རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) མཱ་ཡཱ་ཛཱ་ལ་མ་ཧཱ་ཏནྟྲ་རཱ་ཛ་ན་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๘๓ · หน้า 123b
ཡིན། །མི་གཡོ་ཡི་གེ་ལས་བྱུང་བ། །རྨི་ལམ་སོགས་ལྟར་མ་སྐྱེས་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །གནས་དང་སྟན་ནི་རྣམ་བསམས་ཏེ། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས། །དང་པོར་རང་བཞིན་དག་པའོ་ཞེས། །དག་པའི་ཆོས་ཀྱི་ཚུལ་ལ་གནས། །
ཡིད་ཀྱིས་ཧཱུྃ་བྱས་རྡོ་རྗེ་ཅན། །རྡོ་རྗེ་སེམས་མས་བྱིན་གྱིས་བརླབས། །རིན་ཆེན་ལུས་སུ་ང་རྒྱལ་བྱ། །ལག་པ་བསྟོད་དེ་བསྐོར་བ་ཡི། །ལྕགས་ཀྱུ་ཡིས་ནི་སྤྱན་ཡང་དྲང་། །བྱོན་ནས་དང་པོར་ཕྱོགས་བཅིངས་ཏེ། །དམ་ཚིག་དག་ཀྱང་དབུལ་བར་བྱ། །གདན་རྣམས་སོ་སོར་
ཕུལ་ནས་སུ། །མཆོད་ཡོན་དབུལ་བའི་སྦྱོར་བ་བྱ། །དབང་བསྐུར་མཚོན་ཆ་གོ་ཆ་སོགས། །སིལ་སྙན་མཆོད་སོགས་ངོ་བོ་བྱ། །རྣམ་པ་ཀུན་གྱིས་མཉེས་པར་བྱ། །རྣལ་འབྱོར་བདག་ཉིད་ཅན་གྱིས་བརྟག །རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ། །བྱིན་གྱིས་
བརླབས་དང་ཡོངས་བརྟགས་དང་། །གཟུགས་གཉིས་རྫོགས་པར་གྱུར་པ་ནི། །རྣལ་འབྱོར་ཡིན་ཞེས་སངས་རྒྱས་གསུང་། །སྔགས་ཀྱིས་བྱིན་བརླབས་ང་རྒྱལ་བསྐྱེད། །རྣལ་འབྱོར་བྱིན་བརླབས་ཡིན་པར་གསུངས། །བྱང་ཆུབ་སེམས་ནི་དག་པ་དང་། །གསང་སྔགས་
ས་བོན་བསྐྱེད་པ་ཆེ། །ཕྱག་རྒྱའི་ཚོགས་སུ་བརྟགས་པ་ཡིན། །རིམ་གྱིས་གཟུགས་ནི་རྫོགས་བྱས་པ། །དེ་ནི་བརྟག་པར་བརྗོད་པ་སྟེ། །རྣལ་འབྱོར་ཆོ་ག་ཡིན་པར་གསུངས། །བསྡུ་དང་སྤྲོ་བར་བྱས་པ་ལས། །རྣམ་པའི་མཆོག་ཀུན་ལྡན་པ་དག །སྐད་ཅིག་ཡེ་ཤེས་
ཀྱིས་རྫོགས་པ། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །དང་པོར་དམ་ཚིག་བྱིན་བརླབས་པར། །རྣལ་འབྱོར་སྤྱོད་པ་བདག་གིས་བརྟགས། །རབ་ཏུ་རྫོགས་པར་བྱ་བ་དག །འདི་ནི་རྣལ་འབྱོར་ཆོ་གར་བཤད། །ཉོན་མོངས་དྲི་མར་བྱས་པའི་སེམས། །བྱང་ཆུབ་སེམས་
ཀྱིས་དག་བྱས་ཏེ། །དེ་ནི་རང་བཞིན་དག་པའོ་ཞེས། །བརྗོད་ཅིང་ཐལ་མོ་གསུམ་གྱིས་སྦྱང་། །དག་འགྱུར་དེ་ནས་བློ་ཡིས་ནི། །སེམས་ལ་སོ་སོར་བརྟག་པར་བྱ། །སེམས་ལ་སོ་སོར་བརྟགས་ནས་ཀྱང་། །ཕྱི་རོལ་རང་བཞིན་སྟོང་པར་བྱ། །སེམས་ཙམ་ལ་ནི་གནས་
เล่ม ๘๓ · หน้า 124a
ནས་སུ། །བྱང་ཆུབ་ཚོགས་ཀྱི་བག་ཆགས་ཏེ། །བསྒོམ་པར་བྱ་བའི་ངོ་བོ་དག །ཟླ་བའི་གཟུགས་སུ་རྣམ་པར་བརྟག །ལག་པའི་པདྨ་ལ་གནས་པའི། །ཨོཾ་གྱི་མྱུ་གུས་བསྐྲུན་པ་ཡི། །ཡན་ལག་ཀུན་གྱི་མཚན་ཉིད་གཟུགས། །རྡོ་རྗེ་སྐུར་ནི་
བསྒོམ་པར་བྱ། །ཨཱཿཞེས་བྱ་བ་སྤྲོས་མེད་གསུང་། །སེམས་ནི་ཧཱུྃ་ཞེས་བྱ་བར་སྤྲུལ། །ཡི་གེ་གསུམ་གྱིས་བྱིན་བརླབས་ལུས། །སྙིང་ལ་གནས་པའི་ཟླ་བའི་གཟུགས། །དེ་ལ་རང་གི་ཡི་གེ་ནི། །མདོག་གཟུགས་འོད་ནི་ཕྱེད་བསམས་ཏེ། །ང་རྒྱལ་
བསྐྱེད་ནས་དེ་ལ་ནི། །རྡོ་རྗེའི་བདག་ཉིད་བདག་ཡིན་བརྗོད། །རྒྱན་ཀུན་ཡོངས་སུ་རྫོགས་པ་དང་། །འོད་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ། །ཆ་ཤས་ཀྱི་ནི་དྲ་བ་ཅན། །ཡེ་ཤེས་སེམས་དཔའ་རྫོགས་པར་བརྟག །དེ་འོག་ལག་པའི་ཕྱག་རྒྱ་ཡིས། །གོ་ཆ་
མཚོན་ཆ་ལ་སོགས་བྱ། །རྫོགས་སངས་རྒྱས་ལྔར་དབང་བསྐུར་ཏེ། །ཅོད་པན་ཕྲེང་བ་རྣམས་ཀྱིས་བཀླུབས། །དེ་ནས་དེ་འོག་སངས་རྒྱས་ཀྱི། །སྤྲུལ་པ་མཛད་པའི་སྒྱུ་མ་སྤྲོ། །ཡན་ལག་བཞི་པའི་དབུས་ལྡན་པའི། །ཕྱོགས་བཅུར་ཁྲོ་བོ་བཅུ་དག་དང་། །བསྙེམས་
མ་དང་ནི་རྟོགས་ལྡན་མ། །མཚོན་ཆ་མདའ་དང་རྩེ་མོ་ཅན། །སྒྱུ་མའི་ཆ་བྱད་རྣམ་མང་པོ། །རྣམ་པར་འཕྲུལ་པར་བྱིན་གྱིས་བརླབ། །ཀུན་ལ་ཁྱབ་པར་བྱེད་པ་ཡི། །སྣ་ཚོགས་དབུས་སུ་བཞག་ནས་ནི། །དེ་ཉིད་ཆེན་པོ་བདག་ཉིད་ལྔས། །ཕྱོགས་བཞིའི་འཁོར་ལོ་ཁྱབ་བྱས་
ཏེ། །དགའ་བས་དགའ་བྱེད་བཞི་ཡང་སྤྲོ། །ཏིང་འཛིན་ཀུན་གྱིས་དགའ་བ་ལ། །ལོངས་པར་སྤྱོད་པའི་སྔགས་པ་ཡིས། །འཁོར་ལོ་ལ་ནི་རྡོ་རྗེའི་གཟུགས། །པདྨའི་གཟུགས་ལ་དེ་དག་ནི། །འཁོར་ལོ་ཀུན་ལས་པདྨ་ཡི། །ངོ་བོ་ཡིས་ནི་རོལ་པ་དང་། །ཨེ་ཞེས་བྱ་བ་འཕྲོས་
པ་ལས། །མདོག་ལྡན་བདག་ཉིད་གཟུགས་སུ་བྱ། །མཛེས་པའི་རྒྱན་ཉིད་ཀུན་ལྡན་པ། །ཉིད་ཀྱི་སྟན་ལ་བཞུགས་པར་བལྟ། །སྒེག་མོ་གླུ་དང་གར་རྣམས་དང་། །རྒྱལ་མཚན་ལ་སོགས་ཚོན་དགྱེ་དང་། །སིལ་སྙན་མཆོད་པའི་རྣམ་པ་ནི། །སྣ་ཚོགས་རྣམས་ཀྱིས་
เล่ม ๘๓ · หน้า 124b
མཆོད་པར་བྱ། །རྣམ་པ་ཀུན་དང་ལྡན་པར་ནི། །བདག་ཉིད་ཀྱི་ནི་ལུས་བསྒོམས་ནས། །མྱུར་ཆེས་པ་དང་བུལ་བ་དང་། །མི་གསལ་གུག་སྐྱེད་ཉམས་པ་དང་། །རྟོག་པ་ངན་པ་རྣམ་སྤངས་ནས། །དེ་ནས་གསང་སྔགས་བཟླས་བརྗོད་བྱ། །བཟླས་པས་སྐྱོན་ལག་གཡས་
ཀྱིས། །བསྒྲིམས་ཏེ་རྡོ་རྗེ་གསོར་ནས་ཀྱང་། །གཡོན་པས་རྡོ་རྗེ་དྲིལ་གསིལ་ཞིང་། །རྡོ་རྗེ་གླུ་ཚུལ་སྣ་ཚོགས་དང་། །བ་དན་ཚུལ་དུ་བྱ་བས་མཆོད། །བཟླས་པའི་མཇུག་ནི་བརྟུལ་ནས་ཀྱང་། །གཤེགས་སུ་གསོལ་ཏེ་བདག་ཉིད་བསྲུང་། །ལུས་དང་ངག་དང་སེམས་བསྒོམས་
ཏེ། །བརྟན་པོར་ཅི་བདེར་འགྲོ་བར་བྱ། །བར་ཆད་དུ་ནི་གྱུར་ན་ཡང་། །ཡི་གེ་བརྒྱ་པས་བྱིན་གྱིས་བརླབ། །དེ་ལྟར་སྒོམ་པས་སྒོམ་བྱེད་པ། །རྡོ་རྗེ་ཐེག་པས་རབ་རྫོགས་པའི། །བྱང་ཆུབ་དེས་ནི་མྱུར་ཐོབ་ནས། །ཟླ་ཉའི་དཀྱིལ་འཁོར་ལྟ་བུར་སྣང་། །སྣ་ཚོགས་ལས་ཀྱིས་ཐོག་
འདྲེན་ཅིང་། །རིན་ཆེན་རྒྱལ་མཚན་རབ་དགའ་བྱེད། །ཆགས་ཆེན་པདྨའི་གདུང་རྒྱུད་ཅན། །གནས་ཆེན་འཇིག་རྟེན་དབང་ཕྱུག་འགྱུར། །དཔལ་ལྡན་རིག་སྔགས་ཀུན་གྱི་གཙོ། །དགའ་ཆེན་རྡོ་རྗེ་ལྕགས་ཀྱུར་འགྱུར། །སྒྱུ་མ་བཤིག་པ་ཀུན་ཤེས་ཤིང་། །དྲེགས་པ་འཇོམས་
བྱེད་ཁྲོ་བོར་འགྱུར། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཡེ་ཤེས་སྒྲུབ་པ་རིམ་པར་ཕྱེ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའི་
འཁོར་ལོ་རབ་ཏུ་སྒྲུབ་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱི་ནང་གི་འཁོར་ལོ་ཐམས་ཅད་རབ་ཏུ་སྒྲུབ་པའི་ཡེ་ཤེས་ཀྱི་ལས་ཀྱི་སྦྱོར་བ་རབ་འབྱམ་འདི་བཀའ་སྩལ་ཏོ། །ལྷ་ནི་གང་ཡང་རུང་བ་ཞིག །འཁོར་ལོའི་དབུས་སུ་བཞག་ན་ནི། །དེ་ཡི་
མིང་སྨོས་རྡོ་རྗེ་ཡི། །དཀྱིལ་འཁོར་ཡིན་ཞེས་སངས་རྒྱས་གསུང་། །ཞི་དང་རྒྱས་དང་དྲག་ཤུལ་དང་། །རང་གི་ལས་ལ་སྦྱོར་བ་ན། །འཁོར་ལོའི་རྒྱལ་པོ་རྣམ་བསྒོམས་ནས། །བདག་པོ་ཉིད་ཀྱིས་རབ་ཏུ་བྱ། །ཞི་བ་སྤྱན་དང་སྐུལ་བྱེད་མས། །རྒྱས་ལ་རིན་ཆེན་གོས་དཀར་མོ། །
เล่ม ๘๓ · หน้า 125a
དབང་ལ་སྒྲོལ་མ་ལུ་གུ་རྒྱུད། །ཡམས་དང་གནོད་པ་གཞིག་པའི་ཕྱིར། །འོད་ཟེར་ཅན་དང་རི་ཁྲོད་མས། །དྲག་ཤུལ་སྤྱད་ལ་མཱ་མ་ཀཱི། །ཁྲོ་གཉེར་ཅན་མ་དག་གིས་བྱ། །འདི་དག་ཤེས་རབ་རོལ་པ་སྟེ། །ཆགས་པའི་རྡོ་རྗེས་རྗེས་ཆགས་པ། །གསང་སྔགས་དེ་
ཉིད་ཀྱིས་བསྐུལ་ན། །གདོན་མི་ཟ་བར་ཕྲིན་ལས་མཛད། །སྤྱན་དང་ལྷ་མོ་སྐུལ་བྱེད་མ། །དབང་པོ་ཞི་བ་ཟླ་འདྲ་བ། །ཕྱག་གཉིས་ན་ནི་བགྲང་ཕྲེང་དང་། །རིལ་བ་སྤྱི་བླུགས་ཀྱིས་བརྒྱན་པ། །དང་པོར་ཏིང་འཛིན་གྱིས་སྤྲུལ་ནས། །བུམ་པ་ཟླ་བའི་མདངས་ལྡན་པ། །བདུད་
རྩིའི་འོ་མས་རབ་བཀང་སྟེ། །ལག་གཉིས་པདྨའི་གདུབ་མཆོག་གིས། །རྣམ་པར་སྣང་མཛད་ཞབས་དྲུང་དུ། །ནད་པ་ལ་ནི་བདུགས་པར་བསམས། །རིན་ཆེན་མ་དང་གོས་དཀར་ཅན། །སྐུ་ཆེ་ཁ་དོག་སེར་པོ་སྟེ། །ལྷ་མོ་སེར་མོ་སྣང་བ་ལ། །ཕྱག་ན་རིན་ཆེན་པདྨ་ཅན། །
དང་པོར་ཏིང་འཛིན་གྱིས་སྤྲུལ་ནས། །ཡིད་འོང་རྒྱལ་བའི་འདོད་པ་ཡིས། །རིན་ཆེན་འབྱུང་བའི་ཞབས་དྲུང་དུ། །བདུད་རྩིའི་རབ་ཏུ་དགང་བ་དང་། །བླ་མེད་རིན་ཆེན་ཁར་བབ་ན། །རྒྱས་པ་མཚུངས་མེད་མཛེས་པར་འགྱུར། །ལྷ་མོ་སྐུ་ཆེན་མདོག་དམར་བ། །སྒྲོལ་མ་དེ་
བཞིན་ལུ་གུ་རྒྱུད། །ཀུན་ནས་འོད་དམར་འབར་བ་ཅན། །ལྷ་རྫས་ལྕགས་ཀྱུ་ཞགས་ཐོགས་པ། །རབ་ཏུ་བཞད་ཅིང་སྤྱན་ཕྱེ་བས། །འོད་དཔག་མེད་པའི་ཞབས་དྲུང་དུ། །བསྒྲུབ་བྱ་རྒྱགས་པས་མྱོས་པ་དག །བཀུག་སྟེང་མདའ་ཡིས་བསྣུན་ན་ནི། །སྐད་ཅིག་ཉིད་ལ་དབང་དུ་
མཛད། །མི་ངས་གནོད་པ་གཞིག་པའི་ཕྱིར། །སྐུ་ཆེན་ནམ་མཁའི་ཁ་དོག་ཅན། །འོད་ཟེར་ཅན་དང་རི་ཁྲོད་མས། །རྡོ་རྗེ་དོན་ཡོད་ཞབས་དྲུང་དུ། །མཁས་པས་སྔར་བཤད་ཚུལ་དུ་ནི། །བདུད་རྩི་ཡིས་ཀྱང་རྣམ་པར་བཟློག །ལྷ་མོ་ཁྲོ་གཉེར་མཱ་མ་ཀཱི། །མ་རྒད་ལྟ་བུའི་མདོག་
ཅན་མ། །ཧཱུྃ་ཞེས་བྱ་བའི་སྒྲ་སྒྲོགས་པ། །རྡོ་རྗེས་བསྡིགས་པར་བརྩོན་པ་ཡིས། །རྡོ་རྗེ་མི་འཁྲུགས་ཞབས་དྲུང་དུ། །ཁྲོས་ནས་རྡོ་རྗེའི་མེ་ཡི་ཆར། །འབེབས་པར་རྣམ་པར་བསམ་པར་བྱ། །རྡོ་རྗེ་རབ་ཏུ་འབར་བ་དེས། །བསྒྲུབ་བྱ་ཚིག་ནས་མོག་ཅེས་བྱེད། །སྦྱོར་བ་འདི་ཡི་མོད་ལ་
เล่ม ๘๓ · หน้า 125b
ནི། །དེ་ནི་འཆི་བར་འགྱུར་བའམ། །ཡང་ན་ལུས་ནི་འཇིག་པར་མཛད། །བྱིན་རླབས་དམ་ཚིག་དབང་བསྐུར་ལ། །རྡོ་རྗེ་སེམས་མ་རིན་ཆེན་དང་། །ཆོས་དང་རྡོ་རྗེ་ལས་མ་བཞི། །སྦྱོར་བ་རྣམས་ནི་རབ་ཏུ་སྦྱར། །སེམས་དཔའ་ཆེན་པོ་བཅུ་དྲུག་ཀྱང་། །བླ་མེད་འཁོར་ལོ་བྱེད་པ་སྟེ། །
རང་གི་ཕྱོགས་ནས་ལས་བྱས་ན། །འབྲས་བུ་དོན་ཡོད་སྦྱིན་པར་བྱེད། །ཁྲོ་བོའི་ལུས་ལ་ལེགས་གནས་ཏེ། །ཁྲོ་བོའི་རྒྱལ་པོ་སྦྱར་བར་བྱ། །དམ་ཚིག་ལ་སོགས་ཆོ་ག་བཞིན། །དེར་ནི་རྡོ་རྗེ་བསྒོམས་ནས་བསྐུལ། །རྐང་པའི་རྗེས་ཀྱིས་བླངས་ལ། །དུར་ཁྲོད་ཐལ་བདག་དང་
བསྲེ། །དེ་ཡི་རས་བླངས་མི་རུས་དང་། །ཆུ་འགྲམ་གཉིས་ཀྱི་ས་དག་ནི། །བཏགས་ནས་ལུང་བོང་གཅིན་གྱིས་སྦྲུ། །དེ་ལས་དགྲ་བོའི་གཟུགས་བྱས་ལ། །དེ་ཚེ་གཟུགས་བརྙན་བཅིང་བར་བྱ། །དུག་དང་སྐེ་ཚེ་ལན་ཚྭ་དང་། །འབྲུ་མར་ཚ་བ་རབ་བསྲེས་ཏེ། །དགྲ་བོ་ཚ་བ་བསྐྱེད་
པའི་ཕྱིར། །དེ་ཡིས་ལུས་ནང་རབ་ཏུ་དགང་། །དེ་ནས་རྣམ་ཤེས་རླུང་འདྲ་བ། །ལྕགས་ཀྱུ་ཡིས་ནི་བཀུག་ནས་ཀྱང་། །སྲིན་བུ་མེ་ཁྱེར་འདྲ་བཅུག་སྟེ། །ཞགས་པ་ཡིས་ནི་དམ་དུ་གཟུང་། །དེ་ནི་རྡོ་རྗེ་སྒྲོག་ཏུ་གཞུག །བསྒྲིམས་ནས་དེ་ཡི་མིང་སྨོས་ཏེ། །དགྲ་བོའི་ལུས་ནི་མ་ལུས་
པར། །པོ་སོན་ཆ་ཡི་ཚེར་མས་དབུག །མི་རུས་ལས་བྱས་ཕུར་བུ་འམ། །ཡང་ན་སེང་ལྡེང་ལས་བྱུང་བས། །དཔྲལ་བ་སྙིང་མགྲིན་དཔུང་མགོ་གཉིས། །གནས་ལྔ་དག་ཏུ་བསྒྲིམས་ཏེ་གདབ། །ནིམ་པའི་ཤིང་ལ་སྦར་བ་ཡིས། །མེ་འབར་བ་ལ་བསྐམ་པར་བྱ། །མཁས་པས་རྐང་པ་
ནས་བརྩམས་ཏེ། །མཚོན་ཆ་རྣོན་པོས་གཏུབས་ནས་ནི། །འབར་བའི་ལུས་ཅན་ཁྲོས་པ་ཡིས། །དེ་ཡི་དུམ་བུ་སྦྱིན་སྲེག་བྱ། །ལས་འདི་ལ་ནི་ལྷག་པར་ཡང་། །རུས་སྦལ་གྱི་ནི་རྐང་སྟབས་སྦྱར། །ཉི་མའི་གུང་ངམ་ནམ་ཕྱེད་ན། །ལས་འདི་ཉིད་ནི་བསྒྲུབ་པར་བྱ། །ལས་འདི་
བྱས་ནས་ངེས་པར་ནི། །གང་ཞིག་རྒྱལ་བས་བསྲུངས་ནའང་དེས། །ངེས་པར་འཆི་ན་ཁྱབ་འཇུག་དང་། །ལྷ་ཆེན་ཚངས་པས་ཅི་ཞིག་སྨོས། །ཕྱི་རོལ་གྱི་དྲག་ཤུལ་སྤྱོད་པའི་གོ་ཆའོ། །གསོད་པའི་ཡེ་ཤེས་ལས་སྤྲུལ་པ། །ནང་གི་ཡང་ནི་བཤད་པར་བྱ། །བསྒྲུབ་བྱ་ཡིད་ཀྱིས་
เล่ม ๘๓ · หน้า 126a
བསྲུངས་ནས་སུ། །ཆོ་ག་བཞིན་དུ་དགུག་པར་བྱ། །ལག་ན་རལ་གྲི་མཚོན་ཆ་དང་། །བེ་ཅོན་རྡོ་རྗེ་གཏུན་ཤིང་ཞགས། །ལག་ན་འཁོར་ལོ་མདའ་གཞུ་ཅན། །ཁྲོ་བོ་སྣ་ཚོགས་བསྣམས་པ་དེས། །བསྒྲུབ་བྱ་ཞགས་པས་བཅིངས་ནས་སུ། །རྡོ་རྗེ་ཡི་ནི་ཁྲོ་བོ་
ཡིས། །ལྷོ་ཡི་ཕྱོགས་སུ་ཁྲིད་པ་དང་། །རྡོ་རྗེ་གཞན་གྱིས་བརྡེག་པ་དང་། །དེ་ནི་རལ་གྲིས་གཏུབ་པ་དང་། །རྒྱུ་མ་ལང་ལོང་ནར་པར་བསམ། །ཨོྃ་ཧཱུྃ་བཛྲ་རཱཀྵ་སཱི། བྷཀྵ་ཡ་ཐ་ཕཊ། རྡོ་རྗེ་སྲིན་མོ་བསྒོམས་ནས་ཀྱང་། །བྱ་རོག་ཝ་དང་བྱ་རྒོད་ཀྱིས། །ཀུན་ནས་ཡོངས་སུ་
བསྐོར་ནས་སུ། །དེ་དག་ཟང་ཐོབ་བྱེད་པར་ནི། །བསྒོམ་ཞིང་མིང་ནས་བསྐུལ་བར་བྱ། །རླུང་གི་དཀྱིལ་འཁོར་ལ་གནས་པའི། །རྡོ་རྗེ་རྔ་མོ་རྣམས་བསམས་ཏེ། །བསྒྲུབ་པར་བྱ་བར་ཡོངས་བརྟགས་པ། །དེ་ཡི་རྒྱབ་ཏུ་ཞོན་ནས་སུ། །རྡོ་རྗེ་ཁྲོ་བོས་གཟིར་བཞིན་དུ། །
ལྷོ་ཕྱོགས་སུ་ནི་དཀྲི་བར་བྱ། །དེ་ཡི་རྐང་རྗེས་ས་ལ་ནི། །རླུང་གིས་གཙུབས་པའི་ཤིང་ལོ་ལ། །དེ་ཡི་མིང་ནས་བརྗོད་བྱས་ཏེ། །རྡོ་རྗེ་སྣ་ཡོན་དྲུང་དུ་སྦ། །དེ་ལྟ་བུར་ནི་སྦྱོར་བའི་ལས། །བསྒོམ་ཞིང་ཆོ་ག་བཞིན་བྱས་ན། །བརྒྱ་བྱིན་ཉིད་ཀྱང་བསྐྲད་འགྱུར་ན། །ས་
སྟེང་སྐྱེ་བོ་སྨོས་ཅི་དགོས། །དེ་མིང་གསང་སྔགས་དང་སྤེལ་ཏེ། །འུག་པའི་སྒྲོ་ལ་བྲིས་ནས་ནི། །དགེ་སྦྱོང་བྲམ་ཟེའི་སྐྲས་དཀྲིས་ཏེ། །ས་ཡི་འོག་ཏུ་བརྐོས་ནས་གཞུག །རྡོ་རྗེ་ཁྲོ་བོ་གཉིས་ཀྱིས་ནི། །འཐབ་མོ་འགྱེད་དུ་གཞུག་པར་བྱ། །དེ་ལྟར་བསམས་པའི་སྦྱོར་བ་
ཡིས། །འདོད་པ་བཞིན་དུ་དབྱེ་བར་འགྱུར། །ཧཱུྃ་ཞེས་བྱ་བས་གང་བ་ཡི། །རྡོ་རྗེ་ཕྲ་མོ་བསྒོམས་བྱས་ནས། །སྣ་ཡི་རྩེ་མོ་ནས་བཏོན་ཏེ། །བསྒྲུབ་བྱའི་ལུས་ནི་དགང་བར་བྱ། །ལུས་ཀྱི་ཚིགས་ནི་ཐམས་ཅད་དུ། །སྣ་ཚོགས་རྡོ་རྗེ་བཅིངས་ནས་སུ། །རྡོ་རྗེ་འབར་བ་འཕྲོས་གྱུར་པ། །
དེས་ནི་ལུས་ཀྱང་བསྐམ་པར་བྱ། །རྡོ་རྗེ་མཁའ་འགྲོ་མ་བསྒོམས་ཏེ། །ཀུན་ནས་ཀྱང་ནི་གཞིག་པར་བྱ། །ཨོྃ་བཛྲ་ཌཱ་ཀི་ནཱི། ཨ་མུ་ཀསྱ་རཀྟ་ཨཱ་ཀརྵ་ཙ་ཤ་ཡ་ཧཱུྃ་ཕཊ། སྦྱོར་བའི་རིམ་པ་འདི་ཡིས་ནི། །སྐམ་འགྱུར་འདི་ལ་ཐེ་ཚོམ་མེད། །མཁས་པས་རླུང་གི་ཕྱོགས་སོང་སྟེ། །
เล่ม ๘๓ · หน้า 126b
དཀྱིལ་འཁོར་གྲུ་བཞིར་བྱས་ནས་ནི། །སྤོས་ཀྱི་ཐིག་ལེ་བདུན་བྱས་ཏེ། །དེ་དག་ཁམ་པའི་ཕོར་པ་དགབ། །དེ་ནི་རི་རབ་ཐམས་ཅད་ནས། །རྩེ་མོ་བརྒྱད་པར་སྤྲུལ་བྱས་ཏེ། །རྡོ་རྗེ་འཕྲོ་བས་བརྒྱན་པ་ཡིས། །དེ་དག་རྣམས་ནི་མནན་པར་བྱ། །ཡྃ་ཞེས་བྱ་བས་བསྐྱེད་པའི་
རླུང་བདུན་རྣམས། །ལྃ་ཞེས་བྱ་བའི་མཚན་མ་དབང་ཆེན་གྱི། །ནང་དུ་རླུང་རྣམས་ངེས་པར་ཆུད་པར་བྱ། །དེ་ལྟའི་སྦྱོར་བས་འཇིག་པའི་རླུང་ཡང་བཅིངས། །པདྨ་འདབ་བརྒྱད་བསྒོམས་ནས་དེའི་འདབ་ལ། །ཀླུ་བརྒྱད་བཀོད་དབུས་མེ་ཚོགས་འབར་བ་ཅན། །རྡོ་རྗེ་ཁྲོ་བོའི་
སྐུ་ཡི་ཞབས་མཐིལ་གྱིས། །ཀླུ་རྣམས་མནན་ན་ཆར་སྤྲིན་ཆར་པ་འབེབས། །ཧཱུྃ་ཞེས་བྱ་བས་གཉིས་དབུས་ཀླུ་རྣམས་ཀྱི། །སྙིང་པོ་ཡོངས་བཅུག་སྤེལ་མས་གཟིར་ནས་སུ། །ཧཱུྃ་ཞེས་བྱ་བ་བཟླས་བརྗོད་བྱས་ནས་སུ། །འཇིག་དུས་ཆར་པ་ལྟ་བུའི་ཆར་པ་འབབ། །ཉི་མའི་
མདོག་ལྟར་དམར་པོའི་འོད་བཟང་ཞལ། །ནམ་མཁའ་ཁྱབ་པར་རྣམ་པར་གདངས་ནས་ནི། །ཀུན་ནས་ཆར་ཆུས་ཡོངས་སུ་གང་བའི་སྤྲིན། །ཧཱུྃ་ཞེས་བྱ་བའི་འབར་བའི་ལྕེ་ཡིས་ལྡག །དབུགས་རྔུབ་པ་ཡིས་བཀུག་ནས་དབྱུང་བ་ཡིས། །ཤིང་བལ་བཞིན་དུ་རབ་ཏུ་གཏོར་
བར་བྱ། །ཡང་ན་རང་གི་ཕྱག་རྒྱའི་ཚོགས་འབར་བ། །བཏང་བས་སྐད་ཅིག་ལ་ནི་བཅད་གཏུབས་ཏེ། །ཧཱུྃ་ཞེས་བྱ་བས་བསྡིགས་པ་བྱས་ན་ནི། །ནམ་མཁའ་དག་ཀྱང་སྟོན་ཀའི་དུས་ལྟར་སྣང་། །མེ་ཡི་དཀྱིལ་འཁོར་ལ་གནས་སྣང་མཛད་ཀྱི། །ཞབས་དྲུང་དཔྲལ་དབྱེས་
ནས་བྱུང་མི་གཡོ་བྲན། །བདུད་ལས་རྣམ་རྒྱལ་ཕྱག་དྲུག་མདའ་གཞུ་ཞགས། །རལ་གྲི་འཁོར་ལོ་རྡོ་རྗེ་ཆར་འབེབས་པ། །ཁྲོ་བོ་གྲངས་མེད་པ་ཡིས་ཡོངས་བསྐོར་ནས། །བགེགས་རྣམས་སྲེག་མཛད་ཧཱུྃ་གི་སྒྲས་བཀང་ནས། །འཇིག་རྟེན་གསུམ་པོ་གང་འདི་རྣམ་པར་
འཇིག །རྐང་རྗེས་ས་དང་མི་ཡི་ཁྲག་དག་ལས། །མི་ཡི་གཟུགས་བྱས་མི་རུས་ཕུར་བུ་ལ། །འོད་ཟེར་ཅན་གྱི་གསང་སྔགས་བསྒྲགས་པ་ཡིས། །ལན་གྲངས་ཉི་ཤུར་མངོན་སྔགས་མིག་ཏུ་གདབ། །ཚོགས་ཀྱི་བདག་པོའི་ཁར་ནི་མིང་བཅུག་ནས། །ཕྱི་བཞིན་རྡོ་རྗེ་
เล่ม ๘๓ · หน้า 127a
གཏུན་ཤིང་དག་གིས་བརྡུང་། །ཨོྃ་སུྃ་བྷཱ་བཛྲ་མུས་ལེན། ཙཱུརྞྞ་ཡ་ན་ར་བྷི་གྷཱན་ཧཱུྃ་ཕཊ། ལས་འདི་བསམས་པས་མོད་ལ་ནི། །མ་ཡི་བགེགས་ཀྱང་བཟློག་པར་འགྱུར། །སྟོང་ཟིལ་ཁ་དོག་ལྟ་བུ་ནམ་མཁའ་ལྡིང་། །ལུས་ལ་སྦྲུལ་སྟོང་དག་གིས་བརྒྱན་བྱས་པ། །
མཁའ་ལ་འདུག་ནས་གདེངས་ཀ་སྟོང་ལྡན་པའི། །ཀླུ་བརྒྱད་དག་དང་ཆར་སྤྲིན་རྣམས་ལ་བསྒོ། །བརྒྱ་བྱིན་བཀའ་ནི་དེ་དག་གིས་ཐོས་ནས། །སྤྲིན་ཚོགས་བུམ་པའི་ཆར་གྱིས་མེ་ཡང་གསོད། །ནམ་མཁའ་ལྡིང་གི་འདབ་མས་བཀབ་ནས་ནི། །མཆུས་བརྐོས་ཆུ་ཀླུང་གིས་ནི་
མཚམས་ཀྱང་བཅད། །ཨོྃ་བཛྲ་ནཱ་རཱ་ཡཎ། ནི་རབ་བཱ་ཡ། མ་ཧི་ན། བ་མ་མུ་མེ་གེ་ཧཱུྃ། ཞལ་རས་གསུམ་པ་སྟོན་ཀའི་ཟླ་བའི་མདོག །ཕྱག་བཞི་འོད་དམར་སྣ་ཚོགས་འབར་བའི་འོད། །ལྷ་མོ་བཞི་པ་བསྙེམས་མ་བྱམས་མ་དང་། །ཆུ་སྲིན་རྒྱལ་མཚན་མེ་ཏོག་རོལ་པས་བསྐོར། །
གཡས་པའི་ཕྱག་གིས་རྡོ་རྗེ་ལེགས་གསོར་ཞིང་། །གཡོན་པས་རྡོ་རྗེ་དྲིལ་བུ་སྒེག་པར་གཞག །ལྡེམ་བག་འཇོ་སྒེག་ཚུལ་གྱིས་རོལ་པ་སྟེ། །སེམས་དཔའ་འབྱུང་བའི་སྤྲིན་རྣམས་རྣམ་པར་འཕེལ། །རྣམ་པ་ཀུན་གྱིས་རྣམ་བརྒྱན་ཅིང་། །རིན་ཆེན་ཅོད་པན་དབང་བསྐུར་བས། །
ནམ་མཁའ་ལ་ནི་འབབ་པ་ཡི། །ཐོག་ཐོག་རྣམ་པར་ཟློག་པར་བྱེད། །ཨོྃ་མ་ཧཱ་པུཀྐ་བཛྲ། ཆེ་གེ་མོཛྫ་ཞེས་བྱ་བ་དང་། ཧཱུྃ་ཞེས་བྱ་བ་ནས། པཱུ་ར་ཊ་བནྡྷ་ཧཱུྃ་ཕཊ། སྦྱོར་བ་འདི་ནི་བྱས་པ་ཡིས། །བླ་མེད་བྱང་ཆུབ་རྒྱས་པར་འགྱུར། །དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་
གཤེགས་པ་རྣམ་པར་སྣང་མཛད་ཆེན་པོ། །མི་འཁྲུགས་རིན་ཆེན་འོད་དཔག་མེད། །དོན་ཡོད་གསང་སྔགས་རྒྱལ་རྣམས་དང་། །བཟང་པོ་རྣམ་པ་བཅུ་དྲུག་པོ། །ཀུན་དང་དྲག་པོའི་ཏིང་འཛིན་ལ། །གནས་པ་ཡི་ནི་ཁྲོ་བོ་དང་། །གསང་སྔགས་རྫོགས་མཛད་རིག་རྒྱལ་
མ། །རྣམ་པ་ཀུན་དང་ལྡན་པ་དག །རིམས་བྲལ་རང་གི་ཏིང་འཛིན་གནས། །ཐམས་ཅད་ལྡན་པའི་འཁོར་རྣམས་ལ། །གཟིགས་པ་ཆེན་པོས་རྣམ་གཟིགས་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སྨིན་མ་མཛེས་པར་བསྐྱོད་ནས་སུ། །ཡན་ལག་འཕྲོག་པའི་
เล่ม ๘๓ · หน้า 127b
འཛུམ་བསྟན་ནས། །ཐུགས་ཀྱི་སེམས་ནི་དགའ་བར་མཛད། །དགའ་བར་མཛད་པའི་མོད་ལ་ནི། །སངས་རྒྱས་མཆོག་ཀུན་གྱིས་མཆོད་པ། །ཤེས་རབ་ཆེན་པོའི་ཐོག་འདྲེན་པས། །བསྒྲིམས་ཏེ་སོ་སོར་གསོར་ནས་དེས། །བདེ་ཆེན་ཏིང་འཛིན་ལ་གནས་ཏེ། །ལྡེམ་བག་འཇོ་
ཚུལ་གྱིས་བལྟས་ནས། །ལག་གཉིས་པདྨའི་ཚུལ་གྱུར་ཏེ། །སྤྱི་བོར་ཐལ་མོ་སྦྱར་བྱས་ནས། །ཡེ་ཤེས་ལམ་ནི་རབ་སྟོན་པ། །རྒྱལ་ཆེན་རྣམ་པར་སྣང་མཛད་ལ། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །ཡིད་རྒྱས་པ་ཡིས་ཚིག་གསོལ་པ། །ཅི་སླད་རྣམ་པ་ཐམས་ཅད་དུ། །ཟུར་གྱིས་
རྣམ་པར་གཟིགས་པ་དང་། །སྨིན་མ་བསྐྱོད་བྱས་འཛུམ་མཛད་པ། །ཡེ་ཤེས་རྣམ་པར་བསྒྱིངས་བས་གསུངས། །བྱང་ཆུབ་ཆེན་པོའི་རྡོ་རྗེ་ཅན། །ལག་ན་རྡོ་རྗེས་གསོལ་མོད་ལ། །བརྟན་ཞིང་ཟབ་པའི་གསུང་གིས་ནི། །སངས་རྒྱས་རྣམས་ཀྱི་རོལ་པ་བཤད། །བསྒོམ་པའི་
ལམ་ལ་ལེགས་བྱུང་བ། །རྡོ་རྗེ་ཡེ་ཤེས་རྣམས་ཀྱི་ཐབས། །བདེ་བའི་བྱང་ཆུབ་ཐོབ་འགྱུར་བ། །སངས་རྒྱས་ཀུན་དང་སངས་རྒྱས་ཀྱི། །རྗེས་སུ་འབྲང་བའི་འཁོར་ཉོན་ཅིག །གང་ལ་དངོས་རྣམས་དངོས་མེད་ཅིང་། །མཐའ་གཉིས་ཀྱི་ནི་མཚན་མ་མེད། །དབུས་ལའང་སྤྱོད་
པ་མེད་པ་དག །དུས་གསུམ་འདས་པའི་ནམ་མཁའ་འདྲ། །ཐབས་དང་ཤེས་རབ་རྣམ་སྤངས་པ། །དེ་ལ་བྱང་ཆུབ་ཇི་ལྟར་རྟོགས། །རྟོགས་པར་འདོད་པ་དེ་དག་ནི། །ཐབས་རྣམས་ང་ཡིས་བཤད་པར་བྱ། །ཕུང་པོ་དངོས་པོ་ཡོང་མེད་པའི། །བྱང་ཆུབ་སེམས་ནི་གྲོགས་
གྱུར་པ། །སྤྲོ་བ་དང་ནི་བཏུང་བ་ཡིས། །སྐུ་གསུམ་མཆོག་ནི་མཆོད་པར་བྱ། །སེམས་ཀྱིས་སྐུ་ནི་ཐོབ་འགྱུར་ཞིང་། །སེམས་ཀྱིས་ཆོས་རྣམས་བསྟན་པ་ཡིན། །སེམས་ཀྱིས་བྱང་ཆུབ་འཐོབ་འགྱུར་བས། །དེ་བཞིན་ཉིད་ཀྱི་རྣམ་པར་བསྒོམ། །སེམས་ནི་སྒྱུ་མའི་རྣམ་པ་སྟེ། །
བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ། །དཔེར་ན་སྒྱུ་མའི་མཁན་པོ་འགས། །གྱོ་མོ་ལ་ནི་སྔགས་བཟླས་ཏེ། །ལེགས་པར་བྱས་པའི་གཟུགས་དག་ལ། །སྦྱོར་བ་གོམས་པས་བསྣུན་ན་ནི། །རྐང་བཞི་པ་ལ་སོགས་པའི་གཟུགས། །ཞེན་པའི་སེམས་ལ་སྣང་བར་འགྱུར། །དེ་བཞིན་
เล่ม ๘๓ · หน้า 128a
བསོད་ནམས་ཡེ་ཤེས་ལས། །བྱུང་བའི་ཚོགས་ཀྱིས་བསྒོམ་པའི་སེམས། །སེམས་ཅན་རྣམས་ཀྱི་བསམ་པ་ལ། །བླ་མེད་བྱང་ཆུབ་སྣང་བར་བྱེད། །དངོས་པོ་དོན་དམ་མི་ཤེས་པ། །ཕྱི་རོལ་དངོས་ལ་མངོན་ཞེན་པའི། །ངན་པར་རྟོག་པའི་རྣམ་རྟོག་གིས། །
རིན་ཆེན་སེམས་འདི་དྲི་མར་བྱས། །འབྱུང་བ་ཆེན་པོ་བཞི་རྣམས་དང་། །དངོས་པོ་ཐམས་ཅད་ལྡན་ཞེས་གསུངས། །དེ་ལ་གཙང་དང་མི་གཙང་སོགས། །མི་ཤེས་པ་ཡིས་ཡོངས་སུ་བརྟགས། །བདག་ཏུ་འཛིན་པའི་མངོན་ཞེན་པས། །དོན་དམ་ཕྱི་རོལ་བྱས་པ་ཡི། །ཐེག་པ་དམན་
པ་པ་རྣམས་ཀྱིས། །བླ་མེད་བྱང་ཆུབ་ཅི་ལྟར་འཐོབ། །བྱང་ཆུབ་རྣམ་པ་གཉིས་གསུངས་ཏེ། །ལྷག་མ་དང་བཅས་ལྷག་མ་མེད། །ལྷག་བཅས་ཕུང་པོའི་ངོ་བོ་སྟེ། །ཉོན་མོངས་པ་རྣམས་ཡོངས་སུ་བསྲེགས། །ལྷག་མེད་བག་ཆགས་མེད་པ་སྟེ། །མཁའ་ལྟར་དྲི་མ་མེད་པ་ཡིན། །
བླ་མེད་བྱང་ཆུབ་འདི་ལྟ་བུར། །སངས་རྒྱས་ཀུན་གྱིས་རྣམ་པར་བཤད། །དེ་ཡི་བྱང་ཆུབ་སྤེལ་བའི་ཕྱིར། །ལས་ཀྱི་ཚུལ་ནི་སྣ་ཚོགས་ཡིན། །རྣལ་འབྱོར་ཅན་གྱི་གསང་སྔགས་གང་། །ཡེ་ཤེས་སེམས་དཔའི་ཞབས་དྲུང་དུ། །རྟག་ཏུ་མཉེས་བྱས་མ་གྲུབ་པའི། །ལྷག་མ་ང་
ཡིས་བཤད་བྱ་སྟེ། །དེ་ནི་བདེ་བླག་ཐབས་ཀྱིས་སུ། །ཚར་བཅད་ནས་ནི་བསྒྲུབ་པ་བཤད། །རྡོ་རྗེ་ལྕགས་ཀྱུ་རྒྱལ་པོ་ཆེ། །རྡོ་རྗེ་ཞགས་པ་རབ་གདུང་བྱེད། །རྡོ་རྗེ་ཁུ་ཚུར་གཟི་བརྗིད་ཆེ། །རྡོ་རྗེ་ཕུར་བུ་རྣམས་འདྲིལ་བྱེད། །རྡོ་རྗེ་ཐོ་བ་རྡུང་བ་སྟེ། །རྡོ་རྗེ་ནག་མོ་ཆེར་འབར་པ། །ལྷ་
རྣམས་ཀུན་ལ་འཇིགས་པ་སྐྱེད། །ཕྱག་རྒྱ་རྣམ་པ་སྣ་ཚོགས་འདི། །བསྒོམས་ནས་ལས་ལ་སྦྱར་ན་ནི། །དམ་ཚིག་རྒྱལ་བས་བསྟན་པའི་ཕྱིར། །མཚུངས་པ་མེད་པའི་ལས་བྱེད་དོ། །གསང་སྔགས་རིག་པས་ཧཱུྃ་ཞེས་པའི། །ལྕགས་ཀྱུ་བཏང་ནས་ཞབས་དྲུང་དགུག །འདི་ནི་
གལ་ཏེ་སངས་རྒྱས་སམ། །རྡོ་རྗེ་འཆང་བའི་སྙིང་ལས་དགུག །དམ་ཚིག་གིས་ནི་ཞུགས་པ་དང་། །རྡོ་རྗེ་བཅིང་བས་བཅིང་བར་བྱ། །རྡོ་རྗེ་ཁུ་ཚུར་གྱིས་བཟུང་ནས། །རྡོ་རྗེ་ནག་མོས་ཀུན་ཏུ་བསྡིགས། །རྡོ་རྗེ་ཡི་ནི་ཕུར་བུ་ཡིས། །གཟུགས་བརྙན་གྱི་ནི་གནས་ལྔ་པོ། །དཔྲལ་
เล่ม ๘๓ · หน้า 128b
བ་མགྲིན་པ་སྙིང་ག་དང་། །དེ་བཞིན་དཔུང་པ་གཉིས་སུ་གདབ། །རྡོ་རྗེ་ཐོ་བས་བརྡུང་བར་བྱ། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །སངས་རྒྱས་ཉིད་ཀྱང་ངེས་པར་གནོན། །བསྡིགས་ལ་སོགས་པའི་སྦྱོར་བ་ཡིས། །གཟུགས་བརྙན་མིག་ཡོར་གྱུར་པ་དང་། །སངས་རྒྱས་བྱང་
ཆུབ་རབ་རྫོགས་པའི། །དངོས་གྲུབ་དེ་ཚེ་སྦྱིན་པར་མཛད། །འདི་ནི་མཐུ་ཡིས་གྲུབ་པ་ཡི། །སྦྱོར་བ་གཅིག་པུ་གསང་ཆེན་ཡིན། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་གིས་གསང་བའི་སྒྲུབ་པ་ཐོས་ནས་མགྲིན་གཅིག་ཏུ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བར་གསོལ་ཏོ། །གཙོ་བོ་རྡོ་རྗེ་
རྣམ་སྣང་མཛད། །དཔའ་བོ་ཆེན་པོ་ལེགས་སོ་ཞེས། །ཟབ་མོ་ཆོས་ཀྱི་མཆོག་གྱུར་པ། །དམ་པ་བཤད་པར་མཛད་པ་ལེགས། །སེམས་ཅན་ཕན་ཕྱིར་ཐུགས་རྗེ་ཡི། །ལྕགས་ཀྱུས་ཀུན་ནས་འབར་བ་ལེགས། །བདག་མེད་ཆོས་རྣམས་སྒྲུབ་པ་ཡི། །ཡེ་ཤེས་སྙིང་ཁུ་འབར་བ་ལེགས། །གསང་ཆེན་
ཐམས་ཅད་བསྟན་པ་ཡི། །རྡོ་རྗེ་ཐེག་པ་ངེས་པར་གསུངས། །ཐེག་པའི་ཚུལ་འདི་ལ་གནས་ན། །བླ་མེད་བྱང་ཆུབ་བདེ་བར་ཐོབ། །ཨོྃ་བཛྲ་ཨཾ་ཀུ་ཤ་ཨཱ་ཀུ་ཤ་ཨཱ་ཀརྵ་ཡ་ཧཱུཾ། ཨོཾ་བཛྲ་པཱ་ཤ་བནྡྷ་ཧཱུྃ། ཨོྃ་བཛྲ་ཊཱཀྐི་རཱ་ཛཱ་ཡ་ཧཱུྃ། ཨོྃ་བཛྲ་མུཥྚི་གྲྀཧྣ་ཧཱུྃ། ཨོྃ་བཛྲ་ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུྃ། ཨོྃ་བཛྲ་མུད་ག་ར་ཨཱ་ཀོ་ཊ་ཡ་ཧཱུྃ། ཡེ་ཤེས་
ཀྱི་སྙིང་ཁུས་སྙིང་པོ་ཅན་དུ་གྱུར་པའི་གསང་སྔགས་དག་པ་མཆོག་ཏུ་གྱུར་པ་དོན་ཡོད་པའི་ལས་འདི་དག་སུ་ལ་ཡང་བསྟན་པར་མི་བྱའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས་འདི་ནི་སྦྱོར་བའི་ཐབས་ཀྱིས་སྒྲུབ་པའི་རིམ་པར་ཕྱེ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་
གཤེགས་པ་རྣམ་པར་སྣང་མཛད་ཆེན་པོས་སྦྱོར་བའི་ལས་ཐམས་ཅད་ཀྱི་རྗེས་སུ་འབྲང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབབ་པ་ལ་སོགས་པའི་ལས་བྱ་བ་འདི་བཤད་དོ། །ཨོཾ་ཞེས་བྱ་བ་མགོར་བཞག་སྟེ། །ཨཱཿནི་བཞིན་གྱི་པདྨ་ལ། །ཧཱུྃ་ནི་བསྐུལ་ནས་སྙིང་གར་གཞག །ཡྃ་ནི་རླུང་གི་
དཀྱིལ་འཁོར་ལ། །བཞག་ནས་བསྒྲིམས་ཏེ་གདེག་བྱས་ན། །འགྲོ་བ་དང་ནི་གནས་པ་ཡི། །འགྲོ་བ་ཐམས་ཅད་འབབ་པར་འགྱུར། །དབབ་སྣོད་སྐུལ་བྱེད་གཟུགས་དེ་ཡི། །གཟུགས་ཀྱི་ངོ་བོར་བསམས་ནས་སུ། །རྡོ་རྗེ་འཆང་བའི་ང་རྒྱལ་གྱིས། །གསང་སྔགས་བསྙེམས་དང་བཅས་པར་བཀླག །བརྗོད་པར་
เล่ม ๘๓ · หน้า 129a
བྱ་བ་ཐོགས་པ་མེད་པའི་ཕྲེང་བ་ནི། །ན་མཿས་མནྟ་བུདྡྷ་ནཱྃ། སམྱཀྶཾ་བུདྡྷ་ཀོ་ཊཱིནཱཾ། ཏདྱ་ཐཱ། ཨོཾ་ཙ་ལེ་ཙུ་ལེ་ཙུ་ནྡེ་སྭཱ་ཧཱ། བརྩོན་འགྲུས་ཆེན་མོ་ཐོགས་བ་མེད་པར་འདུལ་བ། སྟོབས་ཆེ་བ། ཕ་རོལ་གནོད་པ་ཆེ་བ། ཕྱག་ན་རལ་གྲི་དང་། ཐོ་བ་དང་། དགྲ་སྟ་དང་ཞགས་པ་བསྣམས་མ། ཁྲོ་མོ་ཆེན་མོ་ཁྲོ་མོའི་དབང་ཕྱུག་
མ། དྲག་པོའི་གཟུགས་ཅན་མ། ཞལ་རས་མཐའ་ཡས་པ། ཕྱག་སྟོང་མ། མི་ཕམ་མ། གཞན་གྱིས་མི་ཐུབ་མ། དོན་ཡོད་པ། གདུལ་བར་དཀའ་བ། མིག་སྟོང་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་མ། ལྷ་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་མཆོད་པ་རབ་ཏུ་གྲུབ་མ། རྡོ་རྗེའི་སེན་མོ་ཅན་
རྡོ་རྗེ་རྡོ་རྗེ་འདྲེན་མ། རྡོ་རྗེའི་མཚོན་ཆ་ཅན། རྡོ་རྗེའི་སྐུ་ཅན་མ། རྡོ་རྗེའི་སྤྱན་གདངས་བའི་སྟང་སྟབས་ཅན། དྲག་ཤུལ་ཅན་མ་ལགས་ཀྱང་དྲག་ཤུལ་ཅན་གྱི་གཟུགས་ཅན་དུ་བསྒྱུར་བར་སྣང་བ། སྐུ་རྡོ་རྗེ་དང་བཻཌཱུ་རྱས་བརྒྱན་མ། ཨོཾ་བྷ་ག་པཱ་ཏི་ཙུནྡེ་དྲུཾ་དྲུཾ་དྲུཾ་དྲུཾ། མྲྀ་མྲྀ། རུ་རུ། སྲུ་སྲུ་རུ་རུ་གྲྀཧྣ་གྲྀཧྣ་ཨཱ་བེ་ཤ་ཡཱ། གྲྀ་ཧཱ་པ་ཡ་
གྲྀཧྞཱ་བ་ཡ། ས་ར་ས་ར། མཱ་ར་ཡ་མཱ་ར་ཡ། ཧ་ར་ཧ་ར། བྷཉྫ་བྷཉྫ། མ་ར་མ་ར། མཱ་ར་ཡ་མཱ་ར་ཡ། བ་ཙ་བ་ཙ། ད་ཧ་ད་ཧ། གྲྀཧྞ་གྲྀཧྞ། སྡང་བའི་གདོན་དང་། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། རྟག་པའི་རིམས་དང་། ཡུད་ཙམ་པ་དང་། འབྱུང་པོ་དང་། རོ་ལངས་དང་། གནོད་
སྦྱིན་དང་། སྲིན་པོ་དང་། གྲུལ་བུམ་གྱི་གདོན་དང་། མངལ་ནས་སྐྱེས་པ་དང་། ལས་ལས་སྐྱེས་པ་དང་། འགྲོ་བ་དང་། གནས་པ་འདི་དག་དང་། སྡང་བ་གང་དག་བདག་ལ་འཚེ་བ་ཐམས་ཅད། སཱདྷ་ཡ་སཱདྷ་ཡ། མརྡ་ཡ་མརྡ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཏཱ་པ་ཡ་ཏཱ་པ་ཡ། ཨུཏྤ་དྷ་ཡ་ཨུདྤ་དྷ་ཡ། ཧ་ན་ཧ་ན། བཛྲེ་ཎ་ས་ར་ས་ར་
དཎྜེ་ན། མ་ར་མ་ར། ཁཌྒེ་ན་ཧཱུྃ་ཧཱུྃ་ཧཱུྃ། ཙུྃ་ཙུྃ་ཙུྃ། ཏྲི་ཏྲི་ཏྲི། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སརྦྦ་སཱ་དྷ་ཡ་སྭཱ་ཧཱ། དེ་ནི་རྡོ་རྗེས་བསྐུལ་ནས་སུ། །རྡོ་རྗེ་དྲིལ་བུ་གསིལ་བྱ་ཞིང་། །རྡོ་རྗེ་བཅིང་བ་བསྟོད་པར་བྱ། །དབང་ཆེན་དཀྱིལ་འཁོར་ལ་གནས་ཨོཾ། །དབུས་སུ་པདྨ་འདབ་བརྒྱད་དང་། །འབྲེལ་བའི་པདྨ་བཞག་ནས་སུ། །ཨཱཿཞེས་བྱ་བར་
བརྒྱད་ཀྱིས་བརྒྱན། །དབུས་སུ་བསྒྲུབ་བྱ་བཞག་ནས་སུ། །ཧཱུྃ་བཞི་ཡིས་ནི་མཛེས་པར་བྱ། །ཁམ་ཕོར་ཁ་སྦྱར་ནང་བཅུག་སྟེ། །སྟེང་དུ་རྡོ་རྗེ་འཆང་བས་མནན། །སྒོམ་ཞིང་གསང་སྔགས་བསྐུལ་ཚིག་གིས། །བཟླས་བརྗོད་དག་ནི་བྱ་བ་དང་། །བ་ཞེས་བྱ་བའི་ཐེག་པ་ཡིས། །ཀུན་ནས་ཀྱང་ནི་བཀྲི་བར་བྱ། །
เล่ม ๘๓ · หน้า 129b
འདི་ནི་སྐུ་གསུམ་ལས་བྱུང་བའི། །ལྷ་དང་མི་ཀུན་མནན་པར་འགྱུར། །སྔགས་ལ་མཁས་པའི་བདག་ཉིད་ནི། །ཁ་དོག་དམར་པོ་རྡོ་རྗེ་ཅན། །འདོད་ཆགས་ཆེ་དང་ལྡན་པའི་གཟུགས། །འདོད་པའི་ལྷ་དང་ལྷན་ཅིག་བསམ། །སྐུ་གསུམ་ལྡན་པ་མདའ་ཐོགས་ཤིང་། །གཡོན་
པ་ཡིས་ནི་གཞུ་ཡང་གཟུང་། །ཨོྃ་ཧཱུྃ་བུད་མེད་སྤྱི་བོར་བསམས་ནས་ནི། །འདོད་པས་སྙིང་ཟགས་དྲེགས་བདོ་བ། །མདོག་དམར་ཐལ་མོ་སྦྱར་ནས་ནི། །འདུད་བཞིན་དུ་ནི་མདུན་བཞག་སྟེ། །རྡོ་རྗེ་མདའ་ཡིས་བསྣུན་ན་ནི། །པདྨ་དག་ལས་ཟིལ་པ་འཛག །རྡོ་རྗེ་མདའ་ཡི་སྦྱོར་བ་ཡིས། །
འདོད་ཆགས་ཅན་མ་འཛག་པར་འགྱུར། །རྣལ་འབྱོར་ཅན་གྱིས་དབང་བྱའི་ཕྱིར། །འདོད་ཆགས་རྡོ་རྗེ་ཅན་ཡང་བསྒོམ། །མི་ཐོད་ལས་བྱས་ཅང་ཏེའུ་ལ། །སྤྲེའུའི་པགས་པས་གཡོགས་ནས་ནི། །ངོས་གཉིས་ལ་ནི་པདྨ་བྲི། །བུད་མེད་ཁྲག་གིས་འཛག་པར་བྱ། །དེ་ཡི་དཀྱིལ་དུ་བྲེཾ་
བྲིས་ཏེ། །མི་ཡི་སྐྲ་ཡིས་བཏགས་ནས་ནི། །མཐིང་རིལ་གྱི་ནི་རྐང་རུས་ཀྱིས། །ཕྲེཾ་ཧཱུྃ་མིང་ནས་བརྗོད་ཅིང་བརྡུང་། །ལམ་གྱི་བཞི་མདོར་དཀྱིལ་འཁོར་ནི། །རྐང་པ་གཡོན་པའི་མཐེ་བོས་བྲིས། །གྲྭར་ནི་བུ་མོ་ཟས་སྦྱིན་མ། །འགུགས་པར་བརྩོན་པའི་ལྕགས་ཀྱུ་བྱ། །གཙོ་བོ་
ཁྲག་འཐུང་ཆ་ལུགས་ཀྱི། །གཟུགས་ཅན་གྱིས་ནི་རྟིང་བས་བརྡུང་། །འདིས་ནི་ཁམས་གསུམ་རྣམ་གནས་པའི། །བུ་མོ་ཟས་སྦྱིན་འགུགས་པར་འགྱུར། །གང་ཡང་རུང་བའི་གཟུགས་བརྙན་ལ། །གནས་པ་ཡི་ནི་ང་རྒྱལ་གྱིས། །རྣལ་འབྱོར་འཁོར་ལོ་རྫོགས་གྱུར་ན། །ཚིག་གི་
རྣམ་པ་ཙམ་གྱིས་ཀྱང་། །ལྷ་དང་ལྷ་མིན་མི་ལ་སོགས། །རྣལ་འབྱོར་ཅན་གྱིས་ཐམས་ཅད་བྱེད། །གང་ཚེ་དབང་ཉིད་ལ་གནས་པ། །དེ་ཚེ་ཐམས་ཅད་མངག་གཞུག་འགྱུར། །བལྟས་པ་ཙམ་གྱིས་འཆི་བ་འམ། །མེ་ཙམ་གྱིས་ཀྱང་གཅོད་པའི་མཆོག །སྒྱུ་མའི་ཡེ་ཤེས་ཀྱིས་
བསྐུལ་ནས། །རྣལ་འབྱོར་ཅན་གྱིས་གླུ་དང་གར། །ཅི་ལྟར་ཅི་ལྟར་བསྒོམས་བྱས་པ། །དེ་ལྟར་འགྲོ་བ་རབ་ཏུ་བྱེད། །སྦྱིན་སྲེག་དེ་ཉིད་ལ་གནས་པའི། །མེ་ཡི་ལྷ་ནི་ཞལ་ཡིན་པས། །སྣ་ཚོགས་ལས་རྣམས་གྲུབ་བྱེད་པའི། །སྦྱིན་སྲེག་ལས་ནི་རབ་ཏུ་བཤད། །སྦྱིན་སྲེག་
เล่ม ๘๓ · หน้า 130a
གིས་ནི་ལྷ་རྣམས་ཚིམ། །ཚིམ་པར་གྱུར་ནས་དངོས་གྲུབ་སྟེར། །གསང་སྔགས་ལྷག་ཆད་གང་ཡིན་པ། །ཐམས་ཅད་སྦྱིན་སྲེག་དག་གིས་སྐོང་། །དེ་ཕྱིར་སྐུ་གསུམ་མཁས་མཆོག་གིས། །སྦྱིན་སྲེག་རབ་ཏུ་བསྔགས་པར་མཛད། །གཙུབ་ཤིང་ལས་ནི་
བྱུང་བའི་མེ། །དགེ་བ་ཡི་ནི་ལས་རྣམས་བྱེད། །གདོལ་པའམ་དུར་ཁྲོད་ལས་བྱུང་བའི། །མེ་ཡིས་ལས་རྣམས་རབ་ཏུ་སྒྲུབ། །ཐབ་ཁུང་ཟླུམ་པོ་གྲུ་བཞི་པ། །ཟླ་གམ་དང་ནི་ཟུར་གསུམ་པ། །དཀྱིལ་འཁོར་ཟུར་གྱི་ཁ་ཁྱེར་ལ། །རྡོ་རྗེ་མཚན་མ་དག་གིས་བརྒྱན། །
སྦྱིན་སྲེག་དེ་ཉིད་ཚུལ་རིག་པས། །ཐབ་ཁུང་རྣམས་ཀྱི་དབུས་སུ་ནི། །པདྨོ་སྟེང་གནས་གཙུག་ཏོར་དང་། །རྡོ་རྗེ་རིན་ཆེན་པདྨ་གཞག །ཅི་ལྟར་རིགས་པར་འདུག་གནས་སུ། །ལག་གཉིས་པུས་མོའི་བར་བཞག་སྟེ། །དགང་གཟར་མར་གྱིས་བཀང་ནས་ནི། །བླུགས་
གཟར་བཀང་སྟེ་དེ་བཞིན་བསྲེག །སྦྱིན་སྲེག་ལ་དགོས་གཡས་སུ་གཞག །གཡོན་དུ་ཆུ་ཡི་སྣོད་དག་གོ། །ལས་ཀུན་བྱེད་པ་བཟླས་ནས་སུ། །བསང་གཏོར་དང་ནི་འཐོར་འཐུང་བྱ། །ཀུ་ཤའི་རྩེ་མོས་གནོན་པ་ཡིས། །ཐབ་ཁུང་ཁོར་ཡུག་བསྐོར་བར་བྱ། །མེ་ནི་འབར་
བར་ཤེས་པ་དང་། །གཡས་པས་མི་འཇིགས་མཐེབ་བསྐྱོད་ཅིང་། །གསང་སྔགས་འདིས་ནི་ཆོ་ག་བཞིན། །མེ་ཡི་ལྷ་ནི་སྤྱན་དྲང་ངོ་། །ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །བསྲེག་བླུགས་ཞལ་ཟས་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་
བཞུགས་སུ་གསོལ། །ཨོྃ་ཨ་གཱ་ཡེ། དཱི་བྱ་དཱི་བྱ། ཨཱ་བེ་ཤ་མ་ཧཱ་ཤྲི་ཡེ། ཧ་བྱ་ཀ་བྱ། བ་ཧ་ནཱ་ཡ་སྭཱ་ཧཱ། ལག་གཡོན་རྡོ་རྗེ་བསང་གཏོར་ཏེ། །མཆོད་ཡོན་མཆོད་པ་རྣམ་ལྔ་དབུལ། །མེ་ཡི་ཕྱོགས་ནས་བོད་པ་ནི། །གསུས་པོ་ཆེ་ལ་མིག་གསུམ་པ། །གདོང་བཞི་
ལག་པ་བཞི་དང་ལྡན། །འོད་དམར་རལ་པའི་ཐོར་ཚུགས་ཅན། །མེ་ཡི་དཀྱིལ་འཁོར་ལ་གནས་ཤིང་། །ལས་ཀྱི་འོད་ཟེར་རྣམས་ཀྱིས་བརྒྱན། །ལག་པ་དང་པོ་མཆོག་སྦྱིན་ལ། །གཉིས་པ་ན་ནི་སྔགས་ནོར་ཕྲེང་། །གཡོན་ན་རིལ་པ་སྦྱི་བླུགས་ཏེ། །གཉིས་པ་ན་ནི་བེ་
เล่ม ๘๓ · หน้า 130b
ཅོན་ཉིད། །མདོག་དམར་རྒྱན་ནི་མེད་པ་ལ། །དྲང་སྲོང་རྣམས་ཀྱིས་ཡོངས་བསྐོར་བ། །འདི་ལྟའི་གཟུགས་ནི་བསམས་ནས་ཀྱང་། །ཐབ་ཀྱི་དབུས་སུ་བཞུགས་སུ་གསོལ། །དེ་ལ་སྦྱིན་སྲེག་ལ་དགོས་པ། །ཀུན་ནས་ལན་གསུམ་བསྲེག་བླུགས་དབུལ། །དེ་
ནས་འཐོར་འཐུང་བྱས་ནས་སུ། །འབར་བའི་རྣམ་པར་བསྒྱུར་བར་བྱ། །རིམ་པ་འདི་ཡི་ཚུལ་གྱིས་ནི། །མཁས་པས་ལྷ་རྣམས་ཚིམ་པར་བྱ། །ལེགས་པར་ཚིམ་བྱས་བཟོད་གསོལ་ཏེ། །འདོད་པའི་དངོས་གྲུབ་གསོལ་བ་གདབ། །བཅུམ་པ་རྒྱལ་མཚན་རྡོ་རྗེ་གདུགས། །
པདྨ་ལྕགས་ཀྱུའི་རྣམ་པ་དག །མེ་ལྕེ་མདོག་དཀར་སྣང་བ་དང་། །འཁྱིལ་བའི་མཚན་མ་མཁས་པས་བརྟག །དེ་ནས་མྱུར་དུ་འགྲུབ་འགྱུར་བས། །བསྒོམ་དང་བཟླས་ལ་འབད་པར་བྱ། །ཞི་དང་རྒྱས་དང་དབང་ལ་ནི། །ཨོྃ་ཞེས་པ་དང་སྭཱ་ཧཱ་མཐར། །དབྱངས་ཀྱི་རྒྱུན་ནི་བསྲིང་
བ་དང་། །བར་ཆད་མེད་པའི་དབྱངས་ཀྱིས་སྦྱར། །ཞི་བའི་སེམས་ཀྱིས་ཞི་བ་མོ། །འབྱོར་བ་རྒྱས་པ་མངོན་པར་སྤེལ། །དྲེགས་གདོང་སྟབས་ཚུལ་བཅས་པ་དང་། །དབང་དུ་གྱུར་པས་དབང་བྱའོ། །དྲག་ཤུལ་སྤྱོད་ཚུལ་ལ་གནས་པས། །ཧཱུྃ་ཞེས་པ་དང་ཕཊ་དང་བཅས། །
ལུས་ནི་མེ་ལྕེ་འབར་བ་དང་། །འཇིག་རྟེན་གསུམ་པོ་བཟར་བསམས་ནས། །བསྐུལ་བའི་ཚིག་དང་སྤེལ་བ་ཡི། །གསང་སྔགས་ཡི་གེ་ངེས་པར་སྦྱར། །སྔགས་གྲུབ་ཆོ་ག་ཤེས་པ་ཡིས། །སྦྱིན་སྲེག་ཆོ་ག་ཐམས་ཅད་ལ། །སྣ་ཚོགས་ལས་དང་ལྡན་པའི་ལྷ། །གང་དག་
ཡིན་པར་མཆོད་པར་བྱ། །སྦྱིན་སྲེག་དེ་ཉིད་ཀྱིས་བསྐུལ་ཅིང་། །དང་པོ་དགང་བླུགས་སྲེག་ཅིང་དབུལ། །ཕྱིས་ནི་རིམ་བཞིན་རྣམ་པར་སྤེལ། །ཞི་དང་རྒྱས་དང་དབང་རྣམས་ལ། །དགེ་བ་རྫས་རྣམས་སྦྱིན་སྲེག་བྱ། །བཤང་གཅི་ཁྲག་རྐང་རུས་པ་དང་། །ཤ་ཆེན་དག་
ཀྱང་སྦྱིན་སྲེག་བྱ། །ཅི་སྟེ་ཡེ་ཤེས་སེམས་དཔའི་ཞལ། །མི་གཙང་བ་ཡིས་བཀང་ན་གོ། །ཇི་ལྟར་སྡིག་པ་མི་སྐྱེ་འགྱུར། །གལ་ཏེ་སྡིག་འགྱུར་འབྲས་བུ་གང་། །སེམས་ཅན་མི་ཤེས་པས་རྨོངས་ཏེ། །ཐམས་ཅད་ཤེས་རབ་རྣམས་སྤངས་ཤིང་། །ཕྱི་རོལ་དངོས་ལ་
เล่ม ๘๓ · หน้า 131a
མངོན་ཞེན་པ། །རྣམ་རྟོག་དྲ་བས་བླུན་བྱས་གང་། །དེ་དག་གིས་ནི་དགེ་སྡིག་གི། །ཕུང་པོ་གཉིས་སུ་རྣམ་པར་བརྟགས། །ཆོས་འདི་རང་བཞིན་གྱིས་དག་སྟེ། །སྐྱེ་བ་མེད་ཅིང་གནས་པ་མེད། །སེམས་ཅན་ཤེས་པ་སྤེལ་བའི་ཕྱིར། །སངས་རྒྱས་རྣམས་ཀྱི་ཐབས་ཀྱིས་བསྟན། །དམ་པའི་དོན་
དུ་དགེ་སྤངས་ན། །བསོད་ནམས་མེད་པ་ཅི་ཞིག་སྨོས། །དཔེར་ན་ཆུས་གང་ཆུ་ཀླུང་གི། །ཕ་རོལ་འགྲོ་བའི་སེམས་ཅན་དག །རྩྭ་དང་ཤིང་ལ་སོགས་བསྡུས་ཏེ། །ཆུ་ལས་རྒལ་བའི་གཟིངས་བྱས་ན། །དེ་ལ་འཇུས་ཏེ་ལེགས་བརྒལ་ན། །བོར་ཏེ་བདེ་བར་འགྲོ་བ་ལྟར། །དེ་བཞིན་འཁོར་བའི་ཕ་རོལ་གྱི། །ཆོས་
ཀྱི་ལམ་ནི་བསྐྱེད་བྱས་ཀྱང་། །ཆོས་དང་ཆོས་མིན་རྣམ་སྤངས་ནས། །བྱང་ཆུབ་བདེ་བ་ཐོབ་པ་བཞིན། །དེ་ཕྱིར་རྣམ་རྟོག་དྲང་སྤོངས་ལ། །ཟབ་མོ་ཡི་ནི་ཆོས་སྤེལ་ཏེ། །དེ་བཞིན་གཤེགས་པས་གསུངས་ལམ་ལ། །སྔགས་རིག་རྣམ་རྟོག་མ་བྱེད་ཅིག །རྣམ་རྟོག་རྨོངས་པ་ཆེན་པོ་སྟེ། །འཁོར་བའི་རྒྱ་
མཚོར་ལྟུང་བྱེད་པས། །ནམ་མཁའ་ལྟ་བུར་དྲི་མེད་པའི། །རྣམ་པར་མི་རྟོག་ཏིང་འཛིན་མནོས། །དབང་པོ་གཉིས་ནི་མཉམ་སྦྱར་ཏེ། །ལུས་དང་ངག་དང་སེམས་བསྡམས་ནས། །ངའོ་སྙམ་པའི་གཟི་བསྐྱེད་གཟུགས། །རྣམ་པ་ཀུན་གྱིས་རྣམ་པར་བརྒྱན། །རྣལ་འབྱོར་ལྡན་པ་ཚེ་འདི་ལ། །ཡེ་ཤེས་
རྫོགས་པ་ཉིད་དུ་འགྱུར། །ལས་ལས་བྱུང་བར་རྣམ་བསྟན་པའི། །སྐྱེས་པ་བུད་མེད་གཟུགས་མང་ལ། །བརྙས་པ་ཉིད་དུ་མི་བྱ་འདིས། །རྡོ་རྗེ་ལུས་ཅན་དམ་ཚིག་ཡིན། །ངན་རྟོག་བཟང་རྟོག་དྲ་བ་ཡི། །སེམས་ཀྱི་སེམས་ཅན་རྣམས་ལ་ནི། །སྣ་ཚོགས་གདུང་བས་སུན་མི་དབྱུང་། །རྡོ་རྗེ་སེམས་
ལྡན་དམ་ཚིག་ཡིན། །སྲེད་པས་བསྐྱེད་རྩུབ་ཕྲ་བ་ཡིས། །ཚིག་དག་རྣམ་པར་མི་སྨྲ་ཞིང་། །མཉན་ན་བདེ་བར་བྱེད་པ་འདི། །རྡོ་རྗེ་ངག་ཅན་དམ་ཚིག་ཡིན། །རྣམ་པར་སྣང་མཛད་ཆེར་འཁྲུགས་མཆོག །ཤ་ཡི་ཁམས་ལ་གནས་པ་ཡིན། །རྐང་ལ་མི་འཁྲུགས་རྒྱལ་པོ་སྟེ། །ཁྲག་ལ་རིན་
ཆེན་འབྱུང་བ་གཙོ། །སེམས་ཅན་རྣམས་ཀྱི་རུས་ཕུང་གི། །རུས་གོང་ལ་ནི་འོད་དཔག་མེད། །རྩ་ཡི་ཚོགས་རྣམས་རྣམ་འདྲེན་པ། །ཐུབ་པ་སྐྱེས་མཆོག་དོན་ཡོད་ལ། །དམ་ཚིག་ཤེས་པ་རྣམས་ལ་ནི། །གསང་ཆེན་ང་ཡིས་བསྟན་པ་འདི། །བློ་ལྡན་རྡོ་རྗེ་སེམས་ཀྱིས་ནི། །རྟག་ཏུ་བསྟེན་ཞིང་བསྒོམ་
เล่ม ๘๓ · หน้า 131b
པར་བྱ། །འདོད་ཆགས་ཞེ་སྡང་དེ་བཞིན་རྨོངས། །སྲེད་དང་དེ་བཞིན་རྣམ་སྤེལ་བའི། །ཆོས་ནི་རྣམ་པ་ལྔ་པོ་འདི། །ཐུབ་པ་སྐྱེས་མཆོག་རྣམས་ཀྱིས་གསུངས། །བཤང་གཅི་ཁུ་བ་མཆིལ་མ་ཁྲག །འཛག་པ་འབྱུང་བ་བཞིས་བསྡུས་པ། །བསྒོམ་པའི་བློ་གྲོས་རྫོགས་པ་ཡིས། །དམ་ཚིག་བསྟེན་
པར་བྱ་བ་སྟེ། །རྟག་ཏུ་བཟའ་ཞིང་བཏུང་བར་བྱ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་གྱི་དྲ་བ་ལས་འདི་ནི་སྦྱིན་སྲེག་རིམ་པར་ཕྱེ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་རྡོ་རྗེའི་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་ཐམས་ཅད་ཀྱི་དངོས་གྲུབ་དམ་པའི་རྡོ་རྗེ་
ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་མཆོག་དངོས་གྲུབ་འདི་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་གསང་སྔགས་བསྒོམ་པའི་རྣལ་འབྱོར་གྱི་ཆོ་གས་ཡང་དག་པར་བསྐུལ་ནས་རྫས་ཐམས་ཅད་ཀྱི་དངོས་གྲུབ་བསྒྲུབ་པའི་ཐབས་གསང་ཆེན་འདི་ཉོན་ཅིག །
རྣམ་པར་སྣང་མཛད་ཏིང་འཛིན་ལ། །གནས་ཤིང་སྐུ་གསུང་ཐུགས་བསྒོམས་ཏེ། །མདུན་དུ་འཁོར་ལོ་ལེགས་པར་གཞག །སྐུ་གསུམ་རྡོ་རྗེ་ཅན་གྱི་གཟུགས། །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །འཁོར་ལོའི་ནང་དུ་ཞུགས་གྱུར་པར། །བསྒོམ་ཞིང་འཁོར་ལོ་བསྒྲུབ་པར་བྱ། །མེ་ཡི་འོད་ལྟར་འབར་བའི་འོད། །
འཁོར་ལོ་ཆེན་པོ་འཕགས་པར་འགྱུར། །སྤྱན་ནི་བཟླས་བརྗོད་བྱེད་བཞིན་དུ། །བླ་མེད་འཁོར་ལོ་བླང་བར་བྱ། །རྒྱལ་ཆེན་འཁོར་ལོ་དྲུག་པ་དག །འོད་ནི་རྣམ་པར་སྣང་མཛད་བཞིན། །ལན་གསུམ་འཇུག་པའི་སེམས་ཅན་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །མི་འཁྲུགས་པར་ནི་རྣམ་བསྒོམ་ཞིང་། །རྡོ་རྗེ་
མདུན་དུ་བཞག་ནས་ནི། །རིམ་པ་བཞིན་དུ་བསྐུལ་ན་འདིས། །སྐུ་གསུམ་རྣམ་པར་འཕེལ་འགྱུར་ཞིང་། །འབར་བའི་ཕྲེང་ཆེན་མཉམ་པའི་འོད། །རྡོ་རྗེ་ཆེན་པོ་འཕགས་པར་འགྱུར། །མཱ་མ་ཀཱི་ནི་ཟློས་བཞིན་དུ། །རྡོ་རྗེ་བླ་མེད་བླང་བར་བྱ། །རྡོ་རྗེ་རྒྱལ་པོ་བླངས་པ་ཡིས། །གཙོ་བོ་རྡོ་རྗེ་འཆང་
གཉིས་འགྱུར། །གཙོ་བོ་ཆེན་པོ་སངས་རྒྱས་དང་། །བྱང་ཆུབ་སེམས་དཔས་ཡོངས་བསྐོར་ནས། །སེམས་ཅན་ཀུན་སེམས་ལ་གནས་པའི། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། །འཇིག་རྟེན་ཁམས་སུ་རྣམ་རྒྱུ་ཞིང་། །ཀུན་གྱི་བསམ་པ་ཡོངས་རྫོགས་བྱེད། །རིན་ཆེན་འབྱུང་བ་བསྒོམས་ན་ནི། །
เล่ม ๘๓ · หน้า 132a
རིན་པོ་ཆེ་ནི་མདུན་བཞག་སྟེ། །སྦྱོར་བའི་རིམ་པས་རྣམ་སྤེལ་ན། །རིན་ཆེན་ཆེན་པོ་འཕགས་པར་འགྱུར། །རིན་ཆེན་སྒྲོལ་མ་ཟློས་བཞིན་དུ། །འོད་བཟང་གཟི་བརྗིད་འབར་བ་ཅན། །ཕྱོགས་ཀུན་སྣང་བར་བྱེད་པ་ཡི། །ནོར་བུའི་རྒྱལ་པོ་བླང་བར་བྱ། །ལྷ་རྫས་ནོར་བུ་བླངས་པ་ཡིས། །རིན་
ཆེན་འབྱུང་བ་གཉིས་པར་འགྱུར། །དེ་ནི་སེམས་ཅན་ཐམས་ཅད་ཀྱི། །ཡིད་བཞིན་ནོར་བུ་རིན་ཆེན་བཞིན། །རིན་ཆེན་ཆར་པ་རབ་འབེབས་ཤིང་། །སེམས་ཅན་ཀུན་གྱི་དབུལ་བ་འཇོམས། །གཙོ་བོ་ཡིད་བཞིན་ནོར་བུ་ཅན། །སངས་རྒྱས་ཞིང་དུ་རྣམ་པར་རྒྱུ། །འོད་དཔག་མེད་པར་རྣམ་བསྒོམས་ནས། །པདྨ་ཆེན་
པོ་མདུན་བཞག་སྟེ། །རིམ་བཞིན་གཟི་བརྗིད་གཟེངས་བསྟོད་ན། །འདབ་མ་བྱེ་བས་རྣམ་བརྒྱན་པ། །འོད་བཟང་གསེར་ལྟར་འབར་བ་ཅན། །པདྨ་ཆེན་པོ་འཕགས་པར་འགྱུར། །གོས་དཀར་ཅན་མའི་གསང་སྔགས་ཀྱིས། །ཡིད་ལས་བྱུང་བའི་པདྨ་བླང་། །པདྨའི་རྒྱལ་པོ་བླངས་པ་ཡིས། །འོད་དཔག་མེད་
པ་གཉིས་པར་འགྱུར། །ཆོས་མཛད་རྣམས་ཀྱིས་ཐོག་འདྲེན་ཅིང་། །སེམས་ཅན་རྣམས་ལ་བདུད་རྩི་སྩོལ། །སངས་རྒྱས་ཞིང་རྣམས་སྣང་བྱེད་གཙོ། །བདེ་བ་ཅན་གྱི་རྒྱན་དུ་འགྱུར། །དོན་ཡོད་གྲུབ་པ་རྣམ་བསྒོམས་ནས། །རལ་གྲི་མདུན་དུ་རྣམ་བཞག་སྟེ། །རྣལ་འབྱོར་རིམ་པ་འདི་ཡིས་ནི། །བསྒོམ་པ་དེ་ཉིད་ཀྱིས་
བསྐུལ་ན། །རྡོ་རྗེ་འབར་བ་ལྟ་བུའི་འོད། །རལ་གྲི་ཆེན་པོ་འཕགས་པར་འགྱུར། །སྒྲོལ་མའི་གསང་སྔགས་ཟློས་བཞིན་དུ། །རལ་གྲི་བླ་མེད་བླང་བར་བྱ། །དེ་ནས་རལ་གྲི་མཆོག་བླངས་ནས། །དོན་ཡོད་གྲུབ་པ་གཉིས་པར་འགྱུར། །སངས་རྒྱས་ཞིང་དུ་རྣམ་རྒྱུ་ཞིང་། །སེམས་ཅན་རྣམས་ཀྱི་མི་ཤེས་གཅོད། །
རྟག་ཏུ་དྲི་མེད་སྣང་གྱུར་ཏེ། །ཆུ་ཡི་ནང་གི་སྟོན་ཟླ་བཞིན། །རྫས་ཀྱི་དངོས་གྲུབ་བསྟན་ནས་ནི། །ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ། །རྣལ་འབྱོར་ཆེ་ལ་རྣམ་གནས་པ། །དེ་བཞིན་གཤེགས་ཀྱི་བཙུན་མོ་ཆེ། །ཞེ་སྡང་རིགས་ནི་འདྲེན་མཛད་མ། །རྡོ་རྗེ་གདན་ཅན་མཱ་མ་ཀཱི། །རིན་ཆེན་འབྱུང་བའི་ལྷ་མོ་དང་། །ལྷ་མོ་འགྲོ་བ་
དབང་མཛད་མ། །མཁའ་ལ་ལོངས་སྤྱོད་སྤྱོད་མཛད་མ། །རིམ་པ་བཞིན་དུ་ང་ཡིས་བཤད། །དེ་ནས་བུ་མོ་མིག་ཡངས་མ། །ལོ་ནི་བཅུ་དྲུག་ལོན་པ་ལ། །གཟུགས་དང་མདངས་དང་ལང་ཚོར་ལྡན། །གསེར་གྱི་རྣ་ཆ་གཡོ་བ་ཅན། །གཅིག་ཅིག་བསྒྲིམས་ཏེ་བཙལ་ནས་སུ། །ལྷ་མོ་བྱི་དོར་ལེགས་བྱས་ཏེ། །
เล่ม ๘๓ · หน้า 132b
རིགས་ལྔ་ཡི་ནི་ཚོགས་ཅན་མ། །ལས་ཀྱི་རྗེས་སུ་བསྒོམས་བྱས་ནས། །བཞག་སྟེ་སྤྲད་པའི་སྦྱོར་བ་ཡིས། །པདྨ་ལ་ནི་རྡོ་རྗེ་གཞག །སྤྲད་པ་དང་ནི་འཁྱུད་པ་ཡིས། །རྡོ་རྗེ་དང་ནི་པདྨ་བསྐུལ། །གར་གྱི་ཚུལ་དུ་གྱུར་པ་དང་། །དེ་བཞིན་སྤྲོ་དང་བསྡུ་བ་ཡི། །མོད་ལ་སྒྱུ་མའི་དྲེགས་མྱོས་ནས། །རྡོ་རྗེ་ལས་ནི་
བདུད་རྩི་འབྱུང་། །རྣལ་འབྱོར་ལྡན་པའི་ཤེས་རབ་ལས། །པདྨ་ལ་གནས་བདུད་རྩི་བཏུང་། །རྣལ་འབྱོར་ལྡན་པའི་ཁ་ཡིས་ནི། །འཐུངས་པས་དེ་བཞིན་གཤེགས་ལྔ་ཡི། །སྐུ་ནི་ཡོངས་སུ་འགྱུར་བ་འཐོབ། །ནམ་མཁའ་འདྲ་བའི་ཆོས་ཀུན་ལ། །ཐབས་དང་ཤེས་རབ་རྣམ་པར་འཕེལ། །འདི་ནི་སངས་
རྒྱས་ཐམས་ཅད་ཀྱི། །སྐུ་ཡི་སྙིང་པོ་སྒྲུབ་པ་སྟེ། །འདོད་ལྔའི་ཡོན་ཏན་རྗེས་འཇུག་པའི། །བྱང་ཆུབ་བདེ་བས་བསྒྲུབས་ན་ནི། །རྡོ་རྗེ་པདྨ་བྱིན་བརླབས་ནས། །རྗེས་སུ་ཆགས་པས་འཐོབ་པར་འགྱུར། །གྲུབ་ཆེན་གསང་བའི་དངོས་གྲུབ་ནི། །སྡུག་བསྔལ་མེད་པའི་བདེ་བའི་ཐབས། །རྗེས་སུ་ཆགས་པས་བདེ་
བ་ཡི། །རྡོ་རྗེ་ཐེག་པས་མཉེས་པར་འགྱུར། །སྦྱོར་བའི་ཁྱད་པར་འདི་ཡིས་ནི། །ལན་གསུམ་འཇུག་པའི་གསང་སྔགས་དང་། །ལམ་གྱི་ཕྱག་རྒྱ་ངས་བཤད་དོ། །དེ་དག་ལག་པའི་ཕྱག་རྒྱ་དག །ཡེ་ཤེས་ཕྱག་རྒྱ་རབ་བསྐུལ་བས། །དམ་ཚིག་མཆོག་གིས་འགྲུབ་པར་འགྱུར། །ཐུབ་ཆེན་སྣ་
ཚོགས་གཟུགས་མངའ་བ། །སྣ་ཚོགས་ཕྲིན་ལས་མཛད་པར་འགྱུར། །དེ་ནས་ཕྱག་ན་རྡོ་རྗེ་ཁམས་གསུམ་གྱི་དམ་ཚིག་གི་འཁོར་ལོ་འདི་ཉིད་ཀྱི་རྡོ་རྗེའི་སྐུ་དང་གསུང་དང་། ཐུགས་ལས་ཕྱུང་ངོ་། །ས་ནི་སྤྱན་དུ་བརྗོད་པ་སྟེ། །ཆུ་ཁམས་མཱ་མ་ཀཱི་ཞེས་བཤད། །སྒྲོལ་མ་རླུང་ཞེས་ཀུན་ཏུ་བརྗོད། །
གོས་དཀར་ཅན་མ་མེ་རུ་བསྒྲགས། །རྡོ་རྗེ་དམ་ཚིག་ནམ་མཁའི་དབྱིངས། །སྟོན་པ་རྡོ་རྗེ་འཆང་བས་བཤད། །ཅེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སའི་དབང་ཕྱུག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་དེ་བཞིན་གཤེགས་པས་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ནས་ཅང་མི་གསུང་བར་གྱུར་ཏོ། །
เล่ม ๘๓ · หน้า 133a
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་གསང་བ་འདུས་པར་དབང་བསྐུར་བའི་སློབ་དཔོན་
དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཅི་ལྟར་བལྟ་བར་བགྱི་ལགས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱིས་འདི་ནི་རྡོ་རྗེའི་བྱང་ཆུབ་ཀྱི་སེམས་སུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་
ཆུབ་ཀྱི་སེམས་དང་རྡོ་རྗེ་སློབ་དཔོན་འདི་གཉིས་གཉིས་སུ་བྱར་མེད་པའི་ཕྱིར་ཞེས་བྱ་བའི་བར་ནས་རིགས་ཀྱི་བུ་མདོར་བསྡུས་ནས་ཡང་བཤད་པར་བྱའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་ཤིང་གཞེས་པའི་བར་དེ་དག་ཐམས་ཅད་དུས་གསུམ་དུ་བྱོན་
ནས། སློབ་དཔོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པས་མངོན་པར་མཆོད་ནས་འདི་སྐད་ཅེས་བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕ་ཡིན་ནོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མ་ཡིན་ནོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པ་ཡིན་
ནོ། །ཞེས་རྡོ་རྗེའི་ཡི་གེ་གསུམ་ཕྱུང་ནས་སླར་ཡང་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་འགྱུར་རོ། །རིགས་ཀྱི་བུ་དཔེར་ན་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་བཞུགས་པའི་བར་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་ཀྱི་བསོད་ནམས་ཀྱི་ཕུང་
པོ་བས་ནི་རྡོ་རྗེ་སློབ་དཔོན་དེའི་སྤུའི་ཁུང་བུ་གཅིག་གི་བསོད་ནམས་ཀྱི་ཕུང་པོ་ཆེས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པའི་བར་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་ནོ། །དེ་ནས་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འཇིགས་ཤིང་སྐྲག་པའི་ཡིད་ཀྱིས་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་ཡང་དེ་བཞིན་གཤེགས་པ་མི་འཁྲུགས་པ་དང་། རིན་ཆེན་འབྱུང་གནས་དང་། དོན་ཡོད་གྲུབ་པ་དང་། དེ་བཞིན་གཤེགས་པ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་
เล่ม ๘๓ · หน้า 133b
རྣམས་རྡོ་རྗེ་འཆང་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དམ་ཚིག་ལ་དམིགས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་སེམས་དཔའ་དེ་དག་ལ་བོས་ནས་ཤེས་ལྡན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཉོན་ཅིག །ཕྱོགས་བཅུ་དུས་གསུམ་དུ་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་
རྡོ་རྗེ་སློབ་དཔོན་གྱི་དྲུང་དུ་བྱོན་ནས་མཆོད་པར་མཛད་ཅིང་ཕྱག་འཚལ་བར་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོན་པ་ཡིན་པ་དང་། བཅོམ་ལྡན་འདས་རྡོ་རྗེ་འཆང་དེ་ཉིད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདག་པོ་ཡིན་
པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་དེ་བཞིན་གཤེགས་པ་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་གང་ལ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རྡོ་རྗེའི་སྐུ་དང་
གསུང་དང་ཐུགས་ཀྱི་གསང་བ་གསུམ་ནི་རྡོ་རྗེ་སློབ་དཔོན་གྱི་ལུས་དང་ངག་དང་ཡིད་ལ་གནས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསོལ་པ། རྡོ་རྗེ་སློབ་དཔོན་གྱི་ལུས་དང་ངག་དང་སེམས་ཀྱི་གསང་བ་གང་ལ་གནས། ནམ་མཁའ་ལ་གནས་སོ། །ནམ་མཁའ་གང་ལ་གནས། རྡོ་རྗེ་སློབ་དཔོན་གྱི་སེམས་
ལ་གནས་སོ། །སེམས་གང་ལ་གནས། གང་དུ་ཡང་མ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ངོ་མཚར་དུ་གྱུར་ནས་ཅང་མི་ཟེར་བར་འཁོད་དོ། །དཀྱིལ་འཁོར་དང་། ཏིང་ངེ་འཛིན་དང་། ཕྱག་རྒྱ་དང་། སྟང་སྟབས་དང་། འདུག་སྟངས་དང་། བཟླས་བརྗོད་དང་། སྦྱིན་སྲེག་དང་། མཆོད་པ་དང་ལས་ལ་སྦྱར་
བ་དང་སླར་བསྡུ་བ་རྣམས་ནི་གསང་སྔགས་ཀྱི་ཚུལ་དེ་ཁོ་ན་ཉིད་བཅུ་ཡིན་པར་གསུངས་སོ། །དུས་གསུམ་དུ་འབྱུང་བའི་རྒྱལ་བ་ཐུགས་རྗེའི་རོ་གཅིག་པ་རྣམས་ཀྱི་གསང་བ་དང་། གསང་ཆེན་དང་། ཡེ་ཤེས་རྣམ་པ་གསུམ་གྱི་སྙིང་པོ་བསྟན་པ་དག་ནི་སློབ་དཔོན་གྱི་ཁ་ནས་བླ་མ་ལ་གུས་པའི་སློབ་མས་ཤེས་པར་བྱའོ། །བླ་མས་དམ་ཚིག་
ཅི་ལྟར་ལྟ་བ་བཞིན་གྱི་དབང་དུ་བྱས་ནས་བཤད་པར་བྱའོ། །བསྒྲིམས་ནས་སེམས་ཅན་རྣམས་ལ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། ལྷག་པའི་རྣལ་འབྱོར་རྣམས་གོ་རིམས་བཞིན་བཤད་པར་བྱའོ། །འདི་མཐའ་དག་ནི་རྒྱུད་ཐམས་ཅད་ཀྱི་སྤྱིར་ཤེས་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་དངོས་པོ་མཐའ་དག་ཡོངས་སུ་མི་
เล่ม ๘๓ · หน้า 134a
ཤེས་པར་གསང་སྔགས་སྨྲ་བ་ང་ཡིན་ནོ་ཞེས་མངོན་པའི་ང་རྒྱལ་གྱིས་གསང་སྔགས་ཀྱི་ཆོ་ག་འཆད་པར་བྱེད་ན་དམ་ཚིག་ཐམས་ཅད་ཉམས་པར་འགྱུར་རོ། །དམ་ཚིག་ལས་ཉམས་ན་བདུད་ཀྱིས་གཟུང་བར་འགྱུར་རོ། །སྐྱེས་བུ་ཤི་ནས་དམྱལ་བའི་གནས་མི་བཟོད་པ་ཆེན་པོར་འགྲོ་བར་འགྱུར་རོ། །
སེམས་ཅན་རྣམས་ལ་བརྟེན་ཏེ་བྱང་ཆུབ་ཐོབ་པར་འགྱུར་བས་སེམས་ཅན་ལ་བསླུ་བར་མི་བྱའོ། །ཞེས་ཤེས་པར་བྱས་ནས་དེ་བཞིན་གཤེགས་པའི་ལམ་དེ་ཉིད་ལ་སེམས་ཅན་དེ་དག་སྦྱར་བར་བྱའོ། །གང་ཞིག་འདི་ལ་བརྩོན་པར་མ་བྱས་པ་དེ་དག་གིས་ནི་ལག་པ་དང་རྐང་པ་དང་། མིག་སྦྱིན་པའི་དཀའ་བ་
སྤྱད་པ་དང་། དཀའ་ཐུབ་ཅི་ལྟ་བུས་ཀྱང་སྡིག་པ་གཞོམ་པའམ། བདུད་རྩིའི་རོ་ཐོབ་པར་མི་ནུས་སོ། །རྣལ་འབྱོར་གཅིག་ཁོང་དུ་ཆུད་ནས་དབེན་པར་སོང་སྟེ། བསྒོམ་པ་བྱས་ན་སྡིག་པ་ལས་གྲོལ་ཞིང་ཚེ་འདི་ཉིད་ལ་སངས་རྒྱས་ཀྱི་ཡོན་ཏན་རྣམས་དང་། ཆོས་བདག་མེད་པར་བསྒོམས་པས་ཐམས་ཅད་
མཁྱེན་པའི་རྣལ་འབྱོར་ཁོང་དུ་ཆུད་པར་བྱའོ། །ཤེས་རབ་དང་ཡེ་ཤེས་ཀྱི་འཇོ་ཚུལ་གྱིས་གསང་བ་ལྔའི་བདག་ཉིད་ཀྱི་གཙོ་བོ་ལ་མཆོད་པར་བྱའོ། །དངོས་པོ་ཐམས་ཅད་དངོས་མེད་པར། །བཞི་བཅུའི་དོན་ནི་རྟོག་པ་དང་། །རྡོ་རྗེ་པདྨས་དབང་བསྐུར་བས། །བདུད་རྩི་ལྔས་ནི་དགའ་བར་བྱེད། །གསང་བར་བྱ་
བའི་ཆོས་གསང་བ། །གསང་ཞིང་སྦས་ཏེ་གཞག་པར་བྱ། །འདོད་ཡོན་ལྔ་ཡི་རྣམ་པ་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །རྣལ་འབྱོར་སེམས་དཔའ་སྤྱད་བྱ་ཞིང་། །དེ་བཞིན་བཟའ་དང་བཏུང་བྱས་ན། །བལྟས་དང་ཁུ་ཚུར་རྣམ་པ་ཡིས། །སེམས་ཅན་ཐམས་ཅད་དབང་དུ་བྱེད། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་
ལས་ཆོ་ག་ཐམས་ཅད་བསྟན་པ་རིམ་པར་ཕྱེ་བ་སྟེ་བཅུ་པའོ།། །།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་བ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་
མངོན་པར་བསྟོད་དོ།། །།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ཐེག་པ་ཆེན་པོའི་ཡང་ཐེག་པ་ཆེན་པོའི་ཚུལ་ཟབ་མོ་གསང་བ་བས་ཀྱང་ཆེས་གསང་བ་ཆེན་པོ་རྫོགས་སོ།། །།ཞུ་ཆེན་གྱི་ལོཙྩ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด