དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོའོ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་སརྦ་ཏ་ཐཱ་ག་ཏགུ་ཧྱ་ཏནྟྲ་ཡོ་ག་མ་ཧཱ་རཱ་ཛཱ་དྭ་ཡ་ས་མ་ཏཱ་བི་ཛ་ཡ་ནཱ་མ་བཛྲ་ཤྲཱི་ཝ་ར་མ་ཧཱ་ཀལྤཱ་དི

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๘๒ · หน้า 192b

མཁའི་ཁམས། །ཡོངས་སུ་གང་བའི་ཆོས་ཅན་མ། །ཏིལ་གྱི་འབྲུ་བཞིན་རྒྱས་པ་ཡི། །སངས་རྒྱས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྒྱ་མཚོ་སྦྱིན་སངས་རྒྱས་ཐམས་ཅད་ཀྱིས་བདུད་དང་བདུད་ཀྱི་རིས་

ཐམས་ཅད་འཇོམས་པར་བྱེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བདུད་དང་ལོག་འདྲེན་མ་ལུས་རྣམས། །བྱམས་པའི་ཡེ་ཤེས་ཆེན་པོ་ཡིས། །ལོག་རྟོག་མ་ལུས་ཞི་མཛད་པའི། །བྱང་

ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་ཏོག་སངས་རྒྱས་ཐམས་ཅད་ཀྱི་སྣ་ཚོགས་དག་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གྲགས་པའི་རྒྱལ་

མཚན་དཔལ་བེའུ། །འབར་བ་འོད་འཕྲོ་ཉི་མའི་དབུས། །དྲ་བ་རིན་ཆེན་ནོར་བུ་སྟེ། །ཡེ་ཤེས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་བའི་གཟུགས་སངས་རྒྱས་ཐམས་ཅད་ཀྱི་གཞལ་མེད་ཀྱི་གནས་དག་པས་སངས་རྒྱས་ཐམས་ཅད་ཀྱི་

གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དཔེ་མེད་ཡེ་ཤེས་དག་པའི་གནས། །བཀོད་པ་མཛེས་སྤྲས་རྣམ་བརྒྱན་པའི། །རང་གཞན་དཀྱིལ་འཁོར་སྣང་བ་འབྱུང་། །དེ་ཉིད་ཚུལ་འདི་བསྟན་པའོ། །

ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་འོད་འཕྲོ་བ་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་འགྲོ་དབང་ཕྱུག་རྡུལ་བྲལ་བ། །དེ་ཉིད་བྱང་ཆུབ་

དམ་པའི་ཡུལ། །བཏང་སྙོམས་དག་པ་བླ་མེད་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དྲི་མེད་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་འདྲེན་པ་མཆོག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་

เล่ม ๘๒ · หน้า 193a

ཆུབ་ཀྱི་སེམས་འདི་གསུངས་སོ། །ལྟ་བས་མི་ངོམས་ཆོག་མི་ཤེས། །རིག་པ་དང་ནི་ཞབས་མངའ་བ། །ངན་འགྲོའི་སྲིད་པ་ལེགས་སྐྱོབ་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་

པ་ཡེ་ཤེས་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡོངས་སུ་དག་པར་བསྔོ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡུལ་དང་དངོས་པོ་བྱེད་པ་པོ། །རྣམ་པར་མི་དམིགས་སྟོང་བ་ཉིད། །འཁོར་གསུམ་

ཡོངས་སུ་དག་པ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཀུན་དུ་རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་འགྲོ་བའི་སྡེ་དཔོན་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་

འདི་གསུངས་སོ། །ཐར་བའི་ལམ་ན་ཐེག་པ་ཆེ། །གསང་བ་དམ་པ་ཆོས་འཁོར་ལོ། །རྣམ་པ་བཅུ་གཉིས་ཡོངས་བསྐོར་བ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་འོད་སངས་རྒྱས་ཐམས་ཅད་

ཀྱི་རྣམ་པར་རྟོག་པའི་དཔའ་རླབས་གནོན་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དཔག་མེད་ཡེ་ཤེས་ཕྲ་བ་ཡིས། །དངོས་པོར་འཛིན་པའི་བྱིས་པ་རྣམས། །

སྐྲག་ནས་ལམ་མཆོག་དགོད་མཛད་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །ཡེ་ཤེས་བླ་མེད་གནས་ཐོབ་པས། །གཙང་མའི་གནས་མཆོག་ལེགས་གནས་པས། །བཅོམ་ལྡན་འོག་མིན་དེར་རྟག་བཞུགས། །ཀུན་དུ་སྦྱད་པའི་

ས་ཕྱོགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་དག་པ་དེ་བཞིན་ཉིད་ཀྱི་ཆོ་ག་སྟོན་པའི་ལེའུ་སྟེ་སུམ་ཅུ་དགུ་པའོ།། །།

เล่ม ๘๒ · หน้า 193b

དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་འཛིན་པ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད། །དཔེར་ན་ནམ་

མཁའ་གང་དུ་ཡང་། །མཚན་ཅན་ཀུན་ལ་མི་གནས་ཏེ། །དེ་ཉིད་ཁྱབ་ཅིང་བདག་མེད་པས། །མི་ལྡན་པ་ཡང་མ་ཡིན་ཏེ། །ནམ་མཁའི་ཆོས་ཉིད་དེ་ལ་ནི། །ཀུན་དུ་རྟོག་པ་ཡོད་མིན་ཏེ། །རྟོག་ཅིང་རྗེས་སུ་སྤྱོད་པ་ཡི། །བདག་དང་གཞན་དུ་རྟོག་མི་བྱེད། །

དེ་བཞིན་ཆོས་རྣམས་ཐམས་ཅད་ཀུན། །རྨི་ལམ་ལྟ་བུར་སྣང་བ་སྟེ། །རྗེས་སུ་འགྲོ་དང་ལྡོག་པ་བྲལ། །དེ་བཞིན་གཤེགས་པའི་གཟུགས་བརྙན་བཞིན། །རྨི་ལམ་དམ་ཚིག་ལས་བྱུང་བ། །དེ་ཉིད་སྒྱུ་མར་གྱུར་པ་དང་། །ཁྱད་པར་ཅུང་ཟད་ཡོད་མིན་ཏེ། །རྨི་ལམ་

དང་ནི་དངོས་སྣང་གཉིས། །ཁྱད་པར་ཅུང་ཟད་ཡོད་མིན་ཏེ། །གཞན་དུ་དེ་ཉིད་རྟོགས་པར་བྱ། །རླུང་དང་བཅས་པ་འཕོ་བའི་གནས། །འགྲོ་བ་ཀུན་གྱི་མགྲིན་པར་སྐྱེས། །ཡི་གེ་ཨོཾ་བཅས་གནས་པ་ཉིད། །ཨ་ནུ་ཏ་ར་བརྗོད་བ་གང་། །གཟུང་ཞིང་བསྒྱུར་

དང་སྤེལ་བ་དང་། །སྲུ་མར་དྲན་དང་རྒྱས་གདབ་པས། །རྨིས་པ་བསམ་གཏན་ལམ་དུ་འགྱུར། །ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྨི་ལམ་དེ་ནི་བདག་གིས་ཁམས་གསུམ་དུ་རྨི་ལམ་མཐོང་བར་བྱའོ་སྙམ་དུའང་མི་སེམས་སོ། །སྐྱེས་བུ་

དེ་ཡང་བདག་གིས་རྨི་ལམ་གྱི་ཆོས་མཐོང་ངོ་སྙམ་དུའང་སེམས་པ་མེད་དེ། །དེ་བས་ན་ཁམས་གསུམ་དུ་སྣང་བའི་བྱ་བ་དེ་རྣམས་ཀྱང་། །བག་ཆགས་གཟུགས་སུ་སྣང་བའི་ཕྱིར། །རྨི་ལམ་ལྟ་བུར་བསྟན་པ་ཡིན། །འཁྲུལ་བ་དེ་ཉིད་རྒྱུ་མེད་པས། །རྨི་

ལམ་ཉིད་དང་མཚུངས་པར་བསྟན། །སྔ་མ་མི་གནས་རང་གྲོལ་ཏེ། །ཕྱི་མ་འབྱུང་བ་མི་འགག་ཕྱིར། །རྨི་ལམ་ལས་ནི་འབྱུང་བར་བཤད། །དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་དང་།

เล่ม ๘๒ · หน้า 194a

བྱང་ཆུབ་སེམས་དཔའ་ཇི་སྙེད་པ་རྣམས་དང་། སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་རྨི་ལམ་ལ་བདག་མེད་པ་རྡོ་རྗེ་ཡང་དག་པར་བདེན་པས་སྟོང་བའི་གནས་སུ་རྟོགས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་སྒྲ་རྣམ་པར་བསྒྲགས་པ་སངས་

རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གསང་བ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་རྣམ་པར་དག་པས་ནི། །ཁམས་དང་དབང་པོ་མཐའ་ཡས་དང་། །བསམ་པའི་དྲི་མ་རང་དག་པའི། །བྱང་ཆུབ་

ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བ་རྒྱས་པའི་ཞལ་མངའ་བ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྟག་པར་བརྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་

གསུངས་སོ། །སེམས་ཅན་ཐ་མ་འབྲིང་དང་ནི། །མཆོག་རྣམས་བདུད་རྩི་ཐོབ་བྱའི་ཕྱིར། །ལྷག་པར་སྤྲོ་བ་བསྐྱེད་པ་གང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་པདྨའི་འོད་ཟེར་སངས་རྒྱས་ཐམས་

ཅད་ཀྱི་ཀླུ་དབང་འདུད་པའི་རྒྱལ་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཚེ་དང་གཟུགས་དང་ལོངས་སྤྱོད་ཀྱིས། །གླིང་གསུམ་གནས་ལས་མངོན་འབྱུང་བ། །ལས་དང་སྤྱོད་པ་རྟོགས་པ་ལས། །བཟློག་

དང་ཡེ་ཤེས་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བརྟུལ་ཞུགས་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་རྨད་དུ་བྱུང་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

འཇིག་རྟེན་ཁམས་ནི་དུ་མ་ཡི། །གླིང་རྣམས་ཀུན་དུ་འཇུག་བྱེད་པ། །ཆོ་འཕྲུལ་བསམ་མི་ཁྱབ་པ་ནི། །འབྱུང་བ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྒྲོན་མའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་རྙོག་པ་སེལ་ཅིང་བསིལ་བ་

เล่ม ๘๒ · หน้า 194b

ཙནྡན་ལྟར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་སྐྱེ་དང་འཆི་བ་དང་། །ནད་དང་རྒས་དང་རྒུད་ལས་གྲོལ། །ཆུ་བོ་ཆེ་ལས་སྒྲོལ་པ་པོ། །བྱང་ཆུབ་ཚུལ་དི་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་དེ་བཞིན་གཤེགས་པ་གློག་གི་ཏོག་སངས་རྒྱས་ཐམས་ཅད་ཀྱི་སྤྲོས་པ་ཚད་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གཏོང་བ་སྤྲོ་དང་སྨྲ་བ་དང་། །མཚུངས་པ་རྒྱན་ལས་འབྱུང་བ་གང་། །དེ་

ཉིད་དད་པའི་སེམས་གྲོལ་བས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་འོད་མཚུངས་པ་མེད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་ཏེ། བྱང་ཆུབ་

ཀྱི་སེམས་འདི་གསུངས་སོ། །འདི་ཡི་འོད་ཟེར་གང་སྤྲོས་པར། །ཏིང་འཛིན་བསྐྱེད་དང་དད་པ་ཐོབ། །བདེ་བ་སྐྱེད་ལ་སྡུག་བསྔལ་ཞི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྐར་མ་ཅན་སངས་

རྒྱས་ཐམས་ཅད་ཀྱི་མ་རིག་པ་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་གཅིག་དག་པ་ལས། །གཞན་དུ་ཡེ་ཤེས་མ་རྙེད་

པས། །བཙལ་དུ་མེད་པའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གྲགས་པ་རྫོགས་ལྡན་སངས་རྒྱས་ཐམས་ཅད་ཀྱི་འདུ་བྱེད་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་

སེམས་འདི་གསུངས་སོ། །གང་དུ་སངས་རྒྱས་ཞིང་དག་པ། །དེ་སྙེད་བྱང་ཆུབ་སེམས་དཔའི་ཚོགས། །ཉན་ཐོས་རང་རྒྱལ་འཕགས་པའི་ཚོགས། །རྣམ་དག་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་པདྨའི་

เล่ม ๘๒ · หน้า 195a

སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་མིག་དང་གཟུགས་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་བསམ་པ་དུག་མེད་པ། །ཕུན་སུམ་ཚོགས་པའི་གཞི་

ཅན་ཏེ། །ཟླ་བ་ཚེས་པའི་ངོ་བཞིན་ཏེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དཔལ་རྒྱལ་མཛེས་སངས་རྒྱས་ཐམས་ཅད་ཀྱི་སྐྱེ་མཆེད་དྲུག་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལོངས་སྤྱོད་གཙང་བའི་བསྒྲུབས་པ་དང་། །ལུས་དང་ཡན་ལག་དངོས་པོ་ཡི། །རྡུལ་ཕྲན་གྱུར་པ་ལེགས་ཕུལ་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་

དེ་བཞིན་གཤེགས་པ་རྙོག་པ་མེད་པའི་དོན་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་ཤེས་པའི་ཆོས་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དེ་བཞིན་ཉིད་ཀྱི་སྤྱོད་ཡུལ་ནི། །བསོད་

ནམས་ཚོགས་ནི་སྒྱུ་མ་སྟེ། །ཡེ་ཤེས་ཚོགས་ནི་ནམ་མཁའ་ལྟར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དྲག་ཤུལ་སྡེ་ཅན་སངས་རྒྱས་ཐམས་ཅད་ཀྱི་རེག་པ་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་

སྙོམས་རབ་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡན་ལག་བཞི་ལྡན་དཔུང་ཚོགས་བཅས། །བླ་མེད་རྣལ་འབྱོར་པ་ཡི་གནས། །ཞིང་དང་བསམ་པ་དག་པ་ཡིས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་

ནས་དེ་བཞིན་གཤེགས་པ་བསོད་ནམས་གཟི་བརྗིད་སངས་རྒྱས་ཐམས་ཅད་ཀྱི་ཚོར་བ་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྒྱུ་མ་ལྟ་བུའི་སྦྱོར་བ་ཡིས། །འགྲོ་བ་ཀུན་ལ་སྙོམས་པ་

เล่ม ๘๒ · หน้า 195b

གང་། །བརྟུལ་ཞུགས་ཁྱད་པར་བསྟན་པ་སྟེ། །ཚུལ་འདི་བྱང་ཆུབ་སྙིང་པོ་ཡིན། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཐུ་རྩལ་མངའ་བ་སངས་རྒྱས་ཐམས་ཅད་ཀྱི་སྲེད་པ་རྣམ་པར་དག་པ་སངས་རྒྱས་ཐམས་ཅད་ཀྱི་དཔལ་དགྱེས་པས་ཁྱབ་པ་རྡོ་རྗེ་ཞེས་

བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱལ་བ་རྒྱ་མཚོ་མ་ལུས་པའི། །ཡེ་ཤེས་སྤྱོད་པ་རྣམ་དག་པ། །ཞིང་ཁམས་འགྱུར་མེད་རང་སྣང་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་དེ་བཞིན་གཤེགས་པ་ཐོགས་མེད་དཔལ་སངས་རྒྱས་ཐམས་ཅད་ཀྱི་ལེན་པ་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་གཱ་ཀླུང་གི་བྱེ་མ་སྙེད། །དཔག་ཏུ་མེད་པའི་སངས་རྒྱས་གང་། །ཞིང་

ཁམས་གཅིག་པར་ཡོངས་སུ་དག །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལྷའི་སྒྲ་ཅན་སངས་རྒྱས་ཀྱི་སྲིད་པ་རྣམ་པར་དག་པ་སངས་རྒྱས་ཐམས་ཅད་ཀྱི་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཕྱོགས་བཅུ་རྣམ་པ་ཐམས་ཅད་དུ། །གང་ཞུགས་བདེ་བར་གཤེགས་པའི་ཚོགས། །མཛད་པ་གཅིག་པའི་རྣམ་ཐར་གྱིས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་

དེ་བཞིན་གཤེགས་པ་ཡེ་ཤེས་ཕུང་པོ་སངས་རྒྱས་ཐམས་ཅད་ཀྱི་སྐྱེ་བ་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་མ་བྱོན་འབྱུང་བ་དང་། །འདས་དང་ལྟར་བཞུགས་པ་ཡི། །སངས་རྒྱས་

ཁམས་རྒྱུད་གཅིག་པ་དང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཁ་ལོ་སྒྱུར་བ་སངས་རྒྱས་ཐམས་ཅད་ཀྱི་རྒ་ཤི་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་

เล่ม ๘๒ · หน้า 196a

འདི་གསུངས་སོ། །ཆོས་ཀུན་རྟོག་པ་ཞི་བ་ཡི། །ཟབ་པ་དང་ནི་རྒྱ་ཆེའི་བདག །མདོ་དང་རྒྱུད་དང་རྟོག་པ་ལས། །བྱང་ཆུབ་སེམས་འདི་བསྟན་པ་ཡིན། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྐྱེ་དབང་

མཚུངས་པ་སངས་རྒྱས་ཐམས་ཅད་ཀྱི་རྟེན་འབྲེལ་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སེམས་ཅན་སྨིན་པར་བྱེད་པ་དང་། །སངས་རྒྱས་ཞིང་སྦྱོང་ཕྲིན་ལས་དག །དེ་ཉིད་མཚུངས་

པ་གཅིག་པའི་སྐུ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འཛིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་

དེ་དག་ཐམས་ཅད་ལ་འདི་སྐད་ཅེས་གསུངས་སོ། །བསམ་གཏན་གནས་སུ་བདེ་བའི་སྟན་ལ་ནི། །གནས་ནས་དུས་གསུམ་བཞུགས་པའི་སངས་རྒྱས་རྣམས། །དམིགས་ཏེ་སྣ་ཚོགས་མཆོད་པའི་སྤྲིན་འཁྲིགས་པ། །དང་པོར་སྤྲོ་ཚོགས་བློ་ལྡན་གྱིས་

བྱ་ཞིང་། །དགེ་བ་རྣམས་ནི་འཕེལ་བར་བྱ་བའི་ཕྱིར། །སྡིག་པ་ཐམས་ཅད་བཤགས་པ་ལ་སོགས་བྱ། །གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསྐྱེད་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྡར་དེ་དག་ནི། །རིམ་

བཞིན་ཆོ་གས་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པའི་ཚོགས་ཀྱིས་དགེ་བ་མཛད་རྣམས་ལ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ཞིང་། །བྱང་ཆུབ་བླ་མེད་གནས་སུ་བསྔོ་བར་བགྱི། །སེམས་

ཀྱི་རོལ་པ་རི་མེད་ཟླ་འདྲེས་བསྒྲུབས། །སྙིང་རྗེ་དམ་པ་མི་ཟད་པ་ཡི་ཐབས། །རང་གི་ཡིད་ལ་གནས་པར་གྱུར་པ་ཡི། །བདེ་གཤེགས་རྣམས་ལ་རྟག་ཏུ་སྐྱབས་སུ་མཆི། །རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང་། །སེམས་དཔའ་དམ་པ་

เล่ม ๘๒ · หน้า 196b

རྣམས་ཀྱི་ཕུན་ཆོགས་གཞི། །དངོས་རྣམས་མ་ལུས་ཡེ་ཤེས་ངོ་བོ་ཉིད། །དམ་པའི་ཆོས་ལ་རྟག་ཏུ་སྐྱབས་སུ་མཆི། །འཆིང་བ་མཐའ་དག་གནས་ལས་གྲོལ་འགྱུར་ཞིང་། །སྙིང་རྗེ་མཆོག་གིས་བསྒྲུབ་པའི་དཔལ་དང་ལྡན། །རབ་དགའ་ལ་

སོགས་ས་ལ་ངེས་བཞུགས་པའི། །བརྟུལ་ཞུགས་དབང་པོའི་ཚོགས་ལ་བདག་སྐྱབས་མཆི། །བསམ་དང་རྣམ་པར་སྨིན་པ་དག་གྱུར་པས། །སྒྲིབ་པ་ཀུན་གྱིས་བག་ཆགས་ཡང་དག་དོན། །ལྷག་པར་མོས་པས་རྣམ་པར་བརྒྱད་པ་ཡི། །སེམས་

ནི་དམ་པར་བྱང་ཆུབ་མཆོག་ཏུ་བསྐྱེད། །རྒྱལ་བ་སྲས་བཅས་ཀུན་གྱི་ལམ་གཅིག་པོ། །སྦྱིན་པ་ལ་སོགས་དཀར་པོའི་ཡོན་ཏན་བཅུ། །རྫོགས་སངས་རྒྱས་བདག་མ་ལུས་ངོ་བོའི་བློས། །ཡང་དག་ཏུ་ནི་རྣམ་པར་གནས་པར་བགྱི། །སྙིང་རྗེས་འཇིག་རྟེན་

སེམས་ཅན་མ་ལུས་པ། །ལྟ་བས་བཅིངས་བ་དུ་མ་དམིགས་ནས་ནི། །ཡང་དག་བྱང་ཆུབ་སེམས་ནི་མཉམ་མེད་པ། །སྔགས་པས་རིག་པ་འདི་ནི་བསམ་པར་བྱ། །ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ། །དེ་བཞིན་རྒྱུ་དང་བྲལ་བས་མཚན་མ་མེད། །

རྟོག་པ་རྣམས་དང་བྲལ་ཕྱིར་དངོས་པོ་ནི། །མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ། །ཐ་དད་དམིགས་པའི་འདུ་ཤེས་ལོག་པ་ཡི། །དྲི་མའི་དྲ་བ་རྣམས་ནི་ལེགས་བསལ་ནས། །རྟོག་པ་མ་ལུས་ཡེ་ཤེས་རྒྱལ་བ་ཡི། །སྣང་སྟོང་དྲི་མེད་ངང་ལས་

འདི་དོན་བརྗོད། །ཨོཾ་སྭ་བྷཱ་བ་ཤུད་དྷཱཿ སརྦ་དྷ་རྨཱཿ སྭ་བྷཱ་བ་ཤུདྷྷོ྅་ཧཾ། ཨོཾ་བཛྲ་སྭ་བྷཱུ་བ་ཤུད་དྷཱཿ སརྦ་དྷ་རྨཱཿ སྭ་བྷཱ་བ་ཤུདྡྷོ་྅་ཧཾ། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། །དེ་ལྟར་མ་ལུས་འདོད་པ་སྤངས་པ་ཡིས། །བདག་ཉིད་དམ་ནི་གཞན་དག་རང་

རིག་ཉིད། །གཟུགས་ནི་ལྷར་གྱུར་པ་ལ་ཡང་དག་མཆོད། །དམ་ཚིག་འདི་ནི་བདེ་གཤེགས་རྣམས་ཀྱིས་གནང་། །རྗེས་སུ་མཐུན་པ་འགྲོ་བའི་དོན་རྣམས་དང་། །མ་ལུས་རྒྱལ་བ་མཆོད་པར་ཡོངས་སུ་བརྟགས། །ལུས་ལ་སོགས་པའི་ལས་རྣམས་

เล่ม ๘๒ · หน้า 197a

དེ་དང་ནི། །རྟག་ཏུ་ལེགས་པར་མཉམ་པར་གཞག་བྱ་སྟེ། །རྣམ་པ་འདི་འདྲའི་སེམས་དང་ལུས་དང་ནི། །ངག་གི་ལས་རྣམས་ཅི་ཡང་རུང་བ་དག །ཕྱག་རྒྱ་དང་ནི་སྔགས་ཀྱི་རྣམ་པ་རུ། །རྫོགས་པའི་སངས་རྒྱས་ཀུན་གྱིས་དེ་

གསུངས་སོ། །དེ་བས་ལུས་སོགས་དགེ་དང་མི་དགེ་བའི། །རྣམ་པའི་ལས་རྣམས་སེམས་ཀྱི་དབང་ལས་གསུངས། །དེ་ལྟར་རྟོག་པ་མ་ལུས་སྤངས་པ་ཡི། །སེམས་ནི་ནག་པོའི་ལས་སུ་ག་ལ་འགྱུར། །དངོས་པོ་གཅིག་ལའང་རྣམ་པ་སྣ་ཚོགས་

པའི། །ཀུན་དུ་རྟོག་པས་བསགས་པའི་རྣམ་པ་ལས། །སྡུག་བསྔལ་བདེ་དང་གྲོལ་བ་སྐྱེད་བྱེད་པའི། །ལས་ཀྱི་ཁྱད་པར་མང་པོ་འབྱུང་བར་འགྱུར། །འདིར་ནི་རབ་ཏུ་མི་གནས་ཡེ་ཤེས་སྐུ། །འཁོར་བ་དག་ཅིང་རྣམ་པར་གྲོལ་བའི་ཐུགས། །བྱམས་མགོན་

རྡོ་རྗེ་དེ་ཡང་དེ་ལྟར་སྣང་། །ཚུལ་འདི་རྟོགས་དཀའ་ཕན་པ་སྒྲུབ་པ་ཡིན། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་

རྒྱལ་བ་ལས། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་དོན་འབྱུང་བ་རྡོ་རྗེའི་ལེའུ་སྟེ་བཞི་བཅུ་བའོ།། །།དེ་ནས་དེ་བཞིན་གཤེགས་པ་མེ་ཏོག་གི་དཔལ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་སྟོན་པ་སྣང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དབང་ཕྱུག་ཆེན་པོ་ཡེ་ཤེས་ཀྱི། །འབྱུང་བ་སྐུ་ནི་འབྱུང་ལས་གྱུར། །རྟེན་འབྲེལ་སྣང་བ་གསལ་བར་འཆར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་

ལྡན་འདས་དེ་བཞིན་གཤེགས་པ་སྒྲ་གཅན་འཛིན་རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ཕྲེང་བ་འཁྲིགས་པ་ལྟར་སྣང་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣ་ཚོགས་འོད་ནི་བཀྱེ་བ་ཡང་། །རང་

เล่ม ๘๒ · หน้า 197b

རིག་བསམ་གཏན་ལས་བྱུང་བ། །བྱང་ཆུབ་དོན་གྱི་རྒྱུ་ཆེན་པོར། །དོན་འབྱུང་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྩི་སྨན་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཀུན་ནས་འོད་ཟེར་དོན་ཆེན་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་སྐུ་ཡི་ཚུལ་གྱུར་པ། །རྡོ་རྗེ་སྐྱིལ་ཀྲུང་གནས་པ་ཡི། །སྣ་ཚོགས་རིན་ཆེན་བརྒྱན་པ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྒྱུ་སྐར་རྒྱལ་

པོ་སངས་རྒྱས་ཐམས་ཅད་ཀྱི་དམིགས་པ་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གསུང་གི་དབྱངས་སྙན་མ་ལུས་པ། །བརྗོད་པ་འགག་མེད་རང་བྱུང་བས། །འདི་ཉིད་གསང་བ་དོན་སྡུག་པའི། །བྱང་

ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བླ་མེད་སྨན་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མཆོད་རྟེན་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

དབྱིངས་དང་ཡེ་ཤེས་ཚུལ་གཅིག་ཏུ། །མི་གནས་ལྡོག་པ་མེད་པ་ཡི། །བྱང་ཆུབ་སེམས་ཀྱི་ངང་གནས་པས། །བླ་མེད་ཡེ་ཤེས་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་གླང་པོ་ཡེ་ཤེས་ཐོགས་པ་མེད་པ་

རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ལ་གནས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྐུ་གསུང་ཐུགས་ནི་རྡོ་རྗེའི་ངང་། །རོ་མཉམ་ཡེ་ཤེས་མཚུངས་མེད་པ། །གཅིག་དང་དུ་མ་ལས་གྲོལ་ཕྱིར། །བྱང་ཆུབ་

ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྟོག་པ་གཅོད་པར་མཛད་པའི་སངས་རྒྱས་ཐམས་ཅད་ཀྱི་ཚེ་ལ་དབང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དེ་བཞིན་

เล่ม ๘๒ · หน้า 198a

གཤེགས་པ་ཀུན་འདུས་པའི། །ཡོན་ཏན་ཚད་མེད་ཕྲེང་བ་ཅན། །དཔག་མེད་རིན་ཆེན་གཏེར་འཆང་མཛད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་གྲགས་པའི་རྒྱལ་པོ་

སངས་རྒྱས་ཀུན་གྱི་ལས་ལ་དབང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དཀར་ནག་ལས་ནི་རང་དག་བཏགས་པ་ཙམ། །སྣང་ཙམ་རྒྱུ་འབྲས་འདིས་ནི་ཁྱད་པར་ཕྱེ། །སྙིང་པོ་དོན་སྤྱོད་བསམ་

གཏན་པ་ཡི་ཡུལ། །མཆོག་གྱུར་དོན་ནི་འབྱུང་བའི་ས། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་གཤེགས་པ་ཉི་མའི་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་སེམས་ལ་དབང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་

གསུངས་སོ། །དྲན་པའི་སྟོབས་ནི་མཉམ་བཞག་པ། །ཤེས་ལྡན་རྒྱལ་པོ་བག་ཡོད་ཀྱིས། །དཔའ་བོ་འགྲོ་བའི་དོན་ལ་སྤྱད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་མཛོད་སངས་རྒྱས་

ཐམས་ཅད་ཀྱི་ལོངས་སྤྱོད་ལ་དབང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འོ་མའི་རྒྱ་མཚོ་ཆེན་པོ་ལས། །བསྲུབས་པས་བདུད་རྩིའི་ཞུན་མ་ནི། །འཆི་མེད་འགྲོ་བ་ཚིམ་བྱེད་པ། །བྱང་ཆུབ་

ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་མཛོད་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ལ་དབང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྲིད་

བའི་འཇིག་རྟེན་ཐམས་ཅད་དུ། །གང་དང་གང་དུ་སྐྱེས་པ་རྣམས། །སེམས་ཅན་འདུལ་བའི་ཐབས་ཚུལ་གྱིས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བློ་གྲོས་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་

เล่ม ๘๒ · หน้า 198b

ལ་དབང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཞིང་ཁམས་ཀུན་དུ་ས་གཡོ་ཞིང་། །འོད་དང་སྒྲ་དང་མེ་ཏོག་ཆར། །དང་ལྡན་ཚུལ་དང་ལྷན་ཅིག་ཏུ། །དགོངས་པ་ཡེ་ཤེས་ཚུལ་བསྟན་པའོ། །ཞེས་གསུངས་སོ།།

དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་དབང་མཚུངས་སངས་རྒྱས་ཐམས་ཅད་ཀྱི་མོས་པ་སྒྱུར་བ་ལ་དབང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དྲན་དང་འདུན་དང་མོས་པ་དང་། །ཡེ་ཤེས་ཐོགས་མེད་དབང་ཕྱུག་ཅེས། །

རྟོག་པ་ཡོང་བྲལ་མི་ཕྱེད་པ། །དྲི་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་རྡོ་རྗེའི་སྡེ་སངས་རྒྱས་ཐམས་ཅད་ཀྱི་སྨོན་ལམ་ལ་དབང་བ་སངས་རྒྱས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་

སེམས་འདི་གསུངས་སོ། །ཞིང་ཁམས་གཅིག་ནས་གཅིག་ཏུ་བགྲོད་པ་དང་། །འཇུག་པར་སྒྱུར་བའི་ཚུལ་ནི་མི་ཟད་པ། །བླ་མེད་འཕེན་པ་རྣམ་དག་ཁྱད་པར་འཕགས། །ཡེ་ཤེས་དྲི་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་

ཤེས་རབ་བརྩེགས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ལ་དབང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡེ་ཤེས་གང་དུ་ཡེ་ཤེས་ཀུན། །འདུ་བ་རྒྱ་མཚོའི་ཆུ་བྲན་བཞིན། །སྡུད་པ་ཡོངས་སུ་དག་པ་ཉིད། །བྱང་ཆུབ་

ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལེགས་པར་གནས་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་དབང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བདེན་པ་བཞི་དང་གཉིས་དག་

གིས། །ཡོངས་སུ་སྡུད་པ་བཅུ་གཉིས་དང་། །བཅུ་དྲུག་རྣམ་དབྱེ་ཆོས་འབྱུང་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བློ་དབྱངས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མངོན་པར་འཕགས་པའི་རྒྱལ་པོ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་

เล่ม ๘๒ · หน้า 199a

པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་སྦྱངས་བའི་ཡོན་ཏན་ནི། །བཅུ་གཉིས་དེ་བཞིན་གཤེགས་པ་ཡི། །སྦྱོར་ཚུལ་ཡེ་ཤེས་གསང་བ་ཡིན། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་

དབྱངས་སངས་རྒྱས་ཐམས་ཅད་ཀྱི་ཚངས་པར་སྤྱོད་པ་ཚད་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བརྟུལ་ཞུགས་སྡོམ་པས་བདེ་ཐོབ་སྟེ། །ཚུལ་ཁྲིམས་ཀྱིས་ནི་ཏིང་འཛིན་དང་། །བསམ་གཏན་ཤེས་རབ་ཡོངས་གྲོལ་སྐྱེ། །དེ་ཉིད་བྱང་

ཆུབ་དགྲ་བཅོམ་འགྱུར། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡོན་ཏན་མཆོག་སངས་རྒྱས་ཐམས་ཅད་ཀྱི་གནས་གོས་པ་མེད་པའི་ཚུལ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཐིམ་པ་རྡོ་རྗེ་སྟོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལན་ཚྭ་

ཆུ་ལ་ཐིམ་པ་ལྟར། །འདྲེས་པས་སོ་སོ་དམིགས་པ་བྲལ། །གཅིག་ཏུ་བྱེད་པའི་བསམ་གཏན་མཆོག །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་སངས་རྒྱས་ཐམས་ཅད་ཀྱི་གཤེགས་པ་དང་བཞུད་པ་དམིགས་པ་མེད་པ་རྡོ་རྗེ་

ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱུན་ཆད་མེད་པའི་བྱང་ཆུབ་སེམས། །དེ་ཉིད་འགྲོ་འོང་བྲལ་བའི་སེམས། །ཆུ་ལ་ཆུ་བཞག་གནས་པ་ལས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་འདི་ནི་གསུངས་ཙམ་གྱིས།།

སྐུ་གསུམ་དབྱེར་མེད་རྡོ་རྗེ་ཅན། །མཉེས་པའི་སྤྱན་ནི་གདངས་ནས་སུ། །རྡོ་རྗེ་ཐུགས་ནི་རྗེས་སུ་དྲན། །སྤྲོས་པའི་སྤྱོད་པ་ལ་གནས་པ། །མཚན་མེད་སྤྲོས་པ་མེད་པ་ཡི། །རྡོ་རྗེ་གླུ་ཡིས་ཡོངས་བསྐུལ་བའི། །ལྷ་མོའི་ཚོགས་དང་ལྷན་ཅིག་རོལ། །སེམས་དཔའ་གསུམ་དང་ལྡན་པ་ཡི། །

སྦྱོར་བ་རང་གཟུགས་རྒྱུ་མཐུན་པ། །དཀྱིལ་འཁོར་དབུས་སུ་གནས་པ་ཡི། །གཙོ་བོ་སངས་རྒྱས་བདག་པོའི་སྐུ། །རིག་མ་མངོན་པར་བསྔགས་པས་ནི། །གནས་བཞི་རྣམས་སུ་ལྷ་མོ་བཞི། །རྟག་ཏུ་སྦྱོར་བས་བསྒོམ་པར་བྱ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །མཚན་གྱིས་

เล่ม ๘๒ · หน้า 199b

མཚན་པའི་སྤྱན་ལ་སོགས། །པདྨོ་རྡོ་རྗེ་མཉམ་སྦྱར་བའི། །གསང་སྔགས་རབ་ཏུ་བསམ་པ་ཉིད། །འོད་ཟེར་ལྔ་ནི་འབར་བ་ཡི། །སྦྱོར་བ་རྡོ་རྗེ་འཛིན་གྱིས་བསམ། །རང་ལུས་ངག་སེམས་རྡོ་རྗེ་ལ། །བདེ་བ་ཕབ་པས་བདེ་ཐོབ་འགྱུར། །བསྲུབ་དང་སྲུབ་པའི་ཚུལ་གྱིས་ནི། །ཡེ་ཤེས་

ཡང་དག་བསྐྱེད་པ་ཡི། །འབྱུང་གནས་དབུ་མའི་རྩེ་རུ་གཟུང་། །རྣམ་པར་བཟློག་ཅིང་དྲངས་པ་ཡིས། །རླུང་དང་རྣམ་ཤེས་བདེ་ཆེན་དུ། །རོ་གཅིག་རྟོག་པ་ནུབ་པ་ཡི། །ཁྱབ་པས་རླུང་དང་དབྱེར་མེད་པར། །གནས་སོགས་རྣམས་སུ་རྒྱས་བྱེད་པའི། །ཀུན་ཏུ་འཕེལ་བའི་སྟོབས་

རྒྱས་པའི། །དབང་བསྐུར་དམ་པ་གནས་པར་བྱེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྒྱུད་ལས་སངས་རྒྱས་ཐམས་ཅད་ཀྱི་འདུས་པ་ཆེན་པོའི་ལེའུ་

སྟེ་ཞེ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་ཤེས་པའི་རྩེ་མོ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་ཐམས་ཅད་མཚན་

ཉིད་ནི། །ངོ་བོ་ཉིད་མེད་སྤྲོས་ལས་དབེན། །མཉམ་པ་ཉིད་ལ་རྟོག་མི་མངའ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཏོག་གི་འོད་སངས་རྒྱས་ཐམས་ཅད་ཀྱི་མཚུངས་པ་མེད་པའི་འདྲེན་པ་གཅིག་པུ་པ་སྟོན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོའི་ཆོས་ལས་འདས་པ་གང་། །དངོས་མེད་ནམ་མཁའ་དག་པ་ཡི། །ཡེ་ཤེས་འདི་ནི་རྨད་པོ་ཆེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མི་འདྲེན་དགེ་བ་སངས་རྒྱས་ཐམས་

ཅད་ཀྱི་ཕྱི་སྟོང་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བརྟགས་པ་རྟོག་པ་རབ་ཞི་བ། །ཡུལ་སྣང་རྣམ་རིག་མ་གྲུབ་པས། །ལུགས་འབྱུང་དག་པའི་ནམ་མཁའ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་

เล่ม ๘๒ · หน้า 200a

བཞིན་གཤེགས་པ་ཚངས་པའི་དཔལ་སངས་རྒྱས་ཐམས་ཅད་ཀྱི་ནང་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཕྱི་ནང་ཐ་དད་མི་གནས་པ། །སེམས་དེ་གང་དུའང་གནས་མེད་དེ། །མདོར་ན་དངོས་མེད་རང་

བཞིན་ཅན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྐྱེས་མཆོག་སངས་རྒྱས་ཐམས་ཅད་ཀྱི་ཕྱི་ནང་སྟོང་པ་ཉིད་ཀྱི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡང་དག་བསྡུས་པའི་ཆོས་ཅན་ལ། །

མ་གྲུབ་པ་ཡི་ངང་ལ་གནས། །དེ་ཉིད་ལྷུན་གྱིས་གྲུབ་པ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྤྱན་སྟུག་སངས་རྒྱས་ཐམས་ཅད་ཀྱི་སྟོང་པ་ཉིད་སྟོང་པ་ཉིད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་

སོ། །རྟེན་འབྲེལ་ཙམ་དུའང་མི་གནས་པ། །རང་བྱུང་བདག་མེད་སྟོང་པ་ཉིད། །གཉིས་སུ་མེད་པའི་འོད་གསལ་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཀླུས་སྦྱིན་སངས་རྒྱས་ཐམས་ཅད་ཀྱི་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡེ་ཤེས་སྒྲོན་མེ་འབར་བ་ནི། །མི་ཟད་དུ་མ་རོ་གཅིག་པའི། །དྲན་པས་སྟོང་པ་བདེ་བ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བདེན་པའི་ཏོག་སངས་རྒྱས་ཐམས་ཅད་ཀྱི་དོན་དམ་པ་སྟོངས་

ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་བསྒོམ་དུ་མེད་པའི་དངོས། །བསྒོམ་པ་ཙམ་དུ་འཛིན་མེད་དེ། །མཐའ་ལས་གྲོལ་བ་མི་གནས་པ། །གསང་བ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དཔལ་

བརྒྱན་པ་སངས་རྒྱས་ཐམས་ཅད་ཀྱི་འདུས་བྱས་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་རིག་ལས་ནི་བྱང་ཆུབ་འགྱུར། །རྟོག་པས་སྟོང་པའི་ཆོས་ཉིད་ལས། །མཉམ་རྗེས་ལྷག་མཐོང་སྤྱོད་པ་ཅན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །

เล่ม ๘๒ · หน้า 200b

ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཞུམ་པ་མེད་པའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་འདུས་མ་བྱས་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ཞི་གནས་ཏིང་འཛིན་གྱི། །མི་གཡོ་བ་ལས་འདས་པ་ཉིད། །

ལུང་དུ་བསྟན་པའི་ཕྱོགས་ལས་ནི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་སངས་རྒྱས་ཐམས་ཅད་ཀྱི་མཐའ་ལས་འདས་པ་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

བརྗོད་པས་བརྟགས་པ་རང་སྟོང་བ། །ལུང་མ་བསྟན་ལས་འདས་པའི་དངོས། །མི་ཕྱེད་བརྗོད་བྲལ་ཡེ་ཤེས་ཆེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དབྱངས་བྱིན་སངས་རྒྱས་ཐམས་ཅད་ཀྱི་ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་

བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བྱང་ཆུབ་སེམས་ལ་རྒྱུ་མེད་ཕྱིར། །ཐོག་མཐའ་སྟོང་པ་ཆོས་ཀྱི་དབྱིངས། །ཡེ་ཤེས་ལུགས་ལས་བཟློག་པར་འཆར། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་

སེང་གེ་སངས་རྒྱས་ཐམས་ཅད་ཀྱི་དོར་བ་མེད་པ་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་གད་སྤང་བར་བྱ་བ་དང་། །བརྟེན་བྱ་ཐ་དད་མེད་པར་ནི། །ལེན་པ་མེད་པར་རང་གྲོལ་དུ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་

གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་སྣ་ཚོགས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གདོད་ནས་ཞི་བའི་ཆོས་ཉིད་ལ། །མ་སྐྱེས་སྐྱེ་མེད་དག་པའི་སེམས། །འོད་གསལ་ལྷན་

ཅིག་སྐྱེས་པའི་བདག །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་དཔའ་བོ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་ཀུན་

เล่ม ๘๒ · หน้า 201a

བདག་མེད་པ་ཡི་མཆོག །ཀུན་དུ་བཟང་པོ་བདེ་བ་ཆེ། །མི་ཟད་ལྷུན་གྱིས་གྲུབ་པའི་དོན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་པདྨའི་གནས་དཔལ་ཕུང་པོ་སངས་རྒྱས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་

རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འོང་བ་མེད་ཅིང་འགྲོ་བ་མེད། །ཉི་ཚེའི་སྟོང་ཉིད་ལས་འདས་ཤིང་། །རྣམ་པའི་མཆོག་རྣམས་ཀུན་ལྡན་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མེ་

ཏོག་རྒྱས་པ་སངས་རྒྱས་ཐམས་ཅད་ཀྱི་མི་དམིགས་པ་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདས་དང་མ་འོངས་ད་ལྟར་གྱི། །དུས་གསུམ་རྗེས་སུ་མི་དམིགས་པས། །ཐོག་མེད་ཡེ་ཤེས་བསྟན་པ་ཉིད། །དེ་ཉིད་ཚུལ་འདི་

བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཐུ་རྩལ་སྟོབས་སངས་རྒྱས་ཐམས་ཅད་ཀྱི་དངོས་པོ་མེད་པ་སྟོང་པ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་རྟག་པའི་ཆོས་ཉིད་མེད། །མི་རྟག་འཕོ་བའི་མཚན་ཉིད་

ཅན། །སྟོང་ཉིད་ནམ་མཁའི་ཆོས་ཉིད་དེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་ཕུང་པོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོང་བ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་བར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལྟ་བ་

མ་ཡིན་མི་གནས་པ། །ཀུན་གཞི་དག་པའི་སྙིང་པོ་ཉིད། །ཟབ་ཅིང་ཕྲ་བ་རྟེན་གྱུར་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཟུགས་མཆོག་རྒྱལ་བོ་སངས་རྒྱས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཁོར་འདས་གཟུང་འཛིན་སྣོད་བཅུད་རྣམས། །ཐམས་ཅད་བདག་མེད་ངོ་བོ་ཉིད། །སྟོང་པ་ཉིད་དུའང་མི་གནས་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །སྟོང་པ་ཉིད་དུ་མི་བསམ་ཞིང་། །སྟོང་མིན་བར་ཡང་བསྒོམ་

เล่ม ๘๒ · หน้า 201b

པ་མིན། །དེ་ཉིད་བྱང་ཆུབ་དམ་པའི་གཞི། །བྱང་ཆུབ་སེམས་ཞེས་བརྗོད་པ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་སངས་རྒྱས་ཐམས་ཅད་ཀྱི་རབ་

ཏུ་མི་གནས་པའི་དོན་བསྟན་པའི་ལེའུ་སྟེ་བཞི་བཅུ་གཉིས་པའོ།། །།དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །དཀྱིལ་འཁོར་ཀུན་གྱི་འཁོར་ལོའི་གཙོས། །ཚངས་དབྱངས་རྡོ་རྗེའི་ང་རོ་ཡིས། །ཆོས་འབྱུང་རོལ་བ་སྟོན་པར་མཛད། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་བ་ཡང་དག་

པར་རྫོགས་པའི་སངས་རྒྱས་སྐར་མཁན་ཐམས་ཅད་ཀྱི་བདག་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ལམ་ཚོལ་ལམ་གྱི་ལྟ་བ་ལས། །རྣམ་པར་བཟློག་པ་བླ་ན་མེད། །ཆོས་རྒྱ་བཞི་ལྡན་རྣལ་མི་ལམ། །ཟབ་པ་ཞི་བ་དོན་སྤྱོད་

པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་བའི་སྒྲོན་མེ་འབར་བ་སངས་རྒྱས་ཐམས་ཅད་ཀྱི་གསོབ་པོ་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ས་བོན་དང་ནི་མྱུ་གུའི་བར། །རིམ་གྱིས་བསྐྱེད་པ་ཡོངས་དག་

པ། །དེ་ཉིད་འབྲས་བུ་རོ་འབྱིན་པའི། །ཐབས་ཚུལ་འདི་ནི་དག་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་ཕུང་པོ་སངས་རྒྱས་ཐམས་ཅད་ཀྱི་སྲོག་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་དག་

ཞི་བའི་ཆོས་ཉིད་ནི། །བཏགས་པའི་གསན་ལས་རྣམ་གྲོལ་བ། །ཡེ་ཤེས་རྒྱལ་བ་ཀུན་ཁྱབ་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བྱང་ཆུབ་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་རྣམ་པར་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་

འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མངལ་ལས་སྐྱེ་དང་སྒོ་ང་དང་། །རྫུས་ཏེ་སྐྱེས་དང་དྲོད་གཤེར་ལས། །སྐྱེ་བའི་སེམས་ཅན་མ་དམིགས་པས། །སེམས་ཅན་སྤྱོད་པ་མི་དམིགས་སོ་། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མི་ཟད་པའི་ཡེ་ཤེས་

เล่ม ๘๒ · หน้า 202a

སངས་རྒྱས་ཐམས་ཅད་ཀྱི་སྐྱེ་བ་པོ་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འགྲོ་དྲུག་ལ་སོགས་ཁམས་གསུམ་པའི། །སེམས་ཅན་རྣམ་ཤེས་རང་ཉིད་ལས། །རང་འཁྲུལ་ལོག་ཤེས་ཀྱིས་བཅིངས་པ། །

དེ་གྲོལ་བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མངོན་པར་རྫོགས་པའི་སྤྱན་སངས་རྒྱས་ཐམས་ཅད་ཀྱི་གསོ་བ་སྐྱེས་བུ་རྣམ་པར་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་གནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་

གསུངས་སོ། །བཏགས་པའི་ཡིད་སྤྱོད་མ་ཞུགས་པའི། །སྣང་ལས་མ་ངེས་གྲོལ་འགྱུར་ཞིང་། །སྒྲིབ་མེད་རང་གསལ་མཐོང་བ་ནི། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡན་ལག་རྒྱས་པ་སངས་རྒྱས་ཐམས་ཅད་ཀྱི་གང་ཟག་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་

འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡུལ་རྐྱེན་རྫས་ལས་གྲོལ་བ་ཡི། །ཐེ་ཙོམ་རྣམ་བྲལ་སྲོ་འདོགས་ཆོད། །རིགས་མེད་ཕྱིར་ན་ཡེ་ཤེས་ཆེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡུལ་འཁོར་ཤེས་རབ་མཆོག་

སངས་རྒྱས་ཐམས་ཅད་ཀྱི་ཤེད་བུ་རྣམ་པར་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཁམས་རྒྱུད་དག་པའི་ས་གནས་པས། །ས་རྣམས་བགྲོད་པ་གོ་འབང་མཆོག །རྩེ་གཅིག་རང་བྱུང་རང་གྲོལ་བས། །བྱང་ཆུབ་ཚུལ་

འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་ཚིམ་མཛད་སངས་རྒྱས་ཐམས་ཅད་ཀྱི་ཤེད་ལས་སྐྱེས་རྣམ་པར་དག་པ་སངས་རྒྱས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས། །དག་པ་ཡེ་

ཤེས་བདག་མེད་པ། །གཉིས་མེད་མཉམ་པ་རྣམ་རྒྱལ་བས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཤེས་རབ་བྱིན་པ་སངས་རྒྱས་ཐམས་ཅད་ཀྱི་བྱེད་པ་པོ་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་

เล่ม ๘๒ · หน้า 202b

འདི་གསུངས་སོ། །ཐོས་བསམ་སྒོམ་པའི་ཡུམ་མིན་ཞིང་། །གསང་བའི་ཤེས་རབ་རལ་གྲིས་ནི། །ལོག་ལྟ་ཕུང་པོ་གཅོད་པར་བྱེད། །ཡེ་ཤེས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འཇམ་དབྱངས་སངས་རྒྱས་ཐམས་ཅད་ཀྱི་བྱེད་པ་པོ་རྣམ་པར་དག་པ་

རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་གནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྦྱི་དང་བྱེ་བྲག་བླ་མེད་གནས། །ཡང་དག་ཡེ་ཤེས་རྣམ་གྲོལ་བས། །ཟག་མེད་ཚུལ་ནི་ཞི་བ་ལས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་

གཤེགས་པར་ཆགས་མེད་མཛོད་སངས་རྒྱས་ཐམས་ཅད་ཀྱི་ཚོར་བ་པོ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ནི། །དེ་བཞིན་ཉིད་ལ་ལེགས་གནས་པས། །སྣ་ཚོགས་ཀུན་སྤྱོད་མི་དམིགས་ཏེ། །དེ་ཉིད་ཡེ་

ཤེས་ཆེན་པོར་བསྟན། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཙོ་བོས་བྱིན་སངས་རྒྱས་ཐམས་ཅད་ཀྱི་ཤེས་པ་པོ་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཇི་ལྟར་འདོད་པ་རང་གྲོལ་དུ། །སྦྲུལ་མདུད་ལྟ་བུར་བཅིངས་ལས་

འདའ། །དེ་ཉིད་ཡེ་ཤེས་ཚུལ་བསྟན་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཙོ་བོ་ཡེ་ཤེས་མཐོང་བ་པོ་རྣམ་པར་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་གནས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྟོབས་ལྡན་སྐྱེས་

བུ་མཆོག་གིས་ནི། །གང་དུ་རྩལ་གྱི་རྟེན་མཐོང་བས། །ཤུགས་ཀྱིས་འགྲོ་བ་མདའ་བཞིན་ནོ། །ཡེ་ཤེས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཐུ་རྩལ་སངས་རྒྱས་ཐམས་ཅད་ཀྱི་སློང་པ་པོ་རྣམ་པར་དག་པ་སངས་རྒྱས་ཐམས་ཅད་ཀྱི་གནས་ཀྱི་ཏིང་ངེ་

འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་སྤོང་པ་སོར་ཞུགས་ཤིང་། །རང་བཞིན་དག་པའི་ངོ་བོ་ཉིད། །ཡོངས་སུ་ཤེས་ན་རྣམ་གྲོལ་གྱིས། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འོད་འཕྲོ་ཅན་སངས་རྒྱས་ཐམས་ཅད་ཀྱི་

เล่ม ๘๒ · หน้า 203a

འཇིག་རྟེན་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་གནས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དབང་པོའི་གནས་ལས་ལྷག་པའི་སྟོབས། །སྟོང་གསུམ་ཆོས་ཀྱི་དཔལ་ལྡན་པས། །ཡེ་ཤེས་ཆར་འབེབས་སྟོན་པ་པོ། །བྱང་ཆུབ་ཚུལ་

འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དབང་པོ་ཤུགས་འཆང་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་སྣ་ཚོགས་སྟོན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གསང་བའི་ཡེ་ཤེས་བསམ་མི་ཁྱབ། །ནམ་མཁའི་གཟུགས་

སུ་ཡོངས་བཞུགས་པ། །འདུས་པ་བླ་མེད་དགྱེས་པར་རོལ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྐར་རྒྱལ་སྐུའི་ཏིང་ངེ་འཛིན་རྡོ་རྗེའི་གསང་བ་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བཅོམ་ལྡན་འཇིག་རྟེན་མགོན་པོ་ཡི། །

གཙུག་ཏོར་ཚད་མེད་གཞལ་མེད་པ། །ནམ་མཁའི་གནས་ཀྱི་སྤྱོད་ཡུལ་ཏེ། །དེ་ཉིད་གསང་བ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འོད་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡན་

ལག་དྲུག་ཅུའི་དབྱངས་ཀྱིས་ནི། །ཡིད་འཕྲོག་དཔག་མེད་རྡོ་རྗེའི་གསུང་། །སེམས་ཅན་སྣ་ཚོགས་དེར་སྟོན་པ། །བསམ་གྱིས་མི་ཁྱབ་སྤྱོད་ཡུལ་ལོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གྲགས་པས་བྱིན་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བའི་གནས་རྡོ་རྗེའི་གནས་ཀྱི་

ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སེམས་ཀྱི་གསང་བ་དག་པ་སྟེ། །སེམས་ཀྱི་ལས་ནི་ཡོངས་དག་པས། །སེམས་ཅན་ཁམས་དང་མཐུན་པར་འཇུག །བསམ་གྱིས་མི་ཁྱབ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་གསང་བ་འཛིན་པ་པོས། །

ཐུབ་པ་དོན་གྱི་ཡེ་ཤེས་ཅན། །སྐུ་བཞི་ཡེ་ཤེས་རབ་རྫོགས་པའི། །དེ་བཞིན་ཉིད་འདི་གསུངས་བར་མཛད། །གང་དུ་གསང་བ་ལས་ཀྱང་ཆེས་གསང་བའི་གསང་བ་ཆེན་པོ་འདི་འཛིན་པའི་རྣལ་འབྱོར་གྱི་དབང་ཕྱུག་དུ་མ་འབྱུང་བ་རྣམས་ནི་ཡེ་ཤེས་དགྱེས་པ་ཆེན་པོས་ཁྱབ་ཅིང་གཉིས་སུ་མེད་པའི་མཉམ་པ་

เล่ม ๘๒ · หน้า 203b

ཉིད་བདུད་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ཐོབ་ལ། །དེས་ཆོས་ཐམས་ཅད་ཡོངས་སུ་དག་ཅིང་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པས་གནས་པར་བྱེད་དོ། །འཇིག་རྟེན་གྱི་ལྷ་ཆེན་པོ་ཚངས་པ་དང་། བརྒྱ་བྱིན་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གུ་ལང་དང་། དྲག་པོའི་

རིགས་སུ་གྱུར་པ་རྣམས་ཀྱིས་ཀྱང་ཡང་དག་པར་ཆོས་འདི་ལ་བསྲུང་བའི་ཕྱིར་དེ་འཛིན་པ་དག་ལ་མཆོད་ཅིང་རྟེན་པར་བྱེད་དོ། །འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུས་འབྱུང་གནས་སོ། །ཕྱིར་མི་འོང་བ་རྣམས་ཀྱི་འབྱུང་གནས་སོ། །ལན་ཅིག་ཕྱིར་འོང་བ་རྣམས་ཀྱི་འབྱུང་གནས་སོ། །དགྲ་བཅོམ་པ་

རྣམས་ཀྱི་འབྱུང་གནས་སོ། །འཕགས་པ་རང་རྒྱལ་བ་ལ་གནས་པ་རྣམས་ཀྱི་འབྱུང་གནས་སོ། །བྱང་ཆུབ་སེམས་དཔའི་འབྱུང་གནས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་རྣམས་ཀྱི་འབྱུང་གནས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་འབྱུང་གནས་ཡིན་པར་རིག་པར་བྱའོ། །

རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཐམས་ཅད་ཀྱི་འབྱུང་གནས་བླ་ན་མེད་པར་རིག་པར་བྱའོ། །དཔལ་རྡོ་རྗེ་འཛིན་པ་ཆེན་པོ་དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ཡང་འདི་ལས་བྱུང་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། །འདི་ནི་གསང་བ་ཆེན་པོ་ཡེ་ཤེས་ཀུན་དུ་འབྱུང་བའི་གཞི་གཅིག་

པར་གནས་པ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་གསང་བ་ཡོངས་སུ་མི་ཟད་པའི་འབྱུང་གནས་སུ་བསྟན་པའི་ལེའུ་སྟེ་བཞི་བཅུ་གསུམ་པའོ།། །།

དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཐོག་མར་བྱུང་བ་དང་། བར་དུ་ད་ལྟར་གྱི་དཀྱིལ་འཁོར་གྱི་འཁོར་ལོ་ལ་གནས་པའི་དོན་དང་། ཐ་མར་ཕྱི་

མའི་དུས་ན་ངེས་པར་འབྱུང་བའི་གསང་ཆེན་ངེས་པར་འཕོ་བའི་ཚུལ་གྱི་རྣམ་གྲངས་དུ་མ་ང་ཡིས་བཤད་པར་བྱ་ཡིས། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་གནས་དང་དུས་དང་ཆོས་ཀྱི་གསང་བ་འཛིན་པ་དུ་མ་འབྱུང་བ་ངེས་པར་ཟུང་ཤིག །འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་

เล่ม ๘๒ · หน้า 204a

རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་འབྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་སྲོག་གཅོད་བརྩོན་པར་འགྱུར། །བསྐལ་པ་དྲུག་འཛིན་ཞེས་བྱ་ལ། །སངས་རྒྱས་ཟླ་བ་མི་འཁྲུགས་པས། །ཐམས་ཅད་ཞེ་སྡང་

ཅན་གྱུར་ལ། །སྲོག་གཅོད་པ་ལ་བརྩམས་པ་ཡི། །དམ་ཆོས་དགོངས་ཏེ་བཤད་པ་ལ། །སློབ་དཔོན་ཆོས་ཀྱི་འཁོར་ལོ་དང་། །དགེ་སློང་ནག་པོ་གཏུམ་ཞེས་པ། །ཇི་བཞིན་སྒྲ་རུ་རྣམ་སྤྱད་པས། །ནག་པོ་བདུད་ཀྱི་ཤ་ཟར་གྱུར། །ཆུང་མ་ཉི་ཤུའི་ཚོགས་བཅས་པས། །ཐམས་

ཅད་དམྱལ་བའི་སྲུངས་མར་སྐྱེས། །དེ་ལྟར་རྡོ་རྗེ་ཅན་གཟིགས་ཏེ། །སངས་རྒྱས་གར་མཁན་གར་མཛད་པས། །མི་བསྐྱོད་རྡོ་རྗེ་ཅན་གྱིས་ནི། །ཞེ་སྡང་རིགས་ཅན་འདུལ་བར་མཛད། །སྲོག་ཆགས་གསད་པར་གྱིས་ཞེས་པ། །ཁམས་གསུམ་སྒྱུ་མའི་རང་བཞིན་དུ། །འཁོར་བའི་

རྣམ་རྟོག་བསད་ན་ནི། །དེ་ནི་མི་བསྐྱོད་ཞིང་དུ་སྐྱེ། །རྡོ་རྗེ་ཅན་གྱི་སྡོམ་པ་ལས། །ཞེ་སྡང་རིགས་ཀྱི་དམ་ཚིག་ཡིན། །འདས་པའི་དུས་ན་སྔོན་བྱུང་བའི། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་

ཅད་ནི། །རྣམ་པར་ཤེས་པ་གཏི་མུག་པས། །མ་བྱིན་ལེན་ལ་བརྩོན་པར་འགྱུར། །བསྐལ་པ་གཟུང་དཀའ་ཞེས་བྱ་ལ། །དེ་བཞིན་གཤེགས་པ་སྟོབས་ཀྱི་མཆོག །སེང་གེ་འོད་ཀྱི་རྒྱལ་པོ་ལ། །བསྟན་པའི་དམ་ཚིག་གནས་པའི་ཚེ། །ཐམས་ཅད་གཏི་མུག་ཤས་ཆེ་ལ། །གཞན་གྱི་ནོར་

འཕྲོག་སྤྱོད་པར་འགྱུར། །དེ་དག་ལྡེམ་པོར་དགོངས་པ་ལ། །སློབ་དཔོན་སེང་གེ་ཟླ་བ་ཡིས། །དགེ་སློང་བཟོད་པ་ཅན་ཞེས་པས། །ཇི་བཞིན་སྒྲ་རུ་རྣམ་སྤྱད་པས། །དྲག་པོ་མུན་པ་ཅན་ཞེས་པའི། །ཆུང་མ་ཉི་ཤུའི་ཚོགས་བཅས་པས། །ཐམས་ཅད་དུད་འགྲོའི་གནས་སུ་སྐྱེས། །དེ་ལྟར་

རྡོ་རྗེ་ཅན་གཟིགས་ཏེ། །སངས་རྒྱས་གར་མཁན་གར་མཛད་པས། །སངས་རྒྱས་རྡོ་རྗེ་འཛིན་གྱིས་ནི། །གཏི་མུག་རིགས་ཅན་འདུལ་བར་མཛད། །ཁྱོད་ཀྱིས་མ་བྱིན་ལོང་ཞེས་པ། །ཆོས་རྣམས་རྨི་ལམ་ལྟ་བུ་ལས། །འཕགས་པའི་ནོར་རྣམས་བླངས་ནས་ནི། །སྡུག་པོ་བཀོད་པའི་

เล่ม ๘๒ · หน้า 204b

ཞིང་དུ་སྐྱེ། །དེ་བཞིན་གཤེགས་པའི་སྡོམ་པ་ལས། །གཏི་མུག་རིགས་ཀྱི་དམ་ཚིག་ཡིན། །འདས་པའི་དུས་ན་སྔོན་བྱུང་བའི། །བདག་ཉིད་ཆེན་པོ་རྟག་པའི་གནས། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །

ཤིན་ཏུ་གཡེམ་ལ་སྲེད་པ་ཡིས། །མི་ཚངས་སྤྱོད་ལ་འཇུག་པར་གྱུར། །བསྐལ་པ་བཅུད་ལྡན་ཞེས་བྱ་ལ། །པདྨོ་འོད་འཕྲོ་མི་བཟང་ཅེས། །དེ་བཞིན་གཤེགས་པའི་བསྟན་པ་ནི། །ཐམས་ཅད་འདོད་ཆགས་སྤྱོད་གྱུར་ལ། །ལོག་པར་ཤིན་ཏུ་གཡེམ་བར་སྤྱོད། །འདོད་ཆགས་ཀྱིས་ནི་ཐར་

ཐོབ་ཅེས། །དེ་ལྟར་དགོངས་ཏེ་གསུངས་པ་ལ། །སློབ་དཔོན་པདྨོ་དཔལ་ཞེས་པས། །དགེ་སློང་རྒྱལ་བ་མཆོག་ཅེས་ལ། །རྗེས་སུ་བསྟན་དང་གདམས་པ་ལས། །སྐྱེ་བ་དེ་ཡི་འོག་ཏུ་ནི། །དྲེག་བྱེད་མཐའ་ལ་གནས་པ་ནི། །ཆུང་མ་ཉི་ཤུའི་ཚོགས་བཅས་པ། །ཐམས་ཅད་ཡི་དགས་

གནས་སུ་སྐྱེས། །དེ་ལྟར་རྡོ་རྗེ་ཅན་གཟིགས་ཏེ། །སངས་རྒྱས་གར་མཁན་གར་མཛད་པས། །ཆོས་འཛིན་པ་ཡི་གསུང་རྡོ་རྗེས། །འདོད་ཆགས་རིགས་ཅན་འདུལ་བར་མཛད། །གཞན་གྱི་བུད་མེད་སྤྱོད་ཅེས་པ། །ཆོས་རྣམས་མིག་འཕྲུལ་མཚུངས་པ་ལ། །དེ་བཞིན་གཤེགས་པའི་བཙུན་

མོ་རྣམས། །ཡེ་ཤེས་བདེ་བར་རོལ་པར་བྱ། །ཤེས་རབ་བུད་མེད་སྤྱད་ན་ནི། །བདེ་བ་ཅན་གྱི་ཞིང་དུ་འགྲོ། །ཆོས་འཛིན་པ་ཡི་སྡོམ་པ་ལས། །འདོད་ཆགས་རྡོ་རྗེའི་དམ་ཚིག་ཡིན། །འདས་པའི་དུས་ན་སྔོན་བྱུང་བའི། བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་

ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཅན་ཐམས་ཅད་ནི། །ཤིན་ཏུ་ལེ་ལོའི་དབང་གྱུར་ཅིང་། །བརྫུན་དུ་སྨྲ་བ་དགའ་བར་འགྱུར། །བསྐལ་པ་གཟི་ཆེན་སྣང་བའི་དུས། །བདེ་གཤེགས་རྔ་སྒྲའི་རྒྱལ་པོ་ཞེས། །སངས་རྒྱས་དེ་ཡི་བསྟན་པ་ལ། །འགྲོ་རྣམས་ཤིན་ཏུ་ཕྲག་དོག་ཅན། །དེ་ལ་

བརྫུན་ཚིག་གིས་གྲོལ་ཞེས། །རྒྱལ་བས་དགོངས་ཏེ་བསྟན་པ་ལ། །སློབ་དཔོན་རྟ་མཆོག་ཅེས་བྱ་བས། །དགེ་བསྙེན་ཟླ་བ་ཞེས་བྱ་ལ། །གསུང་རབ་དོན་རྗེས་བསྟན་པ་ལས། །ཤིན་ཏུ་འཁྲུལ་བས་གནས་པར་གྱུར། །ཇི་བཞིན་སྒྲ་རུ་རྣམ་སྐྱེད་པས། །དྲག་བྱེད་འཁྲུལ་བ་ཅན་ཞེས་པ། །ཆུང་

เล่ม ๘๒ · หน้า 205a

མ་ཉི་ཤུའི་ཚོགས་དང་བཅས། །ཐམས་ཅད་ཅད་དབང་སྒྱུར་བདུད་ཀྱི་ལྷ། །གཞན་འཕྲུལ་དབང་བྱེད་གནས་སུ་སྐྱེས། །དེ་ལྟར་རྡོ་རྗེ་ཅན་གཟིགས་ཏེ། །སངས་རྒྱས་གར་མཁན་གར་མཛད་པས། །གདོན་མི་ཟ་བའི་ཕྲིན་ལས་ཀྱིས། །ཕྲག་དོག་རིགས་ཅན་འདུལ་བར་མཛད། །

ཁྱོད་གྱིས་བརྫུན་དུ་སྤྲོས་ཞེས་པ། །ཆོས་རྣམས་དྲི་ཟའི་གྲོང་ཁྱེར་ལས། །ཐམས་ཅད་བརྫུན་པ་སླུ་བའི་ཚིག །སྒྱུ་མ་ལྟ་བུར་བསྒྲགས་ནས་ཀྱང་། །ཀུན་རྫོབ་སྤྱོད་པའི་གནས་བསྟན་པ། །འབྲུག་སྒྲ་ཅན་གྱི་ཞིང་དུ་འགྲོ། །ལས་ཀྱི་རིགས་ཀྱི་སྡོམ་པ་ལས། །ཕྲག་དོག་རྡོ་རྗེའི་དམ་ཚིག་

བསྟན། །འདས་པའི་དུས་ན་སྔོན་བྱུང་བའི། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བའོ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ང་རྒྱལ་ཆེར་སྤྱོད་ཅིང་། །ཚིག་རྩུབ་དག་གིས་སྤྱོད་པར་གྱུར། །བསྐལ་པ་མི་གནས་

པ་ཞེས་ལ། །བདེ་གཤེགས་དཀོན་མཆོག་དཔལ་ཞེས་པའི། །བསྟན་པ་དེ་ལ་གནས་པའི་ཚེ། །ཕལ་ཆེར་ང་རྒྱལ་གྱིས་ནོན་ཅིང་། །ངག་མ་བསྡམས་པས་གནས་པར་གྱུར། །རྩུབ་པའི་ཚིག་རྣམས་སྨྲས་པ་ཡིས། །དེས་ནི་ཐར་པ་ཐོབ་ཅེས་པ། །རྒྱལ་བ་དགོང་ཏེ་གསུངས་པ་ལ། །

སློབ་དཔོན་ཉི་མའི་དཔལ་ཞེས་པས། །དགེ་སློང་འབྱོར་བ་ཅན་ཞེས་ལ། །བཀའ་ཡི་དགོངས་པ་བསྟན་པ་ལས། །གསང་བའི་དོན་ལས་རྣམ་འཁྲུལ་བས། །དྲག་བྱེད་འཇུངས་བ་ཅན་ཞེས་པ། །ཆུང་མ་ཉི་བུའི་ཚོགས་བཅས་པ། །ཐམས་ཅད་ལྷ་མིན་སྲིན་པོའི་གནས། །རི་རབ་སུལ་ལ་གནས་པ་

སྐྱེས། །དེ་ལྟར་རྡོ་རྗེ་ཅན་གཟིགས་ཏེ། །སངས་རྒྱས་གར་མཁན་གར་མཛད་པས། །ཡོན་ཏན་རིན་ཆེན་འོད་འཕྲོ་བས། ང་རྒྱལ་རིགས་ཅན་འདུལ་བར་མཛད། །སྔ་ཕྱིའི་ཆོས་ནི་བདེན་མཐོང་བས། །འཁྲུལ་པའི་སྤྱོད་ལས་ལོག་པ་སྟེ། །རྩུབ་པའི་ཆོས་རྣམས་སྨྲས་པ་ཡིས། །ཡེ་ཤེས་ཐོབ་

འགྱུར་ཞེས་པ་ལ། །དངོས་པོར་འཛིན་པ་སྐྲག་བྱེད་པའི། །ཡང་དག་ཀུན་རྫོབ་ཆོས་ཉིད་ཀྱིས། །རང་བཞིན་མེད་པར་བསྟན་པ་ཡིས། །དེ་དག་སྤྱོད་པ་དོན་ལྡན་པ། །རྡུལ་དང་བྲལ་བའི་ཞིང་དུ་འགྲོ། །རིན་ཆེན་རིགས་ཀྱི་སྡོམ་པ་ཡིན། །འདས་པའི་དུས་ན་སྔོན་བྱུང་བའི། །བདག་ཉིད་ཆེན་

เล่ม ๘๒ · หน้า 205b

པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །དུག་ལྔའི་རྟོག་པ་རྒྱས་པར་འགྱུར། །བསྐལ་པ་རྒྱན་བཟངས་ཞེས་བྱ་ལ། །བདེ་གཤེགས་དཔལ་ལྡན་དྲི་མེད་པ། །ཡེ་ཤེས་བཟང་པོའི་བསྟན་པ་ལ། །ཐམས་

ཅད་ཉོན་མོངས་ལྔ་སྤྱོད་པ། །དུག་ལྔའི་རྟོག་པ་རགས་པར་གྱུར། །ཉོན་མོངས་མ་སྤངས་འཚང་རྒྱ་ཞེས། །རྒྱལ་བས་དགོངས་ཏེ་གསུངས་པ་ལ། །སློབ་དཔོན་ཀུན་དུ་བཟང་པོ་ཡིས། །དགེ་སློང་གྲོལ་བའི་རྒྱལ་མཚན་ཞེས། །དེ་བཞིན་གཤེགས་པའི་གསུངས་རབ་ལ། །ལོག་པར་སྤྱད་པའི་

རྣམ་སྨིན་གྱིས། །སྒྲ་སྒྲོགས་སྡེ་ཅན་ཞེས་བྱ་བ། །ཆུང་མ་ཉི་ཤུའི་ཚོགས་དང་བཅས། །མི་ཡི་གནས་སུ་སྲིན་པོར་སྐྱེས། །ལང་ཀ་པུ་རིའི་རྒྱལ་པོར་གྱུར། །དེ་ལྟར་རྡོ་རྗེ་ཅན་གཟིགས་ཏེ། །སངས་རྒྱས་གར་མཁན་གར་མཛད་པས། །གསང་ཆེན་རྡོ་རྗེ་འཛིན་པ་ཡིས། །དུག་ལྔའི་རང་

བཞིན་གྱིས་བསྡུས་བཏུལ། །ཉོན་མོངས་མ་སྤངས་ལམ་འགྱུར་ཞེས། །ཆགས་སྡང་རང་བཞིན་ཤེས་ནས་ཀྱང་། །དུག་གསུམ་ཡེ་ཤེས་གྱུར་པ་ནི། །གསང་བ་རྡོ་རྗེ་ཐེག་པའི་ལམ། །རྡོ་རྗེ་སེམས་དཔའི་ཞིང་དུ་སྐྱེ། །བླ་ན་མེད་པའི་སྡོམ་པ་ལས། །རྡོ་རྗེ་འཛིན་པའི་དམ་ཚིག་ཡིན། །དུག་

ལྔའི་རྟོག་པ་གདུལ་བ་ནི། །ཞེ་སྡང་ཅན་ལ་ཁྱབ་འཇུག་དང་། །གཏི་མུག་ཅན་ལ་ཚངས་པ་དང་། །འདོད་ཆགས་དབང་ཕྱུག་ཆེན་པོ་དང་། །ཕྲག་དོག་དགའ་རབ་དབང་ཕྱུག་དང་། །ང་རྒྱལ་ཅན་ནི་བརྒྱ་བྱིན་གྱི། །རིགས་དང་མཐུན་པའི་ཆར་བསྒྱུར་ནས། །སེམས་ཅན་ལོག་པའི་ལམ་དུ་

བཙུད། །རང་གི་སྤྱོད་ཡུལ་མི་འདའི་ཕྱིར། །དེ་ལ་བར་ཆད་སྣ་ཚོགས་པས། །བདུད་ཀྱི་དཀྱིལ་འཁོར་མངོན་པར་སྤྲུལ། །དེ་ལྟར་རྡོ་རྗེ་ཅན་གཟིགས་ཏེ། །སངས་རྒྱས་གར་མཁན་གར་མཛད་པས། །ལྷ་རྣམས་གདུལ་བར་མཛད་ནས་ནི། །གསང་བའི་ཡེ་ཤེས་སྟོན་པར་བྱེད། །དེ་ལྟར་གདུལ་

བྱ་གང་དང་གང་གི་དོན་དུ་དགོངས་ཏེ་གསུངས་པ་རྣམ་པར་ངེས་པ་ཐུན་མོང་མ་ཡིན་པའི་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་གསང་བ་ངེས་པའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་འདུས་པའི་འཁོར་རྣམས་ལ་བཀའ་སྩལ་པ། །གནས་ཕུན་སུམ་ཚོགས་པ་ནི་གསང་བ་མཆོག་ཏུ་མི་འགྱུར་

เล่ม ๘๒ · หน้า 206a

བ་རྡོ་རྗེ་བཙུན་མོའི་བྷ་ག་ཞེས་བྱ་བ་འཛམ་བུའི་གླིང་གྲུ་གསུམ་ཆོས་ཀྱི་འབྱུང་གནས་སོ། །འདི་ནི་མི་མཛེས་ཀྱི་འཇིག་རྟེན་གྱི་ཞིང་ཁམས་ཀྱི་སྙིང་པོར་གྱུར་པའོ། །དུས་ཕུན་སུམ་ཚོགས་པ་སྟེ་དུས་རྣམས་ཀྱི་སྙིགས་མ་ལ་བབ་པ་ཐོག་མ་དང་དབུས་དང་ཐ་མ་རྣམ་པར་དག་པ་སྟེ་

གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་ལོ། །འཆད་པ་པོ་ནི་སྟོན་པ་སྟེ། །འདིར་དཔལ་ལྡན་རྡོ་རྗེ་འཛིན་པར་རིགས་ཐམས་ཅད་ཀྱི་བདག་པོ་ཉིད་ཕུན་སུམ་ཚོགས་པའི་ཡེ་ཤེས་ཀྱི་རང་བཞིན་རྣམ་པ་ཐམས་ཅད་མཁྱེན་ཅིང་གཟིགས་པས་འཇུག་པ་མཉམ་པ་ཉིད་རབ་ཏུ་མི་གནས་པའི་ངོ་བོར་

གྱུར་བ་ཉིད་དོ། །དེ་དག་ཀྱང་ཆོས་ཉིད་དང་གཉིས་སུ་མེད་པ་ནམ་མཁའི་ཁམས་ཀྱིས་ཁྱབ་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་རབ་ཏུ་མི་ཟད་པའི་དོན་ལ་རབ་ཏུ་དགོངས་པ་དག་གོ། །དེ་ནས་གཞན་ཡང་ཐམས་ཅད་མཁྱེན་པའི་འཁོར་ཕུན་སུམ་ཚོགས་པ་བཤད་པར་བྱའོ། །འདི་

ལྟ་སྟེ་འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་རྒྱལ་པོ་ཟས་གཙང་མར་གྱུར་ཏོ། །འཇིག་རྟེན་གྱི་དབང་ཕྱུག་དབྱངས་ནི་ལྷ་མོ་ཆེན་མོ་སྒྱུ་འཕྲུལ་ཞེས་བྱ་བར་གྱུར་ཏོ། །ལྷ་མོ་དཔལ་གྱི་ལུ་གུ་རྒྱུད་མ་ནི་གྲགས་འཛིན་མར་གྱུར་ཏོ། །རྡོ་རྗེ་སེམས་དཔའ་ནི་སྒྲ་གཅན་འཛིན་ཏོ། །བྱང་ཆུབ་

སེམས་དཔའ་སྒྲིབ་པ་ཀུན་ཏུ་གཅོད་པ་ནི་ཤཱ་རིའི་བུར་གྱུར་པའོ། །ཀུན་དུ་བཟང་པོ་ནི་གནས་བརྟན་ཀུན་དགའ་བོར་གྱུར་ཏོ། །ཀུན་དུ་བཟང་པོ་རྣམ་པར་རོལ་པའི་སྐུ་ཅན་ནི་མོད་གལ་གྱི་བུར་གྱུར་བའོ། །ལྷའི་དབང་པོ་བརྒྱ་བྱིན་ནི་གནས་བརྟན་ལྷ་སྦྱིན་ནོ། །ཚངས་པ་ཆེན་པོ་ནི་བྱང་ཆུབ་སེམས་

དཔའི་སྣང་བའི་འོད་དུ་གྱུར་པའོ། །དཔལ་རྣམ་པར་སྣང་མཛད་ཆེན་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཤཱཀྱ་ཐུབ་པ་ཉིད་དུ་གྱུར་ཏོ། །དེ་ལྟར་མདོ་དང་ཐུན་མོང་དུ་སྤྱོད་པའི་དོན་དུ་གསུངས་སོ། །འདིར་ནི་གསང་བ་ཐུན་མོང་མ་ཡིན་པའི་དོན་དུ་སོ་སོར་ཕྱེ་ནས་གསལ་བར་བཤད་པར་བྱའོ། །

འདི་ལྟ་སྟེ་ད་ལྟར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་དཀྱིལ་འཁོར་གསང་བ་སྤྱིའི་དོན་དུ་བསྟན་ཏེ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ནི་ཕྱག་ན་རྡོ་རྗེ་རྩེ་ལྔ་པ་འཛིན་པ་ཅན་གྱི་ཀུན་དགའ་བོར་གྱུར་ཏོ། །ཀུན་དུ་བཟང་པོ་ནི་མཽད་གལ་གྱི་བུའོ། །སྒྲིབ་པ་ཐམས་ཅད་རྣམ་

เล่ม ๘๒ · หน้า 206b

པར་སེལ་བ་ནི་ཀུན་ཤེས་ཀཽཎྜི་ནྱ་ར་གྱུར་ཏོ། །བློ་གྲོས་མི་ཟད་པ་ནི་ཤཱ་རིའི་བུའོ། །སྤྱན་རས་གཟིགས་དབང་ཕྱུག་ནི་འོད་སྲུང་ངོ་། །སའི་སྙིང་པོ་ནི་མ་འགགས་པའོ། །བྱམས་པ་ནི་ཉེ་བའི་འཁོར་རོ། །ནམ་མཁའི་སྙིང་པོ་ནི་གནས་བརྟན་ཆེན་པོ་རབ་འབྱོར་དུ་གྱུར་ཏོ། །གཟུགས་རྡོ་རྗེ་

མ་ནི་སྐྱེ་དགུའི་བདག་མོའོ། །སྒྲ་རྡོ་རྗེ་མ་ནི་དབྱངས་ལྡན་མའོ། །དྲི་རྡོ་རྗེ་མ་ནི་རིགས་ལྡན་མའོ། །རོ་རྡོ་རྗེ་ནི་དགའ་མོ་དང་དགའ་སྟོབས་མའོ། །རེག་བྱ་རྡོ་རྗེ་ནི་ས་འཚོ་མར་གྱུར་ཏོ། །སངས་རྒྱས་སྤྱན་མ་ནི་སའི་ལྷ་མོར་གྱུར་ཏོ། །མཱ་མ་ཀཱི་ནི་འོད་མཆོག་མར་གྱུར་ཏོ། །གོས་དཀར་མོ་

ནི་པདྨ་གྲགས་མཆོག་མའོ། །སྒྲོལ་མ་ནི་སྣ་ཚོགས་འོད་འཆང་མར་གྱུར་ཏོ། །དེ་བཞིན་གཤེགས་པ་མི་བསྐྱོད་པ་ནི་སངས་རྒྱས་མི་འཁྲུགས་པ་སྨན་གྱི་བླ་དྲི་མ་མེད་པ་བཻ་ཌཱུརྱའི་འོད་དུ་གྱུར་ཏོ། །རྣམ་པར་སྣང་བྱེད་དེ་བཞིན་གཤེགས་པ་ནི་སངས་རྒྱས་སྟོབས་མཆོག་སེང་གེ་ཐུགས་རྗེས་

འོད་ཀྱི་སྣང་བ་མི་ཟད་པར་གྱུར་ཏོ། །འོད་དཔག་ཏུ་མེད་པ་ནི་དེ་བཞིན་གཤེགས་པ་པདྨའི་འོད་འཕྲོ་མི་ཟད་པར་གྱུར་ཏོ། །གདོན་མི་ཟ་བ་གྲུབ་པ་ནི་དེ་བཞིན་གཤེགས་པ་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བར་གྱུར་ཏོ། །རིན་ཆེན་འབྱུང་ལྡན་ནི་དེ་བཞིན་གཤེགས་པ་དཀོན་མཆོག་དཔལ་རིན་ཆེན་འོད་འཕྲོ་

བ་ཞེས་བྱ་བར་གྱུར་ཏོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ནི་དེ་བཞིན་གཤེགས་པ་དཔལ་ཡེ་ཤེས་ཀུན་དུ་བཟང་པོ་ཞེས་བྱ་བར་གྱུར་ཏེ། དེ་ནི་གཞན་ཡིན་པར་མི་བལྟ་སྟེ་ད་ལྟ་རང་ཉིད་ཡིན་ནོ། །གཞན་ཡང་རབ་ཏུ་བཤད་པར་བྱ་སྟེ། ཁྲོ་བོའི་རྒྱལ་པོ་བཅུ་རྣམས་ལ་འདི་ལྟ་སྟེ། དཔལ་

གཤིན་རྗེ་མཐར་བྱེད་ནི་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་སུ་གྱུར། བགེགས་མཐར་བྱེད་ནི་དེ་བཞིན་གཤེགས་པ་རྒྱལ་བའི་དབང་པོ་ཞེས་བྱ་བར་གྱུར། དཔལ་རྟ་མགྲིན་ནི་རིན་ཆེན་འོད་འཕྲོ་ཞེས་བྱ་བར་གྱུར། ཤེས་རབ་མཐར་བྱེད་ནི་སངས་རྒྱས་མྱ་ངན་མེད་པའི་དཔལ་ཞེས་བྱ་བར་

གྱུར། ཁྲོ་བོ་མི་གཡོ་བ་ནི་པདྨོ་དམ་པའི་དཔལ་ཞེས་བྱ་བར་གྱུར། ཁྲོ་བོ་འདོད་པའི་རྒྱལ་པོ་ན་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བའི་དཔལ་ཞེས་བྱ་བར་གྱུར། དབྱུག་སྔོན་ཅན་ནི་དེ་བཞིན་གཤེགས་པ་གདུགས་དམ་པར་གྱུར། ཁྲོ་བོ་སྟོབས་པོ་ཆེ་ནི་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་

เล่ม ๘๒ · หน้า 207a

གྱི་རྒྱལ་པོ་གླང་པོ་དམ་པའི་དཔལ་ཞེས་བྱ་བར་གྱུར། ཁྲོ་བོ་གནོད་མཛེས་རྒྱལ་པོ་ནི་སངས་རྒྱས་པདྨོ་དམ་པའི་དཔལ་ཞེས་བྱ་བར་གྱུར། ཁྲོ་བོ་གཙུག་ཏོར་འཁོར་ལོས་སྒྱུར་བ་ནི་དེ་བཞིན་གཤེགས་པ་དགའ་བ་དམ་པའི་དཔལ་ཞེས་བྱ་བར་གྱུར་ཏོ། །བསྐལ་པ་བཟང་པོའི་སངས་

རྒྱས་སྟོང་འཇིག་རྟེན་དུ་མངོན་པར་འབྱུང་བ་ལ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་གསང་བ་འཛིན་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་དང་། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་སྣང་བའི་འོད་དང་གསུམ་གྱི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་གསང་བ་འཛིན་པའི་གནས་ཀྱི་སྤྱོད་ཡུལ་གྱིས་སྤྱད་པ་སྤྱོད་པ་ཉིད་དོ། །དེ་བཞིན་གཤེགས་པ་བརྒྱད་བྱང་ཆུབ་ཀྱི་ཤིང་བརྒྱད་དང་བཅས་པ་ལས་མངོན་པར་བྱང་ཆུབ་པ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་རྡོ་རྗེ་འཛིན་པའི་ངོ་བོ་ཉིད་དུ་གནས་ཏེ། དེ་བཞིན་གཤེགས་པ་སྣ་ཚོགས་བདག་ཉིད་དུ་གཅིག་པའི་སྐུའོ། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་པ་ཏ་ལའི་ཤིང་གི་དྲུང་དུའོ། །དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་ནི་མྱ་ངན་མེད་པའི་

ཤིང་གི་དྲུང་དུའོ། །དེ་བཞིན་གཤེགས་པ་མར་མེ་ཅན་ནི་ཙཱུ་ཏའི་ཤིང་གི་དྲུང་དུའོ། །དེ་བཞིན་གཤེགས་པ་ལོག་པར་དད་སེལ་ནི་བྷ་ཏ་བའི་ཤིང་གི་དྲུང་དུའོ། །དེ་བཞིན་གཤེགས་པ་གསེར་ཐུབ་ནི་ཀ་ར་ཙ་པའི་ཤིང་གི་དྲུང་དུའོ། །དེ་བཞིན་གཤེགས་པ་འོད་སྲུང་ནི་པར་ཀ་ཏི་བའི་ཤིང་གི་དྲུང་དུའོ། །དེ་བཞིན་

གཤེགས་པ་ཤཱཀྱ་ཐུབ་པ་ནི་པར་ཏི་པའི་ཤིང་གི་དྲུང་དུའོ། །དེ་བཞིན་གཤེགས་པ་བྱམས་པ་ནི་ནཱ་ག་ཀེ་ས་རའི་ཤིང་གི་དྲུང་དུའོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་དུས་གསུམ་དུ་འབྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཕྱོགས་བརྒྱད་ཀྱི་ཞིང་ཁམས་ན་བཞུགས་ཤིང་ཡོངས་སུ་

སྐྱོང་བར་མཛད་དེ། གང་དུ་རྡོ་རྗེ་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་རྣམས་ལ་དེ་བཞིན་གཤེགས་པ་དེ་དག་གིས་ཡོངས་སུ་གཟིགས་ཤིང་བྱིན་གྱིས་རློབ་པར་སྟོན་པ་ཡིན་ནོ་ཞེས་གསུངས་སོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་བདག་པོས་དེ་བཞིན་གཤེགས་པ་

เล่ม ๘๒ · หน้า 207b

ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། འདིར་དེ་བཞིན་གཤེགས་པ་ཀུན་དུ་འབྱུང་བའི་གནས་རྡོ་རྗེའི་ཏིང་ངེ་འཛིན་ཁོང་དུ་ཆུད་པར་གྱིས་ཤིག །དེ་ཡང་གང་ཞེ་ན། གང་དུ་དེ་བཞིན་གཤེགས་པ་རྣམས་ཏིང་ངེ་འཛིན་གང་དུ་བྱོན་པའམ་འཇུག་པར་མཛད་པ་དུ་གང་

ནས་གཤེགས་པ་དང་། གང་དུ་གནས་པའི་དོན་གྱིས་རྣམ་པར་འཕྲུལ་པའི་མཛད་པ་ཤེས་པར་གྱིས་ཤིག །གང་དུ་འདི་ནི་མངོན་བསྟན་པས། །སངས་རྒྱས་འཇིག་རྟེན་འབྱུང་བ་དག །མངོན་པར་བྱང་ཆུབ་གནས་ཉིད་ལས། །འབྱུང་དང་འཇུག་པར་གནས་པ་དང་། །ཕྲིན་ལས་མཛད་པ་དུ་

མར་སྟོན། །དགའ་ལྡན་གནས་ནས་འཕོ་ཚུལ་དང་། །ལྷུམས་སུ་འཇུག་དང་སྐུ་བལྟམས་དང་། །གཞོན་ནུ་རོལ་དང་ཁབ་གནས་དང་། །སྐྱེད་མོས་ཚལ་བྱོན་གནས་གཟིགས་ཏེ། །མངོན་པར་འབྱུང་དང་གཤེགས་མཛད་ཅིང་། །དཀའ་སྤྱད་མཛད་དང་བཞེངས་པ་དང་། །བྱང་ཆུབ་སྙིང་པོར་

གཤེགས་པ་དང་། །བདུད་བཅོམ་མངོན་པར་བྱང་ཆུབ་པ། །ཆོས་ཀྱི་འཁོར་ལོ་སྐོར་མཛད་དེ། །འདི་ནི་དུས་རྣམས་ཀུན་དུ་ཡང་། །ཐོག་མར་ཐུན་མོང་ལམ་བསྟན་ཅིང་། །རབ་ཏུ་དགེ་བ་མཚན་མ་མེད། །ཐ་མར་ཐེ་ཚོམ་སེལ་བ་ཡི། །བྱང་ཆུབ་སེམས་ཀྱི་སྤྱོད་ཡུལ་དང་། །རྣམ་པར་

ངེས་པ་ཕྲ་བར་བསྟན། །སངས་རྒྱས་མ་ལུས་འདི་དག་ཉིད། །ཞི་བར་འཇུག་པ་སྟོན་པ་དག །བླ་ན་མེད་པའི་སྤྱོད་ཡུལ་ལོ། །སྐུ་གསུང་ཐུགས་ཉིད་རྡོ་རྗེ་ཡིས། །སེམས་ཀྱི་རོལ་མོ་ལས་བྱུང་བ། །སྒྱུ་འཕྲུལ་ཆེན་པོ་སྟོན་པ་ཡིས། །མཛད་པ་ཕྱི་ནང་གསང་བ་སྟེ། །དགའ་ལྡན་ཕོ་བྲང་རང་ལུས་

ཀྱི། །བདེ་ཆེན་སྤྱི་བོར་གནས་པ་ཉིད། །དམ་པ་འབིགས་བྱེད་གཞོན་ནུའི་གནས། །རྡོ་རྗེ་སྔགས་ཀྱི་དེ་ཉིད་ལས། །ཏིང་འཛིན་མཉམ་པར་གྱུར་པ་ནི། །ཇི་ལྟར་སྐར་མདའ་འཕོ་བ་ལྟར། །བྱང་ཆུབ་སེམས་ཀྱི་གླང་པོ་ནི། །མཆེ་བ་དྲུག་ལྡན་དུ་གྱུར་པ། །སྙིང་རྗེས་ཆགས་པའི་སེམས་ཀྱིས་ནི། །རྩ་

ཡི་ཕོ་བྲང་ཁ་སྦྱར་དུ། །བྱང་ཆུབ་སེམས་ནི་ཞུགས་པར་གྱུར། །དེར་གནས་ལྷུམས་སུ་འཇུག་པ་ཉིད། །རྡོ་རྗེ་འཛིན་པ་བདག་ཉིད་འཇུག །ཐབས་དང་ཤེས་རབ་ནུས་ཐོབ་པས། །གཡས་རྩ་ནས་ནི་འབྱུང་གྱུར་པ། །བལྟམ་པའི་མཛད་པ་ཞེས་བརྗོད་དོ། །བདེ་བའི་ནུས་པ་འཕེལ་བ་ལས། །རྒལ་

เล่ม ๘๒ · หน้า 208a

ཚིགས་ཉི་ཤུ་རྩ་བརྒྱད་ཀྱི། །པདྨ་ཡི་གེས་བགྲོད་པ་དག །གོམ་པ་བོར་བའི་དུས་ཡིན་ནོ། །རླུང་སེམས་འགྲོ་ལྡོག་གང་གྱུར་པ། །འཁོར་དང་མྱང་འདས་བསྐྱེད་པ་ནི། །བྲམ་ཟེ་མཚན་མཁན་དྲང་སྲོང་གིས། །ལུང་བསྟན་བརྗོད་པ་དེ་ཡིན་ནོ། །དེ་ལྟར་མཉམ་པར་

བཞག་པ་ལས། །རྗེས་ཐོབ་ཡུལ་ལ་སྤྱོད་གྱུར་པ། །སྤྲོས་བཅས་སྤྲོས་མེད་རྣམ་དབྱེ་བས། །འདོད་པའི་ཡོན་ཏན་རྣམ་ལྔ་ལ། །གཞོན་ནུ་རོལ་པའི་སྤྱོད་པ་ཡིས། །ལུས་ཀྱི་གནས་སོགས་ཀུན་དུ་རོལ། །དབྱངས་དང་གསལ་བྱེད་གྱུར་པ་ཡི། །རྩ་ཡི་འཁོར་ལོའི་ཡི་གེ་རྣམས། །

ཕོ་མོ་མ་ནིང་དབྱེ་བ་ཡིས། །ཡི་གེའི་གནས་ལ་མཁས་པ་ཡིན། །རྩ་དང་རླུང་དང་ཐིག་ལེ་དག །འཕོ་ཚུལ་གྲངས་དང་དབྱེ་བསྡུ་ཡི། །རྒྱུ་ཚུལ་སྤྲོ་བསྡུ་གང་གྱུར་པ། །རྩིས་ཀྱི་གནས་ལ་མཁས་པའོ། །ས་ཆུ་མེ་རླུང་ནུས་པ་ཡི། །གླང་པོ་བརྐྱལ་དང་འགེགས་པ་དང་། །པགས་

པ་རིམ་པ་བདུན་གྱུར་ལ། །ཤིང་སོགས་རིམ་པར་གནས་གྱུར་པ། །རླུང་གི་གཞུ་ལ་མེ་མདའ་ཡིས། །འཕང་བ་ཆུ་རྒྱུན་འབབ་པ་ཡིན། །དང་པོར་ཤེས་རབ་ལས་ཐོབ་པ། །བྱང་སེམས་དམར་པོ་གསང་གནས་སུ། །དབང་བྱས་བཙུན་མོ་ཁབ་གནས་ཤིང་། །འབྱུང་བཞིའི་རླུང་

རྣམས་བཙུན་མོའོ། །སྨིན་མཚམས་ཀྱི་ནི་མདུད་པ་དེར། །ཐིག་ལེ་ཕྲ་བ་བརྟན་པ་ནི། །སྟེང་དུ་ཉི་ཟླ་གཟས་ཟིན་པ། །སྒྲ་གཅན་འཛིན་དུ་བརྗོད་པ་ཡིན། །ལྟེ་བ་སྤྲུལ་པའི་འཁོར་ལོ་ཡི། །ཕྱོགས་བཞིར་སྐྱེད་ཚལ་གཟིགས་པ་ནི། །ཟག་བཅས་རྩ་རླུང་ཐིག་ལེ་ཡིས། །སྲིད་པ་

བསྐྱེད་པ་གང་ཡིན་པའོ། །ཟག་མེད་བདེ་བ་ཐོབ་འདོད་པས། །དེ་ཡི་ཚུལ་ལ་འཇུག་པ་ནི། །རླུང་གི་རྟ་དང་བཅས་པ་ཡིས། །དབུ་མའི་མཐོངས་ལས་བྱུང་ནས་ནི། །བྱང་ཆུབ་སེམས་ཀྱི་མཆོད་རྟེན་དག །འཁོར་བའི་དྲ་བ་བཅད་ནས་ནི། །ཆུ་བོ་འདུས་པའི་འགྲམ་ཉིད་དུ། །ཡེ་ཤེས་མངོན་

དུ་བྱེད་འདོད་པས། །བཙན་ཐབས་སུ་ནི་འགོག་པ་དང་། །ལུས་ངག་གཅུང་ལ་བོར་བ་ཡིས། །ཟུག་དང་དཀའ་ཐུབ་སྤྱད་པ་ནི། །མཉམ་རྗེས་གཉིས་སུ་མེད་པ་ཡིས། །རྩེ་གཅིག་ཏིང་འཛིན་གནས་པའོ། །ཨཿཐུང་གསོས་ཤིང་རྒྱུན་ཕབ་པས། །འོ་མའི་བདུད་རྩི་གསོལ་བ་

เล่ม ๘๒ · หน้า 208b

ཡིན། །གང་བ་བྱང་ཆུབ་ཤིང་དྲུང་དུ། །རྡོ་རྗེ་སྐྱིལ་ཀྲུང་གྱུར་པ་ཡིས། །རྟགས་དང་ཡོན་ཏན་འཐོབ་བྱེད་ཅིང་། །སྣང་བ་གསུམ་ནི་ཐིམ་པའི་ཚེ། །ཟླ་བ་ཉི་མ་མུན་པ་ཡི། །རྟོག་པའི་དྲ་བ་གང་ཡིན་པ། །བདུད་བཏུལ་བ་ནི་སྲོད་ཀྱི་དུས། །རྣམ་རྟོག་ཡེ་ཤེས་ཐིམ་གྱུར་པ། །ཉེ་བར་ཐོབ་

པའི་སྐད་ཅིག་ལ། །སྐད་ཅིག་ཁྱད་པར་ལྔ་པ་ལ། །ཐོ་རངས་སྐྱ་རེངས་ཤར་བའི་དུས། །ནམ་མཁའི་སྤྲིན་མེད་ལྟ་བུ་ཡི། །ཉམས་ཀྱི་ཤེས་པ་འོད་གསལ་བ། །ཁྱད་པར་མངོན་པར་བྱང་ཆུབ་པའི། །ཡང་དག་སངས་རྒྱས་ཐོབ་པ་ཡིན། །འཁོར་ལོ་བཞིར་ནི་བདུད་བཅོམ་པས། །བཅོམ་

ལྡན་འདས་ཞེས་བརྗོད་པ་ཡིན། །མགྲིན་པར་ཟག་བཅས་རླུང་འགགས་པས། །ཀླུ་ཡི་གནས་སུ་ཞུགས་པ་སྟེ། །ཚངས་པའི་སྤྱི་བོ་ནས་འཕོ་ཞིང་། །ས་རླུང་ཐིག་ལེ་དང་བཅས་པས། །གསེར་གྱི་འཁོར་ལོ་ལྡན་པ་ཡིན། །ཐམས་ཅད་དབང་དུ་གྱུར་པ་ནི། །ཁམས་གསུམ་པོ་ནི་མ་ལུས་

དང་། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །ཚངས་པ་ལྷ་དང་བཅས་པ་དང་། །ལྷ་སྲིན་སྡེ་བརྒྱད་མ་ལུས་པས། །ཆོས་ཀྱི་འཁོར་ལོ་བསྐུལ་བ་ཡིན། །སྒྲོལ་རྒྱུའི་ཚལ་ནི་མཛོད་སྤུ་སྟེ། །ཚོང་དཔོན་གཉིས་ནི་རྩ་གཉིས་ཏེ། །ལམ་གྱུར་སྟོབས་དང་ལྡན་པའོ། །ལྔ་སྡེ་བཟང་པོ་ཞེས་བྱ་

བ། །དུག་ལྔ་བསྐྱེད་པའི་རྩ་དང་རླུང་། །བདེན་བཞི་ཆོས་ཀྱི་འཁོར་ལོ་ནི། །སྤྲུལ་པའི་གནས་སུ་གསུངས་པ་སྟེ། །བཱ་རཱ་ཎ་སཱི་ཞེས་བ་ཡི། །ཐོག་མར་ཆགས་པའི་གནས་ཡིན་ནོ། །ཆོ་འཕྲུལ་བསྟན་པ་ཞེས་བྱ་བ། །མུ་སྟེགས་གདུལ་བའི་དོན་དུ་སྟེ། །སྤ་བཀོང་ཀུན་བརྗོད་རྫུ་འཕྲུལ་

དང་། །བྱིན་གྱིས་རློབ་བའི་ཆོ་འཕྲུལ་གྱིས། །ལོག་པར་ལྟ་བ་འཇོམས་པར་མཛད། །མཚན་མ་མེད་པའི་ཆོས་གསུངས་པ། །སྙིང་གའི་གནས་སུ་བསྟན་པ་སྟེ། །རྒྱལ་པོའི་ཁབ་དང་བྱ་རྒོད་སྤུངས། །གནས་ཀྱི་ཁྱད་པར་ཐེག་པ་ཆེ། །ཁྱད་པར་འཁོར་རྣམས་བསྟན་པ་ལ། །ཟབ་

ཅིང་རྒྱ་ཆེ་བསྟན་པ་ཡིན། །སྤྱི་བོ་མགྲིན་པ་སྨིན་མཚམས་དང་། །གསང་བ་ལ་སོགས་ཐམས་ཅད་དུ། །དོན་དམ་ངོ་བོ་ཉིད་ཀྱི་ཆོས། །ཐམས་ཅད་དེ་བཞིན་ཉིད་དོན་གསུངས། །གནས་གཞན་རྣམས་སུ་ཐུབ་པ་ཡིས། །ཆོས་རྣམས་ཐམས་ཅད་གསུངས་པ་ཡིན། །འཇིག་རྟེན་འཇིག་རྟེན་

เล่ม ๘๒ · หน้า 209a

འདས་པ་ཡིས། །མཛད་པ་སྣ་ཚོགས་གང་བསྟན་ནས། །སྲོག་རྩོལ་དེ་བཞིན་ཉིད་ཐིམ་ཞིང་། །ཐམས་ཅད་མངོན་དུ་གྱུར་པ་ཡི། །སྐུ་བཞི་ངོ་བོ་ཉིད་སྐུར་ཐིམ། །བདེ་ཆེན་རང་བྱུང་དྲི་མེད་པའི། །དག་པའི་ཞིང་ཁམས་རབ་མི་གནས། །རྟོག་མེད་ཡེ་ཤེས་ནམ་མཁའ་

བཞིན། །གང་དུ་མི་མཇེད་འཇིག་རྟེན་གྱི། །འདོད་ཁམས་དབང་ཕྱུག་གནས་འདིར་ནི། །དེ་བཞིན་གཤེགས་པ་སྔོན་བྱུང་བ། །དཔག་མེད་བསྐལ་པ་འདས་པའི་དུས། །ཐུབ་པ་ཆེན་པོ་མར་མེ་མཛད། །ང་ནི་བྲམ་ཟེར་གྱུར་པ་ཡིས། །སེམས་བསྐྱེད་ཞུས་ཚེ་བསྟེན་པ་ན། །མངོན་པར་

ལུང་བསྟན་ཐོབ་པར་གྱུར། །དེ་ཉིད་འཇིག་རྟེན་བཞུགས་པའི་ཚེའང་། །གསང་བའི་གནས་འདི་མ་གསུངས་ཤིང་། །དེ་ཡི་གོང་རོལ་སྔར་འདས་ཚེ། །སངས་རྒྱས་ཐུབ་ཆེན་མཆོག་ཉིད་དང་། །རིན་ཆེན་གཙུག་ཏོར་ཅན་དང་ནི། །རྣམ་པར་གཟིགས་ལ་སོགས་པས་ཀྱང་། །གསང་ཆེན་འདི་ནི་

མ་གསུངས་ཤིང་། །ལོག་པར་དད་སེལ་གསེར་ཐུབ་དང་། །རྒྱལ་བ་འོད་སྲུང་དག་གིས་ཀྱང་། །གསང་བ་འདི་དག་མ་གསུངས་ཏེ། །དེ་ཉིད་སྟོན་པའི་དོན་དུ་ནི། །གསང་ཆེན་གནས་ཀྱི་དོན་འདི་དག །དེ་དུས་སེམས་ཅན་ཐམས་ཅད་ལ། །གང་དུ་མངོན་པར་སྤྱོད་པ་དང་། །ཐུན་མོང་བསླབ་

པའི་ཚུལ་བསྟན་ཅིང་། །འདི་ཉིད་གསུངས་པར་མ་གྱུར་ཏོ། །གང་དུ་མ་འོངས་དུས་ན་ཡང་། །བྱམས་པ་ལ་སོགས་རྒྱལ་བ་ཡི། །བསྐལ་བཟང་སངས་རྒྱས་དུ་མས་ཀྱང་། །འདི་དག་ལྷ་མིའི་མངོན་སུམ་དུ། །གསང་བ་སྟོན་པར་མི་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི། །འགྲོ་

དྲུག་སེམས་ཅན་སྣ་ཚོགས་ལ། །སྙིགས་མར་གྱུར་པའི་དུས་ཀྱི་ཚེ། །དབང་པོ་རྣོ་ཞིང་དོན་སྤྱོད་པས། །དུས་ལ་བབ་པར་ཤེས་པར་བྱ། །འདི་ཉིད་ཉེ་བར་འབྱུང་བ་ཡང་། །གླིང་འདི་ཉིད་ལས་གཞན་དུ་མིན། །གང་ཡང་འོག་མིན་ཞིང་ཁམས་ནི། །ཡེ་ཤེས་སྣང་བ་རྒྱས་པའི་ཕྱིར། །རྡོ་རྗེ་འཆང་

ཆེན་བཅོམ་ལྡན་གྱིས། །རྒྱུན་མི་འཆད་ཅིང་ཁྱབ་པ་དང་། །རྟག་ཅིང་འགྱུར་མེད་མཆོག་གིས་ནི། །གསང་ཆེན་འདི་ནི་ཀུན་དུ་སྟོན། །གང་ཡང་འདས་དང་མ་བྱོན་དང་། །ད་ལྟར་འབྱུང་བ་མ་ལུས་པ། །གསང་ཆེན་མཆོག་འདིས་མ་བགྲོད་པར། །བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། །འདི་ནི་མཐར་

เล่ม ๘๒ · หน้า 209b

ཐུག་གནས་ཡིན་པས། །དེ་ལས་གཞན་པའི་སྤྱོད་ཡུལ་མིན། །འདི་ཉིད་གནས་པའི་ཏིང་འཛིན་ལས། །སྐད་ཅིག་གིས་ནི་སངས་རྒྱས་འཐོབ། །འདི་ཉིད་དཀྱིལ་འཁོར་འཁོར་ལོའི་རིམ། །ཕྱོགས་མཚམས་བརྒྱད་དུ་སྣང་བ་ཡི། །དུར་ཁྲོད་གནས་བརྒྱད་སྤྲུལ་པ་ལ། །ཕྱི་ནང་གནས་ཀྱི་

དབྱེ་བ་ཡིས། །ཕྱོགས་སྐྱོང་བ་དང་ཞིང་སྐྱོང་ལ། །མཛད་པ་རྟགས་ཀྱི་ཕྱག་རྒྱ་དང་། །གྲུབ་པ་རྟགས་ཀྱི་ཕྱག་རྒྱ་སྟེ། །སྙིང་པོ་ཡེ་ཤེས་ཕྱག་རྒྱ་དང་། །ཕྲིན་ལས་རོལ་པའི་ཕྱག་རྒྱའོ། །འཇིག་རྟེན་པ་རྣམས་གདུལ་བའི་ཕྱིར། །དཔལ་རྡོ་རྗེ་འཛིན་པ་ཆེན་པོས་ཡེ་ཤེས་ཀུན་དུ་རྒྱས་པས་

ཕྱག་རྒྱས་རྟགས་མཚོན་པས་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །མཛད་པའི་ཕྱག་རྒྱས་རྒྱས་གདབ་ཕྱིར། །ཞི་བའི་དོན་དུ་ཕྱོགས་སྐྱོང་གྱུར། །དེ་ཡི་རྟགས་ནི་འཁོར་དང་བཅས། །ཡུམ་དང་རིན་ཆེན་རྒྱན་གྱིས་སྤྲས། །གྲུབ་པའི་རྟགས་ཀྱི་རྒྱས་གདབ་ཕྱིར། །ཞིང་སྐྱོང་བརྒྱད་དུ་ཁྲོ་

བོའི་ཚུལ། །ལྗོན་པའི་ཤིང་ལ་བརྟེན་ནས་གནས། །ཞི་བའི་ཚུལ་གྱིས་རྒྱས་གདབ་ཕྱིར། །དེ་ཡི་ཞོན་པའི་གདོང་བརྙན་བྱུང་། །ཕྲིན་ལས་ཕྱག་རྒྱ་རྒྱས་གདབ་ཕྱིར། །ཚར་གཅད་རྗེས་འཛིན་ལས་རྣམས་མཛད། །རྡོ་རྗེ་དབྱུག་ཏོ་ཞགས་པ་དང་། །བེ་ཅོན་བགྲང་ཕྲེང་རལ་གྲི་དང་། །བ་

དན་ཏྲི་ཤཱུལ་འཛིན་པར་མཛད། །སྙིང་པོ་ཡེ་ཤེས་ཕྱག་རྒྱ་ཡིས། །རྒྱས་གདབ་ཕྱིར་ནི་གཞལ་ཡས་ཀྱི། །ཕྱོགས་མཚམས་བརྒྱད་དུ་བཀོད་པ་ཡིན། །རོལ་པའི་ཕྱག་རྒྱ་སྤྱོད་པའི་ཕྱིར། །དུར་ཁྲོད་བརྒྱད་དུ་གནས་པ་སྟེ། །ལྷ་དབང་བཅས་དང་མ་མོ་དང་། །ཀླུ་དང་གནོད་སྦྱིན་ཚོགས་རྣམས་

དང་། །འབྱུང་པོའི་ཚོགས་དང་དྲང་སྲོང་དང་། །ཤ་ཟ་རྣམས་དང་རིག་འཛིན་ཚོགས། །སྡེ་ཚན་བརྒྱད་ཀྱིས་བསྐོར་བ་ཡིན། །ཞིང་སྐྱོང་དྲག་པོའི་ལས་བྱེད་ཕྱིར། །ཕྱག་ན་གྲི་གུག་ཐོད་པ་བསྣམས། །ཤིན་ཏུ་འཇིགས་པ་གཏུམ་པའི་གཟུགས། །ཤིང་བརྒྱད་ནང་ནས་ལུས་ཕྱེད་ཐོན། །ལུས་

ཀྱི་ཕྱག་རྒྱ་སྦས་པ་ཡིན། །དེ་ཡང་སོ་སོའི་ཡུམ་དག་ནི། །ཤིང་གི་རྩ་བར་གནས་པ་སྟེ། །ཞལ་ཟས་སྟོབས་པའི་ཚུལ་དུ་གནས། །གླང་པོ་མ་ཧེ་ཆུ་སྲིན་དང་། །རྟ་མཆོག་ཕྱོགས་གཅིག་གནས་པ་ཡིན། །རོ་དང་རོ་ལངས་རི་དགས་དང་། །ཁྱུ་མཆོག་བཞི་ནི་མཚམས་སུ་གནས། །སྟེང་ཕྱོགས་

เล่ม ๘๒ · หน้า 210a

ཚངས་པ་ངང་བ་ཞོན། །འོག་ཕྱོགས་ས་བདག་རུས་སྦལ་ཞོན། །ལྷ་དང་ལྷ་མོར་མཚུངས་པ་སྟེ། །འདི་དག་རང་བཞིན་གྱིས་གནས་ཡིན། །ཆགས་པ་དང་ཁྲོ་བོའི་སྐུས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་པར་འཕྲུལ་པ་བསྟན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་

ཏོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །དེ་ཉིད་ཀུན་ཏུ་སྤྲུལ་མཛད་པས། །རྡོ་རྗེ་སེམས་དཔའི་གཟུགས་སྦས་ནས། །ཞི་བའི་སྐུས་ནི་མི་འདུལ་བའི། །སེམས་ཅན་གདུག་པ་གདུལ་བའི་ཕྱིར། །རང་རིག་ཡེ་ཤེས་བྱང་ཆུབ་སེམས། །དྲག་པོ་ཁྲོ་བོའི་སྐུར་བསྟན་པས། །ཁྲོ་བོ་ཞེས་ནི་རྣམ་

པར་བརྗོད། །གང་དུ་རྗེས་སུ་འཛིན་པ་ནི། །རྣམ་པར་བསྒྱུར་ཏེ་ཞི་བས་ན། །སླར་ཡང་ཞི་བ་དེ་བཞིན་གཤེགས། ཆོས་ཉིད་མཉམ་པར་འབྱུང་བའོ། །འདི་དག་གསང་བ་རྡོ་རྗེ་འཛིན། །སེམས་ཅན་དོན་དུ་ཐབས་སྟོན་མཛད། །ཤཱཀྱ་ཐུབ་པ་བཅོམ་ལྡན་འདས། །བདག་ཉིད་ཆེན་པོའི་

བྱིན་བརླབས་ལས། །རྔ་བོ་ཆེ་དང་གཎྜཱི་དང་། །ཆོས་ཀྱི་དུང་ལས་གྲགས་པ་དང་། །སྣ་ཚོགས་རོལ་མོའི་སྒྲ་ལས་ནི། །གང་ཞིག་དམ་ཆོས་སྒྲ་བྱུང་བ། །འཕགས་པ་ཉན་ཐོས་རྣམས་དང་ནི། །བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཀྱང་། །ཆོས་ཀྱི་འགྲོ་བ་གང་ཡིན་དང་། །དུས་དེར་བརྒྱུད་

པའི་ཆོས་བསྟན་པ། །དེ་སྙེད་བདེ་གཤེགས་རྒྱལ་བ་ཡི། །དངོས་ཀྱི་བྱིན་བརླབ་རིག་པར་བྱ། །སྟོན་པའི་ཞལ་གྱི་དཀྱིལ་འཁོར་ནི། །མི་གནས་མ་འོངས་དུས་ཀྱི་ཚེ། །དོན་བྱེད་སྟོན་པ་འབྱུང་བ་ནི། །བླ་མེད་བཀའ་ཡི་དགོངས་པ་དག །ཡང་དག་ངེས་པར་བཀྲོལ་ནས་ཀྱང་། །གང་དུ་

དམ་པའི་ཆོས་སྒྲ་ཡིས། །འགྲོ་བ་སྨིན་པར་བྱེད་པ་ནི། །དེ་དུས་ང་ཉིད་དེར་བསྟན་པས། །བསྟན་བཅོས་ཤིན་ཏུ་རྒྱས་པར་འགྱུར། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་

མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་དེ་བཞིན་གཤེགས་པའི་གནས་གསང་བ་ཆེན་པོ་ཐུན་མོང་མ་ཡིན་པ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་བཞི་པའོ།། །།གསང་བ་ཐུན་མོང་མ་ཡིན་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་བརྟག་པ་བཞི་པ་ལས་རྡོ་རྗེ་དཔལ་མཆོག་ཆེན་པོ་གསང་

เล่ม ๘๒ · หน้า 210b

བའི་དོན་གྱི་རྒྱལ་པོའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །རྡོ་རྗེ་སྐྱེ་བོ་འོད་ཆེན་པོ། །འདོད་དང་ཐར་པ་རྡོ་རྗེ་འཛིན། །ཡེ་ཤེས་གསང་བ་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུས་པར་གྱུར་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་གིས་གསོལ་བ་བཏབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེའི་ཡེ་ཤེས་ཀྱི་ནོར་བུ་ཆེན་པོ་དུ་མའི་ཚོགས་ཀྱིས་ཡང་དག་པར་མཆོད་པར་

བྱས་སོ། །མཆོད་པར་བྱས་ནས་ཀྱང་སངས་རྒྱས་ཐམས་ཅད་ཀྱི་མདུན་དུ་བདར་ཞིང་འདུག་སྟེ་གསང་ཆེན་གྱི་དོན་ལ་ཕྱོགས་གཅིག་ཏུ་ཞུགས་ཏེ་ཡོངས་སུ་སྤྱོད་པར་གྱུར་ཏོ། །དེ་ལ་འདི་ནི་གསང་ཆེན་གྱི། །སྐུ་གསུམ་བླ་མེད་ཕྱག་རྒྱ་ཆེ། །དུས་གསུམ་རྒྱལ་བ་མ་ལུས་པའི། །ཆོས་རྣམས་འདུས་པའི་

མཆོག་ཡིན་ཏེ། །འདི་ནི་ཁྱད་པར་དུས་འབྱུང་བའི། །དམ་ཚིག་མཆོག་ཏུ་བརྟག་པ་ཡིན། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟུགས་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

དཔལ་ལྡན་སངས་རྒྱས་སྐུས་ཁྱབ་པ། །སྐུ་ཡི་རྫུ་འཕྲུལ་མཐའ་ཡས་པ། །ཇི་སྙེད་སྐུ་ཡི་རྣམ་པ་མངའ། །གསང་བ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྒྱལ་པོ་དོན་གྲུབ་སངས་རྒྱས་ཐམས་ཅད་ཀྱི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱི་ཏིང་

ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དེ་བཞིན་གཤེགས་པའི་གསུང་གི་གནས། །གསུང་གཅིག་གནས་ལས་གྱུར་མེད་ཀྱི། །མོས་པ་དུ་མས་སོ་སོར་ཐོས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་

སེང་གེའི་སྡེ་སངས་རྒྱས་ཐམས་ཅད་ཀྱི་བསམ་གཏན་དང་ཏིང་ངེ་འཛིན་མཁྱེན་པའི་སྟོབས་རྡོ་རྗེ་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དེ་བཞིན་གཤེགས་པའི་ཐུགས་དག་ལ། །ཡེ་ཤེས་སྣ་ཚོགས་ཏིང་འཛིན་ལས། །མི་འགྱུར་ནམ་མཁའི་

เล่ม ๘๒ · หน้า 211a

ངང་བཞུགས་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ནོར་བུའི་ལྷ་སངས་རྒྱས་ཐམས་ཅད་ཀྱི་བསམ་གྱིས་མི་ཁྱབ་པའི་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བསྐལ་པ་གང་གཱའི་བྱེ་སྙེད་དུ། །སེམས་ཀྱི་རྒྱུན་ནི་མི་འགག་ཕྱིར། །ཏིང་འཛིན་བསམ་གྱིས་མི་ཁྱབ་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གྲགས་པ་སངས་རྒྱས་ཐམས་

ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བྱེ་བ་ཕྲག་ནི་བརྒྱ་ཡི་བར། །ཐུབ་པའི་ཞིང་ཁམས་བདག་པོ་ནི། །ཀུན་དུ་བཟང་པོའི་སྤྱོད་ལས་བྱུང་། །བྱང་ཆུབ་ཚུལ་

འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་རྒྱུ་དང་འབྲས་བུ་ཡི། །སྣང་བ་མི་འགག་

སྟོང་པ་ཉིད། །དེ་ཉིད་རང་བཞིན་གྱིས་དག་བརྗོད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྒྱ་ཆེན་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་ཐམས་ཅད་དུ་སོན་པའི་ལམ་མཁྱེན་པའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་

ཀྱི་སེམས་འདི་གསུངས་སོ། །དཔེར་ན་ནམ་མཁའི་ཁམས་འདི་ནི། །ཐམས་ཅད་རྗེས་སུ་སོག་གྱུར་ཀྱང་། །སེམས་པ་མི་ལྡན་དེ་བཞིན་ཏེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་སྔོན་གྱི་

གནས་མ་ལུས་པར་མཁྱེན་པའི་སྟོབས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདིར་ནི་སེམས་ཅན་ཁམས་མཐའ་ཡས། །དེ་ཡི་ཆོས་ཉིད་རྗེས་འགྲོ་བ། །རྟོག་པ་མི་མངའ་དེ་ཉིད་དོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །

เล่ม ๘๒ · หน้า 211b

དེ་ནས་དེ་བཞིན་གཤེགས་པ་བཟང་པོ་ཡོན་ཏན་སངས་རྒྱས་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདིར་ནི་རྒྱལ་བའི་སྐུ་ཉིད་ཀྱང་། །སྤྲོས་མེད་དེ་བཞིན་ཉིད་དག་

པའི། །རྗེས་འགྲོ་རྟོག་པ་མེད་པ་ཉིད། །སྤྲོས་པ་མེད་པའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྨྲ་འདོན་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཟག་པ་ཟད་པ་མཁྱེན་པའི་སྟོབས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་

སོ། །ཡོངས་སུ་དག་པའི་སྣང་བ་གང་། །མཉམ་པ་ཉིད་ཀྱི་ངང་ལས་ནི། །སྤང་བླང་དབྲི་བསྣན་མེད་པར་གྲོལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྒྲོན་མེའི་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་སྟོབས་བཅུ་ཡོངས་སུ་དག་པ་

རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་སྐུ་ཡེ་ཤེས་རྒྱ་མཚོ་ལས། །ཆུ་རླུང་ནམ་མཁར་དག་པ་གང་། །གཟུགས་སྐུའི་རྟོགས་པ་མཁའ་ལ་གནས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་

གཤེགས་པ་ཡེ་ཤེས་བརྩེགས་སངས་རྒྱས་ཐམས་ཅད་ཀྱི་ཤའི་སྤྱན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐོགས་པ་མེད་པ་རྡོ་རྗེ་ཡི། །ཕ་ལམ་ལྟར་ནི་ཕྲིན་ལས་དག །སྟོབས་བཟངས་ཀྱིས་ནི་ཡུལ་དུ་གྱུར། །སྣང་མེད་རྣལ་འབྱོར་པ་

ཡི་གནས། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལྷ་མཆོག་སངས་རྒྱས་ཐམས་ཅད་ཀྱི་ལྷའི་སྤྱན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདོད་པ་དང་ནི་གཟུགས་དག་ནི། །ལྷ་ཡི་སྤྱོད་ཡུལ་གཙང་མའི་གནས། །འཇིག་རྟེན་

ཁམས་ཀུན་སྣང་བར་བྱེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སའི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྤྱན་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐམས་ཅད་མཁྱེན་པའི་

เล่ม ๘๒ · หน้า 212a

ཡེ་ཤེས་ལས། །དབྱེར་མེད་བདེན་པ་གཉིས་དག་པ། །རྣམ་པར་འབྱེད་པའི་ངོ་བོ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་གྲོལ་བརྙེས་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་པའི་སྤྱན་རྡོ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་རྟོག་པ་མི་མངའ་བ། །ཆོས་ཀྱི་གཏེར་དང་ལྡན་པ་ལས། །རྗེས་སུ་དྲན་པའི་སྤྱན་གྱིས་ནི། །དུས་གསུམ་ཤེས་བྱ་མི་གཟིགས་མེད། །ཅེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཙུག་གི་གསེར་སངས་རྒྱས་ཐམས་

ཅད་ཀྱི་ཡེ་ཤེས་ཀྱི་སྤྱན་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དུས་གསུམ་མཉམ་ཉིད་རྣམ་དག་པས། །དུས་ཀྱི་འདུ་ཤེས་འཇུག་མེད་པ། །སྐད་ཅིག་ཡེ་ཤེས་སྤྱོད་ཡུལ་ནི། །སྣང་བ་མེད་པའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་དེ་བཞིན་གཤེགས་པ་སྒྲ་གཅན་སངས་རྒྱས་ཐམས་ཅད་ཀྱི་སྤྱན་ལྔ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་གཟིགས་པའི་ཡུལ་མེད་པས། །བློ་སྣང་བཏགས་པའི་ཚུལ་མ་གྲུབ། །དེ་སྣང་གདུལ་བྱའི་དོན་

སྤྱོད་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐུབ་དཀའ་སངས་རྒྱས་ཐམས་ཅད་ཀྱི་ཕྱིར་མི་ལྡོག་པའི་ལམ་བསྟན་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡེ་ཤེས་གཞལ་དུ་

མེད་པ་ཉིད། །མི་གནས་རྣམ་པར་མི་གནས་པས། །ནམ་མཁའ་ལྟ་བུར་མི་རྟོག་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐུབ་གསལ་སངས་རྒྱས་ཐམས་ཅད་ཀྱི་མི་ཟད་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་

ཆུབ་ཀྱི་སེམས་འདི་གསུངས་སོ། །འདུ་ཤེས་དང་ནི་སེམས་པ་དང་། །ལྟ་བ་ཕྱིན་ཅི་ལོག་སྤངས་ནས། །ཡེ་ཤེས་མངོན་པར་བྱང་ཆུབ་པ། །གསང་བ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་བའི་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་མི་གནས་

เล่ม ๘๒ · หน้า 212b

པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡེ་ཤེས་ཟག་པ་མེད་པའི་དབྱིངས། །རང་བྱུང་བསམ་གྱིས་མི་ཁྱབ་པ། །ནམ་མཁའི་ཁམས་ལྟར་རྟེན་མེད་པས། །དམིགས་མེད་ཡེ་ཤེས་ཚུལ་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་གསང་བ་འཛིན་པ་ལ། །མཆོད་པ་གནས་ཀྱི་དོན་འདི་གསུངས། །མེ་ཏོག་རིགས་ནི་ལྷ་མོའི་ཆ། །དེ་ཉིད་ཡེ་ཤེས་དབྱིངས་བསྟན་པའོ། །མཁས་པས་ཨུཏྤལ་དག་ནི། །འབྱུང་བ་ལྔ་ཡི་རྣམ་པ་སྟེ། །པདྨ་རྣམ་པ་ལྔ་ཉིད་ནི། །འདོད་ཡོན་ལྔ་ཡི་བྱེ་བྲག་སྟེ། །ཛཱ་ཏི་རྣམ་

གསུམ་ཞེས་བྱ་བ། །སྐུ་གསུང་ཐུགས་ཀྱི་ལྷ་མོ་སྟེ། །ཀར་ནི་ཀ་ར་ཆུ་ཡི་ལྷ། །མ་ལི་ཀ་ནི་མེ་ཡི་ལྷ། །ཡུ་ཏི་ཀ་ནི་ས་ཡི་ལྷ། །ཀ་ར་བཱི་ར་རླུང་གི་ལྷ། །ལྷ་མོ་འདོད་པའི་དབང་ཕྱུག་སྟེ། །གཟུགས་དང་སྒྲ་དང་དྲི་རྡོ་རྗེ། །རོ་དང་རེག་བྱ་རྡོ་རྗེ་མ། །སྤྱན་དང་མཱ་མ་ཀཱི་དང་ནི། །གོས་

དཀར་མོ་དང་སྒྲོལ་མ་སྟེ། །ལྷ་མོ་དགུ་ཡི་རོལ་པ་གང་། །གསང་བ་ལྷ་མོ་ཡེ་ཤེས་མཆོད། །མེ་ཏོག་ཉི་ཤུ་རྩ་ལྔ་ཡི། །རྣམ་པ་གསལ་བ་བསྟན་པའོ། །སྣ་མའི་མེ་ཏོག་པདྨ་དང་། །ཏ་མ་ལ་དང་ཙམ་པ་ཀ། །ཀུ་མུད་དང་ནཱ་ག་གེ་སར། །ན་བ་མ་ལི་དམ་ན། པུནད་རི་ཀ་ད་

མ་ན། །མནྡཱ་ར་བ་པྲི་ཡང་ཀུ། །སེ་ཕ་ལི་ཀ་སུ་ན་ཀ །བིལ་བའི་མེ་ཏོག་ཀ་ཐ་ར། །ས་ལི་ཀི་ལ་ཀུ་ཛ་ཏ། །ཨ་སན་ཀེ་ཏ་ཤ་འབྲས་བུ། །ཁརྫུ་རི་ཀ་བཀྐུ་ལ། །རག་ཀུ་ཏ་དང་ཨ་ཤོ་ཀ །ཀར་ཀུ་ཊོ་ཌ་པུན་དྷ་སྟེ། །མེ་ཏོག་ཇི་བཞིན་བདུག་སྤོས་དང་། །ཞལ་ཟས་བྱེ་བྲག་ཤེས་པར་བྱ། །

དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ལས་གསང་བའི་ལྷ་མོའི་མཆོད་པ་བསྟན་པའི་ལེའུ་སྟེ་བཞི་བཅུ་ལྔ་པའོ།། །།དེ་ནས་དེ་བཞིན་

གཤེགས་པ་གསེར་གྱི་འོད་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐམས་ཅད་ལ་འཇུག་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་སྐུ་ངོ་བོ་ཉིད་ཀྱིས་ནི། །སྤྲོས་པ་མེད་ཅིང་མཚན་ཉིད་མེད། །རྟོག་བྲལ་བྱང་ཆུབ་སེམས་ཀྱི་ངང་། །དེ་ཉིད་ཚུལ་འདི་

เล่ม ๘๒ · หน้า 213a

བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལེགས་བྱིན་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཡི་གེ་རྣམ་པར་དག་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་ཀུན་མཚན་ཉིད་རྣམ་བྲལ་བས། །

དེ་ཕྱིར་ཉོན་མོངས་མེད་ཅེས་བཤད། །རྟོག་པ་སྣ་ཚོགས་དག་པས་ན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལྷའི་ཡོན་ཏན་དབང་པོ་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་གྱི་སྙིང་པོ་ཀུན་དུ་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་དབྱིངས་ཚད་མེད་སྟོང་ཉིད་པས། །སངས་རྒྱས་སྐུ་ཡང་དེ་རྗེས་འགྲོ། །ཡེ་ཤེས་ལུས་སུ་ཡང་དག་བཞུགས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་གདུགས་ཚད་

མེད་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་རྡོ་རྗེའི་རྟོགས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱལ་བའི་གསུང་ནི་ཆོས་དབྱིངས་ཀྱི། །ནམ་མཁའི་གནས་དང་མཚུངས་པར་ཡང་། །རྡོ་རྗེའི་གསུང་དུ་སྟོན་པ་པོས། །བྱང་ཆུབ་

ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བསོད་ནམས་ལག་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རོལ་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རང་བཞིན་གྱིས་ནི་དག་པའི་བདག །བདེ་གཤེགས་

ཐུགས་ནི་རྗེས་འགྲོ་བྲལ། །རྡོ་རྗེ་ཐུགས་ཏེ་མི་བཟད་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆགས་པ་མེད་པ་སངས་རྒྱས་ཐམས་ཅད་ཀྱི་རྟ་བདུན་དཔལ་རྡོ་རྗེའི་ཟེར་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་

སེམས་འདི་གསུངས་སོ། །ཕྱི་དང་ནང་དུ་རྟོག་མེད་པའི། །དབུས་ན་ཡེ་ཤེས་མི་ཤིགས་པ། །གསང་བ་རོལ་པར་ཡང་དག་འབྱུང་། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་གྱ་ནོམ་པསངས་རྒྱས་ཐམས་ཅད་ཀྱི་ཟླ་བའི་སྙིང་

เล่ม ๘๒ · หน้า 213b

པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཉེར་འགྲོ་ཉེར་སྤྱོད་མི་གནས་པ། །ཁམས་གསུམ་བསྐྱེད་དང་སྡུད་བྲལ་བའི། །བྱང་ཆུབ་མཆོག་ཏུ་སྟོན་པ་པོ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་

དེ་བཞིན་གཤེགས་པ་བློ་གྲོས་ཕྲ་བ་སངས་རྒྱས་ཐམས་ཅད་ཀྱི་རྟེན་པའི་གླིང་རྡོ་རྗེ་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཁྲུལ་པ་དག་ཅིང་དྲི་མ་སྤངས། །སྣ་ཚོགས་སྤྱོད་པ་ལས་གྲོལ་ཞིང་། །ཕྱི་རོལ་རྣམ་རྟོག་སྤངས་པ་ཡི། །

བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་མི་ཟད་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འབྲུག་སྒྲའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སོ་སོར་སྣང་བ་དུ་མ་དང་། །གོང་དུ་གཅིག་

པའི་དངོས་གང་ཡིན། །དེ་ཉིད་ཡོངས་སུ་བསྡུས་པས་ན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བརྩི་སྨན་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་པདྨའི་རྩ་བའི་སྣལ་མ་ལྟ་བུར་ཕྲ་བ་སྟོན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་

ཀྱི་སེམས་འདི་གསུངས་སོ། །ཚོགས་དྲུག་སྣང་བ་མ་འགགས་པ། །སེམས་དང་ཡིད་དང་རྣམ་ཤེས་ལས། །སྙིང་གི་ཆུ་སྐྱེས་སད་བྱེད་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་གྲོལ་བའི་ཏོག་སངས་རྒྱས་ཐམས་ཅད་ཀྱི་མི་གཡོ་

བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱུན་མི་ཆད་པའི་སྦྱོར་བ་ཡིས། །དལ་ཞིང་དལ་བའི་གནས་ལས་སྐྱེས། །ཞི་བ་གཡོ་མེད་ཉིད་དུ་འཇུག །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཀྱི་

མཛོད་སངས་རྒྱས་ཐམས་ཅད་ཀྱི་ལྷའི་མིག་གི་མངོན་པར་ཤེས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མི་ཕྱེད་ཕྱེ་བའི་དངོས་པོ་ཉིད། །གཡེང་བ་བྲལ་བའི་བསམ་གཏན་ལ། །མཆོག་ཏུ་གྲུབ་པ་མཐོང་བྱེད་པ། །བྱང་ཆུབ་ཚུལ་འདི་བསྟན་

เล่ม ๘๒ · หน้า 214a

པའོ། ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ལྷའི་རྣ་བའི་མངོན་པར་ཤེས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྣམ་པར་བརྩེ་བ་ཆེན་པོ་ཡིས། །གཅིག་

དང་དུ་མར་མི་གནས་པར། །སྒྲ་བརྙན་ལྟ་བུར་སྟོན་པར་མཛད། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འཇིགས་མཛད་སངས་རྒྱས་ཐམས་ཅད་ཀྱི་གཞན་གྱི་སེམས་ཤེས་པའི་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཇིག་རྟེན་ཁམས་ཀྱི་སེམས་ཅད་རྣམས། །བསྐལ་པ་གང་གཱའི་བྱེ་མ་གནས། །དེ་ཡི་རྒྱུ་དང་གནས་ཤེས་པའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆུ་བོ་སྤོང་སངས་རྒྱས་

ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་པར་ཤེས་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ཡུལ་དང་ཡུལ་རྣམས་ཀྱི། །དབྱེ་བ་ཤེས་པའི་ཡེ་ཤེས་མཐའ། །སྣ་ཚོགས་རིགས་ཀྱི་རྒྱུ་

ངེས་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐོགས་མེད་གྲགས་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པ་སྔོན་གྱི་གནས་ཤེས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གནས་

ཀྱི་གཏན་ཚིགས་རགས་ཕྲ་དང་། །ཕྲ་བ་མ་ལུས་པ་ཡི་གཞི། །ཞག་གསུམ་ལོན་པ་བཞིན་ཤེས་ཕྱིར། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བདེན་པའི་ཕུང་བོ་སངས་རྒྱས་ཐམས་ཅད་ཀྱི་ཟག་པ་ཟད་པའི་མངོན་པར་ཤེས་པ་རྡོ་རྗེ་

སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྲིད་པའི་རྒྱུན་ནི་རྣམ་བཅད་ཅིང་། །སྤོང་བ་དག་པའི་ཚུལ་གནས་པ། །སྤང་དུ་མེད་པའི་ངང་དུ་གྲོལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་

เล่ม ๘๒ · หน้า 214b

གཤེགས་པ་དབྱངས་སྙན་པ་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་ཤེས་པ་དྲུག་དག་པའི་རྡོ་རྗེའི་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྒྱུ་མཐུན་གོམས་པའི་དབང་གིས་ནི། །དེ་ཡི་འབྲས་བུ་འགྲུབ་པར་བྱེད། །དེ་

ཡི་རྩ་བ་མ་སྐྱེས་ཕྱིར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རི་དབང་མཚུངས་པ་སངས་རྒྱས་ཐམས་ཅད་ཀྱི་རྙོག་པ་སེལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །རྟོག་པ་ཀུན་

དང་ཁམས་དང་ནི། །སྐྱེ་བ་ལས་ནི་ཡོངས་གྲོལ་བས། །བྲལ་བའི་འབྲས་བུ་དག་པ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆོས་བརྩེགས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་དག་པ་དང་རྟགས་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་

ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དབང་དུ་གྱུར་པས་དངོས་པོ་ལས། །ལྡོག་པ་མེད་པའི་འབྲས་བུ་གང་། །ཐོབ་པ་རྣམ་པར་དག་པའི་གནས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པའི་ཚོགས། །

ནམ་མཁའི་ཁམས་ཀྱི་དབུས་གནས་པར། །རྟེན་དང་བརྟེན་པར་བཅས་པ་ཡི། །དཀྱིལ་འཁོར་ཕོ་བྲང་ལས་རྫོགས་པ། །གང་དུ་དབུས་སུ་ལེགས་གནས་པ། །སྙིང་པོར་གྱུར་པ་གཙོ་བོ་སྟེ། །གཞན་རྣམས་ལེན་ཅིང་འཛིན་པར་བརྗོད། །རྫུས་ཏེ་སྐྱེས་དང་མངལ་ལས་སྐྱེས། །

སྒོ་ང་ལས་བྱུང་དྲོད་གཤེར་སྐྱེས། །འདི་དག་དག་པའི་ལྷར་གྱུར་པས། །དཀྱིལ་འཁོར་གྲོང་ཁྱེར་དེ་དང་མཚུངས། །གནས་མེད་ཡེ་ཤེས་ཚུལ་བསྟན་པ། །རྡོ་རྗེ་རྣམ་པ་བཞི་དག་དང་། །ཆོ་ག་གསུམ་དང་མངོན་པར་ནི། །བྱང་ཆུབ་རྣམ་པ་ལྔར་གསུངས་པ། །གལ་ཏེ་སྐད་ཅིག་

དྲན་རྫོགས་གྱུར། །ཐམས་ཅད་རིགས་ཀྱི་དབྱེ་བ་ཡིས། །རྒྱས་པའི་དཀྱིལ་འཁོར་ཆེན་པོར་བསྟན། །རིགས་ནི་དབྱེ་དང་བསྡུ་བ་ཡིས། །བྱེ་བྲག་མཁས་པས་ཤེས་པར་བྱ། །འབྱུང་བ་ལྔ་ཉིད་སངས་རྒྱས་ལྔར། །མི་ཡི་ལུས་ནི་བརྟག་བྱ་སྟེ། །དངོས་དེ་ངེས་པར་བསྒོམས་

เล่ม ๘๒ · หน้า 215a

པ་ཡིས། །རང་སེམས་མཐུ་ཡིས་སངས་རྒྱས་འགྱུར། །ཕྱི་རོལ་འགྲོ་བ་མི་མཛེས་པ། །སློབ་པའི་འགྲོ་བའི་སླར་ལྡོག་ཡིན། །མི་སློབ་པ་ཡང་མ་ལུས་ཡིན། །བདེ་གཤེགས་གསུམ་དུ་རྣམ་པར་གཤེགས། །གཞན་དུ་རྣམ་པར་འཁྲུལ་འགྱུར་བས། །བླ་

མའི་བཀའ་ལས་ལེགས་པར་བླང་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དྲི་མ་མེད་པ་གནས་པའི་ལེའུ་སྟེ་

བཞི་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐར་པ་སྦྱིན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་ཁྱུ་མཆོག་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ས་བོན་ལས་ནི་མྱུ་གུ་བཞིན། །བསྐྱེད་པའི་

ཚུལ་བྱུང་རྣམ་དག་པ། །ཡེ་ཤེས་དེ་ཉིད་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལེགས་མཛད་སངས་རྒྱས་ཐམས་ཅད་ཀྱི་དགའ་བ་དག་པ་ཚད་ཚད་མེད་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་

གསུངས་སོ། །ཐོབ་མེད་ཐོབ་པ་སྟོང་ཉིད་སྐུ། །བྱང་ཆུབ་དང་སེམས་གཅིག་ཏུ་བཤད། །དག་པས་རྟོག་པ་དག་པར་གྱུར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རབ་ཏུ་ཞི་བའི་སྐུ་སངས་རྒྱས་ཐམས་ཅད་ཀྱི་བཏང་སྙོམས་

ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཁྱབ་པའི་སྐུ་ཡི་ཕྲིན་ལས་དང་། །འཇམ་དབྱངས་གསུང་གི་དབྱངས་གང་དང་། །སྐྱེ་མེད་རོ་གཅིག་ཡེ་ཤེས་ཐུགས། །དག་པ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་

པ་ཡིད་དུ་འོང་པའི་གསུང་དབྱངས་ཐམས་ཅད་ཀྱི་གནས་རྡོ་རྗེ་རྒྱལ་པོ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྟོང་གསུམ་ཞིང་ཁམས་སྣོད་བཅུད་ཀུན། །མ་ལུས་སངས་རྒྱས་ཉིད་ཀྱི་དང་། །སྙིང་པོ་ཆོས་ཀྱི་མངོན་བྱུང་བ། །བྱང་ཆུབ་ཚུལ་འདི་བསྟན་

เล่ม ๘๒ · หน้า 215b

པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བློ་དབྱངས་དཔལ་བྱང་ཆུབ་དོན་སྟོན་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བས་མཐའ་དབེན་པ་ནགས་ཚལ་དུ། །གཅིག་པུ་རི་དགས་ཀུན་གནས་པས། །བསམ་གཏན་

རྣམ་ཐར་སྒོ་གསུམ་གྱི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆུ་ཟླ་སངས་རྒྱས་ཐམས་ཅད་ཀྱི་རྒྱུན་གྱི་གནས་པ་རྡོ་རྗེ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྐྱེ་བོ་ཀུན་གྱི་

མཆོད་པའི་གནས། །དྲང་སྲོང་དྲི་མེད་སྦྱང་མངའ་བ། །བག་ཡོད་པ་ནི་རྟེན་གནས་ཡིན། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་འགྲོ་བས་མཆོད་པ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་ཚུལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་

བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བཀུར་སྟི་རིམ་གྲོའི་གནས་གྱུར་པ། །དྲན་པ་མི་བརྗེད་གནས་བསྟན་པ། །ཐུབ་པ་བློ་གྲོས་བཟང་པོ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སེང་གེའི་ལོགས་སངས་རྒྱས་ཐམས་ཅད་ཀྱི་དྲི་མ་མེད་

པའི་རྣམ་པར་གྲོལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སངས་རྒྱས་ཆོས་ཉིད་དག་པ་ལས། །བསྒྲིབས་པ་མེད་ཅིང་འབད་མེད་པ། །རེ་དོགས་རྣམ་པར་བྲལ་བ་ཡི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་

གཤེགས་པ་ཆོས་ཀྱི་མཐུ་རྩལ་སངས་རྒྱས་ཐམས་ཅད་ཀྱི་འབྱུང་པའི་གདོན་ཐམས་ཅད་དག་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་མཁའ་ལ་རྒྱུ་བའི་གདོན་གྱི་རིགས། །ཐམས་ཅད་ཚད་མེད་ཐུགས་རྗེའི་ཆུ་རྒྱུན་

གྱིས། ཚིམ་པར་བྱེད་པ་བྱང་ཆུབ་སེམས་དཔའ་ཆེ། །དེ་ཉིད་བླ་མེད་བྱང་ཆུབ་སེམས་སུ་བརྗོད། །ཅེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྐལ་བ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་

เล่ม ๘๒ · หน้า 216a

སེམས་འདི་གསུངས་སོ། །སྐུ་དང་གསུང་དང་ཐུགས་ཀྱིས་ནི། །བྱིན་བརླབས་ཡེ་ཤེས་རྒྱ་མཚོ་ཡི། མཚུངས་མེད་བདེ་བར་སྐྱུར་བ་སྟེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་མདོག་སངས་རྒྱས་ཐམས་

ཅད་ཀྱི་དབང་བསྐུར་བའི་ཆོ་འཕྲུལ་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དཔལ་ལྡན་ཕྱོགས་བཅུའི་རྒྱལ་བ་ཡིས། །སྲས་པོ་གཅིག་པར་དབང་བསྐུར་བ། །ཚིམ་བྱེད་ཡེ་ཤེས་མཆོག་དབང་པོ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །

ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་རྒྱལ་པོ་སངས་རྒྱས་ཐམས་ཅད་ཀྱི་ཀུན་དུ་བརྗོད་པའི་ཆོ་འཕྲུལ་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣ་ཚོགས་ཆོས་ཀྱི་སྒྲ་འབྱུང་བའི། །སིལ་སྙན་བྲག་ཅའི་སྒྲ་མཚུངས་

པའི། །རྒྱུན་ཆད་མེད་པར་རབ་སྟོན་པ། །དེ་ཉིད་དོན་དམ་ཆོས་རྒྱུན་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྟོགས་མཛད་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་

གསུངས་སོ། །སྐུ་ཡི་རོལ་པ་མི་ཟད་པ། །ཕྱོགས་བཅུ་ནམ་མཁའི་ཁམས་ཁྱབ་པར། །རྡོ་རྗེ་རྫུ་འཕྲུལ་མཆོག་གིས་འགེངས། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྤྱན་ལེགས་སངས་རྒྱས་ཐམས་ཅད་ཀྱིས་བདུད་སྤ་བཀོང་

བའི་ཆོ་འཕྲུལ་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བདུད་དང་ནག་པོའི་ཕྱོགས་གྱུར་ལ། །སྐྲག་པར་བྱེད་པས་ཚར་གཅོད་པའི། །ཆོ་འཕྲུལ་བཅུ་དྲུག་བསྟན་པ་གང་། །དེ་ཉིད་བྱང་ཆུབ་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་

དེ་བཞིན་གཤེགས་པ་དོན་ལ་གནས་པའི་བློ་མངའ་བ་སངས་རྒྱས་ཐམས་ཅད་ཀྱི་ཆོས་སོ་སོ་ཡང་དག་པར་རིག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་མདོ་ཡི་སྡེ་ལ་སོགས། །བཅུ་གཉིས་ཚུལ་དང་ལྡན་པ་བཞི། །བསླབ་པ་གསུམ་གྱི་

เล่ม ๘๒ · หน้า 216b

དབྱེ་བ་ཡིས། །ཆོས་ཀྱི་དེ་ཉིད་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྣང་བའི་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་དོན་སོ་སོར་ཡང་དག་པར་རིག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡུལ་སྣང་སེམས་ཀྱི་

ལྡོག་པ་དང་། །ཆོས་རྣམས་ངོ་བོ་ཉིད་ཤེས་ན། །དག་པའི་ས་ལ་གནས་པར་འགྱུར། །དེ་ཉིད་བྱང་ཆུབ་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྤོས་ཀྱི་གཟི་བརྗིད་སངས་རྒྱས་ཐམས་ཅད་ཀྱི་ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པ་རྡོ་རྗེ་ཞེས་བྱ་བའི་

ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡི་གེའི་གནས་དང་རྐྱེན་དག་དང་། །འབྱུང་བའི་ཚུལ་དང་སྡེ་ཚན་གྱི། །རྣམ་དབྱེ་མཁས་པས་དཔྱད་པར་བྱ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་

དགའ་བར་མཛད་བ་སངས་རྒྱས་ཐམས་ཅད་ཀྱི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཀུན་དུ་ཐོགས་པ་མེད་པ་ཡི། །སེང་གེའི་ང་རོ་སྒྲོགས་བྱེད་ཅིང་། །དཔལ་གྱི་གནས་ལས་ཀུན་དུ་

རྒྱལ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དོན་ཡོད་པར་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་སོ་སོ་ཡང་དག་པར་རིག་པ་བཞི་རྣམ་པར་དག་པའི་གནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱིས་སེམས་འདི་གསུངས་སོ། །

དེ་དག་མི་དམིགས་མཉམ་པ་ཉིད། །སྟོང་ཉིད་ཡེ་ཤེས་མཚུངས་པ་མེད། །རང་བཞིན་དག་པས་སྣང་བ་གང་། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཁྲོ་བ་བཅོམ་པ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་རྡོ་རྗེ་དག་པའི་ཏིང་ངེ་འཛིན་ལ་

སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དངོས་པོ་དང་ནི་མཚན་མ་ཡི། །རྣམ་པར་རྟོག་པ་དག་པའི་ཕྱིར། །དངོས་པོར་མི་གནས་གཞན་སྣང་ལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དག་པ་འདི་ནི་གསུངས་ཙམ་གྱིས། །ཡེ་ཤེས་ཅན་

เล่ม ๘๒ · หน้า 217a

རྣམས་རྒྱལ་བར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་པའི་རྒྱུད་ལས་ལྷག་པའི་ཡེ་ཤེས་འབྱུང་བར་བསྟན་པའི་ལེའུ་སྟེ་བཞི་བཅུ་བདུན་

པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟུགས་མཆོག་སངས་རྒྱས་ཐམས་ཅད་ཀྱི་བར་དུ་གཅོད་པའི་ཕྱོགས་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་བདག་འཛིན་ཉོན་མོངས་མེད། །

ངར་འཛིན་ཞི་བའི་ཆོས་ཅན་ལ། །བདུད་ཀྱིས་གླགས་རྙེད་མི་འགྱུར་བའི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལེགས་གཤེགས་སངས་རྒྱས་ཐམས་ཅད་ཀྱིས་ལྷའི་གདོན་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་

སེམས་འདི་གསུངས་སོ། །གང་དུ་དམིགས་མེད་ཐུགས་རྗེ་ཡིས། །བྱམས་པའི་ཡེ་ཤེས་ལ་འཇུག་པ། །བླ་ན་མེད་པའི་དོན་བསྟན་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རབ་ཏུ་སྦྱིན་པར་གྲགས་པ་སངས་རྒྱས་ཐམས་ཅད་ཀྱི་ཀླུའི་

གདོན་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དམིགས་པ་ཀུན་དང་བྲལ་བའི་སེམས། །ནམ་མཁའི་ངང་ལས་འཇའ་ཚོན་ལྟར། །དེ་ཉིད་ཐོགས་མེད་ཡེ་ཤེས་ཀྱིས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །

དེ་ནས་དེ་བཞིན་གཤེགས་པ་འོད་གཙང་སངས་རྒྱས་ཐམས་ཅད་ཀྱི་དྲི་ཟའི་གདོན་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྣ་ཚོགས་རོལ་མོའི་ཆ་དང་ནི། །སིལ་སྙན་རྣམས་ལས་སྒྲ་བྱུང་བ། །སྟོན་པའི་ཆོས་ཀྱི་ཚིག་གྲགས་པ། །དེ་ཉིད་ཚུལ་

འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལྷའི་ཉི་མ་སངས་རྒྱས་ཐམས་ཅད་ཀྱི་ལྷ་མ་ཡིན་གྱི་གདོན་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འདི་ནི་རྣམ་པར་གཙང་བ་ཡི། །དྲི་མ་རྣམ་སྤངས་བདེ་

เล่ม ๘๒ · หน้า 217b

བའི་ལམ། །ཡེ་ཤེས་ཕྱག་རྒྱས་བརྒྱན་པ་ཡི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཤེས་རབ་སྦྱིན་སངས་རྒྱས་ཐམས་ཅད་ཀྱི་ནམ་མཁའ་ལྡིང་གི་གདོན་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་

གསུངས་སོ། །ནམ་མཁའི་གནས་ཀྱི་སྤྱོད་ཡུལ་བ། །འདི་ནི་རྣམ་དག་བྱང་ཆུབ་ལམ། །རྣམ་གྲོལ་རང་རིག་བདེ་བ་ཆེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཉམ་པར་བཞག་པའི་བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་མིའམ་ཅིའི་

གདོན་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆེ། །གསང་བ་འཛིན་པ་མཚུངས་མེད་པ། །རྒྱལ་བ་རིགས་ཀྱི་བདག་པོའི་དཔལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ།།

དེ་ནས་དེ་བཞིན་གཤེགས་པ་གཟི་མདངས་སངས་རྒྱས་ཐམས་ཅད་ཀྱི་ལྟོ་འཕྱེ་ཆེན་པོའི་གདོན་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ས་ལ་གནས་པའི་འགྲོ་བ་ཀུན། །དག་པ་ཆོས་ཀྱི་དབྱིངས་གནས་པའི། །ཤིང་རྟ་ཆེན་པོའི་འཁོར་ལོ་བཞིན། །

བཞི་དྲུག་ལྡན་པས་བགྲོད་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྒྱལ་རིགས་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་གནོད་སྦྱིན་གྱི་གདོན་རྣམ་པར་དག་པ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཚུངས་པ་

མེད་པ་ཆོས་ཀྱི་དོན། །སྤྲོས་པ་མེད་པ་དེ་བཞིན་གཤེགས། །འབྲས་བུར་ལྡན་པའི་གནས་འདི་ལས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་བསྐལ་ལྡན་ཤིང་རྟ་ལྟོ་འཕྱེ་ཆེན་པོའི་གདོན་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་

པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གནས་པ་མེད་པ་དྲི་གསུམ་སྤངས། །ཐུབ་པ་རྒྱལ་བ་སྤྱན་རྡོ་རྗེ། །བློ་གྲོས་མི་ཟད་ཡེ་ཤེས་ཏེ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དཔལ་མཆོག་གི་ཀ་ན་ཀ་སངས་རྒྱས་ཐམས་ཅད་ཀྱི་ཡི་

เล่ม ๘๒ · หน้า 218a

དགས་ཀྱི་གདོན་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྐྱེ་བ་མེད་ཅིང་འབྱུང་བའང་མེད། །གྲུབ་པ་མེད་པའི་ཆོས་ཉིད་ལས། །ཀུན་དུ་སྣང་བ་མི་སླུ་བ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་

སོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་གྲོལ་བའི་གཙུག་སངས་རྒྱས་ཐམས་ཅད་ཀྱི་སྲུལ་པོའི་གདོན་དག་པ་རྡོ་རྗེའི་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མི་འཇིགས་པ་ཡི་དངོས་པོ་ལས། །ཟག་མེད་དངོས་གྲུབ་འབྱུང་

བ་ཡི། །དབེན་པ་རྣམ་པར་མི་རྟོག་པ། །ཡེ་ཤེས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཆོས་ལྡན་དཔལ་སངས་རྒྱས་ཐམས་ཅད་ཀྱི་ལུས་སྲུལ་པོ་གདོན་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

དེ་ནས་དེ་བཞིན་གཤེགས་པའི་རྒྱལ། །ཐུབ་པ་བྱང་ཆུབ་ཤིང་དྲུང་དུ། །བདུད་དཔུང་སྡེ་རྣམས་རབ་འཇོམས་པའི། །ཡེ་ཤེས་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སྤོས་གནས་སངས་རྒྱས་ཐམས་ཅད་ཀྱི་སྐེམ་བྱེད་ཀྱི་གདོན་དག་པ་རྡོ་རྗེ་སངས་རྒྱས་ཐམས་

ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྨྲ་བའི་སེང་གེ་བླ་ན་མེད། །གླང་པོ་ཆེན་པོ་ཐོགས་པ་མེད། །ཕ་རོལ་འཇོམས་པ་གྱད་བཞིན་ཏེ། །དེ་ཡི་ནོར་བུའི་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དྲེགས་པ་སྤངས་

སངས་རྒྱས་ཐམས་ཅད་ཀྱི་སྨྱོ་བྱེད་ཀྱི་གདོན་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་སྣ་ཚོགས་ཆོ་འཕྲུལ་ཚོགས། །སེམས་ཅན་མོས་པའི་སྣང་བ་ལ། །དུ་མ་ཉིད་དུ་བསྟན་གྱུར་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་

སོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་མཛོད་སངས་རྒྱས་ཐམས་ཅད་ཀྱི་བརྗེད་བྱེད་ཀྱི་གདོན་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མཐུན་སྣང་གང་ཟག་མོས་ཡུལ་ཏེ། །དེ་བས་ཡང་དག་སངས་རྒྱས་ལ། །ཀུན་རྟོག་མི་མངལ་ལྷམ་མེ་

เล่ม ๘๒ · หน้า 218b

བཞུགས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚངས་པར་གཤེགས་པ་སངས་རྒྱས་ཀྱི་གྲིབ་གནོན་གྱི་གདོན་དག་པ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡང་

དག་རྫོགས་པའི་སངས་རྒྱས་ལ། །འབད་དང་རྩོལ་བའི་རྟོག་མི་མངའ། །མཐའ་ཡས་བྱང་ཆུབ་སེམས་ཀྱི་དང་། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་བ་ཙནྡན་སངས་རྒྱས་ཐམས་ཅད་ཀྱི་ཤ་ཟའི་གདོན་རྣམ་པར་དག་པ་རྡོ་རྗེའི་ཏིང་

ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐ་དད་རྟོག་པ་ཡོངས་མི་མངའ། །རང་རིག་ཡེ་ཤེས་འགྲོ་འོང་མེད། །ཐམས་ཅད་གྲུབ་མཐའི་འདོད་པས་བརྟགས། །དེ་ཉིད་ཡེ་ཤེས་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་

མྱ་ངན་མེད་བདུད་ཀྱི་དཔུང་ལས་རྒྱལ་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མ་ཆགས་ཐོགས་མེད་རྡོ་རྗེ་ཡི། །ཆར་སྤྲིན་མདོག་འདྲའི་རྟོག་སྤངས་ཅན། །ཚད་མེད་བྱམས་པ་ཆེན་པོ་ཡིས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་

གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་སེང་གེའི་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་དམིགས་པ་མེད་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཡང་དག་བྱང་ཆུབ་ཐབས་ལྡན་པ། །གང་ཚེ་སྒྱུ་མ་ལྟ་བུའི་དངོས། །དེ་ཉིད་རང་བཞིན་

སྟོང་ཉིད་གྲུབ། །མཐའ་མེད་ཡེ་ཤེས་ཚུལ་བསྟན་པའོ། །ཞེས་གསུངས་སོ། །འདིར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་གསང་བའི་སྤྱོད་པས་གནས་ཤིང་གསང་བ་བླ་མེད་ཀྱི་ཏིང་ངེ་འཛིན་ལ་ཉེ་བར་གནས་པས་ནི་ཉན་ཐོས་དང་། །རང་རྒྱལ་དང་། །བྱང་ཆུབ་སེམས་དཔའ་

དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་སྤྱོད་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་སྤྱོད་པར་བྱེད་དོ། །གསང་བ་འཛིན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེས་སངས་རྒྱས་ཀྱི་ཡོན་ཏན་དང་། །ཏིང་ངེ་འཛིན་དང་། །གཟུངས་ཀྱི་སྒོ་དང་། །རྣམ་པར་ཐར་པ་

เล่ม ๘๒ · หน้า 219a

མ་ལུས་པ་ཡང་ཚེ་འདི་ཉིད་དང་ཡོངས་སུ་རྫོགས་ཤིང་ཀུན་དུ་སྤྱད་པས་སྤྱོད་པར་བྱེད་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་དང་ཡེ་ཤེས་གཞན་དག་ལྟ་སྨོས་ཀྱང་ཅི་དགོས། །དེ་ལ་འཇིག་རྟེན་པའི་ལྷ་ཐམས་ཅད་ཀྱིས་སྲུང་བར་བྱེད། །འཇིག་རྟེན་

ལས་འདས་པའི་ལྷ་ཐམས་ཅད་ཀྱིས་ཀྱང་སྲུང་ཞིང་སྐྱོབ་བ་དང་སྦ་བ་དང་ཡོངས་སུ་སྲུང་བར་བྱེད་དོ། །གསང་བའི་རྒྱུད་འདི་གང་གིས་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཉན་པ་དང་། ཕན་ཚུན་འདྲེ་བར་བྱེད་པ་དང་། སེམས་པ་ན་ལྷ་དང་། ཀླུ་དང་། གཟའ་

དང་། རྒྱུ་སྐར་ཐམས་ཅད་ཀྱི་གདོན་གྱིས་ཀྱང་བར་ཆད་མི་བྱེད་དོ། བསྲུང་ཞིང་ཡོངས་སུ་མཆོད་པར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་པའི་

རྒྱུད་ལས་སྲུང་བ་ཡོངས་སུ་དག་པ་དང་བར་ཆད་མེད་པའི་དོན་བསྟན་པའི་ལེའུ་སྟེ་བཞི་བཅུ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡུལ་འཁོར་ཏོག་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་གདོན་རྣམ་པར་དག་པ་རྡོ་རྗེའི་

ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཕགས་པ་རྣམས་ཀྱི་ཡེ་ཤེས་གང་། །ཕྱིན་ཅི་ལོག་དང་རྣམ་བྲལ་བ། །དེ་ཉིད་སྐྱེ་འགག་བྲལ་བ་ལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་པདྨའི་

སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་ཀླུ་ཆེན་པོ་བརྒྱད་དག་པ་རྡོ་རྗེའི་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཇིག་རྟེན་འདས་པའི་ཡེ་ཤེས་ནི། །གསང་བ་མཆོག་གི་དོན་གནས་པ། །དམིགས་པ་ལས་འདས་བྱང་ཆུབ་

སེམས། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་དག་པ་ལྷ་ཆེན་པོ་བརྒྱད་དག་པའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གཟུང་འཛིན་བཏགས་པའི་དབང་གིས་ནི། །མཐར་

เล่ม ๘๒ · หน้า 219b

གྱུར་ཏེ་ཉིད་ལམ་གྱུར་པ། །བཏགས་པའི་དྲི་མ་དག་པར་བྱ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལྷའི་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་གཟའ་ཆེན་པོ་བརྒྱད་ཀྱི་གདོན་རྣམ་པར་དག་པར་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་རྐྱེན་ལས་བསྐྱེད་པ་ཡི། །རྣམ་པ་ཕན་ཚུན་ལྟོས་ལས་བྱུང་། །གཞན་དབང་དག་པའི་ཡེ་ཤེས་ནི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཡུལ་འཁོར་ཏོག་སངས་

རྒྱས་ཐམས་ཅད་ཀྱི་རྒྱུ་སྐར་གྱི་གདོན་མ་ལུས་པ་རྣམ་པར་དག་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ཕྱིན་ཅི་མ་ལོག་པའི། །གནས་ཚུལ་ཡོངས་སུ་རྫོགས་གྲུབ་པ། །དེ་བཞིན་ཉིད་དང་ཡེ་ཤེས་དོན། །མི་འགྱུར་དེ་

བཞིན་ཚུལ་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་པདྨའི་གེ་སར་སངས་རྒྱས་ཐམས་ཅད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་རིས་ཀྱི་གདོན་ཐམས་ཅད་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །

ཆོས་རྣམས་དག་པའི་མཚན་ཉིད་ཅན། །རང་བཞིན་སྒྱུ་མར་སྣང་བ་གང་། །ངོ་བོ་ལྷུན་གྲུབ་དབྱེར་མེད་ལས། །བྱང་ཆུབ་ཚུལ་འདི་བསྟན་བའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་གཟི་བརྗིད་དཔག་མེད་སངས་རྒྱས་ཐམས་ཅད་ཀྱི་ཕྱོགས་སྐྱོང་བ་བཅུའི་གནོད་

པའི་གདོན་ཡོངས་སུ་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། །མ་ནོར་མངོན་པར་ཐུགས་ཆུད་པས། །སྐྱོབ་པ་ཐུགས་རྗེའི་ངོ་བོ་ལས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་

གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ལྷའི་འོད་ཟེར་སངས་རྒྱས་ཐམས་ཅད་ཀྱི་རཱ་ཧུ་ལ་རྣམ་པར་དག་པ་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བག་ཆགས་དག་པའི་རྒྱུད་ལས་ནི། །མ་རིག་པ་དང་བྲལ་

เล่ม ๘๒ · หน้า 220a

གྱུར་པས། །བདག་སྐྱེས་དག་པར་གནས་པར་བྱ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཤེས་རབ་མེ་ཏོག་སངས་རྒྱས་ཐམས་ཅད་ཀྱི་བྷི་སྣུ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་

ཆུབ་ཀྱི་སེམས་འདི་གསུངས་སོ། །ཁམས་རྒྱུད་རྣམ་པར་བྱང་བ་ལས། །ཕྱིར་མི་ལྡོག་པར་གྱུར་པ་ན། །རང་རིག་བདུད་ལས་གྲོལ་བར་འགྱུར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཁས་པའི་དཔལ་སངས་རྒྱས་ཐམས་

ཅད་ཀྱི་དྲང་སྲོང་ཐམས་ཅད་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་གདོན་རྣམས་འབྱུང་བའི་ཚེ། །རགས་པ་འོག་ལ་བརྟེན་ནས་ཏེ། །ཕྲ་བའི་སྒོ་ནི་སྟེང་ནས་འཇུག །དག་པ་ཡེ་ཤེས་ཚུལ་གནས་བྱ། །ཞེས་གསུངས་

སོ། །དེ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་འབྱོར་ལྡན་སངས་རྒྱས་ཐམས་ཅད་ཀྱི་ཁྱབ་འཇུག་གི་གདོན་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བྱེད་པ་འཇིགས་པའི་ཚུལ་སྦངས་ཏེ། །ཞེ་སྡང་དག་པའི་བྱང་ཆུབ་ལས། །སྟོབས་

ཆེན་ཕ་རོལ་གནོན་བྱེད་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་དབྱངས་སངས་རྒྱས་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོའི་གདོན་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་

སོ། །གང་དུ་དྲག་པོ་འཇིགས་པར་སྟོན། །དུས་མཚན་བཅས་པ་འདོད་ཆགས་བདག །འདི་ཉིད་ཉོན་མོངས་ཚུལ་དག་པས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཕྱག་ན་རིན་ཆེན་སངས་རྒྱས་ཐམས་ཅད་ཀྱི་ཚངས་པ་དག་པའི་ཏིང་ངེ་

འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །འཇིག་རྟེན་སྲིད་པ་གནས་པ་ཡི། །དག་པ་བཞི་ལས་སྤྲུལ་འདོད་པ། །ཐོག་མ་ཐ་མ་མེད་པའི་བདག །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དབང་ལྡན་སངས་

เล่ม ๘๒ · หน้า 220b

རྒྱས་ཐམས་ཅད་ཀྱི་འཇིག་རྟེན་གསུམ་རྣམ་པར་དག་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་ཆགས་དང་འཇིག་པ་དང་། །གནས་དང་སྟོང་པའི་རིམ་པར་འདིའི། །དམ་པ་གཙང་མའི་ཞིང་དུ་སྨོན། །ཚུལ་འདི་སངས་རྒྱས་བསྟན་

པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་རྫོགས་པར་གསུངས་པ་སངས་རྒྱས་ཐམས་ཅད་ཀྱི་ས་འོག་དང་ས་སྟེངས་དང་ས་བླ་བ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །མུན་པ་དང་ནི་སྣང་བ་ཡི། །བསྟན་པ་

གཉིས་ལ་རང་རྒྱལ་དང་། །སངས་རྒྱས་འབྱུང་བའི་ཚུལ་མཆོག་གི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཆོག་གསུང་དཔལ་སངས་རྒྱས་ཐམས་ཅད་ཀྱི་ཁམས་གསུམ་པ་ལས་འདས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །ཐོག་མ་དང་ནི་ཐ་མ་ཡི། །འཕེལ་དང་འགྲིབ་པའི་ཆ་ལས་ནི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་མཆོད་འོས་སངས་རྒྱས་ཐམས་ཅད་ཀྱི་སྲིད་པ་

གསུམ་ལས་འདས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །སྙིགས་མ་ལྔ་འབྱུང་དུས་ཀྱི་ཚེ། །དུས་ལ་བབ་པའི་བསྐལ་པ་ལ། །རྒྱལ་པ་འཇིག་རྟེན་འབྱུང་བ་སྟེ། །དེ་ཉིད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་

གཤེགས་པ་སྐར་རྒྱལ་སངས་རྒྱས་ཐམས་ཅད་ཀྱི་དུས་གསུམ་ལས་འདས་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །གང་དུ་བགྲང་བ་ལས་འདས་པའི། །རྡུལ་སྙེད་འཇིག་རྟེན་ཐམས་ཅད་དུ། །དུས་གསུམ་དག་པའི་ཡེ་ཤེས་ཀྱི། །བྱང་

ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐུབ་པ་ཉི་མ་སངས་རྒྱས་ཐམས་ཅད་ཀྱི་ཕྱོགས་བཅུ་རྣམ་པར་དག་པ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ། །བལྟས་པས་མཐོང་མེད་ཡུལ་མེད་པ། །

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด