ตัวบทไม่มีชื่อ — ประโยคแรก: ཤིན་ཏུ་རྒྱས་པ་ཆེན་པོའི་མདོ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๓๖ · หน้า 198a
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་སྦྱོང་བའི་དོན་དུ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་གང་བར་ཡང་ཚངས་པའི་འཇིག་རྟེན་ནས་བདག་གིས་
བདག་དོར་བར་མོས་ན་མེའི་དོང་ཐ་མལ་པ་ནི་འདི་ལྟ་ཞིག་ཏུ་བདག་དོར་བ་ལྟ་ཅི་སྨོས་ཀྱིས། དེ་བས་སེམས་ཅན་དམྱལ་བའི་སྡུག་བསྔལ་ཐམས་ཅད་ཉམས་སུ་བབ་པས་ཀྱང་བདག་གིས་ཆོས་བཙལ་བར་བྱའི་མྱེའི་སྡུག་བསྔལ་དང་འགྲོགས་
པ་ལྟ་ཁྱད་དུ་བསད་དོ་ཞེས་ནས་དེ་རྣམ་པ་དེ་ལྟ་བུའི་བརྩོན་འགྲུས་རྩོམ་པས་ཆོས་ཡོངས་སུ་ཚོལ་ལོ། །ཇི་སྐད་དུ་ཐོས་པའི་ཆོས་རྣམས་ལ་ཡང་ཚུལ་བཞིན་དུ་རབ་ཏུ་རྟོགས་པའི་ངང་ཚུལ་ཅན་ཡིན་ཏེ། དེས་ཆོས་དེ་དག་ཐོས་ནས་ཀྱང་རྗེས་ལ་རང་གི་སེམས་
རྟོག་པར་བཞག་པས་གཅིག་པུ་དབེན་པ་ན་འདུག་ཅིང་འདི་ལྟར་རྟོག་གོ །ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་བྱ་བས་སངས་རྒྱས་ཀྱི་ཆོས་ཁོང་དུ་ཆུད་པར་བྱ་བའི་ཚིག་གི་ལམ་ཡོངས་སུ་དག་པ་འབའ་ཞིག་གིས་མ་ཡིན་ནོ་ཞེས་ཏེ། བྱང་ཆུབ་སེམས་
དཔའ་དེ་བྱང་ཆུབ་སེམས་དཔའི་ས་འོད་བྱེད་པ་ལ་གནས་ཤིང་། འདོད་པ་རྣམས་ལས་དབེན། སྡིག་ཏོ་དང་མི་དགེ་བའི་ཆོས་རྣམས་ལས་དབེན་ཞིང་རྣམ་པར་རྟོག་པ་ཅན་རྣམ་པར་དཔྱོད་པ་ཅན། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་
བའི་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་རྣམ་པར་ཞི་སྟེ། ནང་ཤིན་ཏུ་དང་ཞིང་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་མྱེད་པ། ཏིང་ངེ་འཛིན་
ལས་སྐྱེས་པའི་དགའ་བ་དང་། བདེ་བ་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལ་འདོད་ཆགས་དང་བྲལ་ཏེ་བཏང་སྙོམས་སུ་གནས་པས། དྲན་པ་དང་ལྡན་ཞིང་རབ་ཏུ་ཤེས་པར་བདེ་བ་ཡང་ལུས་ཀྱིས་རབ་ཏུ་ཚོར་ཏེ།
เล่ม ๓๖ · หน้า 198b
འཕགས་པ་རྣམས་ཀྱི་བཏང་སྙོམས་པ་དྲན་པ་ཅན་དགའ་བ་མེད་ལ་བདེ་བ་ལ་གནས་པའོ། །ཞེས་བྱ་བར་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་བ་ཡང་སྤངས་ལ་བདེ་བའི་ཡིད་དང་། ཉམ་ང་བའི་
ཡིད་ཀྱང་སྔར་ནུབ་པས་སྡུག་བསྔལ་ཡང་མེད། བདེ་བ་ཡང་མེད་པའི་བཏང་སྙོམས་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་གཟུགས་སུ་འདུ་ཤེས་པ་ལས་རྣམ་པ་ཐམས་ཅད་དུ་འདས་ནས། ཐོགས་པའི་འདུ་ཤེས་
རྣམས་ནུབ་སྟེ། འདུ་ཤེས་སྣ་ཚོགས་ཡིད་ལ་མི་བྱེད་པས་མཐའ་ཡས་ནམ་མཁའ་ཞེས་ཏེ། ནམ་མཁའ་མཐའ་ཡས་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ནམ་མཁའ་མཐའ་ཡས་པའི་སྐྱེ་མཆེད་ལས་རྣམ་པ་ཐམས་ཅད་དུ་འདས་ནས་
མཐའ་ཡས་རྣམ་ཤེས་ཤེས་ཏེ་རྣམ་པར་ཤེས་པ་མཐའ་ཡས་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་ཤེས་པའི་སྐྱེ་མཆེད་ལས་རྣམ་པ་ཐམས་ཅད་དུ་འདས་ནས་མ་ཡོད་ཅུང་ཟད་ཅེས་ཏེ་ཅུང་ཟད་ཀྱང་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་
གནས་སོ། །དེ་ཅུང་ཟད་ཀྱང་མེད་པའི་སྐྱེ་མཆེད་ལས་རྣམ་པ་ཐམས་ཅད་དུ་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱིན་གྱི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ཆོས་དང་གཉེར་བའི་ཆོས་ལ་ནན་ཏན་དུ་བྱ་བ་མ་གཏོགས་པར་དེ་ཡང་མངོན་པར་དགའ་
བའི་གནས་དང་། རྟེན་པ་ཡིན་པས་དེ་བྱམས་པ་དང་ལྡན་པའི་སེམས་ཡངས་པ། རྒྱ་ཆེ་བ་གཉིས་སུ་མྱེད་པ་ཚད་མྱེད་པ་ཁོན་མེད་པ། ལྟོད་པ་མེད་པ་བསྒྲིབས་པ་མེད་པ། གནོད་པ་མྱེད་པ། ཐམས་ཅད་དུ་ཁྱབ་པས་འཇིག་རྟེན་གྱི་ཁམས་ཆོས་ཀྱི་
དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་ཐམས་ཅད་རྒྱས་པར་བཀང་ནས་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་སྙིང་རྗེ་དང་ལྡན་པ་དང་། དགའ་བ་དང་ལྡན་པ། བཏང་སྙོམས་དང་ལྡན་པའི་སེམས་ཡངས་པ། རྒྱ་ཆེ་བ་
เล่ม ๓๖ · หน้า 199a
གཉིས་སུ་མེད་པ། ཚད་མེད་པ་ཁོ་ན་མེད་པ་ལྟོད་པ་མེད་པ་བསྒྲིབས་པ་མེད་པ། གནོད་པ་མེད་པ་ཐམས་ཅད་དུ་ཁྱབ་པས་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་ཐམས་ཅད་
རྒྱས་པར་བཀང་ནས་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྫུ་འཕྲུལ་གྱིས་རྣམ་པ་དུ་མ་མྱོང་བར་བྱེད་དེས་འདི་ཡང་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་ནས་མང་པོར་འགྱུར་རོ། །མང་པོར་གྱུར་ནས་གཅིག་ཏུ་འགྱུར་རོ། །སྣང་བ་དང་མི་སྣང་བ་ལ་འང་རབ་
ཏུ་སྤྱོད་དེ་རྩིག་པ་ལ་ཐགས་ཐོགས་མེད་པ་དང་། ར་བ་ལ་ཐགས་ཐོགས་མེད་པ་དང་། རི་ལ་ཡང་དཔེར་ན་ནམ་མཁའ་བཞིན་དུ་ཐགས་ཐོགས་མེད་ཅིང་ཆགས་པ་མེད་པར་འགྲོའོ། །དཔེར་ན་ནམ་མཁའ་ལ་ལྡིང་བའི་བྱ་བཞིན་དུ་ནམ་མཁའ་ལ་
འང་དཀྱིལ་མོ་དཀྲུང་གིས་གནས་པར་བྱེད་དོ། །ཆུ་བཞིན་དུས་ལའང་ནུབ་ཅིང་འབྱུང་བ་སྟོན་ཏོ། །ས་བཞིན་དུ་ཆུ་ལ་ཡང་འབྱིང་བ་མེད་པར་འགྲོའོ། །མྱེའི་ཕུང་པོ་ཆེན་པོ་བཞིན་དུ་དུ་བ་འཐུལ་ལོ། །མེ་ལྕེ་འབར་རོ། །སྤྲིན་ཆེན་པོ་བཞིན་དུ་ལུས་
ལས་ཆར་འབེབས་སོ། །ཉི་མ་དང་ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་མཐུ་ཆེ་ལ། འདི་ལྟར་དབང་ཆེ་བར་གྲགས་པ་དག་ཀྱང་ལག་པས་ཉུག་ཅིང་རེག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུ་ཡང་ལུས་ཀྱིས་དབང་བསྒྱུར་ཏེ།
དེ་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མྱི་ལས་འདས་པས་ལྷ་དང་མིའི་སྒྲ་གཉིས་ཀ་ཡང་ཉན་ཏོ། རིང་ཡང་རུང་ཉེ་ཡང་རུང་སྟེ་ཆུང་ངུ་ན་སྦྲང་བུ་དང་། ཤ་སྦྲང་དང་། བུང་བ་དང་། སྲིན་བུའི་སྒྲ་ཡང་ཐོས་སོ། །དེ་སེམས་ཅན་
ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་ཀྱང་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་ཤེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །
เล่ม ๓๖ · หน้า 199b
འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་དང་།
ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་དང་བྲལ་བ་དང་། ཆེ་བ་དང་། ཆུང་བ་དང་། ཡངས་པ་དང་། དོག་པ་དང་། མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་མ་གྲོལ་བ་དང་།
སྐྱོན་ཅན་དང་། སྐྱོན་མེད་པ་དང་། སེམས་རྒྱ་ཆེན་པོ་ལ་སེམས་རྒྱ་ཆེན་པོའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སེམས་རྒྱ་ཆུང་ངུ་ལ་སེམས་རྒྱ་ཆུང་ངུའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་ན་སེམས་
ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ཏེ། ཚེ་རབས་གཅིག་ཀྱང་རྗེས་སུ་དྲན་ནོ། །གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་།
བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། ཚེ་རབས་བརྒྱ་ཡང་རྗེས་སུ་དྲན་ནོ། །ཚེ་རབས་བརྒྱ་ཕྲག་དུ་མ་དང་། ཚེ་རབས་སྟོང་ཕྲག་དུ་མ་དང་། ཚེ་རབས་བརྒྱ་སྟོང་ཕྲག་དུ་མ་དང་། ཚེ་
རབས་བྱེ་བ་ཕྲག་བརྒྱ་སྟོང་ཕྲག་དུ་མ་ནས། ཚེ་རབས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མའི་བར་དུ་རྗེས་སུ་དྲན་ནོ། །འདུ་བའི་བསྐལ་པ་དུ་མ་དང་། འཇིག་པའི་བསྐལ་པ་དུ་མ་དང་། འདུ་བ་དང་འཇིག་པའི་བསྐལ་པ་དུ་མ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་བརྒྱ་ཡང་རྗེས་སུ་དྲན་ནོ། །བསྐལ་
པ་སྟོང་དང་། བསྐལ་པ་སྟོང་ཕྲག་བརྒྱ་དང་། བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱ་ནས། བསྐལ་པ་བྱེ་བ་བརྒྱ་སྟོང་དུ་མའི་བར་དུ་རྗེས་སུ་དྲན་ནོ། །བསྐལ་པ་ཁྲག་ཁྲིག་དང་བསྐལ་པ་ཁྲག་ཁྲིག་བརྒྱ་དང་། བསྐལ་པ་ཁྲག་ཁྲིག་སྟོང་དང་། བསྐལ་
เล่ม ๓๖ · หน้า 200a
པ་ཁྲག་ཁྲིག་སྟོང་ཕྲག་བརྒྱ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནས། བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བར་དུ་རྗེས་སུ་དྲན་ཏེ། བདག་ནི་ཆེ་གེ་མོ་ཞིག་ན་འདུག་འདུག་གོ །མིང་ནི་འདི་
ཞེས་བྱའོ། །རིགས་ནི་འདི་ཡིན་ནོ། །རུས་ནི་འདི་ཡིན་ནོ། །ཁ་ཟས་ནི་འདི་ཟོས་སོ་ཚེ་ནི་འདི་ཙམ་ཞིག་ཏུ་གྱུར་ཏོ། །འདི་སྲིད་ཅིག་ཏུ་རིང་དུ་གནས་སོ། །བདེ་བ་དང་ཉོན་མོངས་པ་ནི་འདི་ལྟ་བུ་ཞིག་མྱོང་ངོ་། །དེ་ནས་ཤི་འཕོས་
ནས་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །དེ་ནས་ཀྱང་ཤི་འཕོས་ནས་འདི་ལྟ་བུ་ཞིག་ཏུ་སྐྱེས་སོ། །ཞེས་ས་ཚིགས་དང་བཅས། མཚན་མ་དང་བཅས། དན་རྟགས་དང་བཅས་པར་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ནོ། །དེས་ལྷའི་མིག་རྣམ་
པར་དག་ཅིང་མི་ལས་འདས་པས་སེམས་ཅན་རྣམས་ཤི་འཕོ་བ་དང་། སྐྱེ་བ་དང་། ཁ་དོག་སྡུག་པ་དང་། ཁ་དོག་མི་སྡུག་པ་དང་། བདེ་བའི་ལམ་དུ་ཕྱིན་པ་དང་། ངན་སོང་དུ་སོང་བ་དང་། ངན་པ་དང་། བཟང་པོ་ཐམས་ཅད་རབ་
ཏུ་མཐོང་ངོ་། །ལས་ཇི་ལྟ་བ་བཞིན་དུ་རྗེས་སུ་འབྲང་བའི་སེམས་ཅན་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ། ངག་གིས་ངན་དུ་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ངན་དུ་
སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་ལོག་པར་ལྟ་བ་ཅན་དག་སྟེ། ལོག་པར་ལྟ་བའི་ལས་རབ་ཏུ་བླངས་པའི་རྒྱུས་ལུས་ཞིག་སྟེ། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེའོ།
ཞེས་བྱ་བ་དང་། སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གིས་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་བ་མི་འདེབས་པ་ཡང་དག་པར་ལྟ་བ་
เล่ม ๓๖ · หน้า 200b
ཅན་དག་སྟེ། ཡང་དག་པར་ལྟ་བའི་ལས་རབ་ཏུ་བླངས་པའི་རྒྱུས་ལུས་ཞིག་སྟེ། ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷར་སྐྱེའོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེ་ལྟར་ན་ལྷའི་མྱིག་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་
འཆི་བ་དང་། སྐྱེ་བ་དང་། ཁ་དོག་སྡུག་པ་དང་། ཁ་དོག་མི་སྡུག་པ་དང་། བདེ་འགྲོར་སོང་བ་དང་། ངན་སོང་དུ་སོང་བ་དང་། ངན་པ་དང་། བཟང་པོ་ཐམས་ཅད་ས་ཚིགས་དང་བཅས། མཚན་མ་དང་བཅས། དན་རྟགས་དང་བཅས་པར་རབ་ཏུ་
མཐོང་ཏེ། །ལས་ཇི་ལྟ་བ་བཞིན་དུ་རྗེས་སུ་འབྲང་བའི་སེམས་ཅན་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བསམ་གཏན་དང་། རྣམ་པར་ཐར་བ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་འདི་དག་ལ་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ཡང་
གང་དུ་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་འགྱུར་བའི་གནས་མ་གཏོགས་པར་དེ་དག་གི་དབང་གིས་མི་སྐྱེའོ། །བྱང་ཆུབ་སེམས་དཔའི་ས་འོད་བྱེད་པ་འདི་ལ་གནས་པའི་ཚེ། དེའི་ལྟ་བ་རྒྱ་ཆེན་པོ་དང་། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་མང་པོ་སྣང་
བར་འགྱུར་ཏེ། ལྟ་བ་རྒྱ་ཆེན་པོ་དང་སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་མང་པོ་
དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་སྟོང་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རབ་ཏུ་སྣང་བར་འགྱུར་རོ། །དེས་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐོང་ནས། བསམ་པ་རྒྱ་ཆེན་པོས་རིམ་གྲོ་བྱེད་དོ། །བཀུར་སྟི་བྱེད་དོ། །བསྟི་སྟང་བྱེད་དོ། །མཆོད་པ་བྱེད་དོ། །ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་
เล่ม ๓๖ · หน้า 201a
རྐྱེན་སྨན་དང་། ཡོ་བྱད་དག་ཀྱང་འབུལ་ཞིང་བྱང་ཆུབ་སེམས་དཔའི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱང་ཡོངས་སུ་འབུལ་ལོ། །དགེ་འདུན་གྱི་ཚོགས་རྣམས་ལ་ཡང་ཡང་དག་པར་མཆོད་པ་བྱེད་དེ། དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་བསྙེན་བཀུར་བྱེད་ཅིང་དེ་དག་ལས་རིམ་གྲོར་ཆོས་ཉན་ཏོ། །ལེན་ཏོ་འཛིན་ཏོ། །ཐོས་ནས་ཀྱང་ཅི་ཚུལ་དུ་ནན་ཏན་
གྱིས་ཡང་དག་པར་སྒྲུབ་སྟེ། དེ་ཆོས་ཐམས་ཅད་ལ་འཕོ་བ་མྱེད་པ་དང་། འཇིག་པ་མེད་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པས་རབ་ཏུ་ལྟ་ཞིང་རྟོག་པས་ཀྱང་འདོད་པའི་བཅིངས་པ་ཐམས་ཅད་བསྲབས་པར་འགྱུར་རོ། །སྲིད་པའི་བཅིངས་
པ་ཐམས་ཅད་བསྲབས་པར་འགྱུར་རོ། །མ་རིག་པའི་བཅིངས་པ་ཐམས་ཅད་བསྲབས་པར་འགྱུར་རོ། །ལྟ་བ་ལས་བྱུང་བའི་བཅིངས་པ་རྣམས་ནི་སྔ་ནས་ཀྱང་བྱང་བ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ས་འོད་བྱེད་པ་འདི་ལ་གནས་པའི་བྱང་ཆུབ་
སེམས་དཔའི་ལོག་པའི་འདོད་ཆགས་ནི་བསྐལ་པ་དུ་མ་དང་བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་ཕྲག་དུ་མ་དང་།
བསྐལ་པ་ཁྲག་ཁྲིག་སྟོང་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་སྤངས་ཤིང་མི་སྩོགས་པར་གནས་སོ། །ལོག་པའི་ཞེ་སྡང་སྤངས་ཤིང་ཞེ་སྡང་མི་སྩོགས་པར་གནས་སོ། །ལོག་པའི་
གཏི་མུག་སྤངས་ཤིང་མི་སྩོགས་པར་གནས་ཏེ། དགེ་བའི་རྩ་བ་དེ་དག་ཀྱང་ཡོངས་སུ་བྱང་བ་དང་། ཡོངས་སུ་དག་པ་དང་། ལས་སུ་རུང་བར་གྱུར་པས་གནས་སོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། གསེར་གྱི་ས་ལེ་
เล่ม ๓๖ · หน้า 201b
སྦྲམ་དེ་ཉིད་མགར་བ་མཁས་པའི་ལག་ན་སྤྱོད་ན་སྲང་གྲངས་ཅི་ཡོད་པའི་ཚད་བཞིན་དུ་འདུག་གོ །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་དཔའི་ས་འོད་བྱེད་པ་འདི་ལ་གནས་པའི་
ལོག་པའི་འདོད་ཆགས་ཀྱང་འགྲིབ་པ་མེད་པར་འབྱང་བར་འགྱུར་རོ། །ལོག་པའི་ཞེ་སྡང་ཡང་འགྲིབ་པ་མེད་པར་འབྱང་བར་འགྱུར་རོ། །ལོག་པའི་གཏི་མུག་ཀྱང་འགྲིབ་པ་མེད་པར་འབྱང་བར་འགྱུར་རོ། །དགེ་བའི་རྩ་བ་དེ་དག་ཀྱང་རབ་ཏུ་འབྱང་
ཞིང་ཡོངས་སུ་དག་པ་དང་། ལས་སུ་རུང་བར་འགྱུར་རོ། །དེའི་བཟོད་པ་དང་དེས་པ་ཡང་དེ་བས་ཀྱང་ཡོངས་སུ་དག་པར་འགྱུར་རོ། །གྲོགས་ལ་བདེ་ཞིང་ངེས་པའི་བསམ་པ་དང་། མི་འཁྲུགས་པའི་བསམ་པ་དང་། གློང་བ་མེད་པའི་བསམ་པ་དང་།
རྙོག་པ་མེད་པའི་བསམ་པ་དང་། མཐོན་དམན་མེད་པའི་བསམ་པ་དང་། སེམས་ཅན་ལ་ཕན་འདོགས་པས་ལན་མི་རེ་བའི་བསམ་པ་དང་། ཕན་བཏགས་པ་ལ་ཕྱིར་ལན་གློན་པའི་བསམ་པ་དང་། གཡོ་མེད་ཅིང་སྒྱུ་མེད་པའི་བསམ་པ་དང་།
ཐིབས་པོ་མེད་པའི་བསམ་པ་ཡོངས་སུ་དག་པར་འགྱུར་ཏེ། དེའི་བསྡུ་བའི་དངོས་པོ་བཞི་ལས་དོན་སྒྲུབ་པ་ཤས་ཆེ་བ་ཡིན། ཕ་རོལ་ཏུ་ཕྱིན་པ་བཅུ་ལས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཅི་ཚུལ་ཅི་ནུས་སུ་ཡང་
དག་པར་མི་བསྒྲུབ་པ་མ་ཡིན་ཏེ་ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའི་ས་འོད་བྱེད་པ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་ས་གསུམ་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་ལྷའི་རྒྱལ་པོ་དབང་
པོར་འགྱུར་ཏེ་སེམས་ཅན་རྣམས་ཀྱི་འདོད་པའི་འདོད་ཆགས་རྣམ་པར་བཟློག་པའི་ཐབས་ཉེ་བར་བསྒྲུབ་པ་ལ་མཁས་ཤིང་མཐུ་ཡོད་པ་ཡིན། དེ་སྦྱིན་པ་འམ། ངག་སྙན་པ་འམ། དོན་བསྒྲུབ་པ་འམ། དོན་མཐུན་པའི་དགེ་བའི་རྩ་བ་གང་ཅི་རྩོམ་ཡང་རུང་སྟེ།
เล่ม ๓๖ · หน้า 202a
དེ་ཐམས་ཅད་ཇི་ལྟར་ན། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། གཙོ་བོར་འགྱུར། ཐུ་བོར་འགྱུར། ཕུལ་དུ་འགྱུར། དམ་པར་འགྱུར། བླ་ན་མེད་པར་འགྱུར། འདྲེན་པར་འགྱུར། རྣམ་པར་འདྲེན་པར་འགྱུར།
ཡོངས་སུ་འདྲེན་པར་འགྱུར་བ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རྟེན་པའི་བར་དུ་འགྱུར་སྙམ་སྟེ། སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་དང་། བྱང་ཆུབ་
སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་ས་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་ཡིད་ལ་བྱ་བ་དང་། མི་འཇིགས་པ་ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་
ལ་བྱ་བ་ནས། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན་ཏེ། དེ་འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་ཏིང་ངེ་འཛིན་བརྒྱ་སྟོང་རབ་
ཏུ་ཐོབ་ཅིང་དེ་དག་ལ་སྙོམ་པར་འཇུག་པ་དང་། སངས་རྒྱས་བརྒྱ་སྟོང་མཐོང་བ་དང་། དེ་དག་གི་བྱིན་གྱི་རླབ་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་སྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་དུ་འགྲོ་བ་དང་། འཇིག་རྟེན་
གྱི་ཁམས་བརྒྱ་སྟོང་སྣང་བར་བྱེད་པ་དང་། སེམས་ཅན་བརྒྱ་སྟོང་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བརྒྱ་སྟོང་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའི་བསྐལ་པ་བརྒྱ་སྟོང་ལ་རབ་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་
སྟོང་རྣམ་པར་འབྱེད་པ་དང་། ལུས་བརྒྱ་སྟོང་ཡོངས་སུ་བསྟན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་སྟོང་ཡང་དག་པར་བསྟན་པར་བྱ་བའི་བརྩོན་འགྲུས་ཀྱི་རྣམ་པ་དེ་ལྟ་བུ་རྩོམ་མོ། །དེ་ཡན་ཅད་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུ་ཅན་རྣམས་
เล่ม ๓๖ · หน้า 202b
སྨོན་ལམ་གྱི་ཁྱད་པར་གྱིས་རྣམ་པར་འཕྲུལ་ཏེ། དེ་དག་གི་ལུས་སམ་འོད་དམ། རྫུ་འཕྲུལ་ལམ། མྱིག་གམ་སྤྱོད་ཡུལ་ལམ་དབྱངས་སམ། སྤྱོད་པ་འམ། རྒྱན་ཏམ། བྱིན་གྱི་རླབས་སམ། མོས་པ་འམ། མངོན་པར་འདུ་བྱེད་པ་དག་ཀྱང་བསྐལ་པ་
དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་བ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མའི་བར་གྱིས་ཀྱང་བགྲང་བར་དཀའ་འོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་
སྙིང་པོས་སའི་དོན་འདི་ཉིད་ཡང་བརྟག་པ་དང་བསྟན་པར་བྱ་བའི་ཕྱིར། །དེའི་ཚ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དེ་དག་ཡོན་ཏན་འབྱུང་གནས་བསམ་དག་སེམས་དེས་པ། །སྐྱོ་ཞིང་འདོད་ཆགས་བྲལ་ཏེ་འཚེ་མེད་སེམས་དང་ལྡན། །སེམས་
བསྐྱེད་བསྟན་པ་དགའ་ལྡན་རྒྱ་ཆེན་ཤུགས་ཅན་རྣམས། །མཁས་པ་བདག་ཉིད་ཆེ་བའི་སེམས་ལྡན་གསུམ་པ་གནོན། །འོད་བྱེད་ས་ཕྱོགས་འདི་ལ་གནས་པའི་མཁས་པ་ནི། །སྡུག་བསྔལ་མི་རྟག་མི་སྡུག་རབ་ཏུ་འཇིག་ཆོས་དང་། །རིང་པོར་མི་གནས་
སྐད་ཅིག་སྙིང་པོ་མེད་པ་ནི། །འདུས་བྱས་རྣམ་པ་འོང་བ་མེད་ལ་རབ་ཏུ་རྟོག །ནད་དུ་གྱུར་པ་མྱ་ངན་སྨྲེ་སྔགས་འདོན་དང་བཅས། །གནོད་དང་འཁྲུག་དང་སྡུག་དང་མི་སྡུག་རྗེས་འབྲང་བ། །སྡུག་བསྔལ་ཡིད་བློང་ཕུང་པོ་འབར་བའི་མེ་འདྲ་བར། །འདུས་
བྱས་མཐའ་ཡས་ཀུན་ནས་འབར་མཐོང་དེ་ལས་སྐྱེད། །སྲིད་པ་གསུམ་པོ་ཀུན་ལས་སྐྱོ་ཞིང་ལྟོས་སེམས་མེད། །བདེ་གཤེགས་ཡེ་ཤེས་འདོད་ཅིང་བློ་གཞན་མེད་པ་སྟེ། །བསམ་དུ་མེད་ཅིང་གཞལ་ཡས་ཕ་རོལ་མཐའ་ཡས་པའི། །རྒྱལ་
བའི་ཡེ་ཤེས་གནོད་མེད་དེ་དག་རབ་ཏུ་མཐོང་། །དེ་དག་སངས་རྒྱས་ཡེ་ཤེས་གནོད་མེད་མཐོང་གྱུར་ནས། །སྐྱབས་མེད་མགོན་དང་བྲལ་བ་རབ་ཏུ་དགྲོལ་བའི་ཕྱིར། །རྟག་ཏུ་དབུལ་ཞིང་མེ་གསུམ་ཀུན་ནས་འབར་གྱུར་དང་། །སྲིད་པའི་བཙོན་རར་
เล่ม ๓๖ · หน้า 203a
སྡུག་བསྔལ་སྣ་བརྒྱས་སེམས་བསྐོར་ཅིང་། །ཉོན་མོངས་བསྒྲིབས་དང་རྣམ་པར་ལྟ་དང་འདོད་ཉམས་པ། །བདེ་གཤེགས་ཆོས་ཀྱི་དགའ་བ་སྟོར་བའི་བྱིས་པ་རྣམས། །འཁོར་བའི་རྒྱུད་དུ་འབབ་ཅིང་ཐར་བས་
སྔངས་གྱུར་པ། །བདག་གིས་སྐྱབས་པ་ཡིན་ཞེས་བརྩོན་འགྲུས་དམ་དུ་རྩོམ། །ཡེ་ཤེས་འདོད་པས་ལྟོས་པ་མེད་པར་འགྲོ་དོན་བྱེད། །གང་རྒྱུས་རྣམ་ཐར་ལམ་གྱི་རྒྱུ་ནི་གང་ཞེས་རྟོག །བདེ་གཤེགས་ཡེ་ཤེས་བསྒྲིབས་པ་མེད་ལས་གཞན་མེད་ན། །
བདེ་གཤེགས་ཡེ་ཤེས་དེ་ཡང་ཤེས་རབ་མཐུས་འབྱུང་སྟེ། །ཤེས་རབ་ཐོས་ལས་འབྱུང་བར་བྱང་ཆུབ་སེམས་དཔའ་རྟོག །དེ་ལྟར་ཤེས་ནས་ཐོས་དོན་སྤྱད་པར་བརྩོན་འགྲུས་རྩོམ། །ཉིན་མཚན་ཉན་པའི་རྒྱུར་སྤྱོད་བྱ་བ་གཞན་མྱེད་པར། །ཆོས་ཀྱི་དོན་
གཉེར་ཆོས་ལ་རབ་ཏུ་བརྟེན་པ་ཡིན། །ནོར་བུ་མུ་ཏིག་རིན་ཆེན་ཚོགས་དང་མཛའ་གཉེན་དང་། །སྲིད་ལོངས་དུ་མ་ཕོ་བྲང་ཕུན་ལྡན་དམ་པ་དང་། །ཆུང་མ་དག་དང་བུ་དང་མཐུན་པར་སྤྱོད་པའི་འཁོར། །ལྟོས་མེད་སེམས་ཀྱིས་མཁས་པ་ཆོས་ཀྱི་དོན་དུ་གཏོང་།
མགོ་དང་རྐ་ལག་མྱིག་དང་དེ་བཞིན་བདག་གི་ཤ། །ལྕེ་དང་མཆེ་བ་རྣ་བ་སྣ་དང་ཁྲག་རྣམས་དང་། །ཕངས་པའི་རྐང་དང་སྙིང་ཕྱུང་ཡོངས་སུ་གཏོང་བ་བྱེད། །འདི་ནི་དཀའ་བར་མི་བརྩི་ཐོས་པ་དེ་དཀར་བརྩི། །ལ་ལ་དེ་དྲུང་འོངས་ཤིང་འདི་སྐད་སྨྲར་གྱུར་
ཏེ། །དེ་སྟེ་མེ་ལྕེ་མི་ཟད་འབར་དོང་མཆོང་ཕོད་ན། །བདེ་གཤེགས་བསྟན་ཆོས་རིན་ཆེན་བཤད་དོ་ཞེས་ན་ཡང་། །ཐོས་ནས་མི་དམའི་ཡིད་ཀྱིས་ཡོན་ཏན་དོན་དུ་མཆོང་། །ཆོས་ཀྱི་ཚིག་གཅིག་དོན་དུ་རི་རབ་རྩེས་བརྟག་པར། །སྟོང་གསུམ་མེས་
བཀང་ཚངས་རིས་ཡུལ་ནས་མཆོངས་གྱུར་ཀྱང་། །ད་དུང་རྒྱལ་བའི་བྱང་ཆུབ་ཡངས་པ་ཐོབ་དཀའ་ན། །དེ་སྟེ་ཐ་མལ་མི་བདེས་རྙེད་འགྱུར་ཤིན་ཏུ་བདེ། །དྲང་སྲོང་མཆོག་གི་ཡེ་ཤེས་འཐོབ་འགྱུར་ཇི་སྲིད་པ། །དེ་སྲིད་བར་དུ་མནར་མེད་སྡུག་བསྔལ་
เล่ม ๓๖ · หน้า 203b
བཟོད་བྱ་ན། །མི་ཡི་སྡུག་བསྔལ་ཕུང་པོ་སྣ་ཚོགས་ཅི་སྨོས་ཀྱིས། །ཆོས་རབ་མཉན་པའི་དོན་དུ་བདག་གིས་ཉམས་བླང་ཞེས། །ཆོས་རྣམས་ཐོས་པར་གྱུར་ནས་ཚུལ་བཞིན་སེམས་པར་བྱེད། །བསམ་གཏན་ཚད་མེད་དེ་བཞིན་གཟུགས་མེད་རྣམ་པ་
བཞི། མངོན་པར་ཤེས་པའི་དམ་པ་ལྔ་པོ་མངོན་སྒྲུབ་ཀྱང་། །དེ་དག་དབང་གིས་སྐྱེ་བར་དེ་དག་འགྱུར་བ་མིན། །ལེགས་ལྡན་འདི་གནས་སངས་རྒྱས་ཁྲག་ཁྲིག་མང་པོ་ལ། །མཆོད་པ་བྱེད་ཅིང་དེས་རྟོགས་ཡིད་ཀྱིས་ཆོས་ཀྱང་ཉན། །སྲབས་པར་གྱུར་
ཅིང་ལོག་བྲལ་ཡོངས་སུ་དག་པར་འགྱུར། །སྐྱོན་མེད་གསེར་སྦྲམ་ཇི་ལྟར་སྲང་ལ་བཅལ་བ་བཞིན། །དེ་གནས་ཡོན་ཏན་ལྡན་པ་ལྷ་ཡི་བདག་པོ་སྟེ། །དབང་སྒྱུར་དོན་བྱེད་འདོད་པའི་ནད་ཀྱི་རྣམ་པ་སེལ། །ལྷ་མང་སྣ་ཚོགས་དུ་མ་དགེ་བའི་
ལམ་ལ་དགོད། །སངས་རྒྱས་ཡོན་ཏན་མངོན་འདོད་བསམ་པ་གཞན་ཡང་མྱེད། །འདི་ལ་གནས་པའི་རྒྱལ་སྲས་བརྩོན་འགྲུས་རབ་རྩོམ་སྟེ། །བརྒྱ་ཕྲག་སྟོང་ལས་མི་ཉུང་ཏིང་འཛིན་ཐོབ་པ་ཡིན། །མཚན་རབ་སྐུ་བརྒྱན་སངས་རྒྱས་རྣམས་ཀྱང་རབ་
ཏུ་མཐོང་། །ཡན་ཅད་སྨོན་ལམ་རབ་ལྡན་ཡོན་ཏན་བསམ་མི་ཁྱབ། །དེ་ལྟར་ས་མཆོག་གསུམ་པ་འདི། །འཇིག་རྟེན་ཀུན་ལ་ཕན་བརྩོན་པའི། །བྱང་ཆུབ་སེམས་དཔའི་མཆོག་རྣམས་ལ། །རྒྱལ་བའི་སྲས་ཀྱིས་བསྟན་པ་ཡིན། །འོད་
བྱེད་པ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་ས་གསུམ་པའོ། །ས་མཆོག་དམ་པ་ཡིད་འོང་ཕུལ་གྱི། །སྤྱོད་པ་ཡངས་པ་འདི་འདྲ་ཐོས་ནས། །རྒྱལ་སྲས་ཡིད་དགའ་ཤིན་ཏུ་མགུ་གྱུར། །རྒྱལ་བ་ལ་ནི་མེ་ཏོག་མངོན་འཐོར། །
ཆོས་འདི་ཤིན་ཏུ་བསྟན་ཅིང་བརྗོད་པས། །ལན་ཚྭའི་གང་ཆེན་མཚོ་ཡང་གཡོས་འགྱུར། །ལྷ་ཡི་བུ་མོ་ཡིད་འོང་སྙན་པའི། །གླུ་ཡི་དབྱངས་སུ་ཆོས་རབ་དབྱངས་ལེན། །དབང་བསྒྱུར་ལྷ་དབང་ཤིན་ཏུ་ཡིད་དགའ། །བདེ་གཤེགས་
เล่ม ๓๖ · หน้า 204a
རིན་ཆེན་ལྷ་རྫས་ནོར་འཐོར། །དོན་གྲུབ་ཡོན་ཏན་ཕ་རོལ་ཕྱིན་པའི། །རྒྱལ་བ་དེ་ཚེ་གསུང་རབ་སྒྲོག་མཛད། །ཅི་ཕྱིར་ཞེ་ན་ཆོས་ཀྱི་དམ་པ། །རྫོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་རབ། །
དེ་རིང་འདིར་ཐོས་མཁས་པའི་ས་དེ། །བསྐལ་པ་བརྒྱར་ཡང་ཐོས་པར་རབ་དཀའ། །རྒྱལ་སྲས་མཁས་ལ་སྤྱོད་པའི་དམ་པ། །ལྷ་དང་མི་ལ་ཕན་པས་ཡང་ཤོད། །ས་དོན་ངེས་པར་མ་ནོར་ལམ་འདི། །ལྷ་མང་འདི་
དག་ཡིད་དགའ་ཉན་འགྱུར། །བདེ་བར་གཤེགས་པའི་སྲས་པོ་ལ། །རྣམ་ཐར་ཟླ་བས་ཡང་སྨྲས་པ། །བཞི་པོར་ཡང་དག་འཕར་བ་ཡི། །སྤྱོད་ཡུལ་མཁས་པས་བཤད་པར་མཛོད། །བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་
པོས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་གསུམ་པ་ལ་སྣང་བ་ཤིན་ཏུ་སྦྱང་བ་ནི། །བྱང་ཆུབ་སེམས་དཔའི་ས་བཞི་པ་ཡོངས་སུ་གནོན་ཏེ། །དེ་ཆོས་སྣང་བ་ལ་
འཇུག་པ་བཅུ་ཡོངས་སུ་གནོན་ཏེ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་གྱི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ་དང་། ཆོས་ཀྱི་ཁམས་རྣམ་པར་
དཔྱད་པ་སྣང་བ་ལ་འཇུག་པ་དང་ནམ་མཁའི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ་དང་། །རྣམ་པར་ཤེས་པའི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ་དང་། འདོད་པའི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ་དང་
གཟུགས་ཀྱི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ་དང་། གཟུགས་མེད་པའི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ་དང་། བསམ་པ་དང་མོས་པ་ཡངས་པའི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ་དང་། བདག་
เล่ม ๓๖ · หน้า 204b
ཉིད་ཆེ་བའི་བསམ་པ་དང་མོས་པའི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ་དང་། ཆོས་སྣང་བ་ལ་འཇུག་པ་བཅུ་པོ་འདི་དག་གིས་ཡོངས་སུ་གནོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་
ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པའི་རིགས་སུ་དེའི་བདག་ཉིད་ཀྱི་ཆོས་རབ་ཏུ་འཐོབ་པའི་ཕྱིར་ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པའི་ཆོས་བཅུས་ཡང་དག་པར་བྱུང་བ་ཡིན། བཅུ་གང་ཞེ་ན། འདི་ལྟ་སྟེ། ཕྱིར་མི་ལྡོག་པའི་
བསམ་པ་དང་། དཀོན་མཆོག་གསུམ་ལ་དད་པ་མྱི་ཕྱེད་པ་རབ་ཏུ་ཐོབ་པའི་མཐར་ཐུག་པ་དང་། འདུ་བྱེད་སྐྱེ་བ་དང་། འཇིག་པ་རྣམ་པར་བསྒོམ་པ་དང་། རང་བཞིན་གྱིས་མ་སྐྱེས་པ་རྣམ་པར་བསྒོམ་པ་དང་། འཇིག་རྟེན་རྒྱུ་ཞིང་ལྡོག་པ་རྣམ་པར་བསྒོམ་པ་དང་། ལས་ཀྱིས་སྲིད་པར་སྐྱེ་
བ་རྣམ་པར་བསྒོམ་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་རྣམ་པར་བསྒོམ་པ་དང་། སེམས་ཅན་གྱི་ཞིང་དང་ལས་རྣམ་པར་བསྒོམ་པ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་རྣམ་པར་བསྒོམ་པ་དང་། མྱེད་པའི་མཐའ་དང་ཟད་པའི་མཐའ་
རྣམ་པར་བསྒོམ་པ་སྟེ། ཀྱེ་རྒྱལ་བའི་སྲས་དག །ཡེ་ཤེས་ཡོངས་སུ་སྨིན་པར་བྱེད་པའི་ཆོས་བཅུ་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པའི་རིགས་སུ་དེའི་བདག་ཉིད་ཀྱི་ཆོས་
རབ་ཏུ་འཐོབ་པའི་ཕྱིར་ཡང་དག་པར་བྱུང་བ་ཡིན། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཡོངས་སུ་སྦྱོང་བ་དང་ལྡན་ཞིང་ཤེས་བཞིན་ཅན་དྲན་པ་དང་ལྡན་པར་འཇིག་རྟེན་གྱི་
ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ནང་གི་ལུས་ལ་ལུས་ཀྱིས་རྗེས་སུ་ལྟ་བར་གནས་སོ། །ཡོངས་སུ་སྤྱོད་པ་དང་ལྡན་ཞིང་ཤེས་བཞིན་ཅན་དྲན་པ་དང་ལྡན་པར་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་
เล่ม ๓๖ · หน้า 205a
སྤངས་ཏེ། ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བར་གནས་སོ། །སྤྱོད་པ་དང་ལྡན་ཞིང་ཤེས་བཞིན་ཅན་དྲན་པ་དང་ལྡན་པར་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ཕྱི་ནང་གི་ལུས་ལ་ལུས་ཀྱི་
རྗེས་སུ་ལྟ་བར་གནས་སོ། །དེ་བཞིན་དུ་ནང་གི་ཚོར་བ་དང་། ཕྱི་རོལ་གྱི་ཚོར་བ་དང་། ཕྱི་ནང་གི་ཚོར་བ་དང་། དེ་བཞིན་དུ་ནང་གི་སེམས་དང་། ཕྱི་རོལ་གྱི་སེམས་དང་། ཕྱི་ནང་གི་སེམས་ལ་ལྟ་སྟེ་སྤྱོད་པ་དང་ལྡན་ཞིང་ཤེས་བཞིན་ཅན་དྲན་པ་དང་ལྡན་
པར་འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བར་གནས་སོ། །ཡོངས་སུ་སྤྱོད་པ་དང་ལྡན་ཞིང་ཤེས་བཞིན་ཅན་དྲན་པ་དང་ལྡན་པར་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་
པར་སྤངས་ཏེ། ཕྱི་རོལ་གྱི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བར་གནས་སོ། །ཡོངས་སུ་སྤྱོད་པ་དང་ལྡན་ཞིང་ཤེས་བཞིན་ཅན་དྲན་པ་དང་ལྡན་པར་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ཕྱི་ནང་གི་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་
བར་གནས་སོ། །དེ་སྡིག་ཏོ་དང་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ་བའི་ཕྱིར་དང་པ་སྐྱེད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །སྨོན་ལམ་ཡང་དག་པར་འདེབས་སོ། །སྡིག་ཏོ་དང་མི་དགེ་བའི་ཆོས་སྐྱེས་པ་
རྣམས་སྤང་བའི་ཕྱིར་དད་པ་སྐྱེད་དོ། །རྩོལ་ལོ། བརྩོན་འགྲུས་རྩོམ་མོ་སེམས་རབ་ཏུ་འཛིན་ཏོ། །སྨོན་ལམ་ཡང་དག་པར་འདེབས་སོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེ་བར་འགྱུར་བར་དད་པ་སྐྱེད་དོ། །རྩོལ་ལོ། །བརྩོན་འགྲུས་རྩོམ་མོ། །སེམས་
རབ་ཏུ་འཛིན་ཏོ། །སྨོན་ལམ་ཡང་དག་པར་འདེབས་སོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་ཉམས་པ་དང་། རྒྱ་ཆེར་འགྱུར་བ་དང་། དེ་བས་ཀྱང་འཕེལ་བར་འགྱུར་བ་དང་། བསྒོམ་པ་དང་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་
เล่ม ๓๖ · หน้า 205b
དད་པ་སྐྱེད་དོ། །རྩོལ་ལོ། བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །སྨོན་ལམ་ཡང་དག་པར་འདེབས་སོ། །དེ་མོས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ།
འགོག་པ་ལ་གནས་པ་རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤངས་པས་
ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །དཔྱོད་པའི་ཏིང་ངེ་
འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །དད་པའི་དབང་པོ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་
པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །བརྩོན་འགྲུས་ཀྱི་དབང་པོ་དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །དྲན་པའི་
དབང་པོ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །ཏིང་ངེ་འཛིན་གྱི་དབང་པོ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤངས་པས་
ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །ཤེས་རབ་ཀྱི་དབང་པོ་དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །དད་པའི་སྟོབས་དབེན་པ་ལ་གནས་པ།
เล่ม ๓๖ · หน้า 206a
འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །བརྩོན་འགྲུས་ཀྱི་སྟོབས་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་
ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །དྲན་པའི་སྟོབས་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤངས་པས་ཡོངས་སུ་གྲུབ་
པ་ཡོངས་སུ་སྒོམ་མོ། །ཏིང་ངེ་འཛིན་གྱི་སྟོབས་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །ཤེས་རབ་ཀྱི་སྟོབས་དབེན་པ་ལ་
གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་
གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་
ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །དགའ་
བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །བག་ཡངས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་
เล่ม ๓๖ · หน้า 206b
གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ།
འགོག་པ་ལ་གནས་པ། རྣམ་པར་སྤོངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་
སུ་སྒོམ་མོ། །ཡང་དག་པའི་ལྟ་བ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །ཡང་དག་པའི་རྟོག་པ་
དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །ཡང་དག་པའི་ངག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་
པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །ཡང་དག་པའི་ལས་ཀྱི་མཐའ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་
པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །ཡང་དག་པའི་འཚོ་བ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །ཡང་དག་
པའི་རྩོལ་བ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །ཡང་དག་པའི་དྲན་པ་དབེན་པ་ལ་གནས་པ། འདོད་ཆགས་དང་
เล่ม ๓๖ · หน้า 207a
བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤངས་བས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །ཡང་དག་པའི་ཏིང་ངེ་འཛིན་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་
པ་ལ་གནས་པ། རྣམ་པར་སྤངས་པས་ཡོངས་སུ་གྲུབ་པ་ཡོངས་སུ་སྒོམ་མོ། །དེ་དག་ཀྱང་སེམས་ཅན་ཐམས་ཅད་ལ་ལྟ་བ་དང་། སྔོན་གྱི་སྨོན་ལམ་མངོན་པས་བསྒྲུབས་པར་ཉེ་བར་བརྟེན་པ་དང་། སྙིང་རྗེ་ཆེན་པོ་སྔོན་དུ་བཏང་བ་དང་། བྱམས་པ་ཆེན་པོ་
དང་ལྡན་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དམིགས་པ་དང་། སངས་རྒྱས་ཀྱི་ཞིང་བསྒྲུབ་ཅིང་རྒྱན་མངོན་པར་གྲུབ་པར་བྱ་བ་དང་། དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་།
གཟུགས་དང་མཚན་དང་། དཔེ་བྱད་བཟང་པོ་དང་། དབྱངས་ཀྱི་ཡན་ལག་དང་། གསུང་ཕུན་སུམ་ཚོགས་པ་མངོན་པར་བསྒྲུབ་པ་དང་། གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བའི་ཆོས་ཡོངས་སུ་བཙལ་བ་དང་། སངས་རྒྱས་ཀྱི་རྣམ་པར་ཐར་བ་ཟབ་མོ་
ཐོས་པ་ཁོང་དུ་ཆུད་པར་བྱ་བ་དང་། ཤེས་རབ་དང་ཐབས་ལ་ཤིན་ཏུ་མཁས་པས་རྣམ་པར་དཔྱོད་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་གང་འདི་འཇིག་ཚོགས་
ལ་ལྟ་བ་ལ་སྩོགས་པ་བདག་ཏུ་མངོན་པར་ཆགས་པ་དང་། སེམས་ཅན་དུ་མངོན་པར་ཆགས་པ་དང་། སྲོག་དང་གསོ་བ་དང་། གང་ཟག་དང་། ཤེད་བདག་དང་། ཤེད་ལས་སྐྱེས་པ་ལ་མངོན་པར་ཆགས་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་
མངོན་པར་ཆགས་པ་ལས་བྱུང་བ། བརྐྱང་བ་དང་བསྐུམ་པ་དང་། རྣམ་པར་བརྟག་པ་དང་། རྣམ་པར་དཔྱད་པ་དང་དྲན་པ་དང་། བདག་གིར་བྱས་པ་དང་། ནོར་དུ་བྱས་པ་དང་། བརྟེན་པའི་གནས་སུ་གྱུར་པ་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་རབ་ཏུ་
เล่ม ๓๖ · หน้า 207b
ཤེས་སོ། །རབ་ཏུ་སྤོང་ངོ་། །དེ་འདི་ལྟར་ལས་གང་བྱ་བའི་མི་ཆ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྨད་པ། ཀུན་ནས་ཉོན་མོངས་པ་དང་ལྡན་པ་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་སྤོང་ངོ་། །ལས་གང་བྱ་བའི་རིགས་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་ཀྱིས་བསྔགས་པ། བྱང་ཆུབ་ཀྱི་ལམ་གྱི་ཚོགས་དང་མཐུན་པ་དེ་དག་ཡང་དག་པར་བླངས་ཤིང་གནས་ཏེ། དེ་ཕྱིར་ཞིང་ཇི་ལྟ་ཇི་ལྟར་ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབས་པའི་ལམ་ཡང་དག་པར་བསྒྲུབ་པའི་
ཕྱིར་ལམ་གྱི་ཡན་ལག་རྣམས་བསྒོམ་པ་དེ་ལྟ་དེ་ལྟར་འཇམ་པའི་སེམས་དང་ལྡན་པ་ཡིན། མཉེན་པའི་སེམས་དང་ལྡན་པ་ཡིན་ལས་སུ་རུང་བའི་སེམས་དང་ལྡན་པ་ཡིན། ཕན་པ་དང་བདེ་བ་སྐྱེད་པའི་སེམས་དང་ལྡན་པ་ཡིན། ཀུན་ནས་
ཉོན་མོངས་པ་མེད་པའི་སེམས་དང་ལྡན་པ་ཡིན། གོང་ནས་གོང་དུ་ཁྱད་པར་ཡོངས་སུ་ཚོལ་བའི་སེམས་དང་ལྡན་པ་ཡིན། ཡེ་ཤེས་ཀྱི་ཁྱད་པར་ལ་མོས་པའི་སེམས་དང་ལྡན་པ་ཡིན། འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སེམས་དང་ལྡན་
པ་ཡིན། བླ་མ་ལ་རིམ་གྲོ་བྱ་བ་དང་མཐུན་པའི་སེམས་དང་ལྡན་པ་ཡིན། ཇི་སྐད་དུ་ཐོས་པའི་ཆོས་ལ་ནན་ཏན་དུ་བྱེད་པའི་སེམས་དང་ལྡན་པ་ཡིན་ཏེ། དེ་ནི་བྱས་པ་ཤེས་པས་དྲིན་དུ་གཟོ་བ་ཡིན། འགྲོགས་ན་བདེ་ཞིང་དེས་པ་ཡིན། འཇམ་ཞིང་
མཉེན་པ་ཡིན། སྒྱུ་མེད་ཅིང་ང་རྒྱལ་མེད་ལ། ཐིབས་པོ་མེད་པར་སྤྱོད་པ་ཡིན། མཐུན་པར་འཛིན་ཅིང་ང་ལོ་བདེ་བ་ཡིན་ཏེ། དེ་དེ་ལྟར་བཟོད་པ་དང་ལྡན་དེ་ལྟར་དུལ་བ་དང་ལྡན་དེ་ལྟར་ཞི་བ་དང་ལྡན་ཏེ། དེ་ལྟར་བཟོད་ཅིང་དུལ་ལ་ཞི་བ་དང་ལྡན་པས་གོང་
དུས་ཡོངས་སུ་སྦྱོང་བའི་ལས་རྣམས་ཡིད་ལ་བྱེད་ཅིང་ཡང་དག་པར་སྤྱོད་པས་ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་ལྡན་པ་ཡིན། རྒྱུན་མ་ཆད་པའི་བརྩོན་འགྲུས་དང་ལྡན་པ་ཡིན། ཀུན་ནས་ཉོན་མོངས་པ་མེད་པའི་བརྩོན་འགྲུས་དང་ལྡན་པ་ཡིན།
เล่ม ๓๖ · หน้า 208a
ཟློག་པར་མི་ནུས་པའི་བརྩོན་འགྲུས་དང་ལྡན་པ་ཡིན། སྐྱོ་བ་མེད་པའི་བརྩོན་འགྲུས་དང་ལྡན་པ་ཡིན། ཡངས་པའི་བརྩོན་འགྲུས་དང་ལྡན་པ་ཡིན། མཐའ་ཡས་པའི་བརྩོན་འགྲུས་དང་ལྡན་པ་ཡིན། ཤིན་ཏུ་སྦྱངས་པའི་བརྩོན་
འགྲུས་དང་ལྡན་པ་ཡིན། མི་མཉམ་པ་དང་མཉམ་པའི་བརྩོན་འགྲུས་དང་ལྡན་པ་ཡིན། མི་འཕྲོགས་པའི་བརྩོན་འགྲུས་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་བརྩོན་འགྲུས་དང་ལྡན་པ་ཡིན་ཚུལ་དང་མི་ཚུལ་བ་བྱེ་བྲག་ཕྱེད་པའི་
བརྩོན་འགྲུས་དང་ལྡན་པ་ཡིན་ཏེ། ཕྱིར་ཞིང་དེའི་བསམ་པའི་ཁམས་ཡོངས་སུ་དག་པར་འགྱུར་རོ། །ལྷག་པའི་བསམ་པའི་ཁམས་དང་རྣམ་པར་མི་འབྲལ་ལོ། །མོས་པའི་ཁམས་ཀྱང་ཤིན་ཏུ་བྱང་བར་འགྱུར་རོ། །དགེ་བའི་རྩ་བ་རྣམ་པར་འཕེལ་བ་ཡང་
ཡོངས་སུ་སྐྱེའོ། །འཇིག་རྟེན་གྱི་དྲི་མའི་རྙོག་པ་དང་ཡང་བྲལ་བར་འགྱུར་རོ། །ཐེ་ཙོམ་དང་ཡིད་གཉིས་དང་ནེམ་ནུར་ཡང་རྒྱུན་ཆད་པར་འགྱུར་རོ། །ནེམ་ནུར་མེད་པ་ལ་མངོན་སུམ་དུ་གྱུར་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །དགའ་བ་དང་བག་ཡངས་ཀྱང་
ཡང་དག་པར་འབྱུང་ངོ་། །དེ་བཞིན་གཤེགས་པ་ལ་དད་པ་རླབས་ཆེན་པོ་ཡང་མངོན་སུམ་དུ་འགྱུར་རོ། །སེམས་ཀྱི་བསམ་པ་ཚད་མེད་པ་ཡང་ཡང་དག་པར་སྐྱེའོ། །དེ་བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་འདི་ལ་གནས་པའི་ཚེ་ལྟ་བ་རྒྱ་ཆེན་པོ་དང་སྨོན་ལམ་གྱི་
སྟོབས་ཀྱིས་སངས་རྒྱས་མང་པོ་སྣང་བར་འགྱུར་ཏེ། ལྟ་བ་རྒྱ་ཆེན་པོ་དང་སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་།
སངས་རྒྱས་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་སྣང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
เล่ม ๓๖ · หน้า 208b
རྫོགས་པའི་སངས་རྒྱས་དེ་དག་མཐོང་ནས་བསམ་པ་རྒྱ་ཆེན་པོས་རིམ་གྲོ་བྱེད་དོ། །བཀུར་སྟི་བྱེད་དོ། །བསྟི་སྟང་བྱེད་དོ། །མཆོད་པ་བྱེད་དོ། །ན་བཟའ་དང་བསོད་སྙོམས་དང་། གཟིམས་ཆ་དང་སྙུན་གྱི་རྐྱེན་སྨན་དང་ཡོ་བྱད་དག་ཀྱང་འབུལ་ཞིང་བྱང་ཆུབ་
སེམས་དཔའི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱང་ཡོངས་སུ་འབུལ་ལོ། །དགེ་འདུན་གྱི་ཚོགས་རྣམས་ལ་ཡང་ཡང་དག་པར་མཆོད་པ་བྱེད་དེ། དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་བསྙེན་བཀུར་བ་བྱེད་ཅིང་དེ་དག་གིས་ཆོས་བསྟན་པ་ཡང་རིམ་གྲོར་ཉན་ཅིང་ལེན་ཏོ། །འཛིན་ཏོ་ཐོས་ནས་ཀྱང་ཅི་ཚུལ་དུ་ནན་ཏན་གྱིས་ཡང་དག་པར་སྒྲུབ་བོ། །དེ་དག་ལས་ཕལ་ཆེར་དེ་བཞིན་
གཤེགས་པ་དེ་དག་གི་བསྟན་པ་ལ་རབ་ཏུ་འབྱུང་སྟེ། ཕྱིར་ཞིང་དེའི་བསམ་པ་དང་ལྷག་པའི་བསམ་པ་དང་མོས་པ་མཉམ་པ་ཉིད་ཀྱང་རྣམ་པར་དག་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་
དེ་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་ཕྲག་དུ་མ་དང་།
བསྐལ་པ་ཁྲག་ཁྲིག་བརྒྱ་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་བསམ་པ་དང་ལྷག་པའི་བསམ་པ་དང་། མོས་པའི་བསམ་པ་མཉམ་པ་ཉིད་རབ་ཏུ་གནས་སོ། །དེའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་
དག་ཅིང་ཤིན་ཏུ་འོད་གསལ་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། གསེར་གྱི་ས་ལེ་སྦྲམ་དེ་ཉིད་མགར་བ་མཁས་པས་རྒྱན་དུ་བྱས་པ་ནི། དེ་མ་ཡིན་པའི་གསེར་གྱི་ས་ལེ་སྦྲམ་གཞན་རྒྱན་དུ་མ་བྱས་པས་མི་འཕྲོགས་
เล่ม ๓๖ · หน้า 209a
ཤིང་མི་ཐུབ་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་འདི་ལ་གནས་པའི་དགེ་བའི་རྩ་བ་དེ་དག་ཀྱང་དེ་མ་ཡིན་པའི་བྱང་ཆུབ་
སེམས་དཔའི་ས་འོག་མ་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བས་མི་འཕྲོགས་ཤིང་མི་ཐུབ་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན་ནོར་བུ་རིན་པོ་ཆེ་འོད་དང་ལྡན་པ་འོད་ཟེར་གྱི་དཀྱིལ་འཁོར་ཡོངས་སུ་
དག་པ་ཅན་སྣང་བ་རབ་ཏུ་གཏོང་བ་ནི་དེ་མ་ཡིན་པའི་རིན་པོ་ཆེའི་རྣམ་པས་མི་འཕྲོགས་ཤིང་མི་ཐུབ་པ་ཡིན། རླུང་ལངས་པ་དང་ཆུ་དང་ཆར་བབ་པས་འོད་མི་ཆོད་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་འདི་ལ་གནས་པ་ཡང་དེ་མ་ཡིན་པའི་ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་འཕྲོགས་ཤིང་མི་ཐུབ་པ་ཡིན། བདུད་དང་ཉོན་མོངས་པའི་རྒྱུད་རྣམས་ཀྱིས་ཡེ་ཤེས་མི་ཆོད་པ་ཡིན།
དེའི་བསྡུ་བའི་དངོས་པོ་བཞི་ལས་དོན་མཐུན་པའི་ཤས་ཆེ་བ་ཡིན། ཕ་རོལ་ཏུ་ཕྱིན་པ་བཅུ་ལས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཅི་ཚུལ་ཅི་ནུས་སུ་ཡང་དག་པར་མི་སྒྲུབ་པ་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་
འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་བཞི་པ་སྟེ་འོད་འཕྲོ་བ་ཅན་ཞེས་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕལ་ཆེར་ལྷའི་རྒྱལ་པོ་རབ་འཚེ་མར་འགྱུར་ཏེ། སེམས་
ཅན་རྣམས་ཀྱི་འཇིག་ཚོགས་ལ་ལྟ་བ་མང་པོ་ཡང་དག་པར་གཞོལ་བ་ལ་མཁས་ཤིང་མཐུ་ཡོད་པ་ཡིན། དེ་སྦྱིན་པ་འམ། ངག་སྙན་པ་འམ། དོན་བསྒྲུབ་པ་འམ། དོན་འཐུན་པས་དགེ་བའི་རྩ་བ་གང་ཅི་ཙམ་ཡང་རུང་སྟེ། དེ་ཐམས་ཅད་ཇི་ལྟར་ན་
เล่ม ๓๖ · หน้า 209b
སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། གཙོ་བོར་འགྱུར། ཐུ་བོར་འགྱུར། ཕུལ་དུ་འགྱུར། དམ་པར་འགྱུར། བླ་ན་མེད་པར་འགྱུར། འདྲེན་པར་འགྱུར། ཡོངས་སུ་འདྲེན་པར་འགྱུར་བ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རྟེན་པའི་བར་དུ་འགྱུར་སྙམ་སྟེ། སངས་རྒྱས་
ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྦྱོང་བ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་ས་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་
ཡིད་ལ་བྱ་བ་དང་། མི་འཇིགས་པ་ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་ནས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་། མི་འབྲལ་བ་ཡིན་ཏེ། དེ་འདོད་ན་སྐད་ཅིག་ཡུད་
ཙམ་ཐང་ཅིག་ཏུ་ཏིང་ངེ་འཛིན་ཁྲག་ཁྲིག་རབ་ཏུ་ཐོབ་ཅིང་དེ་དག་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་ཁྲག་ཁྲིག་མཐོང་ཞིང་དེ་དག་གི་བྱིན་གྱི་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་སྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་
དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་སྣང་བར་བྱ་བ་དང་། སེམས་ཅན་ཁྲག་ཁྲིག་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་ཁྲག་ཁྲིག་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའི་བསྐལ་པ་ཁྲག་ཁྲིག་ལ་རབ་ཏུ་འཇུག་པ་དང་། ཆོས་
ཀྱི་སྒོ་ཁྲག་ཁྲིག་རྣམ་པར་འབྱེད་པ་དང་། ལུས་ཁྲག་ཁྲིག་ཡོངས་སུ་བསྟན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་ཁྲག་ཁྲིག་ཡང་དག་པར་བསྟན་པར་བྱ་བའི་བརྩོན་འགྲུས་ཀྱི་རྣམ་པ་དེ་ལྟ་བུ་རྩོམ་མོ། །དེ་ཡན་ཅད་བྱང་ཆུབ་སེམས་དཔའ་སྨོན་ལམ་
གྱི་མཐུ་ཅན་རྣམས་སྨོན་ལམ་གྱི་ཁྱད་པར་གྱིས་རྣམ་པར་འཕྲུལ་ཏེ། དེ་དག་གི་ལུས་སམ། འོད་དམ་རྫུ་འཕྲུལ་ལམ། མིག་གམ། སྤྱོད་ཡུལ་ལམ། དབྱངས་སམ། སྤྱོད་པ་འམ། རྒྱན་ཏམ། བྱིན་གྱི་རླབས་སམ། མོས་པ་འམ། མངོན་པར་འདུ་
เล่ม ๓๖ · หน้า 210a
བྱེད་པ་དག་ཀྱང་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མའི་བར་གྱིས་ཀྱང་བགྲང་བར་དཀའ་འོ། །
དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སའི་དོན་འདི་ཉིད་ཡང་བརྟག་པར་བྱ་བ་དང་། བསྟན་པར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ས་གསུམ་འོད་བྱེད་པ་ལ་ཤིན་ཏུ་སྦྱངས་བྱས་ཤིང་། །ནམ་མཁའི་ཁམས་དང་ཡིད་ཀྱི་ཁམས་
དང་ཁམས་གསུམ་དང་། སེམས་ཅན་སྤྱོད་དང་ཆོས་དང་འཇིག་རྟེན་དཔྱོད་བྱེད་ཅིང་། །མོས་དང་བསམ་པ་རྣམ་པར་དག་པ་ཡང་དག་གནོན། །འོད་འཕྲོ་ཡོད་པའི་ས་ཐོབ་འཕྲལ་དུ་མཐུ་ཆེན་རྣམས། །སྟོན་པའི་རིགས་སུ་ཡང་དག་སྐྱེས་པས་ཕྱིར་མི་ལྡོག། །
སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་དང་མི་ཕྱེད། །སྐྱེ་ཞིང་འཇིག་དང་གནས་པ་བྱེད་པ་མེད་པ་ལྟར། །འཇིག་རྟེན་རྒྱུ་བའི་ལས་དང་བྱེད་དང་སྲིད་སྐྱེ་དང་། །མྱ་ངན་འདས་འཁོར་ཞིང་དང་སེམས་ཅན་རྣམ་པར་སྒོམ། །སྔོན་དང་ཕྱི་མཐའ་ཟད་དང་སྐྱེ་
མེད་གྲུབ་པ་དང་། །ལས་ལ་སྟོན་པའི་རིགས་ཀྱི་རྗེས་སུ་འབྲང་ཞིང་སྒོམ། །དེ་དག་འདི་འདྲའི་ཆོས་ལྡན་ཕན་དང་བདེར་སེམས་པ། །ལུས་དང་དྲན་པ་ཚོར་བ་སེམས་དང་ཆོས་སྒོམ་སྟེ། །དྲན་པ་ཉེ་བར་གཞག་བསྒོམ་བརྟེན་པ་རྣམ་སྤངས་པ། །ཕྱི་དང་
ནད་དང་གཉིས་ཀའི་རྣམ་པར་མཁས་པ་སྒོམ། །སྡིག་ཏོ་ཟད་ཅིང་དགེ་ཆོས་རྣམ་པར་འཕེལ་འགྱུར་བའི། །ཡང་དག་སྤོང་བ་བཞི་ལ་འང་མཁས་པ་སྒོམ་པ་བྱེད། །རྫུ་འཕྲུལ་རྐང་པ་བཞི་དང་སྟོབས་དང་དབང་པོ་དང་། །བྱང་ཆུབ་ཡན་ལག་རིན་
ཆེན་ལམ་རབ་ཡིད་འོང་སྒོམ། །དེ་དག་ཀུན་ཀྱང་འགྲོ་ལ་ལྟ་བའི་བློ་སྒོམ་སྟེ། །སྙིང་བརྩེ་བྱམས་པ་སྔོན་འགྲོ་སྨོན་ལམ་ཉེ་བར་རྟོན། །སྟོབས་ཀྱི་དམ་པ་གོ་འཕང་མཆོག་གི་རྗེས་སེམས་ཤིང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སངས་
เล่ม ๓๖ · หน้า 210b
རྒྱས་ཞིང་ལ་སྨོན། །སྟོན་པའི་འཇིགས་མེད་རྣམས་དང་ཆོས་རྣམས་འཕྲོགས་མེད་དང་། སངས་རྒྱས་གསུང་གི་མཆོག་ལ་བརྟེན་པ་སྨོན་བྱེད་ཅིང་། །རིན་ཆེན་ལམ་ཟབ་རྣམ་པར་ཐར་པའི་གནས་རྣམས་དང་། །ཆེ་བའི་ཐབས་རྣམས་ཡང་དག་བསྒྲུབ་ཕྱིར་
བསྒོམ་པ་བྱེད། །འཇིག་ཚོགས་ལྟ་མེད་ལྟ་བ་དྲུག་ཅུ་གཉིས་ཀྱང་མེད། །བདག་དང་བདག་གི་མེད་ཅིང་སྲོག་ཏུ་དམིགས་པ་མེད། །ཕུང་པོ་སྐྱེ་མཆེད་རྣམས་དང་ཁམས་ཀྱི་གནས་དང་རྟེན། །ཀུན་ཀྱང་མཁས་པས་བཞི་པོའི་ས་ལ་རབ་ཏུ་སྤངས། །དེས་ནི་གང་དང་
གང་རྣམས་རྒྱལ་བས་སྨད་མཛད་པའི། །ལས་དང་ཉོན་མོངས་བཅས་པ་དོན་དུ་མི་འགྱུར་རྣམས། །དེ་དག་ཡོངས་སུ་སྤངས་ཤིང་མཁས་པ་ཁོང་ནས་དག །འགྲོ་བ་བསྐྱབ་པའི་དོན་དུ་ལས་རབ་དགེ་ལ་བརྩོན། །མཁས་པ་དེ་ནི་བྱམས་པའི་སེམས་ལྡན་བག་ཀྱང་
ཡོད། །མཉེན་འཇམ་སེམས་ལྡན་ཕན་དང་བདེ་བྱེད་དྲན་དང་ལྡན། །དམ་པའི་དོན་རྣམས་ཐམས་ཅད་སྐྱོན་མེད་ཡོངས་སུ་ཚོལ། །ཡེ་ཤེས་དབང་བསྐུར་མདོན་མོས་འགྲོ་བའི་དོན་ཀྱང་བྱས། །བླ་མ་རིམ་གྲོར་བྱེད་དང་ལྡན་ཞིང་ནན་ཏན་བརྩོན། །དྲིན་
གཟོ་ཁྲོ་བ་མེད་ཅིང་ང་ལོ་བདེ་དང་ལྡན། །སྒྱུ་མེད་ཐིབས་པོ་མེད་ཅིང་ཤིན་ཏུ་ངེས་པ་སྟེ། །ཡང་དག་སྒྲུབ་བྱེད་བརྩོན་འགྲུས་ཕྱིར་ལྡོག་མེད་པ་ཡིན། །ཡིད་དུ་འོང་བའི་ས་འདི་ལ་ནི་དེ་གནས་ཚེ། །ལྷག་པའི་བསམ་པ་ཉིད་དང་བསམ་དག་འཐོབ་པར་འགྱུར། །
མོས་པ་རབ་ཏུ་འབྱུང་འགྱུར་དགེ་ཆོས་རྣམ་པར་འཕེལ། །དྲི་མ་རྙོག་པ་ཐེ་ཙོམ་ཡིད་གཉིས་ཐམས་ཅད་བསྩལ། །འདི་ལ་གནས་པའི་མི་རབ་ཁྱུ་མཆོག་རྒྱལ་བའི་སྲས། །བདེ་གཤེགས་བྱེ་བ་དུ་མ་མངོན་པར་མཆོད་པ་བྱེད། །ཆོས་ཀྱང་ཉན་བྱེད་བསྟན་པ་
དེ་ལ་རབ་ཏུ་འབྱུང་། །རྒྱན་དུ་བྱས་པའི་གསེར་ལྟར་མི་འཕྲོགས་ཐུབ་པ་མེད། །མཁས་པ་འདི་ལ་གནས་པའི་ཡོན་ཏན་བསམ་པ་དང་། །ཡེ་ཤེས་ཐབས་དང་སྤྱོད་པ་རྣམ་དག་ལམ་ལ་ཡང་། །རྣམ་པར་བཟློག་པར་བདུད་རྣམས་བྱེ་བས་མི་ནུས་ཏེ་
เล่ม ๓๖ · หน้า 211a
རིན་ཆེན་འོད་ལ་རླུང་གིས་ཆོད་པར་མི་འགྱུར་བཞིན། །མི་དང་ལྷས་མཆོད་འོས་པ་འདི་ལ་གནས་པ་ནི། །དབང་ཕྱུག་མཚེ་མའི་དམ་པ་ཆོས་ལ་སྤྱད་པར་འགྱུར། །ལྟ་བའི་ཐིབས་པོ་རྣམས་ལས་སེམས་ཅན་རྣམ་པར་བཟློག །
རྒྱལ་བའི་ཡེ་ཤེས་དོན་ཏུ་དགེ་བ་རབ་ཏུ་རྩོམ། །བརྩོན་འགྲུས་ལྡན་པས་མི་ཡི་ཁྱུ་མཆོག་ཁྲག་ཁྲིག་བརྒྱ། །གཞན་དུ་མི་སེམས་ཤིན་ཏུ་མཉམ་པར་གཞག་པས་མཐོང་། །ཡན་ཅད་སྨོན་ལམ་དམ་པ་ཡོན་ཏན་དོན་སྤྱོད་པ། །ཡེ་ཤེས་འབྱུང་གནས་བསྐལ་
པ་མང་པོར་མངོན་པར་སྒྲུབ། །དེ་ལྟར་ས་མཆོག་བཞི་པ་འདི། །རྣམ་དག་དག་པའི་སྤྱོད་ལྡན་ཞིང་། །ཡོན་ཏན་ཡེ་ཤེས་དོན་ལྡན་ལ། །བདེ་བར་གཤེགས་པའི་སྲས་ཀྱིས་བསྟན། །འོད་འཕྲོ་ཅན་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་
ས་བཞི་པའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཅུ་དྲུག་པ། །མཁས་པ་རྣམས་ཀྱིས་མཆོག་སྤྱོད་པ་ཐོས་གྱུར་ནས། །ཆོས་ཀྱི་ཤེས་པས་རྒྱལ་སྲས་མགུ་ཞིང་
དགའ། །དགའ་བའི་ཡིད་ཀྱིས་མཁའ་ལས་མེ་ཏོག་ཆར་ཡང་འབེབས། །བདག་ཉིད་ཆེ་བའི་བདེ་གཤེགས་སྲས་པོ་དགེ་ཞེས་བརྗོད། །ལྷ་ཡི་བདག་པོ་དབང་སྒྱུར་ལྷ་ཡི་ཚོགས་རྣམས་དང་། །དགའ་བས་མཁའ་ལ་འཕགས་ཏེ་བདེ་གཤེགས་
མཆོད་པའི་ཕྱིར། །མེ་ཏོག་སྣ་ཚོགས་སྤྲིན་ཆེན་མདོག་སྡུག་ཡིད་འོང་བ། །དགའ་ཞིང་མོས་པས་བདེ་བར་གཤེགས་ལ་མངོན་པར་གཏོར། །གླུ་དབྱངས་སྙན་པ་ཡིད་འོང་སིལ་སྙན་རྔ་ཡི་སྒྲ། །ལྷ་ཚོགས་མང་པོས་རྒྱལ་བ་མཆོད་པའི་དོན་དུ་བྱས། །
རྒྱལ་བ་དེ་ཚེ་རབ་ཏུ་འཕྲུལ་པའི་སྐུ་ཡང་སྟོན། །སྒྲ་དབྱངས་རྣམ་པ་ཀུན་ལས་འདི་འདྲའི་སྒྲ་བྱུང་ངོ་། །ཡུན་རིང་མཆོག་གིས་ཐུབ་པའི་དགོངས་པ་རྫོགས། །ཡུན་རིང་མཆོག་གིས་ཐུབ་པས་བྱང་ཆུབ་བརྙེས། །ལྷ་མི་ཕན་པ་ཡུན་རིང་མཆོག་གིས་
เล่ม ๓๖ · หน้า 211b
མཐོང་། །ལྷ་ཡི་གནས་སུ་ཤཱཀྱ་ཐུབ་པ་གཤེགས། །ཡུན་རིང་མཆོག་གིས་རྒྱ་མཚོའི་ཆུ་ཡང་གཡོས། །ཡུན་རིང་མཆོག་གིས་འོད་བཟང་ཐུབ་པས་བཀྱེ། །ཡུན་རིང་མཆོག་གིས་སེམས་ཅན་བདེ་བར་གྱུར། །ཐུགས་རྗེ་ཆེ་གསུང་ཡུན་རིང་
མཆོག་གིས་ཐོས། །ཡུན་རིང་མཆོག་གིས་ཐུབ་པ་ཆེ་དང་ཕྲད། །ཡོན་ཏན་ཀུན་གྱི་མཐར་ཕྱིན་ད་བྱོན་ཏོ། །ང་རྒྱལ་དེགས་སྙེམས་མུན་པ་ཀུན་སྤངས་ཏེ། །མཚུངས་མེད་མཆོད་པར་འོས་ལ་མཆོད་པ་གྱིས། །དེ་ལ་མཆོད་བྱས་བདེ་འགྲོའི་ལམ་དུ་འགྲོ། །དེ་
ལ་མཆོད་བྱས་བདེ་བ་རྣམ་པ་མང་། །དེ་ལ་མཆོད་བྱས་སྡུག་བསྔལ་ཐམས་ཅད་འབྱང་། །དེ་ལ་མཆོད་བྱས་རྒྱལ་བའི་ཡེ་ཤེས་འཐོབ། །རྒྱལ་བ་མཁའ་ལྟར་རྣམ་པར་དག་པ་སྟེ། །འགྲོ་བས་མི་གོས་པད་མའི་ཆུ་དང་འདྲ། །ཤིན་ཏུ་
འཕགས་པ་རྒྱ་མཚོའི་རི་རབ་བཞིན། །སྤྲོ་བའི་སེམས་ཀྱིས་རྒྱལ་བ་མཆོད་གྱིས་ཤིག །དེ་སྐད་དབྱངས་སུ་བརྗོད་བྱས་ནས། །ལྷ་ཡི་བུ་མོ་བརྒྱ་མང་བ། །དགའ་བས་རྒྱས་པས་རབ་ཏུ་བལྟ། །ཤིན་ཏུ་དགའ་བས་རིམ་གྲོ་བྱེད། །དེ་ནས་རྡོ་རྗེའི་
སྙིང་པོ་ལ། །རྣམ་ཐར་ཟླ་བས་སྨྲས་པ་ནི། །ས་ལྔའི་རྣམ་པ་ཅི་འདྲ་བ། །རྒྱལ་བའི་སྲས་ཀྱིས་བཤད་པར་མཛོད། །བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་
སེམས་དཔའི་ས་བཞི་པ་ལ་སའི་ལམ་ཡོངས་སུ་རྫོགས་པ་ནི་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་འཇུག་སྟེ། དེ་སེམས་ཀྱི་བསམ་པ་རྣམ་པར་དག་པའི་མཉམ་པ་ཉིད་བཅུས་འཇུག་གོ །བཅུ་གང་ཞེ་ན་འདི་ལྟ་སྟེ། འདས་པའི་སངས་རྒྱས་ཀྱི་ཆོས་ཀྱིས་
བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། མ་བྱོན་པའི་སངས་རྒྱས་ཀྱི་ཆོས་ཀྱིས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་ཀྱིས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། ཚུལ་ཁྲིམས་ཀྱིས་བསམ་པ་རྣམ་པར་དག་པ་
เล่ม ๓๖ · หน้า 212a
མཉམ་པ་ཉིད་དང་། སེམས་ཀྱིས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། ལྟ་བ་དང་ནེམ་ནུར་དང་དོགས་པ་བསྩལ་བས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། ལམ་དང་ལམ་མ་ཡིན་པ་ཤེས་པས་བསམ་པ་རྣམ་པར་དག་པ་
མཉམ་པ་ཉིད་དང་། ནན་ཏན་དང་སྤོང་བ་ཤེས་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་གོང་ནས་གོང་དུ་རྣམ་པར་སྒོམ་པས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དང་། སེམས་ཅན་ཐམས་ཅད་ཡོངས་སུ་
སྨིན་པར་བྱ་བས་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་དེ། ཀྱེ་རྒྱལ་བའི་སྲས་དག །སེམས་ཀྱི་བསམ་པ་རྣམ་པར་དག་པ་བཅུ་པོ་འདི་དག་གིས་དེ་ལ་འཇུག་སྟེ། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའི་ས་ལྔ་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་
དེ་ནི་བྱང་ཆུབ་ཀྱི་ཕྱོགས་དང་ལམ་གྱི་ཡན་ལག་དེ་དག་ཉིད་ལ་སྦྱང་བ་ཤིན་ཏུ་བྱས་ཤིང་། ལྷག་པའི་བསམ་པ་ཤིན་ཏུ་སྦྱངས་པས་དེའི་གོང་དུ་ལམ་གྱི་ཁྱད་པར་ཚོལ་ཞིང་དེ་བཞིན་ཉིད་ཀྱི་རྗེས་སུ་ཞུགས་པ་དང་། སྨོན་ལམ་གྱི་མཐུ་དང་། ཤུགས་དང་སྙིང་རྗེ་དང་། བྱམས་
པས་སེམས་ཅན་ཡོངས་སུ་མི་གཏོང་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རབ་ཏུ་བསྩགས་པ་དང་། ཡོངས་སུ་རྒྱུན་འཆད་པ་མེད་པ་དང་། ཐབས་ལ་མཁས་པས་མངོན་པར་སྒྲུབ་པ་དང་། གོང་ནས་གོང་དུ་སའི་སྣང་བ་བལྟ་བ་དང་། དེ་བཞིན་
གཤེགས་པའི་བྱིན་གྱི་རླབས་བཙལ་བ་དང་། དྲན་པ་དང་བློ་གྲོས་དང་། རིག་པ་དང་། བློའི་སྟོབས་དང་། ཤུགས་ཀྱིས་ཡིད་ལ་བྱ་བའི་ཕྱིར་མི་ཟློག་པར་བྱས་ཏེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་
སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བ། འདི་ནི་སྡུག་བསྔལ་ཀུན་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ཀུན་རྫོབ་ཀྱི་བདེན་པ་ལ་མཁས་
เล่ม ๓๖ · หน้า 212b
པ་ཡིན། དོན་དམ་པའི་བདེན་པ་ལ་མཁས་པ་ཡིན། མཚན་ཉིད་ཀྱི་བདེན་པ་ལ་མཁས་པ་ཡིན། རྣམ་པར་དབྱེ་བའི་བདེན་པ་ལ་མཁས་པ་ཡིན། བརྟག་པའི་བདེན་པ་ལ་མཁས་པ་ཡིན། དངོས་པོའི་བདེན་པ་ལ་མཁས་པ་ཡིན། འབྱུང་བའི་བདེན་པ་
ལ་མཁས་པ་ཡིན། བྱང་ཞིང་མི་སྐྱེ་བའི་བདེན་པ་ལ་མཁས་པ་ཡིན། ལམ་གྱི་ཡེ་ཤེས་ལ་འཇུག་པའི་བདེན་པ་ལ་མཁས་པ་ཡིན། བྱང་ཆུབ་སེམས་དཔའི་སའི་རིམ་པ་མཚམས་སྦྱར་བ་བསྒྲུབ་པར་བྱ་བས་དེ་བཞིན་གཤེགས་པའི་ཡེ་ཤེས་
ཡང་དག་པར་བསྐྱེད་པའི་བར་དུ་མཁས་པ་ཡིན་ཏེ། དེ་སེམས་ཅན་གཞན་དང་གང་ཟག་གཞན་ལ་བསམ་པ་ཇི་ལྟ་བ་བཞིན་དུ་ཤིན་ཏུ་དགའ་བར་བྱེད་པས་ཀུན་རྫོབ་ཀྱི་བདེན་པ་ཡང་རབ་ཏུ་ཤེས་སོ། །ཐེག་པ་གཅིག་ཏུ་ཡང་དག་པར་གཞོལ་བས་དོན་དམ་
པའི་བདེན་པ་ཡང་རབ་ཏུ་ཤེས་སོ། །ཆོས་ཀྱི་རང་གི་མཚན་ཉིད་ཁོང་དུ་ཆུད་པས་མཚན་ཉིད་ཀྱི་བདེན་པ་ཡང་རབ་ཏུ་ཤེས་སོ། །ཆོས་ཀྱི་བྱེ་བྲག་རྣམ་པར་དགོད་པ་ཁོང་དུ་ཆུད་པས་རྣམ་པར་དབྱེ་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །ཕུང་པོ་དང་ཁམས་དང་
སྐྱེ་མཆེད་རྣམ་པར་དགོད་པས་རྟོག་པའི་བདེན་པ་ཡང་རབ་ཏུ་ཤེས་སོ། །ལུས་དང་སེམས་ལ་གནོད་པ་ཉམས་སུ་འབབ་པས་དངོས་པོའི་བདེན་པ་ཡང་རབ་ཏུ་ཤེས་སོ། །འགྲོ་བའི་རྒྱུད་ཀྱི་མཚམས་སྦྱོར་བས་འབྱུང་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །
རིམས་དང་ཡོངས་སུ་གདུང་བ་ཐམས་ཅད་ཤིན་ཏུ་ཞི་བས་བྱང་ཞིང་མི་སྐྱ་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །མི་གཉིས་པས་མངོན་པར་བསྒྲུབ་པས་ལམ་གྱི་ཡེ་ཤེས་ལ་འཇུག་པའི་བདེན་པ་ཡང་རབ་ཏུ་ཤེས་སོ། །རྣམ་པ་ཐམས་ཅད་དུ་མངོན་པར་འཚང་རྒྱ་བ་དང་།
བྱང་ཆུབ་སེམས་དཔའི་སའི་རིམ་པ་ཐམས་ཅད་མཚམས་སྦྱོར་བ་རབ་ཏུ་བསྒྲུབ་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པར་འབྱུང་བའི་བདེན་པ་ཡང་རབ་ཏུ་ཤེས་སོ། །དེ་འང་མོས་པས་ཤེས་པའི་སྟོབས་དང་ཤུགས་ཀྱིས་ཏེ་ལྷག་མ་མ་ལུས་པར་ཡེ་
เล่ม ๓๖ · หน้า 213a
ཤེས་ཁོང་དུ་ཆུད་པས་ནི་མ་ཡིན་ནོ། །དེ་དེ་ལྟར་བདེན་པ་ལ་མཁས་པ། མངོན་པར་བསྒྲུབ་པའི་བློས་འདུས་བྱས་ཐམས་ཅད་གསོབ་གསོག་བརྫུན་པ་བསླུ་བའི་ཆོས་ཅན་དཀུ་བྱེད་པ། བྱིས་པ་འདྲིད་པར་ཡང་དག་པ་ཇི་
ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་སྔོན་བས་ཀྱང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་མངོན་དུ་འགྱུར་རོ། །བྱམས་པ་ཆེན་པོའི་སྣང་བ་ཡང་རབ་ཏུ་འབྱུང་སྟེ། དེ་དེ་ལྟར་ཡེ་ཤེས་ཀྱི་སྟོབས་དང་ཤུགས་རབ་ཏུ་ཐོབ་ཅིང་སེམས་ཅན་ཐམས་ཅད་ལ་ལྟ་
བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་མངོན་པར་མོས་པས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་རབ་ཏུ་རྟོག་སྟེ། འདི་ལྟར་སྔོན་གྱི་མཐའི་མ་རིག་པ་དང་། སྲིད་པ་དང་སྲེད་པ་ལས་རབ་ཏུ་བྱུང་བའི་སེམས་ཅན་
འཁོར་བའི་རྒྱུད་དུ་འབབ་པ། ཕུང་པོའི་གནས་ལས་མ་འཕགས་པ། སྡུག་བསྔལ་གྱི་ཕུང་པོ་བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གསོ་བ་མེད་པ། གང་ཟག་མེད་པ། བདག་དང་བདག་གི་དང་བྲལ་བ་རྣམ་པར་འཕེལ་
ལོ། །ཞེས་དེ་འང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ལྟར་ཕྱི་མའི་མཐའི་མེད་པ་ལ་རྨོངས་པའི་འདོད་པ་འདི་ཉིད་རྒྱུན་གཅོད་པ་དང་མཐར་དབྱུང་བ་དང་། འབྱུང་བར་བྱ་བ་དང་། ཡོད་པ་དང་མེད་པ་དེ་ཡང་ཡང་དག་པ་ཇི་ལྟ་བ་
བཞིན་དུ་རབ་ཏུ་ཤེས་ཏེ། དེ་འདི་སྙམ་དུ་སེམས་སོ། །དེ་ལྟར་ལུས་གྲངས་མེད་པ་ཞིག་འགགས་ལ་འགག་པར་འགྱུར་ཞིང་འགག་བཞིན་ཏེ། འདི་ལྟར་རྒུད་པར་འགྱུར་ཡང་ལུས་ལ་སྐྱོ་བ་མི་སྐྱེད་ཅིང་སྡུག་བསྔལ་གྱི་འཁྲུལ་འཁོར་ཇེ་
བས་ཇེ་འཕེལ་དུ་བྱེད་པ་དང་། འཁོར་བའི་རྒྱུད་ལས་ཕྱིར་མི་ལྡོག་ཅིང་ཕུང་པོའི་གནས་མི་གཏོང་བ་དང་། ཁམས་གྱི་སྦྲུལ་གྱིས་སྐྱོ་བར་མི་འགྱུར་བ་དང་། ང་རྒྱལ་དང་ལྟ་བའི་ཟུག་རྔུ་མི་འབྱིན་ཅིང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་
เล่ม ๓๖ · หน้า 213b
གི་མེ་ལྕེ་འབར་བ་ཞི་བར་མི་བྱེད་པ་དང་། མ་རིག་པའི་མུན་པ་ཆེན་པོ་མི་སེལ་ཅིང་སྲིད་པའི་མཚོ་མི་སྐེམ་ལ་སྟོབས་བཅུའི་དེད་དཔོན་མི་ཚོལ་ཞིང་བདུད་ཀྱི་བསམ་པ་ཐིབས་པོའི་རྗེས་སུ་སོང་སྟེ་འཁོར་བའི་རྒྱ་མཚོ་རྣམ་པར་རྟོག་པ་སྣ་ཚོགས་ཀྱི་ཆུ་སྲིན་གྱིས་
དཀྲུགས་པས་ཡོངས་སུ་གཡེང་བར་འཁོད་ཅིང་བྱིས་པ་སོ་སོའི་སྐྱེ་བོ་དེ་དག་དེ་ལྟར་མི་ཤེས་ཤིང་རྨོངས་པ་ནི་ངོ་མཚར་ཆེས་མ་ལ་བདག་གིས་སེམས་ཅན་དེ་ལྟར་སྡུག་བསྔལ་གྱིས་མནར་བ། མགོན་མེད་པ། དཔུང་གཉེན་མེད་པ། སྐྱབས་མེད་
པ། གནས་མེད་པ། གཞི་མེད་པ། རྟེན་མེད་པ། ལོང་བར་གྱུར་པ། མ་རིག་པའི་སྒོ་ངའི་སྦུབས་དང་། བྲིས་ཡོག་པ། མུན་པས་ཁེབས་པ་དེ་དག་གི་དོན་དུ་བདག་གཅིག་པུ་གཉིས་སུ་མེད་པས་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་
ཀྱི་རྣམ་པར་བསྩགས་པར་བྱ་བ་ཇི་ལྟ་བུར་བསྩགས་པས་སེམས་ཅན་དེ་དག་ཤིན་ཏུ་རྣམ་པར་དག་པ་འཐོབ་པར་འགྱུར་བ་དང་། སྟོབས་བཅུའི་སྟོབས་ཀྱི་ཡེ་ཤེས་ཆགས་པ་མེད་པའི་བར་གྱི་མཐར་ཐུག་པ་ཐོབ་པར་འགྱུར་བའི་
རྣམ་པ་དེ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྩགས་པར་བྱ་འམ་ཅི་སྙམ་སྟེ། དེ་དེ་ལྟར་ཤིན་ཏུ་བརྟགས་པའི་ཡེ་ཤེས་ཀྱིས་མངོན་པར་བསྒྲུབ་པའི་བློས་དགེ་བའི་རྩ་བ་གང་ཅི་རྩོམ་ཡང་དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཡོངས་སུ་
བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། སེམས་ཅན་ཐམས་ཅད་ལ་བདེ་བ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང་། སེམས་ཅན་ཐམས་ཅད་ལ་གཙེ་བ་མེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་དགྲོལ་བ་
དང་། སེམས་ཅན་ཐམས་ཅད་དྲང་བ་དང་། སེམས་ཅན་ཐམས་ཅད་དད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་གདུལ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་རབ་ཏུ་རྩོམ་སྟེ། བྱང་ཆུབ་སེམས་དཔའི་
เล่ม ๓๖ · หน้า 214a
ས་ལྔ་པ་ཤིན་ཏུ་རྒྱལ་བར་དཀའ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི། དེ་བས་ཀྱང་ཉམས་པར་མི་འགྱུར་བའི་ཆོས་ཉིད་ཀྱིས་དྲན་པ་དང་ལྡན་པ་ཡིན། ཤིན་ཏུ་ངེས་པར་རྟོགས་པའི་ཡེ་ཤེས་ཀྱི་བློ་གྲོས་དང་
ལྡན་པ་ཡིན། མདོའི་དོན་དང་ཚུལ་དང་ལྡེམ་པོའི་ངག་ཁོང་དུ་ཆུད་པས་རིག་པ་དང་ལྡན་པ་ཡིན། བདག་དང་གཞན་གྱི་རྗེས་སུ་སྲུང་བས་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ཡིན། སྡོམ་པ་དང་ཚུལ་མ་བོར་བས་དགའ་བ་དང་ལྡན་པ་ཡིན། གནས་དང་གནས་མ་
ཡིན་པ་ལ་མཁས་ཤིང་ཤིན་ཏུ་བརྟགས་པས་བློ་དང་ལྡན་པ་ཡིན། གཞན་གྱི་དྲིང་མི་འཇོག་པས་ཡེ་ཤེས་དང་ལྡན་པ་ཡིན། དོན་དང་དོན་མ་ཡིན་པའི་ཚིག་ཡང་དག་པར་དབྱེ་བ་ལ་མཁས་པས་ཤེས་རབ་དང་ལྡན་པ་ཡིན། བསྒོམ་པ་མངོན་པར་བསྒྲུབ་
པ་ལ་མཁས་པས་མངོན་པར་ཤེས་པ་བསྒྲུབ་པ་ཐོབ་པ་ཡིན། འཇིག་རྟེན་གྱི་རྗེས་སུ་འབྲང་བས་ཐབས་ལ་མཁས་པ་ཡིན། བསོད་ནམས་ཀྱི་ཚོགས་ཉེ་བར་སྩོགས་པས་ངོམས་མི་ཤེས་པ་ཡིན། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བས་བརྩོན་
འགྲུས་རྒྱུན་མི་འཆད་པ་ཡིན། བྱམས་པ་དང་སྙིང་རྗེ་ཆེན་པོའི་ཚོགས་ཡང་དག་པར་སོགས་པས་སྐྱོ་བ་མེད་པའི་བསམ་པ་དང་ལྡན་པ་ཡིན། དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོངས་སུ་ཚོལ་བས་
སྙོམ་ལས་མེད་པར་ཡོངས་སུ་ཚོལ་བ་ལ་བརྩོན་པ་ཡིན། སངས་རྒྱས་ཀྱི་ཞིང་བསྒྲུབ་པ་དང་། རྒྱན་མངོན་པར་ཤོམ་པས་མངོན་པར་བསྒྲུབ་པའི་ཡིད་དང་ལྡན་པ་ཡིན། མཚན་དང་དཔེ་བྱད་བཟང་པོ་ཡང་དག་པར་བསྒྲུབ་པས་དགེ་བ་རྣམ་པ་སྣ་ཚོགས་ལ་
བརྩོན་པ་ཡིན། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་རྒྱན་ཡོངས་སུ་ཚོལ་བས། རྟག་ཏུ་རྒྱུན་མི་འཆད་པར་བརྩོན་པ་ཡིན། བྱང་ཆུབ་སེམས་དཔའ་དང་ཆོས་སྨྲ་བ་ཐམས་ཅད་ལ་རིམ་གྲོ་བྱེད་པས་བསྙེན་བཀུར་དང་། སྲི་ཞུ་ཆེན་པོའི་དང་
เล่ม ๓๖ · หน้า 214b
ཚུལ་ཅན་ཡིན། བྱང་ཆུབ་ཀྱི་སེམས་དང་ཐབས་མཁས་པ་ཆེན་པོའི་ངང་ཚུལ་དང་ལྡན་པར་འཇིག་རྟེན་དུ་རྒྱུ་བས་ཁོང་ཁྲོ་བ་མེད་པའི་སེམས་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་མངོན་པར་བརྩོན་པས་ཉིན་མཚན་དུ་གཞན་དུ་
སེམས་པའི་ཡིད་ཡོངས་སུ་སྤངས་པ་ཡིན་ཏེ། དེ་དེ་ལྟར་མངོན་པར་བརྩོན་པས་སྦྱིན་པས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །ངག་སྙན་པ་དང་། དོན་བསྒྲུབ་པ་དང་། དོན་མཐུན་པ་དང་གཟུགས་ཀྱི་ལུས་ཀུན་ཏུ་བསྟན་པ་དང་། ཆོས་བཤད་པ་
དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བརྗོད་པ་དང་། དེ་བཞིན་གཤེགས་པའི་ཆེ་བ་ཉིད་སྨོས་པ་དང་། འཁོར་བའི་ཉེས་པ་བསྟན་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡོན་ཏན་ཡོངས་སུ་གྲག་པར་བྱ་བ་དང་། རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་ཆེན་པོ་
མངོན་པར་བསྒྲུབ་པ་དང་། བྱ་བ་དང་ཐབས་རྣམ་པ་སྣ་ཚོགས་ཀྱི་སྦྱོར་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མངོན་པར་བརྩོན་པ་དང་ལྡན་ཞིང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྗེས་སུ་སོང་བའི་བསམ་པ་
ཅན་དགེ་བའི་རྩ་བ་ཕྱིར་མི་ལྡོག་པའི་སྦྱོར་བ་དང་ལྡན་པ། ཁྱད་པར་ཅན་གྱི་ཆོས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་པ་དེ་གང་འདི་འཇིག་རྟེན་ན་ཡོད་པའི་ཡི་གེ་དང་གཙུག་ལག་དང་། ལག་བརྡ་དང་། གྲངས་དང་། རྩིས་དང་། ཤོད་ཐབས་ལས་
སྩོགས་པ་དང་། ཁམས་ཀྱི་ཆོ་ག་དང་། གསོ་བའི་ཆོ་ག་དང་། སྐེམ་པ་དང་། བརྗེད་བྱེད་དང་། འབྱུང་པོའི་གདོན་བསལ་བ་དང་། དུག་དང་རོ་ལངས་ཀྱི་སྦྱོར་བ་བསལ་བ་དང་། རང་བཟོ་དང་གར་གྱི་ཆོ་ག་དང་། གཏམ་དང་། རོལ་མོ་དང་། སྒྲུང་གཏམ་
དགའ་བ་བསྐྱེད་པ་དང་། གྲོང་དང་གྲོང་ཁྱེར་དང་། བཟའ་ཤིང་གི་ར་བ་དང་། ཆུ་ཀླུང་དང་། མཚེའུ་དང་། ལྟེང་ཀ་དང་། རྫིང་བུ་དང་། མེ་ཏོག་དང་། ཤིང་ཏོག་དང་། རྩི་དང་། ནགས་ཚལ་མངོན་པར་བསྒྲུབ་པ་དང་། གསེར་དང་། དངུལ་དང་།
เล่ม ๓๖ · หน้า 215a
ནོར་བུ་དང་། མུ་ཏིག་དང་། བཻཌཱུརྱ་དང་། དུང་དང་། རིན་པོ་ཆེ་ཤི་ལ་དང་། བྱི་རུ་དང་། རིན་པོ་ཆེ་རྣམས་ཀྱི་འབྱུང་གནས་བསྟན་པ་དང་། ཉི་མ་དང་ཟླ་བ་དང་། གཟའ་དང་རྒྱུ་སྐར་དང་། ས་གཡོ་བ་དང་། རི་དགས་ཀྱི་ལྟས་དང་།
རྨི་ལམ་དང་། ལྟས་བསྟན་པ་ལ་འཇུག་པ་དང་། ཡན་ལག་དང་། ཉིང་ལག་གི་མཚན་དང་། སྤྱོད་པའི་མཚན་དང་། སྡོམ་པ་དང་། ཚུལ་དང་། བསམ་གཏན་དང་། མངོན་པར་ཤེས་པ་དང་། ཚད་མེད་པ་དང་། གཟུགས་མེད་པའི་གནས་རྣམས་དང་།
གཞན་ཡང་གང་སེམས་ཅན་ལ་འཚེ་བར་མི་འགྱུར་བའི་སྦྱོར་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་འགྱུར་བ་ཡོང་དགུ་དེ་དག་ཐམས་ཅད་འཇིག་རྟེན་ལ་སྙིང་བརྩེ་བས་རིམ་གྱིས་སངས་རྒྱས་ཀྱི་ཆོས་ལ་རབ་ཏུ་དགོད་པའི་ཕྱིར་མངོན་པར་སྒྲུབ་བོ།
བྱང་ཆུབ་སེམས་དཔའི་ས་ཤིན་ཏུ་རྒྱལ་བར་དཀའ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་ལྟ་བ་རྒྱ་ཆེན་པོ་དང་། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་མང་པོ་སྣང་བར་འགྱུར་ཏེ། ལྟ་བ་རྒྱ་ཆེན་པོ་དང་སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་བརྒྱ་ཕྲག་
མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་སྟོང་
ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་སྣང་བར་འགྱུར་རོ། །དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་ནས་བསམ་པ་རྒྱ་ཆེན་པོས་རིམ་གྲོ་བྱེད་དོ། །བཀུར་སྟི་
བྱེད་དོ། །བསྟི་སྟང་བྱེད་དོ། །མཆོད་པ་བྱེད་དོ། །ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དང་། ཡོ་བྱད་དག་ཀྱང་འབུལ་ཞིང་བྱང་ཆུབ་སེམས་དཔའི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱང་ཡོངས་སུ་འབུལ་ལོ།
เล่ม ๓๖ · หน้า 215b
དགེ་འདུན་གྱི་ཚོགས་རྣམས་ལ་ཡང་ཡང་དག་པར་མཆོད་པ་བྱེད་དོ། །དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་རིམ་
གྲོ་བྱེད་ཅིང་དེ་དག་ལས་རིམ་གྲོ་དང་། ཞེ་ས་དང་བསྟི་སྟང་དུ་ཆོས་བསྟན་པ་ཉན་ཏོ། །ལེན་ཏོ་འཛིན་ཏོ། །ཐོས་ནས་ཀྱང་ཅི་ཚུལ་དུ་ནན་ཏན་གྱིས་ཡང་དག་པར་བསྒྲུབས་ཏེ། དེ་དག་ལས་ཕལ་ཆེར་དེ་བཞིན་གཤེགས་པ་དེ་དག་གི་བསྟན་པ་ལ་རབ་ཏུ་
འབྱུང་ངོ་། །རབ་ཏུ་བྱུང་ནས་ཀྱང་ཐོས་པ་འཛིན་པའི་གཟུངས་རབ་ཏུ་ཐོབ་པའི་ཆོས་སྨྲ་བར་འགྱུར་བ་ཡིན། དེ་ལྟར་བྱང་ཆུབ་སེམས་དཔའི་ས་ཤིན་ཏུ་རྒྱལ་བར་དཀའ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་དེ་དག་བསྐལ་པ་
དུ་མར་ཤིན་ཏུ་བྱང་བ་དང་། ཡོངས་སུ་དག་པ་དང་། འོད་རབ་ཏུ་གསལ་བར་གནས་སོ། །བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་།
བསྐལ་པ་ཁྲག་ཁྲིག་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་སྟོང་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་དགེ་བའི་རྩ་བ་དེ་དག་ཤིན་ཏུ་བྱང་བ་
དང་ཡོངས་སུ་དག་པ་དང་། རབ་ཏུ་འོད་གསལ་བར་གནས་སོ། །ཀྱེ་རྒྱལ་བའི་སྲས་དག །གསེར་གྱི་ས་ལེ་སྦྲམ་དེ་ཉིད་རིན་པོ་ཆེ་མུ་ས་ར་གལ་པས་བཏབ་ན་དེ་བས་ཀྱང་ཡོངས་སུ་འཚེར་རོ། །ཡོངས་སུ་དག་པར་འགྱུར་རོ། །འོད་ཤིན་ཏུ་གསལ་
ཞིང་དང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་ཤིན་ཏུ་རྒྱལ་བར་དཀའ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐབས་དང་། ཤེས་རབ་ཀྱིས་རྣམ་པར་སྤྱད་པ་ཡང་དེ་བས་ཀྱང་ཤིན་
เล่ม ๓๖ · หน้า 216a
ཏུ་བྱང་བ་དང་། ཡོངས་སུ་དག་པ་དང་རབ་ཏུ་འོད་གསལ་ཞིང་དང་བ་ཡིན། ཡེ་ཤེས་ཀྱི་སྦྱོར་བའི་ཡོན་ཏན་མངོན་པར་བསྒྲུབ་པ་དང་ལྡན་པ་ཡིན། མི་འཕྲོགས་ཤིང་ཤིན་ཏུ་བརྟགས་པ་ཡིན། ཀྱེ་རྒྱལ་བའི་
སྲས་དག །འདི་ལྟ་སྟེ། དཔེར་ན། ཉི་མ་དང་ཟླ་བ་དང་། སྐར་མ་དང་། རྒྱུ་སྐར་གྱི་གཞལ་མེད་ཁང་གི་འོད་སྣང་བ་ནི་རླུང་གི་དཀྱིལ་འཁོར་གྱིས་མི་འཕྲོགས་ཤིང་རླུང་དང་ཐུན་མོང་དུ་མི་སྤྱོད་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་
དཔའི་ས་ཤིན་ཏུ་རྒྱལ་བར་དཀའ་བ་འདི་ལ་གནས་པའི་དགེ་བའི་རྩ་བ་ཐབས་དང་ཤེས་རབ་དང་ཡེ་ཤེས་དང་སེམས་ཀྱིས་ཤིན་ཏུ་བརྟགས་པ་དང་ལྡན་པ་ཡང་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་མི་འཕྲོགས་པ་ཡིན། འཇིག་རྟེན་པ་དང་ཐུན་མོང་དུ་
མི་སྤྱོད་པ་ཡིན། དེའི་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཅི་ཚུལ་ཅི་ནུས་སུ་མི་བསྒྲུབ་པ་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའི་ཤིན་ཏུ་
རྒྱལ་བར་དགའ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་ལྔ་པ་མདོར་བསྟན་པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་ལྷའི་རྒྱལ་པོ་རབ་དགའ་ལྡན་དུ་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་མུ་སྟེགས་ཀྱི་གནས་ཐམས་ཅད་རྣམ་པར་
ཟློག་པ་ལ་མཁས་ཤིང་མཐུ་ཡོད་པ་ཡིན། དེ་སྦྱིན་པ་འམ་ངག་སྙན་པ་འམ། དོན་བསྒྲུབ་པ་འམ། དོན་མཐུན་པས་དགེ་བའི་རྩ་བ་གང་ཅི་རྩོམ་ཡང་རུང་སྟེ། དེ་ཐམས་ཅད་ཇི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། གཙོ་བོར་འགྱུར།
ཐུ་བོར་འགྱུར། ཕུལ་དུ་འགྱུར། དམ་པར་འགྱུར། བླ་ན་མེད་པར་འགྱུར། འདྲེན་པར་འགྱུར། ཡོངས་སུ་འདྲེན་པར་འགྱུར་བ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་བར་དུ་འགྱུར་སྙམ་སྟེ། སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་
เล่ม ๓๖ · หน้า 216b
ཡིད་ལ་བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་ས་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་ཡིད་ལ་བྱ་བ་དང་།
མི་འཇིགས་པ་ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་ནས། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན་ཏེ། དེ་འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་
ཏིང་ངེ་འཛིན་ཁྲག་ཁྲིག་ཕྲག་སྟོང་རབ་ཏུ་འཐོབ་ཅིང་དེ་དག་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་ཁྲག་ཁྲིག་ཕྲག་སྟོང་མཐོང་ཞིང་དེ་དག་གི་བྱིན་གྱི་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་ཕྲག་སྟོང་སྐྱོད་པ་དང་། སངས་རྒྱས་
ཀྱི་ཞིང་ཁྲག་ཁྲིག་ཕྲག་སྟོང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་ཕྲག་སྟོང་དུ་སྣང་བར་བྱ་བ་དང་། སེམས་ཅན་ཁྲག་ཁྲིག་ཕྲག་སྟོང་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་ཁྲག་ཁྲིག་ཕྲག་སྟོང་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའ་དང་ཕྱི་
མའི་མཐའི་བསྐལ་པ་ཁྲག་ཁྲིག་ཕྲག་སྟོང་ལ་རབ་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་ཁྲག་ཁྲིག་ཕྲག་སྟོང་རྣམ་པར་འབྱེད་པ་དང་། ལུས་ཁྲག་ཁྲིག་ཕྲག་སྟོང་ཡོངས་སུ་བསྟན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་ཁྲག་ཁྲིག་ཕྲག་
སྟོང་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱི་རྣམ་པ་དེ་ལྟ་བུ་རྩོམ་མོ། །དེ་ཡན་ཅད་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུ་ཅན་རྣམས་སྨོན་ལམ་གྱི་ཁྱད་པར་གྱིས་རྣམ་པར་འཕྲུལ་ཏེ། དེ་དག་གི་ལུས་སམ། འོད་དམ་རྫུ་འཕྲུལ་ལམ་
མིག་གམ། སྤྱོད་ཡུལ་ལམ་དབྱངས་སམ། སྤྱོད་པ་འམ་རྒྱན་ཏམ་བྱིན་གྱིས་རླབས་སམ། མོས་པ་འམ། མངོན་པར་འདུ་བྱེད་པ་དག་ཀྱང་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་
เล่ม ๓๖ · หน้า 217a
བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཀྱང་བགྲང་བར་དཀའ་འོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སའི་དོན་འདི་ཉིད་ཡང་བརྟག་པར་བྱ་བ་དང་། བསྟན་པར་བྱ་བའི་
ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྒྱལ་བའི་སྤྱོད་པ་བཞི་པོ་དེ་ལྟར་རྣམ་སྦྱངས་ཏེ། །དུས་གསུམ་མཉམ་པ་ཉིད་ཀྱི་རྗེས་སུ་སེམས་བྱེད་ཅིང་། །ཚུལ་ཁྲིམས་སེམས་དང་ནན་ཏན་ལམ་རྣམས་རྣམ་དག་པས། །ནེམ་ནུར་མེད་པའི་མཁས་པ་ལྔ་པོ་
ཡོངས་སུ་གནོན། །དྲན་པའི་གཞུ་དང་དབང་པོའི་མདའ་རྣོ་ཕྱིར་མི་ལྡོག །ཡང་དག་སྤོང་བ་རྟ་ཡིན་བཞོན་པ་རྫུ་འཕྲུལ་རྐང་། སྟོབས་ལྔ་གོ་ཅ་དགྲ་རྣམས་ཀྱིས་ནི་ཚུགས་མི་ནུས། །དཔའ་བས་མི་ལྡོག་མཁས་པ་ལྔ་པོ་ཡོངས་སུ་གནོན། །ངོ་ཚ་ཁྲེལ་ཡོད་གོས་
ཡིན་མཁས་པའི་ཚུལ་གཙང་སྤོས། །བྱང་ཆུབ་ཡན་ལག་ཕྲེང་བ་བྱུག་པ་བསམ་གཏན་མཆོག །ཤེས་རབ་རྣམ་པར་དཔྱོད་དང་ཐབས་མཆོག་རྒྱན་ཡིན་ཏེ། །བཟའ་ཤིང་ར་བ་ཏིང་འཛིན་དགའ་ལྡན་ཡང་དག་གནོན། །རྫུ་འཕྲུལ་བཞི་པོ་རྐང་པ་དྲན་པ་རྣམ་དག་
མགྲིན། །བྱམས་བརྩེ་རྣམ་དག་མིག་ཡིན་ཤེས་རབ་མཆེ་བ་མཆོག །བདག་མེད་ང་རོས་ཉོན་མོངས་དགྲ་རྣམས་རབ་ཏུ་འཇོམས། །མཁས་པ་མི་ཡི་སེང་གེ་ས་ལྔ་ཡོངས་སུ་གནོན། །དེ་དག་ས་མཆོག་ལྔ་པོའི་ཕྱོགས་སུ་ཕྱིན་གྱུར་ནས། །ཡོངས་སུ་
དག་པའི་ལམ་རྣམས་ཕྱིར་ཞིང་གོང་དུ་སྦྱོང་། །བསམ་དག་མཁས་པ་རྒྱལ་བ་འཐོབ་པར་བྱ་དོན་དུ། །སྐྱོ་བ་མེད་པར་སྙིང་རྗེ་བྱམས་པའི་རྗེས་སུ་སེམས། །བསོད་ནམས་ཚོགས་བསྩགས་དེ་བཞིན་ཡེ་ཤེས་རབ་ལྡན་པ། །ས་རྣམས་སྣང་བར་
བྱ་ཕྱིར་གཅིག་མིན་ཐབས་རྟོག་ཅིང་། །སངས་རྒྱས་བྱིན་གྱིས་དྲན་དང་བློ་གྲོས་བློ་ཐོབ་པས། །བདེན་པ་བཞི་པོ་མ་ལུས་ཡང་དག་ཁོང་དུ་ཆུད། །དོན་དམ་བདེན་པ་དེ་བཞིན་ཀུན་རྫོབ་མཚན་བདེན་དང་། །རྣམ་པར་དབྱེ་བའི་བདེན་པ་དེ་བཞིན་བརྟག་བདེན་དང་། །
เล่ม ๓๖ · หน้า 217b
འབྱུང་ཞིང་འཇུག་དང་དངོས་པོ་ཞི་ལམ་བདེན་པ་ནས། །སྒྲིབ་མེད་བདེན་པའི་བར་དུ་ཡང་དག་རབ་ཏུ་རྟོགས། །དེ་ལྟར་བདེན་པས་ཡོངས་སུ་སྦྱངས་པའི་བློ་ཕྲ་ཡང་། །རྣམ་ཐར་དམ་པ་སྒྲིབ་མེད་དེ་ནི་ཐོབ་པ་མིན། །ཡེ་ཤེས་མོས་ཡངས་ཡོན་ཏན་རྣམས་ཀྱི་འབྱུང་
གནས་ཏེ། །འགྲོ་ཀུན་དགྲ་བཅོམ་རང་རྒྱལ་རྣམས་ནི་ཟིལ་གྱིས་གནོན། །དེ་དག་བདེན་པས་དེ་ལྟར་རང་གི་བློ་བསྒྲུབས་པས། །འདུས་བྱས་བརྫུན་ཞིང་རང་བཞིན་སྙིང་པོ་མེད་པར་ཤེས། །སེམས་ཅན་དོན་དུ་བདེ་གཤེགས་ཡེ་ཤེས་ཚོལ་བའི་ཚེ། །
བདེ་གཤེགས་ཐུགས་བརྩེ་བྱམས་པ་སྣང་བ་རབ་ཏུ་ཐོབ། །འདུས་བྱས་སྔོན་དང་ཕྱི་མཐའ་མཁས་པ་རབ་ཏུ་ལྟ། །གཏི་མུག་མུན་ནག་མུན་པས་འཁྲུགས་ཤིང་སྲེད་ཚགས་པའི། །འགྲོ་རྣམས་སྡུག་བསྔལ་ཕུང་པོ་ལྟ་བ་བདག་མེད་ཅིང་། །སྲོག་བྲལ་
རྩ་ཤིང་འདྲ་བ་མངོན་པར་སེལ་བ་བྱེད། །ཉོན་མོངས་རྗེས་འགྲོ་འདི་དག་འདས་དང་མ་འོངས་པའི། །སྡུག་བསྔལ་རྒྱུན་གཅོད་མཐར་ཕྱིན་གཞལ་བར་ཡོང་མི་བྱེད། །ཀྱི་ཧུད་འགྲོ་བ་དེ་ལྟར་འཁྱམས་ཤེས་སྙིང་རྗེ་སྐྱེ། །གཏི་མུག་འཁྲུལ་བས་འཁོར་
བའི་རྒྱུད་དུ་ཕྱིར་མི་ལྡོག །ཕུང་པོའི་གནས་དང་ཁམས་སྦྲུལ་ལྟ་བུའི་ཟུག་རྔུ་ཅན། །མེས་གདུངས་ཡིད་ཅན་སྒྲིབ་པའི་མུན་པས་བསྒྲིབས་གྱུར་པ། །དོན་རྣམས་རྣམ་པར་མ་བརྟགས་སྲེད་པའི་མཚོར་ལྟུང་ཞིང་། །རྒྱལ་བའི་དེད་དཔོན་བྲལ་བ་སྡུག་
བསྔལ་རྒྱ་མཚོར་གནས། །དེ་ལྟར་རིག་ནས་བག་ཡོད་ཕྱིར་ཞིང་རབ་ཏུ་རྩོམ། །ཅི་རྩོམ་ཀུན་ཀྱང་འགྲོ་བ་རྣམ་ཐར་དོན་དུ་སྟེ། །ཕྱིར་ཞིང་དྲན་ལྡན་བློ་གྲོས་རིག་དང་ལྡན་པ་ཡིན། །ཁྲེལ་ཡོད་དགའ་ལྡན་མཁས་པ་བློ་ལྡན་ཤེས་རབ་ལྡན། །བསོད་ནམས་
བསྩགས་དང་ཡེ་ཤེས་དམ་པས་མི་ངོམས་ཤིང་། །རྟག་ཏུ་སྐྱོ་མེད་ལེ་ལོ་མེད་པར་ཐོས་པ་ཚོལ། །ཞིང་བསྒྲུབ་རྒྱལ་བའི་མཚན་དང་སངས་རྒྱས་གསུང་ཚོལ་ཞིང་། །སེམས་ཅན་ཕན་པར་བརྩོན་པའི་བྱ་བས་ངོམས་མི་ཤེས། །འགྲོ་བ་སྨིན་བྱའི་དོན་དུ་
เล่ม ๓๖ · หน้า 218a
མཁས་པས་བཟོ་ཡི་གནས། །ཡི་གེ་ལག་བརྡ་གྲངས་དང་རྩིས་དང་གསོ་བའི་ཐབས། །འབྱུང་པོའི་གདོན་དང་ལས་རྣམས་སྣ་ཚོགས་བསྩལ་བའི་ཕྱིར། །སྙིང་བརྩེ་བྱམས་པའི་བློ་གསལ་གཙུག་ལག་ཀུན་
ལ་གཞོལ། །རང་བཟོ་མཆོག་དང་གར་སྡུག་སྣ་ཚོགས་དགའ་བྱེད་དང་། །ཆུ་ཀླུང་ར་བ་ཤིང་ཏོག་མེ་ཏོག་འདུག་གནས་དང་། །བྱ་བ་སྣ་ཚོགས་སྒྲུབ་བྱེད་སེམས་ཅན་བདེ་དོན་དུ། །རིན་ཆེན་འབྱུང་གནས་དུ་མ་འང་ཉེ་བར་སྟོན་པ་བྱེད། །ས་
གཡོ་ཉི་ཟླ་གཟའ་སྐར་ཀུན་ཀྱང་དེ་བཞིན་དུ། །སེམས་ཅན་ཡན་ལག་མཚན་མའི་དཔྱད་དང་རྒྱལ་སྲིད་གནས། །གཟུགས་མེད་བསམ་གཏན་མངོན་ཤེས་མཆོག་དང་ཚད་མེད་པ། །འགྲོ་ལ་བདེ་དང་ཕན་པའི་དོན་འདོད་མངོན་པར་
བསྒྲུབ། །ཤིན་ཏུ་རྒྱལ་དཀའ་འདི་ཐོབ་ཤེས་རབ་མཆོག་སྤྱོད་པ། །སངས་རྒྱས་བྱེ་བ་མཆོད་བྱེད་ཆོས་རྣམས་ཉན་པ་བྱེད། །དེ་དག་དགེ་དང་བསམ་པ་ཕྱིར་ཞིང་དག་པར་འགྱུར། །གསེར་སྦྲམ་ཇི་ལྟར་མུ་སར་གལ་བས་བཏབ་པ་
བཞིན། །ཇི་ལྟར་བར་སྣང་གཟའི་རིན་ཆེན་གཞལ་མེད་ཁང་། །རླུང་ལ་རྒྱུ་སྟེ་འོན་ཀྱང་རླུང་གིས་འཕྲོགས་པ་མིན། །དེ་ལྟར་འགྲོ་བའི་དོན་སྤྱོད་འཇིག་རྟེན་ཆོས་སྤྱོད་ཀྱང་། །ཇི་ལྟར་པད་མོ་ཆུས་མི་ཆགས་བཞིན་འཕྲོགས་པ་མིན།
འདི་ལ་གནས་པ་དགའ་ལྡན་དབང་པོ་མཁས་པར་འགྱུར། །མུ་སྟེགས་སྤྱོད་དང་ལྟ་བ་མང་པོའི་གནས་ཀྱང་སེལ། །སྟོབས་རྣམས་བཅུ་པོས་སེམས་ཅན་བསྐྱབ་པར་བྱའོ་ཞེས། །དགེ་བ་དེ་དག་རྒྱལ་བའི་ཡེ་ཤེས་དོན་དུ་རྩོམ།
འདི་ནས་གོང་དུ་བརྩོན་འགྲུས་རྩོམ་བྱེད་མཐུ་ཐོབ་པ། །ཁྲག་ཁྲིག་བྱེ་བ་སྟོང་གི་བདེ་གཤེགས་མཆོད་པ་བྱེད། །ཏིང་འཛིན་ཐོབ་ནས་ཁྲག་ཁྲིག་ཞིང་ཡང་མཁས་པས་སྐྱོད། །ཡན་ཅད་སྨོན་ལམ་ཁྱད་པར་ཡོན་ཏན་འབྱུང་གནས་སོ། །
เล่ม ๓๖ · หน้า 218b
དེ་ལྟར་ས་མཆོག་ལྔ་པ་འདི། །ཐབས་ཀྱི་རྣམ་པ་ཁྲག་ཁྲིག་གིས། །སེམས་ཅན་གཙོ་ལ་ཡང་དག་ཏུ། །རྒྱལ་བའི་སྲས་ཀྱིས་བསྟན་པ་ཡིན། །ཤིན་ཏུ་རྒྱལ་བར་དཀའ་བ་ཞེས་བྱ་བ་སྟེ། །བྱང་ཆུབ་སེམས་དཔའི་ས་ལྔ་པའོ། །
མཁས་པ་རྣམས་ཀྱི་ས་མཆོག་སྤྱོད་པ་རབ་ཐོབ་ནས། །རྒྱལ་སྲས་དགའ་ཞིང་མཁའ་ལས་མེ་ཏོག་ཆར་འབེབས་སོ། །ནོར་བུ་རིན་ཆེན་རྣམ་དག་འོད་གསལ་རྒྱ་ཆེན་འབྱུང་བ་དག །བདེ་བར་གཤེགས་ལ་མངོན་འཐོར་དགེ་ཞེས་རྣམ་པར་
བརྗོད། ལྷ་རྣམས་བརྒྱ་ཕྲག་སྟོང་གྲངས་དགའ་ཞིང་བར་སྣང་ལས། །ལྷ་རྫས་ཡིད་འོང་རིན་ཆེན་སྣ་ཚོགས་ཕྱེ་མའི་རྣམས། །བདེ་བར་གཤེགས་ལ་མངོན་འཐོར་བྱུག་པ་ཕྲེང་བ་སྤོས། །གདུགས་དང་རྒྱལ་མཚན་བ་དན་སེ་མོ་དོ་ཡང་འབུལ།
ལྷའི་དབང་པོ་དབང་བསྒྱུར་ལྷ་ཚོགས་མང་པོ་དང་། །སྟེང་གི་མཁའ་ལ་འཁོད་ཅིང་རིན་ཆེན་སྤྲིན་ཡངས་པ། །རྒྱལ་བ་མཆོད་པའི་དོན་དུ་བདེ་བར་གཤེགས་ལ་འཐོར། །དགའ་བའི་སེམས་ཀྱིས་རྒྱལ་སྲས་ལེགས་ཞེས་རྣམ་པར་བརྗོད། །
བར་སྣང་གནས་ནས་ལྷ་ཡི་བུ་མོ་སྟོང་གིས་ཀྱང་། །གླུ་དབྱངས་ཡིད་འོང་རོལ་མོའི་སྒྲ་དབྱངས་སྙན་པ་ཕྱུང་། །སྒྲ་རྣམས་ཀུན་གྱི་དབྱངས་ལས་འདི་སྐད་ཚིག་ཀྱང་བྱུང་། །རྒྱལ་བའི་གསུང་ནི་ཡིད་འོང་ཉོན་མོངས་གདུང་བ་སེལ། །ཆོས་རྣམས་
ཐམས་ཅད་སྟོང་ཞིང་དངོས་ཞི་མཚན་མ་མེད། །ནམ་མཁའི་དབྱིངས་དང་མཚུངས་མཉམ་རྣམ་དག་རྣམ་མི་རྟོག །འགྲོ་དང་གནས་ལས་རྣམ་འདས་མ་ལུས་སྤྲོས་པ་མེད། །དེ་བཞིན་ཉིད་དུ་ཆོས་རྣམས་ཡང་དག་མཉམ་མི་རྟོག །ཆོས་རྣམས་ཀུན་ལ་སྣང་བ་
ཁོང་དུ་སུས་ཆུད་པ། །དེ་ལ་དངོས་དང་དངོས་མེད་གཡོ་བ་གང་ཡང་མེད། །སྙིང་རྗེ་བརྩེ་བས་འགྲོ་བ་དགྲོལ་ཕྱིར་བརྩོན་པ་ནི། །དེ་དང་དེ་དག་རྒྱལ་སྲས་ཆོས་ཀྱི་སྐུ་སྐྱེས་པའོ། །མཚན་མ་ཐམས་ཅད་སྤངས་ཤིང་སྦྱིན་པའི་སྤྱད་པ་སྤྱོད། །
เล่ม ๓๖ · หน้า 219a
ཚུལ་ཁྲིམས་ཤིན་ཏུ་སེམས་དམ་སྔོན་ནས་ཞི་ཞིང་དུ་ལ། །འགྲོ་བའི་དོན་དུ་ཆོས་ཀྱི་ཡེ་ཤེས་མཉམས་བཟོད། །བརྩོན་འགྲུས་སྟོབས་དང་ལྡན་ཞིང་ཆོས་རྣམས་ཀུན་གྱིས་དབེན། །ཉོན་མོངས་བསྩལ་ཞིང་རྣམ་དག་བསམ་གཏན་
ཚུལ་ལ་ཞུགས། །དངོས་པོ་ཐམས་ཅད་སྔ་ནས་ཞི་ཞིང་རྣམ་པར་ཕྱེ། །ཡེ་ཤེས་སྤྱོད་དང་སྟོབས་ཕྱུག་རྟག་ཏུ་འགྲོ་དོན་བརྩོན། །རྒྱལ་སྲས་དེ་དག་སྡིག་ཞི་ཆེ་བ་ཉིད་དང་ལྡན། །དེ་སྐད་སྒྲ་དབྱངས་སྙན་པ་སྟོང་གྲངས་བརྗོད་བྱས་ནས། །ལྷའི་བུ་མོ་མི་
སྨྲ་དད་པར་ཐུབ་ལ་ལྟ། །རྡོ་རྗེའི་སྙིང་པོ་འཇིགས་མེད་ལ། ཐར་པའི་ཟླ་བས་ཡང་སྨྲས་པ། །ས་མཆོག་ལྔ་ཡི་གོང་མ་དེ། །རྣམ་པ་ཅི་འདྲས་འགྲུབ་པར་འགྱུར། །བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། །ཀྱེ་རྒྱལ་བའི་སྲས་དག་
དེ་ལྟར་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ། སའི་ལམ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་འཇུག་གོ །དེ་ཆོས་མཉམ་པ་ཉིད་བཅུས་འཇུག་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་མ་མེད་
པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མི་སྐྱེ་བ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མ་བྱུང་བ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དབེན་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྔ་ནས་
རྣམ་པར་དག་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྤྲོས་པ་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་བླང་བ་མེད་པ་དང་། དོར་བ་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་མིག་ཡོར་དང་སྒྲ་བརྙན་དང་། ཆུའི་ཟླ་བ་དང་།
གཟུགས་བརྙན་དང་། སྤྲུལ་པ་དང་མཚུངས་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དངོས་པོ་ཡོད་པ་དང་། དངོས་པོ་མེད་པ་དང་། གཉིས་ཀ་མ་ཡིན་པ་མཉམ་པ་ཉིད་དེ། ཀྱེ་རྒྱལ་བའི་སྲས་དག །ཆོས་མཉམ་པ་ཉིད་བཅུ་པོ་འདི་དག་གིས་བྱང་ཆུབ་
เล่ม ๓๖ · หน้า 219b
སེམས་དཔའ་ས་དྲུག་པ་ལ་འཇུག་གོ །དེ་ཆོས་ཐམས་ཅད་ལ་རང་བཞིན་དེ་འདྲ་བར་རབ་ཏུ་རྟོག་ཅིང་དཔྱོད་པ་དང་། འཐུན་པར་སེམས་ཤིང་མི་འཐུན་པར་མི་བྱེད་པས་བྱང་ཆུབ་སེམས་དཔའི་ས་དྲུག་པ་འཐུན་པའི་བཟོད་པ་རྣོན་པོས་འཐོབ་སྟེ། འོན་ཀྱང་ད་དུང་མི་སྐྱེ་
བའི་ཆོས་ལ་བཟོད་པ་མངོན་དུ་གྱུར་པ་ནི་ཐོབ་པ་མ་ཡིན་ནོ། །དེ་ཆོས་ཐམས་ཅད་ལ་རང་བཞིན་དེ་ལྟར་རྟོག་པའི་ཚེ། དེ་བས་ཀྱང་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དང་། སྙིང་རྗེ་ཆེན་པོ་ལ་དབང་སྒྱུར་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་
བའི་ཕྱིར་འཇིག་རྟེན་འབྱུང་བ་དང་། འཇིག་པ་ལ་རྣམ་པར་ལྟའོ། །དེ་འཇིག་རྟེན་འབྱུང་བ་དང་། འཇིག་པ་ལ་ལྟ་བའི་ཚེ་འདི་སྙམ་སྟེ། འཇིག་རྟེན་ཀུན་ཏུ་རྒྱུ་བའི་སྐྱེ་བ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བདག་ཏུ་མངོན་པར་ཞེན་པ་ལས་འབྱུང་སྟེ། བདག་ཏུ་མངོན་པར་ཞེན་པ་དང་བྲལ་
ན་འབྱུང་བ་ཡང་མེད་པར་འགྱུར་རོ། །བྱིས་པའི་བློ་ཅན་བདག་ཏུ་མངོན་པར་ཞེན་པ་མི་ཤེས་པའི་རབ་རིབ་ཀྱིས་བསྒྲིབས་པ། ཡོད་པ་དང་། མེད་པ་ལ་མངོན་པར་མོས་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་གཞོལ་བ། ཡང་དག་པ་མ་ཡིན་པར་རབ་ཏུ་ཞུགས་པ།
ལོག་པའི་རྗེས་སུ་འབྲང་བ་དེ་དག་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་འདུ་བྱེད་ཉེ་བར་སྩོགས་ཏེ། འདུ་བྱེད་དེ་དག་གིས་ཡོངས་སུ་བསྒོས་པའི་སེམས་ཀྱིས་བོན་ཟག་པ་དང་བཅས་པ། ཉེ་བར་ལེན་པ་དང་བཅས་པ་ནི་མ་
འོངས་པའི་སྐྱེ་བ་དང་། རྒ་ཤི་དང་། ཡང་སྲིད་པ་མངོན་པར་འགྲུབ་པ་འབྱུང་བར་ཉེ་བར་སོང་བ་ཡིན་ཏེ། ལས་ཀྱི་ཞིང་གི་གཞི་དང་། མ་རིག་པའི་མུན་པ་དང་སྲེད་པའི་སྣུམ་དང་། ངའི་ང་རྒྱལ་གྱིས་བརླན་པའི་ལྟ་བའི་རྣམ་པ་དང་
འདྲ་བ་རབ་ཏུ་འཕེལ་བས་མིང་དང་གཟུགས་ཀྱི་མྱི་གུ་འབྱུང་སྟེ། བྱུང་ནས་རྣམ་པར་འཕེལ་ལོ། །མིང་དང་གཟུགས་ཀྱི་མྱི་གུ་རྣམ་པར་འཕེལ་ནས་དབང་པོ་ལྔ་འབྱུང་བར་འགྱུར་རོ། །དབང་པོ་ལྔ་བྱུང་ནས་ཕན་ཚུན་འདུས་ཤིང་འཕྲད་པས་
เล่ม ๓๖ · หน้า 220a
རེག་པར་འགྱུར་རོ། །རེག་པ་འདུས་པས་ཚོར་བ་འབྱུང་ངོ་། །ཚོར་ནས་དེའི་རྗེས་སུ་མངོན་པར་སྨོན་པས་སྲེད་པ་འབྱུང་ངོ་། །སྲེད་པ་ནི་ཉེ་བར་ལེན་པ་རྣམ་པར་འཕེལ་བར་བྱེད་དོ། །ཉེ་བར་ལེན་པ་རྣམ་པར་འཕེལ་
བ་ལས་སྲིད་པ་འབྱུང་བར་འགྱུར་རོ། །སྲིད་པ་བྱུང་ནས་ཕུང་པོ་ལྔ་པོ་འབྱུང་བར་འགྱུར་ཏེ། ཕུང་པོ་ལྔ་བྱུང་ནས་ལམ་གྱི་རྒྱུད་ལྔར་རིམ་གྱིས་དེངས་པར་འགྱུར་རོ། །དེངས་ནས་འབྲལ་བར་འགྱུར་ཏེ་དེངས་ཤིང་བྲལ་བས། མི་དགའ་ཞིང་ཡོངས་སུ་གདུང་བར་
འགྱུར་རོ། །མི་དགའ་བ་དང་ཡོངས་སུ་གདུང་བའི་རྒྱུས་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་འབྱུང་བར་འགྱུར། ཡང་དེ་དག་ལས་སུ་འང་འབྱུང་བར་བྱེད་པ་མེད་དོ། །རང་བཞིན་དང་ལྷུན་གྱིས་གྲུབ་
པར་འཇིག་པར་འགྱུར་ཡང་དེ་དག་ལ་འཇིག་པར་བྱེད་པ་སུ་འང་མེད་དོ་ཞེས་དེ་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུགས་སུ་མཐུན་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རབ་ཏུ་རྟོག་གོ །དེ་འདི་སྙམ་དུ་སེམས་ཏེ་བདེན་པར་
མངོན་པར་མི་ཤེས་པ་ནི་ཡང་དག་པར་མ་རིག་པ་སྟེ། མ་རིག་པས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་འདུ་བྱེད་རྣམས་སོ། །འདུ་བྱེད་ལ་གནས་པའི་སེམས་དང་པོ་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དང་། ལྷན་ཅིག་ཏུ་སྐྱེས་པའི་ཉེ་བར་ལེན་པའི་
ཕུང་པོ་བཞི་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་རྣམ་པར་འཕེལ་བ་ནི་དྲུག་གི་སྐྱེ་མཆེད་དོ། །དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་ཕྲད་པ་ཟག་པ་དང་བཅས་པ་ནི་རེག་པའོ། །རེག་པའི་རྗེས་ལས་སྐྱེས་པ་ནི་ཚོར་
བའོ། །ཚོར་བ་ལ་ཆགས་པ་ནི་སྲེད་པའོ། །སྲེད་པ་རྣམ་པར་འཕེལ་བ་ནི་ཉེ་བར་ལེན་པའོ། །ཉེ་བར་ལེན་པ་ལས་བྱུང་བའི་ལས་ཟག་པ་དང་བཅས་པ་ནི་སྲིད་པའོ། །ལས་དང་རྒྱུ་མཐུན་པའི་འབྲས་བུ་ནི་སྐྱེ་བའོ། །སྐྱེ་བ་ནི་ཕུང་པོ་
เล่ม ๓๖ · หน้า 220b
འབྱུང་བའོ། །ཕུང་པོ་ཡོངས་སུ་སྨིན་པ་ནི་རྒ་བའོ། །རྒས་ནས་ཕུང་པོ་འཇིག་པ་ནི་འཆི་བའོ། །འཆི་ཞིང་འབྲལ་བའི་ཚེ་མོས་ཤིང་ཆགས་པར་གྱུར་པའི་སེམས་ལ་ཡོངས་སུ་གདུང་བ་ནི་མྱ་ངན་ཏོ། །མྱ་ངན་ལས་བྱུང་བའི་ཚིག་ཏུ་
རྗོད་པ་ནི་སྨྲེ་སྔགས་འདོན་པའོ། །དབང་པོ་ལྔའི་ཉམས་སུ་བབ་པ་ནི་སྡུག་བསྔལ་ལོ། །ཡིད་ཀྱི་ལྟ་བའི་ཉམས་སུ་བབ་པ་ནི་ཡིད་མི་བདེ་བའོ། །སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོ་བྱུང་བ་ནི་འཁྲུགས་པ་སྟེ། དེ་ལྟར་ན་སྡུག་བསྔལ་
གྱི་ཕུང་པོ་ཆེན་པོ་དང་སྡུག་བསྔལ་གྱི་སྡོང་པོ་འབའ་ཤིག་བྱེད་པ་པོ་དང་། ཚོར་བ་པོ་མེད་པ་མངོན་པར་གྲུབ་པར་འགྱུར་རོ། །དེ་འདི་སྙམ་དུ་སེམས་ཏེ་བྱེད་པ་པོ་ལ་མངོན་པར་ཆགས་པས་ལས་རྣམས་ཡོད་པར་གྱུར་ཏོ། །གང་ན་བྱེད་པ་པོ་མེད་པ་
དེ་ན་དོན་དམ་པར་ལས་ཀྱང་མི་དམིགས་སོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁམས་གསུམ་པ་འདི་ནི་སེམས་ཙམ་སྟེ། གང་འདི་སྲིད་པའི་ཡན་ལག་བཅུ་གཉིས་དེ་བཞིན་གཤེགས་པས་རབ་ཏུ་ཕྱེ་སྟེ། བཀའ་སྩལ་པ་དེ་དག་ཐམས་ཅད་ཀྱང་སེམས་
གཅིག་ལ་གནས་པ་དག་གོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པ་གང་ལ་འདོད་ཆགས་དང་ལྡན་པའི་སེམས་སྐྱེས་པ་དེ་ནི་རྣམ་པར་ཤེས་པའོ། །དངོས་པོ་ནི་འདུ་བྱེད་དོ། །འདུ་བྱེད་ལ་མགོ་རྨོངས་པ་ནི་མ་རིག་པའོ། །མ་རིག་པའི་སེམས་དང་
ལྷན་ཅིག་སྐྱེས་པ་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་རྣམ་པར་འཕེལ་བ་ནི་དྲུག་གི་སྐྱེ་མཆེད་དོ། །དྲུག་གི་སྐྱེ་མཆེད་དང་འབྲེལ་བ་ནི་རེག་པའོ། །རེག་པ་དང་ལྷན་ཅིག་སྐྱེས་པ་ནི་ཚོར་བའོ། །ཚོར་བས་མི་ངོམས་པ་ནི་སྲེད་པའོ། །
སྲེད་པས་མནར་ཏེ་སྡུད་ཅིང་མེ་གཏོང་བ་ནི་ཉེ་བར་ལེན་པའོ། །སྲིད་པའི་ཡན་ལག་འབྱུང་བ་འདི་དག་ནི་སྲིད་པའོ། །སྲིད་པ་འབྱུང་བ་ནི་སྐྱེ་བའོ། །སྐྱེ་བ་ཡོངས་སུ་སྨིན་པ་ནི་རྒ་བའོ། །རྒ་བ་དང་བྲལ་བ་ནི་འཆི་བའོ། །དེ་ལ་མ་
เล่ม ๓๖ · หน้า 221a
རིག་པ་ནི་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སེམས་ཅན་རྣམས་ཀྱང་དམིགས་པ་ལ་རྨོངས་པར་བྱེད་དོ། །འདུ་བྱེད་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །འདུ་བྱེད་རྣམས་ཀྱང་བྱ་བ་གཉིས་སུ་ཉེ་
བར་གནས་པ་ཡིན་ཏེ། མ་འོངས་པའི་རྣམ་པར་སྨིན་པ་ཡང་མངོན་པར་འགྲུབ་པར་བྱེད་དོ། །རྣམ་པར་ཤེས་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །རྣམ་པར་ཤེས་པ་འང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སྲིད་པའི་
ཉིང་གི་མཚམས་ཀྱང་སྦྱོར་རོ། །མིང་དང་གཟུགས་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །མིང་དང་གཟུགས་ཀྱང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཕན་ཚུན་ཉེ་བར་རྟོན་པ་ཡང་བྱེད་དོ། །སྐྱེ་མཆེད་དྲུག་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །
དྲུག་གི་སྐྱེ་མཆེད་ཀྱང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། རང་གི་ཡུལ་རྣམ་པར་ཕྱེ་བ་ཡང་སྟོན་ཏོ། །རེག་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །རེག་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། དམྱིགས་པ་ལ་རེག་པར་ཡང་བྱེད་དོ། །ཚོར་བ་མངོན་པར་འགྲུབ་པའི་རྒྱུ་ཡང་
འབྱིན་ཏོ། །ཚོར་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་གཉིས་ཀ་མ་ཡིན་པར་ཚོར་བ་ཡང་སྐྱེད་དོ། །སྲེད་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །སྲེད་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ།
ཆགས་པར་འགྱུར་བའི་དངོས་པོ་ལ་མངོན་པར་ཆགས་པར་ཡང་བྱེད་དོ། །ཉེ་བར་ལེན་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །ཉེ་བར་ལེན་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པས་འཆིང་བ་ཡང་བྱེད་དོ། །སྲིད་
པ་མངོན་པར་འབྱུང་བའི་རྒྱུ་ཡང་འབྱིན་ཏོ། །སྲིད་པ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། སྲིད་པའི་རྒྱུད་གཞན་དུ་ཡང་གནས་པར་བྱེད་དོ་སྐྱེ་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །སྐྱེ་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ།
เล่ม ๓๖ · หน้า 221b
ཕུང་པོ་འབྱུང་བར་ཡང་བྱེད་དོ། །རྒ་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ཏོ། །རྒ་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། དབང་པོ་ཡོངས་སུ་འགྱུར་བར་ཡང་བྱེད་དོ། །འཆི་བར་འགྱུར་བའི་རྒྱུ་ཡང་འབྱིན་ཏོ། །འཆི་བ་ཡང་བྱ་བ་
གཉིས་སུ་ཉེ་བར་གནས་པ་ཡིན་ཏེ་འདུ་བྱེད་འཇིག་པར་ཡང་བྱེད་དོ། །ཡོངས་སུ་མ་ཤེས་པ་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་ཏོ། །དེ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། །ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་རྒྱུན་
མི་འཆད་ཅིང་རྟོན་པའོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ། །ཞེས་བྱ་བ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་རྒྱུན་མི་འཆད་ཅིང་རྟོན་པའོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཤེས་བྱ་བ་ནི་རྣམ་པར་ཤེས་
བའི་རྐྱེན་གྱིས་མིང་དང་གཟུགས་རྒྱུན་མི་འཆད་ཅིང་རྟོན་པའོ། །མིང་དང་གཟུགས་ཀྱི་རྐྱེན་གྱིས་དྲུག་གི་སྐྱེ་མཆེད་ཅེས་བྱ་བ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་དྲུག་གི་སྐྱེ་མཆེད་རྒྱུན་མི་འཆད་ཅིང་རྟོན་པའོ། །དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་གྱིས་རེག་
པའོ། ཞེས་བྱ་བ་ནི་དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་གྱིས་རེག་པ་རྒྱུན་མི་འཆད་ཅིང་རྟོན་པའོ། །རེག་པའི་རྐྱེན་གྱིས་ཚོར་བའོ། །ཞེས་བྱ་བ་ནི་རེག་པའི་རྐྱེན་གྱིས་ཚོར་བ་རྒྱུན་མི་འཆད་ཅིང་སྟོན་པའོ། །ཚོར་བའི་རྐྱེན་གྱིས་སྲེད་པའོ། །
ཞེས་བྱ་བ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་རྒྱུན་མི་འཆད་ཅིང་རྟོན་པའོ། །སྲེད་པའི་རྐྱེན་གྱིས་ཉེ་བར་ལེན་པའོ། །ཞེས་བྱ་བ་ནི་སྲེད་པའི་རྐྱེན་གྱིས་ཉེ་བར་ལེན་པ་རྒྱུན་མི་འཆད་ཅིང་རྟོན་པའོ། །ཉེ་བར་ལེན་པའི་རྐྱེན་གྱིས་སྲིད་པའོ། །ཞེས་
བྱ་བ་ནི་ལེན་པའི་རྐྱེན་གྱིས་སྲིད་པ་རྒྱུན་མི་འཆད་ཅིང་རྟོན་པའོ། །སྲིད་པའི་རྐྱེན་གྱིས་སྐྱེ་བའོ། །ཞེས་བྱ་བ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་རྒྱུན་མི་འཆད་ཅིང་རྟོན་པའོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤིའོ་ཞེས་བྱ་བ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་རྒྱུན་མི་
เล่ม ๓๖ · หน้า 222a
འཆད་ཅིང་རྟོན་པའོ། །མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་གོ། །ཞེས་བྱ་བ་ནི་མ་རིག་པའི་རྐྱེན་མེད་པས་འདུ་བྱེད་རྣམས་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ། །འདུ་བྱེད་འགགས་པས་རྣམ་
པར་ཤེས་པ་འགག་གོ། །ཞེས་བྱ་བ་ནི་འདུ་བྱེད་ཀྱི་རྐྱེན་མེད་པས་རྣམ་པར་ཤེས་པ་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ། །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་གོ། །ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རྐྱེན་མེད་པས་མིང་དང་
གཟུགས་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ། །མིང་དང་གཟུགས་འགགས་པས་དྲུག་གི་སྐྱེ་མཆེད་འགག་གོ། །ཞེས་བྱ་བ་ནི་མིང་དང་གཟུགས་ཀྱི་རྐྱེན་མེད་པས་དྲུག་གི་སྐྱེ་མཆེད་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ། །དྲུག་གི་སྐྱེ་མཆེད་འགགས་པས་
རེག་པ་འགག་གོ། །ཞེས་བྱ་བ་ནི་དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་མེད་པས་རེག་པ་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ། །རེག་པ་འགགས་པས་ཚོར་བ་འགག་གོ །ཞེས་བྱ་བ་ནི་རེག་པའི་རྐྱེན་མེད་པས་ཚོར་བ་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ། །ཚོར་བ་
འགགས་པས་སྲེད་པ་འགག་གོ །ཞེས་བྱ་བ་ནི་ཚོར་བའི་རྐྱེན་མེད་པས་སྲེད་པ་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ། །སྲིད་པ་འགགས་པས་ལེན་པ་འགག་གོ །ཞེས་བྱ་བ་ནི་སྲེད་པའི་རྐྱེན་མེད་པས་ལེན་པ་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ། །ཉེ་
བར་ལེན་པ་འགགས་པས་སྲིད་པ་འགག་གོ །ཞེས་བྱ་བ་ནི་ཉེ་བར་ལེན་པའི་རྐྱེན་མེད་པས་སྲིད་པ་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ། །སྲིད་པ་འགགས་པས་སྐྱེ་བ་འགག་གོ །ཞེས་བྱ་བ་ནི་སྲིད་པའི་རྐྱེན་མེད་པས་སྐྱེ་བ་ཉེ་བར་ཞི་ཞིང་རྟོན་པ་མེད་
པའོ། སྐྱེ་བ་འགགས་པས་རྒ་ཤི་འགག་གོ །ཞེས་བྱ་བ་ནི་སྐྱེ་བའི་རྐྱེན་མེད་པས་རྒ་ཤི་ཉེ་བར་ཞི་ཞིང་རྟོན་པ་མེད་པའོ། །དེ་ལ་མ་རིག་པ་དང་སྲིད་པ་དང་ཉེ་བར་ལེན་པ་ནི་ཉོན་མོངས་པའི་ལམ་གྱི་རྒྱུན་མི་འཆད་པའོ། །འདུ་བྱེད་དང་སྲིད་པ་ནི་
เล่ม ๓๖ · หน้า 222b
ལས་ཀྱི་ལམ་གྱི་རྒྱུན་མི་འཆད་པའོ། །ལྷག་མ་རྣམས་ནི་སྡུག་བསྔལ་གྱི་ལམ་གྱི་རྒྱུན་མི་འཆད་པའོ། །རབ་ཏུ་རྣམ་པར་ཕྱེ་བས་སྔུན་གྱི་མཐའ་དང་ཕྱི་མའི་མཐའ་འགགས་པས་ལམ་གྱི་རྒྱུན་མི་འཆད་པའོ། །དེ་ལྟར་ལམ་འདི་གསུམ་ནི་བདག་
མེད་ཅིང་བདག་དང་བདག་གི་དང་བྲལ་བར་འབྱུང་ཞིང་འཇིག་པ་སྟེ། རང་བཞིན་གྱིས་མདུང་ཁྱིམ་ལྟ་བུའོ། །དེ་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་འདི་ནི་སྔོན་གྱི་མཐའ་ལ་བལྟས་པའོ། །རྣམ་པར་ཤེས་པ་དང་མིང་དང་གཟུགས་
དང་དྲུག་གི་སྐྱེ་མཆེད་དང་རེག་པ་དང་། ཚོར་བ་འདི་དག་ནི་ད་ལྟར་བྱུང་བ་ལ་བལྟས་པའོ། །སྲེད་པ་དང་ཉེ་བར་ལེན་པ་དང་སྲིད་པ་དང་། སྐྱེ་བ་ཞེས་བྱ་བ་འདི་ནི་ཕྱི་མའི་མཐའ་ལ་བལྟས་པ་སྟེ། དེ་ཕན་ཆད་དུ་འང་དེ་དག་རྒྱུན་དུ་འབྱུང་ངོ་། །མ་
རིག་པ་འགགས་པས་འདུ་བྱེད་རྣམས་འགག་ཅེས་བྱ་བ་འདི་ནི་ལྟ་བ་རྒྱུན་ཆད་པ་སྟེ་ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །ཡང་འདི་ལྟར་སྲིད་པའི་ཡན་ལག་བཅུ་གཉིས་པོ་འདི་དག་གི་རྒྱུས་སྡུག་བསྔལ་གསུམ་འབྱུང་སྟེ། དེ་ལ་མ་རིག་པ་དང་འདུ་
བྱེད་དང་རྣམ་པར་ཤེས་པ་དང་མིང་དང་། གཟུགས་དང་། དྲུག་གི་སྐྱེ་མཆེད་ཅེས་བྱ་བ་ནི། འདུ་བྱེད་ཀྱི་སྡུག་བསྔལ་ལོ། །རེག་པ་དང་ཚོར་བ་ཞེས་བྱ་བ་འདི་ནི་སྡུག་བསྔལ་གྱི་ཡང་སྡུག་བསྔལ་ལོ། །སྲེད་པ་དང་ཉེ་བར་ལེན་པ་དང་།
སྲིད་པ་དང་། སྐྱེ་བ་ནས་འཁྲུག་པ་ཞེས་བྱ་བའི་བར་འདི་ནི་འགྱུར་བའི་སྡུག་བསྔལ་ལོ། །མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་ཅེས་བྱ་བ་འདི་ནི་སྡུག་བསྔལ་གསུམ་གྱི་རྒྱུན་ཆད་པའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་
ཤེས་བྱ་བ་ནི་འདུ་བྱེད་རྣམས་རྒྱུ་དང་རྐྱེན་ལས་བྱུང་བ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནི། འདུ་བྱེད་རྣམས་མེད་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པའི་རྐྱེན་
เล่ม ๓๖ · หน้า 223a
གྱིས་འདུ་བྱེད་རྣམས་ཤེས་བྱ་བ་ནི་སྐྱེ་བ་རྣམ་པར་འབྲེལ་བ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནི། འཇིག་པ་རྣམ་པར་འབྲེལ་བ་སྟེ། ལྷག་མ་རྣམས་ཀྱང་
དེ་བཞིན་ནོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བྱ་བ་ནི་སྲིད་པ་ལུགས་སུ་འཐུན་པར་བརྟག་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནི་ཟད་པ་དང་འཇིག་པའི་ལུགས་སུ་འཐུན་པར་
བརྟག་པ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །ཞེས་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ལུགས་སུ་འཐུན་པ་དང་། མི་འཐུན་པའི་ཚུལ་དུ་རབ་ཏུ་རྟོག་སྟེ། འདི་ལྟར་སྲིད་པའི་ཡན་ལག་རྗེས་སུ་འབྲེལ་བ་དང་། སེམས་གཅིག་ཏུ་ཡང་
དག་པར་འདུ་བ་དང་། རང་གི་ལས་མ་འདྲེས་པ་དང་། ཆེད་དུ་བྱེད་པ་མེད་པ་དང་ལམ་གསུམ་གྱི་རྒྱུད་དུ་འགྲང་བ་དང་། སྔོན་གྱི་མཐའ་དང་ད་ལྟར་བྱུང་བ་དང་། ཕྱི་མའི་མཐའ་ལ་བལྟ་བ་དང་། སྡུག་བསྔལ་གསུམ་འབྱུང་བ་དང་། རྒྱུ་དང་རྐྱེན་
ལས་བྱུང་བ་དང་། སྐྱེ་བ་དང་འཇིག་པ་རྣམ་པར་འབྲེལ་བ་དང་། སྲིད་པའི་ལུགས་སུ་འཐུན་པ་དང་། ཟད་པར་འགྱུར་བར་རབ་ཏུ་རྟོག་པའོ། །དེ་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྣམ་པ་བཅུར་རབ་ཏུ་རྟོག་ཅིང་བདག་མེད་པ་དང་། སྲོག་
མེད་པ་དང་། གང་ཟག་མེད་པ་དང་། ངོ་བོ་ཉིད་ཀྱིས་སྟོང་པ་དང་། རང་བཞིན་གྱིས་བྱེད་པ་པོ་དང་། ཚོར་བ་པོ་མེད་པར་རབ་ཏུ་རྟོག་པའི་ཚེ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྐྱེས་པ་ཡིན། སྲིད་པའི་ཡན་ལག་འདི་དག་གི་རང་བཞིན་འགགས་
ཤིང་རྣམ་པར་ཐར་པ་ལ་ཤིན་ཏུ་ཉེ་བར་གནས་པས་ཆོས་ཀྱི་མཚན་མ་གང་ཡང་མི་སྐྱེ་སྟེ་དེས་དེའི་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་སྐྱེས་པ་ཡིན། དེ་ལྟར་དེ་སྟོང་པ་ཉིད་དང་མཚན་མ་མེད་པ་ལ་ཞུགས་པས་སྙིང་རྗེ་ཆེན་པོ་སྔོན་དུ་གཏོང་
เล่ม ๓๖ · หน้า 223b
ཞིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མ་གཏོགས་པར་འདོད་པ་གང་ཡང་མི་སྐྱེ་སྟེ་དེས་དེའི་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་སྐྱེས་པ་ཡིན། དེ་རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་དག་སྒོམ་པས་བདག་དང་ཕ་རོལ་གྱི་འདུ་ཤེས་དང་བྲལ་བ་
དང་། བྱེད་པ་པོ་དང་། ཚོར་བ་པོའི་འདུ་ཤེས་དང་བྲལ་བ་དང་། ཡོད་པ་དང་མེད་པའི་འདུ་ཤེས་དང་བྲལ་བས། བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་མ་རྫོགས་པ་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་སྟེ། དེ་བས་ཀྱང་
ཤིན་ཏུ་བརྩོན་པར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། འདུ་བ་ཡོད་པས་ནི་འདུས་བྱས་འཕེལ་བར་འགྱུར་རོ། །འདུ་བ་དང་བྲལ་བས་ནི་འཕེལ་བ་མེད་དོ། །རྒྱུ་རྐྱེན་དང་ལྡན་པས་ནི་འདུ་བྱེད་འཕེལ་བར་འགྱུར་རོ། །རྒྱུ་རྐྱེན་དང་མི་ལྡན་པས་ནི་
འཕེལ་བ་མེད་དོ། །དེ་ལྟ་བས་ན་བདག་གིས་དེ་ལྟ་བུའི་འདུས་བྱས་ཉེས་པ་མང་པོའི་སྐྱོན་ཅན་ཤེས་པར་བྱས་ཏེ་འདུ་བ་དང་རྒྱུ་རྐྱེན་དང་ལྡན་པ་འདི་དག་རྒྱུན་གཅད་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུ་བྱེད་རྣམས་
ཤིན་ཏུ་ཞི་བ་འང་མངོན་དུ་མི་བྱའོ་ཞེས་ཏེ། ཀྱེ་རྒྱལ་བའི་སྲས་དག་དེ་དེ་ལྟར་འདུ་བྱེད་ཀྱི་རྣམ་པ་དེ་ལྟར་ཉེས་པ་མང་པོའི་སྐྱོན་ཅན་སྙིང་པོ་དང་རང་བཞིན་མེད་པ་སྐྱེ་བ་མེད་པ་འགག་པ་མེད་པའི་རང་བཞིན་དུ་རབ་ཏུ་རྟོག་པ་དང་སྙིང་རྗེ་ཆེན་པོ་རབ་ཏུ་བསྒྲུབ་
པ་དང་། སེམས་ཅན་ཡོངས་སུ་མི་གཏོང་བས་ཆགས་པ་མེད་པའི་ཡེ་ཤེས་མངོན་སུམ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་སྣང་བའི་ཚུལ་དུ་མངོན་སུམ་དུ་འགྱུར་རོ། །དེ་དེ་ལྟ་བུའི་ཡེ་ཤེས་དང་ལྡན་ཞིང་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་
པ་ལ་གནས་པས་སྣང་བར་གྱུར་ནས་ཀྱང་། བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་སྡུད་པའི་རྐྱེན་ཉེ་བར་སྩོགས་ཤིང་ཡང་དག་པར་སྡུད་དོ། །འདུས་བྱས་དང་འགྲོགས་པར་ཡང་མི་གནས་སོ། །འདུ་བྱེད་རྣམས་རང་བཞིན་གྱིས་ཞི་བ་ཡང་རབ་
เล่ม ๓๖ · หน้า 224a
ཏུ་རྟོག་གོ །འོན་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་རྫོགས་པའི་ཕྱིར་དེ་ལ་མི་གནས་ཏེ། དེ་བྱང་ཆུབ་སེམས་དཔའི་ས་མངོན་སུམ་འདི་ལ་གནས་པའི་ཚེ་འཇུག་པ་སྟོང་པ་ཞེས་བྱ་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །
རང་བཞིན་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། འདུ་བ་སྟོང་པ་ཉིད་དང་། མངོན་པར་བསྒྲུབ་པ་སྟོང་པ་ཉིད་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པའི་སྟོང་པ་ཉིད་དང་། ལྟོས་པ་སྟོང་པ་ཉིད་དང་།
ཐ་དད་པ་དང་ཐ་དད་པ་མེད་པ་སྟོང་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཀྱང་སྐྱེ་བར་འགྱུར་ཏེ། དེ་དག་ལ་སྩོགས་པ་སྟོང་པ་ཉིད་ཀྱི་སྒོའི་ཏིང་ངེ་འཛིན་བརྒྱ་སྟོང་ཕྲག་བཅུ་དེ་ལ་མངོན་སུམ་དུ་འགྱུར་རོ། །དེ་བཞིན་དུ་མཚན་མ་མེད་པའི་སྒོའི་ཏིང་ངེ་འཛིན་བརྒྱ་སྟོང་
ཕྲག་བཅུ་དང་སྨོན་པ་མེད་པའི་སྒོའི་ཏིང་ངེ་འཛིན་བརྒྱ་སྟོང་ཕྲག་བཅུ་མངོན་སུམ་དུ་འགྱུར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ས་མངོན་སུམ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕྱིར་ཞིང་མི་ཕྱེད་པའི་བསམ་པ་ཡོངས་སུ་རྫོགས་པ་འཐོབ་པོ། །
ངེས་པའི་བསམ་པ་དང་དགེ་བའི་བསམ་པ་དང་། ཟབ་པའི་བསམ་པ་དང་། ཕྱིར་མི་ལྡོག་པའི་བསམ་པ་དང་། རྒྱུན་མི་འཆད་པའི་བསམ་པ་དང་། དྲི་མ་མེད་པའི་བསམ་པ་དང་། མཐའ་ཡས་པའི་བསམ་པ་དང་། ཡེ་ཤེས་ལ་མངོན་པར་
མོས་པའི་བསམ་པ་དང་། ཐབས་དང་ཤེས་རབ་ཏུ་ལྡན་པའི་བསམ་པ་ཡོངས་སུ་རྫོགས་པ་འཐོབ་སྟེ། བྱང་ཆུབ་སེམས་དཔའི་བསམ་པ་འདི་བཅུ་ནི། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་རྗེས་སུ་སོང་བ་ཡིན། ཕས་ཀྱི་རྒོལ་བ་ཐམས་ཅད་
ཀྱི་ཕྱིར་མི་ལྡོག་པ་ཡིན། ཡེ་ཤེས་ཀྱི་ས་ལ་ཡང་དག་པར་གཞོལ་བ་ཡིན། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ལས་རྣམ་པར་ལོག་པ་ཡིན། སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་བྱ་བ་ལ་ཤིན་ཏུ་ངེས་པ་ཡིན། བདུད་དང་ཉོན་མོངས་པ་
เล่ม ๓๖ · หน้า 224b
ཀུན་ནས་རྒྱུ་བ་ཐམས་ཅད་ཀྱིས་མི་འཕྲོགས་པ་ཡིན། བྱང་ཆུབ་སེམས་དཔའི་སྣང་བ་ལ་ཤིན་ཏུ་གནས་པ་ཡིན། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ཡང་དག་པར་སྤྱད་པ་ཡོངས་སུ་བསྒོམས་པ་ཡིན།
ཐབས་དང་། ཤེས་རབ་དང་། ཡེ་ཤེས་རྣམ་པར་དཔྱད་པ་དང་ལྡན་པ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མངོན་པར་བསྒྲུབ་པ་དང་། རྣམ་པར་འདྲེས་པ་ཡིན། དེ་ལྟར་དེ་བྱང་ཆུབ་སེམས་དཔའི་ས་མངོན་སུམ་འདི་ལ་གནས་པའི་ཚེ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཤས་ཆེ་བ་ཡིན། ཆོས་དེ་དག་ལ་ཚུལ་བཞིན་དུ་འཐུན་པར་བྱེད་ཅིང་མི་མཐུན་པར་མི་བྱེད་པས་འཐུན་པའི་བཟོད་པ་གསུམ་པ་རབ་ཏུ་རྣོ་བ་རབ་ཏུ་སྐྱེས་པ་ཡིན། དེ་ལྟར་དེ་བྱང་ཆུབ་སེམས་དཔའི་
ས་མངོན་སུམ་འདི་ལ་གནས་པའི་ཚེ་དེའི་ལྟ་བ་རྒྱ་ཆེན་པོ་དང་སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་མང་པོ་སྣང་བར་འགྱུར་ཏེ། ལྟ་བ་རྒྱ་ཆེན་པོ་དང་། སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་སངས་རྒྱས་
བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་སྟོང་ཕྲག་མང་པོ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དང་། སངས་
རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་སྣང་བར་འགྱུར་རོ། །དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་ནས་བསམ་པ་རྒྱ་ཆེན་པོས་རིམ་གྲོ་བྱེད་དོ། །བཀུར་སྟི་བྱེད་དོ། །བསྟི་
སྟང་བྱེད་དོ། །མཆོད་པ་བྱེད་དོ། །ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དང་ཡོ་བྱད་དག་ཀྱང་འབུལ་ཞིང་བྱང་ཆུབ་སེམས་དཔའི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱང་ཡོངས་སུ་འབུལ་ལོ། །དགེ་འདུན་གྱི་
เล่ม ๓๖ · หน้า 225a
ཚོགས་རྣམས་ལ་ཡང་ཡང་དག་པར་མཆོད་པ་བྱེད་དེ་དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་
བསྙེན་བཀུར་བྱེད་ཅིང་རིམ་གྲོ་དང་། བཀུར་སྟིས་ནན་ཏན་ཏུ་ཆོས་ཉན་ཅིང་ལེན་ཏོ། །འཛིན་ཏོ། །ཐོས་ནས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྙོམས་པར་འཇུག་པ་དང་། ཤེས་རབ་དང་ཡེ་ཤེས་ཀྱི་སྣང་བས་རབ་ཏུ་བརྩོན་པར་བྱེད་དེ་ནན་ཏན་གྱིས་ཡོངས་སུ་
འཛིན་པས་དེ་སྔོན་པས་ཀྱང་དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་རབ་ཏུ་ཐོབ་པ་ཡིན། དེ་ལྟར་དེ་བྱང་ཆུབ་སེམས་དཔའི་ས་མངོན་སུམ་འདི་ལ་གནས་པའི་ཚེ། དགེ་བའི་རྩ་བ་དེ་དག་ཀྱང་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ཕྲག་དུ་མ་དང་།
བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་ཕྲག་དུ་མ་དང་། བསྐལ་པ་ཁྲག་ཁྲིག་སྟོང་ཕྲག་དུ་མ་དང་།
བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་སྔོན་བས་ཀྱང་ཆེས་བྱང་བ་དང་། ཅེས་འོད་གསལ་ཞིང་དང་བར་གནས་སོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། གསེར་གྱི་ས་ལེ་སྦྲམ་དེ་
ཉིད་བཻ་ཌཱུརྱས་བཏབ་ན་སྔོན་བས་ཀྱང་ཤིན་ཏུ་འཚེར་ལ་འོད་གསལ་ཞིང་དང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་མངོན་སུམ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དེ་དག་
ཀྱང་ཤེས་རབ་དང་ཡེ་ཤེས་ཀྱིས་ཤིན་ཏུ་བརྟགས་པས་སྔོན་བས་ཀྱང་ཤིན་ཏུ་བྱང་ལ་འོད་གསལ་ཞིང་དང་བ་ཡིན་ཏེ། ཕྱི་ཕྱིར་ཞིང་ཡང་རབ་ཏུ་ཞི་བས་མི་འཕྲོགས་པར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དག །འདི་ལྟ་སྟེ་དཔེར་ན། ཟླ་བའི་འོད་ནི་སེམས་
เล่ม ๓๖ · หน้า 225b
ཅན་གྱི་ལུས་ཀྱང་སིམ་པར་བྱེད་ལ། རླུང་གི་དཀྱིལ་འཁོར་ཆེན་པོ་བཞིས་ཀྱང་མི་འཕྲོགས་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་དཔའི་ས་མངོན་སུམ་འདི་ལ་གནས་པའི་དགེ་
བའི་རྩ་བ་དེ་དག་སྔོན་བས་ཀྱང་སེམས་ཅན་དུ་མའི་བསམ་པའི་ཉོན་མོངས་པ་འབར་བ་ཡང་ཞི་ཞིང་སིམ་པར་བྱེད་ལ། བདུད་ཀྱི་ལམ་གྱི་རྒྱུད་བཞིས་ཀྱང་མི་འཕྲོགས་པ་ཡིན། དེའི་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཤས་ཆེ་
བ་ཡིན་ཏེ། ལྷག་མ་རྣམས་ཀྱང་ཅི་ཚུལ་ཅི་ནུས་སུ་ཡང་དག་པར་མི་བསྒྲུབ་པ་མ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའི་ས་མངོན་སུམ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་ས་དྲུག་པའོ། །དེ་ལ་གནས་
པའི་བྱང་ཆུབ་སེམས་དཔའ་ནི་ཕལ་ཆེར་ལྷའི་རྒྱལ་པོ་རབ་འཕྲུལ་དགར་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་ལྷག་པའི་ང་རྒྱལ་ཞི་བར་བྱ་བ་ལ་མཁས་ཤིང་མཐུ་ཡོད་པ་ཡིན། ཉན་པ་ཐམས་ཅད་ཀྱི་ཡོངས་སུ་དྲི་བས་
མི་འཕྲོགས་པ་ཡིན། དེ་སྦྱིན་པ་འམ། ངག་སྙན་པ་འམ། དོན་བསྒྲུབ་པ་འམ། དོན་མཐུན་པས་དགེ་བའི་རྩ་བ་གང་ཅི་རྩོམ་ཡང་རུང་སྟེ། དེ་ཐམས་ཅད་ཇི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར། གཙོ་བོར་འགྱུར་
ཐུ་བོར་འགྱུར། ཕུལ་དུ་འགྱུར། དམ་པར་འགྱུར། བླ་ན་མེད་པར་འགྱུར། འདྲེན་པར་འགྱུར། ཡོངས་སུ་འདྲེན་པར་འགྱུར་བ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་བར་དུ་འགྱུར་སྙམ་སྟེ། སངས་རྒྱས་ཡིད་ལ་བྱ་བ་དང་། ཆོས་ཡིད་ལ་
བྱ་བ་དང་། དགེ་འདུན་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིད་ལ་བྱ་བ་དང་། བྱང་ཆུབ་སེམས་དཔའི་ས་ཡིད་ལ་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་དང་། སྟོབས་ཡིད་ལ་བྱ་བ་དང་།
เล่ม ๓๖ · หน้า 226a
མི་འཇིགས་པ་ཡིད་ལ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་བྱ་བ་ནས། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་ཡིད་ལ་བྱ་བ་དང་མི་འབྲལ་བ་ཡིན་ཏེ། དེ་
འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་ཏིང་ངེ་འཛིན་ཁྲག་ཁྲིག་བརྒྱ་སྟོང་རབ་ཏུ་འཐོབ་ཅིང་དེ་དག་ལ་མཉམ་པར་གཞོག་པ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་སྟོང་མཐོང་བ་དང་། དེ་དག་གི་བྱིན་གྱི་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་
ཁམས་ཁྲག་ཁྲིག་བརྒྱ་སྟོང་སྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་བརྒྱ་སྟོང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་བརྒྱ་སྟོང་སྣང་བར་བྱ་བ་དང་། སེམས་ཅན་ཁྲག་ཁྲིག་བརྒྱ་སྟོང་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་
པ་ཁྲག་ཁྲིག་བརྒྱ་སྟོང་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའི་བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་ལ་རབ་ཏུ་འཇུག་པ་དང་། ཆོས་ཀྱི་སྒོ་ཁྲག་ཁྲིག་བརྒྱ་སྟོང་རྣམ་པར་འབྱེད་པ་དང་། ལུས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡོངས་
སུ་བསྟན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་ཁྲག་ཁྲིག་བརྒྱ་སྟོང་ཡང་དག་པར་བསྟན་པར་བྱ་བའི་བརྩོན་འགྲུས་ཀྱི་རྣམ་པ་དེ་ལྟ་བུ་རྩོམ་མོ། །དེ་ཡན་ཅད་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་མཐུ་ཅན་རྣམས་སྨོན་ལམ་གྱི་
ཁྱད་པར་གྱིས་རྣམ་པར་འཕྲུལ་ཏེ་དེ་དག་གི་ལུས་སམ། འོད་དམ་རྫུ་འཕྲུལ་ལམ། མིག་གམ་སྤྱོད་ཡུལ་ལམ། དབྱངས་སམ། སྤྱོད་པ་འམ། རྒྱན་ཏམ་བྱིན་གྱི་རླབས་སམ། མོས་པ་འམ། མངོན་པར་འདུ་བྱེད་པ་དག་ཀྱང་བསྐལ་པ་
དུ་མ་དང་། བསྐལ་བ་བརྒྱ་ཕྲག་དུ་མ་དང་། བསྐལ་པ་སྟོང་ཕྲག་དུ་མ་དང་། བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མའི་བར་གྱིས་ཀྱང་བགྲང་བར་དཀའོ། །དེ་ནས་བྱང་ཆུབ་སེམས་དཔའ་
เล่ม ๓๖ · หน้า 226b
རྡོ་རྗེའི་སྙིང་པོས་སའི་དོན་འདི་ཉིད་ཡང་བརྟག་པར་བྱ་བ་དང་། བསྟན་པར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །མཁས་པས་ལམ་གྱི་སྤྱོད་པ་ལྔ་པོར་ཡོངས་རྫོགས་ནས། །ཆོས་རྣམས་མཚན་མེད་མཚན་ཉིད་མེད་དང་མ་སྐྱེས་དང་། །
མ་བྱུང་སྔ་ནས་ཡོངས་སུ་ཞི་ཞིང་སྤྲོས་མེད་པ། །ཡོངས་སུ་བསྒོམ་པས་ཡེ་ཤེས་བློ་ཅན་དྲུག་པ་གནོན། །ཆོས་རྣམས་དབེན་ཞིང་ལེན་མེད་རྣམ་པར་རྟོག་མེད་དང་། །སྒྱུ་མའི་རང་བཞིན་གཉིས་ཀའི་དངོས་ལམ་རྣམ་གྲོལ་བས། །ཆོས་ཀྱི་ཚུལ་ལ་
འགལ་མེད་རྗེས་སུ་འཐུན་བྱེད་ཅིང་། །ཡེ་ཤེས་ལྡན་པའི་དམ་པ་དྲུག་པ་ཡོངས་སུ་གནོན། །འཐུན་པ་རྣོ་ལ་གནས་ཤིང་ཡེ་ཤེས་སྟོབས་ལྡན་པ། །འཇིག་རྟེན་ཀུན་གྱི་འབྱུང་དང་འཇིག་ལ་རབ་ཏུ་རྟོག །གཏི་མུག་མུན་པས་འགྲོ་བ་འབྱུང་བ་ཀུན་
ཏུ་སྐྱེད། །གཏི་མུག་དེ་ཉིད་བྲལ་བས་འབྱུང་བ་མེད་པ་ཡིན། །རྐྱེན་གྱི་རྣམ་པ་དོན་དམ་སྟོང་པར་རྣམ་པར་འབྱེད། །བྱ་བ་མི་འགལ་རྒྱུ་རྐྱེན་བྱེད་པ་མཉམ་པར་ཤེས། །ཡང་དག་ཇི་བཞིན་བྱེད་པ་མེད་པར་ལས་ཤེས་ནས། །འདུས་བྱས་སྤྲིན་སྡུག་ལྟ་བུར་བྱེད་པ་མེད་
པར་ཤེས། །བདེན་པ་མི་ཤེས་དེ་ནི་ཡང་དག་མ་རིག་པ། །ལས་ནི་སེམས་ཀྱི་སྟོབས་ཀྱིས་མགོ་རྨོངས་བྱུང་བར་གྱུར། །སེམས་ལ་རྟེན་ཏེ་ལྷན་ཅིག་བྱུང་བ་མིང་དང་གཟུགས། །དེ་ལྟར་སྡུག་བསྔལ་ཕུང་པོ་ཆེན་པོའི་བར་དུ་འབྱུང་། །ཁམས་གསུམ་སེམས་ཀྱི་རྒྱུ་
ལས་བྱུང་བར་དེ་འཇུག་སྟེ། །སྲིད་པའི་ཡན་ལག་བཅུ་གཉིས་འདི་དག་སེམས་གཅིག་རྟེན། །འདོད་ཆགས་སྐྱེས་པ་དེ་ལས་སེམས་སུ་བརྗོད་པ་ཡིན། །དེ་བཞིན་སྲིད་པའི་དངོས་པོ་སེམས་ཀྱི་རྣམ་པའོ། །མ་རིག་བྱ་བ་གཉིས་བྱེད་རྨོངས་པའི་དངོས་པོ་ལ། །རྨོངས་པར་
བྱས་ཤིང་དེ་ནས་སེམས་པའི་རྒྱུ་ཡང་འབྱིན། །དེ་བཞིན་རྒ་བ་ཕུང་པོ་གཞིག་བྱ་འཇིག་བྱེད་པར། །དེ་ལས་སྡུག་བསྔལ་མིང་ཐོགས་ཐམས་ཅད་མི་ཟད་འབྱུང་། མ་རིག་རྐྱེན་གྱིས་ཆད་པར་འགྱུར་བ་ཡོད་པ་མ་ནི། །རྣམ་པར་ཆད་ཅིང་རྒྱུ་རྐྱེན་བྲལ་བས་ཡོད་པ་འགག །
เล่ม ๓๖ · หน้า 227a
གཏི་མུག་སྲེད་པ་ཉེར་ལེན་ཉོན་མོངས་ལམ་ཡིན་ཏེ། །ལས་དང་སྲིད་པ་སེམས་པ་ལྷག་མ་སྡུག་བསྔལ་ཡིན། །གཏི་མུག་སྐྱེ་མཆེད་བར་དུ་འདུས་བྱས་སྡུག་བསྔལ་ཏེ། །རེག་དང་ཚོར་བ་དེ་དག་སྡུག་བསྔལ་སྡུག་བསྔལ་ཡིན། །ཡན་ལག་ལྷག་
མ་འགྱུར་བའི་སྡུག་བསྔལ་རྣམས་འཕེལ་བ། །བདག་མེད་ཤེས་པས་སྡུག་བསྔལ་གསུམ་པོ་འཆད་པར་འགྱུར། །མུན་པ་སེམས་དང་འདུས་བྱས་འདི་ནི་སྔོན་ལྟས་ཡིན། །རྣམ་པར་ཤེས་ནས་ཚོར་བའི་རྒྱུད་ཏུ་ད་ལྟར་བྱུང་། །སྲེད་དང་སྲིད་པར་སྡུག་བསྔལ་འབྱུང་བ་ཕྱི་
མའི་མཐའ། །འགགས་ཤིང་ཟད་པ་དེ་དག་ལྟ་བ་ཆད་པ་ཡིན། གཏི་མུག་རྐྱེན་གྱིས་དེ་དག་རྣམ་པར་འབྲེལ་བ་འབྱུང་། །ཟད་པས་བྱང་ཆུབ་རྐྱེན་རྣམས་རྣམ་པར་འབྲེལ་བ་ཡིན། །རྒྱུ་ལས་རྒྱུ་འབྱུང་མེད་ན་རྒྱུ་ཡི་རྒྱུན་ཆད་འགྱུར། །བདེ་ཕན་ཤེས་ལྡན་རང་
བཞིན་སྟོང་པ་དེ་ལྟར་རྟོག །རྒྱུད་དུ་འཐུན་པ་གཏི་མུག་མུན་ལས་བྱུང་བ་ཡིན། །མི་འཐུན་བཟློག་པ་གཏི་མུག་ཟད་པས་མི་འབྱུང་བའོ། །ཟབ་པའི་རྐྱེན་དང་དེ་དག་ཡོད་དང་མེད་པ་ལས། །གནས་པ་མེད་བློ་རྣམ་པ་བཅུར་ནི་དེ་ལྟར་རྟོག །སྲིད་པའི་
ཡན་ལག་མཚམས་དང་སེམས་གཅིག་ལས་འཐུན་དང་། །ཆེད་དུ་མི་བྱེད་རྒྱུད་གསུམ་རྗེས་འབྲང་སྔོན་མཐའ་དང་། །སྡུག་བསྔལ་གསུམ་དང་རྒྱུས་བྱུང་སྐྱེ་དང་འཇིག་པ་དང་། །སྲིད་པའི་མཐར་ཕྱིན་ཟད་དང་རྐྱེན་གྱི་ལུགས་འཐུན་པར། །དེ་ལྟར་
རྟེན་འབྲེལ་འབྱུང་ལ་ཡང་དག་འཇུག་བྱེད་པས། །སྒྱུ་འདྲ་ཡང་དག་མ་ཡིན་ཚོར་བར་བྱེད་མེད་ཅིང་། །རྨི་ལམ་འདྲ་བ་དེ་བཞིན་མིག་ཡོར་འདྲ་བ་སྟེ། །བྱིས་པ་བསླུ་བའི་སྨིག་རྒྱུ་རང་བཞིན་མཚུངས་མཉམ་པ། །དེ་ལྟར་བསྒོམ་པ་མཁས་པའི་སྟོང་པ་
ཉིད་ཀྱི་སྒོ། །རྐྱེན་རྣམས་མེད་པ་དེ་ནི་མཚན་མ་མེད་པ་སྟེ། །ལོག་པར་ཤེས་པས་ནམ་ཡང་སྨོན་པ་མེད་པ་ཡིན། །གཞན་དུ་སེམས་ཅན་སྙིང་བརྩེའི་དོན་དུ་སྐྱེ་བ་འཛིན། །དེ་འདྲའི་རྣམ་ཐར་སྒོ་ལ་སྒོམ་བྱེད་མཐུ་ཆེ་བ། །
เล่ม ๓๖ · หน้า 227b
སྙིང་བརྩེའི་བློ་ལྡན་སངས་རྒྱས་ཡོན་ཏན་མངོན་འདོད་ཅིང་། །འདུས་བྱས་འདུས་པ་མཁས་པ་ཡོངས་སུ་རྟོག་བྱེད་པས། །བསམ་པ་ངེས་ཤིང་གཅིག་མིན་ལེགས་དང་ལྡན་པ་ཡིན། །སྟོང་ཉིད་ཏིང་འཛིན་སྟོང་ཕྲག་བཅུ་རྣམས་ཡོངས་སུ་རྒྱས།
དེ་བཞིན་བརྟན་པ་མཚན་མ་མེད་དང་སྨོན་མེད་ལྡན། །ཤེས་རབ་ཤས་ཆེ་འཐུན་པའི་བཟོད་པ་མཆོག་ཅན་ཏེ། །མཁས་པའི་རྣམ་ཐར་ཡེ་ཤེས་ཆགས་པ་མེད་དང་ལྡན། །དེ་འདྲའི་བསམ་པས་དྲང་སྲོང་ཆེ་མང་མཆོད་བྱེད་པས། །རྒྱལ་བའི་བསྟན་པ་འདི་
ལ་ཤིན་ཏུ་བསྔགས་པ་ཡིན། །དེ་ནི་སངས་རྒྱས་མཛོད་ཐོབ་ཁོང་དུ་ཆུད་པས་ན། །བཻ་ཌཱུཪྻས་བཏབ་གསེར་མཆོག་བཞིན་དུ་སྔོན་བས་གསལ། །ཟླ་བའི་འོད་ནི་འགྲོ་བའི་ལུས་ལ་སིམ་པར་བྱེད། །རླུང་བཞི་ལངས་པས་ཡོངས་སུ་འཕྲོགས་པར་མི་
ནུས་སོ། །རྒྱལ་སྲས་འོད་ཀྱང་བདུད་ཀྱི་ལམ་ལས་ཤིན་ཏུ་འདས། །ཉོན་མོངས་ཡོངས་སུ་གདུང་དང་སྡུག་བསྔལ་ནད་ཀྱང་སེལ། །ས་འདི་ཕྱོགས་སུ་ཕྱིན་པ་ལྷ་ཡི་བདག་པོར་འགྱུར། །འཕྲུལ་དགའི་དམ་པ་ལྷག་པའི་ང་རྒྱལ་སེལ་ལ་མཁས། །ཡེ་
ཤེས་ལམ་དང་ལྡན་པ་དེ་ནི་ཅི་རྩོམ་ཡང་། །ཉན་ཐོས་ལམ་ལས་འདས་ཏེ་བརྟན་ཞིང་མི་འཕྲོགས་པའོ། །བདེ་གཤེགས་སྲས་པོ་བརྩོན་འགྲུས་ལྡན་པ་འདོད་གྱུར་ན། །ཏིང་འཛིན་བྱེ་བ་བརྒྱ་སྟོང་ཚང་བ་ཐོབ་པར་བྱེད། །སྐད་ཅིག་གཅིག་ཏུ་ཕྱོགས་བཅུར་
སངས་རྒྱས་མང་པོ་ལྟ། །དཔྱིད་ཀྱི་ཉི་མ་གསལ་ཞིང་ལྷན་པར་བྱེད་པ་བཞིན། །ཟབ་ཅིང་བལྟ་དཀའ་ཕྲ་བ་སྟེ། །ཉན་ཐོས་ང་རྒྱལ་ཤེས་མི་ནུས། །བདག་ཉིད་ཆེ་ལ་ས་དྲུག་པ། །རྒྱལ་བའི་སྲས་ཀྱིས་བཤད་པ་ཡིན། །
མངོན་སུམ་པ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་ས་དྲུག་པའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །བམ་པོ་བཅུ་བདུན་པ། །དེ་ནས་སྣ་ཚོགས་
เล่ม ๓๖ · หน้า 228a
ཡིད་འོང་སྤྲིན། །ལྷ་ཚོགས་མང་པོ་མཁའ་ལ་གནས་ཤིང་མངོན་པར་འཐོར། །ཚིག་སྙན་རྣམ་པར་བརྗོད་པ་བྱེད། །དགའ་བའི་དམ་པ་མཆོག་གིས་ཡོངས་སུ་རྒྱས། །དགེའོ་དོན་
དམ་སེམས་མཛད་ཅིང་། །ཡོན་ཏན་བརྒྱ་དང་ཡང་དག་ལྡན་ཞིང་དབང་སྒྱུར་བ། །མི་ཡི་པུན་དཱ་རི་ཀ་ཡིན། །འགྲོ་ལ་ཕན་པའི་སྤྱོད་རབ་ཡང་དག་བཤད། །ཡིད་འོང་འོད་མཆོག་ལྡན་ཁྱོད་དང་། །མི་ཡི་གཙོ་བོ་མྱ་ངན་ཡོངས་སུ་
སེལ་མཛད་ལ། །དབང་ཕྱུག་ཆེན་པོ་མཁའ་གནས་ཤིང་། །སྤོས་སྤྲིན་ཡིད་འོང་དམ་པ་མངོན་པར་འཐོར། །ཚིག་སྙན་རབ་ཏུ་བརྗོད་པ་བྱེད། །ལྷ་ཚོགས་མང་པོ་མཁའ་ལས་དགའ་འགྱུར་དབྱངས་སྒྲོག་ཅིང་། །གང་གིས་ས་
བསྟན་འདི་ཐོས་པ། །དེ་དག་ཐོབ་པ་བཟང་པོ་ཐོབ་ཅེས་ཟེར། །རོལ་མོ་བརྡུང་དཀྲོལ་དབྱངས་སྙན་པ། །བརྒྱ་མང་ལྷ་ཡི་བུ་མོས་དགའ་བར་བྱས། །བདེ་བར་གཤེགས་དང་ཁྱོད་མཐུ་ཡིས། །ཚིག་རབ་འདི་འདྲ་རབ་ཏུ་བརྗོད་པར་
འགྱུར། །ཞི་དང་ངེས་སྤྱོད་དམ་པ་ཅན། །མ་དུལ་འདུལ་མཛད་འཇིག་རྟེན་ཀུན་གྱིས་མཆོད་བྱས་པ། །འཇིག་རྟེན་ཀུན་ལས་འདས་པ་ཡི། །འཇིག་རྟེན་སྤྱོད་པ་ཤིན་ཏུ་ཕྲ་བ་བསྟན། །སྣ་ཚོགས་ལུས་ཀྱང་རབ་ཏུ་བསྟན། ལུས་དང་ལུས་
ལ་ཆོས་ཉིད་ཕུན་སུམ་ཚོགས་ཤིང་ལྡན། །རྣམ་དཔྱོད་ཞི་གནས་མཐུས་བཅིལ་བས། །དབྱངས་སུ་སྒྲོག་ཀྱང་ཡི་གེ་བརྗོད་མི་བྱེད། །ཞིང་རྣམས་བརྒྱར་ཡང་འདོད་བྱེད་ཅིང་། །མགོན་པོ་མཆོད་པར་འོས་ལ་མཆོད་རབ་བྱེད། །ཞིང་རྒྱལ་
བདག་ཏུ་འདུ་ཤེས་པ། །ཡེ་ཤེས་དབང་སྒྱུར་མཆོག་གིས་རབ་ཏུ་སེལ། །སེམས་ཅན་ཡོངས་སུ་སྨིན་བྱེད་ཀྱང་། །བདག་དང་གཞན་གྱི་འདུ་ཤེས་རྣམ་པ་ཀུན་ཏུ་མེད། །དགེ་བ་ཡངས་པ་ཡང་དག་སྩོགས། །འོན་ཀྱང་དགེ་བ་
เล่ม ๓๖ · หน้า 228b
སྩོགས་ལ་གནས་པ་མེད། འདོད་ཆགས་ཞེ་སྡང་གཏི་མུག་གིས། །འཇིག་རྟེན་ཐམས་ཅད་རབ་ཏུ་འབར་བར་མཐོང་གྱུར་ཅིང་། །འདུ་ཤེས་ཐམས་ཅད་རྣམ་སྤངས་ནས། །སྙིང་བརྩེ་ལྡན་པར་བརྩོན་འགྲུས་རབ་ཏུ་རྩོམ། །ལྷ་
མང་ལྷ་ཡི་བུ་མོ་ཡིས། །གསུང་བའི་མཆོག་ལ་མཆོད་བྱས་ནས། །ཀུན་ཀྱང་མི་སྨྲ་དགར་གྱུར་ཏེ། །དྲང་སྲོང་ཆེ་ལ་ལྟ་ཞིང་གནས། །ཐར་བའི་ཟླ་བས་ཡང་སྨྲས་པ། །འཁོར་རྣམས་ཤིན་ཏུ་རྣམ་པར་དང་། །ས་བདུན་པ་ཡི་རྣམ་པ་
དག །རྒྱལ་བའི་སྲས་ཀྱིས་བཤད་པ་མཛོད། །བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོས་སྨྲས་པ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་དེ་ལྟར་སའི་ལམ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་
དཔའ་ནི་བྱང་ཆུབ་སེམས་དཔའི་ས་བདུན་པ་ཡོངས་སུ་གནོན་ཏོ། །དེ་ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབས་པའི་ལམ་བརྩམ་པའི་ཁྱད་པར་བཅུས་ཡོངས་སུ་གནོན་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང་མཚན་མ་
མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པའི་ཡིད་དང་ཡང་ལྡན་ལ་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡང་ཡང་དག་པར་སྩོགས་པ་ཡིན། །བདག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པའི་ཆོས་ལ་
འང་རབ་ཏུ་འཇུག་ལ་ཚད་མེད་པ་བཞི་མངོན་པར་བསྒྲུབ་པ་ཡང་ཡོངས་སུ་མི་གཏོང་བ་ཡིན། བསོད་ནམས་ཀྱི་ཚོགས་ཀྱིས་ཤིན་ཏུ་མཐོ་བའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་འང་མངོན་པར་སྒྲུབ་ལ། ཆོས་གང་ལ་འང་མངོན་པར་ཆགས་པ་མེད་པ་ཡིན། ཁམས་
གསུམ་པ་ལས་དབེན་པར་གྱུར་པའང་ཐོབ་ལ་ཁམས་གསུམ་པ་བསྡུ་བ་དང་། རྒྱན་མངོན་པར་བསྒྲུབ་པ་ཡིན། ཉོན་མོངས་པ་འབར་བ་ཐམས་ཅད་ཤིན་ཏུ་ཞི་ཞིང་རབ་ཏུ་ཞི་སྟེ། ཉེ་བར་ཞི་བ་འང་ཡིན་ལ་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་ཞེ་སྡང་དང་
เล่ม ๓๖ · หน้า 229a
གཏི་མུག་དང་། ཉོན་མོངས་པའི་མེ་ལྕེ་རབ་ཏུ་ཞི་བར་མངོན་པར་བསྒྲུབ་པའང་མངོན་པར་སྒྲུབ་པ་ཡིན། སྒྱུ་མ་དང་རྨི་ལམ་དང་མིག་ཡོར་དང་། སྒྲ་བརྙན་དང་། ཆུའི་ཟླ་བ་དང་། གཟུགས་བརྙན་དང་། སྤྲུལ་པའི་རང་བཞིན་ལྟ་བུར་
ཡོད་པ་དང་། མེད་པ་དང་། གཉིས་ཀ་མ་ཡིན་པ་ཐམས་ཅད་ཀྱང་ཁོང་དུ་ཆུད་ལ། ལས་དང་བྱ་བ་རྣམ་པར་ཕྱེ་བ་ཚད་མེད་པའི་བསམ་པ་ཡང་མངོན་པར་སྒྲུབ་པ་ཡིན། ཞིང་གི་ཐ་གྲུ་ནམ་མཁའ་དང་མཉམ་པར་ཤིན་ཏུ་བསྒོམས་པའི་ཡིད་དང་
ཡང་ལྡན་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་ཞིང་བསྒྲུབ་པ་དང་། རྒྱན་ཀྱང་མངོན་པར་སྒྲུབ་པ་ཡིན། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དང་། ཆོས་དང་། སྐུ་ནམ་མཁའ་ལྟ་བུར་ཡང་རབ་ཏུ་འཇུག་ལ། གཟུགས་དང་། མཚན་
དང་། དཔེ་བྱད་བཟང་པོ་བསྡུ་ཞིང་རྒྱན་མངོན་པར་བསྒྲུབ་པའང་མངོན་པར་སྒྲུབ་པ་ཡིན། དེ་བཞིན་གཤེགས་པའི་གསུང་རང་བཞིན་གྱིས་ཞི་ཞིང་བརྗོད་དུ་མེད་པའི་སྒྲ་དབྱངས་དང་ལྡན་པར་ཡང་ཡིད་ཆེས་ལ་སེམས་ཅན་ཐམས་ཅད་ཀྱི་དབྱངས་ཀྱི་ཡན་ལག་
རྣམ་པར་ཕྱེ་བའི་རྒྱན་མངོན་པར་བསྒྲུབ་པ་ཡང་མངོན་པར་སྒྲུབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྐད་ཅིག་གཅིག་ཏུ་དུས་གསུམ་ཐུགས་སུ་ཆུད་པར་ཡང་ཁོང་དུ་ཆུད་ལ་དུས་དང་བསྒལ་པའི་གྲངས་མཚན་
ཉིད་ཐ་དད་པ་ལའང་སེམས་ཅན་གྱི་བསམ་པ་རྣམ་པར་བསྒོམ་པའི་ཕྱིར་རྗེས་སུ་འཇུག་པ་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་དག །ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབས་པའི་ལམ་བརྩམ་པའི་ཁྱད་པར་འདི་བཅུས། བྱང་ཆུབ་སེམས་
དཔའ་ས་དྲུག་པ་ལ་རྣམ་པར་དབྱེ་བ་ཤིན་ཏུ་བྱས་པ། ས་བདུན་ཡོངས་སུ་གནོན་ཏོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་གྱི་ཚོགས་ཐབས་དང་ཤེས་རབ་ཀྱིས་མངོན་པར་བསྒྲུབ་
เล่ม ๓๖ · หน้า 229b
པའི་ཁྱད་པར་སྣང་བར་གྱུར་པ་འདི་དག་མངོན་པར་བསྒྲུབས་པས། བྱང་ཆུབ་སེམས་དཔའི་ས་བདུན་ཡོངས་སུ་གནོན་ཅེས་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའི་ས་བདུན་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་སེམས་ཅན་གྱི་ཁམས་
ཚད་མེད་པ་ལ་འཇུག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་དང་། འདུལ་བའི་ཕྲིན་ལས་ཚད་མེད་པ་ལ་འཇུག་གོ །འཇིག་རྟེན་གྱི་ཁམས་མང་པོ་ཚད་མེད་པ་
ལ་འཇུག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཚད་མེད་པ་ལ་འཇུག་གོ །ཆོས་ཐ་དད་པ་ཚད་མེད་པ་ལ་འཇུག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་
མངོན་པར་འཚང་རྒྱ་བ་ཚད་མེད་པ་ལ་འཇུག་གོ །བསྐལ་པའི་གྲངས་ཚད་མེད་པ་ལ་འཇུག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དུས་གསུམ་ཐུགས་སུ་ཆུད་པ་ཚད་མེད་པ་ལ་འཇུག་གོ །སེམས་ཅན་གྱི་མོས་པའི་ཁྱད་པར་
ཚད་མེད་པ་ལ་འཇུག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་དང་། སྐུ་གཟུགས་དང་སྐུ་སྣ་ཚོགས་སྟོན་པ་ཚད་མེད་པ་ལ་འཇུག་གོ །སེམས་ཅན་རྣམས་ཀྱི་བསམ་པ་དང་། དབང་པོ་ཐ་དད་པ་ཚད་མེད་པ་ལ་
འཇུག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་བརྗོད་པས། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཚད་མེད་པ་ལ་འཇུག་གོ །སེམས་ཅན་རྣམས་ཀྱི་སེམས་དང་སྤྱོད་པ་ཚད་མེད་པ་ལ་འཇུག་གོ །སངས་རྒྱས་
བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་འབྱམ་ཀླས་པ་ཐུགས་སུ་ཆུད་པ་ཚད་མྱེད་པ་ལ་འཇུག་གོ །ཉན་ཐོས་ཀྱི་ཐེག་པས་འབྱུང་བ་ལ་མོས་པ་ཚད་མེད་པ་ལ་འཇུག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལམ་ཤིན་ཏུ་བསྟན་
เล่ม ๓๖ · หน้า 230a
པའི་ཡེ་ཤེས་ལ་འཇུག་པ་ཚད་མེད་པ་ལ་འཇུག་ཅིང་མོས་པར་བྱེད་དོ། །རང་སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་བསྒྲུབ་པ་ཤིན་ཏུ་རྫོགས་པར་བྱ་བ་ཚད་མེད་པ་ལ་འཇུག་གོ །སངས་རྒྱས་བཅོམ་ལྡན་
འདས་རྣམས་ཀྱི་ཡེ་ཤེས་ཟབ་མོའི་སྒོར་འཇུག་པ་བསྟན་པ་ཚད་མེད་པ་ལ་འཇུག་གོ །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྦྱོར་བ་ཚད་མེད་པ་ལ་འཇུག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་
ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པ་ལ་འཇུག་པ་ཤིན་ཏུ་བསྟན་པ་ཚད་མེད་པ་ལ་འཇུག་གོ །དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི་དེ་ལྟར་ཚད་མེད་པ་སྟེ།
དེ་ནི་བསྐལ་པ་བརྒྱ་ཕྲག་ཁྲག་ཁྲིག་དང་། བསྐལ་པ་སྟོང་ཕྲག་ཁྲག་ཁྲིག་དང་། བསྐལ་པ་བརྒྱ་སྟོང་ཕྲག་ཁྲག་ཁྲིག་ནས་དེ་སྙེད་ཀྱི། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཀྱང་བགྲང་བར་དཀའ་སྟེ། སངས་རྒྱས་བཅོམ་ལྡན་འདས་
རྣམས་ཀྱི་སྤྱོད་ཡུལ་དེ་བདག་གིས་ལྷུན་གྱིས་གྲུབ་པར་བསྒྲུབ་པར་བྱའོ། །རྟོག་པ་མེད་པ་དང་། རྣམ་པར་རྟོག་པ་མེད་པར་ཡོངས་སུ་རྫོགས་པར་བྱའོ། །ཞེས་དེ་དེ་ལྟར་ཤིན་ཏུ་བརྟགས་པའི་ཡེ་ཤེས་དང་། མངོན་པར་ཤེས་པ་དང་ལྡན་ཞིང་རྟག་
ཏུ་རྒྱུན་མི་འཆད་པར་མངོན་པར་བརྩོན་པ་ནི། ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་བསྒོམས་པའི་ལམ་གྱི་ཚོགས་རྒྱ་ཆེན་པོའི་ཡེ་ཤེས་ལ་མི་གཡོ་བའི་ཚུལ་གྱིས་ཡོངས་སུ་གནས་པ་ཡིན། དེ་སྐད་ཅིག་གཅིག་ཏུ་ཡང་ལམ་མངོན་པར་བསྒྲུབ་པ་
ལས་ལྡང་བར་མི་བྱེད་དེ། དེ་འགྲོ་ཡང་དེ་ལྟ་བུའི་ཡེ་ཤེས་མངོན་པར་བསྒྲུབ་པ་ཡིན། འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་། རྨི་ལམ་དག་ཏུ་ཡང་སྒྲིབ་པ་མེད་ཅིང་སྤྱོད་ལམ་ཐམས་ཅད་ལ་གནས་ཀྱང་རྣམ་པ་འདི་ལྟ་བུའི་ཡེ་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด