དཔལ་ཟླ་གསང་ཐིག་ལེ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ

ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་ཙནྡྲ་གུ་ཧྱ་ཏིལ་ཀ་ནཱ་མ་མ་ཧཱ་ཏནྟྲ་རཱ་ཛ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๘๓ · หน้า 247b

༄༅། །རྒྱ་གར་སྐད་དུ། ཤྲཱི་ཙནྡྲ་གུ་ཧྱ་ཏིལ་ཀ་ནཱ་མ་མ་ཧཱ་ཏནྟྲ་རཱ་ཛ། བོད་

སྐད་དུ། དཔལ་ཟླ་གསང་ཐིག་ལེ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་ཆེན་པོར་གྱུར་ཏེ། ཡང་འདུས་ནས་ཕྱག་གར་དང་བཅས་པས་ཐལ་མོ་ཁོང་སྟོང་དུ་སྦྱར་ནས།

བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་ལ་གཙུག་གིས་འདུད་པས་གསོལ་བ་བཏབ་པ། དཔའ་བོ་ཀུན་གྱི་གསང་བ་ཡི། །ཟླ་གསང་ཐིག་ལེ་དགའ་བྱེད་པ། །གཉིས་མེད་ཡེ་ཤེས་ཡང་དག་འབྱུང་། །བཅོམ་ལྡན་ཁྱེད་ཀྱིས་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་མ་སྐྱེས་པ། །སྐྱེ་

དང་མ་སྐྱེས་རྣམ་སྤངས་པའི། །བྱུང་དང་འབྱུང་འགྱུར་རབ་སྦྱོར་བའི། །མཆོག་ཏུ་རྟོག་པར་སྦྱོར་བའོ། །རིན་ཆེན་ཐམས་ཅད་འབྱུང་གནས་དག །དྲི་མེད་ནམ་མཁའ་དང་འདྲ་བའི། །རྒྱལ་མཚན་ཆེན་པོ་བསྒྲེང་བྱས་ཏེ། །ཉི་མ་ཆེན་པོས་དབང་བསྐུར་བའོ། །ཆོས་ཀྱིལོངས་

เล่ม ๘๓ · หน้า 248a

སྤྱོད་ཡང་དག་འབྱུང་། །པདྨ་དམར་པོ་མཆོག་གི་མདོག །འདོད་ཆགས་དེ་ཉིད་གསང་བ་ཆེ། །ཐམས་ཅད་བདེ་བྱེད་བདུད་རྩིའི་མཆོག །ཨཱ་དང་ལར་ནི་ཡང་དག་ལྡན། །ཡང་དག་མཛེས་པ་འགྱིང་བའི་འགྲོས། །སྣ་ཚོགས་ཡེ་ཤེས་སྣ་ཚོགས་ཆེ། །ཟླ་

གསང་ཐིག་ལེའི་མཆོག་ཉིད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་གསོལ་བ་བཏབ་པར་མཁྱེན་ནས། འགོག་པ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་རྨད་དུ་གྱུར་ཏེ། ཡང་འདུས་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་ལ་དེ་ཁོ་ན་ཉིད་དབྱངས་ཀྱིས་བསྐུལ་ཏེ་བཞེངས་པར་མཛད་དོ། །ཨོྃ་ཧཱུྃ་ཨཱཿ། མི་སྐྱེ་ཡེ་ཤེས་བདེ་བའི་མཆོག་དང་

ལྡན་པའི་རོ་ལ་མནབས་སུ་གསོལ། །ཨ་ལ་ལ་ཧོ། །སེམས་པ་བདེ་མཆོག་དེ་ཉིད་འགོག་པ་རྣམས་ལ་བསླང་བའི་ཕྱིར། །ཆགས་པ་མེད་པའི་བདེ་མཆོག་མངའ་མཛད་བཞེངས་ཤིག་མནབས། །མཆོག་ཏུ་གསང་བའི་བདེ་ལ་རོལ་ཅིང་དམ་བཅས་འཇིག་རྟེན་སྒྲོལ། །བྱང་ཆུབ་

སྐྱེ་གནས་བདེ་མཆོག་དབྱིངས་ལས་མི་ཉམས་དགའ་བའི་གར་མཛོད་ཅིག །ཨ་ལ་ལ་ཧོ། །སྔོན་གྱི་ཞེན་པའི་མཐའ་དང་སྔོ་སྐམས་ཉོན་མོངས་གཟིར་བ་ལ། །རྨོངས་མེད་བདེ་མཆོག་རྒྱན་དང་ལྡན་པས་ཐབས་ཀྱིས་བསྐུལ་ཏེ་གོ་བར་མཛོད། །འགྲོ་ཀུན་མཚུངས་པར་སྤྱོད་པའི་སྒོ་མོར་

བྱང་ཆུབ་ལམ་སྟོན་ཅིང་། །བདེ་མཆོག་བདུད་རྩི་ཁྱད་པར་མེད་པར་འདུས་པའི་ཚོགས་ལ་བཀའ་སྩོལ་ཅིག །ཨ་ལ་ལ་ཧོ། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་ནམ་མཁའི་དབྱིངས་ཐམས་ཅད་དུ་ཁྱབ་པའི་བདག་ཉིད་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཆེན་

པོ་ཟླ་གསང་ཐིག་ལེ་སྐུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་ཐུགས་ཀྱི་གསང་བའི་ཐིག་ལེ་ལས་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་ཞེས་བྱ་བའི་འོད་ཟེར་གྱི་ཚོགས་ཕྱུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོ་ཟླ་བའི་ཐིག་ལེའི་

เล่ม ๘๓ · หน้า 248b

དབུས་སུ་རྒྱས་པར་བྱས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་དུ་ཡང་སྣང་བར་བྱས། སྟེང་དང་འོག་ཏུ་ཡང་ཞུགས་ཏེ། མ་ལུས་ལུས་པ་མེད་པའི་རི་དང་། སེམས་ཅན་རྣམས་ལ་གསལ་བར་བྱས་ནས་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བས་མཉེས་པར་བྱས་ཏེ། སླར་དེ་ཉིད་དུ་ལོག་ནས་

བཅོམ་ལྡན་འདས་ཤིན་ཏུ་མཉེས་པ་ཆེན་པོའི་བདེ་བའི་བདག་པོ་སྙིང་པོ་གསང་བ་མཆོག་གི་ཟླ་བའི་ཐིག་ལེའི་དབུས་ན་བདེ་བར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འོད་ཟེར་གྱི་ཚོགས་ཀྱི་ཕྲེང་བ་མཆོག་ཏུ་བདེ་བ་ཆེན་པོར་གྱུར་པའི་སྙིང་པོ་དེས་བསྐུལ་བ་

ན། གར་མཛད་ཅིང་རང་རང་གི་ཏིང་ངེ་འཛིན་དུ་དམིགས་ནས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོའི་ཐུགས་ཀའི་ཟླ་བའི་ཐིག་ལེའི་དབུས་སུ་མཆོག་ཏུ་གསང་བའི་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བར་གཅིག་ཏུ་སྟུག་པོར་གྱུར་པ་བསྒྲུབས་ཏེ། རང་རང་གི་སྐུ་བུད་མེད་ཀྱི་ཚུལ་དུ་

བསྐྱེད་ནས། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་མངོན་པར་བྱུང་བར་གྱུར་ཏོ། །དེ་ནས་ལ་ལ་ནི་སྤྱན་པདྨོ་འབར་བ་རྒྱས་པ་ལྟར་བསྒྱུར་ཞིང་བཟློག་སྟེ་སྨིན་རིས་གཡོ་བས། སངས་རྒྱས་ཚུལ་གྱིས་གར་མཛད་ཅིང་། །སངས་རྒྱས་རྣལ་འབྱོར་མ་དཀྱིལ་དུ། །རྡོ་རྗེ་རབ་དགྱེས་

གདོན་མི་ཟ། །སེམས་དཔའ་ཆེ་ལ་དགྱེས་མཛད་ཅིང་། །སངས་རྒྱས་བདེ་བའི་བདེ་བ་ཡིས། །བཅོམ་ལྡན་སངས་རྒྱས་བཞུགས་པར་འགྱུར། །སྨིན་མ་བསྒྱུར་ཞིང་ཞབས་བསྒྱུར་བ། །སྤྱན་བསྒྱུར་ཤིན་ཏུ་གནོན་པ་ཡི། །སོར་མོའི་མཐའ་མ་རྣམ་བསྒྱུར་བ། །རྡོ་རྗེའི་

ཚུལ་གྱིས་གར་མཛད་དེ། །རྡོ་རྗེ་ཆེ་ལ་མཉེས་མཛད་ཅིང་། །རྡོ་རྗེ་རྣལ་འབྱོར་མ་དཀྱིལ་དུ། །སྐད་ཅིག་སྐད་ཅིག་བསྐུལ་བ་ཡིས། །བཅོམ་ལྡན་རྡོ་རྗེ་གནས་པར་གྱུར། །བརྗིད་པའི་ཞབས་དང་རིན་ཆེན་དབུ། །དྲི་མེད་སྤྱི་བོས་གར་མཛད་ཅིང་། །ཞལ་གྱི་དཀྱིལ་

འཁོར་རྣམ་བསྒྱུར་བས། །བདེ་བྱེད་ཆེན་པོ་མྱང་བར་མཛད། །དུར་ཁྲོད་ཡོན་ཏན་ཚོགས་དག་གི། །པདྨོའི་སྤྱན་གྱིས་གཟིགས་མཛད་ཅིང་། །བདེ་བ་བདག་པོ་ཆེན་པོ་ལ། །རིན་ཆེན་ཚུལ་གྱིས་མཛེས་པར་མཛད། །ཤིན་ཏུ་དགྱེས་གསལ་བདེ་དམ་པ། །པདྨོ་དམར་ལ་

เล่ม ๘๓ · หน้า 249a

ཕྱེ་མཛད་དེ། །འདོད་ཆགས་བུལ་དགྱེས་རྣམ་བསྒྱུར་བར། །པདྨོ་དྲ་བས་གར་མཛད་ཅིང་། །པདྨོ་རྣལ་འབྱོར་མ་དཀྱིལ་དུ། །བརྗིད་པའི་སྤྱན་གྱིས་ཀུན་གཟིགས་ཏེ། །བདེ་བ་ཆེ་ལ་མཉེས་མཛད་ཅིང་། །བཅོམ་ལྡན་པདྨོར་གནས་པར་གྱུར། །ཕྱག་གི་

རྩེ་མོར་སོར་མོའི་མཐའ། །རྣམ་པར་བསྒྱུར་བས་གར་མཛད་ཅིང་། །ཕྱག་སྦྱར་ཁོང་སྟོང་པདྨོ་ཡིས། །གློག་བཞིན་དཔལ་དང་སྤྱི་གཙུག་ཏུ། །མཆོད་པའི་སྤྲིན་གྱིས་ལང་ལོང་པོས། །སྣ་ཚོགས་བདེ་བྱེད་གཙོ་ཉིད་ལ། །ལས་ཀྱི་ཚུལ་གྱིས་མཉེས་མཛད་ཅིང་། །སྣ་ཚོགས་

བཅོམ་ལྡན་གནས་པར་གྱུར། །དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཟླ་གསང་ཐིག་ལེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཡང་དེ་བཞིན་གཤེགས་པ་དང་། རྡོ་རྗེ་

དང་། རིན་པོ་ཆེ་གསང་བ་དང་། པདྨོ་དང་ལས་ཀྱི་གསང་བ་ཆེན་པོ་ཐམས་ཅད་ཀྱིས་བཞེད་པ། བདེ་བ་ཆེན་པོ་ཞེས་བྱ་བ་འོད་ཟེར་ཆེན་པོའི་སྤྲིན་གྱི་ཚོགས་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་མཆོག་ལས་ཕྱུང་ངོ་། །དེ་ནས་དེ་བཞིན་གཤེགས་པའི་སྐུ་འདི་དག་ཐམས་ཅད་

སྣང་བས་སྣང་བར་བྱས་ཏེ། ཉིད་ཀྱི་ཐུགས་ཀྱི་ཟླ་བའི་ཐིག་ལེ་ལ་སྟུག་པོ་གཅིག་ཏུ་གྱུར་ནས་བཞུགས་ཏེ། ཐུགས་ཀྱི་ཟླ་བའི་ཐིག་ལེའི་དབུས་སུ་འོད་ཟེར་དེས་དགྱེས་པ་བསྐྱེད་ཅིང་དྲངས་ནས་བཅུག་སྟེ་གཅིག་ཏུ་བྱས་ནས་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་དགྱེས་པ་ཆེན་པོ་གདོན་མི་

ཟ་བར་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཟླ་གསང་ཐིག་ལེ་ཞེས་བྱ་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་ཤིན་ཏུ་དགྱེས་པའི་བདེ་བ་ཆེན་པོ་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །

དཀྱིལ་འཁོར་གྱི་ནི་ཚུལ་གྱིས་སུ། །ཆོ་ག་སྦྱོར་བས་སྤྲོ་བྱས་ཏེ། །ཐེག་དང་མཐུན་པར་དཀྱིལ་འཁོར་དོན། །སྦྱོར་བའི་གར་གྱིས་གར་བྱ་ཞིང་། །ཇི་ལྟར་ཡང་དག་བརྟག་པར་བྱ། །ཇི་ལྟར་དཀྱིལ་འཁོར་དེ་ཁོ་ན། །ཟླ་གསང་ཐིག་ལེའི་དཀྱིལ་འཁོར་ནི། །རྡོ་རྗེ་སེམས་དཔའ་

เล่ม ๘๓ · หน้า 249b

དཔའ་བོས་ཀྱང་། །བརྟག་པར་ནུས་པ་མ་ཡིན་ནོ། །དཀྱིལ་འཁོར་ཡེ་ཤེས་ཀྱིས་བརྟགས་པ། །སྙིང་པོ་ཕྱག་རྒྱ་སྔགས་རིག་གིས། །ལྷ་ཡི་སྦྱོར་བས་རྒྱས་བཏབ་པས། །ཆོ་ག་ཤེས་པས་བྲི་བར་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་དང་ཡང་དག་ལྡན། །ཐིག་

བཞིས་ཡོངས་སུ་བྲིས་པ་སྟེ། །ཀ་བ་བརྒྱད་མཆོག་ཡང་དག་གནས། །ཀུན་ཏུ་ཡོངས་སུ་ཟླུམ་པ་སྟེ། །ཟླ་བ་དེ་ཡི་དབུས་བསམ་པ། །བདེ་བ་ཆེན་པོ་མི་ཕྱེད་པ། །གཙོ་བོ་དེ་སྟེང་བྲི་བར་བྱ། །དེ་ནི་ཚེག་དྲག་བཅས་པ་སྟེ། །ཡི་གེ་བཅུ་གསུམ་ལྡན་པ་ཡི། །ཡི་གེ་མཆོག་ཏུ་བདེ་བ་སྟེ། །

རླུང་གི་དཀྱིལ་འཁོར་ཡང་དག་འབྱུང་། །ཤེས་རབ་ཅན་གྱིས་དེ་མདུན་དུ། །མི་ཕྱེད་ཡིད་ཕྱུང་བྲི་བྱ་སྟེ། །དྲག་པོའི་ཚེག་དང་འདྲེན་པར་བཅས། །བཞི་ཡིས་གཙུག་ཏུ་བྱས་པའོ། །དེ་ཡི་ལྷོ་ཡི་ཕྱོགས་སུ་ནི། །མི་སྨྲ་བ་ཡི་ཡི་གེའི་མཆོག །ཕྱག་རྒྱའི་ཡེ་ཤེས་མཆོག་ཐམས་ཅད། །

སྒྲུབ་པར་བྱེད་པའི་ཡི་གེ་བྲི། །ཧ་དང་རང་ལྡན་ཚེག་དྲག་བཅས། །བཞི་པ་ཡི་ནི་དབུས་བྱས་པ། །སྔགས་ཀྱི་གཟུགས་ཀྱི་ཡི་གེ་ནི། །ནུབ་ཀྱི་ཕྱོགས་སུ་བྲི་བར་བྱའོ། །ཁྲོ་བོའི་ཡི་གེ་ཡེ་ཤེས་ཆེ། །ཡི་གེའི་ཕྱག་རྒྱའི་རྨད་བྱུང་བ། །བརྗིད་དུ་བཅས་པ་དགོད་པ་ཡི། །བྱང་གི་ཕྱོགས་

སུ་བྲི་བར་བྱ། །སེམས་ཅན་ཐམས་ཅད་མཆོག་དག་དང་། །དགྱེས་པ་ཆེན་པོ་རབ་འགྲུབ་ཕྱིར། །ང་ཡི་དེ་ཉིད་གསུང་གིས་ནི། །དཀྱིལ་འཁོར་དེ་ཉིད་བསྟན་པ་ཡིན། །སངས་རྒྱས་བྱང་ཆུབ་བདེ་ཆེན་པོ། །གར་གྱིས་ཚུད་པས་རྫོགས་སངས་རྒྱས། །སེམས་ཅན་མཆོག་གིས་སྟོན་

བྱེད་ན། །དེ་ཉིད་སངས་རྒྱས་བྱང་ཆུབ་འགྲུབ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་ནས་བཅོམ་ལྡན་འདས་ཤིན་ཏུ་དགྱེས་པ་ཆེན་པོའི་བདག་པོ་རྡོ་རྗེ་འཛིན་ཆེན་པོ་ལ་གར་མཛད་ཅིང་། རབ་ཏུ་སྤྲོས་པ་སྤྱན་གདངས་ནས། །ཞབས་དང་ཞབས་

ཀྱིས་གནོན་པ་ཡིས། །སྡུད་ཅིང་འདོར་བ་འཛུགས་པར་མཛད། །གཡས་དང་གཡོན་གྱི་ཕྱག་གཉིས་ཀྱིས། །རྗིད་པའི་རྩེ་མོ་མཐའ་ལས་དགྲོལ། །ཅུང་ཟད་ཟུར་གྱིས་གདངས་པའི་སྤྱན། །མཛེས་པའི་སྤྱན་ཚུགས་རྣམ་བསྒྱུར་བས། །སྤྱན་གྱི་ཕྱག་རྒྱས་གར་མཛད་པས། །འགྲོ་

เล่ม ๘๓ · หน้า 250a

ལ་རྒྱས་བཏབ་འདུད་པར་འགྱུར། །སེམས་དཔའ་ཆེན་པོ་དཔའ་བོ་ལ། །དབྱངས་འདི་ཡིས་ནི་བསྐུལ་མཛད་ཅིང་། །ཤིན་ཏུ་དགྱེས་ཆེ་དཀྱིལ་འཁོར་དུ། །རྣལ་འབྱོར་མ་ཀུན་གནས་པར་འགྱུར། །ཤིན་ཏུ་དགྱེས་ཆེ་རྡོ་རྗེ་དག །སངས་རྒྱས་ཀུན་གྱི་བདེ་ཆེན་པོ། །

དཀྱིལ་འཁོར་མཆོག་ཏུ་དགྱེས་པ་ཡི། །དེ་ཉིད་བཅོམ་ལྡན་ཉིད་ཀྱིས་ཤོད། །རྣམ་པ་ཀུན་ཏུ་སྐྱེ་བ་མེད་པའི་བདེ་བས་རོལ་ཅིང་ཆུབ་མཛད་པའི། །བདག་ཅག་གཟུགས་ཀྱི་དམ་དང་བཅས་ཏེ་རྣམ་སྤྱོད་འགྱུར་བ་མེད་པའི་ཡིད། །བདེ་མཆོག་བྱང་ཆུབ་སེམས་ནི་རྣམ་པ་ཀུན་ཏུ་སྡུག་བསྔལ་

ཡོངས་བྲལ་ཏེ། །ཆེ་བའི་ཡེ་ཤེས་ལྷུན་གྲུབ་མཆོག་ལྡན་བདེ་སྤྱོད་བདེ་ལ་རོལ་པར་མཛོད། །ཨ་ལ་ལ་ཧོ། །འདི་ནི་གླུ་རུ་བླངས་པ་ཡིས། །ཤིན་ཏུ་སྲིད་པས་མྱ་ངན་འདས། །དགའ་ཆེན་དེ་བཞིན་གཤེགས་པ་རྣམས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབ། །དེ་ནས་

བཅོམ་ལྡན་འདས་རྡོ་རྗེ་བདེ་བ་ཆེན་པོ་ཞལ་འཛུམ་པ་དང་བཅས་པས་རྒྱས་པའི་སྤྱན་ཨུཏྤ་ལ་ཁ་ཕྱེ་བ་བཞིན་སྨིན་མ་དང་སྐུ་རྣམ་པར་འགྱུར་བ། གློག་དང་ཆུ་རླབས་བཞིན་དུ་འགྱུར་བའི་རྣམ་པར་གནོན་པས་ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་དེ་ཁོ་ན་ཉིད་འདི་གསུངས་སོ། །

དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱ་བ། །རྡོ་རྗེ་ཡེ་ཤེས་ཐུགས་ལ་གནས། །དཀྱིལ་འཁོར་རྡོ་རྗེའི་མཆོག་ཉིད་ནི། །བདག་ཉིད་སྦྱོར་བས་བརྟགས་པ་ཡིན། །རྡོ་རྗེ་དགྱེས་པ་ཆེན་པོ་ཡི། །དཀྱིལ་འཁོར་ཟླ་བ་གང་བ་འདྲ། །འོད་ཟེར་དཀར་པོའི་ཕྲེང་བས་མཛེས། །བྱང་ཆུབ་སེམས་

མཆོག་འདྲ་བ་ཡིན། །རྡོ་རྗེ་དཔའ་བོའི་དཀྱིལ་འཁོར་ནི། །མཛེས་པའི་ཟླ་བ་ཁམ་པ་ལ། །མཐིང་གའི་འབར་བ་ཀུན་རྒྱས་པ། །མེ་དང་རླུང་གིས་བུས་པ་བཞིན། །ཤིན་ཏུ་དགྱེས་པའི་མཆོག་སྒྲུབ་པ། །རྡོ་རྗེ་རིན་ཆེན་དཀྱིལ་འཁོར་ནི། །དགའ་བྱེད་དཀྱིལ་འཁོར་ཆ་བརྒྱད་ཀྱི། །འབར་

དང་བཅས་པའི་ཉི་མ་བཞིན། །དཀྱིལ་འཁོར་དགྱེས་མཆོག་འབྱུང་བྱེད་པ། །པདྨོའི་དབང་པོ་པདྨ་འདྲ། །འདབ་མ་བརྒྱད་པོ་གྱེས་པ་ཡི། །གེ་སར་ཟླ་བས་མཛེས་བྱས་པའོ། །ཐམས་ཅད་ལས་ནི་གྲུབ་བྱེད་པ། །རྡོ་རྗེའི་ལས་ཀྱི་དཀྱིལ་འཁོར་ནི། །དགའ་བྱེད་དཀྱིལ་འཁོར་

เล่ม ๘๓ · หน้า 250b

གྲུ་གསུམ་སྟེ། །རབ་ཏུ་འབར་བ་མེ་དང་འདྲ། །དེ་ལ་སོགས་པ་མཐའ་ཡས་པའི། །དཀྱིལ་འཁོར་རྣམས་ནི་བརྟག་པར་བྱ། །སྐྱོང་བ་རྡོ་རྗེ་སེམས་དཔའ་ཡིས། །ཇི་ལྟར་དེ་ཉིད་སྤྲུལ་པ་ཡིན། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་བཞེངས་ནས་བརྗིད་

པའི་རྡོ་རྗེ་གང་དག་གིས་གར་མཛད་ཅིང་གླུ་དང་སིལ་སྙན་གྱི་གླིང་བུ་དང་པི་ཝང་དང་། རྫ་རྔ་དང་། དུནྡུ་བྷི་དང་། བ་ན་ཝ་དང་། པ་ལི་ཀ་དང་། ཞི་བའི་ཐལ་མོ་ལ་སོགས་པ་དང་། རྣམ་པ་སྣ་ཚོགས་ཀྱིས་ཀུན་ཏུ་བརྡུང་བ་དང་། སིལ་སྙན་ལ་སོགས་པའི་རྣམ་པར་རོལ་པས་ལྷའི་རོ་དང་།

རོའི་ཟས་དང་། བཟའ་བ་དང་། བཅའ་བ་དང་། བཏུང་བ་དང་། ཐེག་པ་དང་། སྟན་དང་། གོས་དང་། བལྡག་པ་དང་། བཞིབ་པ་དང་། འཇམས་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་བདེ་བ་ཆེན་པོ་དཔལ་རྡོ་རྗེ་འཛིན་པ་ལ་བསྟབས་ནས། གུས་པ་དང་བཅས་པས་

པདྨོའི་སོར་མོ་ཁོང་སྟོང་དུ་མཛད་དེ་གཡོན་དུ་བཏུད་པའི་ཚུལ་གྱིས་འཛུམ་པ་དང་བཅས་པའི་སྤྱན་གདངས་ཏེ། ཡང་དེ་ཁོ་ན་ཉིད་བསྐུལ་བར་མཛད་པའི་དབྱངས་འདིས་བསྟོད་པ་མཛད་དོ། །ཤིན་ཏུ་བདེ་བའི་བྱམས་པ་ཀུན་ཏུ་གཟིགས་པའི་ཐུགས་རྗེ་སྤྱན་མངའ་བས། །བྱང་ཆུབ་ཆེན་པོ་སྙིང་

པོར་འགྲོ་བ་བསྒྲལ་བས་སྐྱོ་ཡིད་མི་མངའ་སྟེ། །མཐུན་པའི་ལམ་སྟོན་ཉོན་མོངས་དྲུག་ལས་བསྒྲལ་བའི་ཕྱིར། །ནམ་མཁའི་ཚུལ་དུ་གཟུངས་ཀྱི་རང་བཞིན་བདེ་གཤེགས་ཀུན་ལ་སྟོབས། །ཨེ་མའོ། །བདེ་བ་ཀུན་ཏུ་རྒྱས་པས་ཆེ་བའི་ཡེ་ཤེས་འདྲེན་ཅིང་བསྣམས། །ས་ཡི་ཁྱད་པར་

བདེ་བས་རྫོགས་པའི་སྐུ་ཉིད་སྟོང་པས་ཚོགས་པའི་རྒྱལ་པོ་བཞིན། །ཆོས་ཉིད་ཇི་བཞིན་དེ་ལ་རེག་པས་སྐུ་ཉིད་ཆེ་བ་ཀུན་སྟོན་ཅིང་། །སྙིང་པོ་བྱང་ཆུབ་བགྲོད་ཕྱིར་འགྲོ་བ་ཐམས་ཅད་སྒོ་མོ་བསམ་གྱིས་མི་ཁྱབ་བསྟན། །དཔལ་གྱི་སྙིང་པོ་གཟུངས་སུ་བསྟན་ཏེ་རིགས་ལྔའི་གཙོ་རྣམས་མཉེས་

མཛད་ཅིང་། །དགྱེས་པས་དྲོངས་ལ་མནབས་ཤིང་རབ་ཏུ་དགྱེས་པས་རོལ་མོ་མཛོད། །དེ་བཞིན་གཤེགས་པའི་བདེ་བ་མནོས་ཏེ་བྱིང་བའི་གནས་ནས་བསླང་བའི་ཕྱིར། །གནོད་སྦྱིན་ཆ་ལུགས་སྐྱེ་འགོག་མེད་པའི་ཚུལ་དང་རྣམ་པར་ལྡན། །སྙིང་རྗེ་ཆེན་པོ་བཅས་ནས་བདེ་བ་

เล่ม ๘๓ · หน้า 251a

ཆེན་པོ་སྟོན་པའི་ཆོས་ཉིད་ནམ་མཁའ་བཞིན། །དགྱེས་པ་མཆོག་གི་ངང་ལ་སྤྲུལ་པའི་ལྷ་མོ་སྐྱེ་མཆེད་དང་། །རོལ་པས་འདུས་པའི་ཚོགས་ལ་བདེ་མཆོག་སྩོལ་བར་མཛོད། །ཧ་ཧ་ཧ་ཧོཿབདེ་ལ་གནས་ཤིང་བདེ་མནོབས་ཧཱུྃ། །དགྱེས་པ་མཆོག་དང་ལྡན་པའི་མི་སྐྱེ་བདེ་མཆོག་བདེ་

ལ་ཆར་པ་རབ་ཏུ་དབབ་ཏུ་གསོལ། །རྣམ་པ་ཀུན་ཏུ་མཐའ་དང་བྲལ་བའི་དབྱིངས་ལ་བདེ་གཤེགས་སློབ་མ་གཟུང་དུ་གསོལ། །དཔལ་གྱི་རྒྱལ་པོ་ཚུལ་བཞིན་དེ་ལྟར་བཞུགས་པའི་གནས་སུ་མནབས་སུ་གསོལ། །ངོ་མཚར་བྱང་ཆུབ་ཆེ་བ་འདི་ཉིད་འགྲོ་བ་རྟེན་བཞིན་བདེ་ཐོབ་པ། །

ཕ་རོལ་ཕྱིན་དྲུག་དངོས་ཉིད་གང་ལའང་མི་བརྟེན་པར། །མི་སྐྱེ་མྱ་ངན་འདས་པའི་གཟུངས་དང་རྟག་ཏུ་རྣམ་པར་ལྡན། །མཐའ་དང་བྲལ་བའི་བདེ་བས་ཆོས་ཀྱི་དབྱིངས་ལ་གནས་པ་ཡི། །རྨོངས་པའི་བདེ་བས་བྱིང་ཞིང་གནས་པའི་འགྲོ་ལ་སྙིང་རྗེའི་ཆུས་ཁྲུས་མཛོད། །ཧོཿ། དེ་ནས། ཤིན་ཏུ་

དགྱེས་མཆོག་མི་ཆགས་པ། །འདི་ནི་གླུ་རུ་བླངས་པ་ཡིས། །ཡིད་དང་མཐུན་པའི་བདེ་ཆེན་པོ། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་གསོལ་བའི་དབྱངས་

ཀྱིས་བསྟོད་པ་ཉེ་བར་གནས་ནས་ཡང་ཆུ་སྐྱེས་ཀྱི་འདབ་མ་དྲི་མ་མེད་པ་དང་འདྲ་བའི་སྤྱན་གྱིས་ཀུན་ཏུ་གཟིགས་ཤིང་འཛུམ་པ་དང་བཅས་པས་ཞལ་རྒྱས་པར་གྱུར་ནས། ཡང་ཚད་མེད་པ་མཐའ་ཡས་པའི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་ཚོགས་ཀྱི་འཇིག་རྟེན་གྱི་ཁམས་མང་པོ་བསྐལ་པ་རྒྱས་

པའི་སྤྲིན་གྱི་རྒྱ་མཚོ་མ་ལུས་ལུས་པ་མེད་པའི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། ནོར་བུ་རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་ཐམས་ཅད་ལས་བྱུང་བའི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་འཛིན་དང་། རིན་ཆེན་འཛིན་དང་། ཆོས་འཛིན་དང་། སྣ་ཚོགས་རྡོ་རྗེ་འཛིན་པ་ཆེན་པོ་ཐམས་

ཅད་དང་། རྣལ་འབྱོར་གྱི་དབང་ཕྱུག་གི་ཚོགས་ཆེན་པོ་དང་། ཐུགས་ལས་བྱུང་བ་དང་། མཚོན་དང་། དགའ་བ་དང་། སྒེག་མོ་ལ་སོགས་པའི་རྣལ་འབྱོར་མའི་དབང་ཕྱུག་ཆེན་མོའི་གཡོག་གི་ཚོགས་ཚད་མེད་པ་འདྲེན་པར་བྱེད་པ་དང་། འགུགས་པར་བྱེད་པ་དང་། འཇིབ་པར་བྱེད་པ་ལ་སོགས་

เล่ม ๘๓ · หน้า 251b

པའི་རྡོ་རྗེ་ནམ་མཁའ་ལ་འགྲོ་བ་དང་། ནམ་མཁའ་ལ་འགྲོ་བ་ཆེན་མོའི་ཚོགས་དང་། གྲངས་མེད་པའི་རྡོ་རྗེ་འཕྲོག་པར་བྱེད་པའི་ཚོགས་དང་། གཞན་ཡང་ཕྱི་རོལ་གྱི་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་ལས་བྱུང་བའི་རྣལ་འབྱོར་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་།

ནམ་མཁའ་ལ་འགྲོ་བའི་ཚོགས་རྣམས་ལ་རྣམ་པར་བདེ་བ་ཆེན་པོ་གྱུར་པ་དང་བཅས་པའི་ཀུན་ཏུ་གཟིགས་པའི་སྤྱན་གྱིས་གར་མཛད་པ་དང་། རྣམ་པར་འགྱུར་བ་དང་བཅས་པའི་རྣམ་པར་གནོན་པས་ཀུན་ཏུ་གནོན་པས། རྣམ་པར་འགྱུར་བ་དང་བཅས་པས་འདེགས་ཤིང་ཚེམས་ཀྱིས་འདེབས་པ་

དང་། རྣམ་པར་འགྱུར་བ་དང་བཅས་པའི་ཀུན་ཏུ་འབྲེལ་པའི་ཕྱག་གིས་གར་མཛད་པ་དང་། རྣམ་པར་འགྱུར་བ་དང་བཅས་པའི་སྒེག་པས་འགྱིང་བ་དང་། སྤྱོད་པ་དང་མི་སྤྱོད་པར་བཅས་པའི་རྣམས་དང་། ཀུན་ཏུ་འདོར་བའི་རྣམ་པར་གནོན་པས་འཁོར་གྱི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་

བྱིན་གྱིས་བརླབས་ནས་དགྱེས་པ་ཆེན་པོ་རྡོ་རྗེ་གདོན་མི་ཟ་བ་ཞེས་བྱ་བ་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བདག་ཉིད་དེ་ཉིད་མཉམ་གཞག་དང་། །དེ་བཞིན་ལྷ་ཡི་དེ་ཉིད་དང་། །སྔགས་དང་ཕྱག་རྒྱ་དེ་ཉིད་དང་། །དེ་ཡི་དཀྱིལ་འཁོར་མཆོག་

ཏུ་འགྱུར། །ཡན་ལག་ཐམས་ཅད་བསྒོམ་ལས་འདས། །རྟོག་དང་མི་རྟོག་རྣམ་སྤངས་པ། །འདྲེན་དང་ཚིག་ལས་ཡང་དག་འདས། །འདི་ནི་དཀྱིལ་འཁོར་མཆོག་ཅེས་བྱ། །ཆོས་དང་ཆོས་མིན་རྣམ་སྤྱོད་པ། །ཆོས་རྣམས་ཐམས་ཅད་བརྟག་པར་བྱ། །རྣམ་དག་ནམ་མཁའ་འདྲ་བ་ཡི། །

དཀྱིལ་འཁོར་འདི་ནི་བསྟན་པ་ཡིན། །འདོད་ཆགས་མི་ཆགས་འདོད་ཆགས་མཉམ། །ཆུ་ཡི་པདྨ་དམར་བ་འདྲ། །རང་སེམས་འདོད་ཆགས་ཤིན་ཏུ་ཆགས། །འདི་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །གཟུགས་དང་གཟུགས་མིན་དྲི་མེད་པས། །གང་ཁམས་ཀུན་ལ་འཇུག་འགྱུར་བ། །

སེམས་ནི་ཆུ་དང་སྐུལ་བྱེད་པ། །དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གཡོག་དང་བཅས་པ་དང་། ཕོ་ཉ་དང་ཕོ་ཉ་མོ་དང་། ནམ་མཁའ་ལ་འགྲོ་བ་ཆེན་པོ་དང་། ནམ་མཁའ་ལ་འགྲོ་བ་ཆེན་མོའི་ཚོགས་ཀྱི་དཀྱིལ་འཁོར་དེ་

เล่ม ๘๓ · หน้า 252a

དག་ཐམས་ཅད་ཡང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་འཛིན་གཙོ་བོ་ཆེན་པོ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མའོ་རབ་དགྱེས་སེམས་དཔའ་མཆོག །ཀྱེ་མའོ་རབ་དགྱེས་ཕྱོགས་བསྒྱུར་བ། །རྣལ་འབྱོར་མ་ཡི་ཚོགས་མཆོག་གི། །

དཀྱིལ་འཁོར་གསང་བ་ཉིད་ཀྱིས་གསུངས། །སངས་རྒྱས་སྦྱོར་བ་སྦྱོར་ཆེ་བ། །རྡོ་རྗེ་སྦྱོར་བ་བླ་ན་མེད། །འཇིགས་གསུམ་བདེ་མཆོག་ཐོབ་འགྱུར་བས། །གསང་བའི་དཀྱིལ་འཁོར་ཉིད་ཀྱིས་གསུང་། །རིན་ཆེན་པདྨ་སྣ་ཚོགས་ཆེ། །སྣ་ཚོགས་སྦྱོར་བའི་གར་མཛད་པ། །རྣམ་གྲངས་

ཐིག་ལེའི་འཇིག་རྟེན་དུ། །རྣམ་དག་དཀྱིལ་འཁོར་ཉིད་ཀྱིས་གསུང་། །དེ་ནས་བཅོམ་ལྡན་འདས་ལ་རྣལ་འབྱོར་མ་ཐམས་ཅད་གར་དང་བཅས་པའི་ཕྱག་པདྨའི་སོར་མོའི་འདབ་མ་ཀུན་ཏུ་འབྲེལ་པའི་རྡོ་རྗེའི་ཐལ་མོ་དང་། གར་རྣམ་པར་འགྱུར་བའི་བརྗིད་བག་ཏུ་བཅས་པས་མཐའ་འགྲོལ་ཞིང་

མ་མཆུ་ཚེམས་ཀྱིས་མནན་ནས་ཆུ་སྐྱེས་སར་པའི་འདབ་མ་བཞིན་གཟིགས་པས་བཞད་པ། གླུའི་ཕྱག་རྒྱས་དབྱངས་ལེན་པ་དང་། གཅིག་ལ་གཅིག་བསྐུལ་བ་དང་། བདག་ཉིད་ཀྱི་དཔུང་པ་ལ་འདེགས་ཤིང་གཡས་དང་གཡོན་པའི་རྣལ་པར་གནོན་པའི་ཚུལ་གྱིས། ཨོྃ་ཧཱུྃ་ཨ་ལ་ལ་ལ་ཧོ། །

ཀུན་ཏུ་སྣང་ཞིང་མི་ཆགས་པར། །མི་ཆགས་པ་ཡི་བདེ་མཆོག་གིས། །བདེ་བའི་རྣལ་འབྱོར་གཟུགས་ཀྱི་རྣམས། །སྟོབས་ཤིང་བདེ་བ་སྦྱིན་མཛད་པས། །ཨ་ལ་ལ་ལ་ཧོ། །བསམ་གྱིས་མི་ཁྱབ་ནམ་མཁའི་རང་བཞིན་ཏེ། །བཞེངས་ཤིང་གཞན་ལ་སྟོབས་ལ་གྲུབ་པར་

མཛོད། །ཆགས་པས་མི་གོས་དངོས་པོ་ཡི། །བདེ་བ་ཀུན་ལ་རེག་པར་མཛད་ཅིང་དགོངས་སུ་གསོལ། །དེ་ནས་ཀུན་ཏུ་བཟང་པོ་ཤིན་ཏུ་དགྱེས་པ་ཆེན་པོ་རྡོ་རྗེའི་བདག་པོ་དེ་ཁོ་ན་ཉིད་ཀྱིས་དབྱངས་ཆེན་པོའི་བསྐུལ་བས་ཐུགས་སད་པར་གྱུར་ཏེ། ཤིན་ཏུ་དགྱེས་པ་ཆེན་པོ་ཀུན་ཏུ་

ལོངས་སྤྱོད་པ་རྡོ་རྗེ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཤིན་ཏུ་དགྱེས་པ་ཆེན་པོའི་རྡོ་རྗེ་གདོན་མི་ཟ་བའི་རྣལ་འབྱོར་མའི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་སྣ་ཚོགས་ཤིན་ཏུ་དགྱེས་པ་ཆེན་པོའི་རྣམ་པར་གནོན་པར་གར་མཛད། ཤིན་ཏུ་དགྱེས་པ་ཆེན་པོའི་

เล่ม ๘๓ · หน้า 252b

རྡོ་རྗེའི་དབྱངས་ཀྱིས་གླུ་ལེན། རྡོ་རྗེ་རྣམ་པར་རོལ་པ་ཆེན་པོས་རྣམ་པར་རོལ། ཤིན་ཏུ་དགྱེས་པ་ཆེན་པོའི་རྡོ་རྗེ་བཞད་པ་ཆེན་པོས་བཞད་ཅིང་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཟླ་བའི་ཐིག་ལེའི་དཀྱིལ་ནས། ཨོྃ་མ་ཧཱ་སུ་ཁ་ཧཱུཾ་ཞེས་བརྗོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མོ་ཡེ་

ཤེས་དབྱིངས་ཕྱུག་མ་ཕྱུང་ངོ་། །སྟེང་དུ་ཟླ་གམ་ལྡན་པ་ཡི། །གཉིས་པ་ཡི་གེ་མ་ལྟ་བུ། །མཚན་དུ་ཐིག་ལེ་ལྡན་བྱས་པ། །ཡེ་ཤེས་གསལ་བའི་རྣལ་འབྱོར་མའོ། །ཨཱ་ལི་ཀཱ་ལི་འདྲེན་བྱ་བ། །དབུས་སུ་རི་མོ་བརྟག་བྱས་ཏེ། །དེ་ཡི་མགོ་དང་མཇུག་དག་ཏུ། །ཁྲོ་བོ་གཉིས་པོ་མཆོག་

བསམ་བྱ། །འདི་ནི་བཙུན་མོའི་རབ་གསལ་བ། །དཀྱིལ་འཁོར་རྡོ་རྗེ་རྣལ་འབྱོར་མའོ། །འདི་ནི་དྲན་པ་ཙམ་གྱིས་ཀྱང་། །བསོད་ནམས་ཀུན་གྱིས་བྱིན་རློབ་འགྱུར། །ཨཱ་ལི་གཉིས་དབུས་རི་མོ་བྲི། །ལྡན་པ་འདྲེན་པ་ཡང་དག་ལྡན། །དེ་སྟེང་ཟླ་གམ་ཐིག་ལེ་དག །མགོ་མཇུག་གཉིས་སུ་

གཞན་ཡང་ཏྲྃ། །འདི་ནི་དོན་དམ་གསལ་བ་སྟེ། །རིན་ཆེན་རྣལ་འབྱོར་མ་དབང་སྦྱིན། །དྲན་པས་བསོད་ནམས་ཐོབ་འགྱུར་ཏེ། །སྡིག་པ་རྣམས་ཀྱང་འཇིག་པར་བྱེད། །ཨཱ་ལི་གཉིས་དང་ལྡན་བྱས་ཏེ། །ཚེག་དྲག་ཡི་གེ་གཉིས་སུ་བཤད། །འདི་ནི་རབ་དགའ་ཀུན་ཏུ་ཆགས། །ཆུ་

སྲིན་མ་ཞེས་བསྟན་པ་ཡིན། །དང་པོ་སྐལ་བ་ཆེན་པོ་ཡི། །ཚེག་དྲག་པོ་དང་བཅས་པ་གཞན། །སངས་རྒྱས་ཀུན་གྱི་ཨ་ལི་འདི། །སངས་རྒྱས་བྱང་ཆུབ་རབ་སྦྱིན་བྱེད། །བདག་ཉིད་ལའམ་ཡང་ན་གཞན། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་སྟེ། །བསྒྲུབ་བྱའི་དཀྱིལ་འཁོར་གྲུབ་

བྱེད་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །འདི་ནི་དཀྱིལ་འཁོར་རྣམས་ཀྱི་མཆོག །ཡི་གེའི་ཕྱག་རྒྱའི་མངོན་གནས་པའི། །འཛིན་པའི་བསོད་ནམས་ཅི་འདྲ་བ། །བྲིས་པ་ཡིས་ཀྱང་ཁྱད་པར་འགྱུར། །ཨེ་མའོ་བདེ་བ་ཡེ་ཤེས་ཆེ། །དེ་ཡི་ཡེ་ཤེས་ཚེ་འདི་ལ། །འདོད་

བྱེད་བདེ་བ་སྟེན་བྱེད་ཅིང་། །འདི་ཡི་ཚུལ་གྱིས་ཐོབ་པར་འགྱུར། །ཁམས་གསུམ་མཆོག་གི་དཀྱིལ་འཁོར་འདིར། །འདི་ལས་རྒྱ་ཆེ་མཆོག་གཞན་མེད། །སྒྲུབ་པ་པོ་ཡི་སེམས་ཅན་ཀུན། །ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །ཟླ་གསང་ཐིག་ལེའི་གསང་བའི་རྒྱལ་པོ་ཆེན་པོ་

เล่ม ๘๓ · หน้า 253a

ཤིན་ཏུ་དགྱེས་པ་རྡོ་རྗེ་གདོན་མི་ཟ་བའི་དམ་ཚིག་གི་དཀྱིལ་འཁོར་ཆེན་པོ་རྒྱས་པ་མཆོག་ཏུ་གསང་བ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཙུན་མོ་རྣམས་ཀྱི་གསང་བ་ཆེན་པོ་རྣལ་འབྱོར་མའི་དབང་ཕྱུག་ཆེན་པོ་རྣམས་ཀྱི་མཆོག་ཏུ་གསང་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ་

དང་པོ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། དགྱེས་པའི་ཡིད་བདེ་བ་དང་། མགུ་བ་དང་། ཡིད་དགའ་བ་བསྐྱེད་ནས་གར་དང་ཤིན་ཏུ་དགྱེས་པ་ཆེན་པོའི་རྡོ་རྗེ་བཞད་པ་མཛད་ཅིང་ཡང་ཤིན་ཏུ་དགྱེས་པ་ཆེན་པོའི་

བདེ་བ་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་འདུ་བ་མཛད་ནས། བཅོམ་ལྡན་འདས་ལ་གསོལ་བ་འདེབས་པར་འགྱུར་རོ། །བདེ་བྱེད་ཆེན་པོ་བཤད་པ་ཤོད། །བདེ་བ་ཆེན་པོ་བཤད་པ་ཤོད། །གསང་བ་ཆེན་པོ་བཤད་པ་ཤོད། །དགྱེས་པ་ཆེན་པོ་བཤད་པ་ཤོད། །ཁྱོད་ལས་

འདོད་ཆགས་ཡང་དག་འབྱུང་། །ཁྱོད་ལས་ཞེ་སྡང་ཆེན་པོ་སྟེ། །ཁྱོད་ལས་སྡིག་བྱེད་སྡུག་བསྔལ་དང་། །ཁྱོད་ལས་ཁམས་གསུམ་ཐམས་ཅད་འབྱུང་། །ཁྱོད་ལས་སྐྱེས་པ་མ་ནིང་དང་། །ཁྱོད་ལས་འདོད་གཟིར་བུད་མེད་དང་། །ཁྱོད་ལས་འདོད་ལས་རྣམ་གྲོལ་དང་། །ཁྱོད་ལས་

བྱང་ཆུབ་བླ་མེད་འབྱུང་། །ཁྱོད་ལས་ནམ་མཁའ་རླུང་དག་དང་། །ཁྱོད་ལས་གཟི་བརྗིད་མེ་ཡི་ཁམས། །ཁྱོད་ལས་དེ་བཞིན་ཆུ་དང་ས། །ཁྱོད་ལས་སྤྱོད་དང་མི་སྤྱོད་ཀུན། །ཁྱོད་ལས་སངས་རྒྱས་དཔའ་ཆེན་པོ། །ཡང་ནས་ཡང་དུ་འབྱུང་བར་འགྱུར། །ཁྱོད་ལས་ཆོས་དང་དགེ་འདུན་དང་། །

ཁྱོད་ལས་ཕ་རོལ་ཕྱིན་པའི་ཚོགས། །བྱང་ཆུབ་སེམས་དཔའ་ཆེན་པོ་དང་། །རི་དང་སྐྱེ་བོ་ཐམས་ཅད་འབྱུང་། །ཁྱོད་ལས་རྡོ་རྗེ་སེམས་དཔའ་དང་། །ཁྱོད་ལས་དྲི་མེད་པདྨོ་དང་། །ཁྱོད་ལས་རིན་ཆེན་ཚད་མེད་ཆེ། །དེ་བཞིན་རྡོ་རྗེ་སྣ་ཚོགས་འབྱུང་། །ཁྱོད་ལས་ཕྱག་རྒྱ་སྔགས་ཀྱི་

རྣམས། །ཁྱོད་ལས་རིག་པའི་སྙིང་པོ་འབྱུང་། །དེ་ནས་བཅོམ་ལྡན་འདས་སྤྱན་མི་འཛུམས་པས་སྨིན་མ་བརྐྱང་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆེན་པོ་དང་། རྣལ་འབྱོར་མ་ཆེན་མོའི་ཚོགས་དང་། རྡོ་རྗེ་ནམ་མཁའ་ལ་

เล่ม ๘๓ · หน้า 253b

འགྲོ་བ་དང་། ནམ་མཁའ་ལ་འགྲོ་བའི་ཚོགས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཀུན་འདུས་པ་ཐམས་ཅད་

ལ་སྐད་ཅིག་སྐད་ཅིག་ཏུ་ཀུན་ཏུ་གཟིགས་ནས་བརྗིད་པ་དང་བཅས་པའི་ཕྱག་འཇམ་པོས་ཉིད་ཀྱི་སྙིང་གའི་རྡོ་རྗེ་གསོར་ཞིང་། ཉིད་ཀྱི་མཚན་མའི་ཕྱག་རྡོ་རྗེ་རྗེས་སུ་ཆགས་པ་རབ་ཏུ་རྒྱས་པ་ཆེན་པོའི་ལྟ་བས་འཁོར་ཐམས་ཅད་ཟིལ་གྱིས་མནན་ཏེ། ཉིད་ཀྱི་ཐུགས་པདྨ་ཟླ་བའི་དཀྱིལ་འཁོར་

ཡི་གེའི་ཐིག་ལེའི་དཀྱིལ་ནས་འོད་ཟེར་ཕྱུང་སྟེ་ཀུན་ཏུ་སྣང་བར་བྱིན་གྱིས་བརླབས་ནས། ཤིན་ཏུ་དགྱེས་པ་གདོན་མི་ཟ་བའི་རྡོ་རྗེ་ཞེས་བྱ་བའི་གསང་བའི་དཀྱིལ་འཁོར་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །དང་པོའི་ཡི་གེ་བཅུ་གསུམ་པ། །ཐིག་ལེར་

བཅས་པ་བསམ་བྱས་ཏེ། །བདེ་ཆེན་ཚུལ་བཞིན་གཞག་བྱས་ལ། །གཞན་གྱིས་མི་ཕྱེད་ཐིག་ལེར་བཅས། །ཡི་གེ་དྲུག་པ་འདྲེན་པ་རུ། །ཚུལ་བཞིན་འོག་ཏུ་ཡོངས་སུ་བརྟག །འདི་ནི་གསང་བ་ཆེན་པོ་སྟེ། །རྨད་བྱུང་ཡི་གེ་ཕྱག་རྒྱའོ། །བདེ་ཆེན་བདེ་བར་བསྐྱེད་པའི་ཕྱིར། །སངས་

རྒྱས་ཀུན་གྱིས་བསྒྲགས་པ་ཡིན། །ཡེ་ཤེས་ཀྱི་ནི་ཕྱག་རྒྱ་འདིས། །སྐད་ཅིག་སྙིང་པོས་རྒྱས་བཏབ་ན། །དཀྱིལ་འཁོར་རྣམས་ཀྱི་འཆད་པ་པོ། །སྟོན་པ་རྡོ་རྗེ་འཛིན་པར་འགྱུར། །བདེ་བ་ཆེན་པོ་སྐུལ་བྱེད་པའི། །སངས་རྒྱས་རྣམས་ཀྱི་རྟོགས་པར་བྱེད། །ཡི་གེ་ཡེ་ཤེས་གྲུབ་པ་

ཡིས། །ཡེ་ཤེས་དབང་ཕྱུག་ཉིད་དུ་འགྱུར། །འཕྲུལ་གྱི་མིག་དང་ཤེས་རབ་ཆེ། །མི་ཤེས་སྡིག་པ་འཇོམས་པར་བྱེད། །རྡོ་རྗེ་སེམས་དཔའ་ཉིད་འདྲ་བར། །ཚེ་འདི་ཉིད་ལ་འཐོབ་པར་འགྱུར། །བདེ་བ་ཆེན་པོ་རེག་པ་ཆེ། །སྡུག་བསྔལ་འདོད་པ་འཇོམས་བྱེད་པའོ། །ཤེས་

རབ་ཡེ་ཤེས་དངོས་གྲུབ་ཆེ། །བྱང་ཆུབ་མྱུར་དུ་འཐོབ་འགྱུར་ཏེ། །རིག་མ་འབུམ་ཕྲག་བརྒྱས་བསྐོར་ཅིང་། །སེམས་དཔའ་ཆེན་པོ་དེ་དང་རྩེན། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །ཐལ་མོ་བརྐྱང་སྟེ་རོལ་པ་ཡིས། །ཚེ་དང་ལང་ཚོ་སྐལ་དང་ལྡན། །དྲན་པ་ཙམ་གྱིས་འཐོབ་པར་འགྱུར། །

เล่ม ๘๓ · หน้า 254a

འདོད་པ་ཡིས་ནི་དགོས་པའི་རྣམས། །མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །འོག་དང་སྟེང་གི་ནམ་མཁའ་ལ། །བདག་འདོད་བཞིན་དུ་འགྲོ་འོང་བྱེད། །ས་ཡང་རྣམ་པར་ཕུག་ནས་སུ། །སྟོབས་ཆེན་དེ་འདིར་འོང་བར་བྱེད། །སངས་རྒྱས་ཀུན་ལ་གནོད་བྱེད་དེ། །བྱང་

ཆུབ་པར་ནི་གདོན་མི་ཟ། །བདེ་བ་ཆེན་པོའི་རྣམ་མཛད་པས། །གཞོམ་ཞིང་དེ་བཞིན་མྱང་བ་ཡི། །རྡོ་རྗེ་བློ་ཡིས་བདུད་ཀྱི་རྣམས། །རྣམ་པར་འགྱུར་བས་ཐམས་ཅད་བསྒྲལ། །བདེ་བ་ཆེན་པོ་གཏོང་བ་ཡིས། །སྐད་ཅིག་ཉིད་དུ་གསོལ་བར་བྱ། །གྲུབ་པའི་རྡོ་རྗེ་འཛིན་པ་ཆེ། །དཔའ་བོ་ཆེན་

པོས་དགུག་པར་བྱ། །རྣལ་འབྱོར་མ་རྣམས་ཅི་འདོད་པར། །རྣམ་གནོན་ཚུལ་གྱིས་གནོན་པར་བྱ། །དབང་པོ་ཉེ་དབང་དབང་ཆེན་པོ། །གནོད་བྱེད་སྟོབས་ཀྱིས་དགོན་གནས་པར། །རབ་ཏུ་རྣམ་འཇོམས་གནོན་པ་ཡིས། །གཞོམ་པའི་ཚུལ་གྱིས་བསྒྲལ་བར་བྱ། །མཚོན་ཆ་ལྔ་ཡིས་

རྣམ་གནོན་པས། །གཞན་གྱི་བུད་མེད་རྩེན་པར་བྱ། །ཀྱེ་མའོ་བདེ་བ་བདེ་གནས་པའི། །སེམས་ཅན་ཆེན་པོས་གྲོལ་བྱས་ཏེ། །བྱང་ཆུབ་སེམས་ནི་བདེ་འབྱུང་བས། །སེམས་དཔའ་བདག་ཉིད་མཆོད་པར་བྱ། །དམ་ཚིག་རྗེས་སུ་ལྡན་པ་ཡིས། །རྣལ་འབྱོར་རྟག་པའི་ངོ་བོར་འགྱུར། །སྐད་ཅིག་མཐོ་རིས་

འགྲོ་བར་བྱེད། །སྐད་ཅིག་བདེ་ལྡན་འགྲོ་བར་བྱེད། །རྡོ་རྗེའི་ཤུགས་ཀྱིས་ཐམས་ཅད་དུ། །སེམས་ཅན་སྐད་ཅིག་འདི་རུའོ། །སངས་རྒྱས་ཀུན་གྱི་གནས་སུ་འགྱུར། །སེམས་ཅན་རྣམས་དང་གྲགས་ཆེན་པོ། །ཐམས་ཅད་ཀྱི་ནི་རིགས་རྣམས་དང་། །ཕ་རོལ་ཕྱིན་རྣམས་སྐྱེ་གནས་ཏེ། །

དེ་བཞིན་རིགས་དང་ཕ་རོལ་ཕྱིན། །དེ་དག་འདི་ལ་རབ་ཏུ་གནས། །དབང་པོར་གྱུར་པ་བརྟེན་ཆེན་པོ། །ཡོན་ཏན་ཚོགས་ནི་ནམ་མཁའ་བཞིན། །དེ་ཉིད་དངོས་པོ་ཐམས་ཅད་ལ། །ཐམས་ཅད་དུས་གསུམ་མཉམ་གནས་ཏེ། །རྡོ་རྗེ་སེམས་དཔའ་མཆོག་ཏུ་བདེ། །སེམས་དཔའ་

ཐོག་མ་ཐ་མེད་ཡིན། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་ཤིན་ཏུ་བདེ་བ་ཆེན་པོའི་རྡོ་རྗེ་ཆོས་ཀྱི་ཡི་གེ་ཞེས་བྱ་བ་ཡི་གེ་ཆེན་པོའི་ཕྱག་རྒྱའི་ཡེ་ཤེས་སོ། །བཅུ་གསུམ་གྱི་ནི་ཡི་གེ་ཆེ། །ཡེ་ཤེས་ཐིག་ལེ་ལྡན་པ་སྟེ། །རྡོ་རྗེ་ཡིད་འབྱུང་ལྷགས་པ་ཡི། །ཧ་ལ་ར་བཏགས་

เล่ม ๘๓ · หน้า 254b

དབུ་བསྐོར་བྱ། །འདི་ནི་ཡིད་ལས་སྐྱེས་པ་སྟེ། །ཤིན་ཏུ་དགྱེས་ཆེ་མཛེས་པ་ཡིས། །ཡི་གེའི་ཕྱག་རྒྱ་ཕྱག་རྒྱ་ཆེ། །གཙོ་བོའི་སྤྱན་སྔར་གནས་པ་ཡི། །གསང་བའི་སྙིང་གི་པདྨོ་ལ། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པས། །དེ་ནི་དེ་མ་ཐག་ཉིད་དུ། །ཤིན་དུ་དགྱེས་པའི་མཉེས་པར་

འགྱུར། །གཙོ་ཆེན་རྡོ་རྗེ་སེམས་དཔའ་ལ། །དེ་ཡི་བདེ་བས་མཉེས་བྱས་ཏེ། །དབང་པོ་ཡི་ནི་སྦྱོར་བ་ཡིས། །དེ་དང་རོལ་པས་མྱུར་དུ་འགྲུབ། །དེ་གཉིས་ཕན་ཚུན་དགྱེས་པ་ལས། །ཤིན་ཏུ་དགྱེས་པའི་གཞིར་གྱུར་ཏེ། །རིག་འཛིན་མཆོག་གི་གཟུགས་ལྡན་དང་། །ལྷ་མི་ཀུན་

གྱིས་མཆོད་པར་འགྱུར། །དེ་དང་ལྷན་ཅིག་རོལ་པ་ན། །ལྷ་ཆེན་ཚངས་པ་གཏོགས་འདོད་རྣམས། །ཕྱག་རྒྱ་སྦྱོར་བའི་ཚུལ་གནས་པའི། །བདག་ཉིད་ཆེ་ལ་ཕྱག་བྱེད་པའོ། །ཉེས་གསུམ་དྲི་མ་སྤངས་པ་ཡི། །ཤིན་ཏུ་སྦྱོར་བའི་རྒྱས་བཏབ་པ། །སེམས་ཅན་གར་ནི་བྱེད་པ་དང་། །

སེམས་དཔའ་ཆེ་ལ་མཉེས་པར་བྱེད། །དེ་ནི་ས་དང་ནམ་མཁའ་ལ། །བདེ་བར་གནས་ཤིང་འགྲོ་བར་བྱེད། །སྣ་ཚོགས་ལྷ་མོ་བདེ་ཆེ་བའི། །སྣ་ཚོགས་བདེ་བས་ཉེར་སྤྱོད་དོ། །ཕྱག་རྒྱའི་གར་གྱིས་གར་མཛད་ཅིང་། །སེམས་ཅན་མྱུར་དུ་རྟོགས་པར་བྱེད། །རལ་གྲིར་གྱུར་པ་གཟི་ཆེན་

པོ། །ནམ་མཁའ་ཀུན་ཏུ་ཕན་ཚུན་འགྲོ། །ལྷ་མོ་འཕྲུལ་གྱི་འགྲོ་བ་དང་། །ལྷ་མིན་ཀླུ་ཡི་བུ་མོ་དང་། །གཞན་ཡང་འཕྲུལ་ལྡན་མིའི་བུ་མོ། །དེ་ཡི་བུད་མེད་ཀུན་བསྒྲུབ་བྱ། །ཕྱག་རྒྱའི་ཡེ་ཤེས་རབ་གནས་པས། །དེ་ཉིད་ཀུན་ཏུ་འགྲོ་བྱེད་དེ། །ཇི་ཙམ་འདོད་པར་དཀྱིལ་འཁོར་དུ། །རྡོ་རྗེ་

སེམས་དཔའ་ཆེ་གནས་སོ། །སངས་རྒྱས་ཐམས་ཅད་མྱུར་དུ་འགྲུབ། །ཐམས་ཅད་ཆོས་ནི་བདེ་ཆེན་པོ། །དགེ་འདུན་ཆགས་མེད་ཐམས་ཅད་རྣམས། །དེ་དག་ཐམས་ཅད་དེ་ཡིན་ནོ། །དབང་པོ་ཉེ་དབང་དབང་ཆེན་གྱི། །ཐོགས་མེད་སྟོབས་ཀྱིས་བཀུག་ནས་སུ། །རྡོ་རྗེ་སེམས་དཔའི་ཐབས་

གནས་པས། །གཞན་གྱི་བུད་མེད་རྩེན་པར་བྱ། །དེ་ལ་སོགས་པ་མཐའ་ཡས་པ། །ཕྱག་རྒྱ་ཡེ་ཤེས་བསྒྲུབ་བྱ་སྟེ། །སྐད་ཅིག་སྐད་ཅིག་བསྟེན་པ་ཡི། །བདག་གི་སྦྱོར་བས་འགྲུབ་པར་འགྱུར། །གཉིས་མེད་སྦྱོར་བ་འདི་ཡིས་ནི། །དེ་ནི་དངོས་གྲུབ་ཀུན་འགྱུར་ཏེ། །བདག་མེད་

เล่ม ๘๓ · หน้า 255a

ང་རྒྱལ་མེད་འགྱུར་ཏེ། །སྣང་བ་མེད་ཅིང་ཡི་གེ་མེད། །ཤིན་ཏུ་དགྱེས་པ་ཆེན་པོའི་ཡིད་དང་རྗེས་སུ་མཐུན་པར་མཛད་མའི་ཡི་གེའི་ཕྱག་རྒྱའི་ཡེ་ཤེས་སོ། །ལྷ་མོ་རྡོ་རྗེ་ཀཱི་ལི་ནི། །དང་པོར་ཨོཾ་གྱིས་རྣམ་བརྒྱན་པ། །བགེགས་མཐར་བྱེད་དང་ལྡན་པ་ནི། །དབང་མཆོག་སྦྱིན་

པར་མཛད་མ་སྟེ། །དེ་ཡིས་བུད་མེད་སྙིང་ག་རུ། །བདག་ཉིད་ཀྱིས་ནི་བྱིན་བརླབས་ཏེ། །དབང་པོ་གཉིས་ནི་སྦྱོར་བ་ཡིས། །མཁས་པས་ཚུལ་བཞིན་བསྒོམ་པར་བྱ། །དེ་ནས་རྣལ་འབྱོར་ཆེན་པོ་དེ། །རྣལ་འབྱོར་དབང་ཕྱུག་བྱིན་བརླབས་པས། །ནམ་མཁའི་དཀྱིལ་འཁོར་མཐའ་དག་

ཏུ། །མཛེས་པའི་སྤྱན་དང་རོལ་ཅིང་འགྲོ། །བདག་གམ་འོན་ཏེ་གཞན་དག་ལ། །ཕྱག་རྒྱ་དེ་ཡིས་རྒྱས་བཏབ་སྟེ། །རྡོ་རྗེ་པདྨོ་ཕྱེ་བ་ཡིས། །སྒྲུབ་པ་པོས་ནི་མྱུར་དུ་བསྒྲུབ། །པདྨ་རྣམ་པར་ཕྱེ་བྱས་ཏེ། །ཕྱག་རྒྱ་སྦྱོར་བས་རོལ་པ་ཡི། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་ན། །འགྲོ་དང་

འོང་བ་གདོན་མི་ཟ། །གཡས་དང་གཡོན་པའི་ཚུལ་གྱིས་སུ། །ལག་པའི་ཕྱག་རྒྱ་བཟུང་བྱས་ཏེ། །སྦྱོར་བ་ཆེན་པོ་བསྒོམ་བྱས་ན། །དེ་མ་ཐག་ཏུ་ནམ་མཁར་འགྲོ། །བདག་ཉིད་གན་རྐྱལ་གནས་བྱས་ཏེ། །ཉིད་ཀྱི་སྟེང་དུ་ཕྱག་རྒྱ་གཞག །ཉིད་ཀྱིས་བྱིན་བརླབས་ཕྱག་རྒྱ་ལ། །སྔགས་

པས་ཚུལ་བཞིན་བསྐྱོད་པར་བྱ། །གཡས་དང་གཡོན་གྱི་གློ་དག་ཏུ། །དགྱེས་དང་མཛའ་བ་གཉིས་བཞུགས་པར། །མི་གཡེང་ཕྱག་རྒྱ་བཞག་བྱས་ཏེ། །བདག་ཉིད་ཤིན་ཏུ་དགྱེས་པར་བསྒོམ། །འདི་ཡིས་དངོས་གྲུབ་ཐོབ་འགྱུར་ཏེ། །འདི་དག་ལྷན་ཅིག་འགྲོགས་པ་ཡིས། །གཟུངས་

མ་ཀུན་གྱི་དཀྱིལ་འཁོར་དུ། །སངས་རྒྱས་ལ་སོགས་ཐམས་ཅད་འགྱུར། །འདི་དང་ལྷན་ཅིག་སྦྱོར་བ་ཡིས། །ནམ་མཁའ་བདག་པོ་སངས་རྒྱས་བཞིན། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པས། །དེ་ནི་སངས་རྒྱས་ངོ་བོར་འགྱུར། །དབང་པོ་གཉིས་ནི་རབ་སྦྱོར་བས། །ནུབ་གཅིག་

བདུད་རྩི་དབྱུང་བྱས་ཏེ། །གཟུངས་མའི་ཕྱག་རྒྱ་ལ་བརྟེན་ནས། །རྨད་འབྱུང་ཉིད་ནི་འཐོབ་ཅེས་བཤད། །མཚན་གྱི་མཐའ་དང་ཉིན་གྱི་མཐའ། །དང་པོར་གཉིས་ཀ་འདུས་བྱས་ན། །སྔགས་ཀྱི་དབྱིངས་ཕྱུག་གར་འགྲོ་བ། །དེ་དང་ལྷན་ཅིག་དངོས་གྲུབ་འགྲོ། །ཕྱེད་དམ་ཡང་ན་ནམ་

เล่ม ๘๓ · หน้า 255b

ཕྱེད་ན། །རིག་མའི་དབྱིངས་སུ་རེག་བྱ་ཞིང་། །མྱུར་བས་ཁྲོས་པའི་སྒྲ་སྒྲོགས་པས། །གྱད་ཀྱི་འགྱེད་པས་བརྩམ་པར་བྱ། །བཀྱེ་བའི་མཇུག་ཏུ་དེ་མ་ཐག །འོ་མ་མཆོག་ནི་བཏུང་བྱས་ནས། །དེ་ནས་དེ་ནི་རྡོ་རྗེ་འགྲུབ། །ཟླ་གསང་དཀྱིལ་དུ་འགྲོ་བར་བྱེད། །བྱ་བ་དེ་བཞིན་བཟློག་

པ་དང་། །ཅི་བདེ་བསྟེན་པ་བྱས་པ་ལས། །བྱང་ཆུབ་སེམས་ནི་འཆར་མ་ཐག །འཕྲོག་མ་ཡི་ནི་དངོས་གྲུབ་བོ། །འདི་ཡིས་རིན་ཆེན་གཙུག་ཉིད་དུ། །མི་གཡེང་མཚན་མོ་བྱས་གྱུར་ན། །སངས་རྒྱས་དངོས་གྲུབ་འཕྲོག་བྱེད་དེ། །སངས་རྒྱས་དངོས་གྲུབ་ཉིད་ཀྱིས་ཐོབ། །འདི་

ཡིས་སྙིང་གི་ཟླ་གསང་ལ། །ཐིག་ལེ་ཉིད་དུ་བརྟག་བྱས་ན། །དེ་ནི་དེ་མ་ཐག་ཏུ་ཡང་། །ཟླ་གསང་ཐིག་ལེའི་མཆོག་འདྲར་འགྱུར། །འདི་ཡིས་རེག་པ་ཙམ་གྱིས་ཀྱང་། །དངོས་གྲུབ་གང་དག་འཐོབ་བྱེད་དེ། །རྡོ་རྗེའི་ཕྱག་རྒྱ་གཟི་ཆེན་པོ། །རྒྱལ་པོ་འདི་ནི་རྣམ་པར་རྒྱུ། །

འདི་ནི་སྒྲུབ་པའི་དུས་སུ་ཡང་། །རྣམ་པར་རྟོག་པ་ཡོང་མི་བྱ། །རྟག་ཏུ་མི་རྟོག་འགྱུར་བ་ཡིས། །ནན་ཏན་གྱིས་ནི་བསྒྲུབ་པར་བྱ། །སྡུག་བསྔལ་བ་ཡི་སེམས་ཅན་ལ། །སྦྱིན་པ་བཞི་ནི་རྟག་ཏུ་སྦྱིན། །དེ་ལ་བདེ་བ་སྦྱིན་བྱས་ཏེ། །མི་སྙན་ནམ་ཡང་སྦྱིན་མི་བྱ། །ཤིན་ཏུ་དགྱེས་པའི་

སེམས་མ་ཆེན་མོ་དཔེ་མེད་པ་དང་ལྡན་མ་ཞེས་བྱ་བའི་རྡོ་རྗེ་ཀཱི་ལི་ཀཱི་ལི་ཤིན་ཏུ་དགྱེས་པའི་བདེ་བ་ཆེན་པོ་འཐོབ་པར་བྱེད་པའོ། །ཐོག་མ་ཨོྃ་སྟེ་འཇའ་ཆེན་མོ། །རྡོ་རྗེ་ཤིན་ཏུ་དགྱེས་དང་འབྲེལ། །འདི་ནི་འདོད་ཆགས་ཐམས་ཅད་ལ། །འདོད་ཆགས་བདེ་བྱེད་སྙོམས་པར་འཐོབ། །རོལ་པའི་

སྦྱོར་བས་བུད་མེད་ལ། །འདི་ནི་རྟག་ཏུ་མཉེས་པར་བྱ། །འདི་ཡི་འགྲོ་བ་གསུམ་དག་ཏུ། །དངོས་གྲུབ་མྱུར་དུ་འཐོབ་པར་བྱེད། །པདྨ་ཁ་ཆེ་རྒྱས་པའི་སྤྱན། །སྔགས་མཁན་དེ་ནི་སྐད་ཅིག་འགྱུར། །གཙོ་བོ་ཡི་ནི་བདེ་མཆོག་གིས། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བྱ། །སྤྲོད་པའི་ཕྱག་རྒྱ་རྒྱས་

བཏབ་སྟེ། །སྐད་ཅིག་སྐད་ཅིག་སྤྱད་པར་བྱ། །དུས་དག་ཏུ་ནི་རེག་པ་དང་། །གཞུག་པ་ཡང་ནི་རྟག་ཏུ་བྱ། །བསྐྱོད་དང་མཉེ་བ་དེ་བཞིན་དུ། །མཉམ་དུ་འགྲོགས་པའི་ཆོ་ག་བྱ། །བསྐྱེད་པ་དང་ནི་སྦྱང་བ་དང་། །སྐད་ཅིག་སྐད་ཅིག་བསྙེན་པར་བྱ། །གར་དང་ཀུན་ནས་བསྐོར་བ་དང་། །

เล่ม ๘๓ · หน้า 256a

འཇིབ་དང་དེ་བཞིན་བཏུང་བ་དང་། །ཐེ་ཚོམ་མེད་པའི་སེམས་ཀྱིས་ནི། །དམ་ཚིག་དང་ནི་བསྒྲུབ་པར་བྱ། །ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པ། །མི་གཡོ་ཚེར་ནི་དངོས་གྲུབ་སྟེ། །སངས་རྒྱས་བྱང་ཆུབ་དངོས་གྲུབ་དང་། །བསྐལ་པར་གནས་པ་སྨོས་ཅི་དགོས། །འདི་ནི་

དངོས་གྲུབ་འཐོབ་མ་ཐག །པདྨ་འཛིན་པའི་རྗེས་འགྱུར་ཏེ། །ལག་ན་པདྨ་འབར་ཁྱེར་བཞིན། །བློ་ལྡན་མི་གཡེང་བསྐལ་པར་གནས། །བརྗིད་པས་དཔལ་དགྱེས་ལྷན་ཅིག་ཏུ། །བདེ་ལྡན་ཞིང་དུ་འགྲོ་འགྱུར་ཏེ། །རྣལ་འབྱོར་ཆེན་པོ་དེར་ཕྱིན་ནས། །བདེ་ལྡན་གྱི་མཆོག་གཙོ་བོ་

ཡི། །པདྨོའི་གཟུགས་ཀྱི་དཀྱིལ་འཁོར་དུ། །དེ་ནི་བདེ་བར་གནས་པར་འགྱུར། །བདེ་ལྡན་རྟག་ཏུ་འགྲོགས་འགྱུར་བ། །དངོས་གྲུབ་ཡེ་ཤེས་བདེ་མྱོང་འགྱུར། །ཡི་གེ་ཡི་ནི་ཕྱག་རྒྱ་འདིས། །པདྨ་ལས་སྐྱེས་གཟུངས་གཟུང་སྟེ། །བྱིན་གྱིས་བརླབས་ནས་བདེ་མྱངས་ན། །པདྨ་

བདེ་བའི་བདག་པོར་འགྱུར། །གཞན་གྱི་བུད་མེད་བདག་ཉིད་ཀྱིས། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་སྟེ། །བསྟེན་བྱས་འདོད་པའི་གཟུགས་ཉིད་དུ། །སྔགས་མཁན་འགྱུར་བ་གདོན་མི་ཟ། །སྡུག་ཅིང་ལ་སོགས་བརྒྱན་པ་ཡི། །ཉི་མའི་འོད་ཟེར་གསར་བྱུང་བཞིན། །དྲི་མེད་ཡངས་

པའི་ལྟ་བ་ཡིས། །པདྨ་སེམས་དཔའི་ཚེ་འགྲུབ་པོ། །ཇི་ཙམ་ནམ་མཁར་ཉེ་བར་ནི། །དཔའ་བོ་ཆེན་པོ་འཕུར་བྱེད་དེ། །རིག་མ་འབུམ་ཕྲག་བརྒྱ་ཚོགས་ཀྱི། །ལྷ་མོ་ཡིས་ནི་མཆོད་པ་བྱེད། །སངས་རྒྱས་སྲས་དང་བཅས་ཀུན་གྱིས། །སངས་རྒྱས་ཀུན་གྱིས་བདག་ཉིད་མཆོད། །

འཁོར་བ་ཉིད་ན་གནས་པའི་ཚེ། །འཁོར་བའི་དྲི་མས་མི་གོས་སོ། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་ན། །རྟག་ཏུ་ཉོན་མོངས་དག་འགྱུར་ཏེ། །སྨན་གྱི་ཕྱེ་མ་སྦྱོར་བ་ཡིས། །སྦྲུལ་ནི་གསོད་པར་གྱུར་པ་བཞིན། །ཟླ་གསང་ཐིག་ལེའི་དགའ་བྱེད་འདི། །ཚེ་འདི་ཉིད་ལ་འཐོབ་འགྱུར་

ཏེ། །འདི་ཡི་མཐུ་ཡི་ངོ་བོ་ཡིས། །དགོས་པ་ཐམས་ཅད་དངོས་གྲུབ་བོ། །གང་འདོད་དངོས་གྲུབ་དོན་ཡོད་པ། །འཁོར་བ་འདི་དང་ཕ་རོལ་གྱི། །མཐུ་ཆེན་ཕྱག་རྒྱ་འདི་ཉིད་ཀྱིས། །དྲན་པ་ཙམ་གྱིས་དེ་དངོས་འགྲུབ། །ཤིན་ཏུ་དགྱེས་པ་པདྨའི་ཕྲེང་བ་ཞེས་བྱ་བའི་ཡི་གེའི་ཕྱག་རྒྱ་ཡེ་ཤེས་

เล่ม ๘๓ · หน้า 256b

སོ།། །།དང་པོར་ཨོྃ་དང་ཡང་དག་ལྡན། །ཐ་མར་བསྒྱིངས་པའི་ཧཱུྃ་ཉིད་དེ། །དབུས་སུ་རབ་དགྱེས་རྡོ་རྗེ་བཞག །ཡི་གེ་འདི་ནི་རྨད་བྱུང་བའོ། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པས། །སྡིག་པ་སྐད་ཅིག་མེད་པར་འགྱུར། །ཁམས་གསུམ་འདི་ནི་དངོས་གྲུབ་ཆེ། །དཔལ་གྱི་

བསྒྱིངས་པ་འཐོབ་པར་འགྱུར། །བདུད་དང་བདུད་ལས་རྗེས་འཇུག་པ། །མི་ཐོགས་པར་ནི་བརྒྱལ་བྱེད་དེ། །སྣ་ཚོགས་རྡོ་རྗེ་མཉམ་སྦྱོར་བས། །དེ་ཡིས་ཁམས་གསུམ་འཕྲོག་པར་བྱེད། །བདག་གི་མཐུ་ཡིས་རྣམ་རྒྱལ་ཏེ། །དེ་ཡིས་ཁམས་གསུམ་ལོངས་སྤྱོད་དོ། །ཕྱག་རྒྱ་

འདི་ཡིས་རྒྱས་བཏབ་སྟེ། །པདྨོ་རྡོ་རྗེ་རབ་ལྡན་བྱ། །ཕྲེང་ཕྱེད་ཕྲེང་བའི་ཚུལ་གྱིས་སུ། །ཕྲེང་བ་བསྐུམས་ཏེ་འཛིན་པ་བཞིན། །འདི་ཡིས་བྱིན་གྱིས་བརླབས་བྱས་ཏེ། །བསྙེན་ན་མྱུར་དུ་དངོས་གྲུབ་བོ། །གཡས་དང་གཡོན་གྱི་སྨིན་བསྒྱུར་བས། །ཆུ་སྐྱེས་སྤྱན་ནི་སྦྱར་བྱས་ཏེ། །ཕྱག་

རྒྱས་བཏབ་སྟེ་རོལ་བྱས་ན། །བླ་མའི་དངོས་གྲུབ་འཐོབ་པར་བྱེད། །རྡོ་རྗེ་རྣལ་འབྱོར་ཉེ་བ་ཡིས། །རྡོ་རྗེའི་བདག་ཉིད་མཆོད་བྱེད་དེ། །དེ་དག་ཀུན་གྱིས་བསྐོར་བྱས་ནས། །དཀྱིལ་འཁོར་དུ་ནི་དབང་བསྐུར་རོ། །རྡོ་རྗེ་སེམས་དཔའ་དཔའ་བོ་ཡིས། །འཇིགས་ཤིང་སྐྲག་ལས་སྦྱིན་

བྱེད་པ། །རང་ཉིད་ཀྱི་ནི་ཕྱག་རྒྱའི་གཟུངས། །ཉིད་ཀྱིས་དངོས་གྲུབ་སྟོབས་པར་བྱེད། །གཞན་ནི་ཡང་དག་ཕ་རོལ་ཕྱིན། །སངས་རྒྱས་རྣམས་ཀྱི་ཡོན་ཏན་རྒྱན། །དེ་ཡང་དེ་ལ་འཇིགས་སྐྲག་ནས། །རང་གི་དགྱེས་མཆོག་སྟོབས་པར་བྱེད། །བདག་ཉིད་ཆེན་པོ་དམིགས་གསུམ་

དང་། །ཆེ་བའི་ཕ་ནི་ངོ་བཞི་དང་། །རྡོ་རྗེ་འཛིན་དང་གཏོགས་རྣམས་དང་། །རང་གི་སྡུག་པ་སྟོབས་པར་བྱེད། །གཤིན་རྗེ་ཤ་ཀ་རྒྱལ་པོ་དང་། །རྡོ་རྗེ་འཛིན་དེ་དངོས་གྲུབ་ལ། །འོངས་ནས་བདག་གི་སྡུག་པ་རྣམས། །སྲོག་གི་ཕྱིར་ཡང་སྟོབས་པར་བྱེད། །གཞན་གྱི་འཕྲུལ་གྱི་ལུས་

ཀྱི་རྣམས། །ཁམས་གསུམ་ལམ་ལ་གནས་པ་དག །མྱུར་དུ་ཉེ་བར་འོངས་ནས་ཀྱང་། །བདག་ཉིད་དངོས་གྲུབ་སྦྱིན་པར་བྱེད། །སྣ་ཚོགས་གཉེན་ནི་རྒྱལ་པོ་ཆེ། །དབང་ཕྱུག་དམ་པ་སྣ་ཚོགས་བྱེད། །དེ་ཡང་ཉེར་འོངས་གཙུག་གཏུགས་ཏེ། །རྣལ་འབྱོར་སྣ་ཚོགས་མ་སྦྱིན་བྱེད། །

เล่ม ๘๓ · หน้า 257a

གནོད་སྦྱིན་སྲིན་པོའི་གཟུགས་ལ་སོགས། །ཤ་ཟ་ཡི་དགས་བུ་མོ་རྣམས། །སྦྱོར་ལྡན་ཕྱག་རྒྱ་བླང་བྱས་ཏེ། །བརྟག་པ་མཆོག་གིས་བརྟག་པར་བྱ། །ཐམས་ཅད་ལས་བྱེད་དགེ་བ་ཡི། །འདི་ཡིས་དངོས་གྲུབ་མྱུར་དུ་འགྲུབ། །ལྷ་དང་ཀླུ་ཡི་བུ་མོ་དང་། །

ལྷ་མིན་ལྷ་ཡི་མངལ་སྐྱེས་པ། །ཕྱག་རྒྱ་འདི་ཡིས་བྱིན་བརླབས་ན། །གྲུབ་པ་མྱུར་དུ་དངོས་གྲུབ་པོ། །གཟུགས་བཟང་ཡང་ན་ངན་ཡང་རུང་། །གང་དེ་བུད་མེད་བཟུང་བྱས་པ། །རིམ་པ་འདི་ཡི་ཚུལ་གྱིས་སུ། །ཕྱག་རྒྱའི་སྦྱོར་བ་བརྟག་པར་བྱ། །འདི་ཡིས་སངས་རྒྱས་

ཐམས་ཅད་དང་། །དེ་བཞིན་དཔའ་བོ་ཀུན་ཉིད་དུ། །སྐད་ཅིག་སྐད་ཅིག་རྒྱས་བཏབ་པས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། ཤིན་ཏུ་དགྱེས་པ་ཆེན་པོ་སྣ་ཚོགས་དཔེ་མེད་པའི་ཕྲེང་བ་ཞེས་བྱ་བའི་ཡི་གེའི་ཕྱག་རྒྱའོ།། །།ང་རོ་བཅུ་གསུམ་སྟེང་ཉིད་དུ། །དེ་བཞིན་ཐིག་ལེའི་

རྒྱལ་པོ་སྟེ། །རབ་དགྱེས་རྡོ་རྗེ་ལྟ་ཆེ་བདེ། །མཐའ་ནི་ཡི་གེ་ཧི་སྦྱར་བའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བདེ་ཆེན་སྤྱན་ནི་དགའ་བྱེད་ཡིན། །ཕྱག་རྒྱའི་ཡི་གེ་འདི་ཡིས་ནི། །མཁས་པས་བྱིན་གྱིས་བརླབས་བྱས་ན། །དེ་ནི་དེ་མ་ཐག་ཏུ་ཡང་། །བླ་མེད་འཕྲུལ་གྱི་སྤྱན་

དུ་འགྱུར། །སྟོང་ཉིད་ཡེ་ཤེས་གནས་པ་ཡི། །སངས་རྒྱས་ཤིན་ཏུ་འཕྲ་བ་མཐོང་། །སྨིན་མ་རྣམ་སྒྱུར་རྒྱས་པ་ཡིས། །ལྟ་བའི་ཕྱག་རྒྱས་གར་བྱེད་ཅིང་། །འགུགས་བྱེད་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྡོ་རྗེ་ཀུན་འཛིན་དང་། །ཕ་རོལ་ཕྱིན་པ་ཐམས་ཅད་དང་། །དེ་

བཞིན་གཟུངས་མའི་ཚོགས་རྣམས་དང་། །རྣལ་འབྱོར་མ་དང་མཁའ་འགྲོ་དང་། །ཕྱི་དང་ནང་གི་ཚོགས་རྣམས་དང་། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །ལྷ་མིན་དངོས་གྲུབ་ལུས་ཀྱི་མཆོག །གྲུལ་བུམ་མི་འམ་ཡི་དགས་སམ། །ཤ་ཟ་འཕྲུལ་གྱི་མི་བུ་མོ། །འདི་ནི་སྙིང་གར་བཞག་པ་

ཡིས། །རྡོ་རྗེ་འཛིན་དུ་བདག་ཉིད་འགྱུར། །སངས་རྒྱས་ཡང་ན་ཉི་མ་དང་། །པདྨོ་དྲ་བ་སྣ་ཚོགས་བློ། །ལྷ་དང་ལྷ་མིན་མི་དག་དང་། །གཞན་ཡང་གནོད་སྦྱིན་སྲིན་པོ་དང་། །བདུད་དང་བདུད་ཀྱི་ཚོགས་རྣམས་ཀྱི། །གཞན་གྱིས་འཕྲོག་པར་ཡོང་མི་ནུས། །ལྷ་དང་ལྷ་མིན་གྱིས་མཆོད་

เล่ม ๘๓ · หน้า 257b

ཅིང་། །དངོས་གྲུབ་ཁམས་གསུམ་འགྲོ་བར་བྱེད། །ལྷ་དང་ལྷ་མིན་སྟེན་བྱེད་ཅིང་། །སྐད་ཅིག་ཉིད་དུ་འགྲོ་བར་བྱེད། །སངས་རྒྱས་རྣམས་ཀྱི་མཁྱེན་པའི་ཡུལ། །སངས་རྒྱས་རྣམས་ཀྱི་ཞིང་ཀུན་ཏུ། །རིག་པའི་རིགས་ནི་བརྒྱ་དག་དང་། །དེ་ནི་རྩེན་ཞིང་འགྲོ་བར་བྱེད། །འཇིགས་མེད་ཡན་

ལག་ཀུན་སྤངས་པ། །ཐོག་མ་ཐ་མ་མེད་འགྱུར་ཏེ། །སངས་རྒྱས་རྣམས་ཀྱིས་མཁྱེན་སྦྱོར་བས། །དགྱེས་པའི་རྨད་མཆོག་གཅིག་ཏུ་འགྱུར། །རྡོ་རྗེའི་ནང་ན་རྡོ་རྗེར་འགྱུར། །རིན་ཆེན་ནང་ན་རིན་ཆེན་འགྱུར། །པདྨའི་ནང་ན་པདྨར་འགྱུར། །སྣ་ཚོགས་ནང་ན་སྣ་ཚོགས་མཆོག །དེ་ལ་སོགས་པ་མཐའ་ཡས་

མཆོག །མཉམ་དང་མི་མཉམ་ཆོས་ཀྱི་དབྱིངས། །ཕྱག་རྒྱའི་ཡེ་ཤེས་བྱིན་བརླབས་པས། །དམ་པ་སྣ་ཚོགས་ཉིད་དུ་འགྱུར། །གཟུགས་མི་སྡུག་པ་གཟུགས་མཆོག་འགྱུར། །མིག་མེད་པ་ཡང་མིག་ལྡན་འགྱུར། །རྣ་འོན་པ་ཡང་སྒྲ་ཐོས་ཏེ། །གླེན་པ་ཡང་ནི་ཡིད་རྣོར་འགྱུར། །དེ་

ལ་སོགས་པ་དཔག་མེད་པ། །མིག་གི་ཕྱག་རྒྱས་བཏབ་པར་འགྱུར། །དེ་ཡིས་ལུས་ལ་ཡོན་ཏན་ནི། །ཡོན་ཏན་དམ་པ་མདངས་ཆེར་འགྱུར། །ཇི་ཙམ་དེ་ནི་ནམ་མཁའི་མཐོངས། །འཕུར་ཞིང་འོག་ཏུ་འབབ་པར་བྱེད། །དེ་ནི་རི་ཡང་ཕུག་ནས་འགྲོ། །ས་དང་ས་ཡི་འོག་ཏུ་ནི། །

སྣ་ཚོགས་རྫུ་འཕྲུལ་རྣམས་བྱེད་པས། །དེ་ནི་སྐད་ཅིག་འགྲོ་བར་བྱེད། །སྣ་ཚོགས་མཁའ་འགྲོའི་དཀྱིལ་འཁོར་དུ། །སྔགས་མཁན་འགྱིང་བ་གར་བྱེད་པ། །བདེ་བ་ཆེན་པོ་བསྐྱེད་པ་ཡིས། །སེམས་ཅན་དེ་ནི་འཇུག་པར་བྱེད། །མི་གཡེང་བལྟ་བའི་བསྒྱུར་བ་ཡིས། །ལས་རྣམས་

ཐམས་ཅད་དེ་ཡིས་བྱེད། །འདེགས་པ་དང་ནི་ལྟ་བ་ཡིས། །གར་དང་རྣམ་པར་བསྐོར་བ་དང་། །འགྲོ་བ་ཐམས་ཅད་འབབ་བྱེད་དེ། །རི་དང་སེམས་ཅན་ཐམས་ཅད་ལ། །སྨྲ་བ་དང་ནི་སྒྲ་འབྱིན་དང་། །ཅི་དགའ་བ་ནི་མངག་པར་བྱེད། །གདུག་པའི་ལྟ་བས་སྲོག་ཆགས་རྣམས། །

རྡེག་པ་དང་ནི་སྒྲོལ་བར་བྱེད། །གཏུམ་དང་གདུག་འཇིགས་ཆེ་བ་དང་། །ཁྲོ་བོའི་ལྟ་བས་སྒྲོལ་བར་བྱེད། །ཤིན་ཏུ་དགྱེས་པ་ཆེན་པོའི་རྡོ་རྗེ་སྤྱན་དང་ལྡན་པ་ཞེས་བྱ་བ་འདོད་པའི་ཡོན་ཏན་ཐམས་ཅད་འགྲུབ་པར་བྱེད་པའི་ཡི་གེའི་ཕྱག་རྒྱ་ཡེ་ཤེས་ཀྱི་མཐུ་ཆེན་པོའོ།། །།དང་པོ་ཨོཾ་

เล่ม ๘๓ · หน้า 258a

གྱིས་རྣམ་པར་བརྒྱན། །ཐ་མར་འབྲུག་གི་སྒྲ་འབྱིན་པ། །རྡོ་རྗེ་རབ་ཏུ་དགྱེས་པའི་སྐུ། །བདེ་བ་སྐྱེད་བྱེད་བཤད་པ་ཡིན། །ཕྱག་རྒྱ་འདི་ནི་ཕྱག་རྒྱ་ཆེ། །སངས་རྒྱས་རྡོ་རྗེ་དཔའ་བོ་ཡི། །གང་གིས་འདི་ནི་བསྒོམས་མ་ཐག །རྡོ་རྗེ་གསུམ་གྱིས་བྱིན་རློབ་འགྱུར། །

བདག་གམ་ཡང་ན་གཞན་ཡང་རུང་། །འདི་ཡིས་ཉིད་ཀྱི་སྙིང་ག་རུ། །བསྒོམས་ཏེ་གཉིས་མེད་སྦྱོར་བྱས་ན། །སངས་རྒྱས་སྐུ་ནི་རབ་ཏུ་འགྲུབ། །བསྒྲུབས་ན་སངས་རྒྱས་ཐམས་ཅད་ཀྱི། །བུད་མེད་ཀུན་དང་རྩེན་བྱེད་དེ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །སེམས་ཅན་དམན་

པའང་དངོས་གྲུབ་པོ། །ཤིན་ཏུ་སྐལ་ལྡན་ཐམས་ཅད་དང་། །སངས་རྒྱས་སྐལ་ལྡན་འཐོབ་འགྱུར་ཏེ། །སྐལ་དང་ལྡན་པ་ཐམས་ཅད་ཀྱིས། །ཆུ་སྐྱེས་ཞབས་ལ་བསྙེན་པར་བྱེད། །ལྷ་དང་ལྷ་མིན་བུ་མོ་དེའི། །རིག་མས་མཐོང་ན་དགའ་བྱེད་དེ། །ཕྱག་རྒྱའི་ཡེ་ཤེས་

བརྒྱན་པ་ཡི། །སྣ་ཚོགས་འདོད་པའི་གཟུགས་སུ་འགྱུར། །སྤྱོད་དང་མི་སྤྱོད་མི་དག་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །མི་འམ་ཅི་དང་སྐྱེས་བུ་ཡི། །དངོས་གྲུབ་པས་ནི་འཕྲོག་མི་ནུས། །དེ་ལ་སོགས་པས་སྟོད་བྱེད་དེ། །འཇིགས་པར་འགྱུར་བའི་སེམས་ཀྱིས་

ནི། །བླ་མ་བཞིན་དུ་མཆོད་བྱེད་ཅིང་། །ཀུན་གྱིས་བསྟོད་མཆོད་བསྟི་སྟང་བྱེད། །དེ་ལ་སོགས་པ་མཐའ་ཡས་མཆོག །ནམ་མཁའ་མཐའ་ཀླས་ལྷ་རྣམས་དང་། །ཉི་མ་བཅུ་ཡི་འོད་ཟེར་བཞིན། །རྣལ་འབྱོར་ཆེན་པོ་འགྲུབ་པ་འགྲོ། །སངས་རྒྱས་ཀུན་གྱི་ཞིང་ཀུན་དུ། །

འོད་ཀྱིས་ཐམས་ཅད་མཉེས་བྱེད་ཅིང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཟིལ་གྱིས་མནན་ཏེ་གནས་པར་འགྱུར། །སངས་རྒྱས་ཀུན་གྱི་བདག་ཉིད་ལ། །སྲས་རྣམས་འདུད་ཅིང་ཕྱག་བྱེད་དེ། །ལྷ་དང་ལྷ་མིན་གྲུལ་བུམ་དང་། །ཚངས་པ་གཏོགས་འདོད་ལྷ་

ཆེན་པོ། །ཕྱག་རྒྱའི་ཡེ་ཤེས་བྱིན་བརླབས་དེར། །འཇིགས་ཤིང་སྐྲག་པས་འོང་བར་བྱེད། །བཅོམ་ལྡན་དངོས་གྲུབ་བཀའ་སྩལ་སྩོལ། །ཇི་ལྟར་ཐུགས་ལ་དགོངས་པ་བཞིན། །སྤྱི་བོས་བཀའ་བླངས་གདུལ་དཀའ་རྣམས། །དེ་དག་ཐམས་ཅད་བསྒྲུབ་པར་བགྱི། །

เล่ม ๘๓ · หน้า 258b

མདོར་བསྡུས་རྣམ་པ་བཞི་པོ་ཡི། །དམ་པ་རྣམས་ཀྱང་བསྐྱང་བར་བགྱི། །ཟླ་གསང་ཐིག་ལེའི་མཆོག་ཉིད་ཀྱི། །དབང་བསྐུར་བ་ཡང་བླང་བགྱི་སྟེ། །རིགས་ལྔ་རྣམས་ཀྱི་སྡོམ་པ་ཉིད། །རྣམ་པ་བཞི་པོ་ཐམས་ཅད་བླང་། །ཆུ་སྐྱེས་དངོས་གྲུབ་ཁྱོད་ཞབས་དྲུང་། །འཚོ་བའི་བར་

དུ་བདག་ཅག་འབངས། །ཁྱེད་ཀྱི་སྤྱན་སྔར་ཞམ་རིང་དུ། །ཅི་བགྱི་ཞེས་ནི་བཀའ་ནོད་དོ། །ཕྱག་རྒྱ་འདི་ཡིས་རྒྱས་གདབ་ན། །སྤྱོད་བཅས་མི་སྤྱོད་དགའ་བྱེད་དེ། །རྟག་ཏུ་སངས་རྒྱས་རྣམས་ཀྱི་མཆོག །ཤིན་ཏུ་བདེ་དང་མཛའ་བ་མྱོང་། །རྡོ་རྗེ་ཤིན་ཏུ་དགྱེས་པའི་སྐུ་ཆེན་མོ་

བདེ་བ་དཔེ་མེད་པ་དང་ལྡན་པ་ཞེས་བྱ་བའི་ཕྱག་རྒྱའི་ཏིང་ངེ་འཛིན་ཏོ།། །།དང་པོར་ཨོྃ་སྟེང་ཐིག་ལེ་སྟེ། །གཞན་གྱིས་མི་ཕྱེད་ཁྲོས་བཅས་པས། །གཉིས་ཀྱི་དབུས་སུ་བཞག་པ་ནི། །གསུང་གི་རྡོ་རྗེ་ཤིན་ཏུ་དགྱེས། །བདེ་གསང་སངས་རྒྱས་ཐམས་ཅད་ཀྱི། །མཆོག་ཏུ་

རོ་ནི་མྱོང་བྱེད་པ། །དམ་ཆོས་སྒྲ་ཡིས་གང་བྱས་པའི། །གསུང་གསལ་རྣ་བ་དགའ་བར་བྱེད། །ཡི་གེའི་ཕྱག་རྒྱ་ཆེན་པོ་འདི། །བྱང་ཆུབ་ཆེན་པོར་གྲུབ་བྱེད་དེ། །ཡོན་ཏན་ཡོན་ཏན་སྡུག་མཐོ་བའི། །ཚད་མེད་ཡོན་ཏན་འཛིན་པའོ། །དཔལ་ལྡན་ཕྱག་རྒྱ་འདིས་བཏབ་ན། །

དཔལ་ཀུན་བདག་པོ་དེ་མ་ཐག །བདག་དང་བདག་གིར་འཛིན་སྤངས་པ། །སངས་རྒྱས་ཀུན་གྱི་བདག་ཉིད་འཐོབ། །ཕྱག་རྒྱ་འདི་ཡིས་བདག་གམ་གཞན། །རྒྱས་བཏབ་འདོད་པ་སྤྱད་བྱས་ནས། །དངོས་གྲུབ་རྨད་དུ་བྱུང་བ་ཡི། །དེ་ཡིས་མྱུར་དུ་འཐོབ་པར་འགྱུར། །

སངས་རྒྱས་རྡོ་རྗེ་འཛིན་རྒྱལ་པོ། །སྒྲུབ་པ་པོ་ཡི་བཀའ་ཉན་ཏེ། །ཅི་སྟེ་རྨོངས་པས་འདའ་བྱེད་ན། །དེ་ཡི་སྲོག་ནི་ཐ་མ་ཡིན། །དེ་ཡི་བསྲུང་བ་བྱས་ན་དཔལ། །ཚེ་དང་ལང་ཚོ་བདེ་བའི་མཆོག །རྡོ་རྗེ་གསུང་གིས་བསྟན་པ་བཞིན། །གདོན་མི་ཟ་བར་འཐོབ་པར་

འགྱུར། །ཕྱག་རྒྱ་ཡེ་ཤེས་རྗེས་བསྡུས་པས། །སྒྲུབ་པ་མི་བྱེད་ཅུང་ཟད་མེད། །བདག་ཉིད་ཐམས་ཅད་སྤྲུལ་པ་ནི། །མཆོག་གི་ཡེ་ཤེས་དངོས་གྲུབ་འགྱུར། །ཕྱག་རྒྱའི་ཡེ་ཤེས་བྱིན་བརླབས་ལ། །སངས་རྒྱས་བྱང་ཆུབ་མི་ལྡོག་དང་། །ཆོས་དབྱིངས་མི་མཉམ་རབ་

เล่ม ๘๓ · หน้า 259a

ཀླས་པ། །དངོས་གྲུབ་བདག་ཉིད་གཤེགས་ནས་ཀྱང་། །ཤིན་ཏུ་འདས་པའི་སངས་རྒྱས་ཀྱིས། །སེམས་དཔའ་ཆེན་པོ་དེ་ཁྲིད་དོ། །རང་གི་ཏིང་འཛིན་ལྡང་བའི་ཚེ། །དམ་ཚིག་མཆོག་ཏུ་བསྲུང་བྱ་བ། །ཇི་སྙེད་ནམ་མཁའི་དཀྱིལ་འཁོར་དུ། །འདོད་པ་

ཐམས་ཅད་དེ་སྤྱོད་དེ། །རྣལ་འབྱོར་ཆེན་པོ་མི་འདའ་ཞིང་། །ངན་སོང་གསུམ་ཡང་མི་འགྲོ་བྱེད། །དེ་ནི་ཅུང་ཟད་འོག་སྡུག་བསྔལ། །འགྲོ་བ་ཐམས་ཅད་མྱོང་མི་འགྱུར། །རྡོ་རྗེ་གསུམ་དེ་རྨད་འབྱུང་བས། །སངས་རྒྱས་ཀུན་གྱིས་བསྔགས་བྱེད་དེ། །བག་ཆགས་མཚམས་

སྦྱོར་རྣམ་གྲོལ་བས། །ནམ་མཁའི་རིམ་པས་འགྲོ་འོང་བྱེད། །ལྷ་ཡིས་རྟག་ཏུ་མཆོད་བྱེད་དེ། །མཆོད་པར་བྱས་པས་ཤིན་ཏུ་མཆོད། །སེམས་དཔའ་ཆེན་པོ་འགྲོ་འདུག་ཀྱང་། །བདེ་བྱེད་ཀུན་གྱིས་བདག་ཉིད་དགེ། །གནས་དང་ཟས་དང་བཏུང་བ་སོགས། །ནམ་མཁའ་ལས་

ནི་སྐད་ཅིག་རྙེད། །བུད་མེད་རིན་ཆེན་མཆོག་མཁའ་ལས། །བསམས་པ་ཙམ་གྱིས་འགྲུབ་པར་འགྱུར། །ལས་ཀྱི་དབྱིངས་རྣམས་མ་ལུས་པ། །དེ་ཡིས་ཁམས་གསུམ་འཐོབ་པར་བྱེད། །རྣལ་འབྱོར་སྦྱོར་བ་དངོས་གྲུབ་ཀྱི། །རྣལ་འབྱོར་གྲུབ་ཆེན་འཕྲོག་པར་འགྱུར། །

འདི་ལས་བརྟུལ་ཞུགས་དྲག་པ་མེད། །དཀའ་ཐུབ་འདི་དང་འདྲ་མེད་དེ། །བུད་མེད་མཆོག་ཏུ་བདེ་བ་ལས། །འདོད་པའི་ལོངས་སྤྱོད་སྤྱད་པས་འགྲུབ། །དགེ་བའི་པདྨོའི་རིགས་ཀུན་ཏུ། །སེམས་དཔའ་ཆེན་པོ་ངག་དབང་འགྱུར། །གཟུངས་མ་ཀུན་གྱིས་བདེ་ཆེན་པོ། །

རྒྱལ་པོ་ཆེན་པོར་དེ་འགྱུར་རོ། །གསུང་ཐམས་ཅད་ཀྱི་རྡོ་རྗེ་དཔེ་མེད་པ་དང་ལྡན་པ་ཞེས་བྱ་བ་རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་ཆེན་པོས་འཐོབ་པར་བྱེད་པ་ཁམས་གསུམ་ཀུན་ཏུ་སྣང་བར་གྲགས་པ་པདྨའི་རིགས་ཀྱི་ཚོགས་ཞལ་གྱི་གསུང་གིས་དགོངས་པ་ཐམས་ཅད་འགྲུབ་པར་

བྱེད་པའོ།། །།ཨོཾ་བཅས་མི་ཕྱེད་ཐ་མར་ཏེ། །རབ་ཏུ་སེམས་ནི་བདེ་བ་སྟེ། །རྡོ་རྗེ་རབ་དགྱེས་བདེ་བྱེད་ཆེ། །དབུས་སུ་མིང་ནི་སྦྱར་བར་བྱ། །ཕྱག་རྒྱ་འདི་ཡིས་དངོས་གྲུབ་ཆེ། །བྱང་ཆུབ་སེམས་ནི་རབ་བསྒྲུབས་པ། །འདི་ཡིས་བྱིན་གྱིས་བརླབས་མ་ཐག །བདུད་

เล่ม ๘๓ · หน้า 259b

རྩིའི་མཆོག་ནི་ཆུད་པར་འགྱུར། །ཐམས་ཅད་འདོད་པ་ལྡན་བྱས་ན། །དེ་སྟེ་ཐམས་ཅད་སེམས་ཀྱང་རུང་། །བདེ་བ་ཆེན་པོས་སེམས་ཐམས་ཅད། །སྔགས་མཁན་རེག་པའི་རྒྱས་བཏབ་ན། །འདི་ཡིས་རྡོ་རྗེ་འཛིན་ཉིད་དང་། །རྡོ་རྗེ་དཔའ་བོ་ཉིད་དུ་ཡང་། །ལྷ་མོའི་ཕྱག་རྒྱས་བྱིན་

བརླབས་པ། །སྐད་ཅིག་ཏུ་ནི་འཐོབ་པར་འགྱུར། །ལྷ་མོ་རྣམས་དང་གར་བྱེད་ཅིང་། །དེ་ནི་རབ་དགྱེས་བདག་པོ་ཁྲིད། །ཕོ་བྲང་དགའ་བྱེད་རབ་དགྱེས་ཆེ། །རབ་ཏུ་ཆེན་པོ་བདེ་འཐོབ་ཏུ། །སེང་གེའི་གདན་རབ་འཇོག་བྱེད་དོ། །བཞི་དང་བཞི་ཡི་མཆོག་ཉིད་ཀྱི། །རྡོ་རྗེ་པདྨོ་སྦྱོར་བ་

ཡིས། །དེ་ནི་ཁྲིད་ནས་དབང་བསྐུར་རོ། །དེ་ནས་རྫོགས་སངས་ཚེ་དཔག་མེད། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེ། །ཡོད་དང་མེད་པའི་འདོད་སྤངས་པ། །དེ་ལ་ཕྱག་ནི་བྱེད་པར་འགྱུར། །རྡོ་རྗེ་སེམས་མཆོག་འཇོག་བྱེད་དེ། །རང་གི་སྤྱོད་པའི་ཚུལ་གྱིས་ནི། །ཕ་རོལ་

ཕྱིན་པ་ཐམས་ཅད་དང་། །སངས་རྒྱས་ཀུན་གྱིས་མདུན་དུ་བསྐོར། །ས་གསུམ་ཐམས་ཅད་ཀུན་ཏུ་ནི། །སེམས་དཔའ་ཆེན་པོས་སྟོན་བྱེད་པ། །རེས་འགའ་ཤིན་ཏུ་དགའ་སྤྱོད་པ། །རེས་འགའ་ཁབ་ནས་འབྱུང་བ་དང་། །རེས་འགའ་བྱང་ཆུབ་རེས་འགའ་ལྷུམས། །རེས་

འགའ་སྐྱེ་དང་རེས་འགའ་འཕོ། །རེས་འགའ་སྤྱོད་ཆེན་རོལ་པ་དང་། །རེས་འགའ་བདུད་ལས་རྒྱལ་བར་མཛད། །རེས་འགའ་བྱང་ཆུབ་མངོན་བྱང་ཆུབ། །རེས་འགའ་འཁོར་ལོ་སྐོར་མཛད་དེ། །རེས་འགའ་སྣ་ཚོགས་འཇུག་པར་མཛད། །རེས་འགའ་དུས་སུ་ཤིན་ཏུ་མཛེས། །

རེས་འགའ་བུད་མེད་སྐྱེས་པ་དང་། །རེས་འགའ་ལྷ་དང་སྐྱེ་དགུའི་བདག །རེས་འགའ་འདོད་དབང་རྒྱལ་པོ་སྟེ། །རེས་འགའ་འདོད་ལ་རྒྱབ་ཀྱིས་ཕྱོགས། །རེས་འགའ་ཞི་ལ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་མཛད་དེ། །དེ་ལ་སོགས་པ་མཐའ་ཡས་

པ། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པ། །ཅི་དགར་དངོས་གྲུབ་འདོད་པ་ལ། །བདག་གིས་ངོ་བོར་སྟོན་པར་བྱེད། །མི་ཕྱེད་ཆོ་ག་སྦྱོར་བ་ཡིས། །འདྲེན་པ་མི་ཕྱེད་ཉེ་བྱས་ཏེ། །ཕན་ཚུན་རེག་པ་ཆེན་པོ་ཡིས། །རྡོ་རྗེ་ཅན་གྱིས་དེ་འབིགས་ཏེ། །གཟུངས་མ་མང་པོ་ཚོགས་ཀྱི་

เล่ม ๘๓ · หน้า 260a

རྣམས། །བདེ་བྱེད་ཆེན་པོ་གཞན་ཅི་སྨོས། །སྤྱོད་བཅས་མི་སྤྱོད་བདེ་དམ་པ། །འབད་པ་མི་དགོས་ཐོབ་པར་འགྱུར། །བརྗིད་པས་བྱང་ཆུབ་སྙིང་པོ་རུ། །རྟག་པ་རུ་ནི་གནས་འགྱུར་ཏེ། །ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པ། །སྦྱོར་བ་རྗེས་སྡུད་ལྡན་པས་

སོ། །ཐམས་ཅད་ཆ་ནི་རྣམ་བྲལ་བ། །བྱང་ཆུབ་སེམས་ནི་མཆོག་བཞིན་དེ། །ཡི་གེ་འདིས་ནི་སྦྱོར་བ་ཡིས། །བདག་ཉིད་ཆེན་པོར་དེ་འགྱུར་རོ། །རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་མོ་ཚིམ་པའི་ཡིད་ལས་སྐྱེས་པ་དཔེ་མེད་པ་དང་ལྡན་པ་ཞེས་བྱ་བའི་ཡི་གེའི་ཕྱག་རྒྱ་སྟེ། ལས་ཐམས་ཅད་

གྲུབ་པར་བྱེད་པའོ།། །།དང་པོར་ཨོཾ་ནི་སྦྱོར་བ་སྟེ། །ཐ་མར་གཉིས་པོ་རྫ་རྔའི་སྒྲ། །རབ་དགྱེས་རྡོ་རྗེ་བྱིན་རླབས་པའི། །ལྷ་མོ་དངར་བྱེད་དབུས་སུ་གཞག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རབ་དགྱེས་ཐོབ་པ་རྨོངས་བྱེད་མ། །རྡོ་རྗེ་ཡེ་ཤེས་ཐུགས་གནས་པ། །དངོས་

གྲུབ་ཐམས་ཅད་བསྒྲུབ་པར་བྱ། །སྔགས་མཁན་ཡི་གེ་ཕྱག་རྒྱ་འདིས། །བདག་གམ་གཞན་ལ་རྒྱས་བཏབ་སྟེ། །རྡོ་རྗེ་འདམ་སྐྱེས་བཅུག་བྱས་ན། །དེ་ནས་དེ་མྱུར་དངོས་གྲུབ་བོ། །ཐམས་ཅད་ལས་བྱེད་དཔལ་དང་ལྡན། །ཚེ་དང་ལང་ཚོ་སྐལ་ལྡན་པའི། །རྡོ་རྗེ་འཛིན་དང་འདྲ་འཐོབ་

སྟེ། །རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ། །སངས་རྒྱས་རྣམས་དང་དཔའ་བོ་ཡི། །སངས་རྒྱས་ཀུན་དང་རྩེན་བྱེད་ཅིང་། །སྡེ་དབང་རྣམས་དང་ལྷ་རྣམས་ཀྱི། །འཕྲུལ་གྱི་བུད་མེད་འཕྲོག་བྱེད་དོ། །རྡོ་རྗེ་རབ་ཏུ་དགྱེས་པ་ཆེན་མོ་དངར་བྱེད་ཀུན་ཏུ་མྱང་བ་མེ་ཏོག་གི་རྒྱལ་མཚན་

དང་ལྡན་པ་ཞེས་བྱ་བའི་ཡི་གེའི་ཕྱག་རྒྱ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལས་ཐམས་ཅད་བྱེད་པ་ཆེན་མོ་གདོན་མི་ཟ་བའི་གཞན་གྱིས་མི་ཕྱེད་མའོ།། །།ཚངས་པའི་གསུང་གི་ང་རོར་བཅས། །ཐ་མར་དྲིལ་བུའི་ང་རོ་གཉིས། །དབུས་སུ་མིང་གི་ཕྲེང་བ་སྟེ། །ཡི་གེ་

འདི་ནི་ཆུ་འཛིན་མཆོག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡིད་ཀྱི་དངོས་གྲུབ་ཐོབ་བྱེད་དེ། །འདོད་པ་ཡི་ནི་ཐམས་ཅད་རྣམས། །ཡི་གེ་སྐད་ཅིག་འགྲུབ་པར་བྱེད། །འདི་ཡིས་རྒྱས་བཏབ་བུད་མེད་རྣམས། །བདག་དང་རང་གི་སློབ་མའང་རུང་། །དེ་ཉིད་སྦྱོར་བས་

เล่ม ๘๓ · หน้า 260b

བསྟེན་བྱས་ན། །རྡོ་རྗེ་འཛིན་དཔལ་འདྲ་བར་འགྱུར། །རྣལ་འབྱོར་མ་རྣམས་བདག་པོར་ནི། །མྱུར་དུ་མཁའ་ལ་འགྲོ་བྱེད་དེ། །ཚངས་པ་གཏོགས་འདོད་དབང་ཆེན་དང་། །ལྷ་རྣམས་ཀྱིས་ནི་མཆོད་པར་འགྱུར། །ལྷ་མོའི་ཚོགས་དང་རྩེན་བྱེད་ཅིང་། །ལྷ་མོ་ཀུན་གྱི་བདག་པོར་

འགྱུར། །འཕྲོག་བྱེད་ལ་སོགས་བདག་པོ་ཆེ། །འཇིགས་པར་བྱེད་དང་རྐུ་བྱེད་པ། །སེམས་ཅན་ཀུན་གྱི་མཆོག་དམ་པ། །སེམས་དཔའ་ཆེན་པོར་དེ་འགྱུར་རོ། །སྡུག་པའི་ཚོགས་ཀྱི་དབུས་སུ་ནི། །བརྗིད་ལ་སོགས་པའི་སྤྱོད་པས་འགྲོ། །བརྗིད་ཆེ་པདྨོ་ཆེན་མོ་ལ། །ཐམས་

ཅད་ཀུན་ཏུ་བརྗིད་པ་ཡིས། །བདེ་བྱེད་ཆེན་པོ་མྱོང་བྱེད་དེ། །རབ་ཏུ་དགྱེས་པས་སྒེག་པ་བཞིན། །རབ་ཏུ་སྐལ་ལྡན་མགྲིན་འཁྱུད་པས། །རྣལ་འབྱོར་ཆེན་པོར་དེ་གནས་ཏེ། །འདི་ནི་སྙིང་ལ་བྲིས་པ་ཡིས། །ཅི་འདོད་པར་ནི་འདོད་པ་ཐོབ། །ཕྱག་རྒྱ་ཆུ་སྐྱེས་བཏབ་བྱས་ཏེ། །

དེ་ལྟར་བྱས་ན་ཕྱག་རྒྱ་དགྱེས། །རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་མོའི་དྲི་མ་མེད་པའི་མདོག་དང་ལྡན་པ་ཞེས་བྱ་བའི་ཡི་གེའི་ཕྱག་རྒྱ་སྟེ་ཐམས་ཅད་ལས་བྱེད་པ་དགེ་བའོ།། །།དང་པོ་ཉིད་དུ་ཨོྃ་བྱ་སྟེ། །ཐིག་ལེའི་རྒྱལ་པོས་ཉེ་བར་བརྒྱན། །ཚེག་དྲག་བཅས་པ་འདྲེན་པ་

གཉིས། །ལྡན་པ་མཐའ་མར་གཞག་བྱས་ཏེ། །རྡོ་རྗེ་རབ་དགྱེས་བརྒྱན་བྱས་པ། །རྡོ་རྗེ་སྟོན་ཀ་དབུས་སུ་བསམ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་སྣང་བ་རབ་སྒྲུབ་པ། །ཡི་གེ་ཡི་ནི་ཕྱག་རྒྱ་འདིས། །ཉིད་ཀྱི་སྙིང་གར་རྒྱས་བཏབ་ན། །སངས་རྒྱས་

ཡེ་ཤེས་མཆོག་བྱེད་པ། །དེ་ཡིས་སྟོན་ཀ་མ་དངོས་གྲུབ། །སྡེ་དབང་ལྷར་བཅས་ལྷ་རྣམས་དང་། །གནོད་སྦྱིན་སྲིན་པོར་བཅས་པ་དང་། །སྦྲུལ་དང་མི་འམ་ཅི་གནས་པ། །ཐམས་ཅད་འདི་ཡི་གཡོག་ཏུ་འགྱུར། །འདི་ནི་འོད་ཟེར་རབ་ཏུ་འབར་བ་ཡིས། །སངས་རྒྱས་

མཆོག་གི་ཐུགས་ལྡན་དེ་འགྲོ་སྟེ། །སྣ་ཚོགས་རབ་འབྱུང་དཔལ་གྱིས་ཡང་དག་ཁྱབ། །ཆོས་མཆོག་དམ་པ་བྱེད་པ་གཏོང་བྱེད་ཅིང་། །སྤྱོད་བཅས་མི་སྤྱོད་འཇིག་རྟེན་སྣང་བྱེད་དེ། །སྤྲིན་དང་བྲལ་བའི་ཟླ་བའི་འོད་མཆོག་བྱེད། །མཁའ་དབྱིངས་རྣམ་པར་བསྒྱིངས་པས་རབ་

เล่ม ๘๓ · หน้า 261a

དགའ་བས། །ཨཱ་ལི་ཀཱ་ལི་པདྨོ་བདེ་མཆོག་ལ། །མྱོང་ཞིང་མཆོག་བྱས་བསྐལ་པར་གནས་པར་འགྱུར། །འདི་ཡིས་སྡིག་པ་འཕྲོག་བྱེད་དེ། །འདི་ཡིས་མྱུར་དུ་དགའ་བར་འགྱུར། །འདིས་ནི་བདེ་བའི་ངོ་བོ་དེ། །འདི་ཡིས་དངོས་གྲུབ་གྲུབ་པར་འགྱུར། །སྐྱེ་བའི་

སྡུག་བསྔལ་རྒྱབ་ཕྱོགས་པ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཤིན་ཏུ་དགྱེས་པ་ཡེ་ཤེས་ཀྱི་སྣང་བ་དང་ལྡན་པ་ཞེས་བྱ་བའི་ཕྱག་རྒྱ་ཆེན་མོ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འགྲུབ་པར་བྱེད་པའོ།། །།དང་པོ་ཨོྃ་དང་ཡང་དག་ལྡན། །ཐ་

མར་དགྱེས་པའི་ཡི་གེ་གཉིས། །རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེ། །དབུས་སུ་གསལ་བའི་ཡི་གེ་བསམ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྣ་ཚོགས་ཆེན་མོའི་མདུན་དུ་འགྲོ། །སྣ་ཚོགས་ཆེན་མོ་འདི་ཡིས་ནི། །སྣ་ཚོགས་ཡེ་ཤེས་དངོས་གྲུབ་བོ། །སྔགས་མཁན་ཉིད་ཀྱིས་བྱིན་བརླབས་

པ། །སྣ་ཚོགས་བདག་པོ་ཆེན་པོར་འགྱུར། །སྡིག་པའི་ཡན་ལག་ཀུན་སྤངས་ཏེ། །བསོད་ནམས་ཀུན་གྱི་ཡན་ལག་དགེ །ཀུན་ཏུ་འགྲོ་བའི་དངོས་གྲུབ་ནི། །འདི་ཉིད་ཀྱིས་ནི་རབ་ཏུ་འགྲུབ། །སྣ་ཚོགས་སྒྱུ་མའི་བདེ་ཆེན་གྱིས། །སྣ་ཚོགས་ཆེན་པོའི་བསྐལ་པར་གནས། །

རྡོ་རྗེའི་བདག་ཉིད་བརྒྱན་པ་ཡི། །བུད་མེད་ཀུན་དང་རྩེན་པར་འགྱུར། །དེ་ནས་དེ་ཡི་ཆོས་དབྱིངས་གནས། །དབང་ཕྱུག་མཆོག་གི་དངོས་གྲུབ་བོ། །པདྨའི་མདུན་དུ་ཐོག་མའི་ལྷ། །བྱས་ཏེ་རྡོ་རྗེ་བསྒྲུབ་པར་བྱ། །མཐེ་བོང་སྲིན་ལག་དེ་ཕྱུང་སྟེ། །ཁ་ཡི་ནང་དུ་གཞག་པར་བྱ། །

ཆང་བཞིན་མྱང་བར་བྱས་ན་ནི། །མོད་ལ་འདོད་པའི་གཟུགས་སུ་འགྱུར། །ཨཱ་ལི་ཀཱ་ལི་རབ་སྦྱོར་བས། །བུད་མེད་རྣམས་དང་རྩེན་པར་བྱེད། །བློ་ལྡན་རྡོ་རྗེ་སེམས་དཔའ་ཡི། །འདི་ནི་ཤིན་ཏུ་དགྱེས་ཞེས་བྱ། །བསིལ་བ་དགའ་བྱེད་ཆེན་མོ་སྟེ། །སྣ་ཚོགས་འདི་ནི་འགྲོ་ལ་

གནས། །དང་པོ་ཨོཾ་ནི་གནས་པ་སྟེ། །ཏྲ་ཏ་དང་ལྡན་ཐ་མར་བྱ། །རྡོ་རྗེ་ཤིན་ཏུ་དགྱེས་ཆེ་ཧོ། །སྒེག་མོ་དབུས་སུ་བསྐུལ་བའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྒེག་པར་བྱ་བ་སྤྲུལ་པ་ཡིན། །འདི་དག་མཉམ་པར་སྦྱོར་བ་ཡིས། །སྒེག་མོས་ཡེ་ཤེས་བསྐྱེད་པར་བྱ། །

เล่ม ๘๓ · หน้า 261b

རྡོ་རྗེ་བློ་ལྡན་བརྟན་པོ་ཡིས། །བདེ་བར་འདོད་པའི་པདྨར་གཟུགས། །འདོད་པས་འདོད་པ་སྤྱད་པར་བྱ། །མྱུར་དུ་འདོད་པས་དངོས་གྲུབ་བོ། །དེ་ནས་རྡོ་རྗེ་འདོད་དཔལ་ཏེ། །བདེ་བྱེད་ཐམས་ཅད་ཉེ་བར་སྒྲུབ། །སེམས་ཅན་ཀུན་གྱིས་འདོད་བསྐྱེད་པ། །བདེ་བ་ཆེན་པོར་དེ་འགྱུར་རོ། །

མཐུ་ཡིས་ཕ་རོལ་ཕྱིན་པའི་མཆོག །པདྨོའི་ཚུལ་དུ་སྒེག་པ་ཡིས། །རྡོ་རྗེ་སྦྱོར་ཐབས་ལ་གནས་པས། །རྡོ་རྗེ་ཆེན་པོ་དེ་དངོས་གྲུབ། །ཅི་དགའ་འདོད་པའི་འདོད་ཆགས་ཀྱིས། །རྟག་པའི་ལམ་དང་ཡང་དག་ལྡན། །རྟག་པའི་ཆོས་ཀྱིས་རྗེས་མཐུན་སྤྱོད། །བསྒྲུབས་ན་བརྟག་

པ་རྟོགས་པར་འགྱུར། །འདི་ཡིས་ཀུན་ཏུ་བཟང་ཞེས་བྱ། །དེ་ནི་དངོས་པོ་ཀུན་ཡིན་ཏེ། །འདོད་པ་མེད་ཅིང་ཉོན་མོངས་མེད། །ང་རྒྱལ་མེད་ཅིང་འཛིན་མེད་པ། །སངས་རྒྱས་མཆོག་ཏུ་བརྟག་པ་ཡི། །སངས་རྒྱས་ཆེན་པོ་དེ་ཡི་དངོས། །དཔལ་ལྡན་ཐོག་མ་ཐ་མ་མེད། །ཆོས་

རྣམས་ཀུན་གྱི་རྗེས་མཐུན་པའི། །འདིས་ནི་དངོས་པོ་ཐམས་ཅད་ཀྱི། །སངས་རྒྱས་བདག་པོར་བདག་ཉིད་འགྱུར། །སངས་རྒྱས་རྣམ་པར་སྣང་མཛད་དང་། །འདི་ལ་ཁྱད་པར་ཅུང་ཟད་མེད། །ཤིན་ཏུ་དགྱེས་པ་ཆེན་པོ་རྡོ་རྗེ་བདག་པོའི་དཔལ་ཤིན་ཏུ་དགྱེས་པ་སྒེག་མོ་དཔེ་མེད་པ་དང་

ལྡན་པའི་ཡི་གེའི་མཆོག་གི་སྐུའོ།། །།དང་པོ་ཨོྃ་བཅས་ལྷ་མོ་ཡི། །ཐ་མར་ཚེག་དྲག་མི་ཕྱེད་གཉིས། །དེ་གཉིས་དབུས་ཀྱི་ཕྱོགས་ཉིད་དུ། །ཧེ་ཞེས་བྱ་བ་རྣམ་བརྒྱན་ཏེ། །ཤིན་ཏུ་དགྱེས་པ་རྡོ་རྗེ་ཆེ། །བཞད་པ་ཉིད་ནི་རབ་ཏུ་སྦྱར། །ཡི་གེ་ཡི་ནི་ཕྱག་རྒྱ་འདིས། །ཉིད་

ཀྱི་སྙིང་ལ་རྒྱས་བཏབ་ན། །ཕྲེང་བའི་རྒྱན་གྱིས་རྣམ་བརྒྱན་པར། །དཔལ་ལྡན་དེ་མ་ཐག་ཏུ་འགྱུར། །ཡིད་ཀྱིས་ཇི་ལྟར་བསམས་པ་བཞིན། །དེ་ནི་སངས་རྒྱས་ཡུལ་དུ་འགྲོ། །དེ་ནི་དེ་ཕྱིར་སངས་རྒྱས་མཐོང་། །ཆུ་སྐྱེས་དེ་དང་རྩེན་པར་བྱེད། །དེ་ནས་འདུས་པ་དགྱེས་འགྱུར་ཏེ། །

སངས་རྒྱས་ཡང་དག་ཞིང་ཉིད་ནས། །སངས་རྒྱས་རྣམས་ཀྱིས་བདེ་བ་ཆེ། །དངོས་གྲུབ་རྣལ་འབྱོར་དེ་ལ་སྦྱིན། །བྱེད་པ་དང་ནི་བཟློག་པ་དང་། །བདེ་བ་ཆེན་པོ་འཕྲོག་པ་ཡིས། །རྣལ་འབྱོར་གསང་བའི་དབང་ཕྱུག་ལ། །གསང་བ་ཆེན་པོས་མགུ་བར་བྱེད། །ཐབས་བཅས་

เล่ม ๘๓ · หน้า 262a

ཤེས་རབ་ཆེན་པོ་ལ། །རྒྱལ་བ་ཉིད་ཀྱིས་སྟོབས་བྱེད་དེ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །བདེ་བ་ཆེན་པོ་མགུ་བར་བྱེད། །བདེ་བ་ཐབས་ཀྱི་དངོས་གྲུབ་རྣམས། །སྒྱུ་མའི་ཚུལ་གྱིས་བསྒྲུབ་པར་བྱ། །ཡི་གེ་ཡི་ནི་ཕྱག་རྒྱ་འདིས། །ཤིན་ཏུ་དངོས་གྲུབ་མཆོག་

ཏུ་བརྟག །རྡོ་རྗེ་ཤིན་ཏུ་དགྱེས་པའི་བདེ་བའི་ཕྲེང་བ་རྒྱས་པ་དཔེ་མེད་པ་དང་ལྡན་མ་ཞེས་བྱ་བའི་ཕྱག་རྒྱ་སྟེ། ལས་ཐམས་ཅད་ཀྱི་དོན་གྱི་དངོས་གྲུབ་སྦྱིན་པའོ།། །།ཨོྃ་ནི་དང་པོར་གཙུག་ཏོར་བྱ། །ཏེ་དེ་སྐད་སྙན་ཐ་མར་ཏེ། །དབུས་སུ་ཧེ་དགའ་ཞེས་བྱ་བ། །བདེ་ཆེན་དགའ་

བ་རྡོ་རྗེ་དབྱངས། །རྡོ་རྗེ་ཤིན་ཏུ་དགྱེས་ཆེ་ཡི། །ཕྱག་རྒྱ་འདི་ནི་རབ་དགྱེས་འབྲེལ། །བྲིས་པ་དང་ནི་འཛིན་པ་དང་། །དྲན་པ་ཡིས་ཀྱང་དངོས་གྲུབ་སྟེར། །སྡིག་པ་ཀུན་ལས་གྲོལ་བྱེད་ཅིང་། །བསོད་ནམས་ཐམས་ཅད་ཉེ་བར་འགྲོ། །མི་དགེ་ཐམས་ཅད་མ་ལུས་སྤོང་བྱེད་ཅིང་། །

སེམས་ནི་ཕྱག་རྒྱའི་ཡི་གེ་བརྒྱན་ཏེ་འགྲོ། །འཇིག་རྟེན་ཐམས་ཅད་ཀུན་ཏུ་བཀུར་སྟི་བྱེད། །རིག་མ་སྟོང་གིས་མངོན་པར་མཆོད་བྱེད་ཅིང་། །རིག་འཛིན་མུ་སྨན་བུད་མེད་རྣམས་ཀྱིས་ནི། །གཡག་རྔ་དཀར་པོའི་ཚོགས་ཀྱིས་གཡོབ་བྱེད་པའི། །འཇིག་རྟེན་དབང་པོ་བདེ་མཆོག་འབྲེལ་

བ་འཐོབ། །བློ་ལྡན་ནམ་མཁའ་ངོས་ནི་ཐམས་ཅད་དུ། །རྡོ་རྗེ་འཛིན་གྱི་དགྱེས་པའི་རྣལ་འབྱོར་མ། །ཡིད་དུ་འོང་བའི་སྤྱན་ནི་རྒྱས་པ་དང་། །རྣལ་འབྱོར་སྤྱོད་པའི་བདེ་བས་འབིགས་པ་ཡིས། །མགུལ་ནས་འཁྱུད་པའི་རྩེན་པས་རོལ་པར་བྱེད། །པི་ཝང་གླིང་བུ་ཡ་

མཚན་སྒྲ་སྙན་གྱིས། །གླུ་བླངས་དངོས་གྲུབ་རྒྱ་ཆེ་ཐོབ་པར་བྱེད། །ཇི་སྙེད་ཡིད་དུ་འོང་བའི་གླུ་དག་ནི། །འཇིག་རྟེན་གྲགས་པའི་བདེ་བའི་བདེ་བ་དག །བདེ་བའི་སྒྲ་ཡིས་བསྐྱེད་པར་རྣམ་བསྒྱུར་བའི། །དེ་དང་མཐུན་པའི་དབྱངས་འདིས་སྒྲུབ་པར་བྱེད། །ཁ་ཊ་བ་ད་གར་

ཛའི་དབྱངས། །གླུ་རུ་བླངས་པས་པདྨ་གནས། །དངོས་གྲུབ་མྱུར་དུ་འཐོབ་པར་བྱེད། །འདི་ཡིས་བྱིན་རླབས་དག་པ་དང་། །འདི་ཡིས་བྱིན་རླབས་བདེ་བའི་རྣམས། །སྦྱོར་བ་འདི་ཡིས་སྦྱར་བ་ཡིས། །འདོད་བྱེད་ཐམས་ཅད་འཐོབ་པར་འགྱུར། །ཤིན་ཏུ་དགྱེས་པ་ཆེན་

เล่ม ๘๓ · หน้า 262b

པོ་རྡོ་རྗེ་སེམས་དཔའ་མཆོག་ཏུ་དགྱེས་པ་ཆེན་མོའི་དབྱངས་དཔེ་མེད་པ་དང་ལྡན་པའི་ཡི་གེའི་ཕྱག་རྒྱའོ།། །།དེ་བཞིན་ཨོྃ་ནི་དང་པོར་ཏེ། །དབུས་སུ་ཧེ་དགྱེས་བདེ་བ་ཆེ། །རྡོ་རྗེ་གར་བྱེད་བདེ་བ་གཉིས། །འདི་ནི་ཐམས་ཅད་བདེ་བྱེད་དེ། །སངས་རྒྱས་རྣམས་ཀྱིས་རབ་

དགྱེས་ཉིད། །རྣལ་འབྱོར་ཡིས་ནི་རྒྱས་བཏབ་ན། །བདེ་དང་ལྡན་པར་བྱེད་ཅིང་འགྲོ། །འོག་མིན་གྱི་ནི་གནས་ཆེན་དུ། །སངས་རྒྱས་རྣམས་དང་ཐབས་ཅིག་འགྲོགས། །བདེ་བྱེད་ཆེན་པོའི་དབང་ཆེན་དང་། །ཆོས་ཀྱི་རྒྱལ་པོ་བདེ་ཆེན་ཐོབ། །ཇི་སྙེད་གར་གྱི་གཙུག་ལག་ལས། །

སྒྱུར་བར་བྱེད་པ་ཤད་པ་དང་། །ཇི་སྙེད་དེ་སྙེད་ཕྱག་རྒྱའི་རྣམས། །གཉིས་མིན་འདུས་པས་འདི་དངོས་གྲུབ། །ཀྱེ་མའོ་དགྱེས་པ་བདེ་བྱེད་ཆེ། །ཀྱེ་མའོ་བདེ་བ་བདེ་ཆེན་པོ། །ཀྱེ་མའོ་འདོད་པ་འདོད་ཆགས་ཆེ། །ཀྱེ་མའོ་སྣ་ཚོགས་བདག་ཉིད་ཆེ། །དེ་ལ་སོགས་པ་ཚད་མེད་པ། །འཇིག་

རྟེན་གྱི་ནི་ཡོ་བྱད་རྣམས། །པདྨོ་གསལ་བ་གར་གྱིས་ནི། །རྣལ་འབྱོར་གར་བྱས་དངོས་གྲུབ་བོ། །སངས་རྒྱས་ཀུན་གྱི་ཕྱག་རྒྱ་འདི། །སྣ་ཚོགས་གར་ནི་སྟོན་བྱེད་པས། །མྱུར་དུ་གར་ནི་མང་བྱས་པས། །གར་གྱི་གཙུག་ལག་དངོས་གྲུབ་བོ། །རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེན་པོའི་དཔལ་

བདེ་བ་ཆེན་པོ་དགའ་བྱེད་གར་ཞེས་བྱ་བའི་ཡི་གེ་ཕྱག་རྒྱ་ཕན་ཚུན་བཅུ་པ་རྒྱལ་མཚན་དང་བ་དན་གསུམ་པའོ།། །།བཅུ་གསུམ་ཡི་གེ་དང་པོ་ཉིད། །རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེ། །རྡོ་རྗེའི་སྐུ་ནི་སྣ་ཚོགས་ཆེ། །ཐ་མར་འབར་དང་འདྲ་བའི་ཛ། །ནམ་མཁར་ཟླ་སྐར་འདྲ་བ་ཡི། །

ཕྱག་རྒྱའི་ཡེ་ཤེས་རྨད་བྱུང་བའི། །འདི་ཡིས་ཐབས་ཀྱིས་མཉམ་གཞག་སྟེ། །གཟུང་བ་གསལ་བར་གཟུང་བ་ཡི། །ཚ་བའི་གསེར་གྱིས་གཟི་བརྗིད་འཛིན། །ཡེ་ཤེས་སྙིང་གར་བསམ་པར་བྱ། །ནམ་མཁའ་ཉི་མ་བུམ་འདྲ་བར། །དེ་ནི་དེ་མ་ཐག་ཏུ་འགྱུར། །འདི་ནི་སངས་

རྒྱས་ཐམས་ཅད་ཉིད། །ཤིན་ཏུ་རྨད་བྱུང་ཐོབ་པར་འགྱུར། །རྣལ་འབྱོར་ཀུན་གྱི་བདེ་འབྲེལ་པ། །རྡོ་རྗེ་བློ་མཆོག་དངོས་གྲུབ་བོ། །སངས་རྒྱས་རྡོ་རྗེ་འཛིན་དགེ་ཡི། །སྣ་ཚོགས་ཆེན་པོ་ཐོབ་འགྱུར་ནས། །འདོད་པའི་ཆོས་ཀྱིས་མི་གོས་བློ། །འདོད་པ་ཆེན་པོ་སྟེན་པར་བྱེད། །

เล่ม ๘๓ · หน้า 263a

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཤིན་ཏུ་དགྱེས་པ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའི་རྡོ་རྗེ་མ་ལུས་པ་ལུས་པ་མེད་པའི་རྡོ་རྗེའི་སྐུ་དཔེ་མེད་པ་དང་ལྡན་པ་ཞེས་བྱ་བའི་ཡི་གེ་ཆེན་པོའི་ཕྱག་རྒྱའོ།། །།དེ་བཞིན་ཨོྃ་ནི་གཞག་བྱ་སྟེ། །རྡོ་རྗེ་ཤིན་ཏུ་དགྱེས་པ་

ཆེ། །རྡོ་རྗེའི་སྒྲ་ནི་བདེ་འབྲེལ་པ། །ཐ་མར་ཁྲོ་བཅས་སྦྱར་བར་བྱ། །ཕྱག་རྒྱ་འདི་ནི་བདེ་མཆོག་སྟེ། །བར་བཅད་པ་ཡང་ཐོས་པར་འགྱུར། །ཁམས་གསུམ་ངོ་བོ་ཐམས་ཅད་ནི། །སྒྲ་ཡི་ཐོས་པ་དངོས་གྲུབ་བོ། །འདི་ཡིས་སངས་རྒྱས་ཐམས་ཅད་ཉིད། །ཚེ་འདི་ཉིད་ལ་དངོས་

གྲུབ་སྟེ། །བུད་མེད་པདྨོ་ཨུཏྤལ་དང་། །མ་ལུས་རྒྱལ་བ་རྣམས་དང་རྩེན། །རྡོ་རྗེ་པདྨར་སྦྱར་བས་ན། །དགའ་བྱེད་མྱུར་དུ་དངོས་གྲུབ་བོ། །རབ་ཏུ་དགྱེས་པ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའི་ཚད་མེད་པའི་ཡོན་ཏན་གྱི་སྒྲ་དཔེ་མེད་པ་དང་ལྡན་པ་ཞེས་བྱ་བའི་དོན་གྱིས་དཔལ་ཐམས་ཅད་གྲུབ་

པར་བྱེད་མའོ།། །།ཨོྃ་ནི་སྤྱི་གཙུག་ཐིག་ལེར་བབས། །རབ་དགྱེས་ཆེན་མོ་རྡོ་རྗེ་ཅན། །རྡོ་རྗེ་དྲི་བདེར་འབྲེལ་པ་ཡི། །ཐ་མར་གནས་ཤེས་རབ་སྦྱར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྣ་ཚོགས་ཆེན་མོ་མདུན་དུ་འགྲོ། །སྣ་ཚོགས་ཆེན་མོ་འདི་ཡིས་ནི། །སྣ་ཚོགས་

ཡེ་ཤེས་གྲུབ་པར་འགྱུར། །བདག་ཉིད་རྡོ་རྗེ་བརྒྱན་པ་ཡི། །དེ་ནི་མཚན་ལྡན་ཀུན་དང་རྩེན། །དེ་ནས་ཆོས་དབྱིངས་གནས་པ་དེས། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །དགའ་བྱེད་ལྷན་ཅིག་རྩེན་བྱས་ན། །དབང་ཕྱུག་དམ་པ་དངོས་གྲུབ་འགྱུར། །འདི་ནི་རྡོ་རྗེ་སེམས་དཔའ་ཡི། །

བློ་ལྡན་རབ་ཏུ་དགྱེས་ཞེས་བྱ། །རྡོ་རྗེའི་དྲི་དཔེ་མེད་པ་དང་ལྡན་མ་ཞེས་བྱ་བའི་ཡི་གེའི་ཕྱག་རྒྱའོ།། །།ཨོྃ་མཆོག་གཙུག་ཏོར་རྣམས་བྱས་ཏེ། །ཤིན་ཏུ་དགྱེས་ཆེ་དབུས་ཉིད་དུ། །རྡོ་རྗེ་རོ་ནི་སྦྱོར་ཆེ་བ། །ཐ་མར་ཧེ་སྟེ་ཐིག་ལེ་གཉིས། །འདི་ཡིས་རབ་ཏུ་དགྱེས་པར་འགྱུར། །

དཔལ་ལྡན་དཔེ་མེད་བདེ་བ་དང་། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཉིད། །སྣ་ཚོགས་སྦྱོར་བ་སྣ་ཚོགས་བདག །སངས་རྒྱས་ཀུན་གྱི་རོལ་པ་ཡིས། །མཆོད་པ་མི་ཟད་བྱེད་པར་འགྱུར། །སངས་རྒྱས་རྣམས་ཀྱི་གནས་ཐམས་ཅད། །ནམ་མཁའ་མཉམ་པ་ཉིད་ཐོབ་བོ། །རབ་ཏུ་

เล่ม ๘๓ · หน้า 263b

དགྱེས་པའི་དབང་པོ་ཤིན་ཏུ་དགྱེས་པ་ཆེན་པོའི་རོ་མཆོག་གི་རྒྱལ་མཚན་དང་ལྡན་པ་ཞེས་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་གྲུབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་ཟླ་གསང་ཐིག་ལེ་བཤད་པའི་རྒྱལ་པོ་ལས། ཆོས་ཀྱི་

འཁོར་ལོ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཤིན་ཏུ་དགྱེས་པ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཤིན་ཏུ་དགྱེས་པ་ཆེན་པོ་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བཤད་

ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་ཕྲན་དང་མཉམ་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་གསང་བའི་གཟུངས་དང་གཡོག་ཏུ་བཅས་པ་རྣམས་ཀྱིས་ཡོངས་སུ་བསྐོར་བ། བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་དང་བཅས་པ་རྣམས་

ཀྱིས་མདུན་དུ་བྱས་པ་མ་ལུས་པ་ལུས་པ་མེད་པའི་ནམ་མཁའ་ལ་འགྲོ་བ་དང་། ནམ་མཁའ་ལ་འགྲོ་བའི་ཚོགས་དང་ལྡན་པ། ཕྱི་ནང་གི་ཕོ་ཉ་དང་ཕོ་ཉ་མོ་རབ་ཏུ་རྒྱས་པ་རྣམས་ཤིན་ཏུ་ངོ་མཚར་རྨད་དུ་གྱུར་ཏེ། དགྱེས་ཤིང་སྤྱན་ནི་རྒྱས་པ་ཡིས། །བཞེངས་ནས་དགྱེས་པ་ཆེན་པོ་

ཡི། །བརྗིད་པའི་ཕྱག་གིས་གར་མཛད་ཅིང་། །ཐལ་མོ་སྦྱར་ནས་གཙུག་ཉིད་དུ། །བཞག་པ་ཡིས་ནི་འདུད་པ་བྱེད། །བསྐུལ་བ་ཡིས་ནི་དབྱངས་འདི་ཡིས། །དེ་དག་གཙོ་ལ་མཉེས་པར་བྱེད། །ཀྱེ་མའོ་ཆོས་ནི་ངོ་མཚར་ཆེ། །ཀྱེ་མའོ་སྤྱོད་པ་ངོ་མཚར་ཆེ། །ཀྱེ་མའོ་

སྦས་པ་ངོ་མཚར་ཆེ། །ཀྱེ་མའོ་བདེ་བ་ཡང་དག་འབྱུང་། །ཀྱེ་མའོ་ཀུན་ཏུ་བཟང་པོའི་དོན། །ཀྱེ་མའོ་རབ་དགྱེས་ཡང་དག་འགྲོགས། །ཀྱེ་མའོ་བདེ་བ་དག་པ་ཆེ། །ཀྱེ་མའོ་བདེ་བ་བདེ་མཆོག་སྟེ། །ཀྱེ་མའོ་སྔགས་ཀྱི་ཡང་དག་སྦྱོར། །ཀྱེ་མའོ་སྙིང་པོ་ཡང་དག་བསྡུས། །ཀྱེ་མའོ་

ཕྱག་རྒྱ་མཉམ་པར་བཞུགས། །ཀྱེ་མའོ་སྒྲུབ་པ་རྨད་འབྱུང་བའོ། །ཀྱེ་མའོ་ཕ་རོལ་ཕྱིན་མ་ཡིན། །ཀྱེ་མའོ་ཇི་ལྟར་མཐུར་རིག་མའི། །ཀྱེ་མའོ་སྣ་ཚོགས་དགོས་པ་ཆེ། །ཀྱེ་མའོ་དག་པ་གསུམ་སྦྱར་བ། །ཀྱེ་མའོ་རྡོ་རྗེ་མཉམ་སྦྱོར་བའི། །ཀྱེ་མའོ་པདྨ་རྣམ་བྱེ་བས། །ཀྱེ་མའོ་

เล่ม ๘๓ · หน้า 264a

དབང་པོ་གཉིས་སྦྱོར་བའོ། །ཀྱེ་མའོ་མཆོག་དང་མཉམ་པའོ། །ཀྱེ་མའོ་གར་ནི་དག་པ་ཆེ། །ཀྱེ་མའོ་གླུ་རབ་དྲི་མ་མེད། །ཀྱེ་མའོ་སིལ་སྙན་རྣམ་པར་འབྲེལ། །ཀྱེ་མའོ་བརྡབ་དང་མུན་པ་སེལ། །ཀྱེ་མའོ་དག་བྱེད་མེ་ཏོག་ཕྲེང་། །ཀྱེ་མའོ་སྤོས་སྣོད་དགེ་བ་སྟེ། །ཀྱེ་མའོ་

མར་མེ་མུན་པ་སེལ། །ཀྱེ་མའོ་དྲི་ནི་ཤིན་ཏུ་བསིལ། །ཀྱེ་མའོ་རྣལ་འབྱོར་མཉམ་པར་སྦྱོར། །ཀྱེ་མའོ་སྒྱུར་བ་ནམ་མཁའ་འདྲ། །ཀྱེ་མའོ་སངས་རྒྱས་རྡོ་རྗེ་མཆོག །ཀྱེ་མའོ་རིན་ཆེན་བདེ་མཆོག་སྐྱེད། །ཀྱེ་མའོ་སྣ་ཚོགས་པད་མཆོག་ལྡན། །ཀྱེ་མའོ་སྣ་ཚོགས་སྒྱུ་མ་མཛད། །ཀྱེ་མའོ་

ངོ་མཚར་སངས་རྒྱས་དང་། །ཀྱེ་མའོ་ངོ་མཚར་དཔའ་བོ་རྣམས། །ཀྱེ་མའོ་ངོ་མཚར་སེམས་དཔའ་རྣམས། །ཀྱེ་མའོ་ངོ་མཚར་ལྷ་ཡི་རྣམས། །ཤིན་ཏུ་དགྱེས་ཆེ་རྡོ་རྗེ་ལ། །རྒྱན་པ་ཀུན་གྱིས་བསྟོད་བྱས་ཏེ། །རྡོ་རྗེ་སེམས་དཔའི་འགྱིང་བ་ཡིས། །དགའ་དང་བདེ་བྱེད་སྐྱེས་པར་འགྱུར། །

དེ་ནས་ཕ་རོལ་ཕྱིན་ཐམས་ཅད། །འཁོར་གྱི་དཀྱིལ་འཁོར་དགྱེས་འགྱུར་ཏེ། །སེམས་དཔའ་ཆེ་ལ་ཕྱག་བྱས་ནས། །མཆོག་གི་དབྱངས་ཀྱིས་སྟོད་པར་བྱེད། །ཆུ་སྐྱེས་ཞལ་ནི་འཛུམ་བཅས་པ། །ཡངས་པའི་སྤྱན་གྱིས་གར་མཛད་དེ། །ཕྱག་དང་ཞབས་ནི་བསྒྱུར་བ་ཡིས། །རབ་ཏུ་

དགྱེས་ལྡན་སྨིན་མ་བསྒྱུར། །ཡིད་ཙམ་འཛུམ་པའི་སྤྱན་ཟུར་གཟིགས། །ཤ་རྒྱས་བརླ་ནི་ནུ་མར་མདུད། །རྐེད་པའི་དབྱིབས་ནི་རྣམ་པར་ཡངས། །སྣམས་ཀྱི་ངོས་ཀྱང་ཆེ་ལ་མཛེས། །ཆགས་པ་ཆུང་ཟད་ཚེམས་ཀྱིས་གནོན། །ཚེམས་ཀྱི་ཕྲེང་བ་ཀུནྡ་ཟླ། །མིག་དྲག་ཟློས་པའི་དབུགས་

འབྱིན་ཅིང་། །ཨ་ལ་ལ་ལ་ཧོ། །དམ་ཚིག་རྗེས་སུ་ཆགས་པའི་བདག་ཉིད་སྡུག་བསྔལ་ཞི་མཛད་ཅིང་། །རབ་ཏུ་དགྱེས་ཆེ་དགྱེས་པར་བསྟོད། །བདེ་བས་བདེ་ལ་ལོངས་སྤྱོད་མཆོག་ཏུ་བདེ་བའི་རང་བཞིན་བསམ་གྱིས་མི་ཁྱབ་བསྟན། །དགོངས་པའི་དབང་དང་ལྡན་པས་འགྲོ་བ་ཡ་མཚན་ཆེན་པོའི་

སྒོ་ནས་འདུལ་མཛད་ཅིང་། །གསང་བའི་ཐིག་ལེ་འཇིག་རྟེན་གསུམ་པོ་འདིར་ནི་དངོས་གྲུབ་གཙོར་བསྟན་ཏེ། འཇིག་རྟེན་གསུམ་པོ་སྦྱང་བར་བྱ་བའི་ཆོས་དེ་བདེ་གཤེགས་དོན་དུ་མཛད། །ངོ་མཚར་ཡོན་ཏན་ལྡན་པ་དམ་ཚིག་བདེ་ལས་འབྱུང་། །བདེ་མཛོད་བདེ་སྤྱོད་དགའ་ལ་རོལ་པ་ཚུལ་བཞིན་

เล่ม ๘๓ · หน้า 264b

མཛོད། །ཐམས་ཅད་དགའ་བའི་ངང་ཉིད་ཐིག་ལེའི་དཀྱིལ་དུ་བསྐྱེད་མཛད་དེ། །བྱང་ཆུབ་སྙིང་པོ་འགྲོ་བའི་ལམ་འདི་བདེ་བར་བསྐུལ་ལ་བསྙེན་པ་མཛོད། །ངོ་མཚར་དེ་བཞིན་གཤེགས་པའི་དམ་ཚིག་རིག་པ་ཆེ་ལ་དགྱེས་ཤིང་བཞུགས། །བདག་ཅག་འདུ་ཤེས་རྣམས་དང་བྲལ་བ་ཉིད་

ཀྱང་བཞུགས་སྤྱོད་འཛེམ་བཅས་པས། །ཚངས་པའི་རྒྱལ་པོ་དབང་དང་ལྡན་པས་ཀྱང་ནི་དེ་ལ་རག་ལུས་སོ། །ཨ་ལ་ལ་ལ་ཧོ། ཡངས་པའི་སྤྱན་ཅན་དྲངས་ཤིང་བཅུག་སྟེ་རོལ་པ་ཚུལ་བཞིན་མཛོད། །རྣམ་དག་ཡེ་ཤེས་ཆུ་དེས་འགྲོ་བ་རྣམས་ཀྱི་སྡིག་པ་ཁྲུས། །བྱམས་མའི་གཟུངས་

མ་བདག་ཉིད་ཆེ་དང་རབ་ཏུ་བརྩོན་མཛོད་ལ། །ཐུགས་རྗེ་ཆེན་པོ་རང་བཞིན་དག་པའི་ཆུ་དེས་བདག་ཅག་དབང་སྐུར་ཅིག །མི་གཡོ་མཉམ་པ་ཉིད་ཀྱི་རང་བཞིན་ཡེ་ཤེས་ཐོབ་འདོད་ཕྱིར། །དམ་ཚིག་ཆེན་པོ་གསུམ་པོ་གསུམ་པོ་འདི་ལ་གནས་ནས་ནི། །ཟླ་གསང་ཐིག་ལེའི་དབྱིངས་སུ་བདག་ཅག་

དོགས་མེད་འགྲོ་བར་བགྱི། །དབྱངས་ཀྱི་རྒྱལ་པོ་འདི་ཡིས་ནི། །ཤིན་ཏུ་སྲིད་པས་སྐྱོ་བ་ཡིས། །སངས་རྒྱས་ཀུན་ཀྱང་འདོད་པ་བཞིན། །གླུ་བླངས་མྱུར་དུ་བསྐུལ་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ལ་དབྱངས་ཀྱི་རྒྱལ་པོ་འདིས་བསྟོད་པས་ཤིན་ཏུ་དགྱེས་ཏེ་དེ་བཞིན་གཤེགས་པ་དང་བྱང་

ཆུབ་སེམས་དཔར་བཅས་པ་དང་། རྡོ་རྗེ་དང་རིན་པོ་ཆེ་དང་། པདྨོ་དང་ལས་ཀྱི་རིགས་ཀྱི་བཙུན་མོ་དེ་དག་ཐམས་ཅད་ལ་རྡོ་རྗེ་ཤིན་ཏུ་དགྱེས་པའི་བདེ་བ་ཆེན་པོས་མཉེས་པར་མཛད་དེ། དེ་བཞིན་གཤེགས་པ་ཐམས་ཅད་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་ཚོགས་རྣམས་དང་། བྱང་ཆུབ་

སེམས་དཔར་བཅས་པ་དང་། ནམ་མཁའ་ལ་འགྲོ་བ་དང་། ནམ་མཁའ་ལ་འགྲོ་མའི་ཚོགས་སུ་བཅས་པ་རྣམས་དང་། ཕྱི་ནང་གི་རྡོ་རྗེའི་རིགས་ལས་སྐྱེས་པ་རྣམས་ལ་ཤིན་ཏུ་དགྱེས་པ་ཆེན་པོའི་གར་དང་དབྱངས་དང་། བརྡུང་བ་དང་ཞི་བའི་ཐལ་མོ་ལ་སོགས་པ་རྣམ་པར་མཛད་པ་ཆེན་

པོས་རབ་ཏུ་མཛད་ནས། དམ་ཚིག་ཆེན་པོ་རྡོ་རྗེ་ཤིན་ཏུ་དགྱེས་པ་འདོད་པའི་དབང་མོ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བདེ་བར་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་དེ་དག་ཀུན་དགྱེས་ནས། །ཤིན་ཏུ་དགྱེས་པ་ཉིད་བྱས་ཏེ། །ཐལ་མོ་སྦྱར་ནས་ས་སྟེང་དུ། །

เล่ม ๘๓ · หน้า 265a

པུས་མོའི་ལྷ་ང་བཙུགས་མཛད་དེ། །ཆོས་ཀྱི་ཕྱིར་ནི་གསོལ་བ་འདེབས། །དཀྱིལ་འཁོར་དམ་ཚིག་བདག་ཉིད་ལ། །བཅོམ་ལྡན་དགྱེས་པས་བཤད་དུ་གསོལ། །གང་གི་སེམས་ཅན་བདེ་ཉིད་ཀྱི། །བདེ་བས་དཀྱིལ་འཁོར་བསྒྲུབ་པར་བགྱི། །དེ་ནས་བཅོམ་ལྡན་

འདས་དམ་ཚིག་འདོད་པ་ཉེ་བར་ལོངས་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དཀྱིལ་འཁོར་མཛད་དོ། །ཕྱག་གཉིས་གར་དང་བཅས་པ་ཡིས། །མདུན་དུ་ཐལ་མོ་བཀན་པར་བྱ། །སོར་མོ་ཀུན་གྱི་རྩེ་མོ་ལ། །ཕ་རོལ་ཕྱིན་པའི་ཚོགས་རྣམས་བསམ། །དེ་དག་

མིང་གི་བརྡ་ཡིས་ནི། །སོར་མོ་ཐམས་ཅད་བརྟག་པར་བྱ། །སྦོམ་པོ་ཕན་ཚུན་བསྣོལ་བྱས་ཏེ། །ཤེས་རབ་མཆོད་རྟེན་དུ་ནི་བརྟག །རྡོ་རྗེ་མཆོད་རྟེན་ཕྱིར་བྱས་ཏེ། །ལྷག་མ་འོད་བཞིན་སྤྲོ་བར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་མ་དགེ། །གང་གིས་བཅིངས་

པ་ཙམ་གྱིས་ཀྱང་། །སངས་རྒྱས་བྱང་ཆུབ་བྱིན་རློབ་བོ། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པས། །རྟག་པའི་ཕོ་བྲང་འགྲོ་འོང་བྱེད། །སངས་རྒྱས་སྣང་མཛད་དཔལ་དང་ལྡན། །བཙོ་མའི་གསེར་གྱི་ཁ་དོག་འཛིན། །ཤེས་རབ་ལྡན་པས་སྦྱོར་བྱས་ན། །འདི་ཡིས་མྱུར་དུ་དངོས་གྲུབ་

བོ། །སྐལ་ལྡན་འཕྲུལ་གྱི་བུ་མོ་ལ། །འདི་ཡིས་བྱིན་རླབས་གར་བྱས་ཏེ། །རྡོ་རྗེ་པདྨོར་གཞུག་བྱས་ནས། །སེམས་ནི་བཞུགས་པས་བསྒྲུབ་བྱས་ལ། །དེ་ནས་སེམས་དེ་བླང་བྱས་ཏེ། །བློ་ལྡན་དེ་ཡིས་བཏུང་བྱས་ཏེ། །གྲུབ་པ་གཟུངས་ཀྱི་དཀྱིལ་འཁོར་དུ། །ཡང་དག་དངོས་གྲུབ་

འགྲོ་བར་བྱེད། །ཤེས་རབ་དང་ནི་འཕུལ་གྱི་འམ། །དེ་བཞིན་གཤེགས་པ་འཕྲུལ་བརྟག་འཐོབ། །སངས་རྒྱས་རྡོ་རྗེ་བློ་ལྡན་གྱིས། །ཀུན་ཏུ་འཕྲོག་པར་ཡོང་མི་ནུས། །ཤིན་ཏུ་དགྱེས་པ་ཀུན་ཏུ་ལོངས་སྤྱོད་པའི་བདེ་བ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ།། །།ཐལ་མོ་དེ་ཉིད་

ཁྲོ་སྐྱེས་པ། །སྦོམ་པོ་སྐྱིལ་ཀྲུང་གཞག་བྱས་ཏེ། །སྣ་ཚོགས་ཕྲེང་བ་འབར་བྱེད་པ། །རྣལ་འབྱོར་གྱིས་ནི་ལྷག་མ་སྤྲོ། །འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་མ་གསལ། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །འདི་ཡིས་མྱུར་དུ་འཐོབ་པར་

เล่ม ๘๓ · หน้า 265b

འགྱུར། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པས། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །རིང་དུ་སྡིག་པ་འཇིག་པར་བྱེད། །ཚེ་དང་དཔལ་དང་ཡེ་ཤེས་སྐལ། །རྡོ་རྗེ་འཛིན་གྱིས་ཐོབ་པར་འགྱུར། །འདི་ནི་དབང་བསྐུར་ཙམ་གྱིས་ཀྱང་། །རྡོ་རྗེ་འཛིན་རྗེར་དེ་འགྱུར་ཏེ། །རྡོ་རྗེ་དཀྱིལ་གྱིས་མཚན་

བཏབ་པས། །ས་ཆེན་འོང་ཞིང་འགྲོ་བར་བྱེད། །འདི་ནི་དགའ་བྱེད་རྡོ་རྗེ་རིགས། །རྡོ་རྗེ་བུད་མེད་འགྲོགས་པ་དང་། །རྡོ་རྗེ་གཟུངས་ཀྱི་དཀྱིལ་འཁོར་དུ། །རྡོ་རྗེ་སེམས་ཉིད་འཐོབ་པར་འགྱུར། །ཇི་ལྟར་དངོས་གྲུབ་འདུག་པ་དང་། །སངས་རྒྱས་རྡོ་རྗེ་དཔའ་བོ་རྣམས། །སྐད་ཅིག་གཅིག་གིས་

འདྲེན་པར་བྱེད། །བསྒྲལ་དང་མཉེས་པར་བྱ་བ་དང་། །རྒྱས་བཏབ་དེ་བཞིན་རྨོངས་པ་དང་། །གསོ་བར་བྱེད་དང་ཟ་བ་དང་། །ཕན་ཚུན་དུ་ནི་སྐྱེད་པར་བྱེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་དབང་བསྐུར་བ་རྡོ་རྗེའི་ཕྲེང་བ་ཞེས་བྱ་བ་ཤིན་ཏུ་དགྱེས་པ་བདེ་བ་ཐོབ་པར་བྱེད་པ་དཔེ་

མེད་པའི་རྡོ་རྗེར་བྱེད་པའི་ཕྱག་རྒྱའོ།། །།རྡོ་རྗེའི་ཐལ་མོ་དེ་ཉིད་ལས། །ཁྲོ་མོ་རྒྱབ་ནི་བསྐུམ་བྱས་ཏེ། །སོར་མོ་ལྷག་མ་སྔ་མ་བཞིན། །ཕྱག་རྒྱ་འདི་ནི་དབང་བསྐུར་བའོ། །རིམས་དང་གདོན་དང་དུག་ལ་སོགས། །དེ་མ་ཐག་ཏུ་འཕྲོག་པར་བྱེད། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །སངས་

རྒྱས་ཀྱི་ནི་དགྱེས་པ་ཐོབ། །འདི་ཉིད་ཀྱི་ནི་དབང་སྐུར་དང་། །འདི་ཉིད་ཀྱིས་ནི་བདེ་དམ་པ། །འདི་ཉིད་ཀྱིས་ནི་རྒྱལ་པོ་ཆེ། །འདི་ཉིད་ཀྱིས་ནི་དཔལ་དམ་པ། །འདི་ཡིས་རྩེན་པ་བྱས་པ་ཡིས། །རབ་དགའ་འགུགས་པ་དངོས་གྲུབ་བོ། །མི་ལ་འདི་ཡིས་བྱིན་བརླབས་ཏེ། །ཉི་མ་ཕྱེད་ན་སྤྱད་བྱས་ན། །

འདི་ནི་དེ་མ་ཐག་ཏུ་ཡང་། །དཔལ་ལྡན་རྡོ་རྗེ་གཟི་བརྗིད་འཛིན། །ཉི་མ་བཅུ་གཉིས་འོད་འདྲར་འགྱུར། །ཞག་བདུན་གྱིས་འགྱུར་གཞན་གྱིས་མིན། །སངས་རྒྱས་ཀུན་གྱིས་འདུལ་བ་དང་། །དགེ་བ་ཐམས་ཅད་དབང་དུ་བྱེད། །གྲོལ་འདོད་རྣམས་ཀྱི་མུན་པ་སེལ། །བློ་ལྡན་ཕྱག་རྒྱ་མཆོག་ཏུ་

འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་གཟི་བརྗིད་དཔེ་མེད་པ་དང་ལྡན་པའི་ཕྲེང་བ་ཞེས་བྱ་བ་བ་དན་གསུམ་པའི་འཇིག་རྟེན་གསུམ་དུ་བདེ་བ་ཆེན་པོ་ཐོབ་པར་བྱེད་པའི་དམ་ཚིག་གི་ཕྱག་རྒྱ་ཆེན་པོའོ།། །།ཕ་རོལ་ཕྱིན་པའི་ཕྱག་རྒྱ་ཉིད། །དགེ་བའི་ཁྲོ་མོ་དང་བྲལ་བ། །ཕ་

เล่ม ๘๓ · หน้า 266a

རོལ་ཕྱིན་པའི་ཆོས་ཡིན་ཏེ། །ཚིག་དང་ཚིག་ཏུ་རྣམ་བྲལ་བའོ། །ཕྱག་རྒྱ་འདི་ནི་བཅིངས་པ་ཡིས། །ཆོས་ཀྱི་དབྱིངས་ནས་རྗེ་རུ་འགྱུར། །སངས་རྒྱས་ཀུན་གྱིས་དབང་བསྐུར་བས། །དབང་ཕྱུག་དམ་པ་དེ་འགྱུར་ཏེ། །ཐམས་ཅད་དག་པ་མོས་པ་ཡིས། །པདྨོ་དམར་པོ་མཆོག་

འཛིན་འགྱུར། །པདྨོ་སྒྱུ་མ་རྣམ་མཛད་པས། །སྣ་ཚོགས་ཆེན་པོར་དེ་འགྱུར་རོ། །སྡུག་བསྔལ་ཐམས་ཅད་འཕྲོག་པར་བྱེད། །སེམས་ཅན་ཀུན་ལ་ཐམས་ཅད་སྦྱིན། །འདོད་ཆགས་ཆེན་པོ་ཉེས་སྤངས་ཏེ། །དེ་ནི་བདུད་རྩི་འདྲ་བར་འགྱུར། །འདི་ནི་མྱུར་དུ་གར་བྱས་པ། །བསྒྲུབ་པར་མི་

བྱེད་ཅུང་ཟད་མེད། །འདི་ནི་པདྨོ་སྦྱོར་བ་ཡིས། །བདེ་མཆོག་རྟག་པ་ཐོབ་པར་འགྱུར། །ཤིན་ཏུ་དགྱེས་པ་ཆེན་པོའི་མྱོས་པར་བྱེད་པའི་དཔལ་པདྨོ་ཕྲེང་བ་ཞེས་བྱ་བ་ཐམས་ཅད་ཀྱི་དོན་དཔལ་ཤིན་ཏུ་དགྱེས་པར་བྱེད་པའི་ཕྱག་རྒྱའོ།། །།འདི་ཉིད་གཉིས་པའི་སྤྱི་གཙུག་ཏུ། །བསྒྱུར་ནས་

གཞག་པར་བྱས་པ་ནི། །མ་ལུས་དྲི་མ་འཕྲོག་བྱེད་པ། །སྣ་ཚོགས་ཆེན་པོར་དེ་འགྱུར་རོ། །འདི་ཡིས་དབང་ནི་བསྐུར་མ་ཐག །ཁམས་གསུམ་སྣ་ཚོགས་བྱེད་པར་འགྱུར། །སྣ་ཚོགས་དབང་པོ་རྒྱལ་པོ་ཆེ། །སྣ་ཚོགས་གཟུགས་དང་སྣ་ཚོགས་བདག །སྒྲུབ་པ་ཐམས་ཅད་བདེ་དམ་པ། །

འདོད་པ་ཀུན་གྱི་དབང་ཕྱུག་རྒྱལ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཐམས་ཅད་འདི་ཡིས་དངོས་གྲུབ་བོ། །བུད་མེད་འདི་ཡིས་བྱིན་རླབས་ནས། །སྔོ་བསངས་མཁུར་ཚོས་དཀར་མོ་དང་། །དེ་དང་ལྷན་ཅིག་གར་བྱས་པས། །སྣ་ཚོགས་བདག་པོ་ཆེན་པོར་འགྱུར། །སྔོ་བསངས་ཞིང་མ་

ཕྲེང་མ་དག །བྱིན་གྱིས་བརླབས་ནས་དུས་གསུམ་དུ། །མཚན་གྱིས་མཐར་ནི་བསྙེན་བྱས་ནས། །ལས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རིགས་ངན་ཅན་དང་སྨེ་མ་དང་། །གར་མཁན་དེ་བཞིན་གར་བྱེད་དག །ཕྱག་རྒྱ་ཡེ་ཤེས་བྱིན་བརླབས་ཏེ། །བསྙེན་དང་དངོས་གྲུབ་ཐོབ་པར་འགྱུར། །

ཤིན་ཏུ་དགྱེས་པ་སྣ་ཚོགས་བདེ་བ་སྦྱིན་པར་བྱེད་པ་ཞེས་བྱ་བ་འདོད་པར་བྱེད་པ་ཐམས་ཅད་ཀྱི་མཆོག་སྒྲུབ་པར་བྱེད་པའི་ཕྱག་རྒྱའོ།། །།ཕྱག་རྒྱ་དེ་དག་བསྟེན་པའི་རྣམས། །གར་གྱི་ཚུལ་གྱིས་རང་གི་གནས། །དམ་ཚིག་མཆོག་གི་དམ་ཚིག་གིས། །དངོས་གྲུབ་ཆེན་པོའི་མཐུར་འགྱུར་

เล่ม ๘๓ · หน้า 266b

རོ། །ཐལ་མོ་དེ་ཉིད་སྦྱར་བྱས་ཏེ། །རྡོ་རྗེ་བཅིངས་པས་བཅིང་བར་བྱེད། །དེ་ནས་དགའ་བྱེད་དབང་བསྐྱེད་དེ། །མངའ་ཡི་ཚུལ་གྱིས་གཟུང་བར་བྱ། །འདི་ནི་རབ་དགྱེས་གཙོ་བོ་ཡིས། །ཕ་རོལ་ཕྱིན་མཆོག་སྡུག་པ་ཡིན། །སངས་རྒྱས་རྣམས་ཀྱི་མྱོས་བྱེད་པ། །དཔའ་བོ་རྣམས་

ཀྱང་རྨོངས་པར་བྱེད། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །མི་ཤེས་བྱེད་པ་འཇིགས་པར་བྱེད། །ལས་ཀྱི་དོན་ནི་བཀའ་བཞིན་དུ། །དགའ་ནས་བྲན་བཞིན་བྱེད་པར་འགྱུར། །འདི་ཡིས་བྱིན་གྱིས་བརླབས་པ་ཡིས། །བདེ་ཆེན་རྒྱལ་པོ་འདྲ་བར་འགྱུར། །དགའ་དང་ལྷན་ཅིག་

གར་བྱེད་ཅིང་། །འདོད་དབང་སར་ནི་འགྲོ་བར་བྱེད། །དཔལ་རྡོ་རྗེ་སེམས་དཔའ་ཤིན་ཏུ་དགྱེས་པ་ཀུན་ཏུ་བཟང་མོའི་དགྱེས་པ་ཆེན་མོའི་བདེ་བ་གཉིས་སུ་མེད་པ་དང་ལྡན་མ་ཞེས་བྱ་བ་སྦྱོར་བའི་ཕྱག་རྒྱ་ཆེན་པོའོ།། །།སྙིང་གར་གཟུང་བའི་སྦྱོར་བ་ཡིས། །འདི་ཡིས་ལས་ཀུན་བྱེད་

འགྱུར་ཏེ། །བདུད་རྣམས་ཐམས་ཅད་འབིགས་པར་བྱེད། །རྒྱལ་བ་འདོད་ཆགས་བྲལ་སྤྱོད་པ། །བདེ་གཤེགས་མྱ་ངན་འདས་ཀུན་དང་། །ཐམས་ཅད་འདི་ཡིས་སློང་བར་བྱེད། །སངས་རྒྱས་ཐམས་ཅད་མཉེས་བྱས་ནས། །མྱུར་དུ་ལས་ལ་སྦྱོར་བར་བྱེད། །དབང་པོ་ཉེ་དབང་

དབང་ཆེན་གྱི། །གདུག་པ་ཐམས་ཅད་འཇོམས་བྱེད་དེ། །འཇིགས་བྱེད་དྲག་པོ་ཆེན་པོ་ཡིས། །གདུག་པ་ཐམས་ཅད་གདུང་བར་བྱེད། །རྡོ་རྗེ་པདྨོར་བཅུག་པ་ཡིས། །མཆེ་བས་མ་མཆུ་བཟུང་བྱས་ཏེ། །སོར་མོ་ཕན་ཚུན་བསྣོལ་བ་ཡིས། །དཔུང་པ་བརྐྱང་སྟེ་གར་དུ་བྱ། །

སྣ་ཚོགས་ཆེན་པོ་རབ་རྒྱས་པས། །བདེ་ཆེན་པོ་ཡི་བདེ་འཐོབ་བོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདོད་དང་ཐར་བར་གྲུབ་བྱེད་དེ། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་ན། །འདོད་པ་བཞིན་དུ་འཕུར་བར་བྱེད། །རབ་དགྱེས་འབྲེལ་པས་གར་བྱས་ཤིང་། །ནམ་མཁའ་

གཟུངས་མའི་ཐབས་ཉིད་ཀྱིས། །ཕན་ཚུན་གཅུ་བའི་གནོན་པ་ཡིས། །བཅིངས་ན་འདི་ཡིས་དངོས་གྲུབ་བོ། །དེ་ནི་དེ་མ་ཐག་ཏུ་ཡང་། །ལྷ་དང་ལྷ་མིན་མཆོད་བྱེད་དེ། །དབང་པོ་ཉེ་དབང་དབང་ཆེན་དང་། །ཉི་ཟླ་གཤིན་རྗེ་ཆུ་དབང་རྣམས། །སྤྱི་བོ་ཡིས་ནི་ཕྱག་བྱས་ནས། །

เล่ม ๘๓ · หน้า 267a

རང་གི་དཔལ་མཆོག་སྟོབས་བྱེད་དེ། །རྡོ་རྗེ་འཛིན་པ་ཐམས་ཅད་ཀྱང་། །ཉིད་ཀྱིས་དཔལ་ཅན་སྟོབས་པ་ཡིས། །བརྟན་པ་དེ་ལ་མགུ་བྱེད་ཅིང་། །སངས་རྒྱས་དགོས་པ་རབ་སྒྲུབ་བྱེད། །འདི་ཡིས་ལས་ཀྱི་ཚུལ་གྱི་རྣམས། །ལས་དང་རྗེས་སུ་མཐུན་འགྱུར་ཏེ། །རྣལ་འབྱོར་

དབང་ཕྱུག་རྣམ་མཛད་པས། །སངས་རྒྱས་ཀུན་དང་མཉམ་སྦྱོར་ཏེ། །གཟུངས་དང་གཉིས་མེད་སྦྱོར་བ་ཡིས། །ཡིད་ལ་འདོད་པའི་ལས་ཀུན་བྱེད། །འཛུམ་དང་གནས་དང་སྦས་པ་དང་། །སྤྱོད་པས་གར་གྱིས་བྱས་པས་སོ། །གཞན་དག་ཀྱང་དེ་དངོས་གྲུབ་ཆེ། །པདྨོའི་འདབ་མ་རྣམས་ཕྱེ་

བས། །བྱང་ཆུབ་སེམས་ནི་རབ་སྒྲུབ་པ། །སྒྲུབ་པ་པོས་ནི་པདྨོ་སྒྲུབ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །བདེ་བ་གཉིས་སུ་མེད་པའི་དཔལ། །ཤིན་ཏུ་དགྱེས་པའི་པདྨོ་འདབ་མ་ཞེས་བྱ་བ་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་ཐོབ་པར་བྱེད་པའོ།། །།ཐལ་མོ་དེ་ཉིད་བཅིངས་པ་ཡིན། །

བཅིངས་པ་གྱེན་དུ་བཟུང་བྱས་ཏེ། །མཐེའུ་ཆུང་གཉིས་ནི་བསྒྲེང་བྱས་ཏེ། །དེ་བཞིན་སྦོམ་པོ་གཉིས་ཀྱང་བྱ། །ཕྱག་རྒྱ་འདི་ནི་ཆུ་སྲིན་ཞེས། །རྒྱལ་མཚན་ལྡན་པར་བཤད་པ་ཡིན། །རྡོ་རྗེ་སེམས་དཔའ་སྤྲུལ་པ་སྟེ། །འདོད་བྲལ་ཆགས་པར་བསྒྲུབ་པ་ཡིན། །ཕྱག་རྒྱ་འདི་ཡིས་བདེ་ལྡན་གྱི། །

ཕོ་བྲང་ཆེན་པོར་འགྲོ་བར་བྱེད། །དེར་ཕྱིན་ཆོས་ཀྱི་འཁོར་ལོ་དག །བླ་མེད་པར་ནི་སྐོར་བར་བྱེད། །སངས་རྒྱས་ཕ་རོལ་ཕྱིན་མས་བསྐོར། །སྡིག་སྤངས་རྣམས་ནི་བཀུག་ནས་ཀྱང་། །སྤྱོད་པ་དྲག་པོའི་ཚུལ་གྱིས་ནི། །བསྐལ་པ་བྱེ་བར་བསྙེན་པར་བྱེད། །ཡང་དག་བྱང་ཆུབ་གནས་པ་ཡི། །

སངས་རྒྱས་འདི་ཡིས་མཉེས་པར་བྱེད། །དེ་ནས་དགྱེས་ཏེ་སྣ་ཚོགས་ཆེ། །སྣ་ཚོགས་ཡེ་ཤེས་སྐྱེ་བ་ཡི། །རང་གི་དམ་ཚིག་གསུངས་པ་ཡི། །སེམས་དཔའ་ཆེན་པོ་སྒྲུབ་པར་བྱེད། །བླ་མེད་དངོས་གྲུབ་ཐམས་ཅད་ཀྱང་། །འདི་ཡིས་ཐམས་ཅད་འགྲུབ་པར་བྱེད། །སྦྱོར་དང་ལྡན་

པས་བྱིན་རླབས་ཏེ། །སྙིང་གར་ཉེ་བར་བསམ་བྱས་ན། །ལས་ཀྱི་ངོ་བོ་ཚུལ་འདི་ཡིས། །ཐམས་ཅད་ལས་ནི་བྱེད་དུ་གཞུག །གར་དང་དབྱངས་ཀྱི་རོ་དགའ་དང་། །སིལ་སྙན་བརྡུང་བ་རྣམ་བྱེད་དང་། །པི་ཝང་གླིང་བུ་རྫ་རྔ་ཡི། །ཕྱག་རྒྱ་འདི་ཡིས་བསྒྲུབ་པར་བྱ། །དཔལ་རྡོ་རྗེ་ཤིན་ཏུ་དགྱེས་

เล่ม ๘๓ · หน้า 267b

པ་ཆེན་པོའི་ཐུགས་ཀྱི་དགྱེས་པ་དཔེ་མེད་པ་དང་ལྡན་མ་ཞེས་བྱ་བའི་ཕྱག་རྒྱའོ།། །།ཐལ་མོ་དེ་ཉིད་མཉམ་བཟུང་ནས། །འགྱིང་ཞིང་འགྱིང་བས་གར་བྱས་ཏེ། །བཅིང་བ་ཆེན་པོས་བཅིངས་བྱས་ནས། །སྦྱོང་བ་ཆེན་པོ་གཉིས་སུ་བྱ། །ཁུ་ཚུར་གཉིས་པོ་དཀུ་ཉིད་དུ། །གཡོན་དུ་འགྱིང་བས་

བརྟན་པར་བྱ། །ཕྱག་རྒྱ་འདི་ནི་རྒྱལ་ལ་སོགས། །བདེ་བ་དམ་པས་མཆོད་བྱས་ཏེ། །འགྱིང་བའི་སྦྱོར་བས་གར་བྱས་ན། །དངོས་གྲུབ་ཐམས་ཅད་གྲུབ་པར་བྱེད། །འགྱིང་བ་ཙམ་གྱི་སྦྱོར་བ་ཡིས། །འགྱིང་བ་ཐམས་ཅད་འཕྲོག་པར་བྱེད། །ལྷ་དང་ལྷ་མིན་རིག་མ་ཡིས། །འབུམ་ཕྲག་

བརྒྱ་ཡིས་མཆོད་པར་བྱེད། །རབ་ཏུ་དགྱེས་པ་བདེ་མཆོག་ཆེ། །ཀུན་ཏུ་གར་བྱས་གནས་པར་འགྱུར། །ཀླུ་མོ་ལྷ་དང་ལྷ་མིན་དང་། །དེ་བཞིན་མིའམ་བདག་པོར་འགྱུར། །ནམ་མཁར་འགྲོ་མའི་ཁྱོར་འགྱུར་ཏེ། །རྣལ་འབྱོར་མ་ཀུན་བདེ་བ་ཆེ། །གཟུངས་མ་རྣམས་ཀྱི་དག་པ་བདག །གསང་

བ་ཕ་རོལ་ཕྱིན་པའི་རྗེ། །ལས་ཀྱི་སྦྱོར་བ་འདི་ཡིས་ནི། །ཐམས་ཅད་ལས་ནི་བྱེད་པར་བཤད། །སངས་རྒྱས་ཀུན་གྱི་གསང་བ་ཆེ། །གསང་ཆེན་སྦྱོར་བས་དངོས་གྲུབ་བོ། །དཔལ་ཤིན་ཏུ་དགྱེས་པ་བདེ་བ་ཆེན་མོ་སེམས་ཅན་ཐམས་ཅད་སྒྲོལ་བར་སྦས་པ་ཞེས་བྱ་བའི་ཕྱག་རྒྱ་ཐམས་ཅད་འགྲུབ་

པའོ།། །།ཕྱག་རྒྱ་དེ་ཉིད་མཉམ་བཟུང་སྟེ། །ལག་པའི་འདབ་མ་གར་དང་བཅས། །མྱུར་བར་སྟེང་དུ་དོར་བ་ཡིས། །མགྱོགས་སུ་འགྲོ་བ་དངོས་གྲུབ་བོ། །འདི་ཡིས་སངས་རྒྱས་ཐམས་ཅད་ཀྱི། །རྨད་འབྱུང་དམ་པ་མཆོད་བྱས་པ། །སྦྱོར་བ་གར་གྱིས་མཆོད་བྱས་ན། །ཐམས་ཅད་

ལས་བྱེད་དངོས་གྲུབ་བོ། །གང་དག་དངོས་གྲུབ་མེད་པ་དང་། །གང་དག་བདེ་བ་མེད་པའི་རྣམས། །དེ་དག་ཕྱག་རྒྱ་འདིས་བཏབ་ན། །ནམ་མཁའི་དཀྱིལ་འཁོར་འགྲོ་བར་འགྱུར། །དེ་ཡིས་ཐམས་ཅད་ལས་རྣམས་ནི། །རྨད་འབྱུང་དམ་པ་འགྲུབ་པར་བྱེད། །བཙུན་མོ་ཆེན་པོ་དེ་བཞིན་

གཤེགས། །འདི་ཡིས་དེ་ནི་འགྲུབ་པར་བྱེད། །གཞན་ཡང་མཆོག་ཏུ་རྒྱ་ཆེ་བ། །མཉམ་དང་མི་མཉམ་ཆོས་ཀྱི་དབྱིངས། །བཙུན་མོ་དམ་པ་དེ་བཞིན་གཤེགས། །ཕྱག་རྒྱའི་སྦྱོར་བས་དངོས་གྲུབ་པོ། །དཔལ་བདེ་བ་ཆེན་པོ་རྡོ་རྗེ་རབ་ཏུ་དགྱེས་པའི་མེ་ཏོག་གི་ཕྲེང་བ་ཞེས་བྱ་བའི་ཕྱག་

เล่ม ๘๓ · หน้า 268a

རྒྱའོ།། །།དེ་ཉིད་འོག་གི་ངོས་སུ་དོར། །སྟེང་དུ་ཅུང་ཟད་བསྒྲུབ་པར་བྱ། །འདི་ཡིས་སངས་རྒྱས་ཐམས་ཅད་ཀྱི། །བདེ་མཆོག་ཡིད་ནི་ཚིམ་བྱེད་པ། །འདིས་ནི་བཅིངས་པ་ཙམ་གྱིས་ཀྱང་། །བདུད་རྣམས་ཤིན་ཏུ་རིང་བར་འགྱུར། །ཕྱག་རྒྱ་བཅིངས་ཏེ་བསྡིགས་པ་

ཡིས། །སྐྲག་ནས་དངོས་གྲུབ་སྦྱིན་པར་བྱེད། །སངས་རྒྱས་དམ་ཚིག་གསུམ་གནས་པའི། །འདི་ཡིས་མཆོད་པ་བྱས་པར་འགྱུར། །དེ་ནས་གཙོ་བོ་འདིས་མཉེས་ནས། །མཆོག་གི་ཐབས་ནི་སྟོབས་པར་བྱེད། །ཕྱག་རྒྱ་བཅིངས་པ་སྦྱོར་བ་ཡིས། །འདི་ནི་ཐམས་ཅད་བྱེད་པར་

འགྱུར། །རྒྱུན་དུ་བྱས་ན་རྣལ་འབྱོར་པ། །དགོས་པ་ཐམས་ཅད་བྱེད་པར་འགྱུར། །སྡིག་པ་ཐམས་ཅད་འཕྲོག་བྱེད་དེ། །བདེ་བ་དམ་པ་འཐོབ་བྱེད་ཅིང་། །ཚེ་འདི་དང་ནི་ཕ་རོལ་ཏུ། །ཕྱག་རྒྱའི་གནས་སུ་དེ་འགྲོའོ། །དཔལ་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་ཚིམ་པར་བྱེད་པ་

ཞེས་བྱ་བའི་ཕྱག་རྒྱ་སྟེ། དྲི་མ་ཐམས་ཅད་སྤོང་བ་དཔལ་ཤིན་ཏུ་དགྱེས་མའོ།། །།ཐལ་མོ་དེ་ཉིད་སྦོམ་པོ་བསྒྲེང་། །ལྷག་མ་གསལ་བའི་ཉི་མ་བཞིན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་མཆོག་ཏུ་སྣང་བྱེད་པའོ། །ཐོག་མ་མེད་ནས་བསྐོར་བ་ཡི། །འདི་ཡིས་གཏི་

མུག་འཕྲོག་བྱེད་དེ། །མཉམ་པར་བཞག་ནས་བཅིངས་མ་ཐག །སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབ། །མཉམ་ཉིད་ཡེ་ཤེས་དྲི་མེད་དང་། །པདྨོ་དྲ་བ་དགའ་བ་ཆེ། །སྣ་ཚོགས་དྲ་བ་དཔལ་ཆེན་པོ། །བདེ་བྱེད་ཆེན་པོ་འཐོབ་པར་འགྱུར། །རྡོ་རྗེ་དགྱེས་པ་ཆེན་མོའི་དཔེ་མེད་པའི་དཔལ་དང་

ལྡན་མ་ཞེས་བྱ་བའི་ཕྱག་རྒྱའོ།། །།གཡས་དང་གཡོན་པའི་ལག་པ་ཡིས། །བརྗིད་པའི་གར་གྱིས་གར་བྱ་ཞིང་། །ཐལ་མོ་དེ་ཉིད་མཉམ་སྦྱར་ཏེ། །གཡོན་གྱི་ཁུ་ཚུར་སྤྱི་བོར་གཞག །རྒྱལ་བ་རྣམས་ཀྱི་ཕྱག་རྒྱ་འདི། །མཆོད་པ་ཐམས་ཅད་གྲུབ་བྱེད་དོ། །ཐམས་ཅད་དོན་རྣམས་གྲུབ་པ་དགེ། །

བཀྲ་ཤིས་རྒྱལ་བ་འཐོབ་པར་བྱེད། །གང་ཞིག་བཅིངས་པ་ཙམ་གྱིས་ཀྱང་། །མཆོད་པའི་སྤྲིན་ཉིད་རྒྱས་པ་ཆེ། །མཐའ་ཡས་དྲི་མེད་གཟི་བརྗིད་དང་། །སངས་རྒྱས་ཞིང་ནི་དངོས་གྲུབ་པོ། །ཕྱག་རྒྱ་སྦྱོར་བས་སྦྱར་བྱས་ཏེ། །སྐད་ཅིག་གཅིག་གིས་སྦྱར་བྱས་ན། །རྫོགས་སངས་རྒྱས་དང་སྲས་མཆོག་

เล่ม ๘๓ · หน้า 268b

དང་། །འདི་ཡིས་ཐམས་ཅད་འབབ་པར་འགྱུར། །སྣ་ཚོགས་ཀྱི་ནི་སྦྱོར་བ་ཡིས། །སྣ་ཚོགས་གར་གྱིས་གར་བྱས་ན། །དཔའ་བོ་ཐམས་ཅད་ཀུན་ཏུ་འགྲོ། །ཕུན་སུམ་ཚོགས་པ་འདིས་འགྲུབ་པོ། །དཔལ་ཤིན་ཏུ་དགྱེས་པ་ཆེན་པོ་བདེ་བའི་སེམས་འཕེལ་བར་བྱེད་མ་ཞེས་བྱ་བའི་ཕྱག་

རྒྱའོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་དཔལ་ཀུན་ཏུ་བཟང་པོ་ཤིན་ཏུ་དགྱེས་པ་ཆེན་པོ་བདེ་བའི་བདག་ཉིད་རྣམ་པར་སྣང་མཛད་ཆེན་པོ་བཤད་པ་མཐས་ཀླས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཟླ་གསང་ཐིག་ལེ་མཆོག་ཏུ་ཕ་

རོལ་ཏུ་ཕྱིན་པ། གསང་བ་ཆེན་པོ་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཤིན་ཏུ་དགྱེས་པ་རྡོ་རྗེ་གདོན་མི་ཟ་བའི་དཀྱིལ་འཁོར་ཆེན་པོ་བསྐལ་པའི་མཐའ་ཀླས་པ་ཞེས་བྱ་བ་གསུམ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་གསང་བའི་ཕ་རོལ་

ཏུ་ཕྱིན་པའི་དམ་ཚིག་གི་ཡེ་ཤེས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་འདི་བཤད་ནས་སླར་ཡང་བདེ་བར་ཅང་མི་གསུང་བར་གནས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་དང་། ཕ་རོལ་ཏུ་ཕྱིན་མ་རྣལ་འབྱོར་མ་ཆེན་མོའི་ཚོགས་ཐམས་ཅད་དང་། ནམ་མཁའ་ལ་འགྲོ་བ་དང་།

ནམ་མཁའ་ལ་འགྲོ་མའི་ཚོགས་ཐམས་ཅད་ངོ་མཚར་དུ་གྱུར་ནས་ཕྱི་ནང་གི་རྡོ་རྗེའི་རིགས་སུ་གཏོགས་པ་འཕྲོག་པར་བྱེད་པའི་ཚོགས་ཐམས་ཅད་ལ་སླར་དབུགས་ཕྱུང་སྟེ། དེ་ལས་བཞེངས་ནས་གར་མཛད་ཅིང་རབ་ཏུ་དགྱེས་པའི་སྤྱན་རྒྱས་པས་བཅོམ་ལྡན་འདས་ལ་ཡང་དང་ཡང་དུ་ལྟ་ཞིང་དབྱངས་ཀྱི་

མཆོག་བདེ་བ་འདི་གླུ་བླངས་ཏེ་དགྱེས་པར་བྱེད་དོ། །རྣམ་མང་བདེ་བའི་རོལ་པས་བདག་ཉིད་ཆེན་པོ་ཡིས། །སྐྱེ་དང་མི་སྐྱེའི་ཆོས་ཉིད་ཡ་མཚན་རྨད་དག་དཔལ་བསྟན་པ། །ཤིན་ཏུ་བདེ་བའི་དཀྱིལ་འཁོར་འཇིག་རྟེན་འདིར་བྱུང་སྟེ། །རང་བཞིན་དག་པའི་གཟུངས་མའི་དཀྱིལ་ནས་བསྐྱེད་པར་མཛོད། །

ངོ་མཚར་རྨད་དུ་བྱུང་བའི་ཆོས་ཉིད་བདེ་བས་རོལ་མཛད་ཅིང་། །བདུད་རྩིའི་རང་བཞིན་འདུས་པ་རྣམས་ལ་དབུགས་འབྱིན་ཅིང་། །གསང་བའི་ཐིག་ལེའི་དངོས་ཉིད་ནམ་མཁའ་འདྲ་བ་རྣམས་སྤྱད་དེ། །བདེ་བ་ཕུན་སུམ་ཚོགས་པའི་ལོངས་སྤྱོད་རྒྱུ་ལ་དབང་མཛད་པས། །བྱང་ཆུབ་མཆོག་གི་

เล่ม ๘๓ · หน้า 269a

ལམ་འདི་ཉོན་མོངས་མཐའ་དང་རྣམ་བྲལ་ཞིང་། །བདེ་བའི་འབྱུང་གནས་སྐྱེ་ཤི་མེད་པའི་སྒོ་མོར་པདྨོ་རྣམ་དག་པ། །ཉོན་མོངས་མི་གོས་སྒྱུ་མར་གནས་པ་ཆུ་ཟླའི་དཀྱིལ་འཁོར་བཞིན། །ཨེ་མའོ་ཀུན་ཏུ་བཟང་པོ་རིག་པ་རྒྱ་ཆེན་བསམ་གྱིས་མི་ཁྱབ་པ། །དངོས་ཉིད་མེད་པས་

ཆོས་ལ་དགའ་བའི་རོལ་པས་གཟུངས་སུ་འགྱུར། །སངས་རྒྱས་ཀུན་གྱི་བདེ་མཆོག་བདུད་རྩི་རས་ཡན། །ཇི་ལྟར་བདེ་ལ་རྟེན་ཅིང་ཀུན་ཏུ་གནང་བར་མཛད། །ཀྱེ་མ་བདེ་མཆོག་བདེ་བས་རོལ་པ་ཚུལ་བཞིན་མཛོད། །སྡུག་བསྔལ་འགྲོ་བའི་ལས་ཅན་བདེ་བས་ཚིམ་པར་མཛོད། །བྱམས་པའི་

སྤྱན་ཅན་ཐུགས་རྗེ་ཉི་མས་འགྲོ་བ་ཀུན་ལ་ཤར་མཛད་ནས། །གཏི་མུག་ཐིབས་པོའི་མུན་ནག་བྱང་ཆུབ་སེམས་ཀྱིས་གསལ་བར་སྟོན། །དེ་ནི་འདུས་པའི་ཚོགས་ལ་བདེ་སྦྱིན་རོལ་པའི་རྒྱལ་པོས་གསུངས། །བྱང་ཆུབ་མཆོག་གི་སེམས་དེས་སྙིང་པོ་མཆོག་ཏུ་དབང་བསྐུར་ཅིག །དབྱངས་

ཀྱི་ཕྱག་རྒྱ་འདི་ཡིས་ནི། །སྐད་ཅིག་སྐད་ཅིག་བསྐུལ་བྱས་ན། །རབ་ཏུ་དགྱེས་པའི་བདག་ཉིད་ཀྱིས། །མདུན་དུ་གནས་ཏེ་དངོས་གྲུབ་སྦྱིན། །དེ་ནས་བཅོམ་ལྡན་འདས་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བའི་བདག་པོ་ཀུན་ཏུ་བཟང་པོ་ཆེན་པོ་རྡོ་རྗེ་ཟླ་གསང་ཐིག་ལེ་ཆེན་པོ་ལ། རྡོ་རྗེ་ནམ་མཁའ་

ལ་འགྲོ་བ་གསང་བ་ཆེན་པོ་ཚད་མེད་པ་དང་། མཆོག་ཏུ་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དང་། རྣལ་འབྱོར་མའི་ཚོགས་ཆེན་མོ་དེ་རྣམས་ཀྱིས་བསྟོད་ཅིང་བསྐུལ་བ་བྱ་བ་དང་། གསང་བ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་ཤིན་ཏུ་དགྱེས་པ་ལོངས་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་

ལ་སྙོམས་པར་ཞུགས་ནས། ཤིན་ཏུ་དགྱེས་པ་ཆེན་པོ་གདོན་མི་ཟ་བའི་དམ་ཚིག་ཅེས་བྱ་བ་རྣལ་འབྱོར་མའི་དཀྱིལ་འཁོར་ཆེན་པོ་འདི་རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། །།གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་རྣམ་པ་བཞི་ཡིས་བརྒྱན། །དར་དང་དྲིལ་བུའི་ཆུན་པོ་

དང་། །ཉི་མ་ཟླ་བས་རྣམ་པར་བརྒྱན། །རིན་ཆེན་མུ་ཏིག་འབྲས་བུས་སྤྲས། །དོ་ཤལ་གདུ་བུ་རྣམས་ཀྱིས་བརྒྱན། །སྣ་ཚོགས་གདུགས་ནི་རྣམ་བྲེས་པ། །སྣ་ཚོགས་ཕྲེང་བ་གོས་ཀྱིས་བརྒྱན། །སྲད་བུ་བཞི་དང་ལྡན་པ་སྟེ། །ཀ་བ་བརྒྱད་མཆོག་ཡང་དག་གནས། །དབུས་ཀྱི་དགའ་

เล่ม ๘๓ · หน้า 269b

བྱེད་སྟན་ལ་ནི། །དངུལ་ལ་སོགས་པས་རྣམ་པར་བརྒྱན། །སྣ་ཚོགས་པདྨོ་དར་གྱིས་གཡོགས། །ཐམས་ཅད་སྟན་དེ་དག་ཅེས་བྱ། །དབུས་སུ་རྡོ་རྗེ་ཤིན་ཏུ་དགྱེས། །སྟན་དེ་ལ་ནི་གཞག་པར་བྱ། །ཚད་མེད་པདྨོ་དམར་འདྲ་བའི། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །ཡིད་

བཞིན་ནོར་བུ་དབུ་རྒྱན་ལྡན། །རིན་ཆེན་གཙུག་གིས་རྣམ་པར་མཛེས། །ཚད་མེད་དར་ནི་དཔྱངས་པ་ཡིས། །དབུ་ལ་ཆུ་བོས་མཛེས་པར་བྱ། །སྣ་ཚོགས་སངས་རྒྱས་ཀུན་གྱི་བདག །སྣ་ཚོགས་ཡེ་ཤེས་རབ་ཏུ་གནས། །ཆུ་སྐྱེས་སྤྱན་ནི་ཡིད་ཙམ་རྒྱས། །དགའ་བྱེད་ཡིད་ཙམ་གཡོན་དུ་འདུད། །

གཡས་པའི་ཕྱག་གིས་རྡོ་རྗེ་ཆེ། །སྙིང་གར་གསོར་ལ་ཤིན་ཏུ་བརྩོན། །དེ་ལ་སོགས་པའི་ཡོན་ཏན་ལྡན། །ཐོག་མ་ཉིད་དུ་རྣམ་པར་གཞག །སློབ་མའམ་ཡང་ན་གཞན་ཡང་རུང་། །མཚན་ཀུན་གྱིས་ནི་རྣམ་བརྒྱན་པ། །ཚུལ་བཞིན་བྱིན་གྱིས་བརླབ་བྱ་སྟེ། །དབུས་ཀྱི་དཀྱིལ་དུ་གཞག་

པར་བྱ། །བདག་ཉིད་ཀྱང་ནི་མཉམ་གཞག་སྟེ། །དེ་ལ་སོགས་པ་ཡོན་ཏན་གཙོ། །དབུས་ཀྱི་སྟན་ལ་འདུག་པ་ན། །བདག་ནི་རབ་དགྱེས་ཞེས་སུ་སྨྲ། །དེས་ནི་སློབ་མ་བྱིན་བརླབས་ཏེ། །ཐམས་ཅད་ལས་བྱེད་ཕུན་སུམ་ཚོགས། །རྡོ་རྗེ་པདྨོ་ལས་བྱུང་བའི། །གསང་བ་ཡིས་ཀྱང་དབང་

བསྐུར་རོ། །རབ་དགྱེས་ལ་སོགས་ཡོན་ཏན་ལྡན། །ཡིད་འོང་བུ་མོ་བཙལ་བྱས་ཏེ། །མགྲིན་པ་དཔྲལ་བ་སྙིངསྤྱི་བོར། །ལྷ་ལ་སོགས་པའི་འབྲུ་བསྒོམས་ཏེ། །མཚན་མ་ཕྱག་རྒྱར་རབ་འབར་བ། །རྡོ་རྗེ་པདྨོར་མཉམ་སྦྱོར་བའི། །རང་ལ་འཁྱུད་པའི་ཕྱག་རྒྱ་ཡིས། །ཚུལ་བཞིན་

ཐམས་ཅད་གཞག་པར་བྱ། །མདུན་དུ་ལྷ་མོ་སྨྱོ་བྱེད་མ། །མ་མཆུ་འཛིན་པས་རོ་ལ་དགྱེས། །དཀར་དམར་ཁ་དོག་འདྲེས་པ་ཡི། །ཐམས་ཅད་རྒྱན་དང་ཡང་དག་ལྡན། །ལོ་ནི་བཅུ་དྲུག་ལོན་པའི་མཆོག །ཤེས་རབ་ཅན་གྱིས་མདུན་དུ་གཞག །གཡས་སུ་ལྷ་མོ་གསོད་བྱེད་མ། །མཚོན་

ཆའི་མདའ་ནི་འདྲེན་པར་བརྩོན། །དོ་ཤལ་རྐང་གདུབ་དག་གིས་བརྒྱན། །ལོ་གྲངས་ཉི་ཤུ་ལོན་པ་སྟེ། །གསེར་གྱི་རི་བོ་ཞུ་བ་འདྲ། །ཆུ་སྐྱེས་སྤྱན་ནི་ཡིད་ཙམ་སྔོ། །སེམས་དཔའ་ཆེ་ལ་དགྱེས་མཛད་ཅིང་། །འདི་ནི་ཚུལ་བཞིན་གཞག་པར་བྱ། །རྒྱབ་ཏུ་ལྷ་མོ་རྨོངས་བྱེད་མ། །པདྨ་

เล่ม ๘๓ · หน้า 270a

དམར་པོ་མདོག་གི་འོད། །ཆུ་སྲིན་རྒྱལ་མཚན་མཛེས་མའོ། །སྐུ་ཚེའི་ཚད་ནི་ཉི་ཤུ་གཅིག །དགའ་བྱེད་འདོད་པའི་རོ་ལ་དགྱེས། །སྣ་ཚོགས་ན་བཟའ་ཡང་དག་གསོལ། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །སྣ་ཚོགས་པདྨོ་སྦྱོར་ལ་སོགས། །གར་གྱི་བྱ་བ་རབ་

བསླབས་གཞག །གཡོན་དུ་སྣ་ཚོགས་ཆེན་མོ་སྟེ། །སྣ་ཚོགས་དགོས་པའི་རྗེས་བསླབས་པ། །སྐུ་ཚེའི་ཚད་ནི་བཅུ་གཉིས་ལྡན། །རྣལ་འབྱོར་ལ་ནི་ཤིན་ཏུ་བརྩོན། །ལྷ་དང་ལྷ་མིན་མི་ཡི་རྣམས། །འགྲོ་བ་ཐམས་ཅད་མྱོས་འགྱུར་མ། །སྣ་ཚོགས་རྒྱན་གྱིས་རྣམ་པར་བཀླུབས། །

སྣ་ཚོགས་དར་གྱི་ན་བཟའ་གསོལ། །གྲྭ་རྣམས་ཀྱི་ནི་ཐམས་ཅད་དུ། །གཟུགས་སྒྲ་དྲི་རོ་རེག་གི་རྣམས། །བདུག་པ་མེ་ཏོག་བསུང་ལྡན་པ། །གཟི་བརྗིད་ཆེན་པོ་འོད་དང་ལྡན། །ཅི་རིགས་པར་ནི་གཞག་པར་བྱ། །སྒོ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རང་གི་ལས་ཀྱི་ཕྱག་རྒྱར་ལྡན། །

སྐལ་ལྡན་དགའ་ལ་རྣམ་མོས་པ། །སྒོ་སྲུང་བཞི་ནི་གཞག་པར་བྱ། །གཞན་ཡང་རྣམ་པ་སྣ་ཚོགས་རྣམས། །པི་ཝང་གླིང་བུ་བརྡབ་པ་དང་། །རྫ་རྔ་རྔ་ཆེན་མུ་ཀུ་དང་། །མུ་ར་ཛ་དང་ད་ར་དང་། །གར་དང་དབྱངས་དང་བཞད་པ་ཆེ། །རོལ་མོའི་ཡོ་བྱད་སྣ་ཚོགས་རྣམས། །དགའ་བྱེད་དཀྱིལ་

འཁོར་གཞག་པར་བྱ། །ཕྱི་ཡི་དཀྱིལ་འཁོར་ཐམས་ཅད་དོ། །དཀྱིལ་འཁོར་འདི་ཡི་ཕྱི་རོལ་དུ། །རྡོ་རྗེ་ནམ་མཁར་འགྲོ་མ་གཞག །ཡི་དགས་རྒྱལ་པོ་ཡང་དག་ཞོན། །དཔའ་བོ་འཇིགས་བྱེད་གཟུགས་འཛིན་ཏེ། །སྐལ་ལྡན་རང་གི་ལག་ཆར་ལྡན། །གདུག་པའི་སེམས་ཀྱིས་

སྡིགས་བྱེད་ཅིང་། །ཤ་ཁྲག་དང་ནི་རྒྱུ་མ་དང་། །རྐང་དང་ཚིལ་བུ་ཟ་སྤྱོད་པ། །དཀྱིལ་འཁོར་བྱས་ཏེ་འདུག་པ་ནི། །ཚོགས་ཀྱི་དཀྱིལ་འཁོར་གཞག་པར་བྱ། །དགའ་བར་བྱེད་དང་འདྲེན་པར་བྱེད། །གསོད་པར་བྱེད་དང་སྤྲོ་བར་བྱེད། །རྡོ་རྗེ་མཁའ་འགྲོ་ཚོགས་ཀྱི་རྣམས། །ཤར་

གྱི་ཕྱོགས་སུ་གཞག་པར་བྱ། །གཟི་བརྗིད་ཆེ་དང་འབར་བྱེད་མ། །འཇིགས་བྱེད་བོང་བུ་ལྷོ་རུ་སྟེ། །གཙུག་ལག་མཐོང་བའི་རྒྱུ་ཡིས་ནི། །མཁས་པས་ཚུལ་བཞིན་གཞག་པར་བྱ། །ཆགས་ཆེན་མོ་དང་ཆགས་བྲལ་དང་། །འཁོར་ལོ་མོ་དང་རྒྱས་འདེབས་མོ། །རབ་ཏུ་སྦྱོར་

เล่ม ๘๓ · หน้า 270b

བས་སྦྱོར་བྱས་ཏེ། །ཅི་རིགས་ནུབ་ཏུ་གཞག་པར་བྱ། །སྣ་ཚོགས་ལུས་དང་བསྲུང་བ་དང་། །གནོད་སྦྱིན་མ་དང་ཡང་དག་འཕྲོག །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །སྔགས་མཁན་ཅི་རིགས་བྱང་དུ་གཞག །ཤར་གྱི་གྲྭ་རུ་གཞག་པ་ནི། །བྱ་རོག་གདོང་སྟེ་མིག་འདྲ་ཞིང་། །

འཇིགས་པའི་མིག་དང་འཇིགས་པའི་གདོང་། །ཇི་ལྟར་རྗེས་སུ་མཐུན་བྱས་ཏེ། །ཡི་དགས་སྟན་ལ་ཡང་དག་འདུག །སྣ་ཚོགས་མཆོག་གི་མདོག་འཛིན་ཏེ། །ལག་པ་གྲི་དང་འཁར་གཞོང་ཐོགས། །མཆོག་ཏུ་ཤ་དང་ཁྲག་ཟ་བའོ། །ནུབ་དང་ལྷོ་ཡི་མཚམས་གཞག་པ། །བཞད་དང་

འུག་པའི་གདོང་རིང་མ། །ཁྲོས་པའི་ཁྱི་དང་ཕག་གི་གདོང་། །གསུས་པོ་ཆེ་ལ་ལྟོ་འཕྱངས་མ། །ནུབ་བྱང་གི་ནི་མཚམས་དག་ཏུ། །རྔ་མོ་བོང་བུའི་གདོང་འཛིན་དང་། །ཁྲོས་པའི་ར་དང་བྱི་ལའི་གདོང་། །རྒྱུ་མའི་མགོ་ནས་ཟ་བྱེད་རྣམས། །ཤར་དང་བྱང་གི་མཚམས་དག་ཏུ། །ཀེང་རུས་

དཀར་པོ་འཛིན་པ་སྟེ། །ཁྲོས་པ་རུས་པའི་ཕྲེང་བས་བཀླུབས། །ལྟོ་འཕྱངས་མོ་ལ་བུམ་པ་འཛིན། །ཕན་ཚུན་འཐབ་པར་བརྩོན་པ་ཡི། །ཅེ་སྤྱང་གི་ནི་འཁོར་གྱི་རྣམས། །འཇིགས་བྱེད་གདོང་ནི་མཆེ་བ་འབྱིན། །རྣམ་པར་འགྱུར་བས་གཟུགས་འཛིན་པའོ། །སྒོ་སྲུང་གི་ནི་ཕྱོགས་ཀུན་དུ། །

སྒོ་བཞི་རྣམས་སུ་གཞག་བྱ་བ། །བྱང་གི་ཕྱོགས་སུ་འབོད་འགྲོགས་ཏེ། །བུམ་པའི་རྣ་ནི་ཤར་ཉིད་དུ། །ནུབ་ཏུ་རྣམ་པར་འཇིག་པའོ། །ལྷོར་ནི་གཤིན་རྗེའི་རྒྱལ་པོ་གཞག །དེ་དང་གཞན་ཡང་རྒྱལ་པོ་མཆོག །ནམ་མཁའ་འགྲོ་བས་ཀུན་ཏུ་བསྐོར། །བུམ་པ་རྣམ་པ་སྣ་ཚོགས་ཏེ། །

གསེར་དང་དངུལ་ལས་བྱས་པ་ལ། །སྣ་ཚོགས་གོས་ཀྱིས་ཡང་དག་དཀྲིས། །མེ་ཏོག་འབྲས་བུ་རྣམས་ཀྱིས་བརྒྱན། །བདུད་རྩི་ལྔ་ཡིས་གང་བྱས་པ། །སྨན་ལྔ་དང་ནི་ཡང་དག་ལྡན། །རིན་ཆེན་ལྔ་དང་ལྡན་བྱས་པ། །འབྲུ་སྣ་ལྔ་ཡིས་བརྒྱན་བྱས་པའི། །བུམ་པ་བཅུ་དྲུག་གཞག་

བྱས་ཏེ། །བཅུ་གཉིས་བརྒྱད་དམ་ཡང་ན་ཕྱེད། །ཐ་ན་ཆུང་ངུ་གཅིག་ཙམ་ཡང་། །ཇི་ལྟར་རིམ་བཞིན་གཞག་བྱས་ཏེ། །དབུས་སུ་བུམ་པ་རོ་ཡི་མཆོག །དམ་ཚིག་ཆུས་ནི་གང་བྱས་པ། །གསེར་རམ་དངུལ་ལམ་ཟངས་ཀྱང་རུང་། །ལྕགས་སམ་ས་ལས་བྱས་པ་ལ། །ཟླ་བ་ཉི་མ་དྲི་ཆུ་དང་། །

เล่ม ๘๓ · หน้า 271a

བཏུང་བ་སྣུམ་པོར་ལྡན་པ་ཡི། །དབང་པོ་ཀུན་ལས་འབྱུང་བ་རྣམས། །ཤ་སྲང་གཅིག་གིས་རབ་བསྲེས་པ། །ཀུན་ལས་འཕགས་པ་རོ་ཡི་མཆོག །ཚོགས་ཀྱི་དབུས་སུ་བསྒྲུབ་བྱས་ཏེ། །བཏུང་བ་བཞིན་དུ་མྱངས་པ་ཡིས། །རྡོ་རྗེ་བློ་ལྡན་བསྐལ་པར་གནས། །རྣམ་པ་

སྣ་ཚོགས་ཉེ་བའི་ཟས། །བཟའ་བ་དང་ནི་བཅའ་བས་མཆོད། །མཆོད་པ་ཉེ་བའི་ཟས་ལྔ་དང་། །ཚད་མེད་འདོད་པའི་ཡོན་ཏན་ལྔས། །ཚད་མེད་རྣལ་འབྱོར་མ་ཚོགས་ལ། །སྐད་ཅིག་སྐད་ཅིག་མཆོད་པར་བྱ། །སྔགས་མཁན་ཚུལ་བཞིན་མཉམ་གཞག་སྟེ། །འབྱུང་པོ་རྣམས་ལ་

གཏོར་མ་སྦྱིན། །ལྷ་རྣམས་ཀྱི་ནི་ཐམས་ཅད་ལ། །ཧེ་རུ་ཀ་ཡི་ཕྱག་རྒྱ་ཡིས། །ཉིད་ཀྱི་གཏོར་མ་བྱིན་བརླབས་ཏེ། །སྤྱན་དྲངས་གཙང་སྦྲ་བྱས་པ་དབུལ། །གཟུངས་ཀྱི་ཚོགས་ནི་དེ་རྣམས་ལ། །མཉེས་པར་བྱས་ནས་སླར་གཤེགས་སོ། །རྣལ་འབྱོར་མ་ཆེན་དཀྱིལ་འཁོར་དུ། །སློབ་མའི་

མཆོག་ནི་གཞུག་པར་བྱ། །མཚུངས་པར་སྤྱོད་པ་རབ་མཛེས་མ། །སྣ་ཚོགས་གོས་ཀྱིས་ཡང་དག་དཀྲིས། །ལག་པ་གཡོན་གྱིས་གཟུང་བྱས་ཏེ། །རབ་དགྱེས་ལོངས་སྤྱོད་ཕྱག་རྒྱ་ཡིས། །བཅུག་ནས་སྒོ་ཡི་གྲྭ་ཉིད་དུ། །བློ་ལྡན་དམ་ཚིག་བསྒྲག་པར་བྱ། །འདི་ལས་མི་བྱ་ཅུང་ཟད་མེད། །

ཐབས་དང་ཤེས་རབ་སེམས་ཉིད་ཀྱིས། །རྟག་ཏུ་དོགས་པ་མེད་བྱས་ཏེ། །འདོད་པ་ལྔ་ཡི་ཡོན་ཏན་སྤྱོད། །གཞན་ཡང་དམ་ཚིག་ཉམས་པ་དང་། །སྐྱེ་བོ་གང་དག་དམ་ལ་གནོན། །བརྟུལ་ཞུགས་ཁྱོད་ཀྱི་དེ་དྲངས་ཏེ། །ཁྲག་ཆེན་པོ་ནི་བཏུང་བར་བྱ། །གང་དག་སློབ་དཔོན་སྨོད་བྱེད་དང་། །

གང་དག་བཀའ་རྣམས་མི་བྱེད་པ། །དེ་དག་བྲོས་ནས་ཁྲག་ཆེན་པོ། །བློ་ལྡན་སྙིང་ལས་བཏུང་བར་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་དང་། །སློབ་དཔོན་ལ་ཡང་གནོད་བྱེད་པ། །རྡོ་རྗེ་ཁྲོ་བོ་བསྡུས་པ་ཡིས། །དམ་ཚིག་བསྒོམས་ཏེ་བསྒྲལ་བར་བྱ། །དེ་ནས་དམ་ཚིག་བླུད་བྱས་ཏེ། །རྡོ་རྗེ་

བདུད་རྩི་རོ་ཡི་མཆོག །དུང་ཆེན་པོར་ནི་གཞག་པར་བྱ། །རྡོ་རྗེ་བདུད་རྩིའི་ཆུ་བླུད་དོ། །ཀྱེ་མ་དམྱལ་བ་ཡི་ནི་ཆུ་འདི་སྟེ། །ཁྱོད་ཀྱི་སྙིང་ལ་ཀུན་དུ་གནས། །དམ་ཚིག་བསྲུངས་པས་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འདི་འཐུང་། །ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ་ཋ། །དམ་ཚིག་འདི་ནི་བརྒྱར་བཟླས་པའི། །

เล่ม ๘๓ · หน้า 271b

བྱིན་གྱིས་བརླབས་ཏེ་འཐུང་དུ་གཞུག །གཞན་དུ་དམ་ཚིག་མི་འགྱུར་ཏེ། །དངོས་གྲུབ་ཉིད་དུའང་འདི་འགྱུར་རོ། །བདག་ནི་དམ་ཚིག་སྐལ་དགའ་ཞེས། །སློབ་མ་སྔགས་ནི་བརྗོད་དུ་གཞུག །སྒོ་གྲྭར་གནས་ནས་དྲི་བྱ་བ། །ཀྱེ་ཁྱོད་དགའ་བ་ཅི་ལ་དད། །འཇུག་པ་ཡིས་ཀྱང་སྨྲ་བྱ་བ། །

བདག་ནི་སྐལ་ལྡན་བདེ་མཆོག་ལ། །རབ་དགྱེས་འཕྲུལ་ལ་བདག་དགའ་སྟེ། །མཆོག་ཏུ་དགའ་བ་བདག་དགའོ། །དེ་ནས་རྣལ་འབྱོར་མ་མཆོག་གི། །དཀྱིལ་དུ་མེ་ཏོག་བོར་བྱས་ཏེ། །མེ་ཏོག་གང་ལ་ལྷུང་བ་ཡི། །ལྷ་ཉིད་དུ་ནི་དངོས་གྲུབ་བོ། །དབང་བསྐུར་པ་ཡི་ཕྱག་རྒྱ་ཡིས། །དེ་ནས་

སྤྱི་བོར་དབང་བསྐུར་བྱ། །བུམ་པ་རྣམ་པ་བཞི་ཡིས་ཀྱང་། །མཉམ་པར་བཞག་སྟེ་ལྔ་པོ་ཡིས། །པདྨའི་དཀྱིལ་འཁོར་ཞུགས་བྱས་ཏེ། །དེ་ནས་ཡང་ནི་དབང་བསྐུར་བྱ། །ཅི་རིགས་པར་ནི་གཟུངས་མོའི་རྣམས། །བདག་ཉིད་སྐལ་ལྡན་ཞེས་སུ་སྨྲ། །གང་དག་འགྲོ་བར་གྱུར་པ་ཡིས། །

ལྷ་དེ་ཉིད་ནི་བསྟེན་པར་བྱ། །དགའ་བར་བྱེད་པའི་གཟུངས་མ་འདིའི། །ཁྱོད་ཀྱིས་རྟག་ཏུ་བསྒྲུབ་པར་གྱིས། །དེ་ནས་རྒྱལ་དབང་སློབ་མ་དེ། །ནང་གི་སྦས་པ་བསྡུས་པ་ཡི། །གསང་བ་མཉམ་པར་འཇུག་པ་ཡིས། །སྦྱོར་དང་ལྡན་པས་དབང་བསྐུར་བྱ། །རྡོ་རྗེ་པདྨོ་ལས་དྲངས་པ། །སྦོམ་

པོ་དང་ནི་དབང་གིས་བླང་། །རྡོ་རྗེ་དཀན་དུ་གཞག་བྱས་ལ། །རྟག་པ་དགེ་བ་བདེ་བ་ཆེ། །ཀྱེ་མའོ་དམ་ཚིག་བདེ་བརྗོད་ཅིང་། །ཀྱེ་མ་བདེ་བ་བླང་བར་བྱ། །འདི་ནི་གསང་བ་ཞེས་བྱ་སྟེ། །དབང་བསྐུར་བ་ཡི་ཐབས་མཆོག་གོ །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེས། །རང་གི་ཁར་ནི་རྡོ་རྗེ་

གཞག །སེམས་དཔའ་ཆེན་པོ་དྲངས་བྱས་ན། །སེམས་ཀྱིས་བྱང་ཆུབ་བདེ་བ་འཐོབ། །འདི་ནི་མཆོག་ཏུ་གསང་བ་སྟེ། །དབང་བསྐུར་བ་ཡི་བདེ་བའོ། །སློབ་མ་མི་ཤེས་པ་རྣམས་ལ། །འདི་དག་ཐམས་ཅད་བསྒྲག་མི་བྱ། །རྡོ་རྗེ་སློབ་དཔོན་གྱིས་བྱ་བ། །ཡང་ནས་ཡང་དུ་

བརྟག་པར་བྱ། །འདི་ཡིས་དབང་ནི་བསྐུར་མ་ཐག །སློབ་མ་ཚོགས་ཀྱི་བདག་པོར་འགྱུར། །སངས་རྒྱས་རྡོ་རྗེ་འཛིན་པ་ཡི། །སློབ་དཔོན་ཉིད་དུ་བདེ་བར་འགྱུར། །གཟུངས་མ་རྣམས་ཀྱིས་དགའ་བའི་བདག །སངས་རྒྱས་རྣམས་ཀྱི་རྗེར་བཤད་དོ། །མཁའ་ལ་འགྲོ་བའི་ཁྱོར་འགྱུར་

เล่ม ๘๓ · หน้า 272a

ཏེ། །རི་དང་འགྲོ་བ་ཀུན་གྱི་བདག །དེ་ནས་ཤེས་རབ་ཡེ་ཤེས་དབང་། །སློབ་མ་མཆོག་ལ་སྦྱིན་པར་བྱ། །གཟུངས་མ་དེ་ནི་བདག་ཉིད་ལ། །བླ་མ་ཉིད་ཀྱིས་བྱིན་བརླབས་ཏེ། །དངོས་གྲུབ་འབྲས་བུ་མྱུར་འཐོབ་ཕྱིར། །སློབ་མ་ལ་ནི་སྦྱིན་པར་བྱ། །དབང་བསྐུར་ཤིན་

ཏུ་སྦས་པ་ཡིས། །རྡོ་རྗེ་སློབ་དཔོན་ཚུལ་ཇི་བཞིན། །བློ་ལྡན་ཐེ་ཚོམ་མེད་པའི་ཕྱིར། །རྣམ་པ་བཞི་པོ་འདི་སྦྱིན་ནོ། །དེ་ཚུན་ཅད་ནི་སློབ་མ་ལ། །རྒྱུད་ཀུན་ལས་ནི་གང་ཆུང་ཟད། །ཡི་གེའི་ཚུལ་གྱིས་སྦས་པ་རྣམས། །གསང་བ་མཆོག་ནི་བསྟན་པར་བྱ། །དེ་ནས་དེ་ཉིད་ལངས་བྱས་ཏེ། །

སློབ་དཔོན་རྐང་པར་གཏུགས་བྱས་ནས། །རྒྱལ་པོ་དབང་ཕྱུག་བདེ་དམ་པ། །ཐམས་ཅད་ཡོན་ནི་དབུལ་བར་བྱ། །གཟུངས་དེ་དག་ནི་ཐམས་ཅད་ལ། །ཅི་དགའ་བར་ནི་ཡོན་ཡང་འབུལ། །སློབ་དཔོན་ཅུང་ཟད་གང་འདོད་པ། །ཡིད་ལ་བསམས་པའི་ཡོན་ཡང་རུང་། །དམ་ཚིག་

འདས་པས་འཇིགས་པ་ཡིས། །དེ་དག་ཐམས་ཅད་དབུལ་བར་བྱ། །སློབ་དཔོན་ལ་ནི་ཡོན་གྱི་མཆོག །རིགས་ཀྱི་ཁྱད་པར་དབུལ་བྱས་ཏེ། །སེང་གེའི་གདན་ལ་ཉིད་ཀྱི་མ། །སངས་རྒྱས་བྱིན་ནི་ཡོན་མཆོག་ཡིན། །གླང་པོ་རིན་ཆེན་གསེར་དག་དང་། །སྲིང་མོ་བླ་མའི་ཡོན་

མཆོག་ཡིན། །རྡོ་རྗེ་སེམས་དཔའི་རིགས་ཡིན་ཏེ། །ཡོན་དེ་མཆོག་གི་ཡོན་ཡིན་ནོ། །རིན་ཆེན་པདྨའི་ཆུང་མ་དང་། །ཤིང་རྟ་རྟ་ནི་ཤིན་ཏུ་བརྒྱན། །སྣ་ཚོགས་རིན་ཆེན་རྣམ་དག་པ། །མུ་ཏིག་ཕྲེང་བས་ཤིན་ཏུ་མཛེས། །བུ་མོ་རིན་ཆེན་དྲ་བ་ཡིས། །བརྒྱན་ཏེ་སྣ་ཚོགས་རྡོ་རྗེ་

ལའོ། །རྒྱལ་པོ་ཡི་ནི་དབང་ཕྱུག་དང་། །ཆུང་མ་བླ་མ་དབུལ་བར་བྱ། །འཕྲུལ་གྱི་བཞོན་པ་རྣམ་སྣ་ཚོགས། །གླང་པོ་རྟ་ནི་ཤིན་ཏུ་བརྒྱན། །དེ་བཞིན་གཤེགས་པ་ཀུན་གྱི་རྗེ། །ནན་ཏན་བླ་མ་དབུལ་བར་བྱ། །བླ་མའི་ཡོན་གྱི་ཕྱག་རྒྱ་འདི། །རྡོ་རྗེ་བློ་ལྡན་སློབ་མ་ཡིས། །

ཅི་སྟེ་བདེ་བྱེད་ཀུན་འདོད་ན། །དགའ་དང་མོས་པའི་སེམས་ཀྱིས་བྱ། །དེ་ལ་སོགས་པའི་སྦྱོར་བ་ཡིས། །རབ་དགྱེས་གདོན་མི་ཟ་བའི་བདེ། །གང་གིས་མྱུར་དུ་ཐོབ་འགྱུར་ཏེ། །སློབ་དཔོན་གཙོ་མཆོག་ཉིད་དུ་འགྱུར། །ཆོས་རྣམས་ཀུན་གྱི་དབང་ཕྱུག་རྒྱལ། །རྡོ་རྗེ་བློ་ལྡན་མཆོག་

เล่ม ๘๓ · หน้า 272b

ཏུ་འགྱུར། །རིན་ཆེན་ཀུན་གྱི་རིགས་ཀྱི་རྒྱལ། །དེ་བཞིན་སྣ་ཚོགས་རིགས་ཀུན་ཏུ། །པདྨོའི་རིགས་ཀུན་དཔལ་དང་ལྡན། །རྡོ་རྗེ་རིགས་ཀུན་བདག་པོར་དེ། །སངས་རྒྱས་ཀྱི་ནི་རིགས་ཀུན་དང་། །རྒྱལ་བའི་གཙོ་བོ་མཆོག་ཏུ་འགྱུར། །དཀྱིལ་འཁོར་གྱི་ནི་འཁོར་ལོའི་གར། །ཉིད་

དང་སློབ་མའི་ཚོགས་གྱུར་པས། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །སེམས་དཔའ་བདག་ཉིད་མཆོད་པར་བྱ། །ཕན་ཚུན་ལ་སོགས་ཚུལ་གྱིས་ནི། །ཤེས་རབ་མཆོད་པའི་སྦྱོར་བ་ཡིས། །རྡོ་རྗེ་ཆེ་ཡིས་ཐབས་གནས་ཏེ། །མཁའ་འགྲོ་ཀུན་ལ་མཆོད་པར་འགྱུར། །ཕྱི་ཡི་སྦས་པ་

གསང་ལ་སོགས། །ནང་གི་མཆོད་པ་མཆོག་གི་རྣམས། །ཕྱག་རྒྱའི་སྦྱོར་བ་ཚུལ་གནས་ཏེ། །ཚུལ་བཞིན་རྒྱས་བཏབ་དབུལ་བར་བྱ། །ལུས་དང་ངག་སེམས་བདེ་བྱེད་ཀྱིས། །མཆོད་པའི་བདག་ཉིད་མཆོད་པར་བྱ། །འདོད་པའི་རོལ་པ་མྱོང་བ་ཡིས། །མྱ་ངན་མཆོད་པ་ཐོབ་

པར་འགྱུར། །མཆོད་པ་ཀུན་གྱི་ཆོ་ག་ཡིས། །རང་རིག་ཁྱད་པར་ཤེས་བྱས་ཏེ། །སྒྲུབ་པ་ཐམས་ཅད་བསྒྲུབས་བྱས་ན། །དངོས་གྲུབ་ཐམས་ཅད་མྱུར་དུ་འཐོབ། །དཀྱིལ་འཁོར་འཁོར་ལོ་འདི་མཐོང་བས། །དགའ་མགུ་རངས་པའི་ཡིད་ཀྱིས་ནི། །རྡོ་རྗེ་སེམས་ལ་ཕྱག་བྱེད་ཅིང་། །

རང་གི་དཀྱིལ་འཁོར་གསོལ་བ་འདེབས། །བདེ་བྱེད་ཆེན་པོའི་དཀྱིལ་མོ་བརྒྱ། །རིགས་ཀྱི་ཁྱད་པར་གྱིས་ནི་ལྔ། །ལྷ་རྣམས་ཀྱང་ནི་རེ་རེ་ཡང་། །སེམས་ཀྱི་ཁྱད་པར་མཆོག་མཐའ་ཡས། །འདས་པའི་དུས་ནི་མ་བྱུང་བ། །མཐའ་ཡས་ཆོས་ནི་ཡངས་པ་བསྟན། །འདོད་ཆགས་

རྣམས་ཀྱིས་དཀྲིས་པ་ཡི། །སྡུག་བསྔལ་གཟིར་བའི་མཐའ་ནས་འགྲོ། །འདོད་པའི་མཆོག་གི་ལོངས་སྤྱོད་རྣམས། །མོས་པའི་རྗེས་སུ་ཞུགས་ཤིང་སྤྱོད། །ཀུན་ཏུ་ཆགས་པར་མི་འགྱུར་ཞིང་། །བདེ་བས་ལངས་པའི་ཡིད་དང་ལྡན། །བྱང་ཆུབ་སྙིང་པོར་བགྲོད་པ་ནི། །དམ་

བཅས་རྣམས་དང་སེམས་ཀྱིས་སོ། །དེ་ནས་བཅོམ་ལྡན་འདས་ཤིན་ཏུ་དགྱེས་པ་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ཆེན་པོ། །རབ་ཏུ་བཞད་ཅིང་སྤྱན་ཟུར་གྱིས་གཟིགས་པའི་ཐུགས་ཀྱིས་ཤིན་ཏུ་དགྱེས་པ། ཀུན་ཏུ་ལོངས་སྤྱོད་པའི་སྐྱིལ་མོ་ཀྲུང་གི་དཔལ་ཞེས་བྱ་བའི་ཏིང་ངེ་

เล่ม ๘๓ · หน้า 273a

འཛིན་ལ་སྙོམས་པར་ཞུགས་ནས། སྐྱིལ་མོ་ཀྲུང་ཆེན་པོའི་དཔལ་ཞེས་བྱ་བ་རང་གི་ཕྱག་རྒྱའི་ཡེ་ཤེས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། །།གཡས་དང་གཡོན་གྱི་ཚུལ་གྱིས་ནི། །རྐང་པ་གཉིས་ཀ་བཏེག་བྱས་ཏེ། །བདག་ཉིད་བརླ་ནི་མི་སྣང་བཞིན། །

རྩ་བ་སྐྱིལ་མོ་བཅིང་བར་བྱ། །སྦྱོར་བ་གར་མཁན་ཚུལ་གྱིས་ནི། །གར་གྱིས་སྦྱོར་བས་གར་བྱའོ། །རྡོ་རྗེ་གདན་གྱི་བདེ་བ་ཆེ། །འདི་ཡིས་བདུད་ལས་རྒྱལ་བར་འགྱུར། །གདུག་པ་དང་ནི་དགྲ་ཐམས་ཅད། །སྐད་ཅིག་གིས་ཀྱང་སྨོས་ཅི་དགོས། །རབ་ཏུ་དགྱེས་པའི་སྟན་འདི་

ཡིས། །ཡང་དག་བྱང་ཆུབ་མྱུར་དུ་འཐོབ། །མི་ཕྱེད་པ་ནི་ཐིག་ལེར་བཅས། །འོག་གི་ཕྱོགས་སུ་ཡི་གེ་དྲུག །ཤེས་རབ་ཅན་གྱིས་བསྐྱོད་ཅིང་བཟླས། །བྱུང་བའི་ཚེ་ནི་ཕཊ་ཅེས་བཤད། །པདྨོ་མི་ཕྱེད་འདྲེན་པ་དང་། །ཐིག་ལེར་བཅས་པའི་སྦྱོར་བ་བྱ། །མི་ཕྱེད་ཨོཾ་དང་ཡང་དག་

ལྡན། །ཚེག་དྲག་བཅས་པ་བདེ་འབྱུང་ནའོ། །བུད་མེད་ལ་ནི་ཞག་བདུན་དུ། །འདི་ཡིས་རྩེན་པར་བྱས་པ་ནི། །ནམ་མཁའ་ཐམས་ཅད་གང་བ་ཡི། །སངས་རྒྱས་རྣལ་འབྱོར་ཆེན་པོ་མཐོང་། །རབ་དགྱེས་ལོངས་སྤྱོད་གནས་པ་ཡི། །སེམས་དཔའ་ཆེ་ལ་སློང་མཛད་དེ། །གཟུངས་

ཀྱི་པདྨོ་ལས་བྱུང་བ། །བདེ་བྱེད་མཆོག་གི་དབང་བསྐུར་རོ། །དེ་ནས་རབ་དགའ་བདེ་ཐོབ་པ། །སེམས་དཔའ་དེ་ནི་དངོས་གྲུབ་བོ། །ཐོག་མ་དང་ནི་མཐའ་མེད་པར། །འདོད་པ་ཐམས་ཅད་དེ་ལོངས་སྤྱོད། །ཚེ་དང་དཔལ་དང་ཕུན་སུམ་ལྡན། །གདོན་དང་དུག་དང་ཚ་བའི་ནད། །

མཁའ་འགྲོས་ཉེ་བར་གཙེས་པ་དང་། །སྡིག་ཅན་འཁོར་བ་ལས་གྲོལ་ཏེ། །ས་རྣམས་ཀུན་ལ་རྣམ་པར་རྒྱུ། །གཟི་བརྗིད་ཉི་མ་ཤར་དང་འདྲ། །སྣ་ཚོགས་འདྲ་བ་འབར་བྱེད་པས། །སྣ་ཚོགས་ཐམས་ཅད་སྣང་བྱེད་ཅིང་། །དེ་ཡིས་སེམས་ཅན་ཐམས་ཅད་ཀྱི། །ནད་དང་

མྱ་ངན་འཇིགས་ཆེན་འཕྲོག །ཕྱག་རྒྱ་འདི་ཡིས་སྦྱོར་བ་ཡིས། །ཡེ་ཤེས་ལྔ་ནི་བསྟན་པར་བྱ། །རྩེ་བའི་སྐྱིལ་མོ་ཀྲུང་ཞེས་བྱ་བ་ཕྱག་རྒྱ་ཆེན་པོའི་ལས་ཀྱི་དོན་ཐམས་ཅད་སྒྲུབ་པར་བྱེད་པའོ།། །།བདག་གི་རྐང་པ་དབུས་སུ་བསྡུ། །དེ་ཡིས་རྐང་པས་བཅིངས་བྱས་ཏེ། །

เล่ม ๘๓ · หน้า 273b

སེམས་དཔའི་སྐྱིལ་མོ་བཞིན་དུ་འབྲེལ། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །ཁམས་གསུམ་སྒྲུབ་པར་བཞེད་པ་ཡིན། །ཡི་གེ་རྣམས་ནི་སྔ་མ་བཞིན། །རང་གི་ལྷར་ནི་སྦྱོར་བརྩོན་པས། །བསྒོམས་སམ་ཡང་ན་བསྐྱོད་ཀྱང་རུང་། །སྔགས་པ་འདི་ཡིས་དངོས་གྲུབ་སྟེ། །

སྔགས་ཀྱི་སེམས་འཛིན་གཙང་མ་ཡི། །ཞག་བདུན་སྒོམ་པ་བསྒོམ་བྱས་ནས། །ཡང་དག་དངོས་གྲུབ་ཉིད་དུ་འགྱུར། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་སྟེ། །སྦྱོར་བ་ཤིན་ཏུ་བསྟན་བྱས་ན། །གདོན་མི་ཟ་བར་རྒྱལ་པོ་འཐོབ། །ཡིད་བཞིན་དགོས་པ་ཐམས་ཅད་བྱེད། །རྡོ་རྗེའི་

སྐྱིལ་མོ་ཀྲུང་ངོ་། །གཟུངས་མ་བཟུང་སྟེ་བཅིང་བ་ནི། །རིན་པོ་ཆེ་ལྟར་སྦྱར་བྱས་ཏེ། །རང་གི་རྐང་པ་མི་སྣང་བྱ། །རིན་ཆེན་ཀུན་གྱི་སྐྱིལ་མོ་ཀྲུང་། །འདི་ནི་རིན་ཆེན་ཐམས་ཅད་ཀྱི། །དབུལ་ཞིང་ཕོངས་པ་འཇོམས་བྱེད་དེ། །སྡིག་པ་ཐམས་ཅད་འཕྲོག་བྱེད་མ། །གནོད་

པའི་དུག་ཀུན་འཕྲོག་པར་བྱེད། །གདུག་པ་ཐམས་ཅད་རྨོངས་བྱེད་དོ། །དགྲ་རྣམས་ཐམས་ཅད་འཇོམས་པར་བྱེད། །ཁྲོ་བོ་ཐམས་ཅད་འཛུམ་བྱེད་དེ། །གདུག་པ་རྣམས་ཀྱི་རྒྱས་འདེབས་ན། །མི་གཡེང་ཟླ་བ་གཅིག་གིས་ནི། །འདི་ཡིས་རྒྱལ་པོ་དངོས་གྲུབ་བོ། །ཡིད་བཞིན་

ལས་རྣམས་ཐམས་ཅད་བྱེད། །ཅི་སྟེ་བདག་ཉིད་རྒྱལ་པོ་རུ། །མཆོག་ཏུ་རྨད་འབྱུང་བསྒྲུབ་འདོད་ན། །རིན་ཆེན་སེམས་ཀྱི་རིན་ཆེན་མཚན། །གསང་བའི་ཕྱག་རྒྱ་ཚུལ་གནོན་པ། །རྒྱལ་པོ་ཁམས་གསུམ་རྒྱལ་བྱེད་པ། །ཟླ་ཕྱེད་ཙམ་གྱིས་འགྲུབ་པར་འགྱུར། །རིན་པོ་ཆེ་ཡི་སྐྱིལ་

མོའོ། །དེ་བཞིན་རྐང་པ་གཉིས་བཞག་པ། །པདྨོ་འདྲ་བ་སྦྱར་བྱས་ཏེ། །བདག་གམ་དེ་བཞིན་གཞན་ཡང་རུང་། །བློ་ལྡན་པདྨོ་བདེ་བསྒྲུབ་བྱ། །འདི་ཡིས་སེམས་ཅན་ཐམས་ཅད་དང་། །མདོར་ན་སངས་རྒྱས་རྣམ་དག་དང་། །རྡོ་རྗེ་ཉི་མ་མ་ལུས་ཀྱང་། །དབང་དུ་འགྱུར་བ་གདོན་

མི་ཟ། །བདེ་ལྡན་ཕོ་བྲང་ཆེན་པོ་ཡི། །བདེ་བྱེད་འདི་ཡིས་ཐོབ་པར་བྱེད། །སེམས་ཅན་ཁམས་རྣམས་ཐམས་ཅད་དུ། །སེམས་དཔའ་ཆེན་པོ་འགྲོ་འོང་བྱེད། །པདྨོའི་སྐྱིལ་མོའོ། །དེ་བཞིན་སྐྱིལ་མོ་རྒྱས་བྱས་ཏེ། །སྣ་ཚོགས་ཚུལ་གྱིས་སྦྱོར་བ་བྱ། །སྔགས་མཁན་ཆེན་པོའི་སྦྱོར་

เล่ม ๘๓ · หน้า 274a

བ་ཡི། །སྔགས་མཁན་ཡི་གེ་ཤིན་ཏུ་བརྩོན། །ཟློས་པ་བྱེད་ཅིང་རྣམས་བསྒོམས་ན། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །མི་གཡེང་སྔོན་གྱི་བདུག་པ་ཡི། །ལས་རྣམས་ཐམས་ཅད་འཕྲོག་པར་བྱེད། །སྣ་ཚོགས་དཀྱིལ་དུ་གནས་པ་ཡིས། །བླ་མེད་དངོས་གྲུབ་ཐོབ་པར་

འགྱུར། །སྣ་ཚོགས་ཀྱི་ནི་སྐྱིལ་མོའོ། །དེ་ནས་མཁའ་འགྲོ་མའི་སྐྱིལ་མོ་རྒྱས། །ཐམས་ཅད་ཁྲག་ནི་འཕྲོག་བྱས་ཏེ། །གཟུངས་མ་ཡི་ནི་རྐང་པ་གཉིས། །ཉིད་ཀྱིས་གཉའ་བར་རྐང་པ་བཏེག །རྡོ་རྗེ་མཁའ་འགྲོའི་སྦྱོར་བ་ཡི། །བསྙེན་པས་ཁྲག་རྣམས་འཕྲོག་པར་བྱེད། །མཉམ་པར་

བཞག་ནས་གཟུངས་མ་ཡི། །རྐང་པ་གཅིག་ནི་མགུལ་ཉིད་དུ། །སྦྱོར་དང་ལྡན་པས་བཏེག་བྱས་ན། །ཟས་རྣམས་ཐམས་ཅད་འཕྲོག་བྱེད་དེ། །བཏུང་བ་བཟའ་བ་བཅའ་བ་དང་། །གོས་ཀྱི་རྒྱན་གྱིས་བཀླུབས་པ་ཡིས། །དེ་བཞིན་ཞག་བདུན་ཉིད་ཀྱིས་ཀྱང་། །ཐམས་ཅད་ལས་བྱེད་གདོན་

མི་ཟ། །ཚངས་པ་གཏོགས་འདོད་དབང་པོ་ཡི། །དཔལ་ཆེན་མཆོག་ནི་འཕྲོག་པར་བྱེད། །ལག་པ་བསྒྲེང་བའི་ཚུལ་གྱིས་ནི། །ཁམས་གསུམ་རིམ་པར་རྒལ་བར་བྱེད། །མིག་ནི་བཙུམས་པར་བྱེད་འགྱུར་བ། །འགྲོ་བ་གསུམ་པོ་རྣམ་པར་འཇིག །རུ་སྦལ་བཞིན་དུ་མཉམ་གཞག་སྟེ། །

མི་གཡེང་སྐད་ཅིག་བཅིང་བྱས་ན། །གདུག་པའི་སྲོག་ཆགས་ཐམས་ཅད་དང་། །དགྲ་དང་སྤྱོད་བཅས་མི་སྤྱོད་ཕྲོག །སྦལ་པ་བཞིན་དུ་མཉམ་བཞག་སྟེ། །དཀྱིལ་འཁོར་ཚུལ་གྱིས་བསྐོར་བར་བྱའོ། །མ་ལུས་རྣམས་ཀྱང་རྨོངས་བྱེད་དེ། །ཁམས་གསུམ་རྣམས་ཀྱང་རྒལ་བར་བྱེད། །

རྟོགས་འདོད་ཀྱིས་ནི་མཉམ་གཞག་སྟེ། །ས་གསུམ་རྣམས་ཀྱི་རྒྱས་གདབ་བྱ། །གར་དབང་གིས་ནི་མཉམ་གཞག་སྟེ། །ས་གསུམ་རྣམས་ནི་གར་བྱེད་གཞུག །དྲིལ་བུ་ཡིས་ནི་མཉམ་བཞག་སྟེ། །ས་གསུམ་རྣམས་ནི་གདབ་པར་བྱ། །གཞོན་ནུའི་སྐྱིལ་མོ་བཅིངས་པ་ཡིས། །སངས་

རྒྱས་བདེ་ཆེན་འཐོབ་པར་བྱེད། །སྐྱིལ་མོ་ཕྱེད་ནི་མཉམ་གཞག་ནས། །གཉིས་པ་ཡིས་ནི་མནན་བྱས་ན། །ཁམས་གསུམ་ཐམས་ཅད་གནོན་འགྱུར་ཞིང་། །འདོད་བྱེད་ཐམས་ཅད་དངོས་གྲུབ་བོ། །དགའ་བྱེད་མ་ཡི་མཉམ་བཞག་པས། །སྐྱིལ་མོ་རབ་ཏུ་དགའ་ཐོབ་སྟེ། །དགའ་བྱེད་

เล่ม ๘๓ · หน้า 274b

མ་ཡི་ཡིད་འོང་མ། །ཁམས་གསུམ་ཐམས་ཅད་དངོས་གྲུབ་བོ། །རིག་འཛིན་རྣམ་པར་གཞག་བྱས་ཏེ། །ཁམས་གསུམ་སྐད་ཅིག་མནན་པར་བྱ། །ཁམས་གསུམ་རྣམ་པར་རྒྱལ་བ་ཡི། །མདོར་བསྡུས་གཟུངས་མའི་བཅིངས་པ་ཡི། །འཇིག་རྟེན་གསུམ་ནི་རྣམ་རྒྱལ་ཏེ། །སྐད་

ཅིག་ཁམས་གསུམ་བདག་པོར་འགྱུར། །རྟག་པར་ཕན་ཚུན་འབྲེལ་བ་ཡིས། །དཔུང་པ་གཉིས་ནི་བསྐུམ་བྱས་ཏེ། །ཐམས་ཅད་སྒོ་ནི་འགེགས་པ་ཡིས། །མཆེ་བ་སྦོམ་པོ་རབ་ཏུ་སྦྱར། །གཡས་ཀྱི་བརྐྱང་བསྐུམ་ཚུལ་གྱིས་ནི། །གནོན་པའི་མནན་པས་བསྡིགས་བྱས་ཏེ། །

མི་ཕྱེད་སྦྱོར་བས་བསྐུལ་བྱ་བ། །ཁྲོས་པའི་སེམས་ཀྱིས་མྱང་བར་བྱ། །གཡོན་པའི་བརྐྱང་བསྐུམ་སྦྱར་བར་བྱ། །མྱུར་དུ་གནོན་པས་བཏེག་བྱ་ཞིང་། །མཐེའུ་ཆུང་བདེ་བའི་ལྕགས་ཀྱུ་ཡིས། །མཛུབ་མོ་ལྕེ་ལ་རེག་བྱས་ཏེ། །ས་བོན་ཚེག་དྲག་ཧྲི་ལྡན་པའི། །ཐིག་ལེའི་སྤྱི་བོར་

བརྒྱན་བྱས་པས། །བདུད་རྩིའམ་རིག་མ་དྲང་བར་བྱ། །ལྕེ་ཡི་ཐོག་མར་སྤྲོ་བྱས་ཏེ། །འདྲེན་པའི་ཚུལ་གྱིས་དྲང་བར་བྱ། །རྡོ་རྗེ་གནོད་སྦྱིན་མཉམ་བཞག་སྟེ། །ཁ་ཡི་ཕྱོགས་སུ་མཆེ་བ་ཡི། །སྦོམ་པོ་ལྕེ་དང་འདྲ་བྱས་ཏེ། །ཁྲོས་པ་མཆེ་བ་སྦྱོར་བ་ཡིས། །སོར་མོ་ཐོད་པ་

བཞིན་བྱས་ནས། །ཁྲག་མང་པོ་ནི་བཏུང་བར་བྱ། །ཡི་གེ་དང་པོ་ཨོཾ་དང་ལྡན། །སྤྱི་བོར་ཐིག་ལེ་ལྡན་བྱས་ཏེ། །འོག་གི་ཕྱོགས་སུ་ར་ཡིས་གདགས། །ཨུ་འདྲེན་ང་རོས་བརྒྱན་པར་བྱ། །འདི་ནི་ཁོ་བོའི་སྙིང་པོ་སྟེ། །མཆོག་ཏུ་ཐམས་ཅད་ལས་བྱེད་པའོ། །གསོད་པ་

དང་ནི་འདྲེན་པ་ཀུན། །དབང་དང་དབང་རྣམས་བྱེད་ལ་སོགས། །དེ་ལ་སོགས་པའི་ལས་གཞན་ཡང་། །ཚུལ་བཞིན་སྦྱར་བས་བྱེད་པར་འགྱུར། །ཤི་བ་བཞིན་དུ་མིག་བཙུམས་ནས། །རང་གི་ལུས་ནི་བསྐུམ་བྱས་ཏེ། །བུམ་པ་ལྔ་མཐའི་སྦྱོར་བ་ཡིས། །དགྲ་རྣམས་ཐམས་ཅད་

གསད་པར་བྱ། །ང་རོ་དང་པོ་ཡང་དག་ལྡན། །བདག་ཉིད་ངོ་བོ་ཐམས་ཅད་བྱ། །སངས་རྒྱས་ཆེན་པོ་བསྒོམ་བྱས་ཏེ། །ཞི་བའི་འོད་ཟེར་སྤྲིན་ཕུང་སྤྲོ། །དེ་ཡིས་ལུས་ནི་ཞི་བར་འགྱུར། །དེ་ཡིས་སེམས་ཅན་ཐམས་ཅད་ཀྱི། །ཚ་བ་གདོན་དང་དུག་ལ་སོགས། །སྡུག་བསྔལ་མཁའ་

เล่ม ๘๓ · หน้า 275a

འགྲོའི་མཆེ་བ་དང་། །འཇིགས་པ་ཐམས་ཅད་བྲལ་བར་བྱེད། །ཤེས་རབ་ཕ་རོལ་ཕྱིན་མཉམ་གཞག །བདག་ཉིད་ཀྱིས་ནི་ཚུལ་བཞིན་དུ། །འདི་ཡིས་ཐམས་ཅད་ནང་གི་རྣམས། །སྡུག་བསྔལ་དོགས་པ་འཕྲོག་པར་བྱེད། །དེ་ལ་སོགས་པ་མཐའ་ཡས་པ། །ནམ་

མཁའ་ས་སྟེང་ལས་ཀྱི་རྣམས། །སྙིང་གར་རྡོ་རྗེ་སེམས་དཔའ་གཞག །ཡིད་བཞིན་ཐམས་ཅད་བྱེད་པར་འགྱུར། །མྱུར་དུ་རྡོ་རྗེ་སློབ་དཔོན་ལ། །སྔགས་ཀྱི་དངོས་གྲུབ་དོན་འདོད་པས། །གུས་ལ་ཞེ་སར་བཅས་པ་ཡིས། །ཤིན་ཏུ་ལྷག་པར་ཕྱོགས་པར་བྱ། །ནམ་ཡང་རྡོ་རྗེ་སློབ་དཔོན་གྱི། །

སེམས་ནི་དཀྲུག་པར་མི་བྱ་སྟེ། །ཅི་སྟེ་ཤེས་རབ་འཆལ་པས་བྱེད། །མྱུར་དུ་ན་རག་ལྟུང་བར་འགྱུར། །ནད་དང་འཚེ་བ་དགྲ་དག་དང་། །གདོན་དང་ཚ་བ་དུག་ཉིད་ཀྱིས། །སློབ་དཔོན་ཞབས་ལ་སྨོད་བྱེད་པ། །གཏི་མུག་ཆེན་པོར་དེ་འཆིའོ། །བླ་མ་ལས་ནི་དངོས་གྲུབ་ཐོབ། །བླ་མ་མཐོ་རིས་བླ་མ་

བདེ། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །བླ་མའི་བཀའ་ལས་འདའ་མི་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་། ཐུགས་རྡོ་རྗེའི་བདག་པོ་ཀུན་ཏུ་བཟང་པོ་ཆེན་པོ་དཔལ་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་གདོན་མི་

ཟ་བའི་རྡོ་རྗེ་དམ་ཚིག་གི་དབང་བསྐུར་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་། ཐུགས་རྡོ་རྗེ་མཆོག་གསང་བ་སྦས་པ་ཆེན་པོ་ཟླ་གསང་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་ཤིན་ཏུ་དགྱེས་པ་ཆེན་པོའི་རྡོ་རྗེ་རྣལ་འབྱོར་མ་ཆེན་མོའི་ཚོགས་ཀྱི་དཀྱིལ་འཁོར་ཏེ་

བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོར་དང་བཅས་པའི་འཁོར་ལོའི་ཚོགས་དང་། རྡོ་རྗེ་རྣལ་འབྱོར་ཕ་དང་། རྣལ་འབྱོར་མ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་ཚོགས་དང་། །རྡོ་རྗེ་ནམ་མཁའ་ལ་འགྲོ་བ་དང་། ནམ་མཁའ་ལ་འགྲོ་མའི་

ཚོགས་ཀྱི་གཡོག་རྣམས་མཆོག་ཏུ་དགའ་བ་ཆེན་པོ་སྐྱེས་ཏེ། ཅ་ཅོ་འབྱིན་ཅིང་དབྱངས་ཆེན་པོ་བརྗོད་པར་གྱུར་ཏེ། ཀྱེ་མའོ་རྡོ་རྗེ་སེམས་དཔའ་ཡི། །རྡོ་རྗེ་ཤིན་ཏུ་དགྱེས་པ་ཆེ། །སྣ་ཚོགས་ཐབས་ནི་བདེ་བྱེད་ཆེ། །སྣ་ཚོགས་ཡེ་ཤེས་བདེ་བ་ཆེ། །ཀྱེ་མ་ཀུན་ཏུ་བཟང་པོ་ཡི། །དགེ་བའི་

เล่ม ๘๓ · หน้า 275b

ཡེ་ཤེས་བདེ་བ་ཆེ། །གང་བདེ་ཕྱིར་ནི་རིག་མ་ཡི། །པདྨོ་ལས་ནི་གནས་པ་མཛད། །ཀྱེ་མའོ་རིག་པ་ཤིན་ཏུ་ཟབ། །ཤེས་རབ་ཕ་རོལ་ཕྱིན་པ་བདེ། །སེམས་ཅན་ཀུན་ལ་ཤེས་རབ་ཀྱིས། །མུན་པའི་ཐིབས་པོ་སེལ་བར་མཛད། །ཀྱེ་མའོ་ཐམས་ཅད་ངོ་མཚར་ཆེ། །མཁའ་འགྲོའི་དྲ་

བས་གར་མཛད་ཅིང་། །སྣོམ་པར་མཛད་དང་མྱང་བ་དང་། །མཉེ་བ་དང་ནི་འཕྲོག་པའི་མཆོག །ཨེ་མའོ་ཤིན་ཏུ་རབ་ཏུ་དགྱེས། །སྐལ་ལྡན་སྐལ་ལ་སྤྲོད་པ་དང་། །སྣ་ཚོགས་སྐལ་བ་བདེ་བྱེད་ཆེ། །སྣ་ཚོགས་རྡོ་རྗེ་ཤིན་ཏུ་མཛེས། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་

ཤིན་ཏུ་དགྱེས་པ་ཆེན་པོ་ཀུན་ཏུ་ལོངས་སྤྱོད་པའི་འདོད་པའི་ལྷ་ཤིན་ཏུ་དགྱེས་པ་བདེ་བ་ཆེན་པོ་ལ་གནས་པ་ལ་རྣལ་འབྱོར་མ་ཐམས་ཅད་དང་། མཆོག་གི་ཕ་རོལ་ཕྱིན་མ་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་ཐམས་ཅད་རང་གི་གདན་ལས་བཞེངས་ཏེ། ཤིན་ཏུ་དགྱེས་པ་བདེ་བ་ཆེན་པོའི་

འགྱིང་བའི་འདུད་པས་ཕྱག་བྱས་ཏེ། ཤིན་ཏུ་དགྱེས་པ་ཆེན་པོའི་བདེ་བ་འཐོབ་པར་བྱེད་པའི་དབྱངས་ཀྱི་ཕྱག་རྒྱ་ཆེན་པོ་འདིས་མཉེས་པར་བྱེད་དོ། །སྒྱུ་མའི་བདེ་བས་ནམ་མཁའ་ཀུན་ཏུ་གང་བ་ཡི། །སྤྲུལ་པའི་རང་བཞིན་སྐྱེ་བ་མཆོག་གི་བདེ་སྟོན་ཏེ། །རྗེས་སུ་ཆགས་པའི་པདྨ་དགའ་བས་ཀུན་

ཁྱབ་ཅིང་། །ཆོས་ཀྱི་བདེ་བ་ཉིད་ཀྱང་ཀུན་ཏུ་བཏང་སྙོམས་མཛད། །ཨེ་མའོ་འདི་ལྟའི་གཟུངས་མ་བདེ་མཆོག་དཔལ་དང་རྣམ་ལྡན་མ། །བྱམས་མའི་ཕྱོགས་སུ་མི་གཏོང་ཡེ་ཤེསཤིས་ཉིད་ཀྱིས་འཇུག །འདོད་པའི་ཡོན་ཏན་འདི་རྣམས་ཆོས་ཉིད་རྣམ་པར་དག །དུག་གསུམ་དབང་དུ་མཛོད་ཅིང་

མོས་པ་རྣམས་མི་བསྐྱོད། །ངོ་མཚར་ཕྱོགས་དང་མ་བྲལ་བྱང་ཆུབ་སྙིང་པོར་བགྲོད། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་འཛུམ་པ་དང་བཅས་པའི་སྤྱན་རྒྱས་པས་འཁོར་དེ་དག་ཐམས་ཅད་ལ་ཡུད་ཙམ་ཡུད་ཙམ་ཀུན་ཏུ་གཟིགས་ཏེ། རྡོ་རྗེ་པདྨོ་དང་གཉིས་སུ་མེད་པའི་སྦྱོར་བའི་

དཔལ་ཆེན་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཅང་མི་གསུང་བར་མཉམ་པར་བཞུགས་ཏེ། དབུགས་མི་རྔུབ་དབུགས་མི་འབྱིན། དབུགས་རབ་ཏུ་གཏོང་བར་མི་མཛད། ཀུན་ཏུ་མི་གཟིགས། ཀུན་ཏུ་རྣམ་པར་མི་གཟིགས། བཞེངས་པར་མི་མཛད། བཞུགས་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด