འཕགས་པ་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཏ་ཐཱ་ག་ཏ་ཨ་ཙིན་ཏྱ་གུ་ཧྱ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๓๙ · หน้า 183b

ཡོངས་སུ་ཟིན་པ་ཡིན། རྒྱ་ཆེན་པོ་ལ་མོས་པ་ཡིན། སྒྱུ་མ་དང་མཚུངས་པའི་ཆོས་ལས་ངེས་པར་འབྱུང་བ་ཡིན། ཆོས་ལ་མི་རྟག་པར་མོས་པ་ཡིན། སེམས་ནམ་མཁའ་དང་མཚུངས་པ་ཡིན། ཆོས་ཐམས་ཅད་རྣམ་པར་བསྒྲུབས་པར་གནས་པའི་མཚན་ཉིད་དུ་

ཤེས་པ་ཡིན་ཏེ། གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཉིད་ཐོས་ན་མི་དངང་མི་སྐྲག་ཅིང་སྐྲག་པར་མི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་བགྱི་བ་ཐམས་

ཅད་ལ་དབང་དང་ལྡན་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱ་བ་ཐམས་ཅད་ལ་དབང་དང་ལྡན་པར་འགྱུར་ཏེ། བཞི་གང་ཞེ་ན། ལེགས་པར་བསྒོམས་ཤིང་ཉམས་པར་མ་གྱུར་པའི་མངོན་པར་ཤེས་པ་ལྔ་དང་

ལྡན་པ་ཡིན། རྣམ་པར་ཐར་པའི་སྒོས་ཡོངས་སུ་བསྒོས་པའི་བསམ་གཏན་བཞི་དང་ལྡན་པ་ཡིན། ཚངས་པའི་བླ་མ་འཇིག་རྟེན་ལས་འདས་པའི་ཚངས་པའི་གནས་པ་བཞི་དང་ལྡན་པ་ཡིན། ཐམས་ཅད་ཀྱི་རྗེས་སུ་རྣམ་པར་རྒྱུ་བའི་ཐབས་དང་ཤེས་རབ་ལས་ངེས་པར་བྱུང་བ་ཡིན་ཏེ།

གཞོན་ནུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱ་བ་ཐམས་ཅད་ལ་དབང་དང་ལྡན་པར་འགྱུར་རོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒོ་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་བྱང་ཆུབ་སེམས་དཔའ་རྣམས་

ཀྱི་སྒོ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་གྱི་དབང་པོ་ལ་འཇུག་པ་ཡེ་ཤེས་ཀྱི་སྒོ་དང་། ཚིག་རབ་ཏུ་དབྱེ་བ་བསྟན་པ་ཤེས་རབ་ཀྱི་སྒོ་དང་། སྐད་ཐམས་ཅད་ཀུན་ཏུ་འཛིན་པ་ལ་འཇུག་པ་གཟུངས་ཀྱི་སྒོ་དང་། ཆོས་མི་ཟད་པ་བསྟན་པ་སོ་སོ་ཡང་དག་པར་རིག་པའི་

སྒོ་སྟེ། གཞོན་ནུ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒོའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ནི་དགུ་སྟེ། དགུ་གང་ཞེ་ན།

เล่ม ๓๙ · หน้า 184a

སྙིང་རྗེ་བར་བྱ་བའི་ཕྱིར་ངེས་པར་སེམས་པའི་སྟོབས་དང་། ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱི་སྟོབས་དང་། ཤེས་རབ་ཆེན་པོར་བྱ་བའི་ཕྱིར་ཐོས་པའི་སྟོབས་དང་། རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མོས་པའི་སྟོབས་དང་། འབྲལ་

བར་བྱ་བའི་ཕྱིར་བསྒོམ་པའི་སྟོབས་དང་། སེམས་བསྲུང་བའི་ཕྱིར་བཟོད་པའི་སྟོབས་དང་། བདུད་ཚར་གཅད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་སྟོབས་དང་། སྟོབས་བཅུ་ཡོངས་སུ་རྫོགས་པར་བྱ་བའི་

ཕྱིར་མི་སྐྱེ་བར་བཟོད་པའི་སྟོབས་ཏེ། གཞོན་ནུ་དགུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་སོ། །བསྟན་པ་འདི་བཤད་པ་ན་གསང་བ་པའི་བདག་པོའི་བུ་དེ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏེ། དེ་དག་བཟོད་པ་ཐོབ་ནས་བཅོམ་ལྡན་འདས་ལ་འདི་སྐད་

ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་གསང་བ་པའི་བདག་པོའི་གནས་སུ་ཡུན་རིང་དུ་གནས་ཤིང་སྤྱོད་པར་འགྱུར་བ་དང་། སེམས་ཅན་སྣོད་དུ་གྱུར་པ་དེ་དག་གི་རྣ་ལམ་དུ་གྲག་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་

སླད་ན་འཛམ་བུའི་གླིང་དུ་རྒྱས་པར་འགྱུར་ཞིང་ཅི་ནས་ཀྱང་ནུབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོའི་བུ་དེ་དག་གིས་གསོལ་བ་བཏབ་པར་མཁྱེན་ནས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ།

གསང་བ་པའི་བདག་པོ་འདི་ལྟ་སྟེ། དམ་པའི་ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པར་བྱ་བ་དང་། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་འཐུན་པས་ཚར་གཅད་པར་བྱ་བའི་ཕྱིར་ངས་ཁྱོད་ལ་བསྐུལ་གྱིས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་འདུག་པ་བསྲུང་བ་དང་།

བདུད་ཀྱི་སྡེ་འོངས་པ་ན་བདུད་ཚར་གཅད་པའི་ཕྱིར་ཁྱོད་ཀྱིས་གསང་སྔགས་ཀྱི་ཚིག་གང་དག་བསམས་ཤིང་བརྗོད་པ་དང་། ཁ་ཏོན་བྱས་པ་དེ་དག་ལ་ཁྱོད་སྤོབས་པར་གྱིས་ཤིག །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱིས་བསྐུལ་བར་རིག་ནས་སྟན་ལས་ལངས་ཏེ། བླ་

เล่ม ๓๙ · หน้า 184b

གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། དེའི་ཚེ་གསང་སྔགས་ཀྱི་ཚིག་འདི་དག་སྨྲས་སོ། །ཏདྱ་ཐཱ། ཧུ་ལུ་ཧུ་ལུ། ཧུ་ལེ་དྷི་རེ། ཧ་རི་ཏི། ཨ་ཀུ་ཤ་ལ་ཀྵ་ཡེ། ཙ་ལེ། ཙ་ལ་བ་ཏི།

སཱ་རེ། ཀྵུ་རེ་ཀྵཱན་ཏི་བ་ལེ། ཀྵེ་མེ། ཤཱན་ཏི་ཀ་རེ། ཀྵ་མེ། ཤ་མེ། ཧུ་ལུ། ཨི་ལི་ཁི། ཁི་རེ། ཁ་རེ། ཨ་བེ་ཤ་ནི། ས་ར་ཎེ། ཛ་ཡེ། ཛ་ཡ་བ་ཏི། སྠི་རེ། ཨཱ་བརྟེ། བི་བརྟེ། ཨཱ་བརྟ་ནི། མཻ་ཏྲེ། བྷུ་ཏ་ནཱན། སད་གྲ་ཧེ། ད་མེ། ད་མ་སམ་པན་ནེ། ཏཱ་ར་ཎེ། ཏཱ་ར་ཡ་སེ་སྭ་ཡན།

སྭ་སྟི་དེ་བེ་བྷྱོ། ནཱ་གེ་བྷྱོ། ཡཀྵེ་བྷྱོ། གན་དྷརྦེ་བྷྱོ། རཱཀྵ་སེ་བྷྱོ། མ་ནུ་ཥེ་བྷྱོ། ཨ་མ་ནུ་ཥེ་བྷྱོ། སྭ་སྟིར་བྷ་བ་ཏུ་ས་དཱ་མུ་ཁ་མ། གསང་སྔགས་འདི་དག་རབ་བརྗོད་པས། །རི་ཡི་རྒྱལ་པོ་རྣམས་ཀྱང་གཡོས། །ས་ཡང་རབ་ཏུ་གཡོས་པར་གྱུར། །ཆུ་ཡི་རྒྱལ་པོ་རྣམས་ཀྱང་འཁྲུགས། །

གསང་སྔགས་འདི་དག་རབ་བརྗོད་པས། །ཕས་ཀྱི་རྒོལ་རྣམས་ཚར་ཡང་གཅོད། །ཆོས་སྨྲ་བ་ན་ཡང་དག་བསྡུས། །ཆོས་ཀྱི་མཛོད་ནི་ཀུན་ཏུ་བསྲུངས། །གསང་སྔགས་གཞི་འདི་ཐོས་ནས་ནི། །ལྷ་ཚོགས་ཀུན་ཏུ་དགའ་གྱུར་ནས། །དམ་ཆོས་རིང་དུ་གནས་འགྱུར་ཞེས། །ཕན་ཚུན་

དུ་ནི་སྨྲ་བར་བྱེད། །སྟོང་གསུམ་པོ་ཡང་རབ་ཏུ་གཡོས། །འཁོར་ཡང་རབ་ཏུ་འདར་གྱུར་ནས། །མི་ཡི་དབང་པོའི་ཞབས་གཉིས་ལ། །གཏུག་པ་བྱས་ཏེ་སྐྱབས་སུ་དོང་། །དེ་དག་མི་འཇིགས་དེར་བྱིན་ནས། །སྟོན་པས་འདི་སྐད་བཀའ་སྩལ་ཏེ། །མདོ་འདི་བྱིན་གྱིས་བརླབས་པས་ན། །

དམ་ཆོས་རིང་དུ་གནས་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་གནས་སུ་ཞག་བདུན་འདས་འདས་སུ་སེམས་ཅན་ཚད་མེད་པ་དག་གི་དོན་མཛད་ནས་ཞག་བདུན་འདས་ཏེ། ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་སེམས་ཅན་གྱི་དོན་མཛད་པ་ཇི་སྙེད་པ།

དེ་དག་ཐམས་ཅད་རྒྱས་པར་མཛད་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་གནས་ནས་གཤེགས་ཏེ། ནམ་མཁའི་དཀྱིལ་གྱི་ལམ་དེ་ཉིད་ནས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ནི་བསྐོར། ཉན་ཐོས་ཀྱི་ཚོགས་ཀྱིས་ནི་མདུན་དུ་བདར། ལྷའི་ཚོགས་ཀྱིས་ནི་ཕྱག་བྱས། ལྷའི་བུ་མོའི་ཚོགས་

เล่ม ๓๙ · หน้า 185a

ཀྱིས་ནི་མངོན་པར་བསྟོད། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དུ་མས་ནི་བསྐོར། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ནི་མངོན་པར་བསྟོད། འོད་ཟེར་གྱི་དྲ་བ་ནི་རབ་ཏུ་འགྱེད། རོལ་མོ་སིལ་སྙན་ནི་ལེན། མེ་

ཏོག་གི་ཆར་ནི་འབེབས། ཞིང་རྣམས་ནི་རབ་ཏུ་གཡོ་བར་མཛད་ཅིང་སངས་རྒྱས་ཀྱི་མཐུ་ཆེན་པོ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་དཔལ་ཆེན་པོ་དང་། སངས་རྒྱས་ཀྱི་གཟི་

བརྗིད་ཆེན་པོ་དང་། སངས་རྒྱས་ཀྱི་སྤྱོད་ལམ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་རོལ་པ་ཆེན་པོས་ངང་པའི་རྒྱལ་པོ་ལྟར་ཐོགས་པ་མེད་པར་གཤེགས་ཏེ། སླར་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བྱོན་ཏོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཡང་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་འབྲངས་པར་

གྱུར་ཏོ། །བཞུད་པ་དང་བྱོན་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་ནང་དུ་ཡང་

དག་འཇོག་ལས་བཞེངས་ནས་ཆོས་སྟོན་ཏོ། །དེ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་སྲོག་ཆགས་དྲུག་ཁྲི་དང་། རྒྱལ་པོ་མ་སྐྱེས་དགྲ་འཁོར་དང་བཅས་པས། བཅོམ་ལྡན་འདས་སླར་གཤེགས་པར་རིག་ནས་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་

ཐོགས་ཏེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས་བྱ་རྒོད་ཀྱི་ཕུང་པོའི་རིག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་རྒྱལ་པོ་མ་སྐྱེས་

དགྲས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་འདི་ན་འདུན་ཁང་ན་མཆིས་མཆིས་ན། གཞོན་ནུ་འཇིགས་བྱེད་སྦྱིན་མཆིས་ཏེ་འདི་སྐད་ཅེས་མཆིའོ། །ཡབ་བཅོམ་ལྡན་འདས་ནི་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་གདུགས་

เล่ม ๓๙ · หน้า 185b

ཚོད་གསོལ་ནས་སླར་གཤེགས་ཞེས་གདའོ་ཞེས་མཆི་ནས། བཅོམ་ལྡན་འདས་དེ་ལ་བདག་གིས་འདི་སྙམ་དུ་བསམས་ཏེ། གང་གི་སླད་དུ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་བཅོམ་ལྡན་འདས་སྤྱན་དྲངས་ན་ཡང་། སེམས་ཅན་ཡོངས་སུ་སྨིན་

པར་མཛད་པའི་སླད་དུ་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་གཤེགས་པས། འདི་ལྟར་གང་དེ་བཞིན་གཤེགས་པས་ཡོངས་སུ་བཏང་བའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་གང་ཡང་མ་མཆིས་ཏེ། སེམས་ཅན་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་

འཇུག་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་རྣམ་པར་ངེས་པ་ལུང་བསྟན་པ་ལུང་སྟོན་པས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དགའ་བར་གྱུར་བའི་བདག་ཉིད་ཆེན་པོ་ནི་ངོ་མཚར་ཏོ་སྙམ་བགྱིད་དོ། །བཅོམ་ལྡན་འདས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་ལ་དགེ་བའི་རྩ་བ་བསྐྱེད་ན་དེས་འདི་འདྲ་བའི་སྤོབས་པ་དང་ལྡན་པར་གྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་

པོ་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱིས་ནི་གནས་འདི་ལ་མོས་པར་དཀའ་སྟེ། འོན་གྱིས་ཀྱང་དགེ་བའི་རྩ་བ་བསྐྱེད་པར་གྱུར་པ་དེ་དག་ནི་མོས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ནི་བགྲང་བའི་ཚུལ་གྱིས་

མཐའ་རྟོགས་པར་ནུས་ཀྱི། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་ལ་མཆོད་པ་དང་བསྙེན་བཀུར་བྱས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་མི་ནུས་ཏེ། དེ་དག་གི་གན་ནས་ཚངས་པར་སྤྱད་པ་སྤྱོད་

པས་དེས་ན་སྤོབས་པ་འདི་ལྟ་བུ་དང་ལྡན་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ། རྒྱ་ཆེ་བའི་ཡང་ཆེས་རྒྱ་ཆེ་བ། ཚད་མེད་པ། བསམ་གྱིས་མི་ཁྱབ་པར་གྱུར་པ་

เล่ม ๓๙ · หน้า 186a

དེའི་ཚེ་དེའི་དུས་ན་མ་སྨད་པ་ཞེས་བྱ་བའི་བསྐལ་པ་ལ། འཇིག་རྟེན་གྱི་ཁམས་རྣམ་པར་རྒྱལ་བ་ཅན་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ།

སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་ཞི་སྤྱོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཞི་སྤྱོད་དེ། རིགས་ཀྱི་བུ་དག་ཁྱེད་ཀྱིས་ལུས་དང་སྲོག་ཀྱང་བཏང་སྟེ།

བརྩོན་འགྲུས་བརྩམ་པར་བྱའོ། །ཞེས་བྱང་ཆུབ་སེམས་དཔའི་གཏམ་འབའ་ཞིག་ཡང་དག་པར་སྟོན་ཏོ། །རྒྱལ་པོ་ཆེན་པོ་དེའི་ཚེ་བྱང་ཆུབ་སེམས་དཔའ་དཔའ་སྟོབས་ཞེས་བྱ་བ་འཁོར་དེར་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་

འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལུས་དང་སྲོག་ཀྱང་བཏང་སྟེ་བརྩོན་འགྲུས་བརྩམ་པར་བྱའོ་ཞེས་དེ་སྐད་བཀའ་སྩལ་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་མྱུར་དུ་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །སྙམ་དུ་སེམས་པ་དེ་ནི་ལེ་ལོ་ཅན་དུ་གྲགས་པ་ལགས་པ་སྙམ་བདག་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་རྣམས་ནི་འཁོར་བ་ལ་ཡོངས་སུ་སྐྱོ་བའི་བློ་སྐྱེ་བར་མི་

འགྱུར་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་འཁོར་བ་ལ་ཕན་ཡོན་དུ་ལྟ་བ་ལགས་ཀྱི། མྱ་ངན་ལས་འདས་པ་ལ་ནི་དེ་ལྟ་མ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་དོན་ལ་བརྩོན་པ་ལགས་སོ། །དེ་ཅིའི་སླད་དུ་

ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ལ་མོས་པ་རྣམས་ལ་འཁོར་བ་ནི་ཆེས་བདེའི། མྱ་ངན་ལས་འདས་པ་ནི་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་བརྩོན་པ་དེ་དག་ནི་ཇི་ལྟ་ཇི་ལྟར་སེམས་ཅན་རྣམས་ཀྱི་དོན་བགྱིད་པ་དེ་ལྟ་དེ་

เล่ม ๓๙ · หน้า 186b

ལྟར་བདེ་བར་འགྱུར་ཏེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ན་སླད་ཀྱིས་ཅི་ཞིག་བགྱི་བར་འགྱུར། བཅོམ་ལྡན་འདས་དེ་ལྟ་ལགས་པས་བྱང་ཆུབ་སེམས་དཔས་འཁོར་བའི་བདེ་བའི་རོ་མི་མྱང་བར་འཁོར་བ་སྤྱོད་ཡུལ་དུ་བགྱི་སྟེ། མྱ་ངན་ལས་འདས་པ་སྤྱོད་ཡུལ་དུ་མི་བགྱིའོ། །

བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འཁོར་བའི་བདེ་བའི་རོ་མི་མྱང་བར་འཁོར་བ་སྤྱོད་ཡུལ་དུ་བགྱིད་ཅིང་སེམས་ཅན་གྱི་དོན་ལ་བརྩོན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཚད་མ་མཆིས་པ་མཐོང་བར་འགྱུར། ཆོས་ཚད་མ་མཆིས་པ་ཉན་པར་འགྱུར་ཞིང་སེམས་ཅན་ཚད་མ་མཆིས་པ་

ཡོངས་སུ་སྨིན་པར་བགྱིད་དོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འཁོར་བ་སྤྱོད་ཡུལ་དུ་བགྱིད་པ་ནི་སེམས་ཅན་གྱི་སྤྱོད་ཡུལ་གྱི་རྗེས་སུ་འཇུག་གོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་སྤྱོད་ཡུལ་དུ་བགྱིད་པ་ནི་བཏང་སྙོམས་སུ་ལྷུང་ལགས་སོ། །

བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་འཁོར་བའི་སྤྱོད་ཡུལ་གྱིས་སྐྲག་ན་སྤྱོད་ཡུལ་མ་ལགས་པར་ལྷུང་སྟེ། སླད་ཀྱིས་སེམས་ཅན་གྱི་དོན་མི་བགྱིད། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་གནས་པར་མི་འགྱུར་ཞིང་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་མི་འགྱུར་ལགས་

སོ། །དེའི་སྤྱོད་ཡུལ་མ་ལགས་པ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་འཚལ་ཞིང་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལ་གཡེལ་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཉན་ཐོས་རྣམས་ཀྱི་སྤྱོད་ཡུལ་གང་ལགས་པ་ནི་བྱང་ཆུབ་སེམས་དཔའི་

སྤྱོད་ཡུལ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་འཁོར་བས་སྐྲག་པའི་སྤྱོད་ཡུལ་བ་ལགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་འཁོར་བ་དཔག་ཏུ་མ་མཆིས་པ་ཡོངས་སུ་འཛིན་པ་ལགས་ཏེ། བཅོམ་ལྡན་འདས་དེ་ལ་བྱང་

ཆུབ་སེམས་དཔས་རང་གི་སྤྱོད་ཡུལ་ལ་གནས་པར་བགྱིའོ། །རྒྱལ་པོ་ཆེན་པོ་དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་ཞི་སྤྱོད་ཀྱིས་བྱང་ཆུབ་སེམས་དཔའ་དཔའ་སྟོབས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་ཁྱོད་ཀྱིས་ཚིག་འདི་ལེགས་པར་སྨྲས་པ་ལེགས་སོ་ལེགས་

เล่ม ๓๙ · หน้า 187a

སོ། །བྱང་ཆུབ་སེམས་དཔས་རང་གི་སྤྱོད་ཡུལ་གྱི་བྱ་བ་དག་ལ་གུས་པར་བྱ་སྟེ། རང་གི་སྤྱོད་ཡུལ་ལ་སྤྱོད་པར་བྱའི། གཞན་གྱི་སྤྱོད་ཡུལ་ལ་སྤྱད་པར་མི་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་སྤྱོད་ཡུལ་གང་

ལགས། བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་རང་གི་སྤྱོད་ཡུལ་ནི་འདི་ལྟ་སྟེ། འཁོར་བ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པས་མི་སྐྲག་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་ཕན་ཡོན་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་འདོད་པ་མེད་པ་

དང་། ཉིང་མཚམས་སྦྱོར་བ་མེད་པར་ཡང་ཤེས་ལ་ཁམས་གསུམ་དུ་ཡང་མཚམས་སྦྱོར་བ་དང་། སེལ་བ་དང་། སྡུད་པ་དང་། དགེ་བའི་རྩ་བ་རྣམས་སྤེལ་བ་དང་། ཚུལ་ལ་མཁས་པ་དང་། བསྡུ་བ་ཤེས་པ་དང་། དགེ་བ་ཐམས་ཅད་སོགས་པ་ལ་མཁས་པ་དང་། ཟད་པ་

ཡང་ཤེས་ལ་བསོད་ནམས་ཀྱི་ཚོགས་མི་ཟད་པ་ལ་ཡང་མཁས་པ་དང་། སྐྱེ་བ་མེད་པ་ཡང་རབ་ཏུ་རྟོགས་ལ་བསམས་བཞིན་དུ་སྐྱེ་བ་ལ་ཡང་མཁས་པ་དང་། སེམས་ཅན་ཡང་མེད་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་ཡང་མཁས་པ་དང་། ཆོས་ཐམས་ཅད་དབེན་པར་ཡང་

ཤེས་ལ་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་ཡང་མཁས་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ནམ་མཁའི་རང་བཞིན་དུ་ཡང་ཤེས་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་ལ་ཡང་མཁས་པ་དང་། སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་ཡིན་པར་ཡང་ཤེས་ལ་མཚན་དང་དཔེ་བྱད་བཟང་

པོའི་རྒྱན་རྣམ་པར་བསྒྲུབ་པ་ཡོངས་སུ་ཚོལ་བ་ལ་ཡང་མཁས་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡང་ཤེས་ལ་དགེ་བའི་རྩ་བ་ཐམས་ཅད་མངོན་པར་འདུ་བྱ་བའི་རྒྱུན་མི་གཅོད་པ་ལ་ཡང་མཁས་པ་དང་། འདུས་བྱས་ཀྱི་ཆོས་ཀྱང་ཡོངས་སུ་སྦྱོད་ལ་དོན་ཉུང་ཞིང་བྱ་བ་ཉུང་བ་དང་། སེམས་ཅན་

ཐམས་ཅད་ཀྱི་ཅི་བྱའོ་ཅོག་ལ་ཡང་མཁས་ལ་ལུས་དང་སེམས་དབེན་པར་དགའ་བ་ཡང་ཤེས་པ་དང་། ཆོས་བསྟན་པ་ཡང་མི་འདོར་ལ་སྨྲ་བ་ལ་སྨད་པ་ལ་ཡང་མཁས་པ་དང་། བསམ་གཏན་ཡང་སྐྱེད་ལ་བསམ་གཏན་གྱི་རོ་མྱང་བར་ཡང་མི་བྱེད་པ་དང་། ཆོས་ཟབ་མོ་རྟོགས་པ་ཡང་ཤེས་ལ་སེམས་

เล่ม ๓๙ · หน้า 187b

ཅན་གྱི་སྤྱོད་པ་སྣ་ཚོགས་ཀྱི་རྗེས་སུ་ཡང་འཇུག་ཅིང་གཏམ་ཡང་དག་པར་སྟོན་པ་ལ་ཡང་མཁས་པ་དང་། འབྱུང་བ་མེད་པར་ཡང་ཤེས་ལ་བསམས་བཞིན་དུ་སྲིད་པ་ཡང་ཡོངས་སུ་འཛིན་པ་དང་། ལྷག་མཐོང་ཡང་ཤེས་ལ་འབྲས་བུ་ཐོབ་པར་མི་བྱེད་པ་ལ་ཡང་མཁས་པ་དང་། ཉན་

ཐོས་དང་། རང་སངས་རྒྱས་ཀྱི་ཡུལ་ཡང་ཡིན་ལ་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་འདོད་པའི་རྒྱུན་མི་གཅོད་པ་ལ་ཡང་མཁས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མི་འདོར་བ་ཡང་ཤེས་ལ་སངས་རྒྱས་ཀྱི་ཡུལ་ལ་ལྟ་བ་ལ་ཡང་མཁས་པ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་

དཔའ་རྣམས་ཀྱི་རང་གི་སྤྱོད་ཡུལ་ལོ། །རྒྱལ་པོ་ཆེན་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་དཔའ་སྟོབས་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཞི་སྤྱོད་ལས་སྤྱོད་ཡུལ་ཡོངས་སུ་དག་པ་བསྟན་པ་འདི་ཐོས་ནས་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་

ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་སྤྱོད་ཡུལ་ཡོངས་སུ་དག་པ་བསྟན་པ་འདི་ལེགས་པར་གསུངས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་དང་། བདག་སེམས་པ་

ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའི་རང་གི་སྤྱོད་ཡུལ་ནི་ཆོས་ཐམས་ཅད་ལགས་པ་སྙམ་བགྱིད་དོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གནས་གང་ལགས་པ་དང་གཟུགས་སྣང་བ་ཐམས་ཅད་ལ་མི་སྒྲིབ་པ་དང་། །ནམ་མཁའི་སྤྱོད་ཡུལ་སྒྲིབ་པ་མ་མཆིས་པས་

གཟུགས་སུ་གདའ་བ་ཐམས་ཅད་ནི་ནམ་མཁའི་སྤྱོད་ཡུལ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་མངོན་པར་རྫོགས་པར་འཚང་རྒྱ་བས་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའི་སྤྱོད་ཡུལ་ནི་ཆོས་ཐམས་ཅད་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་

གནོད་པ་མ་མཆིས་པའི་སླད་དུ་གཟུགས་སུ་གདའ་བ་ཐམས་ཅད་ནི་ནམ་མཁའི་སྤྱོད་ཡུལ་ལགས་ཏེ། དུག་གི་ཤིང་ལྗོན་པའམ། སྨན་གྱི་ཤིང་ལྗོན་པའམ། ཚེར་མ་ཅན་གྱི་ཤིང་ལྗོན་པའམ། མེ་ཏོག་གི་ཤིང་ལྗོན་པའམ། འབྲས་བུའི་ཤིང་ལྗོན་པའམ། སྤོས་ཀྱི་ཤིང་ལྗོན་པ་གང་

เล่ม ๓๙ · หน้า 188a

ལགས་པ་དེ་དག་ཐམས་ཅད་ནི་ནམ་མཁའ་ལས་རྣམ་པར་འཕེལ་ཡང་ནམ་མཁའ་ནི་དེ་དག་གིས་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་བྱང་བར་ཡང་མི་འགྱུར། རྗེས་སུ་ཆགས་པར་ཡང་མི་འགྱུར། ཁོང་ཁྲོ་བར་ཡང་མི་འགྱུར་ལགས་སོ། །བཅོམ་ལྡན་

འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཤེས་རབ་ལས་ངེས་པར་བྱུང་བའི་རང་གི་སྤྱོད་ཡུལ་ནི་ཆོས་ཐམས་ཅད་ལགས་ཏེ། སོ་སོ་སྐྱེ་བོའི་ཆོས་གང་དག་ལགས་པ་དང་། སློབ་པའི་ཆོས་དང་། མི་སློབ་པའི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་

དཔའི་ཆོས་གང་དག་ལགས་པ་དང་། དེ་བཞིན་གཤེགས་པའི་ཆོས་གང་དག་ལགས་པ་རྣམས་སོ། །དེ་ཅིའི་སླད་དུ་ཞེ་ན། །དེ་དག་ཐམས་ཅད་ནི་དེས་མངོན་པར་རྫོགས་པར་རྟོགས་པར་བགྱི་བ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་ཞུགས་ནི་རྩྭའམ་ནགས་

ཚལ་གང་ཡང་རུང་སྟེ། དེ་ལས་མི་འབྲོས་ཀྱི་དེ་དག་ཐམས་ཅད་ནི་མེ་སྒྲོན་གསལ་བར་འབར་བར་བགྱིད་པས་ཕན་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་མེ་སྒྲོན་འབར་བར་བགྱིད་པས་ཆོས་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་རང་གི་སྤྱོད་ཡུལ་ལགས་

སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱིད་ན་ཚན་པོ་ཆེའི་ལུས་ནི་ཞུགས་ཀྱིས་མི་ཚིག །མཚོན་གྱིས་མི་ཁུམས། དུག་གིས་མི་ཁུམས་ཏེ། དེ་ཕ་རོལ་གྱི་གནོད་པས་མི་ཚུགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་དང་། ཡེ་ཤེས་ཀྱང་ཉན་

ཐོས་དང་འདྲིས་པར་བགྱིད་པ་དང་། རང་སངས་རྒྱས་དང་འདྲིས་པར་བགྱིད་པ་དང་། ཉོན་མོངས་པ་དང་འདྲིས་པར་བགྱིད་པས་ཞི་བར་བགྱིད་མི་ནུས་ཏེ། དེ་ཇི་ལྟ་ཇི་ལྟར་འདྲིས་པར་བགྱིད་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་བརྩོན་པ་ཤེས་རབ་གསལ་བར་འགྱུར་རོ། །བཅོམ་ལྡན་

འདས་འདི་ལྟ་སྟེ། དཔེར་བགྱི་ན་ནོར་བུ་རིན་པོ་ཆེ་ཆབ་དང་བར་བགྱིད་པ་ནི་རྙོག་པ་ཐམས་ཅད་དང་བར་བགྱིད་དོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་རིན་པོ་ཆེ་ཡང་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བར་བགྱིད་དོ། །བཅོམ་ལྡན་འདས་འདི་ལྟ་སྟེ།

เล่ม ๓๙ · หน้า 188b

དཔེར་བགྱི་ན་སྨན་གྱི་རིགས་འབྲལ་བྱེད་ཅེས་བགྱི་བ་དེ་ནི་དུག་དང་ལྷན་ཅིག་ཏུ་ཡང་མི་གནས་ལ་དུག་ཐམས་ཅད་ཀྱང་ཞི་བར་བགྱིད་དོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐབས་དང་ཤེས་རབ་བསྒོམ་པ་ཡང་སེམས་ཅན་གྱི་ཉོན་མོངས་པའམ། རང་གི་ཉོན་མོངས་པ་

རྣམས་དང་ལྷན་ཅིག་མི་གནས་ཤིང་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་ཐམས་ཅད་ཀྱང་ཞི་བར་བགྱིད་དེ། བཅོམ་ལྡན་འདས་རྣམ་གྲངས་འདིས་ན་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའི་རང་གི་སྤྱོད་ཡུལ་ལགས་སོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་དཔའ་སྟོབས་ཀྱིས་དེ་

སྐད་བསྟན་པ་ན་སྲོག་ཆགས་བརྒྱད་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་ཉིས་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་

ཞི་སྤྱོད་ཀྱི་གསུང་རབ་ལ་བྱང་ཆུབ་སེམས་དཔའ་དཔའ་སྟོབས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འདི་ཉིད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དཔའ་སྟོབས་ཞེས་བྱ་བར་གྱུར་ཏེ། རྒྱལ་པོ་ཆེན་པོ་སྐྱེས་བུ་དམ་པ་

འདི་ནི་བརྩོན་འགྲུས་ཀྱི་གོ་ཆ་བརྟན་པོ་འདི་ལྟ་བུ་བགོས་སོ། །དེ་ལྟར་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་སོ། །དཔའ་སྟོབས་ཀྱི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་རྒྱལ་པོ་མ་སྐྱེས་དགྲ་འདི་སྙམ་དུ་སེམས་ཏེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་

ལག་པ་གཡས་པ་ན་རྡོ་རྗེ་ཐོགས་པ་དེ་ཅི་ལྕི་བ་ཞིག་གམ། འོན་ཏེ་ཡང་བ་ཞིག །གང་གི་ཕྱིར་ན་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འདི་སྟོབས་ཀྱི་ཤུགས་ཆེན་པོ་བདོག་པ་ཞེས་བྱ་སྙམ་མོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་རྒྱལ་པོ་མ་སྐྱེས་དགྲའི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་

ཤེས་ནས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་རྡོ་རྗེ་འདི་ནི་ལྕི་བ་ཡང་ཡིན་ལ་ཡང་བ་ཡང་ཡིན་ནོ། །སྨྲས་པ། ཅིའི་ཕྱིར་ན་ལྕི་བ་ཡིན་ལ་ཇི་ལྟར་ན་ཡང་བ་ཡང་ཡིན། སྨྲས་པ། རྒྱལ་པོ་ཆེན་པོ་སེམས་ཅན་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པས་སྙེམས་པ་རྣམས་ཡོངས་སུ་གདུལ་

เล่ม ๓๙ · หน้า 189a

བའི་ཕྱིར་ལྕི་བ་ཡིན་ནོ། །སེམས་ཅན་ང་རྒྱལ་མེད་པ་དང་། དྲང་བ་རྣམས་ལ་ནི་ཡང་བ་ཡིན་ནོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ས་ཕྱོགས་དེ་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེ་དེ་སའི་སྟེང་དུ་བཞག་པ་དང་། དེ་བཞག་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་

པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་རྡོ་རྗེ་འདི་སའི་སྟེང་འདི་ནས་ཐེག་ཤིག །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་ཚན་པོ་ཆེན་པོའི་སྟོབས་ཀྱི་

ཤུགས་ཆེན་པོ་དང་ལྡན་པས་རྡོ་རྗེ་དེ་སྟོབས་ཀྱི་ཤུགས་ཐམས་ཅད་ཀྱིས་འདེག་པར་བསྐྱོད་ན་སྐྲའི་རྩེ་མོ་ཙམ་ཡང་བསྐྱོད་པའམ། བསྒུལ་བར་མ་ནུས་ནས་དེ་ངོ་མཚར་དུ་གྱུར་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་ཚན་པོ་ཆེན་པོའི་

སྟོབས་ཀྱི་ཤུགས་དང་ལྡན་ཏེ། གོ་ཆ་དང་ཡ་ལད་བསྐོན་པའི་གླང་པོ་ཆེ་ཡང་ལག་པ་ཡ་ཅིག་གིས་གདེག་པའི་རྔོ་ཐོག་ན། བདག་གིས་རྡོ་རྗེ་འདི་ལྟར་ཆུང་བ་འདི་བསྐྱོད་པའམ། བསྒུལ་བའི་རྡོ་ཡང་མ་ཐོག་ན། གདེག་པར་ལྟ་སྨོས་ཀྱང་ཅི་འཚལ་ཏེ། འདི་ལ་རྒྱུ་ཅི་ཞིག་མཆིས། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་རྡོ་རྗེ་འདི་ནི་ལྕི་ཡིས། འདི་ལ་ཁྱོད་ཡི་མ་འཆད་ཅིག །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་ཁྱོད་རྡོ་རྗེ་འཆང་བ་ཞེས་བྱ་ན་རྡོ་རྗེ་འདི་སའི་སྟེང་འདི་ནས་ཐེག་ཤིག །དེ་ནས་ལྷའི་དབང་པོ་

བརྒྱ་བྱིན་གྱིས་རང་གི་སྟོབས་ཀྱི་ཤུགས་དང་། རྫུ་འཕྲུལ་གྱི་སྟོབས་དང་། སྟོབས་ཀྱི་ཤུགས་ཐམས་ཅད་བསྟན་ཀྱང་རྡོ་རྗེ་དེ་བསྐྱོད་པའམ། བསྒུལ་བར་མ་ནུས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་

བདག་གང་གི་ཚེ་ལྷ་མ་ཡིན་དང་གཡུལ་འགྱེད་པ་དེའི་ཚེ་ལག་པ་གཡས་པས་ལྷ་མ་ཡིན་གྱི་དབང་པོ་ཐག་ཟངས་རིས་ཀྱི་ཤིང་རྟ་དཔག་ཚད་བདུན་བརྒྱ་པ་དྲག་ཏུ་མཆི་བ་ཡང་འཛིན་པའི་རྔོ་ཐོག་ན། བདག་གིས་རྡོ་རྗེ་ཆུང་ངུ་འདི་བསྐྱོད་པའམ། བསྒུལ་བའི་རྔོ་མ་ཐོག་པ་འདི་བཅོམ་ལྡན་འདས་ཅི་ལགས།

เล่ม ๓๙ · หน้า 189b

སངས་རྒྱས་ཀྱི་བྱིན་གྱིས་བརླབས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རྡོ་རྗེ་འདི་ནི་ལྕི་སྟེ། འདི་ལ་ངའི་བྱིན་གྱི་རླབས་མ་ཡིན་པར་རིག་པར་བྱའོ། །ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། རིའི་རྒྱལ་པོ་རི་རབ་ལྕི་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་

རིའི་རྒྱལ་པོ་རི་རབ་ཇི་ཙམ་དུ་ལྕི་བ་ནི་དཔེར་བགྱི་བར་ཡང་སླ་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རྡོ་རྗེ་འདི་ནི་ལྕི་སྟེ། ཀཽ་ཤི་ཀ་གལ་ཏེ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་རྡོ་རྗེ་འདི་རྡོ་རྗེའི་རང་བཞིན་གྱི་འཁོར་ཡུག་གི་རིལ་བསྣུན་ན་དེ་ཡང་དཔེར་ན་ཕུབ་མ་སྤར་

གང་གཏོར་བ་བཞིན་དུ་རྣམ་པར་འཐོར་ཏེ། ཀཽ་ཤི་ཀ་རྡོ་རྗེ་འདིའི་སྟོབས་ཀྱི་ཤུགས་ནི་དེ་ཙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽད་གལ་གྱི་བུ་ཆེན་པོ་ཁྱོད་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱི་ནང་ན་

རྫུ་འཕྲུལ་དང་ལྡན་པའི་མཆོག་ཏུ་བསྟན་པ་ཡིན་ན་རྡོ་རྗེ་འདི་སའི་སྟེང་འདི་ནས་ཐེག་ཤིག །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་འདི་སྙམ་དུ་བསམས་ཏེ། གལ་ཏེ་བདག་གིས་ལྷ་དང་བཅས་པའི་འཇིག་རྟེན་འདིའི་མདུན་དུ་རྡོ་རྗེ་འདི་གདེག་པར་མ་ནུས་ན་ནི་བདག་ལ་དབང་ཟ་བར་འགྱུར་རོ། །

སྙམ་ནས་དེས་དེ་འདྲ་བའི་སྟོབས་ཀྱི་ཤུགས་ཀྱིས་རྡོ་རྗེ་དེ་བཟུང་བ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་རབ་ཏུ་གཡོས་ཏེ། ཆུ་ཡང་གནམ་དུ་རྒལ་ཅིང་། རྒྱ་མཚོ་ཐམས་ཅད་འཁྲུགས་ཀྱང་རྡོ་རྗེ་དེ་བསྐྱོད་པའམ། བསྒུལ་བར་མ་ནུས་སོ། །དེ་ནས་

ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ངོ་མཚར་དུ་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་ཀྱི་ནང་ན་རྫུ་འཕྲུལ་དང་ལྡན་པའི་མཆོག་ཏུ་བསྟན་པ་ལགས་ཏེ།

བཅོམ་ལྡན་འདས་བདག་དེ་ལྟར་རྫུ་འཕྲུལ་ཆེ་ཞིང་དེ་ལྟར་དབང་ཆེ་བར་གྲགས་ལ་དེ་ལྟར་མཐུ་ཆེ་བ་ལགས་ཏེ། བཅོམ་ལྡན་འདས་བདག་གང་གི་ཚེ་འཚལ་ན་རྒྱ་མཚོ་ཆེན་པོ་བཞིའི་ཆབ་ཀྱི་ཕུང་པོ་ལག་མཐིལ་གཅིག་ཏུ་འཇོག་གོ། །བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་

เล่ม ๓๙ · หน้า 190a

ཁམས་འདི་ཡང་དཔེར་བགྱི་ན་མི་ལ་ལ་ཞིག་གིས་ཀར་ཥ་པ་ཎ་གཅིག་མཛུབ་མོའི་རྩེ་མོས་བསྒྲེ་བཟློག་པ་དེ་བཞིན་དུ་བདག་གིས་བསྒྲེ་བཟློག་གོ། །བཅོམ་ལྡན་འདས་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་མཆི་བ་ཡང་བདག་གིས་ཐོགས་པར་བགྱིད་དོ། །རིའི་

རྒྱལ་པོ་རི་རབ་ཀྱང་ལག་པ་ཡ་གཅིག་གིས་བླངས་ཏེ་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕེན་ཏོ། །བཅོམ་ལྡན་འདས་བདག་གིས་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོ་དེ་གཉིས་ཀྱང་བཏུལ་ཏོ། །བཅོམ་ལྡན་འདས་བདག་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་ཡང་མཆིས། བདག་གིས་

རི་རབ་ཙམ་གྱི་ཁམས་དེ་དག་ཀྱང་འཚལ་འཚལ་ན། བཅོམ་ལྡན་འདས་བདག་གིས་རྡོ་རྗེ་འདི་ལྟར་ཆུང་བ་འདི་བསྐྱོད་པའམ། བསྒུལ་བའི་རྔོ་ཡང་མ་ཐོག་པ་འདི་བཅོམ་ལྡན་འདས་བདག་རྫུ་འཕྲུལ་གྱི་སྟོབས་དེ་ལས་ཡོངས་སུ་ཉམས་པའམ་གཅིག་ཏུ་མ་གྱུར་ལགས་སམ། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ཆེན་པོ་ཁྱོད་རྫུ་འཕྲུལ་གྱི་སྟོབས་དེ་ལས་ཡོངས་སུ་ཉམས་པ་ནི་མེད་མོད་ཀྱི། བྱང་ཆུབ་སེམས་དཔའི་སྟོབས་ཀྱི་བྱིན་གྱི་རླབས་འདི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རྣམ་པར་དཀྲུག་པར་མི་ནུས་ན། སེམས་ཅན་

གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས། མཽད་གལ་གྱི་བུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་རིའི་རྒྱལ་པོ་རི་རབ་ཡོད་པ་རྣམས་ནི་བསྐྱོད་པའམ། བསྒུལ་བར་ནུས་ཀྱི། རྡོ་རྗེ་འདི་ནི་ས་ཕྱོགས་འདི་ནས་བསྐྱོད་པའམ། བསྒུལ་བར་མི་ནུས་སོ། །ཚེ་དང་ལྡན་པ་མཽད་གལ་

གྱི་བུ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་འདི་ལྟར་རྡོ་རྗེ་འདི་འཆང་བས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ནི་སྟོབས་ཆེ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ན་རི་རབ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རི་གཅིག་

ཏུ་གྱུར་ཀྱང་དེ་ནི་གདེག་པར་ནུས་ཀྱི། རྡོ་རྗེ་འདི་ནི་གདེག་པར་མི་ནུས་སོ། །དེ་ནས་གནས་བརྟན་མཽད་གལ་གྱི་བུ་ཆེན་པོ་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་རྡོ་རྗེ་འདི་འཆང་བས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འདི་ནི་སྟོབས་ཀྱི་

เล่ม ๓๙ · หน้า 190b

ཤུགས་ཆེན་པོ་དང་ལྡན་པ་ལགས་ཏེ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཇི་ལགས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་སྟོབས་དེ་ཕ་མ་ལས་གྱུར་པ་ལགས་སམ། འོན་ཏེ་རྫུ་འཕྲུལ་གྱི་སྟོབས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽད་གལ་གྱི་བུ་ཕ་མ་

ལས་གྱུར་པའི་སྟོབས་དེ་ནི་གང་ཅི་ཡང་རུང་སྟེ་འཇུག་པ་ཙམ་དུ་མིང་བསྟན་པར་ཟད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་སྟོབས་དེ་མ་ལུས་པར་བསྟན་ན་ལྷ་དང་བཅས་པའི་འཇིག་རྟེན་མྱོ་མྱོ་པོར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གླང་པོ་ཆེའི་ལྟ་

སྟངས་ཀྱིས་ཕྱོགས་ཐམས་ཅད་དུ་ཀུན་ཏུ་གཟིགས་ཏེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ཁྱོད་ཀྱིས་རྡོ་རྗེ་འདི་སའི་སྟེང་འདི་ནས་ཐེག་ཤིག །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་

འཇིག་རྟེན་གྱི་ཁམས་གཡོས་པར་བྱས་ནས་སའི་སྟེང་དེ་ནས་རྡོ་རྗེ་དེ་ལག་པ་གཡོན་པས་བླངས་ཏེ། སྟེང་གི་བར་སྣང་དུ་འཕངས་ནས་དེས་དེ་བར་སྣང་ལ་ལན་བདུན་བསྐོར་ཏེ། ལག་པ་གཡས་པར་གཞག་གོ། །དེ་ན་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ཏེ་ཐལ་མོ་སྦྱར་ནས་

གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ཏེ། འདི་ལྟར་རྡོ་རྗེ་འདི་འཆང་བས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཇི་ཙམ་དུ་སྟོབས་ཀྱི་ཤུགས་དང་ལྡན་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱང་འདི་ལྟ་བུའི་སྟོབས་དང་ལྡན་པར་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་

བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་སྟོབས་འདི་ལྟ་བུ་འཐོབ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་སྟོབས་འདི་ལྟ་བུ་འཐོབ་སྟེ།

བཅུ་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལ་བྱང་ཆུབ་སེམས་དཔའ་ལུས་དང་སྲོག་ནི་ཡོངས་སུ་གཏོང་གི་དམ་པའི་ཆོས་ནི་ཡོངས་སུ་མི་གཏོང་བ་དང་། སེམས་ཅན་ཐམས་ཅད་ལ་འདུད་ཅིང་ང་རྒྱལ་འཕེལ་བར་མི་བྱེད་པ་དང་། སེམས་ཅན་མཐུ་ཆུང་བ་རྣམས་ལ་བཟོད་ཅིང་ཁོང་ཁྲོ་བར་མི་བྱེད་པ་དང་། སེམས་

เล่ม ๓๙ · หน้า 191a

ཅན་བཀྲེས་པ་རྣམས་ལ་ཁ་ཟས་བཟང་པོ་མཆོག་སྦྱིན་པ་དང་། སེམས་ཅན་འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན་པ་དང་། སེམས་ཅན་ནད་པ་རྣམས་ལ་ཡང་དག་པའི་གསོ་བ་བྱ་བར་སྤྲོ་བ་དང་། སེམས་ཅན་དབུལ་པོ་རྣམས་ལ་ལོངས་སྤྱོད་དག་གིས་ཚིམ་པར་བྱེད་པ་

དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྡོ་ཐལ་གྱིས་སྐུད་པ་དང་། སེམས་ཅན་རྣམས་ལ་ཀུན་ཏུ་དགའ་བར་འགྱུར་བའི་ཚིག་སྒྲོགས་པ་དང་། སེམས་ཅན་དབུལ་པོ་སྡུག་བསྔལ་བ། ངལ་བ་ཆད་པ་རྣམས་ཀྱི་ཁུར་ཁྱེར་བ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་བཅུ་

པོ་དེ་དག་དང་ལྡན་ན་སྟོབས་འདི་ལྟ་བུ་འཐོབ་བོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཅང་ཤེས་པ་ལ་གནས་ཤིང་ཅང་ཤེས་པའི་འགྲོ་བར་འགྲོ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་དང་ལྡན་ན་ཅང་ཤེས་

པར་འགྱུར་ཞིང་ཅང་ཤེས་པའི་འགྲོ་བར་འགྲོ་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། བཀའ་བློ་བདེ་བ་དང་། དྲང་བ་དང་། མཉེན་པ་དང་། དེས་པ་དང་། གཡོ་མེད་པ་དང་། སྒྱུ་མེད་པ་དང་། ཕྲག་དོག་མེད་པ་དང་། སེམས་ལས་སུ་རུང་བ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན་ཅང་ཤེས་

པར་འགྱུར་ཞིང་ཅད་ཤེས་པའི་འགྲོ་བར་འགྲོའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཅང་ཤེས་ཀྱི་འགྲོ་བ་དུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཅང་ཤེས་ཀྱི་འགྲོ་བ་བཞི་སྟེ། བཞི་གང་ཞེ་ན། གང་གི་ཚེ་མིའི་འཇིག་རྟེན་

དུ་སྐྱེས་པ་དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། དེར་ཡང་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར་ཏེ། དེར་ཡང་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། མི་མཇེད་ཀྱི་བདག་པོ་ཚངས་པར་འགྱུར་ཏེ། དེར་ཡང་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་།

ཁྱིམ་བདག་ཚོང་དཔོན་དུ་འགྱུར་ཏེ། དེར་ཡང་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་སྟེ། རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཅང་ཤེས་ཀྱི་འགྲོ་བའོ། །རྒྱལ་པོ་མ་སྐྱེས་དགྲས་གསོལ་པ། བཅོམ་ལྡན་འདས་དད་པའི་རྒྱུ་འཐུན་པ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

เล่ม ๓๙ · หน้า 191b

རྒྱལ་པོ་ཆེན་པོ་དད་པའི་རྒྱུ་འཐུན་པ་ནི་དགེ་བའི་བཤེས་གཉེན་ནོ། །གསོལ་པ། བཅོམ་ལྡན་འདས་སྦྱིན་པའི་རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྦྱིན་པའི་རྒྱུ་འཐུན་པ་ནི་ལོངས་སྤྱོད་དོ། །གསོལ་པ། བཅོམ་ལྡན་འདས་ཐོས་པའི་རྒྱུ་འཐུན་པ་ཅི་ལགས།

བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཐོས་པའི་རྒྱུ་འཐུན་པ་ནི་ཤེས་རབ་བོ། །གསོལ་པ་བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཚུལ་ཁྲིམས་ཀྱི་རྒྱུ་འཐུན་པ་ནི་བདེ་འགྲོ་ཐམས་ཅད་དུ་འགྲོ་བའོ། །གསོལ་པ། བཅོམ་ལྡན་འདས་བཟོད་པའི་

རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བཟོད་པའི་རྒྱུ་འཐུན་པ་ནི་སེམས་ཅན་རྗེས་སུ་སྲུང་བའོ། །གསོལ་བ། བཅོམ་ལྡན་འདས་བརྩོན་འགྲུས་ཀྱི་རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བརྩོན་འགྲུས་ཀྱི་རྒྱུ་འཐུན་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་

ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །གསོལ་པ། བཅོམ་ལྡན་འདས་བསམ་གཏན་གྱི་རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་བ། རྒྱལ་པོ་ཆེན་པོ་བསམ་གཏན་གྱི་རྒྱུ་འཐུན་པ་ནི་ཉེ་བར་ཞི་བའོ། །གསོལ་པ། །བཅོམ་ལྡན་འདས་ཤེས་རབ་ཀྱི་རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་

པ། རྒྱལ་པོ་ཆེན་པོ་ཤེས་རབ་ཀྱི་རྒྱུ་འཐུན་པ་ནི་ཉོན་མོངས་པ་ཐམས་ཅད་སེལ་བའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཉན་པའི་རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཆོས་ཉན་པའི་རྒྱུ་འཐུན་པ་ནི་ཐེ་ཙོམ་སྤོང་བའོ། །གསོལ་བ། བཅོམ་ལྡན་འདས་ཆོས་ཡོངས་སུ་འདྲི་བའི་རྒྱུ་འཐུན་པ་

ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཆོས་ཡོངས་སུ་འདྲི་བའི་རྒྱུ་འཐུན་པ་ནི་སོམ་ཉི་མེད་པའོ། །གསོལ་པ། བཅོམ་ལྡན་འདས་དབེན་བར་གནས་པའི་རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དབེན་པར་གནས་པའི་རྒྱུ་འཐུན་པ་ནི་བསམ་གཏན་དང་མངོན་པར་ཤེས་པ་ཐོབ་པའོ། །གསོལ་པ།

བཅོམ་ལྡན་འདས་བསྒོམ་པའི་རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བསྒོམ་པའི་རྒྱུ་འཐུན་པ་ནི་འབྲལ་བའོ། །གསོལ་བ་བཅོམ་ལྡན་འདས་མི་རྟག་པ་ཐོས་པའི་རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མི་རྟག་པ་ཐོས་པའི་རྒྱུ་འཐུན་པ་ནི་ཡོངས་སུ་འཛིན་པ་འདོར་བའོ། །གསོལ་པ།

เล่ม ๓๙ · หน้า 192a

བཅོམ་ལྡན་འདས་སྡུག་བསྔལ་ཐོས་པའི་རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྡུག་བསྔལ་ཐོས་པའི་རྒྱུ་འཐུན་པ་ནི་ཉེ་བར་ལེན་པ་མེད་པའོ། །གསོལ་པ། བཅོམ་ལྡན་འདས་བདག་མེད་པ་ཐོས་པའི་རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་

པོ་ཆེན་པོ་བདག་མེད་པ་ཐོས་པའི་རྒྱུ་འཐུན་པ་ནི་ངར་འཛིན་པ་དང་། ང་ཡིར་འཛིན་པ་འགོག་པའོ། །གསོལ་པ། བཅོམ་ལྡན་འདས་ཞི་བ་ཐོས་པའི་རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཞི་བ་ཐོས་པའི་རྒྱུ་འཐུན་པ་ནི་ཉེ་བར་ཞི་བའོ། །གསོལ་པ། བཅོམ་ལྡན་

འདས་ཚུལ་བཞིན་ཡིད་ལ་བགྱིད་པའི་རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཚུལ་བཞིན་ཡིད་ལ་བྱེད་པའི་རྒྱུ་འཐུན་པ་ནི་འཕགས་པའི་ཡང་དག་པའི་ལྟ་བ་སྐྱེ་བའོ། །གསོལ་པ། བཅོམ་ལྡན་འདས་ལུས་དང་སེམས་དབེན་པའི་རྒྱུ་འཐུན་པ་ཅི་ལགས། བཀའ་

སྩལ་པ། རྒྱལ་པོ་ཆེན་པོ་ལུས་དང་སེམས་དབེན་པའི་རྒྱུ་འཐུན་པ་ནི་བསམ་གཏན་དང་མངོན་པར་ཤེས་པ་སྐྱེ་བའོ། །གསོལ་པ། །བཅོམ་ལྡན་འདས་ལམ་གྱི་རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལམ་གྱི་རྒྱུ་འཐུན་པ་ནི་འབྲས་བུ་མངོན་པར་རྟོགས་པའོ། །

གསོལ་པ། བཅོམ་ལྡན་འདས་མོས་པའི་རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མོས་པའི་རྒྱུ་འཐུན་པ་ནི་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར་བྱེད་པའོ། །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་འབྱུང་བའི་རྒྱུ་འཐུན་པ་ཅི་ལགས། བཀའ་སྩལ་པ། རྒྱལ་

པོ་ཆེན་པོ་སངས་རྒྱས་འབྱུང་བའི་རྒྱུ་འཐུན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་འཐོབ་པའོ། །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་འབྱུང་བ་ཇི་ལྟ་བུ་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཇི་ལྟ་བ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཏུ་

སེམས་བསྐྱེད་པ་ཇི་ལྟ་བུ་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྙིང་རྗེ་ཆེན་པོ་བསྐྱེད་པ་ཇི་ལྟ་བ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་འབྱུང་བ་སུའི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སུ་དད་པ་སྐྱེད་པའི་འོ། །གསོལ་པ། བཅོམ་ལྡན་འདས་དད་པ་སྐྱེད་པ་སུ་ལགས། བཀའ་

เล่ม ๓๙ · หน้า 192b

སྩལ་པ། རྒྱལ་པོ་ཆེན་པོ་སུ་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་སུ་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སུ་ལྷག་པའི་བསམ་པ་རྣམ་པར་མི་འཁྲུགས་པའོ། །གསོལ་པ། བཅོམ་ལྡན་འདས་སུའི་ལྷག་

པའི་བསམ་པ་རྣམ་པར་མི་འཁྲུགས་པ་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སུ་སྙིང་རྗེ་ཆེན་པོ་སྐྱེད་པའོ། །གསོལ་པ། བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་སྐྱེད་པ་ཇི་ལྟ་བུ་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཇི་ལྟར་སེམས་ཅན་རྣམས་ལ་ཡོངས་སུ་མི་གཏོང་བ་

སྐྱེད་པ་ལྟ་བུའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་སེམས་ཅན་རྣམས་ཡོངས་སུ་མི་གཏོང་བ་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་གི་ཚེ་བདག་གི་བདེ་བ་ཡོངས་སུ་གཏོང་བའོ། །གསོལ་པ། བཅོམ་ལྡན་འདས་བདག་གི་བདེ་བ་ཡོངས་སུ་གཏོང་བ་ཇི་ལྟ་བུ་

ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སུ་དཀོན་མཆོག་གསུམ་ཡོངས་སུ་མི་གཏོང་བ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དཀོན་མཆོག་གསུམ་ཡོངས་སུ་མི་གཏོང་བ་སུ་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སུ་ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏོང་བ་དེ་དཀོན་

མཆོག་གསུམ་ཡོངས་སུ་མི་གཏོང་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །ཇི་ཙམ་དུ་དེ་བཞིན་གཤེགས་པས་ཆོས་འདུལ་བ་བསྟན་པ་ལེགས་པར་གསུངས་པ་དང་། ཇི་ཙམ་དུ་དེ་བཞིན་གཤེགས་པས་བསླབ་པ་ལེགས་པར་བཅས་

པ་དང་། ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་རྗེས་སུ་འཐུན་པ་དང་། རྒྱུ་དང་འབྲས་བུ་ཆབ་མི་འཚལ་བ་དང་། རྟག་པ་དང་། ཆད་པ་མ་མཆིས་པ་དང་། ལས་དང་བྱ་བ་ལ་འཇུག་པ་བསྟན་པ་དང་། དགེ་བ་དང་མི་དགེ་བ་ཆབ་མི་འཚལ་བ་དང་། མི་སླུ་བའི་མཚན་ཉིད་

ལེགས་པར་གསུངས་པ་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་དགེ་བའི་རྩ་བ་མ་བསྐྱེད་པ་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དག་མ་གཏོགས་པ་འདི་ལྟར་རྒྱ་ཆེ་ཞིང་འདི་ལྟར་གྱ་ནོམ་པའི་བསྟན་པ་འདི་ལ་བརྩོན་པ་

เล่ม ๓๙ · หน้า 193a

རྣམས་ལ་སུ་ཞིག་ཟློག་པར་བགྱིད། གནོད་པར་བགྱིད། སྤོང་བར་བགྱིད། བཅོམ་ལྡན་འདས་བདག་གིས་ནི་སྔོན་གྱི་དགེ་བའི་རྩ་བ་རྣམས་ལ་བྱས་པ་མི་གཟོ་བར་མི་བགྱིའོ། །གང་གི་མཐུས་བདག་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་། སྡིག་པ་ཐམས་ཅད་ལས་རྣམ་པར་

ལོག་པའི་དེ་བཞིན་གཤེགས་པ་ལ་བདག་གི་ཤ་དང་། ཁྲག་གིས་ཀྱང་བཀའ་དྲིན་གླན་པའི་རྔོ་མི་ཐོག་ལགས་སོ། །བཅོམ་ལྡན་འདས་གང་གི་མཐུས་བདག་གིས་བཟང་པོ་མ་ལགས་པའི་འགྱོད་པ་ཆེན་པོ་བསལ་བ་དང་། ཆོས་སྣང་བ་ཆེན་པོ་ཐོབ་པར་བགྱིད་པའི་འཇམ་དཔལ་གཞོན་

ནུར་གྱུར་པ་ཡུན་རིང་པོའི་དགེ་བའི་བཤེས་གཉེན་ལ་ཡང་བདག་གིས་ལན་གླན་པའི་རྔོ་མི་ཐོག་ལགས་སོ། །ཚངས་པའི་སྤྱོད་པ་འདི་མཐའ་དག་ནི་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལས་བྱུང་ངོ་། །ཞེས་བགྱི་བ་ནི་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའོ། །

མ་སྐྱེས་དགྲས་ཞུས་པ་ལུང་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།བམ་པོ་བཅུ་པ་སྟེ་ཐ་མ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བའི་བློ་གྲོས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །གསང་བ་

པའི་བདག་པོ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་སྤྲུལ་པ་དེའི་ཚེ། ཁྱོད་ཀྱང་སྤྲུལ་པ་སྤྲུལ་ལམ། ལག་ན་རྡོ་རྗེས་སྨྲས་པ། བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་པ་འདི་ཁོ་བོའི་དབང་ཡིན་ཏེ། ཞི་བའི་བློ་གྲོས་གལ་ཏེ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་

པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག་སྤྲུལ་ན་ཁོ་བོའི་སྤྲུལ་པ་གཟུགས་ཐ་དད་པ། རྣམ་པར་རྩེན་པ་ཐ་དད་པ་ཡང་དེ་སྙེད་དེ་དག་གི་རྗེས་སུ་འབྲང་བ་ཡིན་ཏེ། ཞི་བའི་བློ་གྲོས་འདི་ནི་སྔོན་གྱི་བསམ་པ་ཡོངས་སུ་དག་པའི་རྒྱུ་འཐུན་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་

གྲོས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ་གང་གི་ཕྱིར་ཕྱི་མའི་ཚེ་ལྔ་བརྒྱ་ཐ་མ་ལ་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པ་དང་། རྒྱས་པར་འགྱུར་བ་དང་། ཆོས་ཀྱི་རྣམ་གྲངས་འདི་དམ་པའི་ཆོས་ཡོངས་སུ་འཛིན་པ་སྐྱེས་བུ་དམ་པ་དེ་དག་གི་

เล่ม ๓๙ · หน้า 193b

ལག་ཏུ་འགྲོ་བར་དེ་བཞིན་གཤེགས་པ་ལ་གསོལ་བ་ཐོབ་ཤིག །གསང་བ་པའི་བདག་པོས་སྨྲས་པ། རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཟིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེ་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་བསྙད་

པའི་ཡི་གེ་དེ་དག་ནི་མ་སྐྱེས་པ། ཟད་པར་མི་འགྱུར་བ། ནུབ་པར་མི་འགྱུར་བའོ། །ཡི་གེ་གང་དག་གིས་དོན་གང་བརྗོད་པའི་དོན་དེ་ཡང་ནུབ་པར་བྱ་བར་མི་ནུས་པའོ། །ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་དམ་པའི་ཆོས་ནི་ནུབ་པར་འགྱུར་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།

དེ་ལ་སྐྱེ་བ་ཅི་ཡང་མེད་དོ། །གང་སྐྱེ་བ་མེད་པ་དེ་མི་འགག་གོ། །བཅོམ་ལྡན་འདས་ཀྱིས་འདི་ལ་དགོངས་ནས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་ཇི་ལྟ་བ་བཞིན་

འདི་ནི་འདུག་པ་ཉིད་དོ། །ཞེས་གསུངས་ཏེ། དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བ་ཡིན་ནོ། །གང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བ་དེ་དམ་པའི་ཆོས་ཡིན་ནོ། །དམ་པའི་ཆོས་གང་ཡིན་པ་དེ་རྟག་པར་མི་ནུབ་སྟེ། དེས་ན་དམ་པའི་ཆོས་ཞེས་བྱའོ། །ཞི་

བའི་བློ་གྲོས་ཀྱིས་སྨྲས་པ། གསང་བ་པའི་བདག་པོ་གང་དག་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་གོ་ཆ་གྱོན་པ་དེ་དག་གང་དུ་གོ་ཆ་གྱོན། སྨྲས་པ། གང་དག་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་གོ་ཆ་གྱོན་པ་དེ་དག་ནི་ཆོས་ཐམས་ཅད་དང་མི་འགལ་བར་བྱ་བའི་ཕྱིར་གོ་ཆ་གྱོན་ནོ། །དེ་ཅིའི་

ཕྱིར་ཞེ་ན། གང་ཆོས་ཐམས་ཅད་དང་མི་འགལ་བ་དེ་ཉིད་དམ་པའི་ཆོས་སོ། །སྨྲས་པ། ཇི་ལྟར་ན་ཆོས་དང་འགལ་བ་ཡིན། སྨྲས་པ། ཡི་གེ་དང་འགལ་ན་ཆོས་དང་འགལ་བ་ཡིན་ཏེ། ཆོས་དང་ནི་ནམ་ཡང་འགལ་བར་མི་འགྱུར་རོ། །དེ་ལ་གང་དག་མི་འགལ་བ་དེ་དག་དམ་པའི་

ཆོས་ཡོངས་སུ་འཛིན་པའོ། །སྨྲས་པ། གསང་བ་པའི་བདག་པོ་གང་དག་འཇིག་རྟེན་ཐམས་ཅད་དང་འགལ་བ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པའི་རྣམ་གྲངས་ཡོད་དམ། སྨྲས་པ། ཞི་བའི་བློ་གྲོས་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་འཇིག་རྟེན་ནི་ལྟ་བ་ལ་མངོན་པར་

เล่ม ๓๙ · หน้า 194a

ཞེན་པ་ཡིན་ལ། དེ་ནི་སྟོང་པ་ཉིད་དུ་སྨྲ་བ་ཡིན་ཏེ། དེས་ན་དེ་འཇིག་རྟེན་ཐམས་ཅད་དང་འགལ་ལོ། །འཇིག་རྟེན་ནི་རྟག་པ་དང་། བདེ་བ་དང་། བདག་དང་། བདག་གིར་སྨྲ་བ་ཡིན་ལ་དེ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པ་དང་།

བདག་དང་བདག་གིར་མེད་པར་སྨྲ་བ་ཡིན་ཏེ། དེས་ན་དེ་འཇིག་རྟེན་ཐམས་ཅད་དང་འགལ་ལོ། །འཇིག་རྟེན་ནི་རྒྱུན་ཕྱོགས་སུ་འགྲོ་བ་ཡིན་ལ་དེ་ནི་རྒྱུན་ལས་བཟློག་སྟེ། འགྲོ་བས་དེས་ན་དེ་འཇིག་རྟེན་ཐམས་ཅད་དང་འགལ་ལོ། །འཇིག་རྟེན་ནི་ཚེ་འདི་ལྷུར་ལེན་པ་ཡིན་ལ། དེ་ནི་

ཚེ་རབས་འཕོ་བ་ལྷུར་ལེན་པ་ཡིན་ཏེ། དེས་ན་དེ་འཇིག་རྟེན་ཐམས་ཅད་དང་འགལ་ལོ། །འཇིག་རྟེན་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་མངོན་པར་ཞེན་པ་ཡིན་ལ་དེ་ནི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །དེས་ན་དེ་འཇིག་རྟེན་

ཐམས་ཅད་དང་འགལ་ལོ། །ཞི་བའི་བློ་གྲོས་རྣམ་གྲངས་འདིས་ན་གང་དག་འཇིག་རྟེན་ཐམས་ཅད་དང་འགལ་བ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་ཏོ། །སྨྲས་པ། གསང་བ་པའི་བདག་པོ་ཁྱོད་དམ་པའི་ཆོས་ཡོངས་སུ་འཛིན་ཏམ། སྨྲས་པ་རིགས་ཀྱི་བུ་ཡོངས་སུ་འཛིན་ཏེ།

བདག་ཡོངས་སུ་མི་འཛིན། སེམས་ཅན་ཡོངས་སུ་མི་འཛིན། ཆོས་ཡོངས་སུ་མི་འཛིན་ཏོ། །སྨྲས་པ། ཇི་ལྟར་ཡོངས་སུ་འཛིན། སྨྲས་པ། བདག་དབེན་པ་དང་། སེམས་ཅན་དབེན་པ་དང་། ཆོས་དབེན་པ་དང་། བདག་དང་། སེམས་ཅན་དང་། ཆོས་དབེན་པ་མ་ཡིན་པ་དང་།

འདས་པ་དབེན་པ་དང་། མ་འོངས་པ་དབེན་པ་དང་། ད་ལྟར་བྱུང་བ་དབེན་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དབེན་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དབེན་པ་མ་ཡིན་པ་དང་། སངས་རྒྱས་དབེན་པ་དང་། སངས་རྒྱས་དབེན་པ་མ་ཡིན་

པ་དང་། ཞིང་དབེན་པ་དང་། ཞིང་དབེན་པ་མ་ཡིན་པ་དང་། ཆོས་དབེན་པ་དང་། ཆོས་དབེན་པ་མ་ཡིན་པར་གང་དེ་ལྟར་ཆོས་རྣམས་རྗེས་སུ་རྟོགས་པ་དེ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་གནང་

เล่ม ๓๙ · หน้า 194b

སྟེ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །གསང་བ་པའི་བདག་པོ་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་གང་ཆོས་ཐམས་ཅད་མི་འཛིན་པ་དང་། མཆོག་ཏུ་འཛིན་པ་མེད་པ་དང་། གང་ཆོས་ཐམས་ཅད་ལ་མཚན་མ་དང་སྤྲོས་པར་མི་

འཛིན་པ་དང་། ཀུན་ཏུ་སྤྱོད་པ་མེད་པ་དང་། གང་ཡོངས་སུ་རྟོག་པ་ཐམས་ཅད་ལ་མི་རྟོག་ཅིང་རྣམ་པར་མི་རྟོག་པའོ། །དེའི་ཚེ་ལྷའི་བུ་རྒྱལ་པོ་བཟང་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉེ་བར་ཞི་བ་ནི་

སངས་རྒྱས་ཀྱི་བཀའ་ལགས་སོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་བཀའ་ནི་ཉེ་བར་ཞི་བར་བགྱི་བའི་ཆེད་ལགས་ཏེ། ཉེ་བར་ཞི་བ་གང་ལགས་པ་དེས་སངས་རྒྱས་ཀྱི་བཀའོ། །བཅོམ་ལྡན་འདས་དེ་ལ་གང་དག་དམིགས་པ་ཐམས་ཅད་ཉེ་བར་ཞི་བར་མཐོང་བ་དེ་དག་ཉེ་བར་ཞི་བ་ལགས་

ཏེ། དེ་དག་ནི་སླད་ཀྱིས་འབར་བ་མ་ལགས། མཆེད་པ་མ་ལགས་འབར་བར་བགྱིད་པ་མ་ལགས་སོ། །གང་དག་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་དེ་དག་དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་ཅིང་མི་འདོར་བ་ལགས་ཏེ། ཇི་ལྟར་ཆོས་ཐམས་ཅད་མི་འཛིན་མི་

འདོར་བ་དེ་ལྟར་འཛིན་ཏོ། །ལྷའི་བུ་དེས་དེ་སྐད་བསྟན་པས་དགེ་སློང་སྟོང་ནི་སེམས་རྣམ་པར་གྲོལ་ལོ། །ལྷའི་བུ་སྟོང་ནི་ཆོས་ཀྱི་མིག་རྣམ་པར་དག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་ལྷའི་བུ་རྒྱལ་པོ་བཟང་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་སྤོབས་པ་

འདི་སུའི་ཡིན། སྨྲས་པ། སྤོབས་པ་འདི་ནི་སུ་བག་ཆགས་ཐམས་ཅད་སྤངས་པ་དང་། ཚིག་གི་ལམ་ཐམས་ཅད་མེད་པ་དང་། དོན་དམ་པ་བརྗོད་དུ་མེད་པ་དང་། མངོན་པར་ཞེན་པ་མེད་པ་དེ་དག་གི་སྤོབས་པ་ཡིན་ནོ། །སྨྲས་པ། ལྷའི་བུ་སྤོབས་པ་ཇི་ལྟར་སྐྱེ། སྨྲས་པ། སྤོབས་པ་

མེད་པ་དང་། སྤོབས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སྤོབས་པ་མེད་པ་ཞེས་བྱ་བ་དེ་ནི་ཉིང་མཚམས་སྦྱོར་བ་མེད་པའི་ཚིག་གོ། །སྤོབས་པ་མ་ཡིན་པ་ཞེས་བྱ་བ་དེ་ནི་སྤྲོས་པ་མེད་པའི་ཚིག་གོ། །རིགས་ཀྱི་བུ་འདི་སྐད་དུ་སྤོབས་པ་འདི་སུའི་ཡིན་ཞེས་སྨྲས་པ་ལ། འདི་ནི་སུ་གཞན་གྱི་རྣམ་པར་

เล่ม ๓๙ · หน้า 195a

རིག་པ་ལ་རྣམ་པར་ཤེས་པ་མི་འཇུག་པ་དང་། བདག་གི་རྣམ་པར་རིག་པ་ལ་རྣམ་པར་ཤེས་པ་མི་གནས་པ་དེའི་སྤོབས་པའོ། །འདི་ནི་སུ་དམིགས་པ་ལ་ཡང་ཡིད་ཀྱི་རྣམ་པར་རིག་པ་མི་དམིགས་ལ་དམིགས་པ་མེད་པའི་ཆོས་ཉིད་ལ་ཡང་མི་གནས་པ་དེའི་སྤོབས་པའོ། །

འདི་ནི་སུ་ཆོས་ཐམས་ཅད་ལ་ཡང་ཤེས་པ་མི་འཇུག་ལ་དེ་ཤེས་པས་ཆོས་གང་ཡང་རབ་ཏུ་མ་རྟོགས་པ་མེད་པ་དེའི་སྤོབས་པའོ། །འདི་ནི་སུ་གནས་པ་མེད་པ་དང་། ལེན་པ་མེད་པ་དང་། འདོར་བ་མེད་པ་དང་། ཆུ་བོ་ལས་རྒལ་བ་དེའི་སྤོབས་པའོ། །འདི་ནི་སྐྱེ་བ་མེད་ལ་སྐྱེས་པ་དང་འགོག་པ་ཡང་

མེད་ལ་མྱ་ངན་ལས་འདའ་བར་ཡང་འགྱུར་བ་དེའི་སྤོབས་པའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷའི་བུ་རྒྱལ་པོ་བཟང་འདིའི་སྤོབས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ཞི་བའི་བློ་གྲོས་ལྷའི་བུ་རྒྱལ་པོ་བཟང་འདི་ནི་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་འདོད་ནས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ནས་འདིར་འོངས་སོ། །

ཞི་བའི་བློ་གྲོས་ལྷའི་བུ་རྒྱལ་པོ་བཟང་འདིས་ཆོས་ཀྱི་རྣམ་པའི་རྗེས་སུ་འཇུག་པ་ཞེས་བྱ་བའི་གཟུངས་ཐོབ་སྟེ། དེ་འདོད་ན་བསྐལ་པ་བརྒྱ་སྟོང་དུ་ཐོགས་པ་མེད་པའི་སྤོབས་པས་བསྟན་ཀྱང་འདིའི་སྤོབས་པ་ཟད་པར་མི་འགྱུར་རོ། །རྒྱལ་པོ་བཟང་གི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གསུམ་

པའོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་པའི་རྗེས་སུ་འཇུག་པ་ཞེས་བགྱི་བའི་གཟུངས་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞི་བའི་བློ་གྲོས་ཆོས་ཀྱི་

རྣམ་པའི་རྗེས་སུ་འཇུག་པ་ནི་གང་ཡི་གེ་རྣམས་ལ་ཡི་གེའི་རྗེས་སུ་འཇུག་པ་ཤེས་པ་སྟེ། ཞི་བའི་བློ་གྲོས་ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་རྗེས་སུ་འཇུག་པའོ། །ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་སྒོའོ། །ཨ་ཞེས་བྱ་བ་ལས་བྱུང་བའོ། །ཨ་ཞེས་བྱ་བའི་མཐའོ། །ཨ་ཞེས་བྱ་བ་ནི་ཚིག་གི་

เล่ม ๓๙ · หน้า 195b

ལས་ཐམས་ཅད་ལ་ལས་བྱེད་དོ། །ཨ་ཞེས་བྱ་བ་ནི་མི་ཤེས་པའོ། །རྣམ་པར་མ་ཤེས་པའོ། །ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་རྗེས་སུ་འཇུག་སྟེ། དེའི་ཕྱིར་རྣམ་པའི་རྗེས་སུ་འཇུག་པ་ཞེས་བྱ་བའི་གཟུངས་ཞེས་བྱའོ། །ཞི་བའི་བློ་གྲོས་རྗེས་སུ་འཇུག་པ་ནི་དེ་ལ་ཆོས་ཕྲ་རབ་ཙམ་ཡང་

ཞུགས་པ་མེད་པ་དང་། བྱུང་བ་མེད་པའོ། །ཞི་བའི་བློ་གྲོས་ཡི་གེ་དེ་དག་ནི་ག་ཞིག་ནས་ལྷགས་ནས་ཁོང་པའི་ནང་དུ་འཇུག་པ་མེད་དོ། །ཡི་གེ་དེ་དག་ནི་ཁོང་པའི་ནང་དུ་གནས་པ་མ་ཡིན་ནོ། །ཡི་གེ་དེ་དག་ནི་བྱུང་ནས་ཕྱོགས་ག་ཞིག་ཏུ་འགྲོ་བ་མ་ཡིན་ནོ། །ཡི་གེ་དེ་དག་ནི་ཕན་ཚུན་འབར་

བར་བྱེད་པ་མ་ཡིན་ནོ། །ཡི་གེ་དེ་དག་ནི་སྨྲས་ཀྱང་རུང་མ་སྨྲས་ཀྱང་རུང་སྟེ། ཟད་པར་འགྱུར་བའམ། འཕེལ་བར་འགྱུར་བ་མ་ཡིན་ནོ། །ཡི་གེ་དེ་དག་ནི་ཆོས་ཞེའམ། ཆོས་མ་ཡིན་ཞེས་བྱ་བར་རྣམ་པར་མི་རྟོག་གོ། །ཡི་གེ་དེ་དག་ནི་སུས་ཀྱང་བསྐྱེད་པའམ། བཀག་པ་མེད་དོ། །

ཡི་གེ་དེ་དག་ནི་སུས་ཀྱང་བྱས་པའམ། ཆུད་གཟན་པ་མེད་དོ། །ཞི་བའི་བློ་གྲོས་ཡི་གེ་བགྲང་བ་ཇི་ལྟ་བར་སེམས་བགྲང་བ་ཡང་དེ་བཞིན་ནོ། །སེམས་བགྲང་བ་ཇི་ལྟ་བར་ཆོས་ཐམས་ཅད་བགྲང་བ་ཡང་དེ་བཞིན་ནོ། །ཆོས་ཐམས་ཅད་བགྲང་བ་ཇི་ལྟ་བར་བགྲང་བ་མེད་པ་ཡང་དེ་བཞིན་ནོ། །

དེ་ཅིའི་ཕྱིར་ཞེ་ན། ཆོས་ནི་བགྲང་བར་ཉེ་བར་འགྲོ་བ་མ་ཡིན་ཏེ་བགྲང་བ་མེད་པ་ནི་ཆོས་བགྲང་བའོ། །ཇི་ལྟར་ཆོས་བགྲང་བར་ཉེ་བར་མི་འགྲོ་བ་བཞིན་དུ་ཨ་ཞེས་བྱ་བའི་རྗེས་སུ་འཇུག་པ་ཡང་དེ་ལྟ་བུ་སྟེ། གཟོད་མ་ཉིད་ནས་མ་སྐྱེས་པ་ལ་འཇུག་པ། སྐྱེ་བ་མེད་པ་ལ་འཇུག་པའོ། །མ་སྐྱེས་པ་

དང་མ་བྱུང་བ་གང་ཡིན་པ་དེ་ལ་འཇུག་པ་གང་ཡང་མེད་དོ། །དེ་ལྟར་ན་འཇུག་པ་མེད་པ་ནི་རྗེས་སུ་འཇུག་པའོ། །ཞི་བའི་བློ་གྲོས་སུ་བགྲང་བ་འདི་ལ་ཞུགས་པ་དེའི་སྤོབས་པ་རྒྱུན་གཅད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུན་ཆད་པ་མེད་པས་དེས་ཆོས་ཉིད་རྗེས་སུ་རྟོགས་སོ། །དེས་ཆོས་ཉིད་

མི་ཟད་པར་རྗེས་སུ་རྟོགས་སོ། །དེ་ཇི་ལྟ་ཇི་ལྟར་ཆོས་སྟོན་པ་དེ་ལྟ་དེ་ལྟར་ཆོས་དེ་དག་རྗོད་ཅིང་མངོན་དུ་འགྱུར་རོ། །དེ་ཆོས་ཀྱི་རྣམ་པའི་རྗེས་སུ་འཇུག་པ་འདི་ལྟ་བུ་འདིས་སེམས་ཅན་གྱི་རྣམ་པ་ལ་འཇུག་གོ། །སེམས་ཅན་གྱི་རྣམ་པའི་རྗེས་སུ་འཇུག་པས་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏོ། །

เล่ม ๓๙ · หน้า 196a

ཞི་བའི་བློ་གྲོས་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་དྲི་མ་མེད་པ་ཡིན་ནོ། །བསམ་པས་རྣམ་པར་དག་པ་ཡིན་ནོ། །སྦྱོར་བས་གཙང་མ་ཡིན་ནོ། །ལྷག་པའི་བསམ་པས་མངོན་དུ་འཕགས་པ་ཡིན་ནོ། །བསྒྲུབ་པ་ལ་ལེགས་པར་གནས་པ་ཡིན་ནོ། །

ཤེས་རབ་ཀྱིས་མངོན་དུ་འཕགས་པ་ཡིན་ནོ། །དམ་བཅས་པ་ཉམས་འོག་ཏུ་ཆུད་པས་བརྟན་པ་ཡིན་ནོ། །བདུད་རྣམས་ཀྱིས་མི་ཤིགས་པ་ཡིན་ནོ། །ཕ་རོལ་མུ་སྟེགས་བྱེད་རྣམས་ཀྱིས་མི་འདུས་པ་ཡིན་ནོ། །ཉོན་མོངས་པ་རྣམས་ཀྱིས་མི་རྫི་བ་ཡིན་ནོ། །ཕ་རོལ་རྒོལ་བ་

རྣམས་ཀྱིས་མི་ཐུབ་པ་ཡིན་ནོ། །ལུས་ཀྱིས་སྟོབས་དང་ལྡན་པ་ཡིན་ནོ། །སེམས་ཀྱིས་ཞུམ་པ་མེད་པ་ཡིན་ནོ། །སྤོབས་པས་མི་ཟད་པ་ཡིན་ནོ། །བསྟན་པ་རྣམས་ལ་མཐའ་ཡས་པ་ཡིན་ནོ། །ངེས་པའི་ཚིག་རྣམས་ལ་མུ་མེད་པ་ཡིན་ནོ། །ཡེ་ཤེས་ཀྱིས་ཆགས་པ་མེད་པ་ཡིན་ནོ། །

བློས་གཏིང་དཔག་དཀའ་བ་ཡིན་ནོ། །བདེན་པ་བསྟན་པ་རྣམས་ལ་དོན་ཟབ་པ་ཡིན་ནོ། །ཐོས་པས་རྒྱ་མཚོ་ལྟ་བུ་ཡིན་ནོ། །ཏིང་ངེ་འཛིན་གྱིས་ལྷུན་པོ་དང་མཚུངས་པ་ཡིན་ནོ། །འཁོར་གྱི་ནང་ན་སེང་གེ་དང་མཚུངས་པ་ཡིན་ནོ། །འཇིག་རྟེན་གྱི་ཆོས་རྣམས་ལ་པད་མ་དང་མཚུངས་པ་ཡིན་ནོ། །

སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བས་ས་དང་མཚུངས་པ་ཡིན་ནོ། །ཉོན་མོངས་པ་དང་སྲེད་པ་འཁྲུ་བས་ཆུ་དང་མཚུངས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས་མེ་དང་མཚུངས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་ཟླ་བ་དང་མཚུངས་པ་

ཡིན་ནོ། །ཉོན་མོངས་པའི་མུན་པ་སེལ་བས་ཉི་མ་དང་མཚུངས་པ་ཡིན་ནོ། །ཉོན་མོངས་པའི་དགྲ་འཇོམས་པས་དཔའ་བོ་དང་མཚུངས་པ་ཡིན་ནོ། །སེམས་ཤིན་ཏུ་དུལ་བས་གླང་པོ་དང་མཚུངས་པ་ཡིན་ནོ། །ཆོས་མངོན་དུ་སྒྲོགས་པས་འབྲུག་དང་མཚུངས་པ་ཡིན་ནོ། །ཆོས་ཀྱི་ཆར་འབེབས་

པས་ཆར་པ་དང་མཚུངས་པ་ཡིན་ནོ། །སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་ནད་ཞི་བར་བྱེད་པས་སྨན་པ་དང་མཚུངས་པ་ཡིན་ནོ། །ཆོས་ཀྱི་རྒྱལ་སྲིད་བྱེད་པས་རྒྱལ་པོ་དང་མཚུངས་པ་ཡིན་ནོ། །འཇིག་རྟེན་གྱི་ཆོས་སྐྱོང་བས་འཇིག་རྟེན་སྐྱོང་བ་དང་མཚུངས་པ་ཡིན་ནོ། །ལྷ་དང་མི་རྣམས་ཀྱི་སྤྱན་དུ་གྱུར་

เล่ม ๓๙ · หน้า 196b

པས་བརྒྱ་བྱིན་དང་མཚུངས་པ་ཡིན་ནོ། །དབང་ཐོབ་སྟེ་རང་གི་སེམས་ལ་དབང་སྒྱུར་བས་ཚངས་པ་དང་མཚུངས་པ་ཡིན་ནོ། །གནས་མེད་པར་རྒྱུ་བས་བྱ་དང་མཚུངས་པ་ཡིན་ནོ། །འདུ་འཛིས་འཇིགས་ཤིང་སྐྲག་པས་རི་དགས་དང་སྤྲེའུ་དང་མཚུངས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ཉེས་པར་

བྱས་པ་ཐམས་ཅད་བཟོད་པས་མ་དང་མཚུངས་པ་ཡིན་ནོ། །བཟོ་ཐམས་ཅད་སློབ་པས་ཕ་དང་མཚུངས་པ་ཡིན་ནོ། །ཆོས་རིན་པོ་ཆེ་ཐམས་ཅད་སྦྱིན་པས་རྣམ་ཐོས་ཀྱི་བུ་དང་མཚུངས་པ་ཡིན་ནོ། །བསོད་ནམས་དག་གིས་བརྒྱན་པ་ཡིན་ནོ། །མཚན་རྣམས་ཀྱིས་ཀླུབས་པ་ཡིན་ནོ། །

དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ་ཡིན་ནོ། །འཇིག་རྟེན་གྱིས་བལྟ་བར་བྱ་བ་ཡིན་ནོ། །ལྟ་བའི་གཞི་ཡིན་ནོ། །འཕགས་པའི་ནོར་བདུན་དང་ལྡན་པས་མི་དབུལ་བ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་ཡོངས་སུ་བཟུང་བ་ཡིན་ནོ། །རིག་པ་རྣམས་ཀྱིས་བསྔགས་པ་ཡིན་ནོ། །མཁས་

པ་ཐམས་ཅད་ཀྱིས་སྐུར་པ་མི་གདབ་པ་ཡིན་ནོ། །ལྷ་རྣམས་ཀྱིས་ལེགས་པར་བསྲུངས་པ་ཡིན་ནོ། །ཀླུ་དང་གནོད་སྦྱིན་རྣམས་ཀྱིས་ལེགས་པར་བཟུང་བ་ཡིན་ནོ། །ཆོས་བསྟན་པ་རྣམས་ལ་དབང་ཕྱུག་ཏུ་གྱུར་པ་ཡིན་ནོ། །མངོན་པར་ཤེས་པ་རྣམས་ལ་དབང་སྒྱུར་བ་ཡིན་ནོ། །

སེམས་ཅན་གྱི་བསམ་པ་རྣམས་ལ་རྗེས་སུ་སོང་བ་ཡིན་ནོ། །སེམས་ཅན་གྱི་དབང་པོ་རྣམས་ལ་རྗེས་སུ་ཞུགས་པ་ཡིན་ནོ། །ཆོས་བསྟན་པ་ལ་ཆོག་མི་ཤེས་པ་ཡིན་ནོ། །རྙེད་པ་དང་བཀུར་སྟི་དོན་དུ་མི་གཉེར་བ་ཡིན་ནོ། །ཆོས་བསྟན་པ་དག་ལ་སེར་སྣ་མེད་པ་ཡིན་ནོ། །ཚུལ་

ཁྲིམས་རྣམ་པར་དག་པས་ཉོན་མོངས་པ་མེད་པ་ཡིན་ནོ། །བཟོད་པ་ཡོངས་སུ་དག་པས་གནོད་པ་མེད་པ་ཡིན་ནོ། །བརྩོན་འགྲུས་ཡོངས་སུ་དག་པས་ལས་ཀྱི་མཐའ་ལེགས་པར་མཐར་ཕྱིན་པ་ཡིན་ནོ། །བསམ་གཏན་ཡོངས་སུ་དག་པས་ཅང་ཤེས་པ་ཡིན་ནོ། །ཤེས་རབ་ཡོངས་སུ་དག་

པས་བློ་ལེགས་པར་དཀར་བ་ཡིན་ནོ། །ཚད་མེད་པ་རྣམས་ལ་ཚངས་པའི་བླ་མ་ཡིན་ནོ། །བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ལ་འཇིག་རྟེན་ལས་འདས་པ་ཡིན་ནོ། །བྱང་ཆུབ་ཀྱི་ལམ་གྱིས་བླ་ན་མེད་པ་ཡིན་ནོ། །དབང་བསྐུར་བ་ཐོབ་པས་ཡོན་ཏན་གྱི་རྣམ་པ་

เล่ม ๓๙ · หน้า 197a

ཐམས་ཅད་དང་ལྡན་པ་ཡིན་ནོ། །ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པ་ནི་ཡོན་ཏན་གྱི་བསྔགས་པ་ཚད་མེད་པ་དེ་ལྟ་བུ་དང་ལྡན་པ་ཡིན་ཏེ། ཞི་བའི་བློ་གྲོས་གལ་ཏེ་དེ་བཞིན་གཤེགས་པས་ཕྲིན་ལས་གཞན་མི་མཛད་པར་ལོ་བརྒྱ་སྟོང་དུ་རྒྱུན་ཏུ་བྱང་ཆུབ་སེམས་

དཔའ་གཟུངས་ཐོབ་པའི་བསྔགས་པ་བརྗོད་ཀྱང་ཟད་པར་མི་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་ལྷའི་བུ་རྒྱལ་པོ་བཟང་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་དེ་བཞིན་གཤེགས་པས་ཁྱོད་ཀྱི་ཡོན་ཏན་གྱི་བསྔགས་པ་མཐའ་ཡས་པ་བརྗོད་པ་མཛད་པ་ནི་ཁྱོད་ཀྱིས་

རྙེད་པ་ལེགས་པར་རྙེད་དོ། །དེ་སྐད་ཅེས་སྨྲས་པ་དང་། ལྷའི་བུ་རྒྱལ་པོ་བཟང་གིས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་ལ་ཡང་དག་པ་དོན་དམ་པར་ན། གང་དེ་ལྟར་བསྔགས་པའི་ཆོས་གང་ཡང་མི་དམིགས་སོ། །རིགས་ཀྱི་བུ་གང་ལ་ཁ་དོག་མེད་པ་

དང་། གཟུགས་མེད་པ་དང་། དབྱིབས་མེད་པ་དེའི་ཡོན་ཏན་གྱི་བསྔགས་པ་དང་། གཟུགས་ཀྱི་མཐའ་རྟོགས་པར་མི་ནུས་སོ། །གང་ལ་གཟུགས་དང་། ཁ་དོག་དང་། དབྱིབས་འབའ་ཞིག་ཡོད་པ་དེའི་བསྔགས་པ་ནི་བརྗོད་པར་ནུས་སོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་རྒྱལ་པོ་བཟང་གིས་འདི་སྐད་

ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མ་བསྡུས་པ། ངའི་བ་མ་མཆིས་པ། ཡོངས་སུ་འཛིན་པ་མ་མཆིས་པ། གང་གིས་ཀྱང་ཉེ་བར་སྤྲད་པར་བགྱི་བ་མ་ལགས་པ། གང་གིས་ཀྱང་བསལ་བ་མ་ལགས་པ་སྟེ། འདི་ལ་བརྩོན་པ་དང་། ཡང་དག་པར་སྦྱོར་བར་བགྱིའོ། །བཅོམ་ལྡན་འདས་བརྩོན་པ་

དང་། ཡང་དག་པར་སྦྱོར་བར་གྱུར་པ་རྣམས་ལ་ཆོས་དེ་དག་མངོན་དུ་འགྱུར་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ནས་ཆེན་པོ་འདི་ནི་ཆབ་ཀྱི་ཕུང་པོའི་སྟེང་ན་གནས་ཏེ། དེ་ལ་མི་གང་ཞིག་ཁྲོན་པ་འམ། ཁྲོན་པ་ཆེན་པོ་རྐོ་བ་དེ་ཆབ་དང་ལྡན་པར་འགྱུར་ཏེ། གང་མི་རྐོ་བ་དེས་ནི་མི་རྙེད་

ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་ཡེ་ཤེས་དེ་ལ་སུ་ཞིག་བརྩོན་པར་བགྱིད་པ་དེ་ནི་ཡེ་ཤེས་འཐོབ་པར་འགྱུར་ཏེ། སུ་བརྩོན་པར་མི་བགྱིད་པ་དེས་ནི་ཡེ་ཤེས་འཐོབ་པར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས་བྱང་ཆུབ་དོན་དུ་གཉེར་བ་

เล่ม ๓๙ · หน้า 197b

རྣམས་ཀྱིས་རྟག་ཏུ་བརྩོན་པ་དང་། བརྩོན་འགྲུས་བརྩོམ་པར་བགྱིའོ། །དེ་ལྟར་ན་བརྩོན་པ་དེ་དག་ལ་ཆོས་དེ་དག་མངོན་དུ་འགྱུར་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་སྐྱེས་བུ་དམུས་ལོང་གིས་དེ་ལས་སྐྱེས་པའི་གཟུགས་རྣམས་མི་མཐོང་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་

ཉོན་མོངས་པས་ལྡོངས་པའི་སེམས་ཅན་རྣམས་ཀྱང་དེ་ལས་སྐྱེས་པའི་ཆོས་རྣམས་མི་མཐོང་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་སྐྱེས་བུ་མིག་དང་ལྡན་ཡང་སྣང་བ་མ་མཆིས་ན་མི་མཐོང་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་དག་ལྷའི་མིག་དང་ལྡན་དུ་ལགས་ཀྱང་

དེ་དག་དགེ་བའི་བཤེས་གཉེན་གྱི་མན་ངག་མ་མཆིས་ན་མོས་པར་མི་འགྱུར། མཐོང་བར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་ལྷའི་མིག་ལ་ནི་སྣང་བས་བགྱི་བ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཡོངས་སུ་སྦྱང་བ་བགྱིས་པ་ལ་ཡང་རྗེས་སུ་བསྟན་མི་

འཚལ་ལོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་མངལ་ན་མཆིས་པའི་སེམས་ཅན་ནི་མི་གདའ་མི་མཐོང་ཡང་སྐྱེ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་ཀྱང་མི་མཐོང་མོད་ཀྱི། སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་ཀྱང་སྐྱེའོ། །

བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་རིའི་རྒྱལ་པོ་གངས་ཅན་ལ་ཤིང་ལྗོན་པ་གང་སྐྱེས་པ་དེ་ནི་བར་མ་དོར་ཆག་པའམ། སྐམ་པར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་འཕགས་པའི་ཆོས་ལ་སྦྱོར་བར་བརྩོན་པ་གང་གི་ཤེས་པ་སྐྱེས་པ་དེ་ཡང་མི་འཇིག་ཅིང་ཡོངས་སུ་ཉམས་པར་མི་འགྱུར་

ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་བ་དེའི་ཚེ་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་བློན་པོ་རིན་པོ་ཆེ་དག་འབྱུང་བར་

འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་ཀྱི་སེམས་སྐྱེ་བ་དེའི་ཚེ་ཆོས་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་འབྱུང་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གང་གི་ཚེ་

เล่ม ๓๙ · หน้า 198a

འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་རྒྱུ་བ་དེའི་ཚེ་སེམས་ཅན་རྣམས་ལ་དེའི་བྱམས་པ་ཐ་དད་པ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་སེམས་དཔས་བསྡུ་བའི་དངོས་པོ་བཞི་པོ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱད་པ་

དང་། དོན་འཐུན་པས་སེམས་ཅན་དག་སྡུད་པ་དེའི་ཚེ་སེམས་ཅན་རྣམས་ལ་དེ་ཐ་དད་པ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འདུན་ཁང་ན་མཆིས་པ་དེའི་ཚེ་འཐབ་པ་དང་རྩོད་པ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་

དུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་འབེལ་བའི་གཏམ་གྱི་སླད་དུ་མཆིས་པ་དེའི་ཚེ་འཐབ་པ་དང་། རྩོད་པའི་གཏམ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གང་གི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གནས་པར་འགྱུར་བ་དེའི་ཚེ་ཐོག་མར་རིའི་རྒྱལ་པོ་རི་

རབ་དང་། རྒྱ་མཚོ་ཆེན་པོ་གནས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཐོག་མར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཚེ་ལྷག་པའི་བསམ་པ་དང་། སྙིང་རྗེ་ཆེན་པོ་ཐོག་མར་གནས་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གང་གི་ཚེ་

གདུགས་འཆར་བ་དེའི་ཚེ་རི་གང་དག་མཐོ་བ་དེ་དག་ལ་ཐོག་མར་འོད་ཟེར་འབབ་བོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྣང་བ་ཐོག་མར་བྱུང་བ་དེའི་ཚེ་སེམས་ཅན་གང་དག་དགེ་བའི་རྩ་བ་སྦྱངས་པ་དེ་དག་གིས་ཡེ་ཤེས་ཀྱི་སྣང་བ་དེ་མྱོང་བར་འགྱུར་ལགས་སོ། །

བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་ས་བོན་ཐམས་ཅད་དང་། རྩྭ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་ཐམས་ཅད་ནི་སས་བཟེད་དེ་ཐམས་ཅད་ལས་བཅུད་མཉམ་དུ་གཏོང་ངོ་། །བཅོམ་ལྡན་འདས་དེ་བཞིན་དུ་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་

ལ་ཆོས་ཀྱི་བསམ་པའི་གཏོང་བས་སེམས་ཆགས་པ་མ་མཆིས་པར་གཏོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་རྒྱལ་པོ་བཟང་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ལྷའི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔེ་དགོད་པ་བསྟན་པ་འདི་ལེགས་པར་སྨྲས་པ་ལེགས་སོ་ལེགས་སོ། །

เล่ม ๓๙ · หน้า 198b

ལྷའི་བུ་རྩྭ་དང་། ནགས་ཚལ་ཇི་སྙེད་པ་དང་། མིང་གི་བརྡ་དང་། ཆོས་ཀྱི་བརྡ་དང་། སྒྲའི་བརྡ་དག་ཇི་སྙེད་པ་དང་། གཟུགས་དང་། ཁ་དོག་གི་བརྡ་དག་ཇི་སྙེད་པ་དང་། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཇི་སྙེད་པ་དང་། མིང་དང་གཟུགས་རབ་ཏུ་བརྗོད་པ་ཇི་སྙེད་

པ་དང་། སེམས་ཅན་རྣམས་ཀྱི་སྤྱོད་པ་ཇི་སྙེད་པ་དང་། སེམས་ཅན་རྣམས་ཀྱི་ཡོངས་སུ་སྤྱད་པ་ཟས་སྐོམ་ཇི་སྙེད་པར་ལྷའི་བུ་བྱང་ཆུབ་སེམས་དཔའི་གཟུངས་ཐོབ་པའི་དཔེ་དགོད་པ་བསྟན་པ་ཡང་དེ་སྙེད་དོ། །ལྷའི་བུ་དག་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའི་ཚིག་

གང་ཅི་ཡང་རུང་སྟེ། སངས་རྒྱས་ཀྱི་བཀའ་མ་ཡིན་པ་མེད་དོ། །གཟུགས་སུ་སྣང་བ་འམ། སྒྲ་འམ། དྲི་འམ། རོ་འམ། རེག་བྱ་འམ། ཆོས་སུ་སྣང་བ་གང་ཅི་ཡང་རུང་སྟེ། དེ་ལ་གང་སྣང་བར་མི་འགྱུར་བ་དེ་མེད་དོ། །དེ་ལ་གཞན་ལས་ཐོས་པ་ལ་རག་ལས་པའི་

སྤོབས་པ་མེད་དོ། །གཞན་གྱི་ངོར་ལྟ་བ་ལ་རག་ལས་པའི་བསྟན་པ་མེད་དོ། །དེ་མི་ཟད་པ་དང་། མཐའ་ཡས་པ་དང་། ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང་། ཐམས་ཅད་ལ་འཇུག་པའི་རྗེས་སུ་སོང་བ་ཡིན་ནོ། །དེ་ལ་རྒྱུན་ཆད་པ་མེད་དོ། །ཆགས་པ་མེད་དོ། །ལུས་ལྕི་བ་མེད་

དོ། །སེམས་ཞུམ་པ་མེད་དོ། །དེ་སངས་རྒྱས་བརྒྱ་སྟོང་གི་སྤྱན་སྔར་སྟོན་ཀྱང་ཞུམ་པར་མི་འགྱུར་ཏེ། འདི་ལྟར་སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའ་དེས་གཟུངས་དང་། ཤེས་རབ་དང་། ཡེ་ཤེས་དང་། སྤོབས་པ་ཐོབ་བོ། །དེ་སྟོན་ཀྱང་

ཞུམ་པར་མི་འགྱུར། ཀུན་ཏུ་ཞུམ་པར་མི་འགྱུར་ཞིང་ཟློག་པར་མི་འགྱུར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ཆགས་པ་མེད་པ་གསུམ་གྱི་རྗེས་སུ་སོང་བ་ཡིན་ནོ། །གསུམ་གང་ཞེ་ན། བདག་ལ་ཆགས་པ་མེད་པ་དང་། སེམས་ཅན་ལ་ཆགས་པ་མེད་པ་དང་། ཆོས་ལ་ཆགས་པ་མེད་

པའོ། །ཡོངས་སུ་དག་པ་གསུམ་གྱི་རྗེས་སུ་སོང་བ་ཡིན་ཏེ། གསུམ་གང་ཞེ་ན། ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་དང་། དེ་བཞིན་ཉིད་ཡོངས་སུ་དག་པ་དང་། ཡང་དག་པའི་མཐའ་ཡོངས་སུ་དག་པའོ། །མི་ཟད་པ་གསུམ་གྱི་རྗེས་སུ་སོང་བ་ཡིན་ཏེ། གསུམ་གང་ཞེ་ན།

เล่ม ๓๙ · หน้า 199a

ཆོས་མི་ཟད་པ་དང་། ཡི་གེ་མི་ཟད་པ་དང་། བསྟན་པ་མི་ཟད་པའོ། །བྱིན་གྱི་རླབས་གསུམ་ཐོབ་པ་ཡིན་ཏེ། གསུམ་གང་ཞེ་ན། སྤོབས་པའི་བྱིན་གྱི་རླབས་དང་། ཆོས་ཀྱི་དོན་གྱི་བྱིན་གྱི་རླབས་དང་། ཆོས་ལ་འཇུག་པའི་བྱིན་གྱི་རླབས་སོ། །དགའ་བ་གསུམ་

ཐོབ་པ་ཡིན་ཏེ། གསུམ་གང་ཞེ་ན། ཡེ་ཤེས་ཀྱིས་དགའ་བ་དང་། ཤེས་རབ་ཀྱིས་དགའ་བ་དང་། ཐེ་ཙོམ་ཆད་པས་དགའ་བའོ། །མྱུར་བ་གསུམ་ཐོབ་པ་ཡིན་ཏེ། གསུམ་གང་ཞེ་ན། དྲན་པ་མྱུར་བ་དང་། བློ་གྲོས་མྱུར་བ་དང་། རྟོགས་པ་མྱུར་བའོ། །གཟུངས་ཀྱི་

ཡོན་ཏན་བསྔགས་པའི་དཔེ་དགོད་པ་མི་ཟད་པ་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་བརྒྱད་བརྒྱས་གཟུངས་ཐོབ་པར་གྱུར་ཏོ། །གཟུངས་ཀྱི་ཡོན་ཏན་གྱི་བསྔགས་པའི་དཔེ་དགོད་པ་མི་ཟད་པའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་རྩ་བཞི་པའོ།། །།དེ་ནས་

བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་ཅི་ནས་ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི་གླིང་དུ་སྤྱོད་པར་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

གསང་བ་པའི་བདག་པོ་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ངས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་ལས་ཆོས་སྦ་བ་དང་། བསྲུང་བའི་གསང་སྔགས་ཀྱི་གཞི་གང་དག་ཐོས་པ་དེ་དག་ཁྱོད་ཀྱིས་དྲན་ནམ། གསོལ་པ། བཅོམ་ལྡན་འདས་དྲན་ལགས་སོ། །བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཆོས་སྦ་བ་དང་། བསྲུང་བའི་གསང་སྔགས་ཀྱི་གཞི་དེ་དག་ཁྱོད་ཀྱིས་འཁོར་འདི་ལ་རྗོད་ཅིག །དེ་ལྟར་ན་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་

འགྱུར་རོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ། གསང་སྔགས་ཀྱི་གཞི་འདི་དག་སྨྲས་སོ། །ཏདྱ་ཐཱ། ཛ་ཡ་ཛ་ཡ་མ་ཏི། ཛ་ཡ་ཤ་ཏྲུ། ཨ་ལེ། ཨ་མ་ལེ། ཨ་ལུ་ལི་ཏེ། མ་མེ། མ་མ་མ་ཏི།

เล่ม ๓๙ · หน้า 199b

ནཱ་མ་སན་དྷི། ཨུད་ཏ་མེ། ཨུད་ཏ་མ་ཏི། ཨུད་ཏ་ར་ཎི། ཨ་རེ་ཨ་རམ་ཎི། ཨ་རི་ཤ་མ་ཎི། ཨ་མཱུ་ལེ། ཨ་མཱུ་ལ། ཨ་བང་ཊི་ཏི། མཱུ་ལ་ཨ་ནུ་ག་ཏེ། ཨད་ཏེ། མད་ཏེ། མ་ཊི་ཏེ། ཨ་ཊི། མ་ཊི་ཏེ། ཁུ་རུ་ཁུ་རུ། སན་དྷི་དྷརྨ་ཨ་ནུ་ག་ཏེ། དྷརྨ་

ད་ཀྵེ། དྷ་རྨ་པྲ་བེ་ཤེ། །ས་རེ་ས་རེ་ས་རེ། ཨ་བེ་དྷེ། བེ་ད་སན་དྷི། ཨེ་ཧི། ཨེ་ཧི་ནི། ཨེ་ཏ་ད་ཨ་ནུ་ག་མེ། བདུད་རྣམས་ཚར་གཅོད་པ། མུ་སྟེགས་ཅན་རྣམས་འཛོམས་པ། ཆོས་ལ་གནོད་པར་སེམས་པ་རྣམས་རྨུགས་པར་བྱེད་པ། ཉོན་མོངས་

པ་རྣམས་སེལ་བ། ཆོས་ཀྱི་ཚུལ་རྣམས་འབར་བར་བྱེད་པ། ཆོས་སྨྲ་བ་རྣམས་ཀུན་ཏུ་སྲུང་བ། མྱ་ངན་ལས་འདས་པར་འཛུད་པ། བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པ་རྣམས་ཡོངས་སུ་འཛིན་པ། འཁོར་ཡང་དག་པར་འཇོག་པ། ཆོས་ཉན་པ་རྣམས་ལ་ལུས་

སྦྱིན་པར་བྱེད་པ། ཡང་དག་པར་སོང་བ་རྣམས་ཀྱིས་བསམ་པ། ཡང་དག་པར་ཞུགས་པ་རྣམས་ཀྱིས་བལྟ་བ། གསང་སྔགས་ཀྱི་གཞི་རྣམས་མངོན་དུ་འགྱུར་བ། གསང་སྔགས་ཀྱི་མཚམས་འགུག་པ། བརྗོད་པ་ཤེས་པ། ཕྱད་པ། མི་ཐུལ་པ། བསྟན་པའི་

ངོ་བོ་ཉིད་ཆུད་ཟ་བར་མ་གྱུར་ཅིག །གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་གསང་སྔགས་ཀྱི་གཞི་འདི་དག་ཡོངས་སུ་བརྗོད་མ་ཐག་ཏུ་དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་

ཁམས་འདི་ན་བདུད་གང་དག་འཁོད་པ་དེ་དག་ཐམས་ཅད་དཔུང་དང་བཅས། གཡོག་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་གན་དུ་ལྷགས་ནས་ལུས་བཏུད་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་

ཅག་གིས་ཆོས་སྨྲ་བ་སུའི་ཁའི་སྒོ་ནས་གསང་སྔགས་ཀྱི་གཞི་འདི་དག་འབྱུང་བ་དེ་ལ་རིམ་གྲོ་བགྱིའོ། །བསྙེན་བཀུར་བགྱིའོ། །བཅོམ་ལྡན་འདས་གསང་སྔགས་ཀྱི་གཞི་འདི་དག་གི་དཔལ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བཟོད་པར་རྔོ་ཐོག་པ་མ་ལགས་སོ། །

เล่ม ๓๙ · หน้า 200a

བཅོམ་ལྡན་འདས་བདག་ཅག་ཉིད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སྦ་བར་བགྱིའོ། །གླགས་ལྟ་བ་གཞན་དག་ཀྱང་ཚར་གཅད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གླང་པོ་ཆེའི་ལྟ་སྟངས་ཀྱིས་ཕྱོགས་བཞི་ཀུན་ཏུ་གཟིགས་ཏེ། དེའི་ཚེ་གསང་

སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། །ཛ་ཡེ། དུར་ཛ་ཡེ། ཛ་ཡ་མ་ཏི། ཤ་མེ། ཤ་ཏྲུ་ནིར་གྷཏ་ནི། ཨ་མཱུ་ལེ། མཱུ་ལ་པ་རི་ཚིན་ནེ། མ་ར་སཻ་ནྱ་བི་ཏྲཱ་ས་ནི། མུག་ཏེ་མུག་ཏ་བ་ཏི། ཤུད་དྷེ། ཨ་བྷེ་དེ། བྷ་ཡ་མོ་ཙ་ནི། བྷ་རོ་ཧ་ར་ཎེ། ཏ་ད་ཏེ་བིདྱེ། བིདྱ་བ་ར་ཨུད་ཏ་

མེ། ཕ་རོལ་རྒོལ་བ་ཚར་གཅོད་པ། །ཆོས་སྨྲ་བ་དག་ཀུན་སྡུད་པ། །ཆོས་ཀྱི་མཛོད་ནི་ཀུན་སྲུང་བ། །རིག་སྔགས་འདི་ནི་སངས་རྒྱས་གསུངས། །ཨ་མ། ཨ་མ་མེ། མ་མ་ཙྪེ་དེ། ཨརྠེ་ཨརྠ་ནི་སྟཱ་ར་ཎེ། འཇིག་རྟེན་སྐྱོང་བ་བཞི་དགུག་པའི་ཚིག་རྣམས་སྨྲས་པའོ། །

དྷི་རེ། དྷི་ར་བ་ཏི། གུ་བ་ཏེ། ཤུ་བྷེཤུ་བྷ་བ་ཏི། ས་མེ། ལྷའི་དབང་པོ་བརྒྱ་བྱིན་འདིར་དགུག་པར་བྱའོ། མཻ་ཏྲེ་སོ་མ་བ་ཏི། ཀྵན་ཏི་ཀྲྀ་པ་ཀཱ་རུ་ཎ་ཨུདྀ་ཧྲ་དེ། པྲཱི་ཏི་ཨུ་པེ་ཀྵས་མ་པན་ཏེ། ཚངས་པ་ཡང་འདིར་དགུག་པར་བྱའོ། །ཨ་ར་ཊེ། པི་ར་ཊེ། ཁ་ཁེ། ཨ་མཱུ་ལེ། མཱུ་ལ་ཤོ་དྷ་ནི། བདུད་

ནི་ཚར་གཅོད་བྱ་བའི་ཕྱིར། །གསང་སྔགས་གཞི་ནི་འདི་དག་སྨྲས། །མདོ་སྡེ་ལེགས་པར་བཤད་པ་འདི། །མི་ཡི་དབང་པོས་བྱིན་གྱིས་བརླབས། །གང་ཚེ་ཤེས་པར་འགྱུར་བ་ན། །དེ་ཡི་ཚེ་ན་སྤྱོད་པར་འགྱུར། །གསང་སྔགས་འདི་དག་རབ་བརྗོད་པས། །ས་ནི་རབ་ཏུ་གཡོས་པར་གྱུར། །བདུད་རྣམས་ཐམས་

ཅད་ལྷགས་གྱུར་ཏེ། །འདི་སྐད་ཀྱི་ནི་ཚིག་སྨྲས་སོ། །ཕྱི་མའི་དུས་ན་མདོ་སྡེ་འདི། །གང་དག་ལག་ཏུ་མཆི་འགྱུར་བ། ཆོས་སྨྲ་མཁས་པ་དེ་དག་ནི། །བདག་ཅག་རྣམས་ཀྱིས་བསྲུང་བར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་

བདག་པོ་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་ཉིད་ཀྱིས་བྱིན་གྱིས་བརླབས་པར་ཤེས་པར་གྱིས་ཤིག །བྱིན་གྱིས་བརླབས་འདི་ནི་སུས་ཀྱང་རྣམ་པར་དཀྲུག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་ངས་མངོན་པར་ཤེས་ཏེ། འདས་པའི་དུས་

เล่ม ๓๙ · หน้า 200b

ན་བསྐལ་བ་མ་སྨད་པ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་མ་སྨད་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་

རིན་ཆེན་ཟླ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་དེའི་གསུང་རབ་ལ་དགེ་སློང་ཆོས་སྨྲ་བ། རྫུ་འཕྲུལ་ཆེ་བ། དབང་ཆེ་བར་གྲགས་པ། མཐུ་ཆེ་བ། ཤེས་རབ་འཕགས་ཞེས་བྱ་བ་དང་། བདེན་པས་བྱིན་ཞེས་བྱ་བ་གཉིས་བྱུང་སྟེ། ཆོས་སྨྲ་བ་དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་དེ་

ལས་གསང་སྔགས་ཀྱི་ཚིག་འདི་དག་བཟུང་ནས། བཅོམ་ལྡན་འདས་དེས་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྐལ་པ་ཕྱེད་ཚང་བར་རྗེས་སུ་བསྐོར་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་བྱེ་བ་ཕྲག་བརྒྱ་འཁོད་པ་གང་ཡིན་པ་དེ་དག་ཐམས་ཅད་ཡོངས་སུ་སྨིན་པར་བྱས་ཏེ། བྱང་ཆུབ་ཡང་

དག་པར་འཛིན་དུ་བཅུག་གོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་དེ་བཞུགས་སམ། འོན་ཏེ་ཡོངས་སུ་མྱ་ངན་ལས་འདས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞི་

བའི་བློ་གྲོས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་དེ་ནི་ཤར་ཕྱོགས་ལོགས་ཀྱི་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་ཕྲག་བཅུ་འདས་པ་ན། འཇིག་རྟེན་གྱི་ཁམས་མ་སྨད་པ་ཞེས་བྱ་བ་ན་བཞུགས་སོ། །དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ནི་བསྐལ་པ་ཁྲི་ཐུབ་བོ། །རིགས་ཀྱི་བུ་དེ་བཞིན་

གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་བདུད་གང་དག་འཁོད་པ་དེ་དག་ཁྲོས་ཤིང་སྡང་བར་གྱུར་པ་དང་། དེ་བཞིན་གཤེགས་པ་དེས་གསང་སྔགས་ཀྱི་ཚིག་འདི་དག་གིས་དེ་དག་བཏུལ། ལེགས་པར་ཡོངས་སུ་བཏུལ་ཏེ། དེ་དག་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །རིགས་

ཀྱི་བུ་ང་དང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་གཉིས་ཀྱིས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་དེའི་གསུང་རབ་ལ་ཚངས་པར་སྤྱོད་པ་སྤྱད་ནས་བྱང་ཆུབ་ཏུ་ངེས་པར་བྱུང་སྟེ། ང་ནི་ཤེས་རབ་འཕགས་ཞེས་བྱ་བར་གྱུར་ཏོ། །གསང་བ་པའི་བདག་པོ་ནི་བདེན་པས་བྱིན་ཞེས་བྱ་བར་གྱུར་ཏོ། །ཞི་བའི་བློ་

เล่ม ๓๙ · หน้า 201a

གྲོས་དེ་ལྟར་ངེད་གཉིས་ལྷན་ཅིག་ཏུ་འཐུན་པ་བག་ཡོད་པར་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་དག་ལ་བསྟི་སྟང་དུ་བྱས་སོ། །བླ་མར་བྱས་སོ། །རིམ་གྲོར་བྱས་སོ། །མཆོད་པ་བྱས་སོ། །ཞི་བའི་བློ་གྲོས་དེ་ལྟར་ན་གསང་སྔགས་ཀྱི་ཚིག་འདི་དག་ནི་བདུད་ཚར་གཅད་པ་དང་། དམ་པའི་ཆོས་ཡོངས་སུ་

གཟུང་བའི་ཕྱིར་གཅེས་སྤྲས་བྱེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ལ་གཟིགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་དག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྐལ་པ་གྲངས་མེད་པར་བསྒྲུབས་པའི་བྱང་ཆུབ་

འདི་ནུབ་པར་མི་འགྱུར་བར་བྱ་བའི་ཕྱིར་གཟུང་བ་དང་། ཡོངས་སུ་བསྲུང་བར་ཁྱེད་ཀྱི་ནང་ནས་སུ་སྤྲོ། དེ་ནས་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ལངས་ཏེ་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་

སྦྱར་བ་བཏུད་དེ་དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །ལུས་དང་སྲོག་ཀྱང་སྤང་བགྱིས་ལ། །རྣམ་པར་སྨིན་ལ་མི་རེ་བར། །འཇིག་རྟེན་མགོན་པོས་གསུངས་པ་ཡིན། །མདོ་སྡེ་འདི་ནི་གཟུང་བར་བགྱི། །རྒྱལ་པོ་བཟང་ལ་སོགས་པ་ལྷའི་བུ་ལྔ་སྟོང་གིས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་

ཏོ། །བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པའི་བྱང་ཆུབ་འདི་གཟུང་བར་བགྱིའོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་ཡང་སྨྲས་སོ། །སེམས་ཅན་ཀུན་གྱི་དོན་སླད་དུ། །སྙིང་རྗེ་བརྟན་པར་བསྐྱེད་ནས་ནི། །སངས་རྒྱས་ཀྱིས་གསུངས་ཟབ་པ་ཡི། །མདོ་སྡེ་འདི་ནི་གཟུང་བར་བགྱི། །དེ་ནས་

ལྷའི་དབང་པོ་བརྒྱ་བྱིན་དང་། ཚངས་པ་གཙུག་པུད་ཅན་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །ནད་ཀུན་ལས་ནི་ཐར་བགྱིད་པ། །མདོ་འདི་སྨན་དང་འདྲ་བ་ལགས། །སྟོན་པ་ལེགས་པར་སེམས་བསྐྱེད་དེ། །བདག་ཅག་གིས་ཀྱང་གཟུང་བར་བགྱི། །དེ་ནས་བཅོམ་

ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་དེ་བཞིན་གཤེགས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐལ་པ་གྲངས་མ་མཆིས་པར་བསྒྲུབས་པ་འདི་གཟུང་བར་བགྱིའོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་ཡང་སྨྲས་

เล่ม ๓๙ · หน้า 201b

སོ། །ཆོས་འདི་ཡི་གེ་མ་མཆིས་ན། །མི་ཡི་དབང་པོས་ཐུགས་རྗེ་ཡིས། །ཡི་གེ་རྣམས་ཀྱིས་རབ་བཤད་པ། །དེ་ནི་བདག་གིས་གཟུང་བར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་གཙུག་པུད་ཅན་ལ་བཀའ་སྩལ་པ། ཚངས་པ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་།

རིམ་གྲོ་བྱེད་པ་བླ་ན་མེད་པའོ། །མཆོད་པའི་ལས་བླ་ན་མེད་པའོ། །བསོད་ནམས་ཚད་མེད་པ་འབྱུང་བའོ། །གསུམ་གང་ཞེ་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པ་དང་། གང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་འཛིན་པ་དང་། གང་ཇི་ལྟར་ཐོས་པའི་

ཆོས་རྣམས་དེ་བཞིན་ཉིད་དུ་སྒྲུབ་པ་སྟེ། ཚངས་པ་གསུམ་པོ་དེ་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་བླ་ན་མེད་པའོ། །ཚངས་པ་གལ་ཏེ་དེ་བཞིན་གཤེགས་པ་ཚེའི་ཚད་བསྐལ་པར་བཞུགས་པས་མཆོད་པའི་དངོས་པོ་གསུམ་པོ་འདི་དག་གི་བསོད་ནམས་ཀྱི་རྣམ་པར་སྨིན་

པ་བསྐལ་པའི་བར་དུ་བསྟན་དུ་ཟིན་ཀྱང་མཐར་ཕྱིན་པར་མི་འགྱུར་རོ། །ཚངས་པ་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་བླ་ན་མེད་པས་མཆོད་པ་བྱེད་འདོད་པས་མཆོད་པའི་དངོས་པོ་གསུམ་པོ་འདི་དག་གིས་མཆོད་པར་བྱའོ། །ཚངས་པ་དེ་བཞིན་གཤེགས་པ་གཅིག་གི་

དམ་པའི་ཆོས་ཀྱི་ཚིག་བཞི་པའི་ཚིགས་སུ་བཅད་པ་ཡོངས་སུ་བཟུང་ན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཡོངས་སུ་གཟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་ཆོས་ལས་ངེས་པར་བྱུང་བ་

ཡིན་པས་དེ་ཆོས་ཀྱིས་མཆོད་པར་བྱའི་ཟང་ཟིང་གིས་ནི་མ་ཡིན་ནོ། །དམ་པའི་ཆོས་ཀྱིས་མཆོད་པ་ནི་མཆོད་པ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་བཤད་དོ། །དམ་པར་བཤད་དོ། །ཕུལ་དུ་བཤད་དོ། །ཚངས་པ་ངས་མངོན་པར་ཤེས་ཏེ་འདས་པའི་དུས་ན་ང་རྒྱལ་པོའི་ཕོ་བྲང་ཞིག་ཏུ་སྐྱེས་ཏེ། རྒྱལ་བུ་གཞོན་ནུ་བློ་

གྲོས་ལྡན་ཞེས་བྱ་བར་གྱུར་པ་དེ་ནི་ངག་ཉིད་ཀྱིས་ལོག་པའི་རྨི་ལམ་ན་ཚིགས་སུ་བཅད་པ་གཉིས་ཐོས་ནས་བཟུང་བ་དང་། ང་སད་ནས་འདི་སྙམ་དུ་བསམས་ཏེ། བདག་གིས་གཏེར་ཆེན་པོ་ཞིག་རྙེད་དོ་སྙམ་ནས་ངས་གཏེར་ཆེན་པོ་ཞིག་རྙེད་དོ་ཞེས་སྐད་ཆེར་བྱུང་བ་དང་། ངའི་ཕ་མ་གཉིས་ན་རེ་གཞོན་ནུ་གཏེར་ག་ལ་

เล่ม ๓๙ · หน้า 202a

ཡོད་ཅེས་ཟེར་རོ། །ངས་ཕ་མ་གཉིས་ལ་ཚིགས་སུ་བཅད་དེ་སྨྲས་པ། འཇིག་རྟེན་གཏེར་ཆེན་རྣམས་ནི་རྒྱལ་པོ་དང་། །རྐུན་པོ་མེ་ཆུ་བསླུས་པས་ཟད་པར་འགྱུར། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐོས་གཏེར་ནི། །བསྐལ་པ་བྱེ་བ་མང་པོར་ཆུད་མི་ཟ། །སེམས་ཅན་དོན་བརྩོན་

བྱང་ཆུབ་སེམས་དང་ནི། །ཚུལ་བཞིན་ཉིད་ཀྱིས་དབེན་སེམས་གང་ཡིན་དང་། །རྟག་ཏུ་བག་ཡོད་འཆི་མེད་རྒྱུ་ཡིན་ཏེ། །ཡོངས་སུ་འཛིན་མེད་བདེ་བ་ཀུན་གྱི་རྒྱུ། །ཚངས་པ་ཚིགས་སུ་བཅད་པ་འདི་གཉིས་ངས་རྨི་ལམ་དུ་ཐོས་ཏེ། ཚངས་པ་ངས་ཚིགས་སུ་བཅད་པ་འདི་གཉིས་ཀྱིས་སེམས་ཅན་

བརྒྱད་སྟོང་ནི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །སྲོག་ཆགས་བཞི་ཁྲི་ཉིས་སྟོང་ནི་བདེ་འགྲོར་འགྲོ་བར་བྱས་སོ། །ཚངས་པ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་ཇི་ལྟར་གང་དག་ཐོས་པ་ལ་བརྩོན་པ་དང་། བརྩོན་ནས་ཡང་དག་པར་སྒྲུབ་པ་དང་། སྒྲུབ་པ་ལ་གནས་ནས་ཀྱང་གཞན་ལ་ཕན་འདོགས་པ་དེ་

དག་གིས་གཏེར་ཆེན་པོ་ཐོབ་པར་དེ་ལྟར་རིག་པར་བྱའོ། །ཚངས་པ་ཐེག་པ་ཆེན་པོ་ལ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པ་དང་། ཐོས་པ་ཚོལ་བས་ཆོག་མི་ཤེས་པ་སྟེ། གཉིས་པོ་དེ་དག་གོ། །ཚངས་པ་དེ་ལྟ་བས་ན་ཆོས་ཀྱི་

ཚུལ་འདི་རྒྱུན་མ་བཅད་ཅིག །ཚངས་པ་ཁྱོད་ཀྱིས་བསྐལ་པ་བཟང་པོ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་གྱིས་ཤིག །ཚངས་པ་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་བཅོམ་ལྡན་འདས་གཞན་འབྱུང་བར་འགྱུར་བ་དེ་དག་དེ་འདྲ་

བར་ཡོངས་སུ་དག་པའི་སེམས་ཅན་དུ་འགྱུར་ན་ནི་དེར་ཁྱོད་བཏང་སྙོམས་ཅན་དུ་འགྱུར་རོ། །ཚངས་པ་འདི་ལྟར་ཉོན་མོངས་པ་ཅན་གྱི་དུས་འདི་ན་སུ་ཞིག་ཉིན་གཅིག་གམ། མཚན་གཅིག་དམ་པའི་ཆོས་འཛིན་པ་དེ་ནི་ཆེས་མང་གི། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་

བསྐལ་པ་བརྒྱ་སྟོང་གིས་ནི་དེ་ལྟ་མ་ཡིན་ནོ། །ཚངས་པ་དེ་ལྟ་བས་ན། ཁྱོད་ཀྱིས་དུས་ངན་པ་འདིར་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བརྩོན་འགྲུས་སུ་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་

เล่ม ๓๙ · หน้า 202b

བཞིན་གཤེགས་པའི་གསང་བ་ལག་ན་རྡོ་རྗེའི་ལེའུ་ཀླུའི་གཟུངས་ཆེན་པོ་བསྟན་པ་འདི་ལོང་ཤིག །ཟུང་ཤིག །ལྷོགས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ཅིག །ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ལ་ཡོངས་སུ་གཏད་དོ། །དེ་བཞིན་གཤེགས་

པའི་གསང་བ་བསམ་གྱིས་མི་ཁྱབ་པ་འདི་སྐྱེ་བོ་ཕལ་པ་ལ་མ་བཤད་ཅིག །ཀུན་དགའ་བོ་སེམས་ཅན་དམན་པ་ལ་མོས་པ་རྣམས་ནི་འདི་ལ་མགོ་རྨོངས་པར་འགྱུར་ཏེ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་དེ་ཙམ་དུ་མོས་པར་དཀའ་བ་དེ་ཙམ་དུ་རྟོགས་པར་དཀའ་བའོ། །སེམས་ཅན་གང་དག་ཅང་ཤེས་པ།

སྦྱང་བ་ལེགས་པར་བྱས་པ་ཆོས་འདི་དག་གི་སྣོད་དུ་གྱུར་པ་མ་གཏོགས་ཏེ། དེ་དག་ནི་ཆོས་ཀྱི་ཚུལ་གྱི་རྒྱུད་འདི་ཐོས་ན་སྐྲག་པར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་

སངས་རྒྱས་ཀྱི་མཐུས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བླངས་ལགས་ཏེ། མཐུ་ཅི་མཆིས་པས་རྔོ་ཅི་ཐོག་ཏུ་གཟུང་བར་བགྱིའོ། །བཤད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་སེམས་ཅན་ཆེན་པོ་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ལངས་

པ་འདི་དག་མཐོང་ངམ། གསོལ་བ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་དག་ཐམས་ཅད་ནི་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སྟོན་པ་ན་ཕན་འདོགས་པར་འགྱུར་བ་ཤ་སྟག་གོ །གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་

མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལག་ན་རྡོ་རྗེའི་ལེའུ་ཞེས་བྱ་བར་ཟུང་ཤིག །འདི་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག །འདི་སངས་རྒྱས་ཀྱི་ཆོས་བསམ་

གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །འདི་བསོད་ནམས་ཚད་མེད་པ་འབྱུང་བ་ཞེས་བྱ་བར་ཡང་ཟུང་ཤིག །ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་སྐྱེས་བུ་གང་ཟག་གང་ཞིག་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སའི་སྟེང་ནས་བཟུང་སྟེ། སྲིད་

เล่ม ๓๙ · หน้า 203a

པའི་རྩེ་མོའི་བར་དུ་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་བཀང་ནས་སྦྱིན་པ་བྱིན་ཏེ་དེའི་རྣམ་པར་སྨིན་པ་ལ་རེ་བ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བཏོན་ཏེ། ཟང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བཤད་ན་འདི་ནི་དེ་བས་བསོད་

ནམས་ཆེས་མང་དུ་སྐྱེད་དོ། །དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་ལེའུ་དང་། བསོད་ནམས་ཚད་མེད་པ་འབྱུང་བ་ཞེས་བྱའོ། །དམ་པའི་ཆོས་ཡོངས་སུ་གཏད་པའི་ལེའུ་འདི་བསྟན་པ་ན་སྲོག་ཆགས་བྱེ་བ་བརྒྱ་ཕྲག་བཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་དགུ་ཁྲི་དྲུག་སྟོང་ནི་བཟོད་པ་ཐོབ་པར་གྱུར་ཏོ། །སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ །དགེ་སློང་སྟོང་དྲུག་བརྒྱ་ནི་སེམས་རྣམ་པར་གྲོལ་ལོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་དག་

ནི་རབ་ཏུ་གཡོས་སོ། །ལྷ་བརྒྱ་སྟོང་དག་གིས་ནི་རོལ་མོ་སིལ་སྙན་བླངས་ཤིང་མེ་ཏོག་གི་ཆར་ཡང་རབ་ཏུ་ཕབ་སྟེ། འདི་སྐད་དུ་ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི་གླིང་དུ་ཤིན་ཏུ་ཡུན་རིང་དུ་གནས་པར་གྱུར་ཅིག་ཅེས་ཀྱང་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། །

གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་དང་། ལྷའི་བུ་རྒྱལ་པོ་བཟང་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་

ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།དམ་པའི་ཆོས་ཡོངས་སུ་གཏད་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། དེ་བཞིན་གཤེགས་པའི་གསང་

བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་ལེའུ་གསུམ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ་དང་། མུ་ནི་བར་མ་དང་ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด