིར་ཨ་ཞེས་བྱ་བའི་སྒོ། །ཚིག་
ཏུ་རྟོག་པས་བརྟགས་པའོ། །དེ་བཞིན་གཤེགས་པའི་དབུགས་དབྱུང་བར། །རྡོ་རྗེ་འཆང་ལྟར་བརྟག་པའོ། །གང་དང་གང་གིས་འཆིང་འགྱུར་བ། །རྩ་ནི་གཏི་མུག་ཆེན་པོར་འགྱུར། །དེ་ཡིས་དེ་ཡི་རང་བཞིན་གྱུར། །སྣ་ཚོགས་གཟུགས་ཀྱི་རིན་ཆེན་བཞིན། །རྨོངས་དང་མཁས་
རྣམས་ཀྱི་དག་ལ། །མངའ་བདག་ཐར་པ་ཆེན་པོ་བཞུགས། །བྱེད་པ་འབྱུང་པོ་ཐམས་ཅད་ཀྱི། །དབང་ཕྱུག་སྐྱེ་བོས་སྣ་ཚོགས་རྣམས། །དེ་ཕྱིར་རྟག་ཏུ་ལས་ཉམས་པ། །སྔོན་བྱས་སྡིག་པའི་ལས་ཀྱིས་ཏེ། །ཉམས་འགྱུར་བསྟན་པ་འདི་ལ་ནི། །བགྲོད་བྱ་སངས་རྒྱས་ཉིད་འཐོབ་
འགྱུར། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་འུག་གདོང་
མའི་ངེས་པའི་ཚུལ་དང་ཡང་དག་པའི་ཆོ་ག་ལས་སྐྱེད་པ་དང་སྲོག་ལ་སོགས་པའི་མཚན་ཉིད་དེ་ལེའུ་བརྒྱད་པའོ།། །།དེ་ནས་གཞན་ནི་དོན་ཆེ་བ། །ཁྱི་གདོང་རྒྱུ་ཡི་དབྱེ་བཤད་བྱ། །གང་ཞིག་རྣམ་པར་ཤེས་ཙམ་གྱིས། །རྣལ་འབྱོར་རྣམས་ཀྱིས་མཆོག་འགྲུབ་
འགྱུར། །ཤྭཱ། ཁྱི་ནི་རྣལ་འབྱོར་མ་དབུགས་འབྱིན། །རང་གིས་འཇུག་དང་འབྱུང་བར་འགྱུར། །དུས་ཀུན་དུ་ནི་གཉིད་ལོག་དང་། །སད་པ་བདེ་བ་ཡོན་ཏན་ཆེ། །ན། སྣ་ཚོགས་གནས་སུ་སོང་ནས་ནི། །བདག་ཉིད་ཀྱིས་ནི་བདེ་རེག་འགྱུར། །བརྒྱ་ལ་ཉི་ཤུས་ལྷག་པ་ནི། །ངེས་
ཚིག་བསྟན་བྱའི་མཚན་ཉིད་དོ། །དེ་ལྟར་ཁྱི་ཡི་མིང་དུ་ནི། །བདེ་བ་སྦྱིན་པ་པོར་ཤེས་བྱ། །པདྨའི་སྐྱེ་གནས་དེ་རྣམས་སུ། །ཨཱསྱ། པདྨའི་ཁ་ནི་རབ་རྒྱས་པ། །གཏོང་ངང་ལོངས་སྤྱོད་གར་ཆེན་པོ། །གླུ་དང་རོལ་མོ་གཉིད་ལོག་དང་། །རེག་དང་གོས་དང་རྒྱན་དག་དང་། །མེ་ཏོག་
เล่ม ๗๘ · หน้า 160b
ལ་སོགས་བསུང་ཅན་འདོད། །མཐུན་པར་ལྟེ་བའི་མ་ལ་སོགས། །མཛེས་མ་རྣམས་ཀྱི་ངག་ཅན་ཏེ། །སངས་རྒྱས་མཆོད་སོགས་ཐམས་ཅད་དུ། །སུ་རའི་བཏུང་ལ་འཐུང་འགྱུར་དང་། །སྐྱེད་མོས་ཚལ་དང་རྫིང་བུའི་འགྲམ། །བསྟི་གནས་འགྲོ་བ་ལ་སོགས་ཀྱིས། །ཚིམ་དང་སྟོན་
མོ་འདོད་པ་ལྟར། །བླ་མའི་གསུང་ནི་བདེ་ཆེན་པོ། །མི་དང་མི་མོའི་སྒེག་པ་དང་། །དགོད་དང་སྒེག་པའི་བྱ་བ་གང་། །མཁས་པ་རྣམས་ཀྱི་ཡིད་དམ་པ། །སྐྱེ་བོ་དབང་ཕྱུག་ཉིད་དུའོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །མཆོད་དང་ཕྱག་བྱེད་ལ་སོགས་པས། །བླ་མ་གུས་
ལས་བདེ་བ་སྟེ། །ཡོན་འབུལ་བ་དང་བུད་མེད་དོ། །སྤྱོད་ལམ་ལ་སོགས་ཆོས་རྣམས་ལ། །ལས་ཐམས་ཅད་ལ་མི་འཇུག་གོ། །རྒོལ་བ་རྣམས་ནི་གཞོམ་པ་དང་། །སངས་རྒྱས་ཆོས་རྣམས་གཞག་པ་དང་། །རྣལ་འབྱོར་མ་དང་བཟའ་བཏུང་དང་། །སྒོམ་དང་དགའ་བ་བསྐྱེད་
པ་དང་། །དབང་པོ་གཉིས་ཀྱི་བདག་ཉིད་སྐྱེས། །སྦྱིན་སོགས་ཕ་རོལ་ཕྱིན་རྣམས་ཀྱི། །ལས་ཀྱིས་སྐྱིད་པ་བཙལ་བྱ་དང་། །བྱམས་དང་སྙིང་རྗེ་དགའ་བ་དང་། །ཀུན་གྱི་ཐ་མར་བཏང་སྙོམས་དང་། །ཡེ་ཤེས་རྣམ་ཤེས་སྨྲ་བ་དང་། །དབུ་མའི་ཚུལ་ནི་གཞག་པ་ལས། །ཀུན་ལ་
དབུགས་དབྱུང་སྦྱིན་པ་དང་། །སྐུར་པ་འདེབས་པ་དགག་པ་དང་། །དགེ་བ་བཅུ་ཡི་ལས་དང་ནི། །ཀློག་དང་ཁ་ཏོན་བྱེད་མཆོག་ལས། །བྱང་ཆུབ་ལམ་ལ་གནས་པ་ཡི། །དཔའ་བོ་གཉིས་མེད་བལྟ་བའི་ཕྱིར། །ལུས་ལ་ལྟོས་པ་མེད་པ་ཡིས། །གྲོང་དང་གྲོང་དུ་གནས་
རྣམས་ཀྱི། །དེ་ལྟར་གནས་སྐབས་གཅིག་པའོ། །གཉིས་པ་སླར་ཡང་བཤད་པར་བྱ། །སངས་རྒྱས་རྣམས་ཀྱི་རྒྱུད་ལ་དགའ། །དོན་དམ་རྣམས་ལ་གསལ་བ་ཡིས། །རྣལ་འབྱོར་མ་རྣམས་ཀྱི་གནས་སུ། །དངོས་གྲུབ་གཏམ་རྣམས་བརྗོད་པ་དང་། །ཆོས་ནི་དོན་ཆེན་འདུ་
ཤེས་ལ། །དུས་སུ་འདུ་ཤེས་སྒོམ་པ་པོ། །འགྲོ་དྲུག་སྤོང་བའི་འདུ་ཤེས་ནི། །དེ་ཉིད་རྟོགས་པའི་མིང་ཅན་ནོ། །དངོས་རྣམས་སྒྱུ་མའི་འདུ་ཤེས་དང་། །ཞི་སོགས་ལས་ཀྱིས་བདེ་བ་དང་། །ཕ་དང་བུ་ལས་གཅིག་མིན་དང་། །གནས་སོགས་འགྲོ་བར་སྤྲོ་བ་ཅན། །ཉོན་
เล่ม ๗๘ · หน้า 161a
མོངས་ཕུང་པོ་ཡོངས་གཏོང་དང་། །ཡེ་ཤེས་ཕུང་པོ་སྐྱེད་པ་དང་། །སླར་ཡང་འཁོར་བར་མི་འོང་དང་། །འཁོར་ལོ་སྡོམ་པའི་རྣལ་འབྱོར་ལྡན། །རྟོག་པ་པོ་ཡི་ཚིག་བཟུང་ནས། །རྟོགས་ལྡན་མིན་པའི་ཚིག་སྤང་བྱ། །དབང་པོ་རྣམས་ཀྱི་མི་མཐུན་
མིན། །རང་བཞིན་གྱིས་ནི་མཛེས་པ་ཡི། །ལྷན་ཅིག་སྐྱེས་དང་ལོངས་སྤྱོད་རྫོགས། །སྤྲུལ་པ་དང་ནི་ཆོས་སྐུ་ཡང་། །འདུ་ཤེས་སད་པ་ལ་སོགས་སུ། །གང་ཕྱིར་སྲིད་མཚོར་ཀུན་སྤང་བྱ། །ལྷག་མ་དགའ་བ་བཞི་པོ་ནི། །སྨོན་ལམ་རྫོགས་ལྡན་ལ་སོགས་ལ། །རྫོགས་
ལྡན་དུས་སུ་རང་བཞིན་སྐྱེ། །དགའ་བ་སངས་རྒྱས་རྫོགས་ལྡན་གང་། །སེམས་ཅན་གསུམ་ལྡན་ལ་ཕྲ་སྐྱེས། །རིག་པ་དེ་ལ་སྦོམ་པོ་སྐྱེས། །གཉིས་ལྡན་ལ་ནི་བདེ་བ་མེད། །རྩོད་དུས་ཆ་ཡི་རགས་པའོ། །ཐམས་ཅད་སངས་རྒྱས་ཡོན་ཏན་ཐོབ། །སྨོན་ལམ་གྱིས་ནི་
རང་གི་འབྲས། །དེ་ལྟར་བདེ་སྐབས་རྣམས་ཀྱིས་ནི། །སུམ་ཅུ་རྩ་གཉིས་རྨད་བྱུང་ཆེ། །གནས་སྐབས་གསུམ་པའི་བདེ་བ་ལ། །དགའ་བ་བཅུ་དྲུག་རྟག་བརྟགས་པས། །ཁམས་བཅུ་དྲུག་ཏུ་ཤེས་པར་བྱ། །རང་བཞིན་སྐྱེས་པར་གྱུར་པ་གསལ། །སྨན་དང་འདྲ་བར་
ཤེས་པར་བྱ། །བདུད་རྩི་ཟོས་པས་ཕ་རོལ་འགྲོ། །པད་ཅན་དུང་དང་སྣ་ཚོགས་ཅན། །གླང་པོ་མ་དང་བུང་བའི་མིང་། །འཁོར་ལོ་རྡོ་རྗེ་སྐྱ་སྣར་མ། །དུ་བ་མོ་དང་བུ་སྐྱེ་ཚེ། །ཉང་རྩི་སྤྲས་དང་ངོ་ཚ་དང་། །གློག་དང་ཙནྡན་ཉི་མ་སྐྱེས། །དམར་པོ་དེ་བཞིན་སྦྲུལ་གྱི་མིག །
སྨན་མཆོག་ཏུ་ནི་ཤེས་པར་བྱ། །བདེ་བས་དགའ་བའི་དུས་སུ་ནི། །ཁབ་སོགས་བྱེད་པའི་སྐད་ཅིག་ལས། །བྱ་བ་དེ་དག་ཞར་ལ་དྲན། །སྒོམ་པའི་སྐད་ཅིག་མཐར་འགྲོ་བའོ། །གནས་སྐབས་བཞི་ལ་བཤད་པ་ནི། །ཡིད་ཅན་རྣམས་ཀྱི་གྲངས་བརྒྱད་དེ། །འགྲོ་དང་འཕོ་
འགྱུར་དེ་བཞིན་དུ། །སྐྱུག་འགྱུར་གཉིད་ཡུར་འགྱུར་དེ་བཞིན། །ལྟུང་འགྱུར་འཛག་འགྱུར་དང་ནི་འདིར། །གཡོ་འགྱུར་འགྱེལ་བར་འགྱུར་བ་ཉིད། །རྣལ་འབྱོར་མ་བརྒྱད་དཀར་མོ་སོགས། །བདེ་བའི་རྒྱུ་ཡིས་གནས་སྐབས་སོ། །དེ་ལྟར་གནས་སྐབས་རྣམ་བཞི་ལ། །
เล่ม ๗๘ · หน้า 161b
ཁྱི་གདོང་མིང་གིས་འདུ་ཤེས་གྱུར། །ཡང་དག་དྲན་པའི་གོ་འཕང་འདིར། །གང་དང་སུ་ཡིར་གནས་པར་འགྱུར། །ཡང་དག་རྩོལ་བ་ལ་གནས་ནས། །ཁྱི་ནི་གཞན་གྱི་གྲོང་དུའོ། །སྔགས་བདེན་སྦྱོར་བའི་བདག་ཉིད་དེ། །དཀྱིལ་འཁོར་དབུས་སུ་སྒོམ་པའོ། །ཨོཾ་བ་ཛ་ཛྲ་ཊཱ་
ཤྭཱ་མ་ན་ཏ་ཨཱ་ཀུ་སྱཱ་ཊ་ཡ་ཨུ་ཀེ་ཏ་ཧཱུྃ་ཀ་ཧཱུྃ་ཊཱ་ཕ་ཡ་ཊ་ཧཱུྃ་ཕ་ཧཱུྃ་ཊ་ཕ་སྭཱ་ཊ་ཧཱ་ཕ་ཨོཾ་ཊ་སྭཱ་ཧཱ། སུམ་ཅུ་རྩ་བདུན་བདག་ཉིད་སྔགས། །ཤེས་རབ་ཐབས་ཏེ་དངོས་གྲུབ་སྟེར། །ཁ་དོག་དམར་པོ་དྲག་ཆེན་མོ། །ལྷག་མ་དུམ་སྐྱེས་མ་དང་མཚུངས། །ཆུ་སྟོང་ཀརྐ་ཊ་ཡུགས་ས། །རང་གི་
བདག་པོ་རབ་གནས་མ། །ཉེ་བའི་གླིང་དུ་གནས་མ་སྟེ། །སེམས་ཅན་རང་རང་བཞིན་དུ་སྐྱེས། །དབང་གི་ལས་ལ་ལྷ་མོ་སྟེ། །ལྷ་དང་ལྷ་མིན་སོགས་སྔགས་རིག །བདུད་རྩི་ལྔ་དང་སྒྲོལ་མ་ཆེ། །མཆོད་པ་ལས་རྣམས་ཐམས་ཅད་ལའོ། །སྙིང་གཞི་པདྨར་ཡོངས་བཀུག་ནས། །
བདུད་རྩི་ཚིག་ཀུན་ལས་སྐྱེས་པ། །རྡོ་རྗེ་སྦུ་གུའི་རབ་སྦྱོར་བས། །སྦར་དང་བསྲོ་བ་ལ་སོགས་པས། །སྐུ་རྡོ་རྗེ་སོགས་སྔགས་ཀྱིས་ནི། །བྱིན་གྱིས་བརླབ་པར་བྱས་པ་ལའོ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་
དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཁྱི་གདོང་མའི་མཚན་ཉིད་དང་བདེ་བ་ལ་སོགས་པའི་གནས་སྐབས་ཀྱི་ཆོ་ག་སྟེ་ལེའུ་དགུ་པའོ།། །།དེ་ནས་ཕག་གདོང་
མ་ཡི་ནི། །ཉུང་བ་རྒྱ་ཆེར་བཤད་པར་བྱ། །དངོས་པོ་ཀུན་ལ་རབ་འཇུག་དང་། །དངོས་པོ་དེ་ལས་ལྡོག་པའོ། །ཕག་མོ་རེངས་པའི་ལས་རྣམས་ལ། །མི་ཤེས་རི་བོ་འཇོམས་མའོ། །སཱུ། ཁབ་ནི་རྡོ་རྗེའི་གདོང་དེ་ཡང་། །སྐུད་པ་བཞིན་དུ་ཀུན་འགྲོ་མ། །བྱང་ཆུབ་
སེམས་ཀྱི་དགའ་ཆེན་པོ། །ཀ། ཀེང་རུས་བདུད་རྩི་འབྱིན་པའོ། །དེའི་རང་བཞིན་འདོད་ཆགས་སོགས་ཀུན། །བཞི་པ་ལས་འདས་མི་འགྱུར་མ། །དེ་ནས་ལྷ་མོ་ཆེན་མོ་བརྒྱད། །མངལ་སོགས་བསྐྱེད་པའི་མཚན་ཉིད་དེ། །ཐོག་མར་བྱ་རོག་བཞིན་ས་བོན། །མ་ཡི་པདྨ་ལ་
เล่ม ๗๘ · หน้า 162a
ལྟུང་བའོ། །ནུབ་གཅིག་གིས་ནི་ཕྱེ་བ་ཡིས། །ཕྱི་ནས་འུག་པར་གནས་དང་འདྲ། །ཟླ་བ་གཅིག་ཏུ་གནས་ནས་ནི། །ཁྱི་ཡི་དབུགས་ནི་འཕེལ་བ་ལས། །ཕག་ཏུའང་ཡན་ལག་བདག་ཉིད་ཅན། །བརྟན་མས་སྐྱེ་གནས་དྲལ་བ་ལས། །ཕོ་ཉ་བྱིས་པ་དང་འཆི་
ཕྱིས། །མཆེ་བ་མོ་ནི་ལས་བཅོམ་པས། །འཇོམས་མ་བྱང་ཆུབ་ཡན་ལག་དགྱེས། །དངོས་གྲུབ་ཀུན་གྱི་འབྲས་འབྱུང་མ། །ཡང་དག་པ་ཡི་རྩོལ་བ་འདི། །གཞན་གྱི་ལྟ་བ་ཉ་སོགས་ཀྱིས། །འཇུག་པ་ཐམས་ཅད་བདེན་པ་སྟེ། །འཇུག་མེད་དེ་དངོས་སྤྱོད་ཡུལ་ལོ། །རྐང་གཉིས་
རྐང་བཞི་ལ་སོགས་པའི། །རྩོལ་བའི་ཡན་ལག་འཇོམས་མའོ། །མཐོང་བ་དང་ནི་རེག་པས་ཀྱང་། །འཇུག་མེད་དེ་ཉིད་རྟག་ཏུའོ། །ཁ་དོག་སེར་མོ་དྲག་ཆེན་མོ། །ལྷག་མ་གཟུགས་ཅན་མ་དང་མཚུངས། །རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི། །ཤེས་རབ་ཐབས་ཀྱི་རང་བཞིན་
ཅན། །སེང་གེ་གྲོ་བཞིན་ཆུ་སྲིན་ལ། །ཉེ་བའི་གླིང་དུ་གནས་པ་མོ། །སྔགས་ལས་བཞེངས་པའི་ལྷ་མོ་རྣམས། །རང་རང་ཞིང་དང་ཉིད་ཞིང་མའོ། །ཨོཾ་བ་དཾ་ཛྲ་ཥྚྲ་སཱུ་ཀ་ཀ་རཱ་རཱ་ལོ་སྱཱ་གྲ་ཡཻ་མུ་ཧཱུྃ་ཁ་ཧཱུྃ་བྷི་ཕ་ཥ་ཊ་ཎཱ་ཕ་ཡ་ཊ་ཧཱུྃ་སྭཱ་ཧཱུྃ་ཧཱ་ཕ་ཨོཾ་ཊ་ཕཊ་སྭཱ་ཧཱ། སུམ་ཅུ་རྩ་བདུན་བདག་ཉིད་ཀྱི། །གཙོ་
མོ་མཆོག་གི་རྣལ་འབྱོར་མ། །དཀྱིལ་འཁོར་ཐིག་གདབ་ལ་སོགས་ནི། །བསྒོམས་པའི་སྦྱོར་བའི་མ་ཡི་སྟེ། །ཐིག་ཆེན་གཉིས་ནི་བཏབ་ནས་སུ། །ཤར་དང་སོ་སོར་འདོད་ཐིག་དང་། །ཟུར་གྱི་ཐིག་གཉིས་བཏབ་བྱས་ནས། །ཕུར་བུ་གདབ་པར་བྱ་བ་སྟེ། །ཚངས་པའི་ཐིག་གི་
ལོགས་ནས་ནི། །སུམ་ཅུ་རྩ་གཉིས་པ་གཉིས་གདབ། །སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ལྟེ་བའི་པདྨ་དེ་དང་མཉམ། །སྙིང་པོའི་འདབ་མའི་ངོས་ནས་ནི། །ཆ་གསུམ་དུ་ཡང་དེ་ཤེས་བྱ། །དེ་ཡི་ཆ་གཅིག་འཁོར་ལོ་གསུམ། །ལྷག་མ་ཚོན་གྱི་ས་གཞིའོ། །དེ་ཡི་སུམ་
ཆ་ཕྲེང་བ་སྟེ། །རྡོ་རྗེ་པདྨ་དང་འཁོར་ལོ། །རྩིབས་རྣམས་འཁོར་ལོ་དབུས་མ་ལས། །དམན་ཏེ་གཉིས་གཅིག་བསྡམས་པས་སྦོམ། །ཀ་བ་རྣམས་ནི་ཀུན་དུ་སྦྱིན། །བརྒྱད་གསུམ་འཁོར་ལོ་གསུམ་དུའོ། །སྒོ་ལས་སུམ་འགྱུར་རྟ་བབས་ཏེ། །སྒོ་ཁྱུད་སྒོ་ཡི་ཆ་ཅན་ནོ། །སྟེགས་
เล่ม ๗๘ · หน้า 162b
བུ་རྣམས་ནི་དེའི་ཕྱེད་དེ། །འགྲམ་དང་ལོགས་ནི་དེ་བཞིན་ནོ། །གཟུངས་ཀྱི་སྣམ་བུ་དང་ནི་འདིར། །རིན་ཆེན་ཕྲེང་ཕྱེད་སྣམ་བུའོ། །མགོ་བོའི་ཕྲེང་བ་དེ་ཡི་ཕྱེད། །མུན་པའི་སྣམ་བུ་དེ་བཞིན་ནོ། །ཀ་བའི་རྩེ་ལས་འཐོན་རྩེ་མོ། །སྣ་ཚོགས་རྡོ་རྗེ་འོད་ཆེན་པོའོ། །དྲིལ་ཆུང་དྲ་
བ་གོས་རྣམས་དང་། །བ་དན་དྲིལ་བུ་སྒྲ་སྒྲོགས་པའོ། །དེའི་ཕྱི་ཆུ་སྐྱེས་ཐམས་ཅད་དུ། །སྙིང་པོ་ལ་སོགས་ཡང་དག་བྲི། །སྣ་ཚོགས་རྡོ་རྗེའི་ཕྲེང་དང་འདིར། །ལྷག་མར་འབར་བའི་ཕྲེང་བའོ། །དེ་ཡི་ཕྱི་རོལ་ཁོར་ཡུག་ནི། །ས་གཞིའི་རིམ་པས་བྲི་བར་བྱ། །གྲི་གུག་
ཕྲེང་བ་སྦྱིན་བྱ་ཞིང་། །མགོ་དང་ལག་པ་དག་དེ་བཞིན། །སྙིང་པོའི་པདྨའི་ཕྱི་རོལ་དུ། །རིན་ཆེན་ཕྲེང་བ་ཡང་དག་བྲི། །དུར་ཁྲོད་བརྒྱད་པོ་བྲི་བྱ་སྟེ། །ཀུན་ནས་གཏུམ་དྲག་ལ་སོགས་སོ། །ས་བོན་རྣམ་པར་དགོད་པར་བྱ། །ཐམས་ཅད་གྲི་གུག་ལས་བྱུང་བའོ། །ཡང་ན་
སྐུ་སོགས་རྣམས་ཀྱི་ནི། །ཡི་གེ་རྣམས་ཀྱིས་དཀྱིལ་འཁོར་ཀུན། །དེ་བཞིན་སྐད་ཅིག་རྣམ་པས་ཀྱང་། །ས་བོན་རྣམས་ཀྱིས་དཀྱིལ་འཁོར་དབྱུང་། །མཚམས་ཀྱི་པདྨའི་འདབ་མ་ལ། །བདུད་རྩི་ལྔ་ཡི་ཐོད་པ་ནི། །བུམ་པའི་སྟེང་དུ་སྦྱིན་བྱ་སྟེ། །སུམ་ཅུ་རྩ་བདུན་གཞན་བྱའོ། །
གནག་དང་རྩ་བ་སྤངས་པ་སྟེ། །མཆུ་ནི་འཕྱང་ཞིང་མགྲིན་པ་མཐོ། །མགྲིན་པ་རྣམས་སུ་གོས་ཟུང་སྟེ། །རིན་ཆེན་ལྔ་དང་འབྲུ་དང་སྨན། །དྲི་ཡི་ཆུ་དང་འདབ་མའི་རྩེ། །བདུད་རྩི་ལྔ་རྣམས་ཀྱིས་དགང་བྱ། །གཏོར་མ་ལས་རྣམས་ཀུན་ལ་སྟེ། །ཀུན་ནས་སྒོམ་པ་ལ་
སོགས་པའོ། །རྡོ་རྗེ་ལྷ་མོ་རྣམས་དང་ནི། །ཞིང་སྐྱོང་དང་ནི་ཁྲོ་རྣམས་ལ། །བདུད་རྩི་ལྔ་སོགས་རྫས་རྣམས་འབུལ། །ཚིམ་བྱ་ཕྱི་ལ་སོགས་རྣམས་ཀྱིས། །བགེགས་མེད་ཡང་དག་འཕེལ་བར་འགྱུར། །ཕྱི་ནས་ལས་ནི་ཡང་དག་བརྩམ། །དུ་མའི་དུད་འགྲོའི་ཞལ་ལྷ་
མོ། །སུམ་ཅུ་རྩ་བདུན་གཟུགས་ཅན་རྣམས། །ལས་ཀྱི་རྡོ་རྗེ་འཇོམས་བྱས་ནས། །ཏིང་འཛིན་གསུམ་གྱི་རྣལ་འབྱོར་ལྡན། །བདུན་ཅུ་གཉིས་ཕྱག་དྲག་མོ་སྟེ། །ཞབས་བཅྭ་བརྒྱད་ནི་རྣམས་ཀྱིས་ལྡན། །རྩ་བའི་ཞལ་ནི་ཕག་ཞལ་ཏེ། །ངོས་གཉིས་དག་ཏུ་དགུ་དགུའོ། །དེ་
เล่ม ๗๘ · หน้า 163a
ཡི་སྟེང་དུ་བདུན་བདུན་ཏེ། །ཕྱི་ནས་གསུམ་ནི་གཞག་པར་བྱ། །གཡས་སུ་ཁྱི་དང་ཅེ་སྤྱང་དང་། །བྱི་ལ་སྟག་དང་སེང་གེ་དང་། །འཇིགས་བྱེད་མཆེ་ཅན་རྟ་བོང་བུ། །དེ་ལྟར་ཇི་ལྟར་རིམ་པས་སོ། །གཡོན་དུ་བ་ལང་མ་ཧེ་སྤྱང་། །རུས་སྦལ་ཆུ་སྲིན་རི་བོང་དང་། །
བསེ་དང་གཡག་དང་མུན་ཛ་དང་། །ཇི་ལྟའི་རིམ་པས་མཚོན་པར་བྱ། །སྦྲུལ་དང་སྲེ་མོ་རྩངས་པ་དང་། །སྲམ་དང་བྱི་བ་དང་ནི་དོམ། །མཁའ་ལྡིང་བྱ་རྒོད་བྱ་རོག་དང་། །འུག་པ་བྱ་གར་ཁྲ་དང་ནི། །སྲིན་བྱ་དང་ནི་ངུར་པ་དང་། །རྨ་བྱ་ཟངས་ཀྱི་གཙུག་པུད་ཅན། །ཕུག་རོན་
འདི་རྣམས་ཐམས་ཅད་ལ། །རང་བཞིན་མདོག་ཏུ་འདོད་པར་བྱ། །དཀྱིལ་འཁོར་གྱིས་བྱ་ངེས་པར་ནི། །རང་བཞིན་གང་གི་ཁམས་ལའོ། །ཡོན་ཏན་སུམ་ཅུ་གསུམ་བདག་ནི། །རང་བཞིན་གྱིས་ནི་འཛིན་པར་འགྱུར། །དེ་ཡི་གཟུགས་བརྙན་གྱི་ནི་ཞལ། །འགྲོ་ལ་བྱང་ཆུབ་
བྱེད་བདག་ཉིད། །ཞབས་རྣམས་ཀྱིས་ནི་འབྱུང་པོའི་ཚོགས། །མེ་ཡི་དབུས་སུ་སོན་པ་གནོན། །གཡས་པས་ཁྱབ་འཇུག་དྲག་པོ་དང་། །ཚངས་པ་ཉི་མ་མེ་དང་ནི། །དབང་པོ་རླུང་དང་བདེན་བྲལ་དང་། །ནོར་སྦྱིན་ཇི་ལྟའི་རིམ་པའོ། །གཡོན་པས་གཤིན་རྗེ་འདོད་པ་དང་། །
ཟླ་བ་ཆུ་ལྷ་ནོར་རྒྱས་དང་། །ས་དང་ཚོགས་ཀྱི་བདག་པོ་དང་། །སྨིན་དྲུག་བུ་དང་འཁོར་སྒྱུར་ཏེ། །དེ་ལྟར་བཅྭ་བརྒྱད་དབྱིབས་རྣམས་ནི། །འདུས་པ་རྨད་བྱུང་བསྔགས་པའོ། །འཛིན་འགྱུར་རང་གི་སེམས་ཀྱིས་ནི། །ལྷ་མོའི་ཞབས་ནི་རྡོ་རྗེ་འཛིན། །གཡས་པར་མཚོན་ཆའི་
ཚོགས་ཀྱང་ནི། །རྡོ་རྗེ་རལ་གྲི་མདུང་དབལ་ཅན། །དགྲ་སྟ་གྲི་གུག་མདའ་དང་ནི། །གསལ་ཤིང་ཕུབ་དང་ཐོ་བ་དང་། །འཁོར་ལོ་ཌམ་རུ་ཆུ་གྲི་དང་། །དབྱུག་པ་དང་ནི་མཚོན་རྩེ་གཅིག །དུང་དང་ཟངས་དུང་དབྱུག་གུ་དང་། །རྨ་བྱའི་མཇུག་མ་དེ་བཞིན་ཏེ། །བྱ་རོག་སྒྲོ་དང་པིར་
དང་ནི། །མེ་ཡི་ཐབ་དང་རི་བོ་དང་། །དབྱུག་པ་མེ་ལོང་པི་ཝང་དང་། །རྐང་མགོ་ལག་པ་གློ་བ་དང་། །རྒྱུ་མ་སྒྲ་གཅན་ལྕགས་སྒྲོག་དང་། །གདོས་དང་སྒྲོག་དང་ཉ་རྒྱ་དང་། །མགོ་གཅད་འབར་བ་མར་ནག་དང་། །འཇིགས་བྱེད་གཟུགས་ཏེ་རིམ་པས་སོ། །གཡོན་པར་དྲིལ་བུ་
เล่ม ๗๘ · หน้า 163b
ཕུབ་རིངས་མཆེ། །ཐོ་བ་ཞགས་པ་ཐོད་པ་དང་། །གཞུ་དང་ཁ་ཊྭཱཾ་ག་པོ་ཏི། །ཕུབ་ཆུང་ཡུ་ཅན་སྡིགས་མཛུབ་དང་། །གཡེར་ཀའི་ཕྲེང་དང་ལྕགས་སྒྲོག་དང་། །བྲག་དང་དུར་ཁྲོད་རྡུལ་དང་ནི། །བྷོ་ཀཾ་ཌ་ཀ་ལྤགས་རློན་དང་། །སྐྲ་ཡི་ཐག་པ་འཕྱང་བ་དང་། །སྐུལ་བྱེད་རོ་ཡི་ཤིང་
བུ་དང་། །བྲག་དང་ཕུབ་དང་མགོ་བོ་དང་། །ཀེང་རུས་ཟོར་བ་དེ་བཞིན་ཏེ། །མིག་དང་མཁལ་མ་གཉེ་མ་དང་། །སྤེན་པ་དང་ནི་ཕུར་པ་དང་། །ས་བོན་གང་དང་སོག་ལེ་དང་། །ཁབ་དང་ལུས་ཀྱི་པགས་པ་དང་། །སྤྲིན་ཆར་འབབ་དང་ཤིང་རལ་གྲི། །དེ་ལྟར་རིམ་པས་ཤེས་
བྱས་པས། །བདུན་ཅུ་རྩ་གཉིས་རྒྱུད་ཀྱི་རྩའོ། །གཉིས་ལྷག་པ་ཡི་ཕྱག་གཉིས་ཀྱིས། །གླང་པོའི་པགས་པ་སྟེང་བགོས་པའོ། །ཁམས་གསུམ་གླང་པོ་ལ་བཞུགས་པ། །དྲལ་བ་བགེགས་ནི་བཅོམ་པའོ། །ཀུན་གྱི་ཁ་དོག་རང་བཞིན་ཏེ། །ཡང་ན་གཙོ་མོའི་ཁ་དོག་བཞིན། །
མགོ་བོའི་ཕྲེང་སོགས་ཐམས་ཅད་དང་། །གོས་དང་རྒྱན་རྣམས་ལུས་སྐྱེས་པའོ། །དེ་ལྟར་ཡང་དག་པའི་རྩོལ་བའི། །གཟུགས་བརྙན་ཅན་མར་ཤེས་པར་བྱ། །ཡང་དག་དྲན་པའི་རང་བཞིན་གྱིས། །དངོས་དབྱེ་རྐང་གཉིས་བདག་ཉིད་དོ། །ཏིང་འཛིན་དྲ་བས་ཀུན་བཀང་
ནས། །འོད་གསལ་བ་ལ་ཀུན་ཐིམ་བྱོས། །རྟོགས་ནས་སངས་རྒྱས་ཉིད་འཐོབ་འགྱུར། །སྣ་ཚོགས་དུད་འགྲོ་སོགས་སྐྱེའོ། །རང་རང་སྐད་ཀྱིས་ཆོས་ཀྱང་ནི། །རང་རིགས་སྐྱེས་ལ་སྟོན་པར་འགྱུར། །སཱུ་ཡི་ཡི་གེས་འགྲོ་ཀུན་རྒྱས་བཏབ་སྟེ། །ལྷན་སྐྱེས་རང་བཞིན་དེ་
ཉིད་དྲན་པར་བྱ། །སླར་ཡང་འཁོར་བའི་སྡུག་བསྔལ་མི་འོང་ངོ་། །ཕྱུགས་གང་ཡིན་པའི་སྐྱེ་བོ་རྣམས་སངས་རྒྱས། །དཔའ་བོ་ཐམས་ཅད་མཉམ་སྦྱོར་བས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་
གསུངས་སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ཕག་གདོང་མ་སྐྱེད་པ་དང་དཀྱིལ་འཁོར་ལ་འཇུག་པ་ལ་སོགས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བརྟན་མའི་སྦྱོར་བ་འདིར། །བཤད་ཀྱིས་སྒོམ་པ་པོ་རྣམས་ཉོན། །
เล่ม ๗๘ · หน้า 164a
ཀུན་ནས་དུས་ནི་བཞི་རྣམས་སུ། །ཟླ་བ་གསུམ་གསུམ་པ་ནི་བཞི། །བགྲོད་དང་མཉམ་པས་བཅིངས་པ་ཡི། །མཚམས་དེ་རྣམས་ནི་རབ་བཤད་བྱ། །བྱང་དུ་བགྲོད་པ་ལ་སོགས་པ། །བརྟན་མ་ལ་སོགས་མཚམས་གནས་མ། །ཉེ་བའི་གླིང་དུ་
གནས་པ་མོ། །མགོ་ཡི་ཟླ་བ་དང་ནི་གཞུ། །མོ་ཧི་ཏ་ནི་རྟག་ཏུ་དེའི། །ལས་གཉིས་དག་ཏུ་ཤེས་བྱ་སྟེ། །སྒོམ་པོ་རྣམས་ཀྱི་དུས་མིན་པའི། །འཆི་བ་མཆེ་བས་གཅོད་མ་གང་། །དེ་ཡིས་གཤིན་རྗེའི་མཆེར་ཤེས་བྱ། །ཐོག་མར་ཡི་གེ་གཉིས་ཅན་ནོ། །བཅོམ་ལྡན་དུས་
མིན་འཆི་བ་ནི། །མི་རྣམས་ལ་ནི་ཇི་ལྟར་འབྱུང་། །གང་གི་དྲིན་གྱིས་བདག་རིག་འགྱུར། །སུ་ཞིག་བདག་ལ་སྤྲུལ་པར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བརྟན་མ་དུས་མིན་འཆི་བ་ནི། །སེམས་ཅན་རང་རང་ལས་ཀྱིས་སོ། །སྐྱེ་བོ་ཀུན་ལ་འཚེ་བ་ཡི། །
སྡིག་གང་བདག་ཉིད་ཀྱིས་བྱས་པ། །དེ་ཡིས་དེ་ནི་དུས་མིན་འཆི། །ཁམས་དང་དབུགས་ནི་འཆད་པར་འགྱུར། །གཞན་རྣམས་ཀྱིས་ནི་གཅད་པ་ཡིས། །བཟའ་བཏུང་ཕྱིན་ཅི་ལོག་ཏུ་འགྱུར། །སྦྱིན་པ་རྙེད་པ་དང་བཅས་སྦྱིན། །དུས་མིན་གྱིས་ནི་ཉམས་མི་འགྱུར། །སྦྱིན་པ་
རྣམ་པ་གཉིས་སུ་བཤད། །ལུས་དང་བསམ་པ་ལས་ཀྱང་ངོ་། །གཡོན་གྱི་སྣ་ཡི་སྒོ་རུ་ནི། །ཟླ་བ་རྒྱུ་བའི་རིམ་པ་ཡིས། །བགྲོད་པའི་སྲོག་ནི་ཉི་མའི་སྟེ། །ཨ་བ་དྷཱུ་ཏཱིའི་རླུང་རིམ་པས། །དེ་ཡིས་ཡ་ཡི་ཡི་གེ་བཤད། །མ་ཡི་ཡི་གེ་དབུས་འབབ་མའོ། །དཱ་ཡིག་གཡས་སུ་
སོང་ནས་ནི། །རེ་ཞིག་དབུས་མ་རྒྱུ་བར་འགྱུར། །ཨ་ཡི་ཡི་གེས་གནས་པ་འཐོབ། །སླུ་བ་ནམ་མཁར་འགྲོ་བ་མོ། །རྩ་ནི་བདེ་ཀུན་བདག་ཉིད་རྣམས། །ཌྷི་ཡི་ཡི་གེའི་མིང་དུ་ཤེས། །མདོར་བསྡུས་པ་ཡི་ཡི་གེ་ནི། །དཀྱིལ་འཁོར་ལྔ་རྣམས་སུ་ནི་བརྗོད། །དེ་རྣམས་དངོས་ལས་
ཁྱོད་བསྐྱོད་དེ། །དུས་མིན་བླུ་བར་རིག་པར་བྱ། །དེ་ལྟར་བསོད་ནམས་གཅིག་ཉིད་པོ། །གནས་གནས་བགྲོད་པའི་ལུས་ཅན་ནོ། །འཆི་བ་ཞེས་འདི་རྣམ་རྟོག་སྟེ། །མཁའ་སྤྱོད་གོ་འཕང་འཁྲིད་པར་འགྱུར། །འདིར་ནི་ཁ་དོག་གཉིས་སུ་འགྱུར། །ལུས་བསྒོམ་པ་ནི་དེ་བཞིན་
เล่ม ๗๘ · หน้า 164b
ནོ། །ཇི་ལྟར་མཁའ་འགྲོ་མའི་རིམ་པས། །མཚན་མ་མཚོན་ཆ་སོགས་འགྱུར་རོ། །སྤོང་བའི་ཆོས་ཤེས་བྱ་བར་གསུངས། །དཀྱིལ་འཁོར་དབུས་ཀྱི་གཙོ་མོའོ། །རྣལ་འབྱོར་སུམ་ཅུ་བདུན་བདག་ཉིད། །སྔགས་ལས་བྱུང་བའི་བདག་ཉིད་ཀྱིས། །ཨོཾ་ཨཱཿས་ཧཱུྃ་ཧ་བ་སྲ་ཛྲ།
བྷུ་ཡ་ཛ་མ་བྷཱ་དཱ་སུ་ཌྷི་རཱ་ཀཱ་ཡ་ཡཻ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཕཊ། སྭཱ་སྭཱ་ཧཱ་ཧཱ་ཨོཾ། འདི་ནི་ཤེས་རབ་ཐབས་བདག་ཉིད། །རྣལ་འབྱོར་མ་དང་དཔའ་བོའི་གཙོ། །གཤིན་རྗེ་མཆེ་བའི་རབ་སྦྱོར་བས། །སྐྱེ་བ་མཐར་བྱེད་བཟའ་བར་བྱ། །དཔའ་བོ་ཐམས་ཅད་མཉམ་སྦྱོར་ལས། །རྡོ་རྗེ་
སེམས་དཔའ་བདེ་བའི་མཆོག །རྡོ་རྗེ་མཁའ་འགྲོ་དེ་བཞིན་གཤེགས། །བཅོམ་ལྡན་བདག་པོས་འདི་གསུངས་སོ། །ཞེས་བྱ་བ་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གཤིན་རྗེ་བརྟན་མའི་རྣམ་པར་གཞག་པ་དང་སྐྱེད་པའི་མཚན་ཉིད་ཅེས་བྱ་བ་སྟེ་
ལེའུ་བཅུ་གཅིག་པའོ།། །།དེ་ནས་གཤིན་རྗེ་ཕོ་ཉ་འཆད། །གང་གིས་འཆི་བ་དབང་འགྱུར་བའོ། །བྲིཤྩི་ཀ་རུ་ཡང་དག་བྱུང་། །སྨིན་དྲུག་ཅན་དང་བཟང་པོར་ལྡན། །དཔྱིད་ཀྱིས་མཉམ་པའི་དུས་ཀྱིས་ནི། །ཕོ་ཉ་མ་བསྐྱེད་མཚན་ཉིད་དོ། །གཤིན་རྗེ་གསོད་མ་དེ་
ཡི་ནི། །འཆི་བ་བླུ་བའི་འཁོར་ལོ་ལ། །རྩིབས་བཅུ་གཉིས་པའི་འཁོར་ལོ་ཆེར། །ལན་གསུམ་དུ་ནི་བསྐོར་བར་བྱ། །ལྔ་རྣམས་ཉི་ཤུ་རྩ་ལྔར་ནི། །བཅུ་གསུམ་བར་དུ་བྲི་བར་བྱ། །སླར་ཡང་སུམ་ཅུ་གཉིས་རྣམས་སུ། །གསུམ་གཉིས་གཅིག་ནི་ལོ་ཡིན་ནོ། །དུས་ཚོད་མེ་དང་
གཉིས་ཟླ་བ། །ཟླ་བའོ་ཚེས་ཕྱོགས་དེ་བཞིན་མདའ། །གསུམ་གཉིས་གཅིག་གི་སྐབས་སུ་ནི། །རིམ་པས་ཕྱི་ནས་ཉི་ཕྱེད་སོགས། །ཉི་མ་གཅིག་དང་ཞག་དང་གཉིས། །གསུམ་བཞི་ས་དང་ཉི་མ་ཕྱོགས། །ནོར་རོ་ཆུ་ཕྱོགས་རིམ་པས་ཏེ། །སུམ་ཅུ་བདུན་བདག་ཉིད་གསལ་བའོ། །
སྲོག་གི་ནུས་པར་ཤེས་བྱ་བ། །བཅུ་དགུ་ཡི་ནི་བདག་ཉིད་དོ། །བཅུ་དགུ་སླར་ཡང་འདི་རུ་ནི། །འཇོམས་པའི་བདག་ཉིད་ནུས་ཅན་ནོ། །ཉི་མར་བདུན་པོ་མཉམ་སོན་པར། །སྐྱེ་བའི་སྐར་མ་དང་ཟླ་བ། །གཅིག་ཏུ་སྤྱོད་པར་རྟག་རྒྱུ་ལས། །རྒྱས་པའི་དུས་ནི་ཡང་དག་འཐོབ། །བར་གྱི་ཉི་
เล่ม ๗๘ · หน้า 165a
མ་རྣམས་ཉིད་ནི། །བཅུ་དྲུག་གྲངས་སུ་ཤེས་བྱས་ལ། །བདུན་ཅུ་རྩ་གཉིས་རིམ་པ་ཡིས། །ལོ་ཡི་རིམ་པས་ཡང་དག་སྦྱོར། །དེ་ཕྱིར་ཕོ་ཉའི་ལྷ་མོ་ཡང་། །དཀྱིལ་འཁོར་བདག་ཉིད་ཅན་བསྒོམ་བྱ། །གང་དུ་རྩ་ནི་སྲོག་སྤངས་པ། །དེར་ནི་འདི་དེ་འབབ་པར་བྱ། །
སྟེང་དུ་ཡལ་འདབ་སྟེང་རྩ་བ། །གསང་བ་ཡིས་ནི་དབུགས་བྱ་བའོ། །དེ་ནི་མཉམ་པ་མཚམས་ཀུན་ཏེ། །མཉམ་པ་ཡ་ཡིག་གིས་འགུགས་མའོ། །དེ་ནས་གནད་བཅིངས་པས་ཉམས་པ། །མ་ཡི་ཡི་གེས་ཐམས་ཅད་བཤད། །འོག་དང་སྟེང་དུ་བསྐྱོད་བྱས་ནས། །རྣོན་པོའི་
མེ་ནི་རབ་འབར་བྱ། །ནད་རྣམས་དང་ནི་སྡིག་མང་རྣམས། །ལས་ཀྱིས་རང་ཉིད་ཉམས་པར་འགྱུར། །དེར་ནི་སྦྱིན་པ་སྦྱིན་བྱ་སྟེ། །བ་ལང་མ་ཧེ་ཞོན་སོགས་སོ། །བྱང་ཆུབ་སེམས་ཀྱི་ལམ་དུ་ནི། །མཛེས་མ་རྣམས་ཀྱི་དེ་ཚེ་བཏུང་། །དེར་ཡང་རང་གི་ཡན་ལག་ལས། །བྱུང་བའི་སྣ་
སྨན་གཏང་བར་བྱ། །འོ་མ་དང་མཉམ་བཟའ་བྱ་སྟེ། །གློ་བ་ལ་སོགས་མ་ཚོས་པའོ། །གཡུལ་ངོར་རང་ཉིད་འགྱེལ་བ་ཡི། །གལ་ཏེ་རྙེད་ན་ཁྲག་ཆེན་པོ། །ཐེ་ཚོམ་སྤངས་ནས་བཏུང་བྱ་ཞིང་། །དེ་ཡི་ཤ་ཡང་བཟའ་བར་བྱ། །ཡང་ན་གང་གི་ས་གནས་སུ། །འཆི་ལྟས་ཟད་ནས་
སོང་བར་དུ། །བཟའ་བ་འོ་མས་བྱས་ན་བདེ། །ཡང་ན་ཤ་རྣམས་ཐམས་ཅད་དོ། །གོས་འཇམ་རྣམས་ཀྱིས་ཡོངས་གཡོགས་ནས། །བདག་ཉིད་ལ་ནི་དུས་ཀུན་དུ། །དེར་ནི་གནས་པ་བསྲོ་བྱ་ཞིང་། །མེ་དང་ལྷན་ཅིག་ངེས་གནས་བྱ། །དེར་ནི་ཆུ་དྲོན་ཀྱང་བཏུང་ཞིང་། །བཟའ་བ་ཆུང་ངུ་
ཉུང་ངུའོ། །གཤིན་རྗེའི་ཕོ་ཉ་བསྒོམ་བྱ་སྟེ། །སུམ་ཅུ་རྩ་བདུན་བདག་ཉིད་རང་། །གསང་སྔགས་ཁ་སྦྱོར་བདག་ཉིད་ཅན། །སེར་དམར་གཉིས་ཀྱི་ཁ་དོག་ཅན། །སེར་པོས་འཆི་བ་རེངས་པར་བྱེད། །དམར་པོས་དབང་དུ་འགུགས་པར་བྱེད། །ལྷན་སྐྱེས་རྫོགས་བྱང་ཆུབ་
དངོས་ཀྱིས། །ལྟེ་འོག་མགྲིན་པ་རྐན་འགྲོ་རྣམས། །ཟབ་པས་སྲོག་ནི་གཞན་འགྲོ་བ། །ཕན་ཚུན་ཕུག་རྣམས་སུ་འདུ་འགྱུར། །དེ་ཕྱིར་ཁ་ཊྭཱཾ་ག་བསྒོམ་སྟེ། །ཡན་ལག་ཁ་ཊྭཱཾ་སྦྱོར་བས་སོ། །སྙིང་གའི་པད་དབུས་སུ་སེམས་ཀྱིས། །དཀྱིལ་འཁོར་སྔོན་ཆའི་ཆ་ཅན་ནོ། །ལྷ་མོ་
เล่ม ๗๘ · หน้า 165b
མོའི་མདོག་ནི་སྔོན་ཅན་ཏེ། །དབྱིབས་སོགས་གཟུགས་ཅན་མ་དང་མཚུངས། །ཨོཾ་བ་པ་ཛྲ་ར་ཡ་ཤུ་མ་པཱ་དཱུ་ཤྭ་ཏཱི་དྱ་ཡེ་ཏ་ཧཱུྃ་ཤཱུ་ཧཱུྃ་ལ་ཕཊ་ཁ་ཕཊ་ཊྭཱཾ་སྭ་ག་ཧཱ་དྷཱ་རི་ཎེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཨོཾ་ཧཱུྃ། ཤེས་རབ་ཐབས་བདག་ཉིད་དུ་སྐྱེས། །སྒྱུ་འཕྲུལ་ཆེན་མོའི་རང་བཞིན་ཅན། །རྣལ་འབྱོར་
མ་ནི་འདི་རྣམས་ཀུན། །བདུད་རྩིའི་གཟུགས་སུ་བསྒོམ་པར་བྱ། །དེ་རྣམས་སྙིང་གར་དཀར་བ་ནི། །འཁོར་ལོ་ཐམས་ཅད་རྣམ་བསྒོམ་བྱ། །དེ་རྣམས་ནང་དུ་རང་མིང་ཡང་། །ཁ་དོག་དཀར་པོ་འོད་བཅས་པ། །རྩ་ཡི་བུ་ག་སོ་སོ་ཡི། །ནང་དུའང་རྣམ་པར་བསྒོམ་པར་བྱ། །
རློན་དང་བཙོས་པའི་རའི་འོ་མ། །བདུད་རྩི་ལྔ་དང་རང་བྱུང་ནི། །རྡོ་རྗེའི་རྩེ་མོས་འཐུངས་པས་ཀྱང་། །དུས་སུ་འཆི་བ་ཉམས་པར་འགྱུར། །ཟག་མེད་དེ་ཉིད་ཐོབ་པས་ན། །དེ་ལ་དུས་མིན་འཆི་མིང་ཅི། །དེ་ཕྱིར་ཡང་དག་རབ་སྤོང་བའི། །ཆོས་ཉིད་གཤིན་རྗེའི་ཕོ་ཉར་
ཤེས། །རྡོ་རྗེས་བཏུང་བྱས་རབ་བཤད་པ། །ལས་ཀྱིས་རྣམ་པ་གཉིས་སུ་འདོད། །གཅིག་ནི་ཕྱི་རོལ་གྱིར་བཤད་དེ། །གཉིས་པོ་ནང་གི་བདག་ཉིད་འདོད། །རྡོ་རྗེ་རྩེ་གསུམ་བསྒོམ་བྱ་བ། །རྩ་དྲུག་དུས་ནི་རྒྱུ་བ་མོ། །ངང་པའི་རྒྱུ་བར་འཛིན་པའི་སྲོག །འོག་
གི་ཆུ་ནི་འཐུང་བ་ཡི། །བདུད་རྩི་ལྔ་སོགས་གང་ཅུང་ཟད། །དེ་ཡི་དབུས་སུ་རབ་ཏུ་ཞུགས། །འཐུངས་པས་རྒས་དང་འཆི་བ་འབྲོས། །རྡོ་རྗེ་འཆང་གི་གདམས་ངག་གོ། །གཤིན་རྗེའི་ཕོ་ཉ་མ་ཡི་རྣལ་འབྱོར་མ་ཁྱོད་བཞུགས། །དེ་ཡིས་སླར་ཡང་རྒས་དང་འཆི་བ་མེད་པ་
འཐོབ། །འཆི་བ་སློང་བར་བྱེད་པའི་རྣལ་འབྱོར་མ་བླ་མེད། །རྣལ་འབྱོར་མ་ལ་སྡིག་དང་བསོད་ནམས་མི་ལྡན་ནོ། །དེ་ནི་མཉམ་པའོ་མཉམ་སྲོག་ལས། །གཡོན་དང་གཡས་དང་དབུ་མ་ཡི། །རྩོལ་བ་གཡོ་མེད་དངོས་པོ་ལས། །སླར་ཡང་ཡ་མའི་ཡི་གེ་འདོད། །ཕོ་
ཉ་ཕྱོགས་གཉིས་ཀྱི་ངང་པ། །དབུ་མར་ཟད་པའི་གོ་འཕང་ངོ་། །དེ་ལྟར་རྣམ་པ་མང་པོ་ནི། །བརྟན་པའི་བློ་ལྡན་གྱིས་མཚོན་བྱ། །འདིར་མང་བཤད་པས་ཅི་བྱ་སྟེ། །སྦྱིན་པའི་ཕ་རོལ་ཕྱིན་སོགས་པ། །དགེ་བའི་ལས་ཀྱང་བསྙེན་བྱ་སྟེ། །ལུས་གཅིག་ལུས་མང་པོ་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด