ตัวบทไม่มีชื่อ — ประโยคแรก: བཅོམ་ལྡན་འདས་ཐོག་མ་མངོན་པར་སངས་རྒྱས་པ་ཕོ་བྲང་འོད་ཐམས་ཅད་ཀྱི་སྙིང་པོ་ཅན་ན་དེ་བཞིན་དུ་མཉམ་པར་གཞག་པར་བཅོམ་ལྡན་འདས་བསམ་གཏན་ཁྲག་ཁྲིག་བརྒྱའི་ཏིང་ངེ་འཛིན་དང་

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๓๖ · หน้า 323b

ཡོན་ཏན་གྱི་ཚོགས་ཀུན་ཏུ་མཐའ་ཡས་པ་དང་ལྡན་པ་ཡིན། ཡོན་ཏན་གྱི་ཚོགས་དེ་དག་གིས་བྱང་ཆུབ་སེམས་དཔའ་ཤིན་ཏུ་སྦྱངས་པ་ཡིན། ཡང་དག་པར་བྱང་བར་བྱས་པ་ཡིན། རབ་ཏུ་བརྒྱན་པ་ཡིན། ཡོངས་སུ་བཟུང་བ་ཡིན། ཡང་དག་པར་

གྲུབ་པར་བྱས་པ་ཡིན། ཡང་དག་པར་བརྗོད་པ་ཡིན། ཉེ་བར་བརྟན་པ་ཡིན། མཐུན་པའི་འབྲས་བུ་དང་ལྡན་པར་བྱས་པ་ཡིན། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ལ་དབང་བསྒྱུར་བ་འདི་ལ་གནས་པའི་བྱང་ཆུབ་

སེམས་དཔའ་དེ་ནི་ཤར་ཕྱོགས་ལོགས་ཀྱི་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་དེ་བཞིན་གཤེགས་པ་མཚན་མཐུན་ལ་མཚན་གཅིག་ལ་ཡང་རྣམ་པར་བརྟག་ཅིང་། རྣམ་པར་དབྱེ་བའི་རྣམ་པ་སངས་རྒྱས་ཀྱི་

ཞིང་གྲངས་མེད་པ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མདའ་ཞིང་མཚན་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་མཚན་རེ་རེ་ལས་རྣམ་པར་བརྟག་ཅིང་རྣམ་པར་དབྱེ་བའི་རྣམ་པ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་

མདའ་བ་ཤ་སྟག་གི་བྱིན་གྱིས་བརླབ་པ་མཛད་དོ། །ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ལྷོ་ཕྱོགས་དང་། དེ་བཞིན་དུ་ནུབ་ཕྱོགས་དང་། དེ་བཞིན་དུ་བྱང་ཕྱོགས་དང་། དེ་བཞིན་དུ་བྱང་ཤར་གྱི་ཕྱོགས་མཚམས་དང་། དེ་བཞིན་དུ་ཤར་ལྷོའི་

ཕྱོགས་མཚམས་དང་། དེ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། དེ་བཞིན་དུ་ནུབ་བྱང་གི་ཕྱོགས་མཚམས་དང་། དེ་བཞིན་དུ་འོག་གི་ཕྱོགས་དང་། དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་སྟོང་ཕྲག་བཅུའི་

རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་དེ་བཞིན་གཤེགས་པ་མཚན་རྣམ་པར་དགོད་པ་གཅིག་ཏུ་མཐུན་པ་ཤ་སྟག །བྱང་ཆུབ་སེམས་དཔའ་དེ་ལ་བྱིན་གྱིས་རློབ་པ་མཛད་ཅིང་ཞལ་མངོན་པར་སྟོན་ཏོ། །བྱང་ཆུབ་སེམས་དཔའ་དེའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་

เล่ม ๓๖ · หน้า 324a

པ་ཡང་བྱིན་གྱིས་རློབ་པ་མཛད་དོ། །དེ་བཞིན་གཤེགས་པའི་སྲས་ཀྱི་ཐུ་བོར་བརྗོད་པའི་ཕྱིར་ལུས་ཚད་མེད་པ་ཡང་རབ་ཏུ་བརྗོད་པ་མཛད་དོ། །དེ་བཞིན་གཤེགས་པའི་སྤྱན་བསམ་གྱིས་མི་ཁྱབ་པ་འང་རབ་ཏུ་བསྟན་ཏོ། །

དེ་བཞིན་གཤེགས་པའི་སྙན་ཚད་མེད་པ་འང་ཤིན་ཏུ་བརྗོད་དོ། །དེ་བཞིན་གཤེགས་པའི་ཤངས་མི་བསྙེངས་པའི་དགོངས་པ་དང་ལྡན་པ་ཡང་རབ་ཏུ་བསྟན་ཏོ། །དེ་བཞིན་གཤེགས་པའི་སྲས་ཀྱི་ཐུ་བོའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡང་ཡང་དག་པར་བསྟན་ཏོ། །དེ་

བཞིན་གཤེགས་པའི་རྫུ་འཕྲུལ་རྗེས་སུ་བསྒྲགས་པ་ཡང་རབ་ཏུ་བཤད་དོ། །དེ་བཞིན་གཤེགས་པའི་བྱང་ཆུབ་མཐའ་དང་དབུས་མེད་པ་ཡང་དག་པར་སྦྱང་བ་མཛད་དོ། །དེ་བཞིན་གཤེགས་པའི་གསུང་དགོངས་པས་རྣམ་པར་དག་པ་འང་ཐོབ་པར་མཛད་དོ། །དེ་བཞིན་

གཤེགས་པའི་ཆོས་ཀྱི་འཁོར་ལོ་ཕྱིར་མི་ལྡོག་པ་ཡང་ཡང་དག་པར་སྟོན་ཏོ། །དེ་བཞིན་གཤེགས་པའི་འཁོར་མཐའ་ཡས་པ་ཡང་རྣམ་པར་དམིགས་པ་མཛད་དོ། །དེ་བཞིན་གཤེགས་པའི་ཆོས་ལྡེམ་པོ་དག་མཐའ་ཡས་པ་ལ་འང་རབ་ཏུ་ཞུགས་པ་མཛད་

དོ། །དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་ཡང་ཡང་དག་པར་བརྗོད་དོ། །དེ་བཞིན་གཤེགས་པའི་མཉམ་པ་ཉིད་ལ་འང་ཡང་དག་པར་གཞུག་པ་མཛད་དོ། །དེ་བཞིན་གཤེགས་པའི་རིགས་དང་རྒྱུད་དུས་ཀྱི་

ཚད་དང་མཉམ་པ་ཡང་རབ་ཏུ་བརྗོད་དོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་རྣམ་པ་དང་བྱེ་བྲག་ཐམས་ཅད་ཀྱང་ཤིན་ཏུ་བསྟན་ཏོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་བྱིན་གྱི་རླབས་རྣམ་པར་དམིགས་པར་བྱ་བའང་རབ་ཏུ་བརྗོད་དོ། །དེ་

བཞིན་གཤེགས་པའི་ཞིང་བསྟན་པ་ཡང་བྱིན་གྱིས་བརླབ་པ་མཛད་དོ། །དེ་བཞིན་གཤེགས་པའི་གསུང་ཆོས་ཀྱི་སྤྲིན་གྱི་ཆར་ཡང་རབ་ཏུ་འབེབས་སོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་རྣམ་པར་དམིགས་པར་བྱ་བ་ཡང་ཡོངས་སུ་བསྟན་ཏོ། །སངས་རྒྱས་ཐམས་ཅད་ཀྱི་

เล่ม ๓๖ · หน้า 324b

སྙོམས་པར་འཇུག་པ་ཡང་རབ་ཏུ་བརྗོད་དོ། །སངས་རྒྱས་ཐམས་ཅད་ཀྱི་འཁོར་ཀུན་ནས་འདུས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་འང་རྣམ་པར་དམིགས་པ་མཛད་དོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་འང་བྱིན་གྱིས་བརླབ་པ་མཛད་དོ། །ཆོས་

ཐམས་ཅད་མཉམ་པ་ཉིད་ཀྱང་ཡང་དག་པར་བསྟན་ཏོ། །ཆོས་ཐམས་ཅད་མི་འཕོ་ཞིང་རྒྱུན་འཆད་པ་མེད་པ་ཡང་ཁོང་དུ་ཆུད་པར་མཛད་དོ། །ཆོས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཡང་རབ་ཏུ་རྫོགས་པར་མཛད་དོ། །དེ་བཞིན་

གཤེགས་པའི་ཡོན་ཏན་ཚད་མེད་པ་ཡང་ཡོངས་སུ་བསྟན་ཏོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཐམས་ཅད་སྦྱང་བ་ཡང་ཁོང་དུ་ཆུད་པར་མཛད་དོ། །སེམས་སྒྱུ་མ་ལྟ་བུ་མཐར་ཐུག་པ་མེད་པ་ཡང་རབ་ཏུ་བསྒྲུབ་པ་མཛད་དོ། །ཀྱེ་རྒྱལ་བའི་

སྲས་དག །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆོས་ཀྱི་དབྱིངས་ལ་དབང་བསྒྱུར་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་བཅོམ་ལྡན་འདས་མཚན་ཐ་དད་པ་མཚན་རེ་རེ་ཞིང་ཡང་རྣམ་པར་དབྱེ་བའི་བྱེ་བྲག །སངས་རྒྱས་

ཀྱི་ཞིང་གྲངས་མེད་པ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མངའ་བ་མཚན་དེ་དག་རེ་རེའི་རྣམ་པར་དབྱེ་བའི་རྣམ་གྲངས་ཀྱང་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་མངའ་བདག་གིས་མཐའ་དང་དབུས་མེད་པའི་ཚུལ་

དུ་ལུས་ཀྱང་བྱིན་གྱིས་བརླབ་པ་མཛད་དོ། །ཆགས་པ་མེད་པའི་ཚུལ་དུ་སེམས་ཀྱང་བྱིན་གྱིས་བརླབ་པ་མཛད་དོ། །ཆོས་ཐམས་ཅད་ཉམས་པ་མེད་པ་ལ་གཞོལ་བར་དྲན་པའང་བྱིན་གྱིས་བརླབ་པ་མཛད་དོ། །ཆོས་ཐམས་ཅད་

རྟོགས་པར་ཁོང་དུ་ཆུད་པར་བློ་གྲོས་ཀྱང་བྱིན་གྱིས་བརླབ་པ་མཛད་དོ། །ཆོས་ཐམས་ཅད་ཤིན་ཏུ་འཛིན་པར་རིག་པའང་བྱིན་གྱིས་བརླབ་པར་མཛད་དོ། །ཆོས་ཐམས་ཅད་ཡངས་ཤིང་འབྱམ་ཀླས་པའི་ཚུལ་དུ་བློ་ཡང་བྱིན་གྱིས་བརླབ་

เล่ม ๓๖ · หน้า 325a

པ་མཛད་དོ། །མངོན་པར་ཤེས་པ་རྣོན་པོས་ཆོས་ཐ་མི་དད་པར་མཁས་པར་ཁོང་དུ་ཆུད་པར་དབང་པོ་ཚད་མེད་པའང་བྱིན་གྱིས་བརླབ་པ་མཛད་དོ། །བྱིན་གྱི་རླབས་ཀྱིས་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པའི་ཚུལ་དུ་

སྤྱོད་ཡུལ་ཐོགས་པ་མེད་པ་ཡང་བྱིན་གྱིས་བརླབ་པ་མཛད་དོ། །བསྒྲིབས་པ་མེད་པའི་ཡེ་ཤེས་རྣམ་པར་དག་པར་ཡེ་ཤེས་ལ་འཇུག་པ་འང་བྱིན་གྱིས་བརླབ་པ་མཛད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་འཕྲུལ་པ་ཡང་དག་

པར་སྟོན་པར་མངོན་པར་འཚང་རྒྱ་བ་འང་བྱིན་གྱིས་བརླབ་པ་མཛད་དོ། །ཀྱེ་རྒྱལ་བའི་སྲས་དག །དེ་ལྟར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རྒྱ་མཚོའི་སྒོ་བཅུ་ལ་ཤིན་ཏུ་རྟོགས་པ་ཡིན་ཏེ།

བཅུ་གང་ཞེ་ན། འདི་ལྟར་སངས་རྒྱས་རྒྱ་མཚོ་མཐོང་བས་རྟོགས་པ་ཡིན། སེམས་ཅན་རྒྱ་མཚོ་མིང་གིས་ཁོང་དུ་ཆུད་པ་ཡིན། ཆོས་རྒྱ་མཚོ་ཡེ་ཤེས་ཀྱིས་རབ་ཏུ་རྟོགས་པ་ཡིན། ཞིང་རྒྱ་མཚོ་ལ་དངོས་པོ་མེད་པར་གནས་ཤིང་མངོན་

པར་འདུས་མ་བྱས་པའི་བསམ་པས་རྗེས་སུ་འབྲང་བ་ཡིན། ཡོན་ཏན་རྒྱ་མཚོ་ཕུན་སུམ་ཚོགས་པས་རབ་ཏུ་རྟོགས་པ་ཡིན། ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་རྣམ་པར་དམིགས་པས་ཁོང་དུ་ཆུད་པ་ཡིན། དབང་པོ་རྒྱ་མཚོ་རྣམ་

པར་ཕྱེ་བ་ལ་མཁས་པའི་སའི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པ་ཡིན། སེམས་རྒྱ་མཚོ་སེམས་ཅན་གྱི་རིས་ཐམས་ཅད་ཀྱི་སེམས་ཐ་དད་པ་དང་སེམས་ཡངས་པ་དང་། སེམས་ཚད་མེད་པ་ཡོངས་སུ་ཤེས་པས་ཁོང་དུ་ཆུད་པ་

ཡིན། སྤྱོད་པ་རྒྱ་མཚོ་སྨོན་ལམ་གྱིས་ཡོངས་སུ་རྫོགས་པར་བྱེད་པ་ཡིན། སྨོན་ལམ་རྒྱ་མཚོ་མཐའ་ལས་བརྒལ་བར་འབྱུང་བ་རྣམ་པར་དག་པས་ཡོངས་སུ་གྲུབ་པར་བྱེད་པ་ཡིན་ཏེ། འདི་དག་ནི་བྱང་ཆུབ་སེམས་དཔའ་དེ་རྒྱ་མཚོའི་སྒོ་

เล่ม ๓๖ · หน้า 325b

བཅུ་ལ་ཤིན་ཏུ་རྟོགས་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་དེ་ནི་མཆོག་ཏུ་བྱ་བ་བཅུ་འཐོབ་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཕུལ་དུ་བྱ་བ་འཐོབ་པ་ཡིན། ལྷ་ཐམས་ཅད་ཀྱི་མཆོག་ཏུ་བྱ་བ་འཐོབ་

པ་ཡིན། ཚངས་པ་ཁྱུ་མཆོག་ཐམས་ཅད་ཀྱི་ནང་ན་ཆགས་པ་མེད་པ་འཐོབ་པ་ཡིན། འཇིག་རྟེན་ཐམས་ཅད་ཀྱིས་མི་འཕྲོགས་པ་འཐོབ་པ་ཡིན། འགྲོ་བ་ཐམས་ཅད་ཀྱིས་མི་ཐུབ་པ་འཐོབ་པ་ཡིན། འགྲོ་བ་ཐམས་ཅད་དང་ཐ་མི་དད་པ་

འཐོབ་པ་ཡིན། ལམ་གྱི་རྒྱུད་ཐམས་ཅད་ནས་འབྱུང་བ་འཐོབ་པ་ཡིན། སྐྱེ་བ་ཐམས་ཅད་དུ་དབང་ཕྱུག་འཐོབ་པ་ཡིན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་འཐོབ་པ་ཡིན། འབྱུང་བའི་རྣམ་པར་འཕྲུལ་པ་ཐམས་ཅད་ལ་སྟོབས་དང་

ཤུགས་འཐོབ་པ་ཡིན་ཏེ། འདི་དག་ནི་བྱང་ཆུབ་སེམས་དཔས་མཆོག་ཏུ་བྱ་བ་བཅུ་འཐོབ་པའོ། །བྱང་ཆུབ་སེམས་དཔའ་དེ་ནི་སྟོབས་བཅུས་སེམས་ཅན་གྱི་ཁམས་སུ་ནན་ཏན་བྱེད་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟར་

འགྲོ་བ་ཐམས་ཅད་འདུལ་བའི་སྟོབས་ཀྱི་འབྱུང་བའི་དེད་དཔོན་དུ་འགྱུར་བ་དང་། བརྩོན་འགྲུས་ཀྱི་སྟོབས་ཀྱིས་ཕྱིར་མི་ལྡོག་པ་དང་། ཆགས་པ་མེད་པའི་སྟོབས་ཀྱིས་དྲི་མ་མེད་པ་དང་། ཞི་བའི་སྟོབས་ཀྱིས་བསྒྲིབ་པ་མེད་པ་དང་།

སེམས་ཀྱི་རྒྱུད་ཡོངས་སུ་བསྒྱུར་བའི་སྟོབས་ཀྱིས་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་དང་། རང་བཞིན་གྱི་ཆོས་ཀྱི་སྟོབས་ཀྱིས་དོན་གྱི་དབང་དང་། བསྒྲིབས་པ་མྱེད་པའི་ཆོས་ཀྱིས་ཤེས་རབ་ཆེ་བ་དང་། མྱི་འཇིགས་པའི་སྟོབས་ཀྱིས་

ཆོས་སྟོན་པ་དང་། ཐ་དད་པ་ཡང་དག་པར་ཤེས་པའི་སྟོབས་ཀྱིས་བྱིན་གྱི་རློབ་པའི་ཆོས་ཉིད་དང་། རང་བྱུང་གི་སྟོབས་ཀྱིས་མཐའ་ཡས་པའི་ཡེ་ཤེས་རྣམ་པར་སྟོན་པ་སྟེ། སྟོབས་ཆེན་པོ། སྟོབས་འཕགས་པ།

เล่ม ๓๖ · หน้า 326a

སྟོབས་དཔེ་མེད་པ། སྟོབས་ཚད་མེད་པ། སྟོབས་ཤིན་ཏུ་བསྒྲུབས་པ། སྟོབས་མི་གཡོ་བ། སྟོབས་ཤིན་ཏུ་བརྟན་པ། སྟོབས་འཁྲུགས་པ་མེད་པ། སྟོབས་ཡེ་ཤེས་ཀྱི་བློ་གྲོས་ཅན།

སྟོབས་ལེགས་པར་བསྒྲུབས་པ། སྟོབས་མཉམ་པར་བཞག་པ། སྟོབས་ཡོངས་སུ་དག་པ། སྟོབས་ཆོས་ཀྱི་ལུས་ཅན། སྟོབས་ཆོས་སྣང་བ་ཅན། སྟོབས་ཆོས་ཀྱི་སྒྲོན་མ་ཅན། སྟོབས་ཆོས་ཀྱི་ཚུལ་ཅན།

སྟོབས་ཟིལ་གྱིས་མི་ནོན་པ། སྟོབས་ཤིན་ཏུ་མཉམ་པར་བཞག་པ། རྩལ་དམ་པ་དང་ལྡན་པའི་སྟོབས། སྐྱེས་བུ་དམ་པའི་སྟོབས། སྐྱེས་བུ་དམ་པས་བསྟེན་པའི་སྟོབས། ཡང་དག་པར་རྫོགས་པའི་སངས་

རྒྱས་ཀྱི་བྱིན་གྱིས་བརླབས་པའི་སྟོབས། རྣམ་པ་ཐམས་ཅད་དུ་དགེ་བའི་རྩ་བ་ལ་བརྟེན་པའི་སྟོབས། དགེ་བའི་རྩ་བ་ཚད་མེད་པ་ལ་གནས་པའི་སྟོབས། དེ་བཞིན་གཤེགས་པའི་སྟོབས་ལ་ཞུགས་པའི་སྟོབས་

སེམས་རྟོགས་པར་བཞག་པའི་སྟོབས། བྱང་ཆུབ་སེམས་དཔའི་དགའ་བ་རྣམ་པར་འཕེལ་བའི་སྟོབས། བྱང་ཆུབ་སེམས་དཔའི་དད་པ་རབ་ཏུ་བསྐྱེད་པའི་སྟོབས། བྱང་ཆུབ་སེམས་དཔའི་ཤུགས་ཤིན་ཏུ་འཕེལ་བར་བྱེད་

པའི་སྟོབས། བྱང་ཆུབ་སེམས་དཔའི་སེམས་ཀྱི་རྒྱུ་མཐར་ཕྱིན་པའི་སྟོབས། བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་རྣམ་པར་དག་པར་བྱེད་པའི་སྟོབས། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ལ་ཡོངས་སུ་གནས་པ་

དང་། རྒྱུ་མཐུན་པའི་སྟོབས། ཆོས་ལ་ཤིན་ཏུ་གཞོལ་བའི་སྟོབས། ལུས་ལ་ཐོགས་པ་མེད་པའི་སྟོབས། ཐབས་མཁས་པའི་ཚུལ་ལ་ཞུགས་པའི་སྟོབས། ཆོས་ཐམས་ཅད་འོད་དང་ཞིང་རྣམ་པར་སྣང་བའི་སྟོབས།

เล่ม ๓๖ · หน้า 326b

འགྲོ་བ་ཐམས་ཅད་དུ་གཡོ་བ་མེད་པའི་ཕུན་སུམ་ཚོགས་པའི་སྟོབས། སེམས་ཅན་ཐམས་ཅད་ཀྱིས་མི་འཕྲོགས་ཤིང་མི་སྒུལ་བའི་སྟོབས་བཅུས་སེམས་ཅན་གྱི་ཁམས་སུ་ནན་ཏན་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་དེའི་ཡོན་ཏན་

དེ་ལྟར་ཚད་མེད་པ་དང་། ཆོས་ཀྱི་བསྔགས་པ་དེ་ལྟར་ཚད་མེད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །མངོན་པར་སྣང་བར་འགྱུར་རོ། །འབྱུང་བར་འགྱུར་རོ། །འཕེལ་བར་འགྱུར་རོ། །རབ་ཏུ་སྐྱེ་བར་འགྱུར་རོ། །རབ་ཏུ་རྟོན་པར་

འགྱུར་རོ། །ཡང་དག་པར་འཕེལ་བར་འགྱུར་རོ། །རྣམ་པར་དག་པར་འགྱུར་ཞིང་ཡོངས་སུ་དག་པར་འགྱུར་ཏེ། ཡོན་ཏན་དེ་དག་ལ་མཐའ་མེད་དོ། །བདེན་པ་ཤེས་པ་ལ་མཐའ་མེད་དོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་དག་

ལ་མཐའ་མེད་དོ། །བྱང་ཆུབ་སེམས་དཔའི་ཚུལ་དེ་དག་ལ་མཐའ་མེད་དོ། །བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གི་མཐུ་དེ་དག་ལ་མཐའ་མེད་དོ། །བྱང་ཆུབ་སེམས་དཔའི་དགའ་བ་སྤྱོད་པ་དེ་དག་ལ་མཐའ་མེད་དོ། །བྱང་

ཆུབ་སེམས་དཔའི་མངོན་པར་གྲུབ་པ་དེ་དག་ལ་མཐའ་མེད་དོ། །བྱང་ཆུབ་སེམས་དཔའི་རྣམ་པར་དག་པ་དེ་དག་ལ་མཐའ་མེད་དོ། །བྱང་ཆུབ་སེམས་དཔའི་འབྱུང་བ་དེ་དག་ལ་མཐའ་མེད་དོ། །བྱང་ཆུབ་སེམས་དཔའི་ལས་ལ་དབང་

བསྒྱུར་བ་དེ་དག་གི་མཐའ་ནི་བསྐལ་པ་བརྗོད་དུ་མེད་པས་ཀྱང་བརྗོད་པར་མི་ནུས་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔའ་དེས་འཐོབ་བོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་དེས་འགྲུབ་བོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་དེས་གནོན་ཏོ། །དེ་དག་

ནི་བྱང་ཆུབ་སེམས་དཔའ་དེ་ལ་མངོན་སུམ་དུ་དད་པར་འགྱུར་རོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་དེ་ལ་རབ་ཏུ་སྣང་ངོ་། །དེ་དག་ནི་བྱང་ཆུབ་སེམས་དཔའ་དེས་ཡོངས་སུ་ཤེས་སོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་དེའི་ཆོས་ཀྱི་

เล่ม ๓๖ · หน้า 327a

ཚུལ་དུ་འབྱུང་ངོ་། །དེ་དག་ནི་བྱང་ཆུབ་སེམས་དཔའ་དེའི་རྣམ་པར་དགོད་པའི་ཡེ་ཤེས་སུ་འགྲོའོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །

བམ་པོ་ཉི་ཤུ་ལྔ་པ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཏིང་ངེ་འཛིན་ཚད་མེད་པ་གྲངས་མེད་པ། གཞལ་དུ་མེད་པ། མུ་མེད་པ། ཀུན་ཏུ་མཐའ་ཡས་པ། དཔག་ཏུ་མེད་པ། བསམ་གྱིས་

མི་ཁྱབ་པ། མཚུངས་པ་མེད་པ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ལ་དམིགས་པ་རེ་རེ་ནས་འཇུག་པས་སྙོམས་པར་འཇུག་གོ །རྣམ་པར་ལྡང་ངོ་། །ཏིང་ངེ་འཛིན་དེ་དག་དང་། ཏིང་ངེ་འཛིན་གྱི་ཁྱད་པར་ཡང་རབ་ཏུ་ཤེས་སོ། །

ཏིང་ངེ་འཛིན་གཞལ་དུ་མེད་པ་ཡང་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་ཤིན་ཏུ་ཡངས་པ་ཡང་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་ལ་རྣམ་པར་སྤྱད་པའང་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་གྱི་མཚན་མ་ཡང་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་གྱི་བསྟན་པ་

ཡང་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡང་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་གྱི་རྒྱུ་མཐུན་པའི་འབྲས་བུ་འང་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་གྱི་དབེན་པ་འང་རབ་ཏུ་ཤེས་སོ། །ཏིང་ངེ་འཛིན་གྱི་རང་བཞིན་ཡང་རབ་ཏུ་ཤེས་

སོ། །ཏིང་ངེ་འཛིན་གྱི་འབྱུང་བའང་རབ་ཏུ་ཤེས་སོ། །འདི་ལྟ་སྟེ་དཔེར་ན། ཀླུའི་རྒྱལ་པོ་ཆེན་པོ་མ་དྲོས་པའི་གནས་ནས། ཆུ་ཀླུང་ཆེན་པོ་མ་འདྲེས་པ། རྙོག་པ་མེད་པ། དང་བ། འོད་གསལ་བ། དྲི་མ་མེད་པ། དག་པ། ནམ་མཁའ་ལྟ་བུ་དྲི་མ་

དང་བྲལ་བ་བཞི་འབབ་སྟེ། དེ་དག་ཀྱང་གཉིས་དང་གསུམ་དང་བཞིའི་སྒོ་ནས་འབབ་སྟེ། འདི་ལྟར་ཆུ་ཀླུང་ཆེན་པོ་གང་གཱ་ནི་གླང་པོ་ཆེའི་ཁ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་སི་ཏ་ནི་སེང་གེའི་ཁ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་སིན་དྷུ་ནི་གླང་གི་ཁ་

เล่ม ๓๖ · หน้า 327b

ནས་འབབ་བོ། །ཆུ་ཀླུང་ཆེན་པོ་པ་ཀྴུ་ནི་རྟའི་ཁ་ནས་འབབ་བོ། །དེ་དག་དེ་ལྟར་ཕྱོགས་བཞི་ནས་ཁ་བཞི་ནས་འབབ་སྟེ། ཆུ་ཀླུང་གང་གཱ་ནི་དངོ་ནས་དངུལ་གྱི་བྱེ་མ་འདྲེན་ཅིང་འབབ་སྟེ། དངུལ་གྱི་བྱེ་མ་ལ་གནས་སོ། །ཆུ་ཀླུང་སི་ཏ་ནི་དངོ་

ནས་རྡོ་རྗེའི་བྱེ་མ་འདྲེན་ཅིང་འབབ་སྟེ། རྡོ་རྗེའི་བྱེ་མ་ལ་གནས་སོ། །ཆུ་ཀླུང་སིན་དྷུ་ནི་དངོ་ནས་གསེར་གྱི་བྱེ་མ་འདྲེན་ཅིང་འབབ་སྟེ། གསེར་གྱི་བྱེ་མ་ལ་གནས་སོ། །ཆུ་ཀླུང་ཆེན་པོ་པཀྴུ་ནི་དངོ་ནས་བཻ་ཌཱུརྱ་སྔོན་པོའི་བྱེ་མ་འདྲེན་ཅིང་

འབབ་སྟེ། བཻ་ཌཱུརྱ་སྔོན་པོའི་བྱེ་མ་ལ་གནས་སོ། །ཆུ་ཀླུང་ཆེན་པོ་གང་གཱ་ནི་ལྷ་རྫས་ཀྱི་དངུལ་གྱི་ཁ་དོག་ལྟ་བུའི་སྒོ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་སི་ཏ་ནི་ལྷ་རྫས་ཀྱི་རྡོ་རྗེའི་ཁ་དོག་ལྟ་བུའི་སྒོ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་སིན་དྷུ་ནི་

ལྷ་རྫས་ཀྱི་གསེར་གྱི་ཁ་དོག་ལྟ་བུའི་སྒོ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་པ་ཀྴུ་ནི་ལྷ་རྫས་ཀྱི་བཻ་ཌཱུརྱ་སྔོན་པོའི་ཁ་དོག་ལྟ་བུའི་སྒོ་ནས་འབབ་བོ། །ཆུ་ཀླུང་ཆེན་པོ་དེ་བཞི་ཡང་ཁའི་སྒོ་དཔག་ཚད་ཙམ་གྱི་ཚད་ནས་འབབ་སྟེ། དེ་དག་

འབབ་པའི་ཚེ་རེ་རེས་ཀྱང་མཚོ་ཆེན་པོ་ལ་ལན་བདུན་དུ་གཡས་ཕྱོགས་སུ་བསྐོར་ཏེ། ཕྱོགས་བཞིར་འབབ་ཅིང་རྒྱ་མཚོ་ཆེན་པོ་གང་ཆེན་མཚོ་ལ་ཞེན་པར་འདོང་ངོ་། །དེ་ལྟར་ཆུ་ཀླུང་ཆེན་པོ་རྣམས་ཀྱིས་ལན་བདུན་དུ་གཡས་ཕྱོགས་སུ་

བསྐོར་བའི་བར་གྱི་གླིང་དེ་དག་ཀྱང་མེ་ཏོག་ཨུཏ་པ་ལ་དང་། པད་མོ་དང་། ཀུ་མུ་ད་དང་། པུན་ད་རི་ཀ་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་རང་བཞིན་ལས་གྲུབ་པ་ཡིད་དུ་འོང་བ་དྲི་ཞིམ་པ། མཐའི་རྒྱན་དུ་སྡུག་པ། མདོག་གསལ་བ།

རིན་པོ་ཆེ་སྣ་ཚོགས་ཀྱི་ཁ་དོག་ལྟར་འདུག་པ། འོད་དང་ཞིང་གསལ་བ། གཅིག་གི་གཟུགས་བརྙན་གཅིག་ཏུ་སྣང་བ་མདངས་དགའ་བ་བལྟ་ན་ཡིད་དུ་འོང་བ། རང་བཞིན་དང་ཞིང་ཤིན་ཏུ་རྣམ་པར་དག་པས་བརྒྱན་པ་སྟེ། བལྟ་ན་ཁ་

เล่ม ๓๖ · หน้า 328a

དོག་གསལ་བ། མུན་པ་སེལ་ཅིང་སྣང་བ་འབྱིན་པ། བལྟ་ན་གཏང་མི་བྲ་ཞིང་ཤིན་ཏུ་རྣམ་པར་ཕྱེ་བར་བརྒྱན་པ། ཁ་དོག་སྣ་ཚོགས་སུ་མེ་ཏོག་གིས་ཀུན་ནས་ཡོག་པ། འདབ་མ་སྣ་ཚོགས་དང་ལྡན་ཞིང་སྙིང་

པོ་ཁ་དོག་སྣ་ཚོགས་ཅན། ཟེ་བ་མདོག་དུ་མར་སྣང་བའི་མེ་ཏོག་གིས་ཡོངས་སུ་བརྒྱན་པ་སྟེ། མཚོ་ཆེན་པོ་དེའི་ནང་དང་། མཚོའི་དཀྱིལ་འཁོར་ནི་རྒྱར་དཔག་ཚད་ལྔ་བཅུ་ཡོད་པ་དེ། ཟབས་སུ་དཔག་ཚད་ལྔ་བཅུ་ཡོད་དོ། །

དེའི་གཞི་ནི་རིན་པོ་ཆེའི་གསེག་མ་བདལ་བ་སྟེ། རིན་པོ་ཆེ་སྣ་ཚོགས་ཁ་དོག་དུ་མ་དང་ལྡན་པས་ཤིན་ཏུ་བརྒྱན་པར་གནས་པའོ། །དེའི་ངོགས་ནི་རིན་པོ་ཆེ་སྣ་ཚོགས་ཕ་གུ་བརྩིགས་པ་ལྟར་འདུག་པས་ཀུན་ནས་འཁོར་བའོ། །

དེའི་དྲི་ནི་ཙན་དན་བཟང་པོའི་བསུང་ལྟ་བུ་སྟེ། མེ་ཏོག་ཁ་དོག་དུ་མ་ཅན་ལས་བསུང་གི་ངད་རྣམ་པ་དུ་མ་ལངས་པ་དང་ལྡན་པ། མེ་ཏོག་ཨུཏྤལ་དང་། པད་མོ་དང་། ཀུ་མུ་ད་དང་པུན་ད་རི་ཀས་ཀུན་ནས་ཡོག་པ། རིན་པོ་

ཆེའི་ཤིང་མེ་ཏོག་རབ་ཏུ་རྒྱས་པས་ཀུན་ནས་འཁོར་བ་སྟེ། ནམ་ལྷའི་བུ་ཉི་མ་འཆར་བའི་ཚེ་ཉི་མའི་འོད་ཟེར་དེ་དག་མཚོའི་རིན་པོ་ཆེ་དང་གསེག་མ་དང་། མེ་ཏོག་དང་། ཆུ་ཀླུང་གི་རྒྱུད་ཀྱི་བྱེ་མ་དང་། དངོའི་ཁ་དང་། ཆུ་ཀླུང་གིས་གཡས་ཕྱོགས་སུ་བསྐོར་

བའི་མཚོ་དང་རིན་པོ་ཆེའི་ཤིང་གི་ལྷུན་དང་། ཡལ་ག་དང་ལོ་མ་དང་མེ་ཏོག་ལ་བབ་པར་གྱུར་ན། དེའི་ཚེ་འོད་ཟེར་རེ་རེས་ཕོག་ཀྱང་རིན་པོ་ཆེའི་འབྱུང་གནས་སྣ་ཚོགས་ཀྱི་དབྱིངས་ན་གནས་པའི་འོད་ཟེར་གྱི་དྲ་བ་བྱེ་བ་ཁྲག་ཁྲིག་བརྒྱ་

སྟོང་གིས་ཀུན་ནས་ཡོག་པ་ལྟ་བུར་སྣང་སྟེ། ཐམས་ཅད་ཀྱང་འོད་ཀྱི་མདོག་དམ་པ་དེས། འཇམ་འཇམ་ལྟར་འདུག་པས་མཚོ་ཆེན་པོ་མ་དྲོས་པ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་སྣང་ངོ་། །མཚོ་ཆེན་པོ་མ་དྲོས་པ་དེའི་འཁོར་ན་

เล่ม ๓๖ · หน้า 328b

རིན་པོ་ཆེ་རྒྱན་དུ་འཁོད་པ་ཡིད་དུ་འོང་ཞིང་ཆལ་བར་རྒྱས་ལ་རྒྱ་ཆེ་བར་འདལ་བ་དེ་དག་ཐམས་ཅད་ཀྱང་ཉི་མའི་དཀྱིལ་འཁོར་ལྟ་བུར་གྱུར་བར་སྣང་སྟེ། རིན་པོ་ཆེ་དམ་པ་སྣ་ཚོགས་ཤིན་ཏུ་ཕྲ་བ་ཐམས་ཅད་དང་། རིན་པོ་ཆེའི་བྱེ་མ་ཀུན་ཏུ་

བདལ་བ་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཤིན་ཏུ་ཕྲ་བ་དང་། རིན་པོ་ཆེའི་རྡུལ་ཤིན་ཏུ་ཕྲ་བ་དང་། རིན་པོ་ཆེའི་རྡུལ་ཤིན་ཏུ་ཕྲ་བའི་བྱེ་མ་དེ་ལྟར་ཕྲ་བ་དག་ལའང་ཕན་ཚུན་དུ། གཟུགས་བརྙན་སྣང་ན། ཆུང་ཞེས་དོག་པ་འམ་ཆེ་ཞེས་

ཡངས་པ་མེད་པར་དངོས་པ་ཇི་ལྟ་བ་བཞིན་དུ་མ་ནོར་བར་སྣང་ངོ་། །ཆུ་ཀླུང་ཆེན་པོ་དེ་དག་ཇི་ལྟར་མཚོ་ཆེན་པོ་མ་དྲོས་པ་ལས་ཁ་བཞི་ནས་འབབ་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐ་དད་པ་ཡང་

དག་པར་ཤེས་པ་བཞིའི་ཆུ་ཀླུང་ཆེན་པོ་འབབ་པ་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོ་ལ་ཞེན་པར་འདོང་ངོ་། །ཇི་ལྟར་ཆུ་ཀླུང་ཆེན་པོ་གང་གཱ་གླང་པོའི་ཁ་དངུལ་གྱི་ཁ་དོག་ཏུ་འདུག་པ་ནས་དངུལ་གྱི་བྱེ་མ་འདྲེན་ཅིང་འབབ་པ།

དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་དཀར་པོ་དག་པར་བྱེད་པའི་སྒོ་ནས་དོན་ཐ་དད་པ་ཡང་དག་པར་ཤེས་པ། དེ་བཞིན་གཤེགས་པའི་ཚུལ་ཐམས་ཅད་ཡོངས་སུ་སྦྱོང་བ། དོན་གྱི་ཚུལ་ཐམས་ཅད་ཤིན་ཏུ་དག་པར་བྱེད་པ་

ཡང་ཆོས་ཐམས་ཅད་ཀྱི་སྣང་བ་རྣམ་པར་གསལ་བར་བྱེད་ཅིང་འབབ་སྟེ། བསྒྲིབས་པ་མེད་པའི་རྒྱ་མཚོའི་མཐར་ཐུག་པར་འགྲོའོ། །ཇི་ལྟར་ཆུ་ཀླུང་ཆེན་པོ་སི་ཏ་སེང་གེའི་ཁ་རྡོ་རྗེའི་ཁ་དོག་ཏུ་འདུག་པ་ནས་རྡོ་རྗེའི་བྱེ་མ་འདྲེན་ཅིང་འབབ་པ་

དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཆོས་ཐ་དད་པ་ཡང་དག་པར་ཤེས་པ་སངས་རྒྱས་ཀྱི་རྡོ་རྗེའི་ཚིག་བརྗོད་པ་དང་། འགྲོ་བ་ཐམས་ཅད་ལ་སྣང་བར་བྱ་བ་དང་། ཡེ་ཤེས་ཀྱི་རྡོ་རྗེའི་ཚིག་རབ་ཏུ་འདྲེན་ཅིང་འབབ་སྟེ། ཆགས་པ་

เล่ม ๓๖ · หน้า 329a

མེད་པའི་རྒྱ་མཚོ་ལ་ཞེན་པར་འགྲོའོ། །ཇི་ལྟར་ཆུ་ཀླུང་ཆེན་པོ་སིན་དྷུ་གླང་གི་ཁ་གསེར་གྱི་ཁ་དོག་ཏུ་འདུག་པ་ནས་གསེར་གྱི་བྱེ་མ་འདྲེན་ཅིང་འབབ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ངེས་པའི་ཚིག་ཐ་དད་པ་ཡང་དག་པར་ཤེས་པ་

སེམས་ཅན་གྱི་ཚོགས་ཐམས་ཅད་ཁོང་དུ་ཆུད་པར་བྱེད་ཅིང་འགལ་བ་མེད་པ་དང་། འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ། ཤིན་ཏུ་འགྲོ་བ་ཡང་ཚུལ་རྣམ་པར་དག་པའི་ཡན་ལག་གིས་ཡོངས་སུ་སྨིན་པར་བྱ་བ་དང་། འདུལ་བ་ལ་

རྟག་ཏུ་བརྩོན་པར་འབབ་སྟེ། རྟེན་ཅིང་འབྲེལ་བར་བྱུང་བའི་ཚུལ་གྱི་རྒྱ་མཚོ་ལ་ཞེན་པར་འགྲོའོ། །ཇི་ལྟར་ཆུ་ཀླུང་ཆེན་པོ། པཀྴུ་རྟའི་ཁ་བཻ་ཌཱུརྱ་སྔོན་པོའི་ཁ་དོག་དུ་འདུག་པ་ནས། བཻ་ཌཱུཪྻ་སྔོན་པོའི་བྱེ་མ་འདྲེན་ཅིང་འབབ་པ་དེ་བཞིན་

དུ་བྱང་ཆུབ་སེམས་དཔའི་སྤོབས་པ་ཐ་དད་པ་མི་ཟད་པ་ཡང་ཆོས་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རབ་ཏུ་སྣང་བར་བྱ་བ་དང་། དམ་པའི་ཆོས་ཀྱི་ཆུ་ཀླུང་རྒྱུན་དུ་འབབ་པར་བྱ་བའི་ཀླུང་རབ་ཏུ་བསྐྱེད་པར་བྱེད་ཅིང་ཆོས་ཐམས་ཅད་ཀྱི་རྒྱ་མཚོ་ལས་

གཞོལ་བར་འབབ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་རྒྱ་མཚོ་ལ་ཞེན་པར་འགྲོའོ། །ཇི་ལྟར་ཆུ་ཀླུང་ཆེན་པོ་བཞི་པོ་དེ་དག་གིས་མཚོ་ཆེན་པོ་མ་དྲོས་པ་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ཕྱོགས་བཞི་ནས་རྒྱ་མཚོ་ལ་ཞེན་པར་

འདོད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཡང་ལུས་ཀྱི་ལས་མཐུན་པ་དང་ལྡན་པ་ཡིན། ངག་གི་ལས་མཐུན་པ་དང་ལྡན་པ་ཡིན། ཡིད་ཀྱི་ལས་མཐུན་པ་དང་ལྡན་པ་ཡིན། མཐུན་པའི་ཡེ་ཤེས་སྔོན་དུ་འགྲོ་བ་དང་ལྡན་པ་ཡིན། ཇི་ལྟར་དེ་དག་

ཕྱོགས་བཞི་ནས་རྒྱ་མཚོ་ཆེན་པོ་ལ་ཞེན་པར་འདོད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་ཕྱོགས་བཞི་ནས་ཐམས་ཅད་མཐོང་བའི་ཡེ་ཤེས་ཀྱི་རྒྱ་མཚོ་ལ་ཞེན་པར་འགྲོ་བ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་རྣམ་པར་དམིགས་

เล่ม ๓๖ · หน้า 329b

པས། སངས་རྒྱས་ཐམས་ཅད་མཐོང་བའི་ཕྱོགས་དང་། འདི་ལྟ་སྟེ། ལུས་ཀྱི་ལས་ངེས་པ་དང་། གཟུངས་བརྗོད་དུ་མེད་པས་ཡོངས་སུ་འཛིན་པས་ཆོས་ཐམས་ཅད་སྣང་བའི་ཕྱོགས་དང་། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་

ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་དང་། ཆོས་ཀྱི་འཁོར་ལོ་བསྐོར་བས་སེམས་ཅན་ཐམས་ཅད་དགའ་བར་བྱ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་ཕྱོགས་སོ། །ཇི་ལྟར་ཆུ་ཀླུང་ཆེན་པོ་དེ་དག་གིས་ལན་བདུན་དུ་བསྐོར་

བའི་བར་གྱི་གླིང་རྣམས་མེ་ཏོག་ཨུཏ་པ་ལ་དང་། པད་མོ་དང་ཀུ་མུ་ད་དང་། པུན་ད་རི་ཀས་ཀུན་ནས་ཡོག་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བར་མ་དོར་འདུལ་བར་མ་གྱུར་པའི་སེམས་ཅན་རྣམས་ལ་བཏང་སྙོམས་སུ་གཞོག་པ་ཡང་ཏིང་ངེ་འཛིན་བྱེ་བ་ཁྲག་

ཁྲིག་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་ཁྱབ་པའོ། །སངས་རྒྱས་མཐོང་བའི་རྣམ་པ་སྣ་ཚོགས་སུ་བརྒྱན་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་ཅིང་རྡུལ་མེད་པས་ཡིད་དུ་འོང་བའོ། །ཇི་ལྟར་མཚོ་ཆེན་པོ་མ་དྲོས་པ་རིན་པོ་ཆེའི་ཤིང་གིས་ཡོངས་

སུ་འཁོར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་སྟོན་ན་སངས་རྒྱས་ཀྱི་ཞིང་གིས་ཀུན་ནས་འཁོར་ཞིང་བརྒྱན་པ་ཡིན། ཇི་ལྟར་མཚོ་ཆེན་པོ་མ་དྲོས་པའི་ནང་དཔག་ཚད་ལྔ་བཅུ་ཡོད་ལ་དང་ཞིང་

རྙོག་པ་མེད་པ་དང་གསལ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་མངོན་པར་འཚང་རྒྱ་བའི་སེམས་ཀྱང་དགེ་བའི་རྩ་བ་ཐམས་ཅད་ཀྱིས་ཡོངས་སུ་རྒྱས་པས་དང་ཞིང་རྙོག་པ་མེད་ལ་གསལ་བ་དང་། མཐའ་དང་དབུས་མེད་པ་ཡིན། ཇི་ལྟར་

མཚོ་ཆེན་པོ་མ་དྲོས་པ་རིན་པོ་ཆེའི་ཕ་གུས་བརྩིགས་པས་མཐའ་བསྐོར་ཅིང་ཙན་དན་དྲི་ཞིམ་པོའི་བསུང་དང་ལྡན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མངོན་པར་འཚང་རྒྱ་བའི་སེམས་ཀྱང་ཡེ་ཤེས་རིན་པོ་ཆེ་ཁྲག་ཁྲིག་སྟོང་ཕྲག་བཅུས་ཤིན་ཏུ་བརྒྱན་

เล่ม ๓๖ · หน้า 330a

ཅིང་ཁྱད་པར་དུ་འཕགས་པའི་སྨོན་ལམ་གྱི་ཡེ་ཤེས་དང་ལྡན་ལ་དགེ་བའི་རྩ་བ་དྲི་ཞིམ་པོ་ཐམས་ཅད་དང་ལྡན་པའོ། །ཇི་ལྟར་མཚོ་ཆེན་པོ་མ་དྲོས་པའི་ནང་རིན་པོ་ཆེ་ཐམས་ཅད་ཀྱི་གྲམ་བུས་ཡོངས་སུ་བརྒྱན་ཅིང་

ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་མཛེས་པར་གྱུར་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཡེ་ཤེས་བྲ་བ་ཁོང་དུ་ཆུད་པའི་དྲན་པ་ཡང་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེས་རྣམ་པར་བརྒྱན་ཅིང་

ད་ལྟར་བྱུང་བའི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་སངས་རྒྱས་ཐམས་ཅད་ཀྱི་གནས་ལ་རྣམ་པར་སྤྱོད་པས་ཚུལ་དང་། དུས་ཤེས་པར་བྱ་བ་ཐམས་ཅད་ལ་ཞུགས་པ་ཡིན། ཇི་ལྟར་ཀླུའི་རྒྱལ་པོ་ཆེན་པོ་མ་དྲོས་པ་གཙེ་བ་དང་། མི་བདེ་བ་

ཐམས་ཅད་ལས་རྣམ་པར་འདས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱི་གཙེ་བ་དང་། འཇིགས་པ་ཐམས་ཅད་དང་བྲལ་བ་ཡིན་ཏེ། འཇིག་རྟེན་ཐམས་ཅད་དུ་སྣང་བར་གནས་ཀྱང་འཇིག་རྟེན་ཐམས་

ཅད་ཀྱིས་མི་གོས་པ་ཡིན། ཇི་ལྟར་ཆུ་ཀླུང་ཆེན་པོ་བཞི་པོ་དེ་དག་གིས་འཛམ་བུ་གླིང་མངོན་པར་བརླན་ཅིང་ཡོངས་སུ་བརླན་ནས་རྒྱ་མཚོ་ཆེན་པོ་ལ་ཞེན་པར་འདོད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་ཡེ་ཤེས་ཀྱི་ཆུ་ཀླུང་ཆེན་པོ་

བཞིས་ལྷ་དང་འཇིག་རྟེན་དུ་བཅས་པ། ཚངས་པར་བཅས་པ། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུར་བཅས་པ་མངོན་པར་བརླན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་རྒྱ་མཚོ་སྟོབས་བཅུས་རྣམ་པར་བརྒྱན་པ་ལ་ཞེན་

པར་འགྲོའོ། །བཞི་གང་ཞེ་ན་འདི་ལྟ་སྟེ། སྨོན་པའི་ཡེ་ཤེས་ཀྱི་ཆུ་ཀླུང་འགྲོ་བ་ཐམས་ཅད་བསྐྱབ་པ་དང་། འགྲོ་བ་ཐམས་ཅད་གདུལ་བའི་ཕྱིར་རྒྱུན་མི་འཆད་པར་འགྲོ་བ་དང་། འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཆུ་ཀླུང་བྱང་ཆུབ་

เล่ม ๓๖ · หน้า 330b

སེམས་དཔའི་སྤྱོད་པ་རྣམ་པར་དག་པས་རབ་ཏུ་དང་བ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཕན་འདོགས་ཤིང་མི་ཟད་པའི་རྒྱུན་གྱིས་མཐར་ཐུག་པས་དུས་གསུམ་གྱི་ཡེ་ཤེས་རྒྱ་མཚོ་ལ་ཞེན་པར་འབབ་པ་དང་། འདི་ལྟ་སྟེ་བྱང་

ཆུབ་སེམས་དཔའི་མཉམ་པ་མེད་པའི་ཡེ་ཤེས་ཀྱི་ཆུ་ཀླུང་ཏིང་ངེ་འཛིན་རིན་པོ་ཆེ་གྲངས་མེད་པས་བརྒྱན་པ་སངས་རྒྱས་ཐམས་ཅད་ལྟ་ཞིང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྒྱ་མཚོ་ལ་ཞེན་པར་འབབ་པ་དང་། འདི་ལྟ་སྟེ། སྙིང་

རྗེ་ཆེན་པོའི་ཡེ་ཤེས་ཀྱི་ཆུ་ཀླུང་བྱམས་པ་ཆེན་པོའི་དབང་དུ་གྱུར་པ། འགྲོ་བ་ཐམས་ཅད་ནས་ཕྱིར་མི་ལྡོག་ཅིང་འགྲོ་བ་ཐམས་ཅད་ཉེ་བར་བཟུང་བའི་ཕྱིར། ཐབས་མཁས་པའི་མཚམས་སྦྱོར་བ་གྲངས་མེད་པས། ཡོངས་སུ་

གདུང་བ་ཞི་བར་བྱེད་ཅིང་སྟོབས་བཅུ་རྒྱ་མཚོ་ལ་ཞེན་པར་འབབ་པའོ། །ཇི་ལྟར་ཆུ་ཀླུང་ཆེན་པོ་བཞི་པོ་དེ་དག་མཚོ་ཆེན་པོ་མ་དྲོས་པ་ནས་མི་ཟད་པའི་རྒྱ་མཚོ་ལ་ཞེན་པར་འདོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཁྱད་པར་དུ་

འཕགས་པའི་སྨོན་ལམ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཟད་མི་ཤེས་པའི་མཐར་ཐུག་པར་འགྲོ་ཞིང་རྣམ་པར་འཚང་རྒྱ་བར་རྣམ་པར་རོལ་པས་རྣམ་པར་འཚང་རྒྱ་བ་ཡིན། ཇི་ལྟར་ཆུ་ཀླུང་

ཆེན་པོ་བཞི་པོ་དེ་དག་རྒྱ་མཚོ་ཆེན་པོ་ལ་ཞེན་པར་འདོང་ཞིང་ཕྱིར་མི་ལྡོག་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་རྒྱུན་མ་འཆད་པར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་རབ་ཏུ་བརྩོན་པ་ཡང་ཐམས་

ཅད་མཁྱེན་པ་ཉིད་དུ་མངོན་པར་བསྒྲུབ་པ་ལས། ཕྱིར་མི་ལྡོག་ཅིང་སངས་རྒྱས་ཀྱི་བྱང་ཆུབ་ཆོས་ཐམས་ཅད་ལ་བསྒྲིབས་པ་མེད་པ་དང་། ཆགས་པ་མེད་པ་ལ་གནས་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱ་མཚོ་ལ་ཞེན་པར་

เล่ม ๓๖ · หน้า 331a

འགྲོའོ། །ཇི་ལྟར་ཆུ་ཀླུང་ཆེན་པོ་བཞི་པ་དེ་དག་བསྐལ་པར་གནས་ཤིང་སྐྱོ་བ་དང་། ཡོངས་སུ་སྐྱོ་བ་མེད་པར་རྒྱ་མཚོ་ལ་ཞེན་པར་འདོད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་

པ་དང་། སྨོན་ལམ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཡང་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་ཡོངས་སུ་མི་སྐྱོ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྒྱ་

མཚོ་རྒྱུན་མ་ཆད་པར་རྗེས་སུ་གཞོལ་ཞིང་ཞེན་པར་འགྲོ་བ་ཡིན། ཇི་ལྟར་མཚོ་ཆེན་པོ་མ་དྲོས་པ་དེ་རིན་པོ་ཆེ་སྣ་ཚོགས་ཀྱི་མདོག་ལྟར་འདུག་ཅིང་དངུལ་གྱི་བྱེ་མའི་མདོག་ཏུ་སྣང་བ་དང་། གསེར་གྱི་བྱེ་མའི་མདོག་དུ་སྣང་བ་དང་

རྡོ་རྗེའི་བྱེ་མའི་མདོག་ཏུ་སྣང་བ་དང་། བཻ་ཌཱུརྱའི་བྱེ་མའི་མདོག་ཏུ་སྣང་བ་དང་། ཉི་མའི་འོད་གཟེར་གྱིས་ཕོག་ན་ཉི་མའི་དཀྱིལ་འཁོར་རྣམ་པ་ཐམས་ཅད་དང་ལྡན་པའི་གཟུགས་སུ་མངོན་ཞིང་སྣང་བ་དང་། ཉི་མའི་འོད་གཟེར་དང་

ཕྲད་ན་མཚོ་ཆེན་པོ་མ་དྲོས་པ་དེ་དམིགས་པ་ཐམས་ཅད་ཀྱི་གཟུགས་སུ་གྱུར་པར་སྣང་ཡང་གཟུགས་ལུས་ཀྱི་གཟུགས་སུ་སྣང་བ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་རྣམ་པར་སྣང་བར་གྱུར་པ་དེ་དག་གཅིག་གིས་གཅིག་བདོ་ཞིང་ཕན་ཚུན་དུ་གནོད་པར་འགྱུར་བ་མེད་

དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་ཀྱི་དབྱིངས་ལ་དབང་བསྒྱུར་བའི་ཏིང་ངེ་འཛིན་འདི་ལ་གནས་པས་རང་གི་ལུས་ཀྱི་བ་སྤུའི་ཁུང་བུ་རེ་རེ་ཡང་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་

དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་མཐོང་ངོ་། །སངས་རྒྱས་ཀྱི་ཞིང་ཡང་མཐོང་ངོ་། །འཁོར་གྱི་དཀྱིལ་འཁོར་དུ་ཡང་འཇུག་གོ །ཆོས་བསྟན་པ་ཡང་ཉན་ཏོ། །དེ་དག་ཐམས་ཅད་ཀྱང་མཉེས་པར་བྱེད་དོ། །དེ་བཞིན་

เล่ม ๓๖ · หน้า 331b

གཤེགས་པའི་སྐུ་ཚད་མེད་པ་ལ་འང་ཡིད་ཆེས་ཤིང་ཁོང་དུ་ཆུད་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་དེ་དག་ན་དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་ཅིང་ཆོས་ཉན་པས་ཀྱང་བསྐལ་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་

འདའ་བར་བྱེད་ཀྱང་ཡུན་རིང་པོའི་འདུ་ཤེས་ཀྱང་མྱི་སྐྱེ། ཡུན་ཐུང་ངུའི་འདུ་ཤེས་ཀྱང་མི་སྐྱེའོ། །བ་སྤུའི་བུ་ག་དེ་དག་ཏུའང་དེའི་ལུས་ལ་མི་བདེ་བ་མེད་ཅིང་འཇིག་རྟེན་གྱི་ཁམས་དེ་དག་དང་། དེ་བཞིན་གཤེགས་པ་བཞུགས་པ་དེ་དག་དང་།

འཁོར་གྱི་དཀྱིལ་འཁོར་དེ་དག་དང་སེམས་ཅན་གྱི་ཁམས་སྣ་ཚོགས་འཁོད་པ་དེ་དག་ལའང་གནོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་ལ་འཇུག་པ་དེ་སེམས་ཤིན་ཏུ་ཕྲ་བས་མཐའ་དང་དབུས་མེད་པ་ལས་ཀྱི་རྣམ་

པར་སྨིན་པ་དཔེ་མེད་པའི་ཚུལ་ལ་འཇུག་པ། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པའི་ཡུལ་རྟོགས་པར་གནས་པ། བསམ་གྱིས་མྱི་ཁྱབ་པའི་ཡུལ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་རྣམ་པར་བསྒྲུབ་པ། སངས་རྒྱས་ཐམས་ཅད་ཀྱི་

བྱིན་གྱི་རླབས་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཚད་མེད་པ་བསྒྲུབ་པར་དཀའ་བ། བཟོད་པར་དཀའ་བ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་འཛིན་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་

སྤྱོད་པ་དང་། དམིགས་པ་ཡོངས་སུ་རྫོགས་པར་བྱེད་པ། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ལ་འཇུག་པས་སྐྱོ་བ་མེད་པའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་སེམས་སྐད་ཅིག་ལ་སྙོམས་པར་ཞུགས་ཤིང་རྣམ་པར་ལྡང་

ཡང་། ཡུན་རིང་པོ་ཡང་འཇིག་པར་མི་བྱེད། མངོན་པར་ཞེན་པར་ཡང་མི་ལྟུང་། དམིགས་པ་ཐམས་ཅད་ལའང་གནས་པ་མེད་དེ། དངོས་པོ་ཐམས་ཅད་ལ་འང་མྱི་གནས་སོ། །སྐད་ཅིག་གི་རྒྱུད་ལ་འང་རབ་ཏུ་འཇུག་གོ །སེམས་ཅན་གྱི་

เล่ม ๓๖ · หน้า 332a

དོན་ཡང་ཡང་དག་པར་སྒྲུབ་བོ། །སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་མཐོང་བས་ཀྱང་ངོམས་པར་མི་བྱེད་དོ། །ཆོས་ཀྱི་དབྱིངས་ཀྱི་མཐར་དབྱུང་བས་ཀྱང་སྒྱིད་ལུག་པར་མི་བྱེད་དེ། དེ་ལ་བཞག་པར་བྱ་བ་ཡང་གང་ཡང་མྱེད་

དོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་བསྒྲུབ་པའི་རྗེས་སུ་ཡང་རབ་ཏུ་འཇུག་གོ །ཡེ་ཤེས་ཀྱི་སྤྲུལ་པ་ཡང་བྱིན་གྱིས་རློབ་པོ། །སེམས་ཅན་གྱི་རིས་ལ་འཇུག་པར་ཡང་མཐའ་དང་དབུས་མེད་པར་འཇུག་གོ །འཇིག་རྟེན་གྱི་ཁམས་

ཐམས་ཅད་རྣམ་པར་དག་པ་ཡང་ཡོངས་སུ་རྫོགས་པར་བྱེད་དོ། །འཇིག་རྟེན་གྱི་ཕྱིན་ཅི་ལོག་ཐམས་ཅད་ཀྱང་རྣམ་པར་རྟོག་པ་མེད་པས་རབ་ཏུ་ཤེས་སོ། །རྟོག་པའི་ས་ཐམས་ཅད་ལས་ཀྱང་ཡོངས་སུ་འདའོ། །མཚན་མ་སྣ་ཚོགས་

ཡོངས་སུ་ཤེས་པ་ཡང་མི་སྤོང་ངོ་། །བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ཐབས་ལ་མཁས་པ་ཡང་ཡོངས་སུ་རྫོགས་པར་བྱེད་དོ། །ཤིན་ཏུ་རྣམ་པར་དག་པ་ལ་འང་རྟོག་པར་མི་བྱེད་དོ། །ཐམས་ཅད་ཟིལ་གྱིས་གནོན་པའི་ས་ཡང་རབ་ཏུ་

འཐོབ་པར་བྱེད་དོ། །འདི་ལྟ་སྟེ་དཔེར་ན། ནམ་མཁའི་རང་བཞིན་ནི་དངོས་པོ་ཐམས་ཅད་ཀྱི་རྗེས་སུ་སོང་བ་འང་ཡིན་ལ། དངོས་པོ་ཐམས་ཅད་ལས་ཀྱང་རྣམ་པར་འདས་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱི་

ཁམས་ཐམས་ཅད་དུའང་རྒྱུ་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་ཀྱང་རྣམ་པར་འདས་པ་ཡིན། སེམས་ཅན་གྱི་ཁམས་ཡོངས་སུ་དགྲོལ་བ་ལའང་བརྩོན་ལ་སེམས་ཅན་གྱི་འདུ་ཤེས་ཐམས་ཅད་ཀྱང་མེད་པ་ཡིན། ཆོས་ཀྱི་དབྱིངས་ཐམས་

ཅད་ཀྱང་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་ལ་ཆོས་ཐམས་ཅད་ཀྱིས་སྙེམས་པའི་སེམས་ཀྱང་མེད་པ་ཡིན། སངས་རྒྱས་ཐམས་ཅད་བལྟ་བས་ཀྱང་མི་ངོམས་ལ། སངས་རྒྱས་ཐམས་ཅད་ལ་བལྟ་བའི་གནས་ཀྱང་ཡོངས་སུ་བསྩལ་བ་ཡིན།

เล่ม ๓๖ · หน้า 332b

ཏིང་ངེ་འཛིན་གྱི་རྣམ་པ་ཐམས་ཅད་ལ་མཁས་པར་བྱ་བ་འང་ཁོང་དུ་ཆུད་ལ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་པས་ཆགས་པ་ཡང་མེད་པ་ཡིན། ཆོས་ཀྱི་ཚིག་རྣམ་པར་ཤེས་པ་མཐའ་ཡས་པའི་སྤོབས་པ་དང་ཡང་ལྡན་

ལ་ཚིག་མེད་ཅིང་ཡི་གེ་མེད་པ་ཡང་ཁོང་དུ་ཆུད་པ་ཡིན། བརྗོད་དུ་མེད་པ་ལའང་ཤིན་ཏུ་སྤྱོད་ལ། དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་དང་ཡང་ལྡན་པ་ཡིན། ཆོས་ཐམས་ཅད་ཀྱི་འང་མཐར་ཕྱིན་ལ་གཟུགས་སྣ་ཚོགས་ཀྱིས་འདུལ་བ་རྣམས་

ཀྱང་ཡུལ་དུ་བྱེད་པ་ཡིན། ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་མཐར་ཡང་རབ་ཏུ་ཐུག་ལ་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་དགྲོལ་ཞིང་གདུལ་བ་ལ་ཡང་རབ་ཏུ་བརྩོན་པ་ཡིན། སེམས་ཅན་གྱི་ཁམས་འཕེལ་བ་

དང་། འགྲིབ་པ་མེད་པའང་རབ་ཏུ་ཤེས་ལ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པ་ཁོང་དུ་ཆུད་པ་ལས་ཀྱང་མི་གཡོ་བ་ཡིན། འགྲོ་བ་ཐམས་ཅད་གདུལ་བ་ཡང་རྒྱུན་མི་གཅོད་ལ་དེ་བཞིན་གཤེགས་པའི་སྤྱོད་པ་འཁོར་གསུམ་ཡོངས་སུ་དག་པ་ཡང་ཁོང་

དུ་ཆུད་པ་ཡིན། ཆོས་རྣམ་པ་སྣ་ཚོགས་ལའང་རྣམ་པར་མི་རྟོག་ལ་བསྟན་པ་སྣ་ཚོགས་ལ་འཇིགས་པ་མེད་པས་ཆོས་བསྟན་པའི་ཆོས་ཀྱི་འཁོར་ལོ་ཡང་རྒྱུན་མི་ཆད་པ་ཡིན། ཀྱེ་རྒྱལ་བའི་སྲས་དག །འདི་ནི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་མཁས་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་དབང་བསྒྱུར་བ་ཞེས་བྱ་བ་སྟེ་དགུ་པའོ། །ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་

མཁས་པའི་ཡེ་ཤེས་བཅུ་གང་ཞེ་ན། ཀྱེ་རྒྱལ་བའི་སྲས་དག་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཆགས་པ་མེད་ཅིང་དྲི་མ་མེད་པ་ཞེས་བྱ་བ་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་

เล่ม ๓๖ · หน้า 333a

པར་ཞུགས་པའི་ཚེ་ལུས་ཀྱི་ལས་ཆགས་པ་མེད་པར་ཡང་དག་པར་གནས་སོ། །ངག་གི་ལས་ཆགས་པ་མེད་པར་ཡང་དག་པར་གནས་སོ། །ཡིད་ཀྱི་ལས་ཆགས་པ་མེད་པར་ཡང་དག་པར་གནས་སོ། །སངས་རྒྱས་ཀྱི་

ཞིང་མཉམ་པ་ཉིད་ཆགས་པ་མེད་པར་ཡང་དག་པར་གནས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཡེ་ཤེས་ཆགས་པ་མེད་པ་ལ་ཡང་དག་པར་འཇུག་གོ །སེམས་ཅན་འདུལ་བའི་ཡེ་ཤེས་ཆགས་པ་མེད་པར་ཡང་དག་པར་

གནས་སོ། །འོད་གཟེར་ཀུན་ཏུ་དགྱེ་བ་ཆགས་པ་མེད་པ་རབ་ཏུ་འགྱེད་དོ། །འོད་ཀྱི་དཀྱིལ་འཁོར་ཆགས་པ་མེད་པ་རབ་ཏུ་གཏོང་ངོ་། །སྤྲུལ་པ་མང་པོ་ཆགས་པ་མེད་པ་རབ་ཏུ་འགྱེད་དོ། །ཆོས་ཀྱི་འཁོར་ལོ་ཆགས་པ་མེད་པ་

རབ་ཏུ་སྐོར་རོ། །བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གི་མཐུ་ཕྱུང་བའང་རབ་ཏུ་ཐོབ་པར་བྱེད་དོ། །སངས་རྒྱས་ཀྱི་སྟོབས་རྣམས་ལའང་ཡང་དག་པར་འཇུག་གོ །སངས་རྒྱས་ཀྱི་ཡེ་ཤེས་ཀྱང་རབ་ཏུ་འཐོབ་པར་བྱེད་དོ། །སངས་

རྒྱས་ཀྱི་བཞེངས་པས་རྣམ་པར་ལྡང་ངོ་། །སངས་རྒྱས་ཀྱི་རྣམ་པར་འཕྲུལ་བ་སྣང་བས་ཉེ་བར་སྤྱོད་དོ། །བྱང་ཆུབ་སེམས་དཔའི་དེ་ཏིང་ངེ་འཛིན་འདི་ལ་གནས་པའི་ཚེ་ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་རྟོག་གོ །ཐམས་ཅད་མཁྱེན་པ་

ཉིད་ལ་ཡོངས་སུ་ལྟའོ། །ཐམས་ཅད་མཁྱེན་པ་ཉིད་ཁོང་དུ་ཆུད་པར་བྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་རྟོགས་པར་བྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་དམིགས་པར་བྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་ལ་རབ་ཏུ་ལྟའོ། །

ཐམས་ཅད་མཁྱེན་པ་ཉིད་ལ་རྗེས་སུ་ལྟའོ། །ཐམས་ཅད་མཁྱེན་པ་ཉིད་ལ་རྣམ་པར་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་

เล่ม ๓๖ · หน้า 333b

སེམས་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་ཁོང་དུ་ཆུད་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྟོགས་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་སྣང་བ་ཆེན་པོ་དང་། བྱང་ཆུབ་སེམས་

དཔའི་སྐྱེ་བ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་སྤྲུལ་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྒྱུན་ཆེན་པོ་ཡོངས་སུ་མི་གཅོད་དོ། །ལྡོག་པར་མི་བྱེད་དོ། །སྐྱོ་བར་མི་བྱེད་

དོ། །གཏོང་བར་མི་བྱེད་དོ། །འགྱེད་པར་མི་བྱེད་དོ། །སྒྱིད་ལུག་པར་མི་བྱེད་དོ། །གཞོག་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའི་རྒྱུན་མཐར་འབྱིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའི་ཆོས་

ལ་སྨོན་ལམ་ཆེན་པོས་རབ་ཏུ་གྲུབ་པ་དང་། ཡང་དག་པར་འཇུག་པའི་འབྱུང་གནས་ཆེན་པོ་དང་། འཇིགས་པ་མེད་པའི་སངས་རྒྱས་ཀྱི་ཆོས་རྒྱ་མཚོ་ཆེན་པོ་ཤིན་ཏུ་བསླབས་པས་བྱང་ཆུབ་སེམས་དཔའི་སྨོན་ལམ་ཁྱད་པར་དུ་འཕགས་པ་

དང་ལྡན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཁྱད་པར་དང་ལྡན་པའི་ཕྱིར་རོ། །ཐབས་མཁས་པའི་ཡེ་ཤེས་སྣང་བ་ལ་ཤིན་ཏུ་བསླབ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡོངས་སུ་ཤེས་པའི་ཕྱིར་རོ། །སེམས་

ཅན་ཐམས་ཅད་ཀྱི་གཙོ་བོས་བྱིན་གྱིས་བརླབ་པའི་ཕྱིར་རོ། །འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི། ཐུགས་རྗེ་ཆེན་པོའི་རྗེས་སུ་སྙེགས་པའི་ཕྱིར་རོ། སངས་རྒྱས་ཀྱི་ཆོས་འགྱུར་བ་མེད་པ་ཡོངས་

སུ་བསྒྲུབ་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་གིས་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཚོན་གྱིས་བསྒྱུར་བའི་གོས་ཀྱི་སྟེང་དུ་བཞག་ན། ནོར་བུ་རིན་པོ་ཆེ་དེ་ཡང་ཁོང་ནས་ཚོན་གྱིས་གྱུར་བར་སྣང་སྟེ།

เล่ม ๓๖ · หน้า 334a

ནོར་བུ་རིན་པོ་ཆེའི་རང་བཞིན་ནི་འགྱུར་བ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཏིང་ངེ་འཛིན་རིན་པོ་ཆེ་ཐོབ་པའི་ཡེ་ཤེས་ཀྱི་སྒོས་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་ལྟ་ཞིང་། བྱང་ཆུབ་སེམས་

དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་འང་རྒྱུན་མི་གཅོད་དོ། །ཇི་ལྟར་ནོར་བུ་རིན་པོ་ཆེ་དེ་ཁ་དོག་ཐམས་ཅད་སྟོན་ཀྱང་ནོར་བུའི་རང་བཞིན་ཡོངས་སུ་མི་སྤོང་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པའི་རང་

བཞིན་ཐམས་ཅད་མཁྱེན་པའི་ཡོན་ཏན་ཅན་ཡོངས་སུ་མི་སྤང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ནི་འགྲོ་བ་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་ཞུགས་པའི་ཕྱིར་རོ། །འགྲོ་བ་ཐམས་ཅད་དགྲོལ་བར་སྨོན་པའི་ཕྱིར་རོ། །

སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པ་ལས་ཕྱིར་མི་ལྡོག་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་སྦྱོང་བས་སྒྱིད་ལུག་པ་མེད་པའི་ཕྱིར་རོ། །འགྲོ་བ་ཐམས་ཅད་དུ་རྒྱུན་མི་ཆད་པར་སྤྱོད་པས་སྐྱོ་བ་མེད་པའི་

ཕྱིར་རོ། །ཆོས་རྒྱ་མཚོ་མཐའ་དང་དབུས་མེད་ཅིང་ཚད་མེད་པས་ཡོངས་སུ་ཡི་ཆད་པ་མེད་པའི་ཕྱིར་རོ། །སེམས་ཅན་རྣམ་པར་དག་པར་བྱ་བའི་དམིགས་པས་རྣམ་པར་འཕེལ་བ་ཐམས་ཅད་སྟོན་པའི་ལས་ཕྱིར་འགྱེད་པ་མེད་པའི་

ཕྱིར་རོ། །འགྲོ་བ་ཐམས་ཅད་ལ་རིམ་གྲོ་བྱ་བས་སྙོམ་པ་མེད་ཅིང་སྒྱིད་ལུག་པ་མེད་པའི་ཕྱིར་རོ། །འགྲོ་བ་ཐམས་ཅད་སྣང་བར་བྱ་བས་སྐྱོ་བ་མེད་པའི་ཕྱིར་རོ། །ཆོས་ཀྱི་སྒོ་མཐའ་ཡས་པ་ལ་འཇུག་པ་ལས་ཕྱིར་མི་ལྡོག་ཅིང་

ཡོངས་སུ་སྐྱོ་བ་མེད་པའི་ཕྱིར་རོ། །འདི་ལྟ་སྟེ་དཔེར་ན། ནམ་མཁའི་རང་བཞིན་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་འཛིན་ཅིང་རྟེན་ཀྱང་ངལ་བ་མེད་ཅིང་དུབ་པ་མེད་ལ་ཉམ་ཆུང་བར་མི་འགྱུར་ཞིང་དགའ་བར་མི་འགྱུར།

เล่ม ๓๖ · หน้า 334b

འཇིག་པར་མི་འགྱུར་འགྱེས་པར་མི་འགྱུར། བྱང་བར་མི་འགྱུར། རྣམ་པ་ཐ་དད་པར་མི་འགྱུར། རྣམ་པ་གཞན་དུ་མི་འགྱུར། དངོས་པོ་གཞན་དུ་མི་འགྱུར། རང་བཞིན་རྣམ་པར་མི་སྤོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ནམ་མཁའི་རང་

བཞིན་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སྨོན་ལམ་ཆེན་པོ་རྒྱ་ཆེ་ཞིང་ཡངས་ལ་ཚད་མེད་པ་དང་ལྡན་པས་སེམས་ཅན་ཐམས་ཅད་དགྲོལ་བ་ལ་ཉེ་བར་གནས་པའི་སྒོས་སྐྱོ་ཞིང་དུབ་པའི་སེམས་མི་

སྐྱེད་དོ། །འདི་ལྟ་སྟེ་དཔེར་ན། མྱ་ངན་ལས་འདས་པ་ནི་དུས་གསུམ་གྱི་སེམས་ཅན་མཐའ་དང་དབུས་མེད་པ་དེ་སྙེད་ཅིག་ཡོངས་སུ་མྱ་ངན་ལས་ཟློ་ཡང་བར་འགའ་ཙམ་ཡང་སྐྱོ་བ་མེད་ཅིང་སྒྱིད་ལུག་པ་མེད་དེ་ཡོངས་སུ་ཡི་ཆད་པ་མེད་

དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། མྱ་ངན་ལས་འདས་པའི་མཐར་ཐུག་པ་འདི་ནི་ཆོས་ཐམས་ཅད་ཀྱི་དབེན་པ་ཉིད་དེ་དེ་བས་ན་གང་ལས་ཀྱང་ཕྱིར་ནུར་བར་བྱ་བ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འགྲོ་བ་ཐམས་ཅད་

གདོན་པའི་ཕྱིར་འཇིག་རྟེན་དུ་སྐྱེས་པས་སེམས་ཅན་ཐམས་ཅད་ཡོངས་སུ་དགྲོལ་བ་ལ་སྐྱོ་བའི་སེམས་མི་སྐྱེད་དོ། །འདི་ལྟ་སྟེ་དཔེར་ན། ཐམས་ཅད་མཁྱེན་པ་ཉིད་ལ་བྱང་ཆུབ་སེམས་དཔའ་དེ་སྙེད་ཅིག་བྱང་ཆུབ་ཀྱི་དོན་དུ་གནས་ཀྱང་

སྐྱོ་བ་དང་དུབ་པ་མེད་དེ། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་སངས་རྒྱས་ཀྱི་མངའ་བསྒྱུར་བ་ལ་བསྒྲུབས་སོ། །བསྒྲུབ་པོ། །བསྒྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཟད་པ་མེད་པའི་ཆོས་ཉིད་ཐོབ་པའི་ཕྱིར་ཏེ།

དེ་ལས་གཞན་དུ་འགྱུར་བ་མེད་ཅིང་འདུལ་བའི་ཆོས་ལ་མངོན་པར་ཆགས་པ་མེད་པས་ཕྱིར་ནུར་བ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཏིང་ངེ་འཛིན་མང་པོ་བདག་གིས་ཐོབ་པར་བྱེད་ཅིང་ཁོང་དུ་ཆུད་པར་བྱེད་དོ། །

เล่ม ๓๖ · หน้า 335a

དེ་ལྟར་བྱང་ཆུབ་སེམས་དཔའ་དེའི་ཏིང་ངེ་འཛིན་དེ་ནི་འོད་ཕྱོགས་ཐམས་ཅད་ཀྱི་མཐས་ཀླས་པར་འདལ་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་གཟེར་ཐོགས་པ་མེད་པ། ཡོན་ཏན་སྣ་ཚོགས་དུ་མའི་སྙིང་པོ་

ཅན་གོས་བརྗོད་དུ་མེད་པ་ཡོངས་སུ་འབྱུང་བ་རིན་པོ་ཆེ་བརྗོད་དུ་མེད་པ་ཡོངས་སུ་འབྱུང་བ། སྤོས་བརྗོད་དུ་མེད་པ་ཡོངས་སུ་འབྱུང་བརྒྱན་དང་། ལྷབ་ལྷུབ་དུ་མ་དང་ལྡན་པ། གསེར་གྱི་དྲ་བ་རྒྱ་ཆེན་པོས་ཀུན་ནས་ཡོག་པ། དྲིལ་བུའི་དྲ་

བའི་སྒྲ་ཀུན་ནས་འབྱུང་བ། བལྟ་ན་བཟང་ཞིང་ཡིད་དུ་འོང་བ། རིན་པོ་ཆེ་སྣ་ཚོགས་བརྗོད་དུ་མེད་པའི་མཛོད་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་མང་པོ་སྟོན་པས་དག་ཅིང་བཟང་བར་སྤྱོད་པ་གནས་ཤིན་ཏུ་བརྟན་པ། ཐམས་ཅད་མཁྱེན་པ་

ཉིད་ཀྱི་སྒོ་སྟོན་པའི་ཡོན་ཏན་ཅན། དེ་བཞིན་གཤེགས་པ་མང་པོས་བྱིན་གྱིས་རླབས་པ། དགེ་བའི་རྩ་བ་དག་པ་ཐམས་ཅད་ཀྱིས་ཡང་དག་པར་བྱུང་བས་རྣམ་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་གྱི་བྱིན་དང་

ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ལས་བྱུང་བ། ལུས་གཅིག་ཏུ་གནས་ཀྱང་ཕྱོགས་བཅུ་བརྗོད་དུ་མེད་ཅིང་ཚད་མེད་པར་བྱང་ཆུབ་སེམས་དཔའ་འབྱུང་བའི་གོ་འཕང་དང་ཡོན་ཏན་ཚད་མེད་པ་གྲངས་མེད་པ་

བརྒྱ་སྟོང་རྣམ་པར་དག་པ་ཕུན་སུམ་ཚོགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་མཐུན་ཞིང་གནས་སུ་གྱུར་པ། སངས་རྒྱས་ཐམས་ཅད་མཁྱེན་པ་ཉིད་དུ་མཐུན་ཞིང་གནས་སུ་གྱུར་པས། སངས་རྒྱས་ཐམས་ཅད་ཀྱི་སྣང་བ་འབྱུང་བར་བྱེད་པ།

འགྲོ་བ་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པ། འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་ཞིང་མདུན་དུ་བྱ་བར་འོས་པ། ཆོས་ཉིད་སྒྱུ་མ་ལྟ་བུའི་མཐུན་པའི་འབྲས་བུ་སྤྲུལ་པ་ཀུན་ཏུ་འགྱེད་པ། འགྲོ་བ་ཐམས་ཅད་ཀྱི་དཔེ་དང་དཔེ་མེད་པའི་ཡོན་ཏན་

เล่ม ๓๖ · หน้า 335b

ཅན་ཏེ། དེ་ལ་གནས་པའི་ཚེ། བྱང་ཆུབ་སེམས་དཔའ་སྐྱིལ་མོ་ཀྲུང་གཅིག་ཏུ་གནས་ཤིང་དེའི་བདག་ཉིད་ཡོངས་སུ་རྫོགས་པར་བྱེད་པའི་ཚེ། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་བྱང་ཆུབ་སེམས་དཔའི་སྐྱིལ་མོ་ཀྲུང་གཅིག་གིས་

ཡོངས་སུ་ཁྱབ་པར་འགྱུར་ཏེ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་སྟེ། དེ་ལྟར་གནས་པའི་ཚེ། བ་སྤུའི་ཁུང་བུ་གཅིག་ནས་ཀྱང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་

འོད་གཟེར་འབྱུང་སྟེ། བ་སྤུའི་ཁུང་བུ་གཅིག་ནས་ཇི་ལྟ་བ་དེ་བཞིན་དུ་བ་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་འོད་གཟེར་དེ་སྙེད་དེ་སྙེད་འབྱུང་ངོ་། །འོད་ཟེར་གྱི་སྒོ་དེ་དག་རེ་རེ་ལས་ཀྱང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྗོད་དུ་མེད་པ་ཕྲག་

བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བའི་སྙིང་པོ་ཅན་ཁ་དོག་དུ་མར་སྣང་བ། རྒྱན་སྣ་ཚོགས་དང་ལྡན་པ། ཡོན་ཏན་གྱི་རྣམ་པ་དུ་མ་དང་ལྡན་པ། རིན་པོ་ཆེའི་དྲ་བ་རྒྱ་ཆེན་པོས་ཀུན་ནས་ཁེབས་པ། མེ་ཏོག་གི་

དྲ་བ་རྒྱ་ཆེན་པོས་ཡོངས་སུ་ཁེབས་པ། སྤོས་རིན་པོ་ཆེ་ཁྲག་ཁྲིག་བརྒྱ་སྟོང་ཀུན་ཏུ་གཏོང་བ། རིན་པོ་ཆེའི་རྒྱན་ཡིད་དུ་འོང་བ་སྣ་ཚོགས་ཀྱི་སྙིང་པོ་ཅན། རིན་པོ་ཆེའི་གདུགས་བསམ་གྱིས་མི་ཁྱབ་པས་བཀབ་པ་འབྱུང་སྟེ། རིན་པོ་ཆེ་དེ་དག་

རེ་རེ་ལས་ཀྱང་ཁང་པ་བརྩེགས་པ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ངོ་། །ཁང་པ་བརྩེགས་པ་དེ་དག་རེ་རེ་ལས་ཀྱང་སེང་གེའི་ཁྲི་པད་མོའི་སྙིང་པོ་ཅན་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་

ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ངོ་། །སེང་གེའི་ཁྲི་པད་མོའི་སྙིང་པོ་ཅན་དེ་དག་རེ་རེ་ལས་ཀྱང་འོད་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ངོ་། །

เล่ม ๓๖ · หน้า 336a

འོད་དེ་དག་རེ་རེ་ལས་ཀྱང་ཁ་དོག་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ངོ་། །ཁ་དོག་དེ་དག་རེ་རེ་ལས་ཀྱང་སྣང་བའི་དཀྱིལ་འཁོར་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་

ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ངོ་། །སྣང་བའི་དཀྱིལ་འཁོར་དེ་དག་རེ་རེ་ལས་ཀྱང་ནོར་བུ་རིན་པོ་ཆེ་རྣམ་པར་སྣང་བ་སྣ་ཚོགས་ཀྱི་མེ་ཏོག་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྗོད་དུ་མེད་པ་ཕྲག་བཅུའི་

རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ངོ་། །མེ་ཏོག་དེ་དག་རེ་རེ་ལས་ཀྱང་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ངོ་། །རྒྱན་དེ་དག་རེ་རེ་ལས་ཀྱང་ཁྱུ་མཆོག་གི་མཐུ་

ཕྱུང་བ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འབྱུང་ངོ་། །ཁྱུ་མཆོག་གི་མཐུ་ཕྱུང་བ་དེ་དག་རེ་རེ་ལས་ཀྱང་སངས་རྒྱས་ཀྱི་ཆོས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་

རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཆར་རབ་ཏུ་འབབ་བོ། །ཆོས་ཀྱི་ཚིག་རྣམ་པར་ཕྱེ་བའི་ཆར་དེ་དག་ལས་ཀྱང་ཆོས་ཁོང་དུ་ཆུད་པར་བྱ་བའི་མདོའི་ཚུལ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོངས་སུ་བརྗོད་

དོ། །མདོའི་ཚུལ་ཡོངས་སུ་བརྗོད་པ་དེ་དག་རེ་རེ་ལས་ཀྱང་ཆོས་ཀྱི་སྒོ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་སྟོན་ཏོ། །ཆོས་ཀྱི་སྒོ་རབ་ཏུ་བསྟན་པ་དེ་དག་རེ་རེ་ཞིང་ཡང་ཡེ་ཤེས་

རྡོ་རྗེ་ལྟ་བུས་གཏན་ལ་ཕེབས་པའི་ཆོས་ཀྱི་འཁོར་ལོ་ཆོས་ཀྱི་རྣམ་གྲངས་སྣ་ཚོགས་དང་ལྡན་པ་བསྟན་པ་རྒྱ་ཆེན་པོ་ཅན་ཆོས་ཀྱི་ཚིག་རྣམ་པ་ཐ་དད་པ་དང་ལྡན་པར་འཁོར་བ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་

เล่ม ๓๖ · หน้า 336b

སྙེད་རབ་ཏུ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་དག་རེ་རེ་ཞིང་ཡང་སེམས་ཅན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོངས་སུ་སྨིན་པར་བྱེད་དོ། །སེམས་ཅན་གྱི་ཁམས་ཡོངས་

སུ་སྨིན་པར་བྱ་བ་འབྱམ་ཀླས་པ་དེ་དག་རེ་རེ་ཞིང་ཡང་སེམས་ཅན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་སངས་རྒྱས་ཀྱི་ཆོས་ལ་འདུལ་ཏེ། དེ་ལྟར་སྙོམས་པར་ཞུགས་ཤིང་རྣམ་པར་

འཕྲུལ་པ་རྒྱ་ཆེན་པོ་སྟོན་པ། ཏིང་ངེ་འཛིན་གྱི་ཡུལ་ཟིལ་གྱིས་མྱི་ནོན་པ། སྤྲུལ་པའི་སྒྱུ་མ་སྣ་ཚོགས་ལ་མངོན་པར་ཞེན་པ་མེད་པ། རང་བཞིན་ཚད་མེད་པ་མཐའ་དང་དབུས་མེད་པ་བརྗོད་དུ་མེད་པ་དང་ལྡན་པ། ཆོས་ཀྱི་དབྱིངས་རྡུལ་མེད་པའི་རང་བཞིན་ཅན་

ཡང་དག་པའི་མཐའི་མཚན་ཉིད་ཅན། དེ་བཞིན་གཤེགས་པའི་རིགས་ལ་སྤྱོད་པ། ཆགས་པ་མེད་པའི་མཐར་ཐུག་པ། གནས་མེད་པ། ལེན་པ་མེད་པ། རྩ་བ་མེད་པ། ཟབ་པ། གཏིང་དཔག་དཀའ་བ། མངོན་སུམ་དུ་ཁོང་དུ་ཆུད་པས་རབ་ཏུ་རྟོགས་པ་

ཚད་མེད་པ་རྨོངས་པ་མེད་པ། གཞི་མེད་པ། ཆོས་ཀྱི་དབྱིངས་ཀྱི་གནས་གཞི་མེད་པ་དང་ལྡན་པ། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པ། དེ་བཞིན་གཤེགས་པའི་སྟོབས་དང་རྒྱུ་མཐུན་པའི་འབྲས་བུ་

ཅན། སངས་རྒྱས་ཀྱི་ཡུལ་གྱི་རྗེས་སུ་སྙེགས་པ། བྱང་ཆུབ་སེམས་དཔའི་ཚེ་གཅིག་པའི་མངོན་སུམ་དུ་གྱུར་པ། བྱང་ཆུབ་སེམས་དཔའི་མིག་རྡུལ་མེད་པ་དང་ལྡན་པ། ཤེས་རབ་ཀྱི་མིག་ཀུན་ཏུ་སྤྱོད་པ་ཅན། ཤའི་མིག་རྡུལ་དང་བྲལ་ཞིང་རྡུལ་མེད་པར་

ཡང་དག་པར་སྐྱེས་པ། སངས་རྒྱས་ཀྱི་སྤྱན་ཀུན་ཏུ་སྣང་བ་ཅན། ཡེ་ཤེས་ཀྱི་མིག་ཞེས་བྱ་བའི་དོན་གྱི་ཡུལ་དང་། རྣམ་པ་རབ་ཏུ་སྟོན་པ་ཅན་ཆོས་ཀྱི་སྒོ་འབྱེད་པའི་སྐྱེས་བུ་དམ་པ་ཡང་དག་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཡོངས་

เล่ม ๓๖ · หน้า 337a

སུ་རྫོགས་པ། ཡུལ་ལ་ཐོགས་པ་མེད་པ། ཡེ་ཤེས་ཀྱི་རྣམ་པའི་འབྱུང་གནས་སུ་གྱུར་པ། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ། སྐྱེ་བ་མེད་པ་ཡང་དག་པར་བྱུང་བ། རྣམ་པར་འཕྲུལ་པས་སྐྱེ་བ་

ཀུན་ཏུ་སྟོན་པ། བྱིན་གྱི་རླབས་ཀྱི་ཡུལ་ལ་མཁས་པ། ཡོན་ཏན་མཆོག་གིས་རྣམ་པར་དག་པ། བསམ་པ་འོད་གསལ་བའི་སྙིང་པོ་ཅན། མོས་པ་ཤིན་ཏུ་དགེ་པས་ཡེ་ཤེས་ནམ་མཁའི་དབྱིངས་ཀུན་ནས་ཁེབས་པ་དང་ལྡན་པ།

འཕགས་པའི་ཚོགས་ཀྱིས་བལྟ་བར་འོས་པ། སྨོན་ལམ་མངོན་དུ་གྱུར་པ། འདོད་པ་ཡོངས་སུ་རྫོགས། ཡོན་ཏན་བསྔགས་པ་ཟད་མི་ཤེས་པ། སངས་རྒྱས་ཐམས་ཅད་ཀྱི་ལྷག་མཐོང་གི་མཛོད་དུ་གྱུར་པ། སངས་རྒྱས་ཀྱི་བྱང་

ཆུབ་ཀྱི་འབྱུང་གནས་རྒྱ་མཚོར་གྱུར་པ་ཡེ་ཤེས་རིན་པོ་ཆེ་ཐམས་ཅད་ཀྱིས་ཤིན་ཏུ་བརྒྱན་པ། ཡེ་ཤེས་ཀྱི་སྐྱེས་བུ་པུན་ད་རི་ཀར་བྱུང་བ། སེམས་ཅན་གྱི་དོན་མཐའ་དང་དབུས་མེད་པར་རབ་ཏུ་སྒྲུབ་པ། སངས་རྒྱས་ཀྱི་ཡེ་ཤེས་མུ་མེད་པ་ལ་

ཞུགས་པའི་འོད་གཟེར་གྱིས་སྣང་བར་གྱུར་པ། ཡེ་ཤེས་ཀྱི་འོད་ཡོངས་སུ་སྣང་བ། ཆོས་རྣམ་པར་དག་པ་སྣང་བས་ཀུན་ཏུ་སྤྱོད་པ། ཤིན་ཏུ་དབེན་པའི་སྒོར་གྱུར་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པར་དམིགས་པའི་ཡེ་

ཤེས་ཀྱི་མཐར་ཐུག་པ། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཐབས་དང་ལྡན་པ། ཡོན་ཏན་གྱི་སྤྱོད་པ་ལས་བྱུང་བ། སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའི་ཚུལ་རབ་ཏུ་ཤེས་པ། བྱང་ཆུབ་སེམས་དཔའི་བཙུན་སྤུ་

ལ་རབ་ཏུ་གནས་པ། སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་དགོངས་པས། རབ་ཏུ་ཞུགས་པ། སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་བྱིན་དང་། སྙིང་པོ་ཅན། དྲན་པ་བསམ་གྱིས་མི་ཁྱབ་པ་རྩེ་གཅིག་ཏུ་

เล่ม ๓๖ · หน้า 337b

གྱུར་པ། དམིགས་པ་མེད་པའི་ཡུལ་དང་མཚན་མ་སྟོན་པ། ཤིན་ཏུ་ཡངས་པ་ལས་ཡང་དག་པར་བྱུང་བའི་རྒྱུད་ཅན། ཆགས་པ་མེད་པའི་སྤྱོད་ཡུལ་དུ་ཁོང་དུ་ཆུད་པའི་ཆོས་ཀྱི་དབྱིངས་ཀྱིས་བྱང་ཆུབ་ཚད་མེད་པ་ནམ་མཁའི་དབྱིངས་

ལྟར་ཡངས་ཤིང་ས་མཚམས་མེད་པའི་སངས་རྒྱས་ཀྱི་ཡུལ་གྱིས་འཇིག་རྟེན་ཐམས་ཅད་དུ། སེམས་ཅན་གྱི་དོན་བྱེད་པ། ཐམས་ཅད་མཁྱེན་པའི་དེག་བའི་རྩ་བ་དང་། རྒྱུ་མཐུན་པའི་ཡེ་ཤེས་ཚད་མེད་པའི་ཡུལ་རྣམ་པར་

ནོན་པ། དག་ཅིང་དྲག་ཤུལ་ཆེ་བའི་ཡེ་ཤེས་ཀྱིས་གྲུབ་པ། བྱང་ཆུབ་སེམས་དཔའི་བསམ་པ་དང་ཡང་དག་པར་འགྲོགས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རིགས་དག་པར་བྱེད་པ་དེ་བཞིན་གཤེགས་པའི་བྱང་ཆུབ་ཡིད་དུ་འོང་བ་

དང་ལྡན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཀྱིས་ཁ་ན་མ་ཐོ་བ་མེད་པའི་ཚུལ་ཤིན་ཏུ་ཕྲ་བའི་ཐབས་ཤེས་པ། རྟོགས་པ་རྡོ་རྗེ་ལྟ་བུའི་སྟོབས་དང་མཐུས་བྱུང་བ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་རྟོགས་པར་

གྱུར་པ། སེམས་ཅན་གྱིས་ཐོས་པར་དཀའ་བ་མི་གཉིས་པའི་སྒོར་ཞུགས་པ། ཆོས་ཀྱི་ཚུལ་མཚན་ཉིད་མེད་པ་ལ་གཞོལ་བ། མཚན་མའི་རྒྱུད་ཀྱི་ཆོས་སྟོན་པ་ཐམས་ཅད་ལས་ཤིན་ཏུ་འཕགས་པ། སེམས་ཅན་བསམ་པ་བཞིན་དུ་

འདུལ་བ་ཡང་དག་པར་སྟོན་པ། དད་པ་ཇི་ལྟ་བ་བཞིན་དུ་འགྲོ་བ་ཚིམ་པར་བྱེད་པ། ཆོས་ཀྱི་དབྱིངས་ཐ་མི་དད་པའི་རང་བཞིན་ཅན། ཡེ་ཤེས་མི་ཟད་པའི་ཡུལ་ཤིན་ཏུ་ནོན་པ། བྱང་

ཆུབ་སེམས་དཔའི་མཐུ་ཆེན་པོས་བྱུང་བ། བྱང་ཆུབ་སེམས་དཔའི་མཉམ་པ་ཉིད་ཐུབ་པ་མེད་པ་རབ་ཏ་ཐོབ་པ། དེ་བཞིན་གཤེགས་པ་མཐོང་བའི་ཡོན་ཏན་ལ་འཇུག་པ། ཐམས་ཅད་ཀྱི་མཐའི་རྗེས་སུ་འགྲོ་བ། རྣམ་པར་ཕྱེ་བ་ཐམས་ཅད་ལ་མཁས་པའི་ཡེ་ཤེས་དང་ལྡན་པ། ཆོས་ཀྱི་

เล่ม ๓๖ · หน้า 338a

གྲངས་ཡོངས་སུ་སྟོན་པ། ཞིང་ཐམས་ཅད་རྣམ་པར་དམིགས་པར་བྱ་བ་ལ་རབ་ཏུ་གཞོལ་བ། ཞིང་དག་པར་བྱ་བར་དཀའ་བ་ཐམས་ཅད་ཀྱི་རྒྱན་དུ་གྱུར་པ། སངས་རྒྱས་ཀྱི་ཆོས་སྣང་བ་ཐམས་ཅད་

ཡང་དག་པར་སྟོན་པ། བྱང་ཆུབ་སེམས་དཔའི་གནས་ཀྱིས་བྱུང་བ་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་རབ་ཏུ་བརྗོད་པ། འཇིག་རྟེན་ཐམས་ཅད་ལ་རྣམ་པར་ལྟ་བ་དགེ་བ་མཐའ་དང་མུ་མེད་

པས་ཡང་དག་པར་བྱུང་བ། འཇིག་རྟེན་གྱི་རྩོམ་པ་ཐམས་ཅད་ལས་རྣམ་པར་འདས་པ། སངས་རྒྱས་ཀྱི་འཇིག་རྟེན་ལས་འདས་པས་ཤིན་ཏུ་བྱུང་བ། མཚུངས་པ་མེད་པ་དང་། འདྲ་བ་མེད་པའི་དབང་གིས་ཤེས་པར་གྱུར་པ།

མཁས་པས་ཁོང་དུ་ཆུད་པ། སྐྱེས་བུ་དམ་པས་ཡང་དག་པར་བསུ་བ། མ་བྱོན་པའི་སངས་རྒྱས་ཐམས་ཅད་ཀྱི་རྒྱུད་ཡོངས་སུ་འཛིན་པ། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་གྱིས་བྱུང་བ། ལྷག་པའི་བསམ་པ་རྣམ་པར་

དག་པས་འབྲས་བུ་ཡོངས་སུ་གྲུབ་པ། ལྷག་པའི་བསམ་པ་ཆེ་བ་ཉིད་ལ་གནས་པ་རབ་ཏུ་ཐོབ་པ། མཉན་པ་དང་བསྟན་པའི་དགེ་བའི་རྩ་བ་ཐོབ་པར་བྱ་བ་རབ་ཏུ་ཐོབ་པ། ཆོས་ཐམས་ཅད་ལ་ཆགས་པ་མེད་པར་གནས་པའི་མཐའི་དཀྱིལ་འཁོར་དང་ལྡན་པ། གཡོ་

བ་མེད་པར་ཀུན་ཏུ་སྤྱོད་པ་རློམ་སེམས་ཐམས་ཅད་རྣམ་པར་འཇིག་པ། གཡོ་བ་ཐམས་ཅད་ལས་ཡང་དག་པར་ལངས་པ། ཆོས་ལ་གནས་པས་ཡེ་ཤེས་རྣམ་པར་སྣང་བ་དང་ལྡན་པ། མུན་པ་མེད་པ་ལ་ཞུགས་པ། སངས་རྒྱས་ཀྱི་ཆོས་

ཐམས་ཅད་ལ་ཡང་དག་པར་ཞུགས་པས་སྣང་བ་ཐོབ་པ། འགག་པ་མེད་པར་སྲིད་པ་ཐམས་ཅད་ལས་ཤིན་ཏུ་འཕགས་པ། སྲིད་པ་ཐམས་ཅད་ཁོང་དུ་ཆུད་པ་འདུས་བྱས་ཐམས་ཅད་ཡུལ་དུ་གྱུར་པའི་ཐ་དད་པ་ཡང་དག་པར་ཤེས་པ་དང་

เล่ม ๓๖ · หน้า 338b

ལྡན་པ། མངོན་པར་འདུ་བྱ་བ་མེད་པའི་རང་བཞིན་དང་། ངོ་བོ་ཉིད་ཅན་ལུས་ཀྱི་ལས་མཐའ་ཡས་པ་དང་ལྡན་པ། ངག་གི་ལས་མུ་མེད་པ་དང་ལྡན་པ། ཡིད་ཀྱི་ལས་མཐའ་དང་དབུས་མེད་པ་དང་ལྡན་པ། ཐ་སྙད་དང་ཡི་གེའི་

རྒྱུད་བརྗོད་དུ་མེད་པ་དང་ལྡན་པ། སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་ལ་ཞུགས་པ། འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་ཁོང་དུ་ཆུད་པས་ཆགས་པ་མེད་ཅིང་བཅིངས་པ་མེད་པ་འདུ་ཤེས་ཐམས་ཅད་དང་བྲལ་བའི་ཡུལ་ལ་ཤིན་ཏུ་བསྒོམས་

པ། ཆོས་ཀྱི་དབྱིངས་གཟུགས་མེད་པ་ནམ་མཁའི་རང་བཞིན་ལྟ་བུས་ཡང་དག་པར་བྱུང་བ། ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རྣམ་པར་བསྒོམ་པ་ལ་རབ་ཏུ་ཞུགས་པ། ཆོས་ཀྱི་དབྱིངས་བསྟན་པ་ལ་ཡེ་ཤེས་དབང་དུ་གྱུར་

པ། ཐམས་ཅད་མཁྱེན་པའི་ཡུལ་མ་འདྲེས་པའི་སྒོ་མངོན་པར་བསྒྲུབས་པ། སྟོབས་བཅུའི་སར་ཤེས་པར་བྱ་བ་ཤིན་ཏུ་བསླབས་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྟེགས་དང་ལྡན་པ། ཆོས་ཐམས་ཅད་ལ་ལྷག་མཐོང་

གི་ཡེ་ཤེས་དང་ལྡན་པ། བྱང་ཆུབ་སེམས་དཔའ་ཆོས་དེ་དང་དེ་དག་རྣམ་པར་དགོད་པའི་དོན་ཁོང་དུ་ཆུད་པར་བྱ་བ་ལ་ཡེ་ཤེས་ཀྱི་མིག་གིས་ཞི་གནས་ཀྱིས་ཡང་དག་པར་ནོན་ཅིང་ཡེ་ཤེས་ཆེན་པོ་བསྒོམ་པས་རྣམ་པར་སྣང་བར་གྱུར་པའི་ཁྱད་

པར་ཅན་གྱི་སྨོན་ལམ་དང་ལྡན་པ། རབ་ཏུ་སྟོན་པ་སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་མཐུ་ཐ་དད་པ་མེད་པ་བསྟན་པ་སྟེ། དེ་ཉིད་ཆགས་པ་མེད་པའི་སྒོའི་ཚུལ་ལོ། །དེ་ཉིད་བྱང་ཆུབ་སེམས་དཔའ་མང་པོའི་འབྱུང་བའོ། །

དེ་ཉིད་བྱང་ཆུབ་སེམས་དཔའི་མཐུས་ཐམས་ཅད་མཁྱེན་པའི་བརྩོན་འགྲུས་ལ་འཇུག་པ་སྟེ། ཆགས་པ་མེད་པ་ལ་གནས་པར་བྱ་བའི་ཕྱིར་ཞིང་རྣམས་ཀྱི་ཞིང་ངོ་། །སེམས་ཅན་མེད་པའི་མཐའ་ལ་གནས་པར་བྱ་བའི་ཕྱིར། སེམས་

เล่ม ๓๖ · หน้า 339a

ཅན་གྱི་ཁམས་རྣམས་འདུལ་བའོ། དམིགས་པ་ཐམས་ཅད་མི་དམིགས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་སྟོན་པའོ། །རྟོག་པ་ཐམས་ཅད་ལས་རབ་ཏུ་དབེན་པར་བྱ་བའི་ཕྱིར་གཉིས་སུ་མེད་

པ་ཤིན་ཏུ་སྟོན་པའོ། །གཉིས་སུ་མེད་པའི་དོན་དུ་མངོན་པར་འདུ་བྱ་བ་མེད་པ་ཐམས་ཅད་ཀྱི་མངོན་པར་འདུ་བྱེད་པ་རབ་ཏུ་བརྗོད་པའོ། །གཟུགས་སུ་དམིགས་པ་མེད་ཀྱང་གཟུགས་ཀྱི་གྲངས་སུ་བསྟན་པ་དང་། ཚོར་བའི་ཡུལ་མེད་ཀྱང་ཚོར་བའི་

ཡུལ་དུ་བརྗོད་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཆེད་དུ་བརྗོད་པའོ། །ཕྱིན་ཅི་ལོག་ཐམས་ཅད་ཀྱང་བྱང་ལ་འདུ་ཤེས་ཀྱི་གནས་ཐམས་ཅད་ཀྱང་ཡོངས་སུ་སྟོན་པའོ། །མངོན་པར་འདུ་བྱ་བ་མེད་པར་ཡང་བསྟན་ལ་འདུ་བྱེད་

ཐམས་ཅད་ཀྱང་རབ་ཏུ་བརྗོད་པའོ། །འདུ་བྱེད་ཐམས་ཅད་ཀྱང་རྣམ་པར་མི་དམིགས་ལ་ཆོས་ཐམས་ཅད་རྣམ་པར་ཤེས་པར་ཡང་རབ་ཏུ་བརྗོད་པའོ། །ཆོས་ཀྱི་འཁོར་ལོ་ཡང་བྱིན་གྱིས་རློབ་ལ། ཆོས་ཐམས་ཅད་བརྗོད་དུ་

མེད་པར་ཡང་རབ་ཏུ་སྟོན་པའོ། །ཆོས་ཐམས་ཅད་ལའང་རྒྱུ་བ་མེད་ལ་ཆོས་ཀྱི་འཁོར་ལོའང་ཤིན་ཏུ་བསྐོར་བའོ། །ཆོས་ཐམས་ཅད་ལའང་རྣམ་པ་ཐ་དད་པ་མེད་པ་ལ་རྣམ་པར་དབྱེ་བ་ཡང་ཡོངས་སུ་སྟོན་པའོ། །

ཆོས་ཐམས་ཅད་ལ་སྐྱེ་བ་མེད་པར་ཡང་སྟོན་ལ། གཟུགས་རྣམས་འཇིག་པའི་མཚན་ཉིད་དུའང་བརྗོད་པའོ། །ཆོས་ཐམས་ཅད་ཤིན་ཏུ་ཕྲ་བར་ཡང་ཁོང་དུ་ཆུད་ལ། ཕྲ་བ་རྣམས་ཤིན་ཏུ་ཡངས་པར་ཡང་སྟོན་པའོ། །བླ་ན་མེད་པའི་ཆོས་ཀྱང་

སྦྱིན་པར་བྱེད་ལ། གོང་མའི་གོ་འཕང་ཤེས་པར་བྱ་བ་ཡང་རབ་ཏུ་སྟོན་པའོ། །ཆོས་ཐམས་ཅད་བརྗོད་དུ་མེད་པར་ཡང་རྗོད་ལ། བརྗོད་པའི་ཚིག་དང་ཡི་གེའི་རྒྱན་རྣམ་པར་དག་པ་ཡང་རབ་ཏུ་སྟོན་པའོ། །ཕྱི་དང་ནང་གི་ཆོས་

เล่ม ๓๖ · หน้า 339b

མེད་པར་བསྟན་པ་ལའང་ཤིན་ཏུ་མཁས་ལ་ཆོས་ཐམས་ཅད་སེམས་མེད་ཅིང་བརྟགས་པའི་རྒྱུད་ཇི་ལྟ་བ་བཞིན་དུ་འང་རབ་ཏུ་སྟོན་པའོ། །ཡོངས་སུ་འགྲུབ་པ་ཚད་མེད་པས་འབྱུང་བ་ཡང་ཁོང་དུ་ཆུད་ལ། བྱང་བའི་མཐར་ཕྱིན་པས་ཆོས་

ཐམས་ཅད་ཟག་པ་ཟད་པར་ཡང་རབ་ཏུ་སྟོན་པའོ། །ཆོས་ཐམས་ཅད་ཉོན་མོངས་པ་མེད་པར་ཁོང་དུ་ཆུད་ལ་རང་བྱུང་གི་འདུ་ཤེས་ཀྱང་རབ་ཏུ་བརྗོད་པའོ། །ཆོས་ཐམས་ཅད་ལ་སློབ་དཔོན་མེད་པ་ཡང་ཤིན་ཏུ་སྟོན་ལ་བླ་མ་ལ་

བརྟེན་ཅིང་སྟེན་པར་ཡང་རབ་ཏུ་སྟོན་པའོ། །ཆོས་ཐམས་ཅད་གཞན་གྱི་དྲིང་མི་འཇོག་པར་ཡང་ཤེས་ལ་དགེ་བའི་བཤེས་གཉེན་གྱི་སྤྱོད་ཡུལ་ཡང་རབ་ཏུ་བརྗོད་པའོ། །ཆོས་ཐམས་ཅད་རྒྱུ་བ་མེད་པར་ཡང་བརྗོད་ལ་ཆོས་ཀྱི་འཁོར་

ལོ་བསྐོར་བ་ཡང་ཤིན་ཏུ་སྟོན་པའོ། །ཆོས་ཐམས་ཅད་འབྱུང་བ་མེད་པར་ཡང་རབ་ཏུ་ཤེས་ལ། རྒྱུ་ལས་འབྱུང་བའང་ཡོངས་སུ་མི་གཏོང་བའོ། །ཆོས་ཐམས་ཅད་ཐོག་མ་མེད་པར་ཡང་རབ་ཏུ་བརྗོད་ལ་སྔོན་གྱི་མཐའི་མུ་ཡང་

རབ་ཏུ་སྤྱོད་པའོ། །ཆོས་ཐམས་ཅད་འོང་བ་མེད་པར་ཡང་ཁོང་དུ་ཆུད་ལ་འོང་བའི་མཐའ་ཡང་རབ་ཏུ་བརྗོད་པའོ། །ཆོས་ཐམས་ཅད་མ་འོངས་པ་དང་། ད་ལྟར་བྱུང་བ་མེད་པར་ཡང་རབ་ཏུ་སྟོན་ལ། ད་ལྟར་བྱུང་བར་ཡང་ཤིན་ཏུ་སྟོན་

པའོ། །བྱ་བ་མེད་པའི་ལམ་ཡང་ཡོངས་སུ་བརྗོད་ལ་བྱ་བའི་ལམ་ཡང་ཤིན་ཏུ་སྟོན་པའོ། །ཆོས་ཐམས་ཅད་རྒྱུ་བ་མེད་པར་ཡང་རབ་ཏུ་ཤེས་ལ། རྒྱུ་བསགས་པར་ཡང་རབ་ཏུ་བརྗོད་པའོ། །ཆོས་ཐམས་ཅད་མཉམ་པ་མེད་

པར་ཡང་སྟོན་ལ། མཉམ་པ་ཉིད་ཀྱི་ལམ་གྱིས་ལམ་གོས་པ་འང་རབ་ཏུ་བརྗོད་པའོ། །ཆོས་ཐམས་ཅད་ཚིག་གི་ལམ་དང་བྲལ་བར་ཡང་སྟོན་ལ་དུས་གསུམ་ཤིན་ཏུ་བསྟན་པའང་ཤིན་ཏུ་རྟོགས་པར་བྱེད་པའོ། །ཆོས་ཐམས་ཅད་གནས་པ་མྱེད་པར་

เล่ม ๓๖ · หน้า 340a

ཡང་སྟོན་ལ་གནས་ཤིན་ཏུ་གཞོམ་པ་ལ་རབ་ཏུ་མཁས་པའོ། །ཆོས་ཐམས་ཅད་ལུས་མེད་ཀྱང་། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡང་རབ་ཏུ་ཐོབ་པར་བྱེད་པའོ། །འདས་

པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱང་ཤིན་ཏུ་སྟོན་ལ་སངས་རྒྱས་གཅིག་པར་བསྟན་པ་ཡང་རབ་ཏུ་སྟོན་ཏོ། །ཆོས་ཐམས་ཅད་ལ་བརྗོད་པ་མེད་པར་ཡང་ཁོང་དུ་ཆུད་ལ་ཆོས་ཐམས་ཅད་ཡོངས་སུ་

བརྗོད་པ་འང་རབ་ཏུ་སྟོན་ཏོ། །ཆོས་ཐམས་ཅད་བལྟར་མེད་པར་ཡང་སྟོན་ལ་ལྟ་བ་འང་རབ་ཏུ་བརྗོད་པའོ། །ཆོས་ཐམས་ཅད་ལ་མཐའ་མེད་པར་ཡང་སྟོན་ལ་ཆོས་བསྟན་པའི་རྣམ་པས་ཀྱང་རབ་ཏུ་བརྗོད་པའོ། །ཆོས་ཐམས་

ཅད་ལ་ཡུལ་མེད་ཀྱང་ཡེ་ཤེས་ཀྱི་ཡུལ་དུ་རབ་ཏུ་བརྗོད་པའོ། །ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཁྱད་པར་མེད་ཀྱང་འབྲས་བུའི་ཁྱད་པར་རྣམ་པར་སྦྱང་བ་རབ་ཏུ་སྟོན་པའོ། །ཆོས་ཐམས་ཅད་ལ་འབྱུང་བ་མེད་ཀྱང་སྤྱོད་པས་འབྱུང་བའི་

ཁྱད་པར་རབ་ཏུ་སྟོན་པའོ། །ཆོས་ཐམས་ཅད་ཀུན་ཏུ་ཁྱབ་པ་ཡིན་ཡང་མདོས་ཡོངས་སུ་བརྗོད་པ་ཤིན་ཏུ་སྟོན་པའོ། །ཆོས་ཐམས་ཅད་ལ་སྣང་བ་མེད་ཀྱང་སྣང་བ་ཡོངས་སུ་བརྗོད་པའི་ཕྱིར་རྣམ་པར་སྣང་བར་བྱེད་པ་སྟེ། དེ་ལྟར་རྒྱ་ཆེ་

བའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ལ། བྱང་ཆུབ་སེམས་དཔའ་རྣམས་འཇུག་གོ །ཁོང་དུ་ཆུད་པར་བྱེད་དོ། །ཐོབ་པར་བྱེད་དོ། །རྗེས་སུ་སྙེགས་པར་བྱེད་དོ། །ཤིན་ཏུ་སྒྲུབ་པར་བྱེད་དོ། །ཡོངས་སུ་

རྫོགས་པར་བྱེད་དོ། །ཤིན་ཏུ་སྩོགས་སོ། །ཡོངས་སུ་སྦྱོང་ངོ་། །སྙོམས་པར་འཇུག་གོ །ཆོས་ཐམས་ཅད་དེའི་ཆོས་ཉིད་དང་རང་བཞིན་དང་ཡེ་ཤེས་ཀྱི་སྙིང་པོའི་ཚུལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཆོས་སུ་ཁོང་དུ་ཆུད་པར་

เล่ม ๓๖ · หน้า 340b

བྱེད་ཀྱང་། བྱང་ཆུབ་སེམས་དཔའ་དེ་ནི། འདི་སྙམ་དུ་མི་སེམས་ཏེ་བྱང་ཆུབ་སེམས་དཔའ་ནི་འདི་སྙེད་ཅིག་གོ །བྱང་ཆུབ་སེམས་དཔའི་ཆོས་ནི་འདི་སྙེད་ཅིག་གོ། །བྱང་ཆུབ་སེམས་དཔའི་མཐར་ཐུག་པ་ནི་འདི་ཙམ་ཞིག་གོ །སྤྲུལ་པའི་

བྱིན་གྱི་རླབས་ནི་འདི་ཙམ་ཞིག་གོ །མངོན་པར་ཤེས་པ་བསྒྲུབ་པ་ནི་འདི་སྙེད་ཅིག་གོ །ཡེ་ཤེས་ནི་འདི་ཙམ་ཞིག་གོ །ངེས་པར་རྟོགས་པར་བྱ་བ་ནི་འདི་ཙམ་ཞིག་གོ །རྗེས་སུ་སྙེགས་པ་ནི་འདི་ཙམ་ཞིག་གོ །འཇུག་པར་བྱ་

བ་ནི་འདི་ཙམ་ཞིག་གོ །བྱང་ཆུབ་སེམས་དཔའི་ཡུལ་ནི་འདི་ཙམ་ཞིག་གོ་སྙམ་དུ་སེམས་པ་མེད་དོ།། །།སངས་རྒྱས་རྨད་ག་ཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །བམ་པོ་ཉི་ཤུ་

དྲུག་པ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམས་ནི་རྣམ་པ་དེ་ལྟ་བུ་སྟེ། དེ་ལྟར་ཚད་མེད་པའི་ཕྱིར་རོ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམས་ནི་དེ་ལྟ་བུའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །དེ་

དག་ནི་གཞན་དང་གཞན་གྱིས་བསྐྱེད་པ། གཞན་དང་གཞན་དུ་བྱིན་གྱིས་བརླབས་པ། གཞན་དང་གཞན་དུ་རྒྱུ་བ། ཆོས་རྣམ་པ་སྣ་ཚོགས་ཀྱི་སྒོ་ཅན་ཡེ་ཤེས་ཀྱི་སྒོ་བརྗོད་དུ་མེད་པ། བློས་རྣམ་པར་བརྟག་ཅིང་རྣམ་པར་དབྱེ་བས་ཁྱད་པར་གྱི་

མཐའ་མེད་པ་ངེས་པར་རྟོགས་པ་གྲངས་མེད་པས་ཁོང་དུ་ཆུད་པ། ཡེ་ཤེས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པས་རྒྱ་ཆེ་བ། སངས་རྒྱས་མཐོང་བ་སྣ་ཚོགས་ཀྱི་མཛོད་དུ་གྱུར་པས་མཐའ་དང་དབུས་མེད་པ་མོས་པས་རྣམ་པར་

དག་པ། དབང་པོ་ཤིན་ཏུ་ཡངས་པ། མངོན་པར་ཤེས་པ་རབ་ཏུ་རྣོ་བ། བསྩགས་པ་མེད་པའི་སྤྱོད་ཡུལ་ཅན། ཀུན་ཏུ་ལྟ་བས་རབ་ཏུ་ཐོབ་པ། སངས་རྒྱས་ཐམས་ཅད་བལྟ་བས་གྲུབ་པ། ཀུན་ཏུ་བཟང་པོའི་ལྷག་པའི་བསམ་

เล่ม ๓๖ · หน้า 341a

པས་བསྒྲུབས་པ། ཡེ་ཤེས་ཀྱི་རྒྱལ་པོའི་སྐུ་ལས་བྱུང་བ། དེ་བཞིན་གཤེགས་པས་བསྟན་པའི་ཡེ་ཤེས་ཚད་མེད་པ་རྣམ་པར་འཕྲུལ་བའི་རྣམ་པར་ཕྱེ་བ་མཐའ་དང་དབུས་མེད་པ། སངས་རྒྱས་ཐམས་

ཅད་ཀྱི་ཡེ་ཤེས་ཟད་མི་ཤེས་པ་ལས་གོལ་བ་མེད་པའི་སྒོ་ཅན། སངས་རྒྱས་ཀྱི་ཡུལ་ཐམས་ཅད་མངོན་སུམ་དུ་གྱུར་བ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བས་རྣམ་པར་སྦྱང་བ། སྒོ་

ཐམས་ཅད་ཀྱི་དཀྱིལ་འཁོར་རབ་ཏུ་སྐྱེས་པས་དཔེ་མེད་པར་བརྗོད་པ། དམིགས་པ་ཤིན་ཏུ་ཕྲ་བས་ཆོས་ཀྱི་དབྱིངས་ཐམས་ཅད་ལ་ཡང་དག་པར་གཞོལ་བ། ཆོས་ཀྱི་དབྱིངས་ཐམས་ཅད་མ་ལུས་པར་དམིགས་པོ་ཤིན་ཏུ་

ཕྲ་བས་བྱིན་གྱིས་རློབ་པ། འཕགས་པར་གསུང་བའི་ཐམས་ཅད་མཁྱེན་པས་ཤིན་ཏུ་སྣང་བར་བྱས་པ། དབང་གི་དམིགས་པ་ཐམས་ཅད་མངོན་པར་བསྒྲུབ་པ། ཆོས་ཀྱི་སྒོ་ཐམས་ཅད་ཀྱི་མཐར་ཕྱིན་པའི་ཐ་དད་པ་ཡང་དག་པར་

ཤེས་པ་ཅན། ཆོས་ཀྱི་དབྱིངས་ཀྱིས་ཀླས་པའི་ཡེ་ཤེས་ཀྱི་ལུས་དང་ལྡན་པ། ཐམས་ཅད་དུ་འགྲོ་བའི་ལམ་གྱིས་གྲུབ་པ། ཏིང་ངེ་འཛིན་ཐམས་ཅད་མཁས་པར་ཁོང་དུ་ཆུད་པ། སེམས་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་

པ་དག་སྟེ། སེམས་སྐད་ཅིག་རེ་རེ་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་གནས་ཏེ། ཏིང་ངེ་འཛིན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཕྲག་བརྒྱ་ལ་སྙོམས་པར་ཞུགས་ཀྱང་། བྱང་ཆུབ་སེམས་དཔའ་

ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་དང་། ཡུལ་གྱི་རྒྱན་གྱི་སྣང་བས་ཡོངས་སུ་སྣང་བར་བྱ་བ་རྣམས་ཀྱི་མཐའ་དམིགས་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པ་སྟེ། ཐམས་ཅད་ཀྱང་ཁོང་དུ་ཆུད་པར་

เล่ม ๓๖ · หน้า 341b

བྱ་བའོ། །ཞིང་རྣམས་ནི་མུ་མེད་པ་སྟེ་ཐམས་ཅད་ཀྱང་ཁོང་དུ་ཆུད་པར་བྱ་བའོ། །སེམས་ཅན་གྱི་ཁམས་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ་སྟེ། དེ་དག་ནི་རྡོ་རྗེའི་ཚིག་ཁོང་དུ་ཆུད་པར་བྱ་བའོ། །དེ་དག་གི་ཁྱད་པར་ཐམས་ཅད་ཀྱང་ཁོང་

དུ་ཆུད་པར་བྱ་བའོ། །སྔོན་གྱི་མཐའ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ། དེ་དག་ཀྱང་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའོ། །ཕྱི་མའི་མཐའ་ནི་མུ་མེད་པ་སྟེ། དེ་དག་ཀྱང་ལྷག་མ་མ་ལུས་པར་ཁོང་དུ་ཆུད་པར་བྱ་བའོ། །ད་ལྟར་

བྱུང་བའི་དུས་ནི་མཐའ་དང་དབུས་མེད་པ་སྟེ། ནམ་མཁའི་དབྱིངས་ཀྱིས་ཀླས་པ། ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ་སྟེ། དེ་ཡང་མ་ལུས་པར་ཁོང་དུ་ཆུད་པར་བྱ་བའོ། །སངས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་

མི་ཁྱབ་པའི་ཡུལ་ཏེ། དེ་དག་ཀྱང་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་གྲངས་མེད་པ་སྟེ། དེ་དག་ཀྱང་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའོ། །སངས་རྒྱས་ཀྱི་ཐུགས་སུ་ཆུད་པ་དང་དགོངས་པ་ནི་ཡུལ་མཐའ་

ཡས་པ་ཡུལ་བརྗོད་དུ་མེད་པ་སྟེ། དེ་དག་ཀྱང་ཐམས་ཅད་ཁོང་དུ་ཆུད་པར་བྱ་བའོ། །ཆོས་སུ་དམིགས་པ་ཐམས་ཅད་ནི་སེམས་ཀྱི་རང་བཞིན་མཐར་ཕྱིན་པ་མེད་པ་སྟེ། དེ་དག་ཀྱང་ཐམས་ཅད་ལྷག་མ་མེད་པར་ཁོང་དུ་ཆུད་པར་བྱ་བའོ། །

དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་དཔེར་ན། ཡིད་བཞིན་གྱི་ནོར་བུ་ལས་ནི་ཇི་བསམ་པ་ཐམས་ཅད་འབྱུང་ཡང་དེ་སྙེད་དུ་མངོན་པར་འདུ་བྱེད་པས་སྟོངས་པར་མི་འགྱུར་ཞིང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཡང་རྒྱུན་ཆད་

པ་མེད་དོ། །ཟད་པར་འགྱུར་བ་མེད་དོ། །ཡིད་བཞིན་གྱི་ནོར་བུ་དེ་ཡང་རྒྱུན་གཅོད་པར་སེམས་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་སྒྱུ་མ་ལྟ་བུ་ལ་ཞུགས་པས་ཆོས་ཀྱི་དམིགས་པ་ཐམས་ཅད་མངོན་པར་བསྒྲུབ་

เล่ม ๓๖ · หน้า 342a

ཀྱང་མཐར་ཕྱིན་པའི་སེམས་མི་བསྐྱེད་དེ་ཏིང་ངེ་འཛིན་དེ་དང་དེ་དག་གི་རྒྱུན་ཡོངས་སུ་མི་གཅོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སྒྱུ་མའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བ་ཚད་མེད་པ་ལ་

ཞུགས་པས་ཀུན་ཏུ་བཟང་པོའི་སྤྱོད་པ་དོན་ཡོད་པ་ངེས་པར་རྟོགས་པ་ལ་གནས་པ་དང་། མངོན་པར་བསྒྲུབ་པ་ཁོང་དུ་ཆུད་པའི་ཡེ་ཤེས་ཀྱི་སྒོ་དང་ལྡན་པས་དེ་ལ་རྒྱས་པར་འགྱུར་བ་འམ། འབྲི་བར་འགྱུར་བ་མེད་དོ། །འདི་ལྟ་སྟེ་དཔེར་ན།

བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་སེམས་ཀྱི་སྒོ་མུ་མེད་པ་སྟེ། དེ་དག་གི་སེམས་ནི་མ་སྐྱེས་མི་སྐྱེ་སྐྱེ་བར་མི་འགྱུར་བ་ཡིན་ཡང་། དེ་དག་གི་སེམས་སྐྱེ་བ་དང་། སྐྱེ་བར་འགྱུར་བའང་མཐའ་མེད་པ་སྟེ། ཐུག་པ་མེད་པའོ། །

ཟད་པར་མི་འགྱུར་བའོ། །སེམས་ཀྱི་རྒྱུད་ཡོངས་སུ་རྒྱུན་ཆད་པ་མེད་དེ་བསམ་གྱིས་མི་ཁྱབ་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་རྣམ་པ་སྒྱུ་མའི་སྒོ་མང་པོ་ཀུན་དང་ལྡན་པ་འདི་ལྟ་བུ་ལ་སྙོམས་པར་ཞུགས་པ་ལའང་

མུར་ཐུག་པ་མེད་དོ། །ཚད་ཀྱིས་གཅལ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་དེ་སྙེད་དུ་ཚད་མེད་པའི་ཆོས་ཀྱི་ཚུལ་གྱི་སྒོ་ཁོང་དུ་ཆུད་པའི་ཕྱིར་རོ། །འདི་ལྟ་སྟེ་དཔེར་ན། ཀླུའི་རྒྱལ་པོ་རྒྱ་

མཚོ་ཆེན་པོ་དང་། དགའ་བོ་དང་བསྙེན་དགའ་བོ་དང་། ཡིད་དུ་འོང་བ་དང་། ཀླུའི་རྒྱལ་པོ་ཆེན་པོ་དེ་མ་ཡིན་པ་དག་གིས་ཆར་ཕབ་ན་ཆར་བའི་ཐིགས་པ་རེ་རེ་ཞིང་བ་རུ་རའི་འབྲས་བུ་ཙམ་གྱི་རྒྱུན་དུ་ཕབ་ཀྱང་། ཆར་པ་དེ་ལ་ཟད་ཅེས་བྱ་བ་མེད་

དོ། །སྔར་བབ་པ་དེ་ཉིད་ཕྱིར་འབབ་ཅེས་བྱ་བ་མེད་དོ། །སྤྲིན་གྱི་མངོན་པར་འདུ་བྱ་བ་ལ་ཟད་ཅེས་བྱ་བ་མྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་སྒོ་དང་ཡེ་ཤེས་ཀྱི་སྒོ་དང་། ཆོས་ཀྱི་སྒོ་དང་སངས་

เล่ม ๓๖ · หน้า 342b

རྒྱས་ལྟ་བའི་སྒོ་དང་། ཕྱོགས་སུ་འགྲོ་བའི་སྒོ་དང་སེམས་ཀྱི་དབང་གི་རྗེས་སུ་འགྲོ་བའི་སྒོ་དང་། བྱིན་གྱི་རླབས་ཀྱི་སྒོ་དང་། ཆོ་འཕྲུལ་གྱི་སྒོ་དང་། རྣམ་པར་འཕྲུལ་བའི་སྒོ་དང་། མྱ་ངན་ལས་འདས་པའི་ཚུལ་གྱི་སྒོ་དང་། ཆོས་

ཀྱི་ཚུལ་གྱི་སྒོ་དང་། བྱང་ཆུབ་སེམས་དཔའི་ཚོགས་རྒྱ་མཚོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཡོངས་སུ་རྫོགས་པར་བྱ་བའི་སྒོ་དང་། དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་

སྙེད་མངོན་པར་སངས་རྒྱས་པའི་དྲུང་དུ་འགྲོ་བའི་སྒོ་དང་། དབང་པོའི་དྲ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལ་འཇུག་ཅིང་ཁོང་དུ་ཆུད་པར་བྱ་བའི་སྒོ་དང་། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཐ་དད་པའི་བྱེ་བྲག་བརྗོད་དུ་མེད་པའི་ཡང་བརྗོད་

དུ་མེད་པ་སེམས་ཀྱི་ཚད་ཀྱིས་ཁོང་དུ་ཆུད་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་འབྱམ་ཀླས་པའི་སྒོ་དང་། འཇིག་རྟེན་གྱི་ཁམས་དངོས་པོ་ཡོད་པ་དང་དངོས་པོ་མེད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མྱེད་པའི་སྒོ་དང་། སེམས་ཅན་གྱི་འདུ་ཤེས་

ཁོང་དུ་ཆུད་པར་བྱ་བ་དང་། རྗེས་སུ་བསྙེག་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སྒོ་དང་། དུས་རྣམ་པ་ཐ་དད་ཅིང་བསྐལ་པ་མི་མཐུན་པ་ཁོང་དུ་ཆུད་པར་བྱ་བ་དང་། བསྟན་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མེད་པའི་སྒོ་དང་

འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་འབྱུང་བ་དང་། འཇིག་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་ཁོང་དུ་ཆུད་པའི་སྒོ་དང་། སངས་རྒྱས་ཀྱི་ཞིང་སྤྱིའུ་ཚུགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་

དང་། སྣྲེལ་ཞིར་རྒྱུ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཏུ་སེམས་ཀྱི་སྐད་ཅིག་གཅིག་གིས་བྱང་ཆུབ་ཏུ་རྣམ་པར་འཚང་རྒྱ་བར་བྱ་བའི་སྒོ་ལ་མཐའ་མེད་དོ། །ཟད་པ་མྱེད་དོ། །ས་མཚམས་མེད་དོ། །མུ་མེད་དོ། །སྐྱོ་བ་

เล่ม ๓๖ · หน้า 343a

མེད་དོ། །ཡོངས་སུ་ཡི་འཆད་པ་མེད་དོ། །ཐུག་པ་མྱེད་དོ། །རྒྱུན་ཆད་པ་མྱེད་དོ། །ཕྱིར་ལྡོག་པ་མེད་དོ། །ཆུད་ཟ་བ་མེད་དོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་དེ་ཆོས་ཀྱི་སྒོས་ཐུག་པ་མྱེད་པར་མི་འགྱུར་རོ། །

ངེས་པར་རྟོགས་པར་བྱ་བས་ཡོངས་སུ་ཡི་འཆད་པར་འགྱུར་བ་མེད་དོ། །ཐམས་ཅད་མཁྱེན་པའི་སྒོ་ཟད་པར་འགྱུར་བ་མེད་དོ། །སངས་རྒྱས་ཀྱི་ཞིང་འབྱམ་ཀླས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱ་བ་ལས་ཕྱིར་ལྡོག་པ་མེད་

དོ། །ཆོས་ཀྱི་འཁོར་ལོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རབ་ཏུ་བསྐོར་བ་ལ་བཏང་སྙོམས་སུ་བྱེད་པ་མྱེད་དོ། །སངས་རྒྱས་ཀྱི་དགོངས་པ་ཡོངས་སུ་དྲི་བ་ལ་ཟད་པར་འགྱུར་བ་མེད་དོ། །སངས་རྒྱས་ཀྱི་བྱང་ཆུབ་བལྟ་བ་ལ་མཐར་ཐུག་

པ་མྱེད་དོ། །སེམས་ཅན་གྱི་ཁམས་ཐམས་ཅད་འདུལ་བར་བྱ་བ་ཡོངས་སུ་གཏོང་བ་མེད་དོ། །ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་གྱིས་འབྱུང་བ་རྒྱུན་འཆད་པར་འགྱུར་བ་མྱེད་དོ། །ཁ་དོག་མཐའ་ཡས་པའི་ལུས་ཚད་མེད་པ།

བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཡོངས་སུ་བསྟན་པས་ས་མཚམས་སུ་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་དཔེར་ན། མེ་ནི་ཇི་སྲིད་དུ་ཤིང་ཡོད་པ་དེ་སྲིད་དུ་འབར་ཏེ། མེ་འབར་བ་ལ་མཐར་ཐུག་པ་མྱེད་དོ། །

དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཇི་ཙམ་དུ་སེམས་ཅན་གྱི་ཁམས་ལ་རྣམ་པར་དཔྱོད་པ་དང་། ཇི་ཙམ་དུ་ཆོས་ཀྱི་དབྱིངས་ལ་འཇུག་པ་དང་། ཇི་ཙམ་དུ་འཇིག་རྟེན་གྱི་ཁམས་སུ་རྒྱུ་བ་དང་། ཇི་ཙམ་དུ་ནམ་མཁའི་རང་

བཞིན་གྱི་ཚད་མི་དམིགས་པ་དང་། ཇི་ཙམ་དུ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་གཅིག་ནས་གཅིག་ཏུ་བརྒྱུད་པའི་སེམས་ཀྱི་སྐད་ཅིག་རེ་རེ་ལ་འཇུག་ཅིང་ཁོང་དུ་ཆུད་པར་བྱ་བ་དང་། ཇི་ཙམ་དུ་

เล่ม ๓๖ · หน้า 343b

ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་སངས་རྒྱས་ཀྱི་ཞིང་འབྱམ་ཀླས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་གི་ཆོས་ཀྱི་བྱེ་བྲག་རྣམ་པར་ཕྱེ་བ་ལ་འཇུག་པ་དང་། ཇི་ཙམ་དུ་སེམས་ཅན་གྱི་ཁམས་ཀྱི་རྒྱུད་བརྗོད་དུ་མེད་པའི་ཡང་བརྗོད་

དུ་མེད་པ་དགེ་བའི་རྩ་བ་ལ་གཞོག་ཅིང་ཉེ་བར་འཚོ་བར་བྱེད་པ་དང་། ཉེ་བར་སྟོན་པ་དང་། ཤིན་ཏུ་རྣམ་པར་དག་པར་བྱེད་པ་དང་། ཇི་ཙམ་དུ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་དམ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་

ཡང་དག་པར་མཐོང་ཞིང་སྨོན་ལམ་གཅིག་ཏུ་ངེས་པ་མེད་པ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་ལ་ངེས་པར་བྱ་བ་དང་། ཀུན་ཏུ་བཟང་པོའི་སྤྱོད་ཡུལ་གྱི་ཡེ་ཤེས་ཀྱི་སྒོ་ལ་གཞོག་པ་དང་། ཇི་ཙམ་དུ་དུས་གསུམ་ལ་འཇུག་པའི་

རྒྱུད་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་འབྱམ་ཀླས་པ་དང་། སྙོམས་ཤིང་རྣམ་པར་རྟོག་པའི་དུས་ལ་འཇུག་པས་མཐའ་དང་དབུས་མེད་པའི་ཚུལ་དུ་འཇུག་པ་དང་། ཇི་ཙམ་དུ་འཇིག་རྟེན་གྱི་ཁམས་འབྱུང་བ་དང་། འཇིག་

པ་དང་གནས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རྣམ་པར་རྟོག་པའི་དམིགས་པ་ཀུན་ཏུ་རྒྱུ་བ་འབྱུང་ཞིང་རྒྱུན་མི་འཆད་པ་དེ་ཙམ་དུ་ཡེ་ཤེས་ཀྱི་དམིགས་པ་སྙིང་རྗེ་ཆེན་པོ་ལས་བྱུང་བ། སྨོན་ལམ་ཆེན་པོས་སྤྲུལ་པ།

འགྲོ་བ་ཐམས་ཅད་མ་ལུས་པར་གདུལ་བ་ལ་བརྩོན་པ་ཡང་མཐར་ཐུག་ཅེས་བྱ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པར་བྱ་

བའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་ཁྱད་པར་ཡེ་ཤེས་ཀྱིས་བསྒྲུབས་པས་འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་བར་བྱ་བ་ལ་བརྩོན་པའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་རྣམ་

เล่ม ๓๖ · หน้า 344a

པ་དེ་ལྟ་བུ་དང་། དེ་ལྟ་བུའི་ཡུལ་དེ་ལྟར་རྒྱ་ཆེ་བ་དང་། དེ་ལྟར་ཡངས་པ་དང་། དེ་ལྟར་ཚད་མེད་པ་དང་། དེ་ལྟར་བསམ་གྱིས་མི་ཁྱབ་པ་དང་། དེ་ལྟར་འོད་ཀུན་ཏུ་མཐའ་ཡས་པ་དང་།

དེ་ལྟར་སངས་རྒྱས་ཐམས་ཅད་མངོན་དུ་གྱུར་པ་དང་། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་དང་། དེ་ལྟར་དགེ་བའི་རྩ་བ་ཐམས་ཅད་ཀྱིས་ཡོངས་སུ་གྲུབ་པ་དང་། དེ་ལྟར་མི་འཁྲུགས་པའི་སེམས་དང་

ལྡན་པ་ལ་མངོན་པར་བརྩོན་པར་བྱའོ། །ཡོངས་སུ་ཡི་འཆད་པ་མེད་པས་བརྟན་པར་བྱའོ། །སྐྱོ་བ་མེད་པའི་སེམས་ཀྱིས་བསྒྲུབ་པར་བྱའོ། །བསམ་པ་ཕྱིར་མི་ལྡོག་པར་བསྐྱེད་པར་བྱའོ། །གདོན་མི་ཟ་བར་འབྱུང་བས་སྦྱར་བར་བྱའོ། །

རྩོམ་པའི་ནན་ཏན་གྱིས་མཐུན་པར་སྤྱད་པར་བྱའོ། །བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཡོངས་སུ་གནོན་པར་བྱའོ། །སྒྱུའི་ས་ལ་མངོན་པར་ཞེན་པ་མེད་པར་བྱའོ། །འཇིག་རྟེན་གྱི་ཡུལ་ཐམས་ཅད་ལ་མི་གནས་པར་བྱའོ། །

ཆོས་ཐམས་ཅད་ལ་ཆགས་པ་མེད་པར་བྱའོ། །རློམ་སེམས་ཐམས་ཅད་ཡང་དག་པར་བསལ་བར་བྱའོ། །དངོས་པོ་ཐམས་ཅད་ལ་ཆགས་པ་མེད་པར་བྱའོ། །དམིགས་པ་ཐམས་ཅད་ལ་རྟོགས་པ་མེད་པར་བྱའོ། །ཆོས་ཁོང་དུ་

ཆུད་པར་བྱ་བ་ལ་ཚོད་འཛིན་པ་མེད་པར་བྱའོ། །ཆོས་ཀྱི་ཡེ་ཤེས་རྟོག་པར་ཁོང་དུ་ཆུད་པར་བྱའོ། །ཐམས་ཅད་མཁྱེན་པའི་གདན་ལ་སངས་རྒྱས་སུ་བྱང་ཆུབ་པས་རྨོངས་པ་མེད་པར་བྱའོ། །ཆོས་ཀྱི་སྣང་བ་ཡོངས་སུ་བསྒྲུབ་པར་

བྱའོ། །འགྲོ་བ་ཐམས་ཅད་དགེ་བའི་རྩ་བས་ཡོངས་སུ་བསྡུ་བར་བྱའོ། །བདུད་ཀྱི་ཡུལ་ལས་སེམས་ཅན་ཡོངས་སུ་བསྐྱོད་པར་བྱའོ། །ཆོས་ཀྱི་ཡུལ་ལ་སེམས་ཅན་རབ་ཏུ་དགོད་པར་བྱའོ། །སངས་རྒྱས་ཀྱི་ཡུལ་ལ་རབ་

เล่ม ๓๖ · หน้า 344b

ཏུ་གཟུང་བར་བྱའོ། །སྨོན་ལམ་གྱི་ཡུལ་ལས་ཕྱིར་ལྡོག་པ་མེད་པར་བྱའོ། །འབྱུང་བའི་ཡུལ་ལ་རྟོགས་པས་གཞག་པར་བྱའོ། །རྣམ་པར་དག་པའི་ཡུལ་ལ་རབ་ཏུ་ཞེན་པར་བྱའོ། །ཕ་རོལ་ཏུ་ཕྱིན་པའི་ཡུལ་ཁོང་དུ་ཆུད་པར་བྱའོ། །

སངས་རྒྱས་ཐམས་ཅད་ལ་ཤིན་ཏུ་མོས་པར་བྱའོ། །ཆོས་ཐམས་ཅད་ལ་དངོས་པོ་མེད་པའི་བདག་ཉིད་དུ་ཡང་དག་པར་འཇུག་པར་བྱའོ། །ཆོས་ཐམས་ཅད་རང་བཞིན་མེད་པ་ཁོང་དུ་ཆུད་པར་བྱའོ། །འཇིག་རྟེན་གྱི་རང་

བཞིན་སྣང་བར་བྱའོ། །ཆོས་ཀྱི་འཐད་པ་རབ་ཏུ་བརྗོད་པར་བྱའོ། །ཡེ་ཤེས་ཀྱི་རང་བཞིན་ཡང་དག་པར་བསྟན་པར་བྱའོ། །གོ་ཅའི་དམ་པ་བགོས་པ་ཡོངས་སུ་མི་སྤང་བར་བྱའོ། །སྐལ་པ་མཉམ་པར་སྤྱོད་པ་རྣམས་དང་

ལྷན་ཅིག་གནས་པར་བྱའོ། །སངས་རྒྱས་ཐམས་ཅད་རྗེས་སུ་དྲན་པ་ལ་སེམས་ལྷོད་པ་མེད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་རྣམ་པར་རྟོག་པ་མེད་པར་བྱའོ། །ཆོས་ཀྱི་དབྱིངས་ཐ་དད་པ་མེད་པ་ལ་བདག་རབ་ཏུ་

སྦྱར་བར་བྱའོ། །སེམས་སྒྱུ་མ་ལྟ་བུར་རབ་ཏུ་ཤེས་པར་བྱའོ། །འཇིག་རྟེན་གྱི་རྒྱུད་ཐམས་ཅད་རྨི་ལམ་ལྟ་བུར་ཁོང་དུ་ཆུད་པར་བྱའོ། །སྨོན་ལམ་དང་སངས་རྒྱས་བལྟ་བར་བྱ་བ་ཐམས་ཅད་མིག་ཡོར་ལྟ་བུར་ཤེས་པར་བྱའོ། །

སློབ་པ་མེད་པའི་ཆོས་འབྱམ་ཀླས་པ། ཐམས་ཅད་སྤྲུལ་པ་ལྟ་བུར་ཤེས་པར་བྱའོ། །ཚིག་གི་ལམ་ཐམས་ཅད་སྒྲ་བརྙན་ལྟ་བུར་ཁོང་དུ་ཆུད་པར་བྱའོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པར་བྱའོ། །ཤི་འཕོ་དང་སྐྱེ་བ་

ཐམས་ཅད་འཁྲུལ་འཁོར་ལྟ་བུར་ཤེས་པར་བྱའོ། །སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ཐམས་ཅད་ལུས་མེད་པར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་དྲི་བས་ཡོངས་སུ་སྐྱོ་བ་མེད་པར་བྱའོ། །

เล่ม ๓๖ · หน้า 345a

འཇིག་རྟེན་གྱི་ཆོས་ཐམས་ཅད་འཇིག་པར་བསྟན་པའི་ས་དང་། གདམས་ངག་དང་མན་ངག་ཏུ་བྱ་བ་ལ་བཏང་སྙོམས་མེད་པར་བྱའོ། །གདུལ་བར་བྱ་བ་དུས་ལ་བབ་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་

བྱའོ། །ཞེས་དེ་ལྟར་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་ནན་ཏན་བྱེད་པ་དང་། དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་སྒྲུབ་པ་དང་། དེ་ལྟར་བྱང་ཆུབ་

སེམས་དཔའི་འབྱུང་བ་ལ་རབ་ཏུ་བརྩོན་པ་དང་། དེ་ལྟར་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་འཛིན་པ་དང་། དེ་ལྟར་ཆོས་ཉིད་འཁྲུགས་པ་མེད་པ་རྣམ་པར་འབྱེད་པ་དང་། དེ་

ལྟར་སངས་རྒྱས་ཀྱི་ཞིང་འབྱམ་ཀླས་པ་རྣམ་པར་སྤྱོད་པ་དང་། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ལ་མོས་པར་བྱེད་པ་དང་། དེ་ལྟར་སངས་རྒྱས་ཀྱི་སྟོབས་འབྱམ་ཀླས་པ་ཁོང་དུ་ཆུད་པར་བྱེད་པ་དང་། དེ་ལྟར་ཆགས་

པ་མེད་པའི་སེམས་ཀྱིས་རབ་ཏུ་འབྱེད་པ་དང་། ཕྱོགས་མཚམས་མེད་པ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མེད་པ་རྣམ་པ་ཐ་དད་པ་དག་ཏུ་སྐལ་བ་མཉམ་པར་རྣམ་པར་དགོད་པ་ལ་འགྲོ་བ་རྣམས་རབ་ཏུ་དགོད་པའི་ཚེ།

སངས་རྒྱས་ཀྱི་ཞིང་དེ་བཞིན་གཤེགས་པ་དང་བཅས་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐམས་ཅད་མ་ལུས་པ་དེ་དག་གི །ཕྱོགས་གཅིག་གི་དེ་བཞིན་གཤེགས་པ་མཚན་ཐ་

དད་པ་དང་། མཚན་གཅིག་པ་ཐམས་ཅད་དང་། ཕྱོགས་གཅིག་ནས་ཇི་ལྟ་བ་བཞིན་དུ་ཕྱོགས་བཅུའི་ཕྱོགས་འབྱམ་ཀླས་པའི་རྒྱུད་ཐམས་ཅད་ནས་ཀྱང་དེ་བཞིན་ཏེ། ཕྱོགས་འབྱམ་ཀླས་པའི་རྒྱུད་གཅིག་ནས་ཇི་ལྟ་བ་བཞིན་དུ་

เล่ม ๓๖ · หน้า 345b

ཕྱོགས་ཀྱི་རྒྱུད་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཐམས་ཅད་ནས་ཀྱང་དེ་བཞིན་ཏེ། ཕྱོགས་རེ་རེ་ནས་ཀྱང་མཚན་རེ་རེའི་སྒོས་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་

བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་ཞལ་མངོན་པར་བསྟན་ཏོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་མཐས་ཀླས་པའི་ཕྱོགས་བཅུ་མ་ལུས་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་ཀྱང་། དེ་བཞིན་གཤེགས་པ་ཀུན་

གྱིས་ཞལ་མངོན་པར་བསྟན་ཏེ། བྱང་ཆུབ་སེམས་དཔའ་དེ་ཡེ་ཤེས་ཆེན་པོའི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ་ཡང་དག་པར་གནས་པའི་རྣམ་པ་དེ་ལྟ་བུ་དང་། དེ་བཞིན་གཤེགས་པའི་ཡུལ་ལ་

རྨོངས་པ་མེད་ཅིང་ཆོས་ཐམས་ཅད་ལ་རབ་ཏུ་གཞོལ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་བློ་གྲོས་ཉེ་བར་བསྒྲུབ་པ་མཛད་དོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་གཞོལ་ཞིང་ཆོས་རྣམ་པ་ཐ་དད་པ་ཐམས་ཅད་ཀྱི་དོན་ཁོང་དུ་ཆུད་

པར་བྱའོ། །ཕྱིར་བློ་གྲོས་ཉེ་བར་བསྒྲུབ་པ་མཛད་དེ། ཆགས་པ་མེད་པ་ལ་རྟོགས་པར་གཞོག་པས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་འཛིན་པར་བྱ་བའི་ཕྱིར་རིག་པ་ཉེ་བར་བསྒྲུབ་པ་མཛད་དོ། །ཡེ་ཤེས་འབྱམ་

ཀླས་པ་ཁོང་དུ་ཆུད་པར་བྱ་བ་དང་། བློས་རྣམ་པར་སངས་རྒྱས་པའི་ཆོས་ཀྱི་དབྱིངས་ཀྱི་ཡུལ་གྱི་མཐས་ཀླས་པ་ཐམས་ཅད་ལ་སངས་རྒྱས་ཀྱི་བྱང་ཆུབ་ཉེ་བར་བསྒྲུབ་པར་མཛད་དོ། །བྱང་ཆུབ་སེམས་དཔའ་དེ་ཆོས་ཀྱི་སྣང་བ་དང་།

འོད་ཐམས་ཅད་ཀྱིས་མུན་པ་མེད་པའི་ཡེ་ཤེས་འབྱམ་ཀླས་པ་ལས་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་ཤེས་རབ་ཉེ་བར་བསྒྲུབ་པ་མཛད་དོ། །བྱང་ཆུབ་སེམས་དཔའ་དེ་ཐབས་མཁས་པ་འཇིག་རྟེན་ཐམས་ཅད་ལས་འཕགས་པས་སེམས་ཅན་

เล่ม ๓๖ · หน้า 346a

འདུལ་བ་ལ་བསྒྲིབས་པ་མེད་པར་བྱ་བའི་ཕྱིར་ཡེ་ཤེས་ཉེ་བར་བསྒྲུབ་པ་མཛད་དོ། །བྱང་ཆུབ་སེམས་དཔའ་དེ་ཆོས་ཀྱི་རྒྱུད་མཐའ་ཡས་པ་བརྗོད་པ་ལ་ཟད་མི་ཤེས་པ་ཐ་དད་པ་ཡང་དག་པར་ཤེས་པ་བསྐྱེད་པའི་ཕྱིར་སྤོབས་པ་

ཉེ་བར་བསྒྲུབ་པ་མཛད་དོ། །བྱང་ཆུབ་སེམས་དཔའ་དེ་འགྲོ་བ་ཐམས་ཅད་དུ་ལུས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྒྱུད་དང་། ཁ་དོག་མཐའ་ཡས་པ་རྣམ་པ་ཐ་དད་པ་རྣམ་པར་སྟོན་པར་བྱ་བའི་ཕྱིར་སྤྲུལ་པ་ཉེ་བར་བསྒྲུབ་པ་མཛད་

དོ། །བྱང་ཆུབ་སེམས་དཔའ་དེ་སེམས་ཅན་སྣ་ཚོགས་ཐམས་ཅད་ལ་དབྱངས་ཀྱི་ཡན་ལག་དང་ལྡན་པའི་སྒྲ་དབྱངས་དང་། སྐད་སྣ་ཚོགས་བསྟན་པར་བྱ་བའི་ཕྱིར་ལྕེ་ཡངས་པ་ཉེ་བར་བསྒྲུབ་པ་མཛད་དོ། །བྱང་ཆུབ་སེམས་དཔའ་

དེ་མཐོང་མ་ཐག་ཏུ་སྟོན་པ་དང་། ཐོས་པར་བྱེད་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱ་བ་ལ་རྨོངས་པ་མེད་པར་བྱ་བའི་ཕྱིར་རྨོངས་པ་མེད་པ་ཉེ་བར་བསྒྲུབ་པ་མཛད་དོ། །དེས་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་

བོའི་སྤྱོད་པ་ལ་ཡོངས་སུ་གྲུབ་པ་ཡིན། ཡོངས་སུ་གྲུབ་ནས་ཀྱང་ཐམས་ཅད་མཁྱེན་པའི་སྒོ་ཡོངས་སུ་རྫོགས་པར་བྱ་བས་དེ་བཞིན་གཤེགས་པའི་རིགས་ལ་འཇུག་གོ །འབྱུང་བའི་སྒོ་ཡོངས་སུ་དག་པར་བྱེད་དོ། །ཆགས་པ་

མེད་པའི་སྒོས་ཡོངས་སུ་འབྱུང་བར་བྱེད་དོ། །སེམས་ཅན་ཐམས་ཅད་འབྱུང་བའི་སྒོ་ཡོངས་སུ་རྩོམ་ཞིང་བྱིན་གྱིས་རློབ་བོ། །ཆོས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་སྒོ་ཡང་དག་པར་སྟོན་ཏོ། །ཆོ་འཕྲུལ་གྱི་སྒོ་ཚད་

མེད་པས་སེམས་ཅན་འདུལ་བ་ལ་རབ་ཏུ་འཇུག་གོ །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་རྣམ་པ་ལ་རབ་ཏུ་མཁས་པར་སྤྱོད་དོ། །སངས་རྒྱས་ཐམས་ཅད་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་ལ་བྱང་ཆུབ་སེམས་དཔའ་

เล่ม ๓๖ · หน้า 346b

ཀུན་ཏུ་བཟང་པོའི་སྤྱོད་པས་ཡང་དག་པར་འབྱུང་ངོ་། །ཕྱི་མའི་མཐའི་མུར་ཐུག་པའི་འགྲོ་བ་ཐམས་ཅད་གདུལ་བའི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་འགྲོ་བ་ཐམས་ཅད་གདུལ་བའི་

མཐར་ཐུག་པར་བྱིན་གྱི་རླབས་ཀྱིས་བྱིན་ཏུ་རློབ་བོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི། སྨོན་ལམ་གྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པས་ཡོངས་སུ་གྲུབ་པ་མ་གྲུབ་ན། འཇིག་རྟེན་ཐམས་ཅད་ཀྱི་སློབ་དཔོན་དུ་གྱུར་པ་ཡིན།

ཆོས་ཀྱི་ཉི་མ་འཇིག་རྟེན་དུ་ཤར་བ་ཡིན། ཡེ་ཤེས་ཀྱི་ཟླ་བ་འཇིག་རྟེན་ཐམས་ཅད་དུ་སྣང་བར་བྱུང་བ་ཡིན། ཡེ་ཤེས་དམ་པའི་རི་རབ་མི་གཡོ་བ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་ཡིན། ཡེ་ཤེས་ཀྱི་རྒྱ་མཚོ་ཚད་མེད་པ་

འཇིག་རྟེན་ཐམས་ཅད་དུ་ཡང་དག་པར་གནས་པ་ཡིན། བསྒྲུབ་པ་རྒྱུན་མི་ཆད་པས་འཇིག་རྟེན་ཐམས་ཅད་དུ་ཆོས་ཀྱི་ནན་ཏན་བྱེད་པ་ཡིན། འཇིག་རྟེན་གྱི་ཁམས་མཚམས་མེད་པ་ཐམས་ཅད་དུ་རབ་ཏུ་སྣང་བ་ཡིན། རྣམ་པར་དག་

པ་ཡངས་ཤིང་མཐའ་ཡས་པ་འགྲོ་བ་ཐམས་ཅད་དུ་བརྗོད་པ་ཡིན། སེམས་ཅན་གྱི་ཁམས་མཐའ་དང་དབུས་མེད་པ་དགེ་བའི་རྩ་བ་དང་བསོད་ནམས་ཀྱི་རྒྱུད་དང་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སྨོན་ལམ་ཆེན་པོ་རབ་ཏུ་

བརྩོན་པར་གཞོག་པ་ཡིན། ཀུན་ཏུ་བཟང་པོས་སྤྱོད་པའི་བརྩོན་འགྲུས་ཡངས་བ་རྒྱ་ཆེན་པོའི་སྨོན་ལམ་ཆེན་པོ་ལ་རབ་ཏུ་གཞོག་པ་ཡིན། སྤྱོད་པ་ཆེན་པོ་དང་ཏིང་ངེ་འཛིན་ཡངས་པའི་རྣམ་པར་འཕྲུལ་པ་བརྗོད་དུ་མེད་

པའི་ཡང་བརྗོད་དུ་མེད་པ་ལ་སེམས་ཅན་གྱི་ཁམས་ཡང་དག་པར་གཞོག་ཅིང་རབ་ཏུ་སྦྱོར་རོ། །དེ་ལྟར་བྱང་ཆུབ་སེམས་དཔའི་དེ་ལྟ་བུའི་ངང་ཚུལ་ཅན་དེ་ལྟ་བུའི་ཡེ་ཤེས་ཅན། དེ་ལྟ་བུའི་ཆོས་འཐོབ་པར་གྱུར་པ། དེ་ལྟ་བུའི་

เล่ม ๓๖ · หน้า 347a

ཆོས་ཀྱིས་སྣང་བར་གྱུར་པ། དེ་ལྟ་བུའི་ཆོས་ལ་གནས་པ། ཆོས་དེ་ལྟ་བུ་མཐོང་བར་གྱུར་པ། མངོན་པར་ཤེས་པ་དེ་ལྟ་བུའི་ཡིད་དང་ལྡན་པ། ཆོ་འཕྲུལ་དམ་པ་དེ་ལྟ་བུ་དང་ལྡན་པ། ཆོ་འཕྲུལ་མཆོག་

ཏུ་བྱ་བ་ཕུལ་དུ་བྱུང་བ་དེ་ལྟ་བུས་ཡང་དག་པར་བསྒྲུབས་པ། རྟག་ཏུ་བརྩོན་པའི་སྙིང་རྗེ་ཆེན་པོས་མངོན་པར་འཕགས་པ། ཆོས་ཀྱི་དོན་བཟང་པོ་ལ་རྟག་ཏུ་རྒྱུན་མི་འཆད་པར་བརྩོན་པ། བདེ་བའི་ལམ་ཡང་དག་པར་སྟོན་པ།

བསོད་ནམས་ཆེན་པོ་དང་ཡེ་ཤེས་ཡངས་པའི་འོད་གཟེར་གྱི་རྒྱལ་མཚན་དུ་གྱུར་པ། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཤིན་ཏུ་ཐོབ་པ། ཐམས་ཅད་མཁྱེན་པའི་ཡུལ་ལ་དོན་ཡོད་པར་རྗེས་སུ་སོང་བ། སངས་རྒྱས་ཀྱི་

རྣམ་པར་ཐར་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ། རྣམ་པར་ཐར་པའི་ཚུལ་ཤིན་ཏུ་ཕྲ་བ། བསམ་གྱིས་མི་ཁྱབ་པ་རབ་ཏུ་བསྒོམས་པ། ཆོས་ཀྱི་དབྱིངས་ཀྱི་རྒྱུད་དང་། ཚུལ་རྨོངས་པ་མེད་པར་ཁོང་དུ་ཆུད་པ། ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་

པ་ལ་རྣམ་པར་རྩེ་ཞིང་བརྗོད་པ། སེང་གེ་བསྒྱིངས་བའི་ཡེ་ཤེས་ཀྱིས་གྲུབ་པ་ལ་ཤིན་ཏུ་གནས་པ། སེམས་དང་ཡིད་རྣམ་པར་ཤེས་པ་ལ་ཆགས་པ་མེད་པ་རྣམས་ཀྱི་ཆོས་ཀྱི་བསམ་པ་དང་། ལྷག་པའི་བསམ་པ་རབ་ཏུ་ཡངས་

པ་ཆེན་པོ་བཅུ་འབྱུང་ངོ་། །བཅུ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཐམས་ཅད་རྗེས་སུ་དྲན་པས་གནས་པ་ཡིན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཚད་མེད་པས་གནས་པ་ཡིན། སེམས་ཅན་

ཐམས་ཅད་གདུལ་བའི་སྙིང་རྗེ་ཆེན་པོས་གནས་པ་ཡིན། ཞིང་རྣམ་པར་དག་པའི་གནས་བསམ་གྱིས་མི་ཁྱབ་པའི་ཕྱིར་གནས་པ་རྣམ་པར་དག་པས་གནས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡུལ་ལ་མོས་པ་རྣམ་

เล่ม ๓๖ · หน้า 347b

པར་དག་པས་གནས་པ་ཡིན། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཐ་དད་པར་མི་བྱེད་པས་གནས་པ་ཡིན། ཆགས་པ་མེད་པའི་མཐའ་བསྒྲིབས་པ་མེད་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དང་།

རང་བཞིན་མཚན་ཉིད་མེད་པས་གནས་པ་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་འདས་པ་དང་མ་བྱུང་བ་དང་། ད་ལྟར་བྱུང་བ་ཐམས་ཅད་དང་རྒྱུད་ཀྱི་ཚུལ་གཅིག་ཏུ་གྱུར་པས་གནས་པ་ཡིན། དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་སྐུའི་ཕྲིན་ལས་དང་གསུང་གི་ཕྲིན་ལས་དང་། ཐུགས་ཀྱི་ཕྲིན་ལས་འདས་པ་དང་མ་བྱུང་བ་དང་། ད་ལྟར་བྱུང་བ་མེད་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་སྟོན་པའི་ཡེ་ཤེས་སྔོན་དུ་འགྲོ་བས་གནས་པ་ཡིན། དེ་བཞིན་གཤེགས་

པ་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བ་ཐམས་ཅད་ཀྱི་སྐྱེ་བ་དང་། མངོན་པར་འབྱུང་བ་དང་། སྙིང་པོ་བྱང་ཆུབ་ཏུ་གཤེགས་པ་དང་། མངོན་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་

འདའ་བ་དུས་གསུམ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ་སྐད་ཅིག་གཅིག་གི་མཐར་འཇུག་པས་གནས་པ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་དེ་དག་ནི་ཚད་མེད་པ། ཤིན་ཏུ་ཡངས་པ་བགྲང་དུ་མེད་པ་གཞལ་

དུ་མེད་པ། ཟད་མི་ཤེས་པ་བརྗོད་པར་དཀའ་བ། བསམ་གྱིས་མི་ཁྱབ་པ། བརྗོད་དུ་མེད་པ། བཟོད་པར་དཀའ་བ། འགྲོ་བ་ཐམས་ཅད་ཀྱིས་མི་འཕྲོགས་པ་དག་སྟེ། ཆོས་ཐམས་ཅད་ཀྱི་ཡེ་ཤེས་རབ་ཏུ་བསྒྲུབ་པའི་ཕྱིར་

བྱང་ཆུབ་སེམས་དཔའ་དེ་ལྷག་པའི་བསམ་པ་དེ་ལྟ་བུས་གནས་སོ། །དེ་དག་གི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཡིན་ཏེ། ཆོས་རྣམ་པར་དག་པ་ཡང་རབ་ཏུ་

เล่ม ๓๖ · หน้า 348a

ཐོབ་བོ། །བསམ་པའི་སྟོབས་ཀྱང་རྣམ་པར་འཕེལ་བར་བྱེད་དོ། །སེམས་ཅན་རྣམས་ལ་དགེ་བའི་རྩ་བ་ཚད་མེད་པ་ཡང་ཡང་དག་པར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྟོབས་ཀྱང་རྣམ་པར་འཕེལ་བར་བྱེད་དོ། །

བྱང་ཆུབ་སེམས་དཔའི་ཡོན་ཏན་མི་ཁོམ་པ་ཁོམ་པར་བྱེད་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །ཤིན་ཏུ་འབྱུང་བའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་གྲུབ་པ་ཡང་རབ་ཏུ་ཐོབ་བོ། །སངས་རྒྱས་ཐམས་

ཅད་ཀྱི་ཆོས་ཀྱི་གཟུངས་ཀྱིས་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་འཛིན་ཏོ། །འདོད་ཆགས་དང་བྲལ་བའི་མཐར་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཡང་དག་པར་ལྟའོ། །

ཚིག་གི་ལམ་གྱི་རྒྱུད་ཀྱིས་སེམས་ཅན་ཐམས་ཅད་འདུལ་བ་ཡོངས་སུ་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཏིང་ངེ་འཛིན་རྒྱ་ཆེན་པོ་དེ་ལྟ་བུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཉིད་དེ། དེས་བྱང་ཆུབ་སེམས་དཔའ་དེ་སངས་

རྒྱས་ཀྱི་ཡེ་ཤེས་འབྱམ་ཀླས་པ་ཐམས་ཅད་ལ་མཆོག་ཏུ་བྱ་བ་རབ་ཏུ་འཐོབ་བོ། །དེའི་ཕྱིར་ཆོས་འབྱམ་ཀླས་པ་ཐམས་ཅད་སྟོན་པ་ལ་མཁས་པའི་ཐ་དད་པ་ཡང་དག་པར་ཤེས་པ་རབ་ཏུ་འཐོབ་བོ། །དེའི་ཕྱིར་འཇིག་རྟེན་ཐམས་ཅད་དུ་

ཆོས་ཀྱི་དམ་པ་འཇིགས་པ་མེད་པ་རྣམ་པར་དག་པ་རབ་ཏུ་འཐོབ་བོ། །དེའི་ཕྱིར་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་ཡེ་ཤེས་རབ་ཏུ་འཐོབ་བོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚུལ་ཐམས་ཅད་ལ་མཁས་པའི་དམ་པ་

རབ་ཏུ་འཐོབ་བོ། །དེའི་ཕྱིར་ཚུལ་ཐམས་ཅད་ཀྱི་རྒྱན་རབ་ཏུ་འཐོབ་བོ། །དེའི་ཕྱིར་འཇིག་རྟེན་ཐམས་ཅད་དུ་ཆོས་ཀྱིས་དབུགས་ཕྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་འགྱུར་རོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དུས་དང་དུས་

เล่ม ๓๖ · หน้า 348b

མ་ཡིན་པ་རབ་ཏུ་ཤེས་སོ། །དེའི་ཕྱིར་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱ་བ་རབ་ཏུ་ཤེས་སོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་བསྒྲིབས་པ་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པར་འགྱུར་རོ། །དེའི་ཕྱིར་དོན་ཐམས་ཅད་བསྒྲུབས་པར་

ཡོན་ཏན་ཐམས་ཅད་ལ་ཡན་ལག་རབ་ཏུ་གནས་པར་འགྱུར་རོ། །དེའི་ཕྱིར་ཐེག་པའི་དམ་པ་རབ་ཏུ་བརྩོན་པར་བྱས་ཏེ། སེམས་ཅན་ཐམས་ཅད་ལ་མཉམ་པར་གཞག་པ་རྣམ་པར་དག་པ་རབ་ཏུ་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་

བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་གནས་པ་སྙིང་རྗེ་ཆེན་པོ་དེ་ལྟ་བུ་རྣམ་པར་འཕེལ་བར་བྱེད་པ་དང་། དགེ་བའི་བཤེས་གཉེན་དང་བསྟེན་པར་འདོད་པ། སངས་རྒྱས་ཐམས་ཅད་བལྟ་བར་འདོད་པ། ཆོས་ཐམས་ཅད་

སྣང་བར་བྱ་བར་འདོད་པ། ཞིང་ཐམས་ཅད་དུ་འགྲོ་བར་འདོད་པ། ཕྱོགས་ཐམས་ཅད་དུ་རྒྱུ་བར་འདོད་པ། དུས་གསུམ་མཉམ་པ་ཉིད་ཁོང་དུ་ཆུད་པར་འདོད་པ། ཆོས་ཐམས་ཅད་མཉམ་པ་ཉིད་མངོན་པར་

འཚང་རྒྱ་བར་འདོད་པ། སངས་རྒྱས་མཉམ་པ་ཉིད་ལ་རབ་ཏུ་གནས་པར་འདོད་པ། ཡེ་ཤེས་མཉམ་པ་ཉིད་ལ་འདུག་པར་འདོད་པས་ཆོས་འདི་དག་ལ་ལས་དེ་ལྟ་བུར་བརྩོན་ཞིང་ལས་གཞན་མེད་པ་དང་། ངོམས་མི་ཤེས་པ་དང་། སེམས་

མ་འཁྲུགས་པ་དང་། ཡིད་རྩེ་གཅིག་ཏུ་གྱུར་པ་དང་། དེ་ལྟར་གནས་པ་ལ་བརྩོན་པ་དང་། དེ་ལྟར་ཁོང་དུ་ཆུད་པའི་ཡིད་དང་། དེ་ལྟར་མ་ཉམས་པའི་སེམས་དང་། དེ་ལྟ་བུའི་ཡིད་བདེ་བ་དང་། དེ་ལྟར་ལས་སུ་རུང་བ་དང་། དེ་ལྟར་

བརྩོན་པ་དང་། དེ་ལྟར་མཐར་འབྱིན་པ་དང་། དེ་ལྟར་རྣམ་པར་སྤྱོད་པས་ནན་ཏན་དུ་བྱ་ཞིང་མངོན་པར་བསྒྲུབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་ལོག་པར་སྨྲ་བ་མ་ཡིན། བྱང་ཆུབ་སེམས་དཔའ་རྣམས་

เล่ม ๓๖ · หน้า 349a

ནི་གཞན་དུ་སྨྲ་བ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་དཔེར་ན། རྡོ་རྗེ་ནི་གཅོག་ཏུ་མི་རུང་བར་བརྗོད་པ་སྟེ། མི་ཆོགས་པའི་རང་བཞིན་

ཡོངས་སུ་མི་གཏོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་འདི་དག་ལས་བརྗོད་པ་སྟེ། འདི་ལྟ་བུའི་ཆོས་ལ་གནས་པ་ཡོངས་སུ་མི་གཏོང་ངོ་། འདི་ལྟ་སྟེ་དཔེར་ན། གསེར་ནི་ཁ་དོག་ཤིན་ཏུ་བཟང་བར་བརྗོད་པ་སྟེ། གསེར་

གྱི་ཁ་དོག་བཟང་པོ་རྣམ་པར་དག་པ་ཡོངས་སུ་མི་གཏོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དེ་ལྟར་དགེ་ཞིང་བཟང་བའི་ཆོས་ཀྱིས་བརྗོད་པ་སྟེ། དེ་ལྟར་དགེ་ཞིང་བཟང་བའི་ཆོས་ལ་གནས་པ་ཡོངས་སུ་མི་གཏོང་ངོ་། །འདི་

ལྟ་སྟེ་དཔེར་ན། ལྷའི་བུ་ཉི་མ་ནི་སྣང་བའི་དཀྱིལ་འཁོར་གྱིས་བརྗོད་པ་སྟེ། སྣང་བ་ཡོངས་སུ་མི་གཏོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འགྲོ་བ་ཐམས་ཅད་དུ་སྣང་བས་བརྗོད་པ་སྟེ། བྱང་ཆུབ་སེམས་དཔའི་སྣང་བ་ཡོངས་

སུ་མི་གཏོང་ངོ་། །འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི་རབ་ནི་རིན་པོ་ཆེ་བཞིའི་ཕུང་པོས་རྒྱ་མཚོ་ལས་ཤིན་ཏུ་འཕགས་པར་བརྗོད་པ་སྟེ། རྒྱ་མཚོ་ལས་ཤིན་ཏུ་འཕགས་པ་ཡོངས་སུ་མི་གཏོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་

རྟེན་ཐམས་ཅད་ལ་དགེ་བའི་རྩ་བས་ཤིན་ཏུ་འཕགས་པར་བརྗོད་པ་སྟེ། འཇིག་རྟེན་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཡོངས་སུ་མི་གཏོང་ངོ་། །འདི་ལྟ་སྟེ་དཔེར་ན། ས་ཆེན་པོ་ནི་འགྲོ་བ་ཐམས་ཅད་ཡོངས་སུ་རྟོན་པར་བརྗོད་པ་

སྟེ། རྟོན་པའི་རང་བཞིན་ཡོངས་སུ་མི་གཏོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འགྲོ་བ་ཐམས་ཅད་ཡོངས་སུ་འགྲེལ་པས་བརྗོད་པ་སྟེ། སྙིང་རྗེ་ཆེན་པོ་ཡོངས་སུ་མི་གཏོང་ངོ་། །འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་

เล่ม ๓๖ · หน้า 349b

པོ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་སུ་བརྗོད་པ་སྟེ། རྒྱ་མཚོའི་ཆུ་ཡོངས་སུ་མི་གཏོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དགེ་བའི་རྩ་བ་ཐམས་ཅད་ཀྱི་འབྱུང་གནས་སུ་བརྗོད་པ་སྟེ། སེམས་ཅན་ཐམས་ཅད་ཡོངས་

སུ་དགྲོལ་བའི་སྨོན་ལམ་ཡོངས་སུ་མི་གཏོང་ངོ་། འདི་ལྟ་སྟེ་དཔེར་ན། འཕོང་གི་སློབ་དཔོན་ནི་མདའ་གཞུ་དང་འཕོང་ལ་ཟོ་བདོག་བདེ་བས་ཇི་སྲིད་དུ་མདའ་གཞུ་དང་ལྡན་ཞིང་མདའ་གཞུ་ལ་བརྩོན་པས་བརྗོད་པར་བྱ་བ་སྟེ། འཕོང་གི་ཚུལ་

དུ་བྱ་བ་ཡོངས་སུ་མི་གཏོང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཇི་ཙམ་དུ་ཏིང་ངེ་འཛིན་གྱི་སྒོ་དང་། ཡུལ་གྱི་རྣམ་པ་འདི་ལྟ་བུ་ལ་མངོན་པར་བརྩོན་ཞིང་ཡོངས་སུ་བསྒྲུབ་པ་དེ་ཙམ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་

སྣང་བར་འགྱུར་བ་ཡིན། འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་ཇི་ཙམ་དུ་ཚེ་རིང་བ་དེ་ཙམ་དུ་བདེ་བ་མྱོང་བ་ཡིན། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཇི་ཙམ་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་

རྣམ་པ་འདི་ལྟ་བུའི་ཏིང་ངེ་འཛིན་ཆེན་པོ་ལ་སྙོམས་པར་འཇུག་པ་དེ་ཙམ་དུ་སེམས་ཅན་གྱི་ཁམས་རྣམ་པར་དག་པར་འགྱུར་རོ། །ཤིན་ཏུ་རྣམ་པར་དག་པ་ཡང་རབ་ཏུ་ཐོབ་བོ། །འདི་ལྟ་སྟེ་དཔེར་ན། ཇི་ཙམ་དུ་ས་བོན་བཏབ་

པ་དེ་ཙམ་དུ་རྣམ་པར་འཕེལ་ལོ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཅི་ཙམ་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་བརྩོན་པ་དེ་ཙམ་དུ་སེམས་ཅན་གྱི་ཁམས་རྣམས་དགེ་བའི་རྩ་བ་ལ་རྣམ་

པར་དག་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། སྤྲིན་ཆེན་པོ་ནི་ཇི་ཙམ་དུ་ཆར་འབེབ་པ་དེ་ཙམ་དུ་དབྱར་གྱི་དུས་ལ་ས་བོན་རྣམ་པར་འཕེལ་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཇི་ཙམ་དུ་

เล่ม ๓๖ · หน้า 350a

ཆོས་ཀྱི་སྤྲིན་གྱི་ཆར་འབེབས་ཤིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དང་། རྣམ་པ་འདི་ལྟ་བུའི་ཏིང་ངེ་འཛིན་ཆེན་པོ་ལ་སྙོམས་པར་འཇུག་པ་དེ་ཙམ་དུ་སེམས་ཅན་རྣམས་ཤིན་ཏུ་རྣམ་པར་དག་པར་འགྱུར་ཏེ།

ཤིན་ཏུ་མཐར་ཐུག་པར་འགྱུར་བ་དང་། ཤིན་ཏུ་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། མཆོག་ཏུ་བྱ་བ་ཤིན་ཏུ་འཐོབ་པ་དང་། ཤིན་ཏུ་ཕ་རོལ་ཏུ་ཕྱིན་པ་དང་། འཇིག་རྟེན་ཐམས་ཅད་ཤིན་ཏུ་ཚིམ་པར་བྱེད་པ་དང་། སྐྱེ་དགུ་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་

ལ་ཐེ་ཙོམ་ཤིན་ཏུ་གཅོད་པ་དང་། སྦྱིན་བསྲེག་ཡོངས་སུ་བཟུང་ཞིང་སྦྱིན་པ་ཡོངས་སུ་སྦྱོང་བས་བསོད་ནམས་རྨད་དུ་བྱུང་བ་དང་། ཕྱིར་མི་ལྡོག་པའི་འཁོར་ལོ་ལ་རབ་ཏུ་གཞོག་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་སྐལ་བ་ཤིན་ཏུ་མཉམ་པར་འགྱུར་བ་དང་། སེམས་

ཅན་ཐམས་ཅད་ཁམས་གསུམ་ལས་བསྒྲལ་བའི་ཕྱིར་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པར་བྱེད་པ་ཡིན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སེམས་ཅན་རྣམས་དགོད་པའི་ཕྱིར་ཆོས་ཀྱི་འཁོར་ལོས་སྒྱུར་བ་དམ་པར་འགྱུར་བ་ཡིན། དེ་

ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱི་ཆོས་ཀྱི་དབྱིངས་རྣམ་པར་ཕྱེ་བ་སྟེ། བསམ་གྱིས་མི་ཁྱབ་པའོ། །ཚད་མེད་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་སྦྱོང་བའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་

ཡེ་ཤེས་སྦྱོང་བའོ། །ཡོངས་སུ་འདུལ་བས་སེམས་ཅན་སྦྱོང་བའོ། །ཡོངས་སུ་བསྔོ་བས་ཞིང་སྦྱོང་བའོ། །རབ་ཏུ་གཞོག་པས་ཆོས་སྦྱོང་བའོ། །ཞུམ་པ་མེད་པས་མི་འཇིགས་པ་སྦྱོང་བའོ། །རབ་ཏུ་བསྟན་པ་ཐ་དད་པ་ཡང་དག་

པར་ཤེས་པ་སྦྱོང་བའོ། །ཤིན་ཏུ་བསྟན་པས་ཆོས་སྦྱོང་བའོ། །ཆོས་ཐམས་ཅད་ལས་ཕྱིར་མི་ལྡོག་པར་གཟུངས་སྦྱོང་བའོ། །སངས་རྒྱས་ཀྱི་འབྱུང་བ་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་བསྟན་པ་སྦྱོང་བའོ། །དེ་ལྟར་བྱང་ཆུབ་སེམས་

เล่ม ๓๖ · หน้า 350b

དཔའ་ཏིང་ངེ་འཛིན་འདི་ལ་གནས་པ་ནི་ཡོན་ཏན་འདི་དག་དང་། གཞན་ཡང་ཡོངས་སུ་དག་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རབ་ཏུ་འཐོབ་བོ། །ཏིང་ངེ་འཛིན་ཆེན་པོའི་དཀྱིལ་འཁོར་འདི་དག་

གི་དབང་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། རང་གི་དགེ་བའི་རྩ་བའི་རྒྱུའི་སྟོབས་དང་། ཡེ་ཤེས་ཀྱི་སའི་སྒྲོལ་བའི་མཐུ་དང་། དགེ་བའི་བཤེས་གཉེན་གྱིས་ཉེ་བར་བརྟན་པའི་སྟོབས་དང་། བདུད་ཀྱི་

ལས་ཐམས་ཅད་རབ་ཏུ་འཇོམས་པའི་མཐུ་དང་། དགེ་བའི་ལས་སྐལ་པ་མཉམ་པ་རྣམས་ཀྱི་གཞུང་གཅིག་པའི་མཐུ་དང་སྨོན་ལམ་རྣམས་ཀྱི་དག་པའི་སྟོབས་དང་། ཇི་ལྟར་བསྐྱེད་པའི་དགེ་བའི་རྩ་བ་རྣམས་ཡོངས་སུ་གྲུབ་པའི་སྟོབས་

དང་། འཇིག་རྟེན་ལས་འདས་པའི་བསོད་ནམས་ཐུབ་པ་མེད་ཅིང་ཟད་མི་ཤེས་པའི་མཐུ་དེ་ལྟར་སྙོམས་པར་འཇུག་པ་ལ་གནས་པ་ནི། ཡོན་ཏན་མཚུངས་པ་མཉམ་པ་བཅུས་སངས་རྒྱས་འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བ་

ཐམས་ཅད་མཚུངས་པ་མཉམ་པ་ཡིན་ཏེ། བཅུ་གང་ཞེ་ན། འདི་ལྟར་གཟུགས་དང་མཚན་དང་དཔེ་བྱད་བཟང་པོ་སྣ་ཚོགས་ཀྱིས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། འོད་དང་འོད་ཟེར་གྱི་དྲ་བ་རབ་ཏུ་འགྱེད་པ་

རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་དང་། སྤྲུལ་པ་སེམས་ཅན་འདུལ་བའི་ཚུལ་བཞིན་དུ་སྟོན་པས། བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན།

ལུས་ཚད་མེད་པ་དང་། ཁ་དོག་མཐའ་ཡས་པ་དང་། དབྱངས་ཐམས་ཅད་རྣམ་པར་དག་པས། བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་བྱིན་གྱིས་རློབ་ཅིང་སེམས་ཅན་གྱི་

เล่ม ๓๖ · หน้า 351a

ལས་དང་སྤྱོད་པ་ཇི་ལྟ་བ་བཞིན་དུ་རྣམ་པར་དམིགས་པ་ཡང་དག་པར་སྟོན་པས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། སེམས་ཅན་ཐམས་ཅད་ཀྱི་ཐ་སྙད་གཟུངས་དམ་པས་འཛིན་པའི་མཐུ་དང་དྲན་པ་ཉམས་

པ་མེད་པའི་མཐར་ཐུག་པར་གནས་པས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། ཐ་དད་པ་ཡང་དག་པར་ཤེས་པ་མི་ཟད་པས་སེམས་ཅན་ཐམས་ཅད་ཀྱི་སྒྲ་སྐད་ཤེས་པས། སྟོན་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་བས་བྱང་ཆུབ་

སེམས་དཔའ་མཚུངས་པ་མཉམ་པ་ཡིན། མི་འཇིགས་པས་བག་ཚ་བ་མེད་པར་སེང་གེའི་ང་རོ་སྒྲོག་ཅིང་ཆོས་དང་མཐུན་པར་སེམས་ཅན་ཐམས་ཅད་ཁོང་དུ་ཆུད་པར་བྱེད་པས། བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། དུས་གསུམ་

གྱི་ཚིག་ལམ་ལ་འཇུག་པ་སྐད་ཅིག་གི་མཐར་འཇུག་པར་བྱེད་པས་བྱང་ཆུབ་སེམས་དཔའ་མཚུངས་པ་མཉམ་པ་ཡིན། སངས་རྒྱས་ཀྱི་སྟོབས་དང་དེ་བཞིན་གཤེགས་པའི་ཡུལ་རྣམ་པར་ཕྱེ་བ་སེམས་ཅན་རྣམས་ལ་ཡང་དག་པར་སྟོན་པས། བྱང་

ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཚུངས་པ་མཉམ་པ་ཡིན། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མྱིག་གིས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་དེ་ལྟར་བྱང་ཆུབ་

སེམས་དཔའ་དེ་རྣམ་པ་དེ་ལྟ་བུ་དེ་དག་དང་ལྡན་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་མཚུངས་པ་མཉམ་པ་ཡིན་ན། ཅིའི་ཕྱིར་སངས་རྒྱས་མ་ཡིན། ཅིའི་ཕྱིར་སྟོབས་བཅུ་མ་ཡིན། ཅིའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན། ཅིའི་ཕྱིར་

ཀུན་ཏུ་གཟིགས་པ་མ་ཡིན། ཅིའི་ཕྱིར་ཆོས་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་བསྒྲིབས་པ་མི་མངའ་བར་གཟིགས་པ་མ་ཡིན། ཅིའི་ཕྱིར་ཆོས་ཐམས་ཅད་མངོན་པར་སངས་རྒྱས་པ་མ་ཡིན། ཅིའི་ཕྱིར་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་

เล่ม ๓๖ · หน้า 351b

ཐམས་ཅད་དང་མི་གཉིས་པར་སྤྱོད་པ་མ་ཡིན། ཅིའི་ཕྱིར་གནས་པའི་མཐར་གྱུར་པའི་ཡེ་ཤེས་དང་ལྡན་པ་མ་ཡིན། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་རྒྱུན་གཅོད་པ་མ་ཡིན། ཅིའི་ཕྱིར་ཆོས་ཀྱི་

དབྱིངས་ཀྱི་མཐར་ཐུག་པ་མ་ཡིན། ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་རྒྱུད་ཉེ་བར་ལེན་པ་བཏང་སྙོམས་སུ་མི་གཞོག །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས། བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་ལ་འདི་སྐད་ཅེས་སྨྲས་སོ། །

ཀྱེ་རྒྱལ་བའི་སྲས་ཁྱོད་དེ་སྐད་དུ་གལ་ཏེ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཚུངས་པ་མཉམ་པ་ཡིན་ན། ཅིའི་ཕྱིར་སངས་རྒྱས་མ་ཡིན་ཞེས་ཟེར་བ་དེ་ཇི་སྐད་སྨྲས་པ་དེ་བཞིན་ཏེ་ལེགས་སོ་ལེགས་སོ། །

ཀྱེ་རྒྱལ་བའི་སྲས་ནམ་བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁོར་དང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སྨོན་ལམ་ཐ་མི་དད་པར་ཞུགས་པས་ཡང་དག་པར་སྐྱེས་པའི་ཡུལ་ཐོབ་པར་གྱུར་པ་དེའི་ཚེ་སངས་རྒྱས་ཞེས་བྱའོ། །དེ་བཞིན་

གཤེགས་པའི་དོན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྒྱུན་མ་བཅང་པས་དེ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ནམ་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོབས་བཅུ་ལ་ཞུགས་པར་གྱུར་པ་དེའི་ཚེ་སྟོབས་བཅུ་ཞེས་བྱའོ། །དེ་བཞིན་

གཤེགས་པའི་སྟོབས་སྒྲུབ་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་གཅོད་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ནམ་ཆེད་དུ་བྱ་བ་མེད་པར་ཆོས་ཀྱི་དབྱིངས་ཤིན་ཏུ་བསྟན་པ་ཐམས་ཅད་རྟོགས་པར་གྱུར་པ་དེའི་ཚེ་ཐམས་

ཅད་མཁྱེན་པ་ཞེས་བྱའོ། །ཆོས་ཀྱི་དབྱིངས་ཐམས་ཅད་ཤིན་ཏུ་བསྟན་པ་ཐ་དད་པ་ལ་འཇུག་པ་རིག་པར་སྤྱོད་ཅིང་མཁས་པར་བྱ་བ་ལས་ཕྱིར་མི་ལྡོག་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ནམ་བྱང་ཆུབ་

เล่ม ๓๖ · หน้า 352a

སེམས་དཔའ་དེ་ཆོས་ཐམས་ཅད་མི་གཉིས་པར་ཡང་དག་པར་སྤྱོད་པ་ཡོངས་སུ་ཤེས་པར་གྱུར་པ་དེའི་ཚེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་སངས་རྒྱས་པའི་བློ་མངའ་བ་ཞེས་བྱའོ། །བྱང་ཆུབ་སེམས་

དཔའ་དེ་ཆོས་ཐམས་ཅད་གཉིས་པ་དང་གཉིས་མ་ཡིན་པ་ལ་མཁས་པས་རྣམ་པ་ཐ་དད་པའི་རྒྱུད་ལ་འཇུག་ཅིང་ཆོས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁས་པ་ལ་གནས་པས་དེ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་དཔའ་དེ་

ཀུན་ཏུ་གཟིགས་པའི་ཡུལ་ཡེ་ཤེས་ཀྱི་སྒོས་ཁོང་དུ་ཆུད་པར་གྱུར་པ་དེའི་ཚེ་ཀུན་ཏུ་གཟིགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་ཀུན་ཏུ་གཟིགས་པའི་ཡུལ་མངོན་པར་སྒྲུབ་ཅིང་སེམས་དང་ཡེ་ཤེས་སེམས་སྐད་ཅིག་ཏུ་རྣམ་པར་

འཕེལ་བས་ཡོངས་སུ་སྐྱོ་བར་མི་བྱེད་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་དཔའ་དེ་ཆོས་སྣང་བའི་སྒོ་ཐམས་ཅད་ཀྱིས་སྣང་བར་བྱེད་ཅིང་མུན་པ་མེད་པའི་ས་ལ་གནས་པ་དེའི་ཚེ་བསྒྲིབས་པ་མེད་པར་

གཟིགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་བསྒྲིབས་པ་མེད་པའི་ཡེ་ཤེས་སྟོན་པའི་དོན་དུ་སངས་རྒྱས་རྗེས་སུ་དྲན་པས་དེ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་གཤེགས་པ་

རྣམས་ཀྱི་ཡེ་ཤེས་ཀྱི་ཚུལ་མངོན་པར་ཁོང་དུ་ཆུད་པར་གྱུར་པ་དེའི་ཚེ། ཆོས་ཐམས་ཅད་མངོན་པར་སངས་རྒྱས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཚུལ་མངོན་པར་སངས་རྒྱས་པ་

ལ་སྤྱོད་ཅིང་རྟོགས་པ་ལ་ཁོང་དུ་ཆུད་པས་དེ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་དཔའ་དེ་དེ་བཞིན་གཤེགས་པའི་གནས་ལ་སྤྱོད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་དང་མི་གཉིས་པར་གྱུར་པ་དེའི་ཚེ་

เล่ม ๓๖ · หน้า 352b

འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་མི་གཉིས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་དེ་བཞིན་གཤེགས་པའི་སྐུ་ཐོབ་པར་བྱ་བའི་ཕྱིར་བདག་ཡོངས་སུ་སྦྱོང་ཞིང་རྣམ་པར་སྒོམ་པས་

བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་དཔའ་དེ་འགྲོ་བ་ཐམས་ཅད་དུ་གནས་པ་ཡང་དག་པའི་མཐའ་ཁོང་དུ་ཆུད་པར་གྱུར་པ་དེའི་ཚེ་ཡང་དག་པའི་མཐའ་མཁྱེན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་གནས་པའི་ཡང་དག་

པའི་མཐའ་ལ་རྟོགས་པར་གཞོག་ཅིང་ཡང་དག་པའི་མཐའ་མངོན་དུ་མི་བྱེད་ལ། ཆོས་ཐམས་ཅད་རབ་ཏུ་དབྱེ་བའི་རྒྱུད་ལ་བཏང་སྙོམས་རབ་ཏུ་ཐོབ་པ་ཡང་མ་ཡིན་པས་དེ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་

དཔའ་དེ་ལེན་པ་མེད་ཅིང་འདོར་བ་མེད་པ་ལ་རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་པར་གྱུར་པ་དེའི་ཚེ། སྨོན་ལམ་ཡོངས་སུ་བཏང་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པར་

བྱེད་ཅིང་ཤིན་ཏུ་ཡངས་པར་བྱེད་པ་དང་། རྣམ་པར་སྦྱོང་བ་དང་ཕྱིར་མ་ལྡོག་པར་བྱེད་པས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་རྒྱུན་མ་བཅད་པ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་དཔའ་དེ་ཆོས་ཀྱི་དབྱིངས་

སྣང་བར་བྱ་བའི་ཚུལ་གྱིས་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་རབ་ཏུ་ཤེས་ཤིང་མཚན་ཉིད་གཅིག་གིས་ཆོས་ཐམས་ཅད་ཀྱི་མཚན་ཉིད་རབ་ཏུ་ཤེས་པར་གྱུར་པ་དེའི་ཚེ་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པ་ཞེས་བྱའོ། །ནམ་བྱང་ཆུབ་སེམས་

དཔའ་དེ་ཕྱིར་མི་ལྡོག་པའི་བཏང་སྙོམས་དང་ལྡན་པར་གྱུར་པ་དེའི་ཚེ། བྱང་ཆུབ་སེམས་དཔའི་རྒྱུད་ཉེ་བར་ལེན་པ་ལ་བཏང་སྙོམས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་ཆོས་ཀྱི་དབྱིངས་ལ་འཇུག་པ་རབ་ཏུ་ཤེས་པའི་ཚུལ་གྱིས་ཆོས་

เล่ม ๓๖ · หน้า 353a

ཀྱི་དབྱིངས་མཐའ་དང་དབུས་མེད་པ་རབ་ཏུ་ཤེས་ཤིང་ཆོས་ཐམས་ཅད་མཚན་ཉིད་ཐ་དད་པའི་ཚུལ་གྱིས་མཚན་ཉིད་སྣ་ཚོགས་རབ་ཏུ་ཤེས་ལ་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་སྐྱོ་བ་མེད་ཅིང་ཡོངས་སུ་ཡི་འཆད་

པ་མེད་དེ། འགྲོ་བ་ཐམས་ཅད་སྙིང་རྗེ་ཆེན་པོས་ཡོངས་སུ་བསྐྱབ་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་འགྲེལ་ཅིང་འདུལ་བས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་བྱའོ། །ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་

དཔེར་ན། གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་ཞེས་བྱ་བ་ནི་རི་གསེར་གྱི་ལོགས་ཞེས་བྱ་བའི་རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་ལུང་པ་རིན་པོ་ཆེའི་རབ་བདུན་གྱིས་བསྐོར་བ། རིན་པོ་ཆེའི་ཤིང་ཐགས་ཀྱི་དྲ་བ་བདུན་གྱིས་བསྐོར་བ་རིན་པོ་ཆེའི་དྲ་

བས་ཀུན་ནས་ཡོག་པ་ན་གནས་ཏེ། གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་དེ་ཡང་ཐམས་ཅད་དུ་དཀར་བ་གངས་ཀྱི་མདོག་ལྟར་འདུག་པ། གསེར་གྱི་རྒྱལ་མཚན་ཅན། གསེར་གྱི་རྒྱན་གྱིས་བརྒྱན་པ། གསེར་གྱི་ཕྱང་འཕྲུལ་གྱིས་ཀླུབས་པ། གསེར་

གྱི་དྲ་བས་བཀབ་པ། དྲིལ་བུའི་དྲ་བ་བརྒྱུས་པ། རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བས་སྣ་ཀུན་ནས་བཀབ་པ། རིན་པོ་ཆེའི་དྲིལ་བུའི་ཕྲེང་བ་ཀུན་ནས་བརྒྱུས་པ། ཡན་ལག་བདུན་ཤིན་ཏུ་གནས་པ། མཆེ་བ་དྲུག་དང་ལྡན་པ། ཡིད་དུ་འོང་བ་གཟུགས་

དང་ཁ་དོག་མི་མཐུན་པ་མེད་པ་བལྟ་ན་སྐྱོ་མི་ཤེས་པར་སྡུག་པ་རྣམ་པར་དག་པ། རིགས་དང་ལྡན་པ་ཅང་ཤེས་པ་ཡིད་བཞིན་དུ་བྱེད་པ་སྟེ། དེ་ནི་ལྷའི་དབང་པོ་སུམ་ཅུ་རྩ་གསུམ་གྱི་བདག་པོ་བརྒྱ་བྱིན་གྱི་སྒོ་ན་གསེར་གྱི་ལོགས་ཀྱི་རི་ལུང་པ་ནས་མི་སྣང་བར་

གྱུར་ཏེ། སུམ་ཅུ་རྩ་གསུམ་གྱི་ལྷའི་རྒྱལ་པོ་བརྒྱ་བྱིན་ལ་རིམ་གྲོ་བྱ་བའི་ཕྱིར་འོང་ངོ་། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་ལ་ཞོན་པར་གྱུར་ན། དེའི་ཚེ་གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་དེ་རྫུ་འཕྲུལ་གྱི་རྣམ་པ་སྣ་ཚོགས་སྟོན་

เล่ม ๓๖ · หน้า 353b

ཏེ། མགོ་སུམ་ཅུ་རྩ་གསུམ་མངོན་པར་སྤྲུལ་པ་བྱེད་དོ། །མགོ་རེ་རེ་ལ་ཡང་མཆེ་བ་དྲུག་དྲུག་མངོན་པར་སྤྲུལ་པ་བྱེད་དོ། །སོ་རེ་རེ་ལ་ཡང་རྫིང་བུ་བདུན་བདུན་མངོན་པར་སྤྲུལ་པ་བྱེད་དོ། །རྫིང་བུ་རེ་རེ་ཞིང་ཡང་པད་མོ་བདུན་བདུན་མངོན་པར་

སྤྲུལ་པ་བྱེད་དོ། །པད་མོ་རེ་རེ་ལ་ཡང་ལྷའི་བུ་མོ་བརྒྱ་ཕྲག་བདུན་བདུན་མངོན་པར་སྤྲུལ་པ་བྱེད་དོ། །ལྷའི་བུ་མོ་དེ་དག་ཐམས་ཅད་ཀྱང་ལྷ་རྫས་ཀྱི་རོལ་མོ་སྟོང་ཕྲག་དུ་མའི་སྒྲ་འབྱིན་པས་ལྷའི་དབང་པོ་བརྒྱ་བྱིན་ལ་རིམ་གྲོར་བྱེད་དོ། །ལྷའི་དབང་

པོ་བརྒྱ་བྱིན་ཡང་ཤུགས་དང་ལྡན་པའི་རིམ་གྲོ་དང་སྤྲུལ་པ་ལ་ལོངས་སྤྱོད་པའི་ཕྱིར། ཆུ་ཀླུང་ཕྱོགས་མཚམས་ཞེས་བྱ་བའི་ངོགས་ནས་པུན་ད་རི་ཀ་གཅིག་གིས་ཁེབས་པ་ཞེས་བྱ་བའི་བཟའ་ཤིང་གི་ར་བར་འགྲོའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་

པུན་ད་རི་ཀ་གཅིག་གིས་ཁེབས་པའི་བཟའ་ཤིང་གི་ར་བར་ཕྱིན་ནས། གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་ལས་བབས་ཏེ། ཁང་བ་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་དང་སྙིང་པོ་ཅན་ན་གནས་ཤིང་ལྷའི་བུ་མོ་མཐའ་ཡས་པ་དང་རྩེའོ། །དེ་ནས་གླང་པོའི་

རྒྱལ་པོ་ཤུགས་དང་ལྡན་པའི་ལུས་སྣ་ཚོགས་ཀྱིས་རྫུ་འཕྲུལ་བརྟུལ་ཏེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་པུན་ད་རི་ཀ་གཅིག་གིས་ཁེབས་པའི་བཟའ་ཤིང་གི་ར་བ་དེ་ན་ལྷ་མོ་རྣམས་དང་ལྷན་ཅིག་རྩེ་དགའ་ཞིང་དགའ་བར་སྤྱོད་དོ། །དེ་ལྟར་གླང་པོའི་

རྒྱལ་པོ་ཤུགས་དང་ལྡན་པ་རྩེ་དགའ་ཞིང་དགའ་བར་སྤྱོད་པའི་ཚེ། སུམ་ཅུ་རྩ་གསུམ་པའི་ལྷ་དང་ལུས་མཚུངས་པར་གནས་པས་སུམ་ཅུ་རྩ་གསུམ་པའི་ལྷ་དང་གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པས་ལུས་ཤེས་ལུས་ཀྱི་ཁྱད་པར་མེད་དོ། །གཟུགས་ཤེས་

གཟུགས་ཀྱི་ཁྱད་པར་མེད་དོ། །ཁ་དོག་ཅེས་ཁ་དོག་གི་ཁྱད་པར་མེད་དོ། །གཟི་བརྗིད་ཅེས་གཟི་བརྗིད་ཀྱི་ཁྱད་པར་མེད་དོ། །འོད་དང་རྒྱན་དང་གོས་དང་རྩེད་མོ་དང་ལོངས་སྤྱོད་དང་བལྟ་བ་དང་ཚུལ་གྱིས་ཀྱང་ཁྱད་པར་གང་ཡང་མེད་དེ་གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་དང་། སུམ་ཅུ་རྩ་

เล่ม ๓๖ · หน้า 354a

གསུམ་པའི་ལྷ་རྣམས་སུ་འདི་དག་ནི་སུམ་ཅུ་རྩ་གསུམ་པའི་ལྷའོ། །འདི་དག་ནི་གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པའོ་ཞེས་བྱ་བར་རྣམ་པར་བརྟག་ཏུ་མེད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་གླང་པོའི་རྒྱལ་པོ་ཤུགས་

དང་ལྡན་པར་འདྲའོ། །གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སུ་འདྲའོ། །ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་གསེར་གྱི་ལོགས་ཀྱི་རི་རིན་པོ་ཆེ་བདུན་གྱི་རང་བཞིན་

གྱི་ལུང་པ་ནས་དགའ་བ་སྣ་ཚོགས་མངོན་པར་སྤྲུལ་པ་བྱས་ཏེ། སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་ལྷའི་དབང་པོ་བརྒྱ་བྱིན་གྱི་ལོངས་སྤྱོད་ཀྱི་དོན་དུ་འོངས་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་མཆོད་པ་དང་རིམ་གྲོ་བྱ་བ་དང་།

བཀུར་སྟི་བྱ་བ་དང་། ཕུ་དུད་བྱ་བའི་ཕྱིར་སུམ་ཅུ་རྩ་གསུམ་པའི་ལྷ་དང་ཐ་མི་དད་པའི་ཚུལ་གྱིས་ལྷའི་དགའ་བ་ལ་སྤྱོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་

དང་སྨོན་ལམ་ལ་བརྩོན་པ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། བྱང་ཆུབ་སེམས་དཔའི་ཡོན་ཏན་བྱང་ཆུབ་ཀྱི་ཡན་ལག་བདུན་ཤིན་ཏུ་གནས་པ། འོད་གཟེར་ཀུན་ཏུ་འགྱེད་པའི་ལུས་དང་ལྡན་

པ། ཆོས་ཀྱི་དྲིལ་གྱི་སྒྲ་ཀུན་ཏུ་སྒྲོག་པའི་དབྱངས་དང་ལྡན་པ། ཆོས་ཀྱི་རྒྱལ་མཚན་རབ་ཏུ་བསྒྲེང་བའི་རྒྱལ་མཚན་ཅན། སྙིང་རྗེའི་ལུང་པའི་གནས་ན་འདུག་པ། མཐུ་བོ་ཆེའི་སྟོབས་ཀྱི་ལུས་ཀྱི་ཁྱད་པར་ཅན། ཐེག་པ་ཆེན་པོའི་

སྨོན་ལམ་གྱི་མཆེ་བ་དང་ལྡན་པ། དྲག་ཤུལ་གྱི་སེང་གེས་བག་ཚ་བ་མེད་པ། ཡེ་ཤེས་ཀྱི་རྒྱུད་ཀྱི་ཆོས་ཀྱི་ཅོད་པན་བཏགས་པ། གསང་བའི་གནས་ཐམས་ཅད་ནས་རབ་ཏུ་བྱུང་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་གྱིས་སྐྱོ་བ་མྱེད་

เล่ม ๓๖ · หน้า 354b

པའི་བྱང་ཆུབ་ཀྱི་ཤིང་དྲུང་ན་མོས་ཤིང་སྤྱོད་པ་དང་། སྨོན་ལམ་གྱི་རྒྱུན་མི་གཅོད་པ། བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་ཅིང་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྫིང་བུ་ཐ་དད་པ་མེད་པར་མངོན་པར་འཚང་རྒྱ་བར་མངོན་སུམ་དུ་གྱུར་པ། བྱང་

ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་རྒྱ་ཆེན་པོ་རྣམ་པར་འཕེལ་བར་བྱེད་པ་དང་། བློ་རྣམ་པར་སངས་རྒྱས་པ་བྱང་ཆུབ་སེམས་དཔའི་སྨོན་ལམ་མངོན་པར་སྒྲུབ་ཅིང་རྒྱུན་མི་གཅོད་པ།

ལྷོད་པར་མི་བྱེད་པ། ཕྱིར་ལྡོག་པར་མི་བྱེད་པ། སྙིང་རྗེ་ཆེན་པོ་མཐའ་དང་དབུས་མེད་པ་རྣམ་པར་འཕེལ་བར་བྱེད་པ། སྨོན་ལམ་ཆེན་པོའི་ཐེག་པས་སེམས་ཅན་ཐམས་ཅད་ཀྱི་རིས་ན་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་མངོན་

པར་གནས་ཤིང་བརྩོན་འགྲུས་ཡོངས་སུ་མི་གཏོང་བ། ཕྱི་མའི་མཐའི་མུར་ཐུག་པར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡོངས་སུ་བསྩལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལམ་ཡོངས་སུ་ཆད་པར་མི་བྱེད་

ཀྱང་བྱང་ཆུབ་ཏུ་མངོན་པར་ཡང་འཚང་མི་རྒྱ་སྟེ། རྫོགས་པར་བྱང་ཆུབ་པའི་སྒོ་བརྗོད་དུ་མྱེད་པའི་ཡང་བརྗོད་དུ་མྱེད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དང་། སྒོམ་པའི་བསམ་པ་སྣ་ཚོགས་ཀྱི་སྒོ་

བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དང་། ཞིང་འབྱམ་ཀླས་པ་སྣ་ཚོགས་ཀྱི་གནས་སུ་མྱ་ངན་ལས་འདའ་བ་དང་། རྣམ་པར་འཕྲུལ་པ་དང་མངོན་པར་འཚང་རྒྱ་བའི་སྒོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པས། འཇིག་རྟེན་གྱི་

ཁམས་སྣ་ཚོགས་འབྱམ་ཀླས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཏུ་སྐྱེ་བར་སྣང་ངོ་། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱད་པ་སྤྱོད་པར་སྣང་ངོ་། །དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་ཤིང་དྲུང་དུ་མངོན་པར་སངས་

เล่ม ๓๖ · หน้า 355a

རྒྱས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ། བྱང་ཆུབ་སེམས་དཔའི་ཚོགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པས་ཀུན་ནས་བསྐོར་བ་དག་གི་ཞབས་ཀྱི་དྲུང་དུ་འགྲོ་བར་སྣང་ངོ་། །ཕྱོགས་འབྱམ་ཀླས་པ་དང་

ཕྱོགས་མཚམས་འབྱམ་ཀླས་པའི་སངས་རྒྱས་ཀྱི་ཞིང་མང་པོ་རྒྱ་མཚོ་དག་ཏུ་མངོན་པར་སངས་རྒྱས་ནས་སྐད་ཅིག་གཅིག་ལོན་པ་དང་། མངོན་པར་སངས་རྒྱས་ནས་ཡུད་ཙམ་ཅིག་ལོན་པ་དང་། མངོན་པར་སངས་རྒྱས་ནས་དུས་གཞན་དུ་

གྱུར་པ་དང་། མངོན་པར་སངས་རྒྱས་ནས་ཉི་མ་གཅིག་ལོན་པ་དང་། མངོན་པར་སངས་རྒྱས་ནས་ཟླ་བ་ཕྱེད་ལོན་པ་དང་། མངོན་པར་སངས་རྒྱས་ནས་ལོ་གཅིག་ལོན་པ་དང་། མངོན་པར་སངས་རྒྱས་ནས་ལོ་གྲངས་མེད་པ་ལོན་པ་དང་།

མངོན་པར་སངས་རྒྱས་ནས་བསྐལ་པ་གཅིག་ལོན་པ་དང་། མངོན་པར་སངས་རྒྱས་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སྙེད་ལོན་པའི་དེ་བཞིན་གཤེགས་པ་དག་གི་ཞབས་ཀྱི་དྲུང་དུ་ཉེ་བར་འགྲོའོ། །དེ་བཞིན་དུ་ཤར་

ཕྱོགས་ཀྱི་སངས་རྒྱས་ཀྱི་ཉིང་གི་སངས་རྒྱས་ཐམས་ཅད་ལ་རིམ་གྲོ་བྱེད་དོ། །མཆོད་པ་བྱེད་དོ། །ཕྱག་འཚལ་ལོ། །རབ་ཏུ་འདུད་དོ། །སངས་རྒྱས་རྣམས་ལ་ཞུ་བ་བྱེད་དོ། །རྣམ་པར་འཕེལ་བའི་སྒྱུ་མའི་དཀྱིལ་འཁོར་གྱི་ཞིང་

ཡོངས་སུ་བྱང་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་དག་པ་མཐའ་ཡས་པ་དང་། ཡེ་ཤེས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པས་

བྱང་ཆུབ་སེམས་དཔའ་ཁྱུ་མཆོག་གི་མཐུ་ཕྱུང་བ་སྣ་ཚོགས་དང་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཡངས་པ་སྣ་ཚོགས་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་སྣ་ཚོགས་དང་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་སྣ་ཚོགས་དང་། བྱང་ཆུབ་

เล่ม ๓๖ · หน้า 355b

སེམས་དཔའི་མངོན་པར་བསྒྲུབ་པའི་ཁྱུ་མཆོག་གི་མཐུ་མཐའ་དང་དབུས་མེད་པ་སྣ་ཚོགས་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ལ་རྣམ་པར་རྩེ་བ་སྣ་ཚོགས་དང་། བྱང་ཆུབ་སེམས་དཔའི་ཆོས་སྣང་བ་རྣམ་པར་དག་པའི་ཚུལ་

སྣ་ཚོགས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་གྱིས་ཐམས་ཅད་དུ་སྤྱོད་པར་སྣང་ངོ་། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྫུ་འཕྲུལ་དང་། ཁྱུ་མཆོག་གི་མཐུ་ཕྱུང་བའི་ཚུལ་གྱིས་སྔོན་གྱི་མཐའ་ཡང་འཇིག་པར་མི་བྱེད་དེ། །

འཁོར་བའི་འཁོར་ལོ་རྒྱུན་གཅད་པ་དང་། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་འབྱམ་ཀླས་པ་རྣམ་པར་དག་པར་བྱ་བ་དང་དེ་བཞིན་གཤེགས་པའི་རྒྱུད་དང་། སངས་རྒྱས་ཐམས་ཅད་མཐོང་བར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་

འཇུག་ཅིང་ཁོང་དུ་ཆུད་པར་བྱ་བ་དང་། དུས་གསུམ་གྱི་རྒྱུད་ཀྱི་སངས་རྒྱས་ཀྱི་ཚུལ་རྗེས་སུ་དྲན་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུད་རྣམ་པ་ཐ་དད་པའི་སྒྲ་དང་། ཆོས་ཐམས་ཅད་ཀྱི་རྒྱུ་ཕྱོགས་ཀྱི་རྒྱུད་དང་ཆོས་ཀྱི་ལུས་ཐམས་ཅད་ཀྱི་རྗེས་སུ་

འགྲང་བར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡང་དག་པར་གཟུང་བའི་རྒྱུད་ཁོང་དུ་ཆུད་ཅིང་ཡོངས་སུ་རྫོགས་པར་བྱ་བ་དང་། ཀུན་ཏུ་བཟང་པོའི་རྒྱུད་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱུ་མཆོག་གི་མཐུ་མངོན་པར་འཚང་

རྒྱ་བར་བྱ་བའི་ཕྱིར། སེམས་ཅན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རྣམ་པར་དག་པར་བྱེད་དོ། །ཀྱེ་རྒྱལ་བའི་སྲས་དག་ལྟོས་དང་དེ་ལྟར་ཀུན་ཏུ་བཟང་པོའི་སྤྱོད་པ་རྒྱུན་མི་འཆད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་འཆད་པ་མེད་པ་

དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་སྣང་བ་ཉམས་པ་མེད་པ་དང་། སངས་རྒྱས་ཐམས་ཅད་ཡོངས་སུ་བལྟ་བའི་ཕྱིར་ཀུན་ཏུ་བཟང་པོའི་སྤྱོད་པ་རྒྱ་ཆེན་པོ་འབྱུང་ཞིང་ཐམས་ཅད་མཁྱེན་པའི་ཁྱུ་མཆོག་གི་མཐུ་ཕྱུང་བ་མྱོང་བར་བྱེད་པ་ངོ་མཚར་མི་ཆེ་

เล่ม ๓๖ · หน้า 356a

འམ། ཀྱེ་རྒྱལ་བའི་སྲས་དག་གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་དེ་ནི་གླང་པོའི་གནས་ནས་ཀྱང་འཕོ་བ་མེད་ལ་སུམ་ཅུ་རྩ་གསུམ་གྱི་སྐྱེ་བའི་སྐྱེ་མཆེད་དུ་ཡང་རབ་ཏུ་སྐྱེའོ། །བཞོན་པའི་དངོས་པོར་ཡང་རྣམ་པར་སྤྱོད་དོ། །ལྷའི་

རྩེ་བ་ལའང་ཡོངས་སུ་སྤྱོད་དོ། །རིམ་གྲོ་བྱ་བའི་ཚུལ་ཡང་ཡོངས་སུ་མི་སྤོང་ངོ་། །ལྷའི་བུ་མོ་རྣམས་དང་ཡང་ཀུན་ཏུ་རྩེའོ། །ལྷ་རྣམས་དང་ཡང་མཚུངས་ཤིང་མཉམ་སྟེ། རྣམ་པ་ཐ་དད་པ་མེད་དོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་

ཆུབ་སེམས་དཔའ་ཡང་ཀུན་ཏུ་བཟང་པོའི་སྤྱོད་པ་ཐེག་པ་ཆེན་པོ་ཡང་ཡོངས་སུ་མི་གཏོང་ཞིང་ཤི་འཕོ་བ་ཡང་མེད་ལ་སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་ལ་ཡང་རབ་ཏུ་སྤྱོད་དོ། །ཐམས་ཅད་མཁྱེན་པ་ཉིད་ལ་ཡང་རྣམ་པར་རྩེའོ། །སངས་རྒྱས་ཀྱི་རྣམ་

པར་ཐར་པ་ཡང་རབ་ཏུ་ཤེས་སོ། །ཆགས་པ་མེད་པ་ཉིད་ཀྱང་མངོན་པར་སྒྲུབ་བོ། །ཆགས་པ་མེད་ཅིང་བསྒྲིབས་པ་མེད་པ་ཡང་རྣམ་པར་དག་པར་བྱེད་དོ། ཞིང་རྣམས་ལ་ཡང་གནས་པ་མེད་དོ། །སངས་རྒྱས་ཀྱི་ཆོས་རྣམས་ལ་ཡང་རློམ་སེམས་

མྱེད་ཅིང་མི་རྟོག་རྣམ་པར་མི་རྟོག་གོ །ཆོས་ཐམས་ཅད་ཀྱང་མཉམ་པ་ཉིད་དུ་བྱེད་དོ། །མྱི་གཉིས་པ་དང་ཡང་འགལ་བར་མྱི་བྱེད་དེ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་མི་སྤོང་སྟེ། དེ་ལྟ་ན་བྱང་ཆུབ་སེམས་དཔའ་དེ་འདས་པ་དང་།

མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་ཡང་མཚུངས་ཤིང་མཉམ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་རྒྱུན་མི་གཅོད་པ་ཡིན། ཀྱེ་རྒྱལ་བའི་སྲས་དག་གླང་པོའི་རྒྱལ་པོ་ཤུགས་དང་ལྡན་པ་དེ་གླང་པོའི་ཡུལ་ན་ཡང་སྣང་ལ་ལྷའི་ཡུལ་ན་

ཡང་སྤྱོད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་འདི་ལྟ་བུའི་ཆོས་རྒྱ་ཆེན་པོ་དང་ལྡན་པ་ཡང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའི་ལྷག་

เล่ม ๓๖ · หน้า 356b

པའི་བསམ་པ་རྣམ་པར་དག་པས་ཡང་དག་པར་གནས་པ་ཡིན། ཀྱེ་རྒྱལ་བའི་སྲས་དག་འདི་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རྒྱ་ཆེན་པོ་ཚད་མེད་པ་བྱང་ཆུབ་སེམས་དཔའ་ཉེ་བར་སྤྱོད་པ། ལྷག་པའི་བསམ་པས་རབ་ཏུ་ཐོབ་པ། ཡེ་ཤེས་ཆེན་པོ་ལ་

ཞུགས་པ་བཅུ་པ་སྟེ། ཀྱེ་རྒྱལ་བའི་སྲས་དག་འདི་དག་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་རྒྱ་ཆེན་པོའི་དཀྱིལ་འཁོར་བཅུ་རྣམས་སོ། །ཏིང་ངེ་འཛིན་བཅུའི་ལེའུ་སྟེ། སུམ་ཅུ་རྩ་གསུམ་པའོ།། །།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด