གསང་བ་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་རྩེ་མོ

ชื่อสันสกฤต (อักษรทิเบต ตามตัวบท) བཛྲ་ཤི་ཁར་མ་ཧཱ་གུ་ཧྱ་ཡོ་ག་ཏནྟྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๘๔ · หน้า 142b

༄༅༅། །རྒྱ་གར་སྐད་དུ། བཛྲ་ཤི་ཁར་མ་ཧཱ་གུ་ཧྱ་ཡོ་ག་ཏནྟྲ། བོད་སྐད་དུ། གསང་བ་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་རྩེ་མོ། ཨོཾ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་

ཕྱག་འཚལ་ལོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཆང་། །ཀུན་མཆོག་སྲིད་པའི་དབང་ཕྱུག་གིས། །འཁོར་ལོ་དེ་ནི་བརྟགས་བྱས་ནས། །རྣལ་འབྱོར་ཅན་ནི་མི་གསུང་བཞུགས། །མགོན་པོ་ཆེན་པོ་སངས་རྒྱས་ཀུན། །མ་ལུས་ཐུབ་པའི་སྐྱེས་མཆོག་གིས། །རྡོ་རྗེ་སེམས་དཔའ་རྒྱལ་

པོ་ཆེ། །ཐུབ་པའི་དབང་ཕྱུག་ལ་གསོལ་འདེབས། །རྣལ་འབྱོར་ཚུལ་ཆེན་སྒྲུབ་བྱེད་ཅིང་། །ཆོ་ག་སྣ་ཚོགས་ཡང་དག་འབྱུང་། །རིགས་ཀྱི་དཀྱིལ་འཁོར་སྦྱོར་འབྱུང་བའི། །འཁོར་ལོ་མཆོག་ནི་བཤད་དུ་གསོལ། །མགོན་པོ་ཁྱོད་ནི་སྐལ་ཆེན་ཏེ། །ཁྱོད་ནི་བྱ་བ་དོན་སེམས་བྱེད། །

གསང་བ་མཁྱེན་ཅིང་དགོངས་བཤད་མཁྱེན། །རྣལ་འབྱོར་རིག་པའི་མཆོག་གྱུར་གསུངས། །དེ་ཉིད་རྗེས་ཀྱི་དེ་ཉིད་ལྡན། །རྣལ་འབྱོར་བདག་ཉིད་རྣལ་འབྱོར་ཆེ། །རྡོ་རྗེ་ཆེན་པོ་བྱང་ཆུབ་སེམས། །གསུངས་ཤིག་གསུངས་ཤིག་ཚུལ་ཆེན་པོ། །རིགས་ཀྱི་དཀྱིལ་འཁོར་འཁོར་

ལོ་སྟེ། །རྡོ་རྗེ་རྣལ་འབྱོར་སྣ་ཚོགས་བདག །གསང་བའི་སྙིང་པོ་དཀྱིལ་འཁོར་ཆེ། །ཆོས་ཀྱི་ཚུལ་ནི་སྒྲུབ་བྱེད་པ། །རྟོག་པ་མེད་པའི་ཆོས་རྣམས་ཀྱི། །ཆོས་ཀྱི་དོན་འདི་ཅི་ཡིན་བརྗོད། །འདིར་ནི་རྟོག་པ་ཇི་ལྟ་བུ། །སྒྲུབ་པའི་དོན་ནི་ཇི་ལྟར་ལགས། །ཅི་ཕྱིར་འདི་ནི་རྒྱུད་

ཕྱི་མ། །རྒྱུད་དོན་ཅི་ཡིན་བརྗོད་པར་བགྱི། །ཅི་ཕྱིར་རྒྱུད་དང་ཕྱི་མ་ལགས། །རྒྱུད་ཀྱི་དོན་ནི་ཇི་ལྟར་བྱུང་། །རྡོ་རྗེ་འཆང་དྲག་འདི་ཅི་ཞིག །དྲག་པོའི་དོན་ནི་ཇི་ལྟར་བྱུང་། །རྡོ་རྗེ་ཞི་བ་འདི་ཅི་ཞིག །ཅི་ཡི་ཕྱིར་ན་ཞི་བར་བརྗོད། །ཕྱག་ན་རྡོ་རྗེ་ཅི་ཡི་ཕྱིར། །རྡོ་རྗེ་གཏུམ་པོའང་ཅི་ཞིག་ལགས། །

ཅི་ཡི་ཕྱིར་ན་གཏུམ་པོར་བརྗོད། །ཅི་ཡི་ཕྱིར་ན་ཁྲོ་བོར་བརྗོད། །རྡོ་རྗེ་རྡོ་རྗེ་ཞེས་གསུངས་པ། །ཅི་ཕྱིར་རྡོ་རྗེར་བརྗོད་པར་བགྱིད། །རྡོ་རྗེ་འཆང་ཞེས་གསུངས་འདི་ཅི། །དེ་ཡི་རྡོ་རྗེ་ཇི་ལྟ་བུ། །རྡོ་རྗེ་འཆང་བ་རྣམས་ནི་དུ། །རྡོ་རྗེ་རིགས་ཀུན་གང་གི་ལགས། །ཆེན་པོ་གནས་གང་ཞིག་ན་

เล่ม ๘๔ · หน้า 143a

གནས། །རིགས་ནི་རྣམ་པ་དུ་ཡིན་བརྗོད། །ཅི་ཡི་ཕྱིར་ན་རིགས་སུ་བརྗོད། །རིགས་བདག་རང་བཞིན་འདི་ཅི་ཞིག །ཅི་ཡི་ཕྱིར་ན་སེམས་དཔར་བརྗོད། །རྫོགས་པའི་བྱང་ཆུབ་རྣམ་པ་དུ། །ཅི་ཕྱིར་རྡོ་རྗེ་སེམས་དཔའ་ལགས། །རྡོ་རྗེ་རྒྱལ་པོ་ཅི་ཡིན་བརྗོད། །

རྡོ་རྗེ་ཆགས་པ་འདི་དོན་ཅི། །རྡོ་རྗེ་ལེགས་པ་ཅི་ཡིན་བརྗོད། །རྡོ་རྗེ་རིན་ཆེན་ཅི་ཡི་ཕྱིར། །རྡོ་རྗེ་གཟི་བརྗིད་ཅི་ཡིན་བརྗོད། །རྡོ་རྗེ་རྒྱལ་མཚན་བཞད་པ་ཆེ། །གསུངས་ཤིག་ཅི་ཡིན་བརྗོད་པ་གསུངས། །ཅི་ཡི་ཕྱིར་ན་རྡོ་རྗེ་ཆོས། །རྡོ་རྗེ་རྣོན་པོ་ཅི་ཡིན་བརྗོད། །རྡོ་རྗེ་རྒྱུ་ནི་འཁོར་ལོ་

ཆེ། །རྡོ་རྗེ་སྨྲ་བ་ཅི་ཡིན་བརྗོད། །རྡོ་རྗེ་ལས་དང་གནོད་སྦྱིན་ཆེ། །རྡོ་རྗེ་གནོད་སྦྱིན་དྲག་པོ་ཆེ། །རྡོ་རྗེ་སྲུང་བ་ཁུ་ཚུར་ཆེ། །གསུངས་ཤིག་ཅི་ཡིན་བརྗོད་པར་གསུངས། །སེམས་དཔའ་འདི་རྣམས་གང་ལས་བྱུང་། །དེ་བཞིན་ཕ་དང་མ་ནི་གང་། །དང་པོ་གང་ཞིག་གླེང་གཞི་གང་། །

དམིགས་པའི་རྐྱེན་ནི་གང་ཞིག་ལགས། །གསང་བ་འདི་ནི་གང་ལས་བྱུང་། །ཁྱབ་བདག་འདི་རྣམས་གང་ནས་བྱུང་། །ཐོག་མ་ཐ་མ་མེད་འདི་ཅི། །གསང་བའི་དབང་ཕྱུག་ཆེན་པོས་གསུངས། །རབ་ཏུ་དགའ་ཉིད་རབ་བཟང་ཉིད། །རྡོ་རྗེ་སྙིང་བདག་ཇི་ལྟ་བུ། །ཅི་ཡི་ཕྱིར་ན་

ཀུན་ཏུ་བཟང་། །དེ་བཞིན་རྡོ་རྗེ་རྡོ་རྗེ་འཆང་། །དང་པོའི་རིགས་ནི་ཇི་ལྟར་བྱུང་། །ཆོས་ཀུན་སྐྱེ་བ་མེད་པ་དང་། །འབྱུང་བ་ཇི་ལྟར་རུང་བར་འགྱུར། །བྱང་ཆུབ་སེམས་དཔའ་ཅི་ཡིན་བརྗོད། །ཅི་ཕྱིར་སངས་རྒྱས་བརྗོད་པར་བྱ། །དེ་བཞིན་གཤེགས་པ་ཅི་ཡིན་བརྗོད། །བཅོམ་

ལྡན་འདས་བཅོམ་ཅི་ཡིན་བརྗོད། །དེ་བཞིན་སྟོན་པའི་སྟོན་པ་ཅི། །ཅི་ཡི་ཕྱིར་ན་ཡེ་ཤེས་བརྗོད། །ཤེས་རབ་ཡེ་ཤེས་ཅི་ཡིན་བརྗོད། །ཅི་ཕྱིར་ཤེས་རབ་བརྗོད་པར་བྱ། །དེ་བཞིན་ཤེས་རབ་ཕ་རོལ་ཕྱིན། །ཚུལ་ནི་ཅི་ཞིག་ཏིང་འཛིན་གང་། །བསམ་གཏན་རྣལ་འབྱོར་རྣལ་འབྱོར་

ཅི། །སྲིད་གསུམ་འཇིག་རྟེན་གསུམ་དོན་ཅི། །ཅི་ཡི་ཕྱིར་ཡང་ཁམས་གསུམ་པ། །འཁོར་བའི་དོན་ནི་ཅི་ཞིག་ཡིན། །མྱ་ངན་འདས་པའང་ཅི་ཡིན་བརྗོད། །རྟག་དང་འཇིག་དང་དེ་བཞིན་དག །ཐེག་པ་ཆེན་པོ་ཅི་ཡིན་བརྗོད། །ནམ་མཁའ་ཡང་ནི་ཅི་ཡི་ཕྱིར། །ས་ཉིད་

เล่ม ๘๔ · หน้า 143b

ཀྱང་ནི་ཅི་ཡིན་བརྗོད། །འབྱུང་བ་ཆེན་པོ་གང་ལས་འབྱུང་། །འགོག་པ་ཅི་ཞིག་གང་གིས་བྱེད། །ཅི་ཡི་ཕྱིར་ན་ཕྱག་རྒྱར་བརྗོད། །ཅི་ཕྱིར་སྔགས་སུ་བརྗོད་པར་བྱ། །ཅི་ཡི་ཕྱིར་ན་རིག་སྔགས་བརྗོད། །དེ་བཞིན་ཁོ་ནར་གཟུངས་སྔགས་རྣམས། །ཕྱག་རྒྱ་ཡི་ནི་མཚན་ཉིད་གསུངས།

སྔགས་ཀྱི་མཚན་ཉིད་བརྗོད་པར་བྱ། །རིག་སྔགས་ཀྱི་ནི་མཚན་ཉིད་གསུངས། །དེ་བཞིན་ཁོ་ནར་གཟུངས་སྔགས་རྣམས། །རྩ་བའི་ཕྱག་རྒྱའི་གནས་ནི་གང་། །ཇི་ལྟར་བཅིང་བ་ཐུབ་ཆེན་པོ། །ཕྱག་རྒྱ་དག་ནི་འཆིང་བ་ན། །ཇི་ལྟར་རྡོ་རྗེ་ཅན་ཀུན་མཉེས། །རིག་སྔགས་ཇི་

ལྟར་བཟླས་པར་བགྱི། །ཐུབ་པ་ཆེན་པོ་དེ་གསུངས་ཤིག །རིག་སྔགས་དག་ནི་ཟློས་པ་ན། །ཇི་ལྟར་ཡིད་ཀྱིས་རྡོ་རྗེ་བཟླས། །དྲི་བའི་ཚོགས་མདོར་བསྟན་པའོ།། །།ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། །ཅི་ཡི་ཕྱིར་ན་ཡི་གེ་ཕཊ། །སྭཱ་ཧཱ་ཞེས་པ་ཅི་ཡིན་བརྗོད། །

མཆོད་པར་ཅི་ཕྱིར་བརྗོད་པར་བྱ། །དེ་བཞིན་དམ་ཚིག་ཤེས་ཉིད་ཀྱང་། །ཅི་ཡི་ཕྱིར་ན་དཀྱིལ་འཁོར་ཡིན། །དཀྱིལ་འཁོར་ཆོ་ག་ཇི་ལྟ་བུ། །དཀྱིལ་འཁོར་དང་པོར་ཞུགས་པ་ཡི། །སྐྱེས་པ་ཡང་ན་བུད་མེད་ཀྱི། །བྱ་བ་གང་ཞིག་བྱ་བ་ནི། །གསུངས་ཤིག་གསང་བའི་དབང་ཕྱུག་ཆེ། །

ཐུབ་པའི་དཀྱིལ་འཁོར་ཞུགས་པ་ལ། །སྡོམ་པ་ཇི་ལྟར་སྦྱིན་པར་བགྱི། །དེ་ཡིས་སྲོག་གི་ཕྱིར་ཡང་ནི། །དོར་བར་མི་བྱ་གང་ཞིག་ལགས། །ཁྲུས་ཀྱི་ལས་ནི་ཇི་ལྟར་བྱ། །དེ་བཞིན་ཁོ་ནར་ཕྱོགས་བཅིང་བ། །བགེགས་རྣམས་བཅིང་བ་དང་བཅས་པའི། །ལོག་འདྲེན་ཇི་ལྟར་བསྐྲད་

པར་བགྱི། །དགའ་བ་ཆེན་པོ་ཇི་ལྟ་བུར། །རབ་ཏུ་གུས་བཅས་ཕྱག་དག་བགྱི། །སྤོས་དང་མེ་ཏོག་དེ་བཞིན་དུ། །མར་མེ་མཆོད་སོགས་ཇི་ལྟར་ལགས། །དཀྱིལ་འཁོར་བརྟག་པ་ཇི་ལྟ་བུར། །གཞུག་པ་ཡང་ནི་ཇི་ལྟར་ལགས། །དམ་ཚིག་ཅི་ཞིག་ཡིན་པར་བཤད། །རྡོ་རྗེ་

སློབ་མའི་ཆོ་ག་གང་། །སྔོན་དུ་བསྙེན་པ་ཇི་ལྟར་བགྱི། །སྒྲུབ་པའི་དོན་ནི་ཇི་ལྟར་ལགས། །གསང་བའི་རྣལ་འབྱོར་ཇི་ལྟ་བུ། །སྙོམས་འཇུག་ཇི་ལྟ་བུ་ཞིག་ལགས། །མདུན་དུ་དགུག་པའི་དོན་ནི་ཇི་ལྟར་ལགས། །འདིར་ནི་རྗེས་སུ་ཆགས་པའང་ཇི་ལྟ་བུ། །བཅིང་བར་བྱ་བའི་ལས་

เล่ม ๘๔ · หน้า 144a

ནི་ཇི་ལྟ་བུ། །འདྲེན་པ་རྣམས་ནི་མཉེས་པར་ཇི་ལྟར་འགྱུར། །ཇི་ལྟར་འདིར་ནི་གཤེགས་སུ་གསོལ་བ་ལགས། །དཀྱིལ་འཁོར་མཆོག་ནི་ཇི་ལྟར་གདེག་པར་བགྱི། །འགྲོ་བའི་བྱ་བ་ཡང་ནི་ཇི་ལྟར་བགྱི། །ལས་ཀྱི་ཆོ་གའི་བྱ་བ་ཇི་ལྟར་བགྱི། །དགེ་བ་སྟུག་པོ་གསང་

ཆེན་ཇི་ལྟ་བུ། །ལས་རྣམས་ཐ་དད་བྱ་བ་ཇི་ལྟ་བུ། །ཕྱག་རྒྱ་ཕྱག་རྒྱའི་ལན་ནི་ཇི་ལྟར་བགྱི། །མཆོད་དང་མཆོད་པའི་ལན་ནི་ཇི་ལྟར་བླང་། །དཀྱིལ་འཁོར་གྱི་ནི་འཁོར་ལོ་ཇི་ལྟར་འབྱུང་། །འཁོར་ལོའི་རྣམ་པའི་བྱེ་བྲག་དུ་ཞིག་མཆིས། །དངོས་དང་དངོས་མེད་ཇི་ལྟར་སྤང་བ་

ལགས། །བླ་མ་གསང་བྱུང་འོད་ཟེར་གསང་བ་ཅི། །སྦྱིན་སྲེག་རྣམ་པ་དུ་རུ་བརྗོད། །ཐབ་ཁུང་ཇི་ལྟ་བུ་ཞིག་ལགས། །སྦྱིན་སྲེག་མདོར་བསྡུས་ཇི་ལྟ་བུ། །ལས་རྣམས་ཇི་ལྟར་འབྱུང་བ་ལ། །ལས་རྣམས་རྣམ་པ་དུ་རུ་བརྗོད། །གསང་བ་རྣམས་ནི་རྣམ་པ་དུ། །མཆོག་ཏུ་

གསང་བ་ཇི་ལྟར་བརྗོད། །དེ་ཉིད་ཇི་ལྟ་བུ་ཞིག་ལག་ལགས། །ཕྱག་རྒྱ་ཉེ་བའི་ཕྱག་རྒྱ་ཅི། །མཆོད་པའི་ཕྱག་རྒྱ་ཇི་ལྟར་ལགས། །རིགས་ཀྱི་ལྷ་ཡི་རྣལ་འབྱོར་གྱིས། །ཇི་ལྟར་བསྒྲུབ་བྱ་ཤིན་ཏུ་བསྒྲུབ། །རྡོ་རྗེ་ཕྲ་མོ་ཇི་ལྟར་བརྗོད། །བགེགས་ནི་ཇི་ལྟར་བསལ་བར་བགྱི། །མདོར་

ན་རིག་པ་འཛིན་པ་དང་། །སློབ་དཔོན་ཇི་ལྟ་བུ་ཞིག་ལགས། །དཀྱིལ་འཁོར་འཁོར་ལོ་དང་ལྡན་པའི། །འཁོར་ལོ་རྣམ་པ་དུ་རུ་བརྗོད། །དངོས་གྲུབ་མཚན་ཉིད་སྒྲུབ་བྱེད་པའི། །སྣ་ཚོགས་རྟོག་པ་ཇི་ལྟ་བུ། །ཐིག་རྣམས་རྟག་པ་ཉིད་དང་ནི། །དངོས་གྲུབ་ཇི་ལྟར་ཉེ་བར་བརྗོད། །

དངོས་གྲུབ་ཚོགས་ནི་ཇི་ལྟ་བུ། །གསང་བ་ཀུན་ནས་བཏུས་པ་གསུངས། །བདག་ཉིད་ལ་ནི་དབང་བསྐུར་བར། །བྱ་བའི་ཆོ་ག་ཇི་ལྟ་བུ། །ཡང་ན་གཞན་དག་ཉིད་ལ་ནི། །དབང་བསྐུར་བ་ནི་ཇི་ལྟར་ལགས། །ཇི་ལྟར་སེམས་ནི་བསྐྱེད་པར་བགྱི། །ཏིང་འཛིན་ཇི་ལྟ་བུ་ཞིག་ལགས། །

དེ་ཉིད་རིག་པ་འདི་རྟག་ཏུ། །རྡོ་རྗེ་ཡེ་ཤེས་ཇི་ལྟ་བུ། །གཞན་ཡང་དགོངས་པ་ཇི་ལྟ་བུ། །སྤྱོད་པ་ཇི་ལྟ་བུ་ཞིག་ལགས། །གང་ཡང་རུང་བའི་རྟགས་ལས་བྱུང་། །མིང་དང་མིང་མེད་ཤེས་པའི་མཚན། །ལས་འབྲས་མེད་པར་བྱེད་པོ་དང་། །འབྱིན་པར་བྱེད་པར་གང་ལས་

เล่ม ๘๔ · หน้า 144b

བཤད། །ལུས་ནི་ནམ་མཁའ་བཞིན་འབྱུང་བ། །གང་ལས་འབྱུང་བར་བརྗོད་པར་བྱ། །ཅི་ཡི་ཕྱིར་ན་ཐར་པར་བརྗོད། །རྣལ་འབྱོར་པ་དོན་ཅི་ཡིན་བརྗོད། །རྡོ་རྗེ་དབྱིངས་ནི་སྐྱེད་བྱེད་པའི། །རྡོ་རྗེ་ཕྲ་མོའི་རྣལ་འབྱོར་གང་། །གཞན་ཡང་རང་གི་རིགས་དག་ལས། །རྣལ་འབྱོར་

བརྟུལ་ཞུགས་ཇི་ལྟར་རྩོམ། །མདོར་ན་དབང་དུ་བྱ་བ་དང་། །དེ་ཉིད་གསང་བ་གང་ཞིག་ལགས། །ཐེག་པ་ཆེན་པོ་མངོན་བསྡུས་པའི། །གསང་བ་རྟོག་ཆེན་ལས་གསུངས་པ། །དགོངས་པ་རྣམ་པ་དུ་མ་ཡིས། །གསང་བ་གསུངས་ཤིག་བློ་གྲོས་ཆེ། །རྣལ་འབྱོར་རྣམ་པ་དུ་རུ་བརྗོད། །

རྡོ་རྗེ་རྣལ་འབྱོར་ལས་བྱུང་དུ། །ཇི་ལྟར་རྩ་བའི་རྒྱུད་དུ་བརྗོད། །གསང་བའི་རིགས་བྱུང་ཇི་ལྟ་བུ། །དེ་ནི་རང་བྱུང་ཉིད་ཡིན་ཏེ། །ཁམས་གསུམ་འཇིག་རྟེན་ས་འོག་དང་། །ས་སྟེང་ས་བླ་མྱ་ངན་འདས། །ཇི་སྐད་བཤད་པའི་གསང་བ་གཞན། །རྡོ་རྗེ་ཅན་ཉིད་ཁྱབ་འཇུག་རང་ཉིད་ཡིན། །

ཉི་མ་ཟླ་བ་གཤིན་རྗེ་དྲག་པོ་ཉིད། །རང་ཉིད་སྐྱེ་དགུའི་བདག་སྟེ་ཕ་མ་ཡིན། །འགལ་བའི་ཚིག་ནི་ཇི་ལྟར་རུང་བར་འགྱུར། །དྲི་བའི་ཚོགས་གཉིས་པ་མདོར་བསྟན་པའོ།། །།ཚངས་པ་འཇིག་རྟེན་གསུམ་ལུས་དབང་ཕྱུག་ཆེ། །གདུང་དྲུག་ཚོགས་བཙས་ལྷའི་རིགས་དཀྱིལ་འཁོར་རྣམས། །

གཞན་ཡང་གཟའ་དང་ཚོགས་སོགས་གང་ཡིན་པ། །ད་བདག་ཉིད་ཅེས་ཇི་ལྟར་རུང་བར་འགྱུར། །ང་ནི་འདོད་པ་ཐར་བ་དང་། །ང་ནི་དམྱལ་བའི་དམྱལ་བ་པ། །ང་ནི་ཡི་དགས་དུད་འགྲོ་བདག །ཚིག་དེ་ཇི་ལྟར་རུང་བར་འགྱུར། །དེ་ནས་གཞན་ཡང་འདོད་ལ་ཆགས་སེམས་ལྡན། །

ལྟ་བཅས་ཚིག་ལྡན་འཛིན་པའི་ལྟ་ལ་ཆགས། མུ་སྟེགས་ཐེག་དམན་མངོན་དགའ་སྐྱེ་དགུའི་རིགས། །ཇི་ལྟར་འདོད་བཞིན་དོན་རྣམས་རྟོགས་བྱེད་ཅིང་། །ཇི་སྐད་བཤད་པའི་སྣ་ཚོགས་རིགས་དཀྱིལ་འཁོར། །དག་པའི་ཆོས་ཀྱི་འབྱུང་གནས་དགོངས་མི་ཤེས། །རང་གི་འདོད་པས་

མུ་ངན་རྟོག་བྱེད་པ། །དེ་ལ་སྐྱེ་དགུའི་བདག་ཆེན་བརྩེ་བས་གསུངས། །མཆོད་འོས་ཆེན་པོ་མཆོག་དང་ལྡན་པའི་གནས། །གསང་བའི་དབང་མཆོག་མངོན་བསྡུས་དབྱེ་བར་གསོལ། །སྐྱེ་དགུའི་བདག་པོའི་དཀྱིལ་འཁོར་གསང་མདུན་དུ། །དམ་ཚིག་མཆོད་པས་ཇི་ལྟར་མཆོད་པར་

เล่ม ๘๔ · หน้า 145a

བྱ། །འདོད་ཡོན་ལྔར་བཅས་རོལ་བར་བྱེད་པ་ཡི། །དངོས་གྲུབ་ཚོགས་མཆོག་ཆེན་པོ་ཐོབ་པར་འགྱུར། །དམན་པའི་འདོད་ལས་རིགས་ཀྱི་དངོས་གྲུབ་འབྱུང་། །དགའ་བའི་ཚིག་དག་ཇི་ལྟར་རུང་བར་འགྱུར། །དེ་བཞིན་བྷ་ག་ཇི་ལྟར་རྟགས་ཅི་འདྲ། །དེ་ཡི་འཇུག་པ་

ཡང་ནི་ཇི་ལྟར་འགྱུར། །རྫས་དེ་དག་ནི་ཇི་ལྟར་རབ་ཏུ་བསྒྲུབ། །འཇིག་རྟེན་གསུམ་ན་དམན་པ་ཇི་ལྟར་འགྱུར། །དེ་ནས་འདོད་ཆགས་ཞེན་པས་དངོས་གྲུབ་ཐོབ། །འདོད་ཆགས་དག་ཕྱིར་དེ་ནི་ཇི་ལྟར་རུང་། །ཆགས་བྲལ་སྡིག་པས་ཆགས་དང་བྲལ་བ་ལ། །གསང་བ་བསྟན་པས་

སྡིག་དངོས་ཇི་ལྟར་འགྱུར། །གཏོར་མས་བསོད་ནམས་མཆོག་ཐོབ་ཇི་ལྟ་བུ། །སྐྱེ་དགུ་བསད་པས་བསོད་ནམས་ཇི་ལྟ་བུ། །མ་བྱིན་བླངས་བས་བསོད་ནམས་འགྱུར་ཞེས་པའི། །འགལ་བའི་ཚིག་དག་ཇི་ལྟར་རུང་བར་འགྱུར། །དགའ་བ་ཆེན་པོའི་བུད་མེད་བསྟེན་པ་ཡིས། །

ཚེ་འདི་ལ་ནི་སངས་རྒྱས་མཆོག་འགྲུབ་པ། །མི་གཙང་འདོད་པ་བསྟེན་པས་སངས་རྒྱས་དང་། །རྡོ་རྗེ་སེམས་དཔའ་འབྱུང་བར་ཇི་ལྟར་འགྱུར། །འདིར་ནི་བརྫུན་དང་མཚུངས་པའི་བསོད་ནམས་མེད། །ཇི་ལྟར་བརྫུན་ནི་བསོད་ནམས་ལྡན་པར་བརྗོད། །འདིར་ནི་སེམས་ཅན་

གཞན་བསད་བཟའ་བར་བྱ། །འགལ་བའི་ཚིག་ནི་ཇི་ལྟར་རུང་བར་འགྱུར། །འཁོར་བ་སྤངས་ཀྱང་ཆོས་མིན་འགྱུར་བ་དང་། །མྱ་ངན་འདས་ལ་གཞོལ་བ་ཆོས་མ་ཡིན། །སངས་རྒྱས་རྣལ་འབྱོར་གྱི་ནི་རྗེས་འཇུག་པ། །ཆོས་མིན་འགྱུར་ཞེས་ཇི་ལྟར་རུང་བར་འགྱུར། །དྲེགས་དང་

སེར་སྣ་སྡང་བའི་སེམས་ལྡན་པ། །ཆོས་མིན་སྤྱོད་ཅིང་བརྫུན་པའི་ཚིག་ལ་ཆགས། །སྲིད་གསུམ་མངོན་པར་ཆགས་པས་རྣལ་འབྱོར་སྒྲུབ། །འདོད་པའི་འདོད་ཆགས་བཅས་པས་ལྷག་པར་རྒྱལ། །རིགས་ཀྱི་རྣལ་འབྱོར་ལས་བྱང་ཇི་ལྟར་འགྲུབ། །བླ་མེད་གོ་འཕང་དངོས་གྲུབ་

འདོད་པ་ཡིས། །དག་ཅིང་ངོ་མཚར་རྣལ་འབྱོར་ལྷུར་བླང་བྱ། །སྐྱོར་གཅིན་འཐུང་དང་བཤང་བ་ཟ་བ་ཡིས། །དག་ཅིང་མཆོག་གྱུར་རྣལ་འབྱོར་དངོས་གྲུབ་འདོད། །མི་གཙང་བཤང་གཅི་ཟོས་ཤིང་འཐུངས་པ་ཡིས། །ཡིད་འདོད་དངོས་གྲུབ་ཇི་ལྟར་དངོས་གྲུབ་འདོད། །བུད་མེད་བཅས་

เล่ม ๘๔ · หน้า 145b

བར་ལྷན་ཅིག་ཆོས་སྤྱོད་ཅིང་། །གཉིས་ཀ་ལྷན་ཅིག་གྱུར་བས་དག་གཙང་མཆོད། །ཇི་ལྟར་བུད་མེད་ལྷན་ཅིག་དཀྱིལ་འཁོར་མཆོད། །དངོས་གྲུབ་དམ་པ་མཆོག་ཏུ་ཇི་ལྟར་འགྱུར། །གཞན་ཡང་རྡོ་རྗེ་རིགས་འབྱུང་ཀུན་ལྡན་ཞིང་། །མཆོག་ཏུ་མི་བཟད་དྲག་པོའི་ལས་ཅན་

ཏེ། །དག་ཅིང་ཤིན་ཏུ་སྡུག་ལ་མཐོ་བར་འགྲོ། །འགལ་བ་དེ་ནི་ཇི་ལྟར་རུང་བར་འགྱུར། །གཞན་ཡང་བརྡེག་དང་གསད་པ་ལྷུར་ལེན་ཅིང་། །བསྐྲད་དང་དྲག་པའི་ལས་ཅན་དེ་དག་ནི། །དག་ཅིང་ཤིན་ཏུ་སྡུག་ལ་མཐོ་བར་འགྲོ། །འགལ་བ་དེ་ནི་ཇི་ལྟར་རུང་བར་འགྱུར། །

གཞན་ཡང་བཟའ་དང་བཏུང་བ་ལྷུར་ལེན་ཅིང་། །སྙིང་འབྱིན་པ་ཡིས་དག་པར་འདོད་པ་ཉིད། །དེ་ནི་དག་ཅིང་སྡུག་ལ་མཐོ་བར་འགྲོ། །འགལ་བ་དེ་ནི་ཇི་ལྟར་རུང་བ་ཡིན། །གཞན་ཡང་ནོར་བུ་རིན་ཆེན་འཕྲོག་པ་ཡིས། །སྡུག་ཅིང་བསྟན་ལ་དག་ཅིང་མཐོར་འགྲོ་དང་། །གཞན་ཡང་

ང་རྒྱལ་སེར་སྣ་ལྷུར་ལེན་པས། །དག་པར་འགྱུར་བ་ཉིད་ནི་འགལ་བ་ཡིན། །གཞན་ཡང་ལས་ཀྱི་རིག་པ་བྱུང་བ་ཡིས། །མི་དགེ་བ་ཡི་ལས་རྣམས་ཐམས་ཅད་བྱ། །འཁྲིག་སོགས་ལས་ཀྱི་ཟེ་ཚོགས་རྣམ་མང་པོའི། །ལས་བྱེད་པ་ནི་ཇི་ལྟར་སྐྱེན་མི་འགྱུར། །གཞན་ཡང་

བརྫུན་ཚིག་དེ་བཞིན་འཁྲིག་པ་ཡིས། །དག་འདོད་འཕགས་པ་མིན་པས་གསང་བ་ཡི། །རྒྱལ་བའི་དབང་ཆེན་འདོད་པས་བདུད་རྩི་ལྟར། །སྡུག་ཅིང་མཐོར་འགྲོ་ཇི་ལྟར་རུང་བར་འགྱུར། །ཀྱེ་མགོན་ཁྱོད་ནི་དག་པའི་ཆོས་ཀྱི་ཚོགས་ཏེ་ཁྱོད་ནི་རྟག་ཏུ་རྣལ་འབྱོར་འགྱུར། །ཀྱེ་མགོན་

ཁྱོད་ནི་དགྱེས་ཆེན་བདུད་རྩི་འཆད་པ་དམ་ཆོས་གསང་བའི་འབྱུང་གནས་ཏེ། །ཀྱེ་རྒྱལ་ཁྱོད་ནི་དྲི་མེད་ཉི་མ་བཞིན་དུ་མི་ཤེས་ཀུན་དུ་སྦྱོང་མཛད་པ། །ཁྱབ་བྱེད་རྒྱལ་བའི་ངང་ཚུལ་འཇིག་རྟེན་གསུམ་གྱི་འདྲེན་ཆེན་བྱང་སེམས་དགའ་སྟོན་ཀྱེ། །མདོར་བསྡུས་པའོ།། །།ཀུན་མཆོག་

ཐམས་ཅད་རིག་པ་སྟེ། །ཀུན་མཁྱེན་དྲི་མ་གསུམ་སྤངས་པ། །བྱང་སེམས་སངས་རྒྱས་རྒྱལ་པོ་ཆེ། །དེ་བཞིན་གཤེགས་པ་དེ་ཉིད་ནི། །ཏིང་ངེ་འཛིན་ལས་བཞེངས་ནས་ཀྱང་། །ཕྱོགས་རྣམས་ཀུན་དུ་གཟིགས་མཛད་དེ། །ཐུབ་པས་མགོན་རྣམས་རབ་བཏུད་ནས། །སངས་

เล่ม ๘๔ · หน้า 146a

རྒྱས་ཀུན་ལ་འདི་སྐད་གསུངས། །ཀྱེ་མའོ་རྣམ་དག་ཡེ་ཤེས་བདག །ཀྱེ་མའོ་སངས་རྒྱས་ཉེར་ཐོབ་པ། །ཀྱེ་མའོ་གར་མཁན་འཁོར་ལོ་འདི། །རང་གི་ཡེ་ཤེས་འདྲི་བར་བྱེད། །རྟོག་པ་ཐམས་ཅད་ཀུན་བསྡུས་པའི། །མཆོག་ཏུ་གསང་བ་བཤད་པར་བྱ། །ཤིན་

ཏུ་རྙེད་དཀའ་དམ་པ་ཡི། །རིན་ཆེན་སྒྲོམ་གྱི་ཁ་དབྱེ་བྱ། །བླ་ན་མེད་པའི་ཡེ་ཤེས་ཀྱི། །རྒྱལ་མཚན་དམ་པ་བསྒྲེང་བར་བྱ། །རིན་ཆེན་སྒྲོམ་གྱི་ཁ་ཕྱེ་ནས། །ཤེས་རབ་ཀྱིས་ནི་སྣང་བར་བྱ། །དེ་ནས་གསང་བ་མཆོག་གྱུར་པ། །དམ་པ་ཡང་དག་བཤད་པར་བྱ། །བྱ་བ་བསྒྲུབ་པའི་

ཐབས་ཆེན་པོ། །རྟོག་པ་ཐམས་ཅད་བསྡུས་པ་དང་། །གསང་བའི་བྱེ་བྲག་འབྱེད་བྱེད་ཅིང་། །རྣལ་འབྱོར་དགོངས་པ་རྣམ་པར་འགྲོལ། །དེ་ཉིད་དམ་པ་ཤེས་བྱེད་པའི། །རྟོག་པ་ཐམས་ཅད་བསྡུས་པ་དང་། །རྡོ་རྗེ་རྣལ་འབྱོར་ཆོ་ག་དང་། །འཁོར་ལོའི་རྣལ་འབྱོར་ཆོ་ག་སྟེ། །

མཆོག་ཏུ་གསང་བ་ཞེས་བྱ་དེའི། །རྟོག་པ་ཐམས་ཅད་བསྡུས་པ་དང་། །དུས་གསུམ་ཁྱབ་པའི་བྱ་བར་ལྡན། །གསང་བ་རྣལ་འབྱོར་ཀུན་འབྱུང་ཞིང་། །བྱ་བ་ཀུན་གྱི་ཐབས་ཆེན་གྱི། །རྟོག་པ་ཐམས་ཅད་བསྡུས་པ་དང་། །སངས་རྒྱས་རྣལ་འབྱོར་ཆོ་གར་ལྡན། །རྡོ་རྗེ་ཆོས་ནི་རབ་

འཇུག་པ། །སྐུ་གསུམ་ཞེས་བྱ་གསང་ཆེན་གྱི། །རྟོག་པ་ཐམས་ཅད་བསྡུས་པ་དང་། །རྡོ་རྗེ་རྣལ་འབྱོར་ཆོ་གར་ལྡན། །མ་རུངས་ཐམས་ཅད་འདུལ་བྱེད་པ། །ཁམས་གསུམ་རྣམ་རྒྱལ་ཞེས་བྱ་བའི། །རྟོག་པ་ཐམས་ཅད་བསྡུས་པ་དང་། །ཆོས་ཀྱི་རྣལ་འབྱོར་ཆོ་གར་ལྡན། །པདྨ་

གར་མཁན་སྐྱེད་བྱེད་པ། །འགྲོ་བ་འདུལ་བ་ཞེས་བྱ་བའི། །རྟོག་པ་ཐམས་ཅད་བསྡུས་པ་དང་། །སྦྱིན་པ་བཞི་དང་ཡང་དག་ལྡན། །རིན་ཆེན་འཁོར་ལོ་སྐྱེད་བྱེད་ཅིང་། །བྱང་ཆུབ་སེམས་དཔའ་ཡིད་ཆེས་བྱེད། །རྟོག་པ་ཐམས་ཅད་བསྡུས་པ་དང་། །སངས་རྒྱས་ཀུན་གྱི་ཐབས་ཆེན་

པོ། །སྣ་ཚོགས་གར་མཁན་སྐྱེད་བྱེད་པ། །ལས་ཀྱི་རྣལ་འབྱོར་ཆོ་ག་ཡི། །རྟོག་པ་ཐམས་ཅད་བསྡུས་པ་དང་། །དེ་ཉིད་ཤེས་ཤིང་དགོངས་པ་ཤེས། །ཚུལ་ཆེན་མཆོག་ནི་ཤེས་བྱེད་ཅིང་། །མཆོག་གི་དང་པོ་སངས་རྒྱས་མཆོག །རྟོག་པ་ཐམས་ཅད་བསྡུས་པ་སྟེ། །

เล่ม ๘๔ · หน้า 146b

གོ་རིམས་བཞིན་དུ་འཇུག་བྱེད་པའི། །གཅིག་པར་སེམས་ཅན་བྱ་བ་བྱེད། །བྱ་བ་ཆེན་པོ་མཆོག་ཞི་བ། །ཆོས་དང་ལོངས་སྤྱོད་མཆོག་གྱུར་པས། །སངས་རྒྱས་གར་མཁན་འཁོར་ལོ་ནི། །མཆོག་ཏུ་ངོ་མཚར་གྱུར་པ་འདི། །སྐལ་བ་ཇི་བཞིན་གསང་ཇི་བཞིན། །ཇི་ལྟར་

སེམས་ཅན་འདུལ་འགྱུར་བཤད། །སྔོན་འགྱུར་འདས་པའི་དུས་སུ་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་ཅིང་། །ཐབས་དང་ཤེས་རབ་ལྡན་པ་ཡི། །བྱང་ཆུབ་སེམས་དཔར་གྱུར་པ་ན། །སྤྲོ་བ་ཆེན་པོས་ངོ་མཚར་ཆེའི། །དཀའ་བ་དཔག་ཏུ་མེད་པ་སྤྱད། །གོ་རིམས་བཞིན་དུ་དེ་

ཡིས་ནི། །དབང་བསྐུར་བར་དུ་ལེགས་ཐོབ་འགྱུར། །ཤེས་རབ་ཆེན་པོས་ཕ་མཐར་ཕྱིན། །གོས་ཀྱི་དབང་ནི་ཐོབ་གྱུར་ནས། །འོག་མིན་སྟུག་པོ་ཉམས་དགའ་བར། །བློ་གྲོས་ཆེན་པོ་བཞུགས་པར་གྱུར། །བདག་ནི་སངས་རྒྱས་མཆོག་འགྱུར་ཞེས། །རྣལ་འབྱོར་པ་ཡིས་

བསམས་ནས་ནི། །བྱ་བ་མཐར་ཕྱིན་བདག་གིས་ནི། །སེམས་ཅན་དོན་འབྱུང་ཐོབ་བྱ་ཞེས། །བྱ་བ་དེ་ལ་དགོངས་ནས་ནི། །སྔོན་དང་ཕྱི་མར་བདེ་ཆེན་མེད། །ཆོས་ཀྱི་དགའ་བ་རྨད་ཆེན་པོའི། །དཀའ་བ་སྤྱད་པར་བྱ་སྙམ་སྟེ། །བྱང་ཆུབ་ཤིང་དྲུང་བཞུགས་གྱུར་ནས། །བྱ་དཀའི་བྱ་བ་

ཀུན་ལྡན་དེ། །དབུགས་འབྱུང་རྔུབ་པ་འགོག་པ་དང་། །སེམས་པ་མེད་ཅིང་གཡོ་བ་མེད། །ལུས་ནི་གང་ཡང་མི་འགུལ་ཞིང་། །ཡན་ལག་བསྐྱོད་པར་མི་བྱེད་དེ། །དེ་བས་གཡོ་བ་མེད་ཆོས་མ། །ཡུན་རིང་དུ་ནི་གནས་པར་གྱུར། །ཕྱོགས་བཅུ་ཡི་ནི་ཐུབ་དབང་པོ། །སངས་རྒྱས་ཀུན་

གྱིས་དགོངས་འགྱུར་བ། །འདི་ནི་རྫོགས་པའི་བྱང་ཆུབ་དུས། །སྡུག་བསྔལ་བྱ་བར་རིགས་པ་མིན། །དེ་བས་བདག་ཅག་ཀུན་ལྷན་ཅིག །བསྐུལ་བར་བྱ་ཕྱིར་འགྲོ་སྙམ་དུ། །དགོངས་ནས་ཐམས་ཅད་རབ་ཆས་ཏེ། །སྡུག་པོ་རུ་ནི་བྱོན་པར་གྱུར། །བྱོན་ནས་ཐུབ་པ་ཐམས་ཅད་ཀྱིས། །

བསྐུལ་བ་མཆོག་ནི་མཛད་པར་འགྱུར། །ཨོཾ་བཛྲ་ཨུཏ་ཏིཥྛ་ཅེས་པ་ཡི། །རིགས་པས་སེ་གོལ་བརྡབས་ནས་ནི། །བྱང་ཆུབ་སེམས་དཔའ་ཀུན་དུ་བསླང་། །ཕྱོགས་རྣམས་ཀུན་དུ་བལྟས་པ་ན། །སངས་རྒྱས་ཀྱི་ནི་རྒྱ་མཚོ་མཐོང་། །ཐུབ་པས་མགོན་རྣམས་ལ་བཏུད་དེ། །བཀའ་

เล่ม ๘๔ · หน้า 147a

སྩོལ་ཞེས་ནི་གསོལ་བ་བཏབ། །མགོན་ཆེན་སངས་རྒྱས་ཐམས་ཅད་ཀྱིས། །གསུང་གཅིག་གིས་ནི་བཀའ་སྩལ་པ། །སེམས་ཀྱི་སྤྱོད་ཡུལ་ཅི་འདྲ་ཞེས། །རང་གི་སེམས་ནི་སོ་སོར་རྟོག །སངས་རྒྱས་ཀུན་གྱི་གསུང་ཐོས་ནས། །རང་གི་སེམས་ལ་རྟོག་བཞིན་དུ། །ཡུན་

རིང་དུ་ནི་གནས་པ་ན། སེམས་ཀྱི་རྣམ་པ་མ་མཐོང་སྟེ། །ཡན་ལག་ཀུན་གྱིས་རབ་བཏུད་ནས། །ཞུས་པ་བཅོམ་ལྡན་དེ་བཞིན་གཤེགས། །སེམས་ཀྱི་རྣམ་པ་མ་མཐོང་སྟེ། །སེམས་ཀྱི་མཚན་ཉིད་ཇི་ལྟ་བུ། །དེ་ནས་སངས་རྒྱས་ཀུན་གསུངས་པ། །སེམས་ཀྱི་སྤྱོད་ཡུལ་ཤེས་པར་

དཀའ། །ཁྱོད་ལ་སྙིང་པོ་རབ་སྦྱིན་གྱིས། །ཕྲ་མོའི་བཟླས་པ་རབ་ཏུ་སྤྱོད། །ཨོཾ་ཙིཏྟ་པྲཏི་བེདྷཾ་ཀ་རོ་མི། སྙིང་པོ་དག་པ་བླངས་ནས་ནི། །རང་གི་སེམས་ལ་རྟོག་བཞིན་དུ། །ཐང་ཅིག་དེ་ལ་གནས་པ་ན། ཟླ་བའི་དཀྱིལ་འཁོར་བཞིན་དུ་མཐོང་། །དེ་ནས་སེམས་འདི་ཅི་ཞིག་ཡིན། །

ཉོན་མོངས་ས་བོན་ཅན་ནམ་ཅི། །དགེ་བའམ་མི་དགེ་བ་ཡི་སེམས། །ཀུན་གཞི་ས་བོན་ཅན་སེམས་སམ། །ཆོས་ཀྱི་རྒྱུ་མཐུན་རྟོགས་གྱུར་ནས། །ཕ་རོལ་ཕྱིན་པ་དྲུག་བསྟེན་པ། །འདི་ནི་སེམས་ཅན་དག་པ་སྟེ། །ཀུན་ནས་ཉོན་མོངས་གནས་མ་ཡིན། །ཡུན་རིང་དུ་ནི་བསོད་ནམས་

དང་། །ཡེ་ཤེས་ཚོགས་ཆེན་བས་གས་པ་སྟེ། །ཇི་ལྟར་ཟླ་བ་གང་བ་འདི། །དག་ཅིང་གསལ་ལ་རྙོག་མ་མེད། །དེ་བཞིན་ཚོགས་ནི་རྫོགས་པའི་ཕྱིར། །སེམས་ནི་ཟླ་བ་གང་དང་མཚུངས། །དངོས་པོ་ཡོད་དང་མེད་མིན་པ། །ཇི་ལྟར་ཟླ་བ་མཚུངས་ཉིད་ཡིན། །འོན་ཀྱང་བསོད་

ནམས་ཡེ་ཤེས་ཆེ། །རྫོགས་པ་ཟླ་བ་དང་མཚུངས་བས་བསྟན། །ལེགས་བྱས་ཚོགས་ལྡན་རང་སེམས་ཀྱི། །ཟླ་བའི་དཀྱིལ་འཁོར་མཐོང་ནས་ནི། །དགའ་ཞིང་མགུ་བ་སྐྱེས་ནས་ཀྱང་། །སླར་ཡང་ཚིག་ཏུ་རབ་སྨྲས་པ། །བཅོམ་ལྡན་མགོན་པོ་བདག་གིས་ནི། །ཉོན་མོངས་དྲི་མ་ཀུན་

དག་ཅིང་། །གཟུང་དང་འཛིན་པ་དང་བྲལ་བའི། །རང་སེམས་ཟླ་བའི་དཀྱིལ་འཁོར་མཐོང་། །སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ། །ཐོག་མར་བྱུང་བའི་སེམས་འདི་བཟང་། །དང་པོར་བློ་བུར་ཉོན་མོངས་རྣམས། །བྱང་ཆུབ་སེམས་ཀྱིས་དག་པར་བྱེད། །དངོས་པོ་ཐམས་ཅད་རྣམ་

เล่ม ๘๔ · หน้า 147b

སྤངས་པའི། །དག་པ་ཡི་ནི་སྙིང་པོ་འདིས། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བྱང་ཆུབ་ཀྱི་ནི་སེམས་ལ་རྟོགས། །ཨོཾ་བོདྷི་ཙིཏྟ་ཨུཏྦཱ་ད་ཡཱ་མི། སྙིང་པོ་དག་པ་བླངས་ནས་ནི། །སེམས་ཀྱི་དབུས་སུ་རྟོག་པ་ན། །ཟླ་བའི་དབུས་སུ་ཡང་ཟླ་བའི། །དཀྱིལ་འཁོར་གཉིས་པ་མཐོང་བ་ནི། །

ཐུབ་པ་རྣམས་ལ་ཚིག་སྨྲས་པ། །དཀྱིལ་འཁོར་གཉིས་པ་དག་མཐོང་ངོ་། །དེ་ནས་སངས་རྒྱས་ཀུན་གསུངས་པ། །བྱང་ཆུབ་སེམས་ཀྱི་རང་བཞིན་བརྟན། །བརྟན་པར་བྱ་བའི་ཆེད་དུ་ནི། །དེ་ནི་ལེགས་པར་བསྒྲུབ་པར་གྱིས། །ཁྱོད་ལ་སྙིང་པོ་སྦྱིན་བྱ་སྟེ། །ཟློས་ཤིང་དེ་ནི་བརྟན་པར་

དགོངས། །ཨོྃཏིཥྛ་བཛྲ། དཀྱིལ་འཁོར་གཉིས་པའི་དབུས་གནས་པའི། །རྡོ་རྗེ་ཆེན་པོ་སེམས་བྱེད་ཅིང་། །ཐང་ཅིག་སོ་སོར་བརྟགས་པ་ན། །ཤིན་ཏུ་བརྟན་པ་མཐོང་གྱུར་ནས། །སྨྲས་པ་རྫོགས་པའི་སངས་རྒྱས་རྣམས། །དཀྱིལ་འཁོར་དབུས་སུ་རྡོ་རྗེ་མཐོང་། །ཟླ་བའི་དཀྱིལ་

འཁོར་གཉིས་པ་ཡི། །དབུས་ན་རྡོ་རྗེ་དང་ལྡན་མཐོང་། །དེ་ནས་སངས་རྒྱས་ཀུན་གསུངས་པ། །ལྷ་རྣམས་ཀུན་གྱི་རྡོ་རྗེ་ཆེ། །རྡོ་རྗེ་དབྱིངས་ནི་སྐྱེད་པ་ཡི། །ཤིན་ཏུ་བརྟན་པ་འདི་སྨྲོས་ཤིག །ཨོཾ་བཛྲ་ཨཱཏྨ་ཀོ་྅ཧཾ། །སྙིང་པོ་དག་པ་བླངས་ནས་ནི། །རྡོ་རྗེའི་ལུས་ནི་རྣམ་བསྒོམས་

པ། །དེས་ནི་སྲ་བརྟན་ཁོང་སྟོང་མེད། །རྡོ་རྗེའི་སྐུ་ནི་ཐོབ་གྱུར་ནས། །སྨྲས་པ་རྫོགས་པའི་སངས་རྒྱས་རྣམས། །རང་བདག་རྡོ་རྗེའི་སྐུར་མཐོང་ངོ་། །དེ་ནས་སངས་རྒྱས་ཀུན་གསུངས་པ། །སངས་རྒྱས་གཟུགས་སུ་རྣམ་པར་བསྒོམ། །ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏཱ་སྟ་ཐཱ་ཨ་ཧཾ། སྙིང་

པོ་དག་པ་བླངས་ནས་ནི། །སངས་རྒྱས་གཟུགས་སུ་རྣམ་བསྒོམས་པས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཀུན་མཁྱེན་ཡེ་ཤེས་ཐོབ་པར་འགྱུར། །སངས་རྒྱས་ཀུན་ལ་རབ་བཏུད་ནས། །སྨྲས་པ་བཅོམ་ལྡན་དེ་བཞིན་གཤེགས། །མགོན་པོ་བདག་ལ་བྱིན་རློབ་

ཅིང་། །བདག་གི་བྱང་ཆུབ་བརྟན་པར་མཛོད། །གྲགས་ཆེན་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་དབྱིངས་ཀྱི་ཚིག་ཐོས་ནས། །མགོན་རྣམས་ཐུགས་ཀར་ཞུགས་པར་གྱུར། །རྡོ་རྗེ་ཡི་ནི་རྣལ་འབྱོར་གསུངས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ས་མ་བོདྷི་དྲྀ་ཌྷ་བཛྲ་བ་ན་དྷ། གྲགས་

เล่ม ๘๔ · หน้า 148a

ཆེན་སངས་རྒྱས་ཐམས་ཅད་ཀྱིས། །རིག་སྔགས་ཆེན་པོ་བརྗོད་པ་ན། །རྡོ་རྗེ་དབྱིངས་ནི་ཤིན་ཏུ་བརྟན། །དེ་ཉིད་ཡེ་ཤེས་མངོན་སངས་རྒྱས། །དེ་ནས་སངས་རྒྱས་ཐམས་ཅད་ནི། །རྡོ་རྗེ་ཐུགས་ཀ་ནས་བྱུང་སྟེ། །ཆོས་ཀྱི་དབང་བསྐུར་བཞི་པོ་ཡིས། །དེ་ཚེ་ཐུབ་པ་

དབང་བསྐུར་གྱུར། །རྡོ་རྗེ་སེམས་དཔའ་བྱས་པ་ཡི། །བྱང་ཆུབ་སེམས་ཀྱི་དབང་བསྐུར་བ། །འབྲས་བུ་བྱང་ཆུབ་སེམས་ལྡན་གང་། །རྡོ་རྗེ་སེམས་དཔའི་དབང་བསྐུར་ཡིན། །བསྐལ་པ་གྲངས་མེད་གསུམ་དག་གི །སྦྱིན་དང་སྦྱིན་པའི་འབྲས་བཟང་དང་། །མཁའ་མཚུངས་

རིན་ཆེན་ཐོབ་བྱེད་པ། །ནོར་བུ་རིན་ཆེན་དབང་བསྐུར་ཡིན། །བསྐལ་པ་གྲངས་མེད་གསུམ་དུ་ནི། །གཞན་གྱིས་དཀའ་བ་སྤྱད་པ་དང་། །བརྩོན་འགྲུབ་ཀྱིས་ནི་འབྲས་བསྒྲུབ་པ། །རྡོ་རྗེ་ལས་ཀྱི་དབང་བསྐུར་ཡིན། །དེ་བཞིན་གཤེགས་པའི་སྙིང་པོ་དག །ཆོས་ཀྱི་དབྱིངས་ཀྱི་ཚུལ་

ཆེན་ཏེ། །ཉོན་མོངས་འདམ་གྱིས་མ་གོས་པ། །རྡོ་རྗེ་པདྨའི་དབང་བསྐུར་ཡིན། །བྱང་ཆུབ་སེམས་རྫོགས་རྡོ་རྗེ་རྣལ་འབྱོར་གྱི། །དབང་བསྐུར་བཞི་པོ་དེ་རྣམས་ཆོས་ཀྱི་དབྱིངས། །དེ་ནས་གཞན་ཡང་གསང་བའི་དབང་བསྐུར་བ། །སངས་རྒྱས་རང་བཞིན་ཡོན་ཏན་དམ་པའི་ཚོགས། །

རྡོ་རྗེ་སེམས་དཔའི་དབང་བསྐུར་བས། །ངོ་བོ་ཉིད་ཀྱི་སྐུ་རུ་འདོད། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་བས། །ལོངས་སྤྱོད་རྫོགས་པའི་སྐུ་རུ་འདོད། །རྡོ་རྗེ་རིན་ཆེན་དབང་བསྐུར་བས། །དེ་བཞིན་མཚན་དང་དཔེ་བྱད་དོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །མཁའ་མཚུངས་ཆོས་ཉིད་སྙིང་པོ་ཅན། །

རྡོ་རྗེ་ལས་ཀྱི་དབང་བསྐུར་བས། །སྤྲུལ་པ་ཡི་ནི་སྐུ་རུ་འདོད། །གསང་བ་བཞི་ཡི་དབང་བསྐུར་བས། །རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ། །དེ་ནས་མིང་གི་དབང་བསྐུར་བས། །ཐུབ་དེ་རྣམ་སྣང་མཛད་ཆེན་གྱུར། །ཆོས་ཉིད་ཀྱང་ནི་ཡང་དག་རྟོགས། །ཆོས་དང་ལོངས་སྤྱོད་རྫོགས་

པར་བརྟག །ཆོས་ཀུན་དངོས་པོ་མེད་པ་སྟེ། །མཚན་མ་མེད་ཅིང་གསལ་བྱེད་མེད། །མཚན་ཉིད་མེད་ཅིང་མཁའ་དང་མཚུངས། །དམིགས་པ་རྣམ་པར་སྤངས་པ་སྟེ། །རང་བཞིན་མེད་ཅིང་བརྗོད་དུ་མེད། །ཆོས་ཀུན་ཚིག་གི་སྤྱོད་ཡུལ་མིན། །གཞན་ཡང་གསང་བར་བརྟགས་

เล่ม ๘๔ · หน้า 148b

པ་སྟེ། །དེ་ཕྱིར་འདིར་ནི་རྟོགས་པར་བརྗོད། །རྟོག་པ་མེད་པའི་ཆོས་རྣམས་ཀྱི། །ཆོས་ཀྱི་དོན་འདི་ཅི་ཡིན་བརྗོད། །བདག་མེད་དངོས་པོ་ཡོད་པ་མིན། །ཆོས་རྣམས་མེད་ཅིང་རྟོག་པ་མེད། །འོན་ཀྱང་ཆོས་ཉིད་ཡང་དག་རྟོགས། །ཆོས་དང་ལོངས་སྤྱོད་རྫོགས་པར་རྟོགས། །

རྟོགས་པ་ཉམས་སུ་མྱོང་བར་བརྗོད། །འདིར་ནི་ངོ་མཚར་ཉིད་དུ་རྟོགས། །ཆོས་ཀུན་གཟུགས་ཅན་མིན་པ་དང་། །གཟུགས་ཅན་དུ་ཡང་འདི་རུ་བསྟན། །ཆོས་ཀུན་ཚིག་གི་སྤྱོད་ཡུལ་མིན། །སྒྲ་རུ་ཡང་ནི་འདིར་བསྟན་ཏེ། །དེ་བས་ངོ་མཚར་ཆོས་འདི་རུ། །རྟོག་པ་རྟོག་པ་ཡིན་

པར་བརྗོད། །ཅི་ཕྱིར་འདི་ནི་ངོ་མཚར་ཆོས། །དེ་ཉིད་གསང་བ་བསྒྲུབ་པའི་ཕྱིར། །ལས་རྣམས་དྲུག་པོ་ཉིད་དང་ནི། །གཟུགས་ཅན་ཚིག་གི་མཐུ་དག་དང་། །འབྲས་ཕྱིར་སྡོམ་པའི་ངོ་མཚར་ཏེ། །དེ་ཕྱིར་འདི་ནི་ངོ་མཚར་ཆོས། །དེ་ཕྱིར་འདི་ནི་རྟོག་པར་བརྗོད། །དེ་བས་ངོ་མཚར་

ཆོས་འདི་རུ། །རྟོག་པ་འབའ་ཞིག་རྟོག་པ་ཡིན། །ཡང་འདིར་རྟོག་པ་ཇི་ལྟ་བུ། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །ཕ་རོལ་ཕྱིན་དྲུག་སྤྱོད་པ་དག །སྟེན་པ་རྟོག་པ་ཉིད་ཡིན་ནོ། །སྒྲུབ་པའི་དོན་ནི་ཇི་ལྟ་བུ། །གང་ཟག་ཆོས་ལ་

བདག་མེད་དང་། །གཟུང་དང་འཛིན་པ་སྤངས་པ་ཡི། །རབ་ཏུ་དགའ་བའི་ས་སྒྲུབ་པ། །དེ་ཚེ་སྒྲུབ་པའི་དོན་ཡིན་ནོ། །ཅི་ཕྱིར་འདི་ནི་རྒྱུད་ཕྱི་མ། །རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཕྱི་མ་ཞེས་བྱ་ཕ་རོལ་ཏེ། །རྒྱུད་ནི་ཕྱི་མར་བརྗོད་པ་ཡིན། །རྒྱུད་རྒྱུན་

ཆགས་ཞེས་བྱ་སྟེ། །ཕྱི་མ་སྔ་མ་ལས་བྱུང་བའི། །དེ་ཉིད་གསང་བ་སྦས་ཞེས་པ། །རྒྱུད་ནི་ཕྱི་མར་བརྗོད་པ་ཡིན། །ཅི་ཕྱིར་རྒྱུད་དང་ཕྱི་མ་ལགས། །ས་མཐར་ཕྱིན་པའི་རྒྱལ་བ་མཆོག །སྲིད་པའི་བཙོན་ར་ལས་རྒལ་ཡིན། །ཡང་ན་གང་ཞིག་རྒལ་གྱུར་པ། །རྒྱུད་ནི་ཕྱི་མ་ཡིན་པར་

བཤད། །རྒྱུད་ཀྱི་དོན་ནི་ཇི་ལྟར་བྱུང་། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སངས་རྒྱས་རྣམས་ཀྱི་ཆོས་ལོངས་སྤྱོད། །སངས་རྒྱས་ཐུགས་རྗེས་བསྐུལ་བ་ནི། །རྒྱུད་དོན་ཡང་དག་བྱུང་བ་ཡིན། །སངས་རྒྱས་རྣམས་ཀྱི་ཐུགས་བྱུང་བའི། །ཆོས་དང་ལོངས་སྤྱོད་བྱུང་བ་སྟེ། །

เล่ม ๘๔ · หน้า 149a

སངས་རྒྱས་ཀུན་གྱི་གསང་ཆེན་ནི། །རྒྱུད་དོན་ཡང་དག་བྱུང་བ་ཡིན། །རྡོ་རྗེ་འཆང་དྲག་འདི་ཅི་ཞིག །སངས་རྒྱས་གཟུགས་ཀྱིས་མི་འདུལ་བའི། །སེམས་ཅན་གདུག་ཚོགས་དེ་ཡི་ཕྱིར། །རང་གི་ཡེ་ཤེས་བྱང་ཆུབ་སེམས། །རྡོ་རྗེ་དྲག་པོར་ཡང་དག་འབྱུང་། །དྲག་

པོའི་དོན་ནི་ཇི་ལྟར་འབྱུང་། །དྲག་པོ་དྲག་པོའི་མིག་གིས་ནི། །དྲག་པོའི་ཁྲོ་བོ་ཞེས་སུ་བསྟན། །དྲག་པོའི་ལས་ནི་སྤྱོད་བྱེད་རྣམས། །འཆོས་ཤིང་བཟློག་པར་བྱ་བ་ཡིན། །རྡོ་རྗེ་ཞི་བ་འདི་ཅི་ཞིག །གདུག་པ་དེ་ཀུན་བཏུལ་ནས་ནི། །སླར་ཡང་ཞི་བར་ཡང་དག་བྱུང་། །དེ་ཉིད་རྒྱལ་པོ་རྡོ་རྗེ་

འཆང་། །སེམས་ཅན་དོན་གྱི་ཐབས་སྟོན་མཛད། །བཅོམ་ལྡན་རྣམ་པར་སྣང་མཛད་ནི། །ཁྲོ་བོའི་དབང་ཕྱུག་དག་ཏུ་བསྟན། །དེ་ཉིད་ཞི་དང་དྲག་པོ་དང་། །ཕྱག་ན་རྡོ་རྗེ་རྫུ་འཕྲུལ་ཆེ། །ཅི་ཡི་ཕྱིར་ན་ཞི་བར་བརྗོད། །སྣ་ཚོགས་གཟུགས་ཅན་རྣལ་འབྱོར་ཆེ། །སེམས་ཅན་སྨིན་བྱ་འབའ་

ཞིག་ཕྱིར། །ཉོན་མོངས་གདུག་ལ་བརྩེར་དགོངས་ཤིང་། །ཞི་བའི་དོན་ནི་ཡང་དག་བྱུང་། །ཕྱག་ན་རྡོ་རྗེ་ཅི་ཡི་ཕྱིར། །ཉོན་མོངས་གདུག་པ་ཉེས་གཞོམ་ཕྱིར། །བྱང་ཆུབ་སེམས་ཀྱི་རང་བཞིན་བཟང་། །རྡོ་རྗེ་ཕྱག་ན་བསྣམས་མཛད་པ། །དེ་ནི་ཕྱག་ན་རྡོ་རྗེར་བརྗོད། །དུས་གསུམ་

བདུད་རྣམས་དེ་བཞིན་དུ། །མི་མཐུན་ཕྱོགས་ཀྱིས་མི་ཤིགས་པ། །བྱང་སེམས་རང་བཞིན་རྡོ་རྗེ་ནི། །སངས་རྒྱས་ཀུན་གྱི་བསྟན་པའི་ཚོགས། །དེ་ནས་སངས་རྒྱས་ཀུན་དང་ལྡན། །གསང་ཆེན་རྡོ་རྗེ་དེ་ལྟ་བུ། །ཕྱག་ན་རྟག་ཏུ་བསྣམས་པས་ན། །དེ་ནི་ཕྱག་ན་རྡོ་རྗེར་བརྗོད། །རྡོ་རྗེ་

གཏུམ་པའི་དོན་ཅི་ཞིག །རྡོ་རྗེ་གཏུམ་པོ་གནོད་སྦྱིན་ཆེ། །རྡོ་རྗེ་གནོད་སྦྱིན་ཤིན་ཏུ་བརྟན། །ང་རྒྱལ་ཉོན་མོངས་ཞགས་པ་ཟ། །བྱང་ཆུབ་སེམས་དཔའ་རང་བྱུང་བ། །ཅི་ཡི་ཕྱིར་ན་གཏུམ་པོར་བརྗོད། །གཏུམ་གདུག་དྲག་པོ་ཆེན་པོ་ནི། །རང་བྱུང་ང་ཉིད་ཁོ་ན་སྟེ། །སྲིད་པའི་

ཞགས་པ་གཅོད་བྱེད་ཅིང་། །དྲག་པོའི་དོན་ནི་གཏུམ་པོ་ཡིན། །རྡོ་རྗེ་ཁྲོ་བོ་ཅི་ཡིན་བརྗོད། །གསོད་དང་སྐྲོད་པ་དྲག་པོ་སྟེ། །དེ་ནི་ཁྲོ་བོའི་དོན་དུ་བརྗོད། །ང་ནི་རྡོ་རྗེ་མེ་ལྟར་འབར། །ཉོན་མོངས་ཕྱོགས་རྣམས་སྲེག་བྱེད་ཡིན། །རྡོ་རྗེ་རྡོ་རྗེ་ཞེས་གསུངས་པ། །ཅི་ཕྱིར་རྡོ་རྗེར་བརྗོད་པར་བྱ། །སྲ་

เล่ม ๘๔ · หน้า 149b

ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་དང་གཞིག་པར་བྱ་བ་མིན། །བསྲེག་པར་བྱ་མིན་འཇིག་མེད་པས། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །འགྲོ་དྲུག་འཁོར་ལོ་སྤོང་བྱེད་ཅིང་། །སྡིག་པ་དྲལ་བར་བྱེད་པ་ཡི། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཉོན་མོངས་ཐམས་ཅད་སེལ་བར་བྱེད། །

རྡོ་རྗེ་འཆང་ཞེས་གསུངས་འདི་ཅི། །སངས་རྒྱས་ཀུན་གྱི་ཡེ་ཤེས་དང་། །བྱང་སེམས་བརྟན་པ་གང་ཡིན་པ། །དེ་ནི་རྒྱལ་པོ་རྡོ་རྗེ་འཛིན། །དེ་བཞིན་གཤེགས་པ་ཀུན་གྱི་བདག །དེ་ཡི་རྡོ་རྗེ་ཇི་ལྟ་བུ། །རྟོག་པ་ཐམས་ཅད་དང་བྲལ་ཞིང་། །ཆོས་སུ་འཛིན་པ་རྣམས་སྤངས་པ། །ཆོས་

རྣམས་ཀུན་གྱི་དེ་བཞིན་ཉིད། །སྟོང་པ་ཉིད་ནི་རྡོ་རྗེར་བརྗོད། །གཟུགས་སོགས་ཆོས་ཀྱི་རང་བཞིན་གང་། །འགྱུར་བ་མེད་པའི་དེ་བཞིན་ཉིད། །ཆོས་ཀྱི་དབྱིངས་ནི་བརྟན་པ་གང་། །དེ་ལྟ་བུ་ནི་འདི་རྡོ་རྗེ། །རྡོ་རྗེ་རིགས་ཀྱི་དོན་འདི་ཅི། །བདེན་ཞིང་དོན་ཡོད་དེ་བཞིན་ཉིད། །འགྱུར་བ་

མེད་ཅིང་སྐྱེ་བ་མེད། །འགག་མེད་དེ་ཁོ་ན་ཉིད་གང་། །དེ་ལྟ་བུ་ནི་རྡོ་རྗེ་ཡིན། །དོན་ཡོད་འགྱུར་བ་མེད་པ་ཡི། །དེ་ལྟ་བུ་ཡི་རིགས་གྱུར་པ། །བྱང་ཆུབ་སེམས་དཔའི་རིགས་སུ་བརྗོད། །དེ་ནི་རྡོ་རྗེའི་རིགས་ཞེས་བྱ། །ཐོག་མ་ཐ་མ་མེད་པའི་ཆོས། །བྱང་ཆུབ་སེམས་དཔའ་ཞེས་སུ་

བརྗོད། །བདེན་ཞིང་སླུ་བ་མེད་པ་ཡི། །བྱང་ཆུབ་སེམས་གང་དེ་རིགས་ཡིན། །རྡོ་རྗེ་འཆང་བ་རྣམས་ནི་དུ། །ཕྱོགས་རྣམས་ཐམས་ཅད་ཀུན་ཁྱབ་པའི། །བྱང་ཆུབ་སེམས་དཔའ་མཁས་པ་ནི། །ཆོས་དབྱིངས་དང་མཉམ་ཐུག་པ་མེད། །རྡོ་རྗེ་འཆང་རྣམས་དེ་སྙེད་དོ། །རྡོ་རྗེའི་

རིགས་ཀུན་གང་གི་ཡིན། །ཆོས་ཀྱི་བདག་པོ་བླ་མེད་པ། །རྣམ་པར་སྣང་མཛད་རྫོགས་སངས་རྒྱས། །མགོན་དེས་ཡོངས་སུ་བཟུང་བ་དེའི། །དེ་ཡི་དཀྱིལ་འཁོར་ཡིན་གསུངས་བ། །སྟོན་པ་གང་ཞིག་འདི་རྣམས་སུའི། །རྗེས་སུ་སྟོན་པར་བྱེད་པ་གང་། །དེ་ཡི་སྤྱོད་ལམ་བྱ་

བ་ཅི། །གསང་བ་ཀུན་དུ་བསྡུས་པས་གསུངས། །འདི་ཡི་སྟོན་པ་བྱང་ཆུབ་སེམས། །རྗེས་སུ་སྟོན་བྱེད་ཤེས་རབ་ཐབས། །ཕྱག་རྒྱ་རྣམས་ནི་སྤྱོད་ལམ་སྟེ། །སྔགས་རྣམས་དེ་ཡི་བྱ་བ་ཡིན། །རྡོ་རྗེ་འཆང་གི་རིགས་གང་ཡིན། །རྡོ་རྗེ་འཆང་བ་དེ་ཀུན་གྱི། །རིགས་ནི་བྱང་ཆུབ་

เล่ม ๘๔ · หน้า 150a

སེམས་ཡིན་ཏེ། །བྱང་ཆུབ་སེམས་དཔའ་བརྟུལ་ཞུགས་བཟང་། །སངས་རྒྱས་ཀྱི་ཡང་དེ་ཉིད་ཡུལ། །ཆེན་པོ་གནས་གང་ཞིག་ན་གནས། །ཆོས་རྣམས་ཀུན་ལ་གནས་མེད་དེ། །རྩ་བ་མེད་སེམས་སྤྱོད་ཡུལ་ལོ། །ཆོས་རྣམས་ཐམས་ཅད་གཟུགས་ཅན་མིན། །ཆོས་

ཀྱི་དབྱིངས་ཏེ་སྤྱོད་ཡུལ་མེད། །རིགས་ནི་རྣམ་པ་དུ་ཡིན་བརྗོད། །རྟག་དང་མི་འཁྲུགས་རིན་ཆེན་དབང་། །འོད་དཔག་མེད་པ་དངོས་གྲུབ་རྣམས། །རིགས་ནི་རྣམ་པ་བརྒྱར་གསུངས་ཏེ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །སངས་རྒྱས་རྡོ་རྗེ་རིན་ཆེན་དང་། །ཆོས་དང་ལས་དང་རྣམ་པ་ལྔ། །

ཅི་ཡི་ཕྱིར་ན་རིགས་སུ་བརྗོད། །མཆོག་དང་དམན་པའི་བྱེ་བྲག་གིས། །རིགས་ཞེས་བྱ་བ་དེ་རྣམས་གཉིས། །སེམས་ཅན་ལམ་ངན་ཞུགས་པ་ཡི། །རིགས་ནི་དམན་པ་ཡིན་པར་བརྗོད། །ལམ་ངན་འགྲོ་བ་སྤངས་ནས་ནི། །བྱང་ཆུབ་སེམས་ལ་འཇུག་པ་ཆོས། །དེ་བས་རྡོ་རྗེ་

རིགས་བརྗོད་པ། །རིགས་དེ་ཡང་ནི་ལྔ་པ་ཡིན། །རིགས་བདག་རང་བཞིན་འདི་ཅི་ཞིག །བྱང་ཆུབ་སེམས་ནི་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔའ་འཇིགས་པ་མེད། །མགོན་པོ་ཆེན་པོ་རིགས་ཀྱི་བདག །དེ་ནི་རིགས་ཀྱང་ལྔ་པ་ཡིན། །ཅི་ཡི་ཕྱིར་ན་སེམས་དཔར་བརྗོད། །སེམས་

དཔའ་ཞེས་བྱ་རྣམ་གསུམ་སྟེ། །བྱིས་པ་དེ་བཞིན་མཁས་པ་དང་། །དེ་བཞིན་བྱང་ཆུབ་སེམས་དཔའ་དང་། །རྣམ་གསུམ་སེམས་དཔའ་བརྗོད་པར་བྱ། །ཡང་གསུངས་པ། ཅི་ཡི་ཕྱིར་ན་སེམས་དཔའ་བརྗོད། །སེམས་དཔའ་ཅི་ཡིན་བྱིས་པ་བརྗོད། །སེམས་དཔའ་མཁས་པ་

ཅི་ཡི་ཕྱིར། །བྱང་ཆུབ་སེམས་དཔའ་ཅི་ཡིན་བརྗོད། །གནས་གང་ཞིག་ཏུ་བརྗོད་བྱ་བ། །དེ་ནི་དེ་ཡི་སེམས་དཔར་བརྗོད། །ཆོས་སམ་ཡང་ན་ཆོས་མིན་དང་། །ལེགས་བྱས་ཉེས་པར་བྱས་པ་ལ། །མི་ཤེས་མུན་པས་བསྒྲིབས་གྱུར་ཅིང་། །ཆོས་ལ་ཉོན་མོངས་བདག་ཉིད་འཛིན། །

དམན་ཞིང་གཏི་མུག་རིགས་ཅན་གྱུར། །དེ་ལྟ་བུ་ནི་བྱིས་པར་བརྗོད། །ཉོན་མོངས་ཀུན་ལ་ཆགས་པ་དང་། །དེ་བཞིན་སྲིད་པ་ངན་སོང་གསུམ། །མི་ཤེས་མུན་པ་ལ་ཆགས་པ། །དེ་འདིར་བྱིས་པར་བརྗོད་པར་བྱ། །སེམས་དཔའ་མཁས་པ་གང་ཞིག་ཡིན། །དྲི་མ་ལས་འདས་

เล่ม ๘๔ · หน้า 150b

ཉོན་མོངས་སྤོང་། །རྣལ་འབྱོར་ལྡན་ཞིང་བརྟུལ་ཞུགས་ཆེ། །མི་ཤེས་ལིང་ཏོག་འཇོམས་བྱེད་པ། །དེ་ནི་སེམས་དཔའ་མཁས་པར་བརྗོད། །འདིར་ནི་བྱང་ཆུབ་སེམས་དཔའ་གང་། །ཆོས་ཀྱི་དེ་ཉིད་རྟོགས་གྱུར་ཅིང་། །འཁོར་བའི་གནས་ནས་སད་འགྱུར་ཏེ། །སེམས་

ཅན་རྣམས་ནི་སད་བྱེད་པ། །དེ་ནི་བྱང་ཆུབ་སེམས་དཔར་བརྗོད། །རྫོགས་པའི་བྱང་ཆུབ་རྣམ་པ་དུ། །དེ་ལ་བྱང་ཆུབ་རྣམ་གསུམ་སྟེ། །དམན་དང་མཆོག་དང་བར་མའོ། །དམན་པ་ཉན་ཐོས་སེམས་ཡིན་ཏེ། །བར་མ་རང་རྒྱལ་བྱང་ཆུབ་བོ། །མཆོག་ནི་བྱང་ཆུབ་སེམས་

ཡིན་ཏེ། །དེ་ནི་མི་འགྱུར་རྡོ་རྗེ་ཡིན། །སྐུ་གསུང་ཐུགས་རྣམས་གཞག་པ་གང་། །བྱང་ཆུབ་མཆོག་ཏུ་བརྗོད་པར་བྱ། །ཅི་ཕྱིར་རྡོ་རྗེ་སེམས་དཔའ་ཡིན། །བྱང་ཆུབ་མཆོག་གི་ཡེ་ཤེས་གང་། །དེ་ནི་རྡོ་རྗེ་ངེས་པར་བརྗོད། །ཡེ་ཤེས་རྡོ་རྗེ་ལས་བྱུང་བ། །དེ་ནི་རྡོ་རྗེ་སེམས་དཔར་

བརྗོད། །རྡོ་རྗེ་འཆང་བ་ཀུན་གྱི་རྒྱལ། །ཅི་ཡི་ཕྱིར་ན་སེམས་དཔར་བརྗོད། །རྡོ་རྗེ་སེམས་དཔའ་མགོན་པོ་ཆེ། །དགའ་ཆེན་དེ་ནི་ཆགས་སམ་ཅི། །སེམས་ཅན་ཐམས་ཅད་དགྲོལ་བའི་ཕྱིར། །སེམས་ཅན་རྣམས་ལ་ཆགས་པ་སྟེ། །དེ་ནི་རྡོ་རྗེ་འཛིན་རྒྱལ་པོ། །རྡོ་རྗེ་སེམས་

དཔའ་ཞེས་སུ་བསྒྲགས། །བྱང་ཆུབ་སེམས་ཀྱི་འབྲས་བུ་སྟེ། །སངས་རྒྱས་ཡེ་ཤེས་བླ་མེད་གང་། །དེ་ནི་རྡོ་རྗེ་སེམས་རང་བཞིན། །ཆོས་དང་ལོངས་སྤྱོད་སྤྲུལ་པའོ། །རྡོ་རྗེ་རྒྱལ་པོ་ཅི་ཡིན་བརྗོད། །རྡོ་རྗེ་རིགས་ཀུན་རྒྱལ་པོ་སྟེ། །རྡོ་རྗེ་ལྕགས་ཀྱུ་ཞེས་སུ་བརྗོད། །

དགུག་དང་དབབ་པའི་རྡོ་རྗེ་ནི། །དེ་ནི་རྡོ་རྗེ་རྒྱལ་པོར་བརྗོད། །བསྡུ་བ་ཡི་ནི་དངོས་པོ་བཞི། །བཅོམ་ལྡན་འདས་ཀྱིས་གང་སྤྱད་པ། །སེམས་ཅན་དགུག་པའི་ཐབས་ཞེས་པ། །རྡོ་རྗེ་རྒྱལ་པོར་ཡང་དག་བྱུང་། །རྡོ་རྗེ་ཆགས་པ་འདི་དོན་ཅི། །སངས་རྒྱས་ཐམས་ཅད་མཉེས་བྱེད་པ། །

རྗེས་སུ་ཆགས་པ་ཞེས་སུ་བརྗོད། །རྡོ་རྗེ་ཆགས་པ་བདུད་ཆེན་པོ། །དེ་ནི་རྡོ་རྗེ་ཆགས་པར་བརྗོད། །སེམས་ཅན་སྨིན་ཕྱིར་བཅོམ་ལྡན་ཀྱིས། །གང་ཚེ་བྱང་ཆུབ་སྤྱོད་པ་སྤྱད། །བྱང་ཆུབ་སྤྱོད་པ་རྗེས་ཆགས་པ། །རྡོ་རྗེ་ཆགས་པར་ཡང་དག་འབྱུང་། །རྡོ་རྗེ་ལེགས་པ་ཅི་ཡིན་

เล่ม ๘๔ · หน้า 151a

བརྗོད། །སངས་རྒྱས་ཐམས་ཅད་མཉེས་བྱེད་ཅིང་། །ལེགས་སོ་ཞེས་བྱ་རབ་སྟེར་བྱེད། །བྱང་ཆུབ་སེམས་དཔའ་ཀུན་མགུ་བྱེད། །དེ་ནི་རྡོ་རྗེ་ལེགས་པར་བརྗོད། །སེམས་ཅན་དག་པ་མགུ་བྱེད་ཅིང་། །རྡོ་རྗེ་འཆང་རྣམས་སྒྲུབ་པར་བྱེད། །སེམས་ཅན་

མཁས་རྣམས་དགའ་བྱེད་ཅིང་། །གསང་བ་འཛིན་པ་རངས་པར་བྱེད། །ཆོས་དང་ལོངས་སྤྱོད་རྫོགས་སྐུའི་ཕྱིར། །བཅོམ་ལྡན་འདས་འདི་ཆོས་རྣམ་དྲུག །གང་གི་ཚེ་ནི་སྔོན་བསྒྲུབས་པ། །རྡོ་རྗེ་ལེགས་པར་ཡང་དག་བྱུང་། །རྡོ་རྗེ་རིན་ཆེན་ཅི་ཡི་ཕྱིར། །བྱང་ཆུབ་སེམས་

དཔའི་སྦྱིན་པ་གང་། །མཁའ་མཉམ་རིན་ཆེན་ལྟ་བུ་སྟེ། །རྡོ་རྗེ་རིན་ཆེན་སྐལ་བ་ཆེ། །དེ་ནི་རྡོ་རྗེ་རིན་ཆེན་བརྗོད། །སེམས་དཔའ་ཆེན་པོའི་དབང་བསྐུར་ཏེ། །སེམས་ཅན་ཀུན་གྱི་དབང་བསྐུར་བ། །བྱང་ཆུབ་སྙིང་པོའི་དབང་བསྐུར་གྱིས། །རྒྱལ་བའི་སྲས་རྣམས་འཛིན་པར་བྱེད། །

སངས་རྒྱས་ཀུན་གྱི་སྦྱིན་པ་གང་། །མཁའ་མཚུངས་རྡོ་རྗེ་ཡང་དག་བྱུང་། །དེ་ནི་རིན་ཆེན་དོན་ཡོད་དེ། །དེ་ནི་རྡོ་རྗེ་རིན་ཆེན་བརྗོད། །རྡོ་རྗེ་གཟི་བརྗིད་ཅི་ཡིན་བརྗོད། །མ་རིག་ལིང་ཏོག་འཁོར་བ་ཡི། །མི་ཤེས་མུན་པ་འཇོམས་བྱེད་ཅིང་། །ཐར་བའི་སྣང་བ་གཟི་བརྗིད་ཆེ། །དེ་ནི་རྡོ་རྗེ་

གཟི་བརྗིད་བརྗོད། །ཅི་ཕྱིར་རྡོ་རྗེ་རྒྱལ་མཚན་ཡིན། །རྒྱལ་མཚན་སངས་རྒྱས་ཀུན་རང་བཞིན། །ཐར་པའི་ལམ་འགྲོ་རྒྱལ་མཚན་ཏེ། །ཆོས་ཀྱི་རྒྱལ་མཚན་རྒྱལ་མཚན་ཆེ། །དེ་ནི་རྡོ་རྗེ་རྒྱལ་མཚན་བརྗོད། །རྡོ་རྗེ་བཞད་པ་ཅི་ཡིན་བརྗོད། །རྣལ་འབྱོར་ཆེན་པོ་རྡོ་རྗེ་བཞད། །སངས་

རྒྱས་ཐམས་ཅད་བཞད་བྱེད་ཅིང་། །བྱང་ཆུབ་སེམས་དཔའ་ཀུན་དབུགས་འབྱིན། །དེ་ནི་རྡོ་རྗེ་བཞད་པར་བརྗོད། །ཅི་ཡི་ཕྱིར་ན་རྡོ་རྗེ་ཆོས། །རྣལ་འབྱོར་ཆེན་པོ་སངས་རྒྱས་ཆོས། །སངས་རྒྱས་སེམས་ཅན་རྟོགས་བྱེད་པ། །དག་པ་དེ་བཞིན་གཤེགས་སྙིང་པོ། །དེ་ནི་རྡོ་རྗེ་ཆོས་སུ་

བརྗོད། །རྡོ་རྗེ་རྣོན་པོ་ཅི་ཡིན་བརྗོད། །ཤེས་རབ་རྣོན་པོ་ཡེ་ཤེས་ཆེ། །ཤིན་ཏུ་སྡུག་པའི་ཉོན་མོངས་གཅོད། །ཤེས་བྱའི་སྒྲིབ་པའང་གཅོད་པས་ན། །དེ་ནི་རྡོ་རྗེ་རྣོན་པོར་བརྗོད། །རྡོ་རྗེ་རྒྱུ་ཡི་དོན་ཅི་ཞིག །འཁོར་ལོ་སངས་རྒྱས་གར་བྱེད་པས། །ཆོས་ཀྱི་འཁོར་ལོ་ཤིན་ཏུ་བརྟེན། །

เล่ม ๘๔ · หน้า 151b

དམ་ཆོས་རོ་ཡི་བཅུད་ལས་བྱུང་། །དེ་ནི་རྡོ་རྗེ་རྒྱུ་ཞེས་བྱ། །རྡོ་རྗེ་སྨྲ་བ་ཅི་ཡིན་བརྗོད། །སངས་རྒྱས་ཀུན་གྱི་ཆོས་ཆེན་པོ། །མཁའ་མཚུངས་ཚིག་དང་བྲལ་བ་སྟེ། །ཚིག་མེ་ཚིག་ལས་ཡང་དག་བྱུང་། །དེ་ནི་རྡོ་རྗེ་སྨྲ་བར་བརྗོད། །ཅི་ཡི་ཕྱིར་ན་རྡོ་རྗེ་ལས། །སེམས་ཅན་སྨིན་དང་

གྲོལ་བ་ཡི། །སངས་རྒྱས་ཀུན་གྱི་ལས་གང་དང་། །སངས་རྒྱས་ལས་ནི་བདག་མེད་པ། །དེ་ནི་རྡོ་རྗེ་ལས་ཞེས་བྱ། །རྡོ་རྗེ་སྲུང་བ་ཅི་ཡིན་བརྗོད། །བྱང་ཆུབ་སེམས་དཔའི་སྲུང་བ་སྟེ། །ཐེག་པ་དམན་པ་སྤོང་བྱེད་ཅིང་། །རྩེ་མོ་ནས་ལྟུང་སྲུང་བྱེད་པ། །དེ་ནི་རྡོ་རྗེ་སྲུང་བར་བརྗོད། །

རྡོ་རྗེ་གནོད་སྦྱིན་འདི་དོན་ཅི། །སྡིག་པ་ཐམས་ཅད་ཟད་བྱེད་ཅིང་། །ཉོན་མོངས་ཐམས་ཅད་ངེས་པར་གཅོད། །སྲིད་པ་ཟ་བྱེད་གནོད་སྦྱིན་ཆེ། །དེ་ནི་རྡོ་རྗེ་གནོད་སྦྱིན་བརྗོད། །རྡོ་རྗེ་ཁུ་ཚུར་ཅི་ཡིན་བརྗོད། །བདེན་ཞིང་གཞན་མིན་དེ་བཞིན་ཉིད། །འགྱུར་མེད་དེ་ཁོ་ན་ཉིད་གང་། །

སངས་རྒྱས་དེ་བཞིན་ཉིད་ཡེ་ཤེས། །དེ་ནི་རྡོ་རྗེ་ཁུ་ཚུར་བརྗོད། །སྔོན་དུ་བྱང་ཆུབ་སེམས་འགྱུར་གང་། །རྡོ་རྗེ་སེམས་དཔའ་ཡང་དག་བྱུང་། །བསྡུ་བའི་དངོས་པོ་བཞི་པོ་ནི། །རྡོ་རྗེ་རྒྱལ་པོར་ཡང་དག་བྱུང་། །སེམས་ཅན་སྨིན་བྱེད་ཆགས་པའོ། །བྱང་ཆུབ་སྤྱོད་པ་ལེགས་པ་སྟེ། །

དེ་ཉིད་ཅེས་བྱ་དམ་ཚིག་ཆེ། །བྱང་ཆུབ་སེམས་ལས་ཡང་དག་བྱུང་། །སྔོན་གྱི་སྦྱིན་པའི་སྤྱོད་གྱུར་གང་། །དེ་ནི་རྡོ་རྗེ་རིན་ཆེན་བརྗོད། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །དེ་ནི་རྡོ་རྗེ་གཟི་བརྗིད་བརྗོད། །འབྱུང་པོ་ཀུན་ལ་བྱམས་པ་ནི། །རྡོ་རྗེ་རྒྱལ་མཚན་ཡང་དག་བྱུང་། །

ཆོས་ཀྱི་སྦྱིན་པ་བཞད་པ་སྟེ། །དབང་བསྐུར་བཞི་པོར་བསྟན་པ་ཡིན། །རྫོགས་སངས་རྒྱས་ཀྱི་ཏིང་འཛིན་གང་། །རྡོ་རྗེ་ཆོས་ནི་དེ་ལས་བྱུང་། །ཉོན་མོངས་གཅོད་བྱེད་རྡོ་རྗེ་ཆེ། །རྡོ་རྗེ་རྣོན་པོར་ཡང་དག་བྱུང་། །མངོན་ཤེས་དང་ནི་མཐུ་ལ་སོགས། །དེ་ནི་རྡོ་རྗེ་རྒྱུ་རུ་བརྗོད། །གསུངས་ལ་

སོགས་པ་གྲུབ་པ་ནི། །རྡོ་རྗེ་སྨྲ་བར་ཡང་དག་བྱུང་། །ཡེ་ཤེས་ཆེན་པོ་ཆོས་ཆེན་པོ། །དམ་ཚིག་ཅེས་བྱའི་དགའ་ཆེན་པོ། །ཡེ་ཤེས་མངོན་པར་རྟོགས་ཏེ་དག །རྡོ་རྗེ་ཆོས་ལས་ཡང་དག་བྱུང་། །བརྩོན་འགྲུས་ཕ་རོལ་ཕྱིན་རྒྱལ་པོ། །རྡོ་རྗེ་ལས་སུ་ཡང་དག་བྱུང་། །ཐེག་པ་

เล่ม ๘๔ · หน้า 152a

དམན་པ་སྤོང་བྱེད་པ། །དེ་ཕྱིར་རྡོ་རྗེ་སྲུང་བར་བརྗོད། །ཉོན་མོངས་སྲིད་པའི་གདོན་ཆེན་པོ། །རྡོ་རྗེ་གནོད་སྦྱིན་ཡང་དག་བྱུང་། །དེ་ཉིད་ཡེ་ཤེས་མངོན་བྱང་ཆུབ། །དེ་ཉིད་རྡོ་རྗེ་ཁུ་ཚུར་བརྗོད། །ལས་ཀྱི་དམ་ཚིག་བཞི་པོ་སྟེ། །ལས་ཀྱི་སེམས་དཔའ་བདག་ཉིད་ཆེ། །ལས་

ཀྱི་འཁོར་ལོ་ལས་བྱུང་བའི། །རྡོ་རྗེ་ལས་ནི་དེ་ལས་བྱུང་། །གཞན་ཡང་བྱང་ཆུབ་སེམས་ནི་བསྐྱེད་པ་ལས། །རྡོ་རྗེ་སེམས་དཔའ་ཡང་དག་བྱུང་། །རྡོ་རྗེ་རང་བཞིན་སེམས་དེ་ཡང་། །རྣམ་པ་བཞི་རུ་བྱུང་བ་སྟེ། །སྒྲོལ་བ་དང་ནི་གྲོལ་བ་དང་། །དབུགས་འབྱིན་མྱ་ངན་འདས་འགོད་

བྱེད། །སེམས་དཔའ་རྒྱལ་པོ་ཆགས་པ་ཆེ། །རྡོ་རྗེ་ལེགས་པར་ཡང་དག་བྱུང་། །བསོད་ནམས་ཡེ་ཤེས་ཚོགས་ཉིད་ལས། །རྡོ་རྗེ་རིན་ཆེན་རབ་ཏུ་བསྒྲགས། །བསོད་ནམས་རང་བཞིན་རིན་ཆེན་དེ། །རྣམ་བཞི་ཇི་སྐད་བཤད་པ་བཞིན། །ཡེ་ཤེས་ཀྱི་ནི་ཚོགས་བརྗོད་པ། །དེ་ནི་རྡོ་རྗེ་

ཆོས་ཞེས་བྱ། །ཡེ་ཤེས་རང་བཞིན་ཆོས་དེ་ཡང་། །རྣམ་པ་བཞིར་ནི་ཡང་དག་བྱུང་། །བརྩོན་འགྲུས་ཕ་རོལ་ཕྱིན་པ་ཉིད། །དེ་ནི་རྡོ་རྗེ་ལས་སུ་བརྗོད། །བརྩོན་འགྲུས་རང་བཞིན་ལས་དེ་ཡང་། །རྣམ་པ་བཞིར་ནི་ཡང་དག་བྱུང་། །རྩོམ་དང་སྦྱོར་བ་ཞེས་བྱ་དང་། །སོ་སོར་རྟོག་དང་སྒྲུབ་

པ་སྟེ། །བརྩོན་འགྲུས་དེ་བཞིན་ལས་བཞི་པོ། །དེ་ལས་མཐར་གྱིས་བྱུང་བ་ཡིན། །སེམས་དཔའ་འདི་རྣམས་གང་ལས་བྱུང་། །རྡོ་རྗེ་སེམས་སོགས་དེ་བཞིན་དུ། །བྱང་ཆུབ་སེམས་ལས་ཡང་དག་བྱུང་། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ལས། །རྡོ་རྗེ་ཅན་རྣམས་བྱུང་བར་འདོད། །དེ་བཞིན་

ཕ་དང་མ་ནི་གང་། །མ་ནི་ཤེས་རབ་ཕ་རོལ་ཕྱིན། །ཕ་ནི་ཐབས་ལ་མཁས་པ་སྟེ། །པདྨ་ལས་ནི་སངས་རྒྱས་སྲས། །རྡོ་རྗེ་ཅན་རྣམས་གང་ལས་བྱུང་། །རྡོ་རྗེ་རྒྱལ་པོ་དེ་བཞིན་ཆགས། །རྡོ་རྗེ་རིན་ཆེན་རྒྱལ་མཚན་དང་། །རྡོ་རྗེ་ཆོས་དང་དེ་བཞིན་རྣོ། །དེ་རྣམས་ཤེས་རབ་གཙོ་བོར་བསྟན། །

རྡོ་རྗེ་སེམས་དཔའ་རྡོ་རྗེ་ལེགས། །གཟི་བརྗིད་དེ་བཞིན་བཞད་པ་ཉིད། །རྒྱུ་དང་སྨྲ་བ་སེམས་དཔའ་ཆེ། །དེ་རྣམས་ཐབས་ལས་བྱུང་བ་ཡིན། །རྡོ་རྗེ་ལས་དང་རྡོ་རྗེ་བསྲུང་། །གནོད་སྦྱིན་དེ་བཞིན་ཁུ་ཚུར་ཉིད། །ཤེས་རབ་ཐབས་སུ་གྲགས་པ་སྟེ། །བརྟན་པ་ཆེན་པོ་ཚོགས་སུ་བཤད། །རྡོ་

เล่ม ๘๔ · หน้า 152b

རྗེའི་རིགས་རྣམས་ཀུན་གྱི་གཙོ། །རྡོ་རྗེ་ལྕགས་ཀྱུ་མ་རུ་བཤད། །རྡོ་རྗེ་རིན་ཆེན་མཆོག་གྱུར་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་ཕ། །ཕ་ནི་རྡོ་རྗེ་རྒྱལ་པོ་རྒྱུ། །མ་ནི་རྡོ་རྗེ་རྣོན་པོ་སྟེ། །པདྨའི་རིགས་ཆེན་བཟང་པོ་ཡི། །པད་འཛིན་གང་ལས་བྱུང་བའོ། །རྡོ་རྗེ་གཟི་བརྗིད་རིན་ཆེན་

པ། །རྒྱལ་མཚན་མ་ནི་ཡིན་པར་བསྟན། །ནོར་བུ་རིན་ཆེན་བཟང་པོ་ཡི། །རིན་ཆེན་གང་ལས་བྱུང་བའོ། །ཕ་ནི་རྒྱལ་པོ་རྡོ་རྗེ་ལས། །མ་ནི་གནོད་སྦྱིན་སྲུང་བ་སྟེ། །ལས་ཀྱི་རིགས་ཅན་བཟང་པོ་ཡི། །ལས་རྣམས་གང་ལས་བྱུང་བའོ། །དང་པོ་གང་ཞིག་ཅི་ཞེ་ན། །དངོས་ཀུན་དང་

པོ་ས་བོན་ཏེ། །རྡོ་རྗེ་ཅན་ཀུན་དང་པོ་སེམས། །འདུན་དང་དྲན་དང་ཏིང་ངེ་འཛིན། །རིགས་རྣམས་ཀུན་གྱི་དང་པོར་བཤད། །ཡང་གླེང་གཞི་ཅི་ཡིན་ཞེ་ན། །རིགས་བཞི་ལས་ནི་ཡང་དག་བྱུང་། །ཚངས་བའི་གནས་ཆེན་དང་ལྡན་པའི། །སྙིང་རྗེའི་བདག་ཉིད་ཅན་རྣམས་ཀྱི། །སྙིང་རྗེ་

ཆེན་པོ་གླེང་གཞི་ཡིན། །དམིགས་པ་གང་ཞིག་ཡིན་ཞེ་ན། །རྟོག་པ་མེད་ཅིང་དམིགས་པ་མེད། །དང་པོར་བྱང་ཆུབ་སེམས་བྱུང་བའི། །ཕ་རོལ་ཕྱིན་པ་མཆོག་དྲུག་ནི། །དེ་ཡི་དམིགས་པ་ཡིན་པར་བཤད། །རྐྱེན་གང་ཞེ་ན། རྟག་ཏུ་སྲིད་གསུམ་མངོན་དགའ་བ། །སེམས་

ཅན་སྡུག་བསྔལ་གྱུར་བལྟས་ནས། །སྙིང་རྗེ་དང་ནི་ལྡན་པ་ཡི། །བྱང་ཆུབ་སེམས་ཀྱིས་བསྐུལ་བའོ། །གསང་བ་འདི་ནི་གང་དུ་བྱུང་། །འོག་མིན་སྟུག་པོ་ཉམས་དགའ་ཞིང་། །སྟུག་པོའི་ཞིང་ཁམས་འཇིགས་མེད་པ། །དེ་ནས་སངས་རྒྱས་རྣམས་ཀྱི་ཆོས། །རྫོགས་པར་

ལོངས་སྤྱོད་ཚུལ་འདི་བྱུང་། །ཁྱབ་བདག་འདི་རྣམས་གང་ནས་བྱུང་། །རྡོ་རྗེ་རིན་ཆེན་མཆོག་ཆེན་གྱི། །གཞལ་ཡས་ཁང་པ་ཡིད་འོང་ཞིང་། །སངས་རྒྱས་རྣམས་ཀྱི་ཆོས་ལྡན་པ། །དེ་ནས་ཁྱབ་བདག་འདི་རྣམས་བྱུང་། །ཐོག་མ་ཐ་མ་མེད་འདི་ཅི། །གསང་བའི་དབང་ཕྱུག་ཆེན་པོ་

གསུང་། །སེམས་ཅན་ཀུན་གྱི་ཤེས་པ་དང་། །དེ་བཞིན་གཤེགས་པའི་སྙིང་པོ་དང་། །ཆོས་དབྱིངས་རྡོ་རྗེ་ཆེན་པོ་སྟེ། །ཐོག་མ་ཐ་མ་མེད་པར་བཤད། །རབ་ཏུ་དགའ་བ་ཉིད་འདི་ཅི། །བདེ་ཆེན་རབ་ཏུ་གྲུབ་བྱའི་ཕྱིར། །སངས་རྒྱས་བྱང་ཆུབ་བླ་ན་མེད། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །

เล่ม ๘๔ · หน้า 153a

རབ་ཏུ་དགའ་བ་ཉིད་ཅེས་བཤད། །རབ་བཟང་ཉིད་ནི་ཇི་ལྟ་བུ། །དངོས་པོ་ཀུན་མཆོག་རྡོ་རྗེ་ནི། །བྱང་ཆུབ་ཀྱི་ནི་སེམས་ཞེས་བརྗོད། །སངས་རྒྱས་སྐྱེད་བྱེད་བཟང་པོ་ཡི། །རྡོ་རྗེ་རབ་བཟང་ཉིད་ཅེས་བཤད། །རྡོ་རྗེ་སྙིང་བདག་ཇི་ལྟ་བུ། །གདུལ་བྱ་འཕགས་པའི་སྐྱེས་

མཆོག་ཉིད། །དེ་ནི་རྡོ་རྗེ་སྙིང་པོར་བརྗོད། །དེ་རྣམས་བདག་པོ་རྒྱལ་པོ་ནི། །རྡོ་རྗེ་སྙིང་པོ་བདག་པོར་བཤད། །ཅི་ཡི་ཕྱིར་ན་ཀུན་དུ་བཟང་། །བྱང་ཆུབ་སེམས་དཔའི་གནས་ལྡན་པའི། །འགྲོ་བ་སྲིད་པའི་སྐྱེ་གནས་གང་། །དེ་ཀུན་རྟག་ཏུ་བཟང་བས་ན། །ཀུན་དུ་བཟང་པོར་བརྗོད་པར་བྱ། །

རྡོ་རྗེ་རྡོ་རྗེ་འཆང་བ་གང་། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །རྡོ་རྗེ་གང་དེ་རྡོ་རྗེ་འཆང་། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །རྡོ་རྗེ་རྡོ་རྗེ་འཆང་བར་བརྗོད། །དང་པོའི་རིགས་ནི་ཇི་ལྟར་བྱུང་། །སངས་རྒྱས་ཀུན་གྱི་བྱང་ཆུབ་ཀྱིས། །གྲགས་ཆེན་རྫོགས་པར་བྱང་ཆུབ་པ། །དེ་ནི་དང་པོའི་རིགས་

བྱུང་སྟེ། །དེ་ཁོ་ན་ཉིད་རིགས་ལས་སོ། །ཡང་ན་རབ་ཏུ་མཁས་པ་རྣམས། །བསྐལ་པ་གྲངས་མེད་འདས་ནས་ནི། །རབ་ཏུ་དགའ་བའི་ས་ཐོབ་གང་། །དེ་ནི་དང་པོའི་རིགས་བྱུང་ཡིན། །ཆོས་ཀུན་སྐྱེ་བ་མེད་པ་དང་། །འབྱུང་བ་ཇི་ལྟར་རུང་བར་འགྱུར། །དེ་ཉིད་རྟོགས་ཤིང་ཤེས་པ་ཡིས། །

ཆོས་རྣམས་ཐམས་ཅད་རྟོག་པ་མེད། །ཆོས་དང་གང་ཟག་བདག་མེད་ལས། །རིགས་དེ་བྱུང་བ་ཉིད་དུ་འདོད། །ཆོས་རྣམས་འགའ་ཡང་སྐྱེ་བ་མེད། །ཆོས་རྣམས་འགག་པར་འགྱུར་བ་མེད། །རྣམ་པར་རྟོག་པ་ཉེར་ཞི་གང་། །དེ་ཉིད་སངས་རྒྱས་རིགས་ཆེན་ཡིན། །བྱང་ཆུབ་སེམས་

དཔའ་ཅི་ཡིན་བརྗོད། །ཆོས་རྣམས་ཐམས་ཅད་རྟོགས་པ་དང་། །འཁོར་བའི་གནས་ལས་སད་གྱུར་ཅིང་། །སེམས་ཅན་རྣམས་ཀྱིས་རྟོགས་བྱེད་པ། །དེ་ནི་བྱང་ཆུབ་སེམས་དཔར་བརྗོད། །ཅི་ཕྱིར་སངས་རྒྱས་བརྗོད་པར་བྱ། །དེ་བཞིན་ཉིད་བདེན་ཤིན་ཏུ་བརྟན། །དེ་ཁོ་ན་ཉིད་གང་

རྟོགས་ནས། །ཆོས་ཀུན་རྟོགས་པ་ཞེས་བྱ་གང་། །དེ་ནི་རྟོགས་པས་སངས་རྒྱས་བརྗོད། །དེ་བཞིན་གཤེགས་པ་ཅི་ཡིན་བརྗོད། །ཆོས་ཀྱི་དེ་ཉིད་ཡང་དག་གནས། །སླར་ཡང་གཞན་དུ་མི་འགྱུར་ཞིང་། །དེ་ཉིད་ལམ་ནི་སྟོན་བྱེད་པ། །དེ་ནི་དེ་བཞིན་གཤེགས་ཞེས་བྱ། །བཅོམ་

เล่ม ๘๔ · หน้า 153b

ལྡན་འདས་ནི་ཅི་ཡིན་བརྗོད། །ལས་དང་ཉོན་མོངས་དེ་བཞིན་སྐྱེ། །དེ་བཞིན་ཉོན་མོངས་ཤེས་བྱའི་སྒྲིབ། །མི་མཐུན་ཕྱོགས་ཀྱི་ཆོས་རྣམས་གང་། །དེ་བཅོམ་པས་ན་བཅོམ་ལྡན་བརྗོད། །དེ་ཡི་བཅོམ་པ་ཅི་ཡིན་བརྗོད། །བཅོམ་ལྡན་དེ་བཞིན་བཅོམ་པར་བརྗོད། །འདོད་པའི་

འདོད་ཆགས་གཅོད་བྱེད་ཅིང་། །ཉོན་མོངས་འཇོམས་ཤིང་ཕམ་བྱེད་པ། །དེ་ནི་དེ་ཡི་བཅོམ་པར་བརྗོད། །དེ་བཞིན་སྟོན་པའི་སྟོན་པ་ཅི། །ཉོན་མོངས་བདུད་སོགས་གཅོད་བྱེད་ཅིང་། །སྐྱེ་དགུ་མ་ལུས་ཐབས་ཆེན་གྱིས། །ངན་འགྲོ་སྲིད་ལས་སྐྱོབ་བྱེད་པ། །སྟོན་པའི་སྟོན་པར་བརྗོད་པ་

ཡིན། །ཅི་ཡི་ཕྱིར་ན་ཡེ་ཤེས་བརྗོད། །དེ་ཉིད་ཤེས་པས་ཡེ་ཤེས་ཏེ། །སླར་ཡང་ཆོས་སུ་རྟོག་པ་མིན། །རྟག་དང་ཆད་པ་སྤོང་བྱེད་ཅིང་། །འཆི་མེད་དེ་བཞིན་ཡེ་ཤེས་ནི། །ཤེས་རབ་ཡེ་ཤེས་ཅི་ཡིན་བརྗོད། །རྣམ་པ་མང་པོ་ཤེས་བྱེད་ཅིང་། །རྟོགས་པས་སྡུག་བསྔལ་ལས་གྲོལ་

བྱེད། །ཀུན་ནས་ཉོན་མོངས་ཆོས་སྤོང་པ། །ཤེས་རབ་ཡེ་ཤེས་ཞེས་སུ་བརྗོད། །ཅི་ཕྱིར་ཤེས་རབ་བརྗོད་པར་བྱ། །རབ་སྦྱོར་སྦྱོར་བ་ཤེས་འགྱུར་ཞིང་། །ཁྱད་པར་དུ་ནི་རྟོགས་པར་བྱེད། །བདེན་པ་དེ་བཞིན་ཉིད་ཤེས་པའི། །ཤེས་རབ་ཤེས་རབ་ཤེས་སུ་བཤད། །ཤེས་རབ་ཕ་རོལ་ཕྱིན་དོན་

ཅི། །ཉན་ཐོས་རང་རྒྱལ་ཕྱི་རོལ་གྱི། །ཤེས་རབ་ལས་ནི་བླ་མར་བརྗོད། །དེ་བཞིན་ཉིད་གཞོལ་ཕ་རོལ་ཕྱིན། །ཤེས་རབ་ཕ་རོལ་ཕྱིན་ཞེས་བཤད། །ཚུལ་ཞེས་བྱ་དོན་ཅི་ཡིན་བརྗོད། །ན་ནི་དགག་པའི་དོན་ཆེན་ཏེ། །དངོས་མེད་དངོས་པོ་མེད་མིན་པས། །གང་དུ་དྲི་མ་མེད་གྱུར་པ། །དེ་ནི་

དེ་ཡི་ཚུལ་དུ་བརྗོད། །ཏིང་འཛིན་དོན་འདི་ཅི་ཡིན་བརྗོད། །ཆོས་ཀུན་དངོས་པོ་མེད་ཅེས་པའི། །མཉམ་པ་ཉིད་དུ་རབ་གནས་པའི། །ཤེས་རབ་ཅན་གྱིས་ལྷག་པར་བསྟེན། །སེམས་ལ་དམིགས་པར་བརྗོད་པར་བྱ། །ཅི་ཡི་ཕྱིར་ན་བསམ་གཏན་བརྗོད། །སྡུག་བསྔལ་ཐམས་ཅད་སྤོང་བྱེད་

ཅིང་། །ཉོན་མོངས་དྲ་བ་རབ་འཇོམས་པའི། །ཤེས་རབ་བཅས་པར་སེམས་པ་ནི། །སྲིད་པ་འཇོམས་པར་བྱེད་པའི་མཆོག །རྣལ་འབྱོར་དོན་ནི་ཅི་ཡིན་བརྗོད། །ཆོས་རྒྱ་ཆེན་པོ་དམ་པ་དང་། །ཟབ་མོའི་མཆོག་ཏུ་གྱུར་པ་དེས། །ཀུན་ཤེས་ཀུན་རིག་ལྡན་འབྱོར་པའི། །རྣལ་འབྱོར་དུ་ནི་བརྗོད་

เล่ม ๘๔ · หน้า 154a

པར་བྱ། །རྣལ་འབྱོར་པ་ནི་ཅི་ཡིན་བརྗོད། །ཤེས་རབ་ཀྱི་ན་དེས་སེམས་པ། །རྣལ་འབྱོར་རྣལ་འབྱོར་དོན་སེམས་ཤིང་། །སེམས་ཅན་ཀུན་གྱི་དོན་སེམས་གང་། །དེ་ནི་རྣལ་འབྱོར་པ་དོན་བརྗོད། །ང་ནི་ཀུན་གྱི་རྒྱལ་པོ་ཆེ། །ཐམས་ཅད་རིག་ཅིང་ཐམས་ཅད་སྟེར། །

རྡོ་རྗེ་འཆང་ཆེན་དང་པོ་སྟེ། །བདེ་བ་ཡི་ནི་རྒྱུ་འདི་ཡིས། །དེ་བཞིན་ང་ནི་འཇིག་རྟེན་གསུམ། །ཁམས་གསུམ་རྣལ་འབྱོར་རིག་པའི་མཆོག །དེ་བཞིན་འཁོར་བ་མྱ་ངན་འདས། །བདེ་འགྲོ་དང་ནི་ངན་འགྲོ་དང་། །འདོད་པ་ལྔ་ལ་ལོངས་སྤྱོད་ཡི་ན། །སྲིད་གསུམ་འདི་ཡི་དོན་ཅི་

ཞིག །སེམས་ཅན་ཀུན་གྱི་སེམས་གང་ཡིན། །སྲིད་པ་གསུམ་དུ་བརྗོད་པར་བྱ། །འདོད་དང་གཟུགས་དང་གཟུགས་མེད་ལས། །འདི་ལྟར་ཐམས་ཅད་རིག་པ་མཆོག །བདག་མེད་བྱེད་པ་པོ་ཡང་མེད། །ཆོས་ཀྱང་ཡོད་པ་མ་ཡིན་ཏེ། །དགེ་དང་མི་དགེ་བྱེད་པ་ཡི། །བག་ཆགས་

ཀྱིས་ནི་ཀུན་དུ་བསྒྲིབས། །ཆོས་ནི་ཐོག་མེད་དུས་ཅན་ཏེ། །བྱེད་པ་པོ་ནི་ཡོད་མ་ཡིན། །རྟོག་པས་ཉམས་པའི་སེམས་ལྡན་པས། །རྒྱུ་དང་འབྲས་བུར་མཐོང་བར་འགྱུར། །ཀུན་གཞི་ས་བོན་ཐམས་ཅད་པ། །དེ་ནི་ཆོས་ཀུན་སྐྱེད་པར་བྱེད། །བསྒོས་ཤིང་བག་ཆགས་དང་ལྡན་

པ། །དེ་ནི་སྲིད་པ་གསུམ་ཞེས་བྱ། །འདོད་པའི་ལས་སྐྱེས་ཁམས་གསུམ་གྱི། །རྒྱུར་ནི་ཀུན་གཞི་དེ་ཉིད་སྣང་། །གཟུགས་དང་གཟུགས་མེད་འགྲོ་བ་ཡི། །ཆོས་རྣམས་ཀུན་གྱི་གནས་ཀྱང་ཡིན། །ཆོས་ཀུན་རྣམ་པར་དག་པའི་ཕྱིར། །ཉེས་པ་ཀུན་དང་བྲལ་བ་སྟེ། །ཐོག་མ་

མེད་འབྱུང་ཆོས་སྙིང་པོ། །བློ་བུར་དྲི་མས་ཉོན་མོངས་འགྱུར། །ང་ནི་ཁོ་ན་ཆོས་ཆེན་པོ། །ང་ནི་ཆོས་ཀྱི་སྙིང་པོར་བ་ཤད། །དེ་བས་ང་ནི་རྒྱལ་པོ་ཆེ། །ང་ནི་སྲིད་པ་གསུམ་དུ་བསྒྲགས། །འཇིག་རྟེན་གསུམ་ནི་ཅི་ཡིན་བརྗོད། །འདོད་པ་འཇིག་རྟེན་དེ་བཞིན་གཟུགས། །གཟུགས་མེད་

པ་ཡི་སྐྱེ་དགུ་རྣམས། །འཇིག་རྟེན་གསུམ་པོ་ཞེས་པ་སྟེ། །རང་བྱུང་ང་ཉིད་ཁོ་ན་ཡིན། །འདོད་པ་ཞེས་བྱ་ཆོས་ཆེན་ཏེ། །དག་པ་བཙལ་བར་བྱ་བའི་ཕྱིར། །གཟུང་འཛིན་ཆོས་རྣམས་ཞེས་བྱ་བའི། །དེ་བཞིན་ཉིད་ལས་སོ་སོར་རྟོག །ཆོས་ཀྱི་དབྱིངས་དང་དབྱེར་མེད་ཕྱིར། །ང་ནི་

เล่ม ๘๔ · หน้า 154b

ཆོས་དེ་དག་པར་བྱེད། །དེ་བས་ང་ནི་རྒྱལ་པོ་ཆེ། །འཇིག་རྟེན་གསུམ་གྱི་བདག་པོར་བསྟན། །ཇི་ལྟར་འདོད་པ་དེ་བཞིན་གཟུགས། །དེ་བཞིན་གཟུགས་མེད་རབ་ཏུ་བསྒྲགས། །སྟོང་པ་ཉིད་དང་དབྱེར་མེད་པའི། །ང་ནི་སྙིང་པོའི་བདག་པོར་བཤད། །ཁམས་གསུམ་པ་ཡི་དོན་ཅི་

ཞིག །འདོད་ཁམས་དེ་བཞིན་གཟུགས་ཁམས་དང་། །གཟུགས་མེད་པ་ནི་ཉིད་དག་དང་། །ཁམས་གསུམ་བཟང་པོ་འདི་དག་ནི། །རང་བྱུང་ང་ཉིད་ཁོ་ན་ཡིན། །འདི་ནི་ཁམས་དང་རྒྱུ་དང་དོན། །ཁམས་གསུམ་གྱི་ནི་རྒྱུ་སེམས་པ། །སྟོང་དང་མཚན་མ་མེད་བཤད་ཅིང་། །སྨོན་

པ་མེད་པ་ང་ཉིད་བསྟན། །འཁོར་བའི་དོན་ནི་ཅི་ཞིག་ཡིན། །བྱིས་པ་རྣམས་ནི་ཀུན་དུ་འབྱུང་། །དེ་བཞིན་ཡང་དང་ཡང་དུ་འཁོར། །འཁོར་བ་དག་པའི་བདག་ཉིད་དེ། །རང་བྱུང་ང་ཉིད་ཁོ་ན་ཡིན། །གང་ལ་འཁོར་བ་ཡོད་པ་ཡི། །ཆོས་ནི་རྡུལ་ཙམ་ཡོད་མ་ཡིན། །ཡང་དག་མ་

ཡིན་ཀུན་བརྟགས་ཕྱིར། །དེ་ནི་ཐོག་མཐའ་མེད་པ་ཡིན། །མེད་གང་དེ་ནི་སྟོང་པ་སྟེ། །སྟོང་པ་ཉིད་གང་ང་ཉིད་དོ། །དེ་བས་འཁོར་བ་དེ་ཉིད་ནི། །རྡོ་རྗེ་འཆང་རྒྱལ་ང་ཉིད་བསྒྲགས། །མྱ་ངན་འདས་པ་ཅི་ཡིན་བརྗོད། །གང་ཞིག་དེ་བཞིན་ཉིད་རྟག་སྟོང་། །བདེན་བཞི་རང་བཞིན་

བཟང་པོ་ཉིད། །མཚན་ཉིད་དང་ནི་དངོས་པོ་གཟུགས། །མཚན་མ་ཉིད་ཀྱང་རྣམ་པར་སྤངས། །ཚིག་དང་སྒྲ་ཡིས་གཟུང་བྱ་མིན། །རྣམ་པར་རྟོག་པ་ཡོད་མ་ཡིན། །དེ་བས་མྱ་ངན་འདས་སྒྲ་རུ། །ང་ཉིད་ཁོ་ན་རབ་ཤེས་བྱ། །དེ་ཡི་རྟག་པའི་དོན་ཅི་ཞིག །རྟག་ཉིད་རྟག་ལ་

འབྱུང་གནས་ཏེ། །རྣམ་པར་རྟོག་པ་དང་བྲལ་གང་། །རྟག་པ་དེ་ཉིད་ཁོ་ན་ནི། །མྱ་ངན་འདས་པའི་སྒྲ་རུ་བསྒྲགས། །འཇིག་པ་ཡང་ནི་ཅི་ཡིན་བརྗོད། །གང་ཞིག་འཁོར་བར་མི་འཇུག་ཅིང་། །ཐམས་ཅད་མི་རྟག་པ་ཉིད་དང་། །སྡུག་བསྔལ་འབྱུང་བ་འགོག་བྱེད་པའི། །འཇིག་

པ་མྱ་ངན་འདས་སྒྲ་ཡིན། །དག་པ་ཡང་ནི་ཅི་ཡིན་བརྗོད། །ཡོད་པའང་མ་ཡིན་མེད་པའང་མིན། །དངོས་པོའང་མ་ཡིན་དངོས་མེད་མིན། །བརྗོད་བྱ་རྗོད་བྱེད་མ་ཡིན་མིན། །དག་པ་མྱ་ངན་འདས་ཉིད་ཡིན། །ཐེག་པ་ཆེན་པོ་ཅི་ཡིན་བརྗོད། །སངས་རྒྱས་ཐམས་ཅད་གཤེགས་

เล่ม ๘๔ · หน้า 155a

གྱུར་ཅིང་། །ཐེག་པ་ཀུན་ལས་ངེས་རྒྱལ་བ། །ཡང་དག་གྱུར་པའི་སེམས་ཅན་ནི། །ཐེག་པ་ཆེན་པོ་ཞེས་སུ་བསྟན། །མཐུ་དང་ལས་རྣམས་འཇུག་པ་དང་། །ཚོགས་རྣམས་རྣལ་འབྱོར་ངོ་མཚར་རྣམས། །རྒྱ་ཆེ་ཞེས་པ་ཐེག་ཆེན་ཏེ། །སངས་རྒྱས་ཀུན་གྱི་ངོ་

མཚར་མཆོག །ནམ་མཁའི་དོན་ནི་ཅི་ཞིག་ཡིན། །ས་ཉིད་ཀྱང་ནི་ཅི་ཡིན་བརྗོད། །འབྱུང་བ་མེད་ཅིང་རྫས་ཀྱང་མེད། །སྐྱེ་བ་མེད་ཅིང་འཆི་བ་མེད། །དུས་གསུམ་དངོས་པོ་དང་བྲལ་མཆོག །ནམ་མཁའ་ཞེས་པའི་སྒྲ་རུ་བསྟན། །ཡང་དང་ཡང་དུ་སྐྱེ་བ་དང་། །དེ་བཞིན་ཉོན་མོངས་ཀུན་

བདག་ཉིད། །གྲངས་མེད་དཔག་མེད་དང་བྲལ་བ། །དེ་ནི་ས་ཉིད་བརྗོད་པར་བྱ། །འབྱུང་བ་ཆེན་པོ་གང་ལས་བྱུང་། །འགོག་པ་ཅི་ཡིན་གང་གིས་བྱེད། །མ་རིག་ཉོན་མོངས་ལ་སོགས་ལས། །འབྱུང་བ་ཆེན་པོ་ཡང་དག་འབྱུང་། །ས་བོན་ཀུན་ལྡན་ཀུན་གཞི་ནི། །ཕྱི་དང་ནང་གི་བདག་

ཉིད་འདོད། །གནས་ནི་ཡོངས་སུ་གྱུར་པ་དང་། །ཀུན་གཞི་ས་བོན་མི་འབྱུང་ཞིང་། །རྟོག་པ་ཐམས་ཅད་དང་བྲལ་བ། །འབྱུང་བ་ཆེན་པོ་འགོག་པ་ཡིན། །རྟོག་པ་ཆེན་པོའི་རྒྱལ་པོ་མཆོག་ཏུ་གསང་ཞིང་སྦས་པ་རྣལ་འབྱོར་ཆེན་པོའི་རྒྱུད། རྡོ་རྗེ་རྩེ་མོ་ལས་ཤིན་ཏུ་གསང་བ་སྟུག་

པོའི་ཚོགས་ཀྱི་ལས་ཐམས་ཅད་བསྡུས་པ་སྟེ། དྲུག་པ་ལས་སེམས་དཔའ་བཅུ་དྲུག་གི་བཤད་པ་ཞེས་བྱ་བ་བཤད་པའི་དང་པོ་རྫོགས་སྟོ།། །།ཅི་ཡི་ཕྱིར་ན་ཕྱག་རྒྱར་བརྗོད། །གང་གིས་ཕྱག་རྒྱ་བཅིངས་གྱུར་པ། །དེས་ནི་སྲོག་ཆགས་གདུག་ཀུན་དང་། །འགྲོ་བ་སྡིག་ཅན་ཐམས་

ཅད་དང་། །རྟག་ཏུ་རྒྱས་ནི་བཏབ་པར་འགྱུར། །ཅི་ཕྱིར་སྔགས་སུ་བརྗོད་པར་བྱ། །གསང་སྔགས་རྣམས་ནི་འབོད་བྱེད་ཅིང་། །གདུག་པ་ཐམས་ཅད་སྐྲོད་པར་བྱེད། །ཉོན་མོངས་སྔགས་རྣམས་འཇོམས་བྱེད་ཅིང་། །སངས་རྒྱས་ཆོས་ནི་སྤྱན་འདྲེན་ཡིན། །ཅི་ཕྱིར་ཞེ་ན་རིག་སྔགས་བརྗོད། །

འདོད་ཆགས་མུན་པ་རྣམས་འདུལ་ཞིང་། །ཉོན་མོངས་རྣམས་ཀྱང་རྣམ་པར་འདུལ། །མ་རིག་པ་ནི་ཟློག་བྱེད་པ། །ང་ནི་རིག་སྔགས་ལེགས་པར་བརྗོད། །གཟུངས་སྔགས་རྣམས་ནི་ཅི་ཡིན་བརྗོད། །ཆོས་རྣམས་ཀྱི་ནི་རྟེན་བྱེད་ཅིང་། །སྲིད་པའི་ཕྱོགས་ནི་རབ་འཇོམས་བྱེད། །

เล่ม ๘๔ · หน้า 155b

སངས་རྒྱས་ཆོས་རྣམས་ཐོབ་བྱེད་ཅིང་། །དགེ་བ་ལ་རྟེན་སྦྱིན་པའང་ཡིན། །ཕྱག་རྒྱ་ཡི་ནི་མཚན་ཉིད་བརྗོད། །སངས་རྒྱས་ཀུན་དང་བརྟུལ་ཞུགས་ལྡན། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རྡོ་རྗེ་འཆང་བ་ཐམས་ཅད་དག །སྤྱོད་ལམ་ཕྱག་རྒྱ་མཚོན་པར་བྱེད། །སྔགས་

རྣམས་ཀྱི་ནི་མཚན་ཉིད་ཀྱང་། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་ཅིང་། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །སྔགས་ཀྱི་མཚན་ཉིད་ཡིན་པར་བརྗོད། །རིག་སྔགས་ཀྱི་ནི་མཚན་ཉིད་གསུངས། །འཁོར་བར་མྱོང་བའི་སྡུག་བསྔལ་དང་། །འདོད་

ཆགས་ལ་སོགས་ཉེས་པའི་ཚོགས། །རིགས་དང་བཅས་པ་ཞི་བྱེད་པའི། །རིག་སྔགས་ཀྱི་ནི་མཚན་ཉིད་བརྗོད། །དེ་བཞིན་ཁོ་ནར་གཟུངས་སྔགས་ཀྱི། །སངས་རྒྱས་ཆོས་རྣམས་འཛིན་བྱེད་ཅིང་། །ཆོས་རྣམས་འཛིན་པར་བྱེད་པ་དང་། །དགེ་བ་ཞེས་བྱ་འཛིན་བྱེད་པ། །

གཟུངས་སྔགས་ཀྱི་ནི་མཚན་ཉིད་བརྗོད། །རྩ་བའི་ཕྱག་རྒྱའི་གནས་ནི་གང་། །ཇི་ལྟར་བཅིང་བྱ་ཐུབ་ཆེན་པོ། །ཕྱག་རྒྱ་དག་ནི་འཆིང་བ་ན། །ཇི་ལྟར་རྡོ་རྗེ་ཅན་ཀུན་མཉེས། །དང་པོ་ཁོ་ནར་ཁྲུས་བྱ་ཞིང་། །དེ་བཞིན་ཕྱོགས་དག་བཅིང་བ་དང་། །ལོག་འདྲེན་རྣམས་ཀྱང་བཅིང་བྱ་

སྟེ། །གོས་དག་གཙང་མ་བགོ་བྱ་ཞིང་། །གྲོང་དང་ཡུལ་འཁོར་དག་དང་ནི། །གྲོང་ཁྱེར་དང་ནི་གྲོང་རྡལ་རྣམས། །དེ་ཡི་དབུས་སུ་ཕྱག་རྒྱ་དག །ནམ་ཡང་བཅིང་བར་མི་བྱ་སྟེ། །ལྷ་ཁང་ཡང་ན་དགོན་པའམ། །རི་བོ་ཡི་ནི་ཕུག་དག་གམ། །རྣམ་པ་སྣ་ཚོགས་ཀྱིས་

དབེན་ཞིང་། །འདུ་འཛི་མེད་པའི་གནས་གཙང་མ། །དེར་ནི་སྐྱིལ་ཀྲུང་བཅའ་བར་བྱ། །བཀྲ་ཤིས་སྐྱིལ་ཀྲུང་ཉིད་བྱ་སྟེ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སྙིང་པོར་བཅིངས་པ་བཞིན། །དེར་ནི་མིག་དག་བཙུམ་བྱ་ཞིང་། །སོ་ལ་སོ་ནི་གཞག་པར་བྱ། །མཆུ་

གཉིས་དག་ཀྱང་མཉམ་བྱ་ཞིང་། །དྲན་པ་རྩེ་གཅིག་བྱས་ནས་ཀྱང་། །སྦྱོར་མེད་སྦྱོར་བའི་སྔགས་བཟླ་ཞིང་། །ཕྱག་རྒྱ་ཆེན་པོ་བཅིང་བར་བྱ། །ཕྱག་རྒྱའི་རྣམ་པ་དེ་ལྟ་བུའི། །བཅིངས་པས་རྡོ་རྗེ་ཅན་ཀུན་མཉེས། །རིག་སྔགས་ཇི་ལྟར་བཟླ་བར་བྱ། །དབང་ཕྱུག་ཆེན་པོ་གསང་བས་

เล่ม ๘๔ · หน้า 156a

གསུངས། །རིག་སྔགས་དག་ནི་ཟློས་པ་ན། །ཇི་ལྟར་ཡིད་ཀྱིས་རྡོ་རྗེ་བཟླས། །སྐྱིལ་ཀྲུང་ཇི་ལྟ་བ་བཞིན་བྱ། །དྲན་དང་ཡིད་ནི་མ་གཡེངས་པས། །རིག་སྔགས་དག་ནི་བཟླ་བྱ་ཞིང་། །སྐུ་ཉིད་ཀྱང་ནི་བསམ་པར་བྱ། །མཆུ་ཡིས་མ་ཡིན་གཅིག་ཀྱང་མིན། །

རྐན་གཉིས་ཀྱིས་ཀྱང་མ་ཡིན་ཏེ། །ལྕེ་དང་ལྐོག་མས་ཀྱང་མ་ཡིན། །རྟག་ཏུ་སྙིང་ག་ནས་ཀྱང་མིན། །ཤིན་ཏུ་ཕྲ་བའི་ཡིད་ཀྱིས་ནི། །སེམས་ནི་ཆོ་ས་ཉིད་ནང་ཆུད་བྱ། །དེ་ལྟར་བཟླས་པ་བྱས་ན་ནི། །ཡིད་ཀྱིས་རྡོ་རྗེ་བཟླས་པ་ཡིན། །ཨོྃ་ནི་ཅི་ཞིག་ཡིན་པར་བ་ཤད། །མཆོག་

དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །སྲིད་པའི་ཞགས་པ་གཅོད་བྱེད་ཅིང་། །གདུག་པ་

སྔངས་ཤིང་གསོད་བྱེད་པའི། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཡི་གེ་ཕཊ་ནི་ཅི་ཡིན་བརྗོད། །གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང་། །བདེ་བདག་ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་སྒྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །སྭཱ་ཧཱ་ཞེས་པ་ཅི་ཡིན་

བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཉེས་པར་བྱས་པ་འཕྲོག་བྱེད་ཅིང་། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །མཆོད་པ་ཅི་ཕྱིར་བརྗོད་པར་བྱ། །མཆོད་པར་བྱེད་པས་མཆོད་པ་སྟེ། །གང་དུ་གསང་བྱ་མི་འཇིགས་

པའི། །དེ་ཡི་མཆོད་པ་རྣམ་མང་འགྱུར། །ཕྱི་རོལ་གྱི་ནི་མཆོད་པ་མིན། །འདི་ནི་སངས་རྒྱས་ཀུན་གྱིས་མཆོད། །དེ་བཞིན་དུ་ནི་ཐར་པའི་མཆོག །གསང་བའི་མཆོད་པ་དེ་རྣམས་ནི། །འཇིགས་མེད་རྒྱལ་སྲས་རྣམས་ཀྱི་ནི། །སངས་རྒྱས་ཀུན་གྱི་རང་བཞིན་དང་། །ཉིད་ཀྱི་སྲས་

ཀྱིས་མཚུངས་མེད་པའི། །ཆོ་ག་བསྒྲུབ་པའི་གསང་བ་ནི། །རྟག་ཏུ་རིག་པ་འཛིན་པའི་མཆོག །དེ་བཞིན་དམ་ཚིག་ཤེས་ཉིད་ཀྱང་། །ཞུགས་པ་གང་དང་གང་ཡིན་པ། །དེ་ནི་དམ་ཚིག་ཤེས་པ་ཡིན། །དམ་ཚིག་གོམས་པར་བྱེད་པ་ཡང་། །དམ་ཚིག་ཤེས་པ་ཡིན་པར་

เล่ม ๘๔ · หน้า 156b

བརྗོད། །བསྐལ་པ་གྲངས་མེད་འདས་པ་ཡི། །བྱང་ཆུབ་སེམས་དང་མཚུངས་པར་འགྱུར། །གསང་བའི་དམ་ཚིག་ལ་ཞུགས་པ། །དེ་ཡི་དམ་ཚིག་ཤེས་པར་བརྗོད། །ཅི་ཡི་ཕྱིར་ན་དཀྱིལ་འཁོར་ཡིན། །དམ་པའི་ཆོས་ཀྱི་བཅུད་སྙིང་པོ། །འབྱུང་བས་དེ་ནི་དཀྱིལ་

འཁོར་བརྗོད། །དཀྱིལ་འཁོར་ཆེན་པོ་གསང་བ་ཆེ། །ཆོས་ཆེན་ཤིན་ཏུ་བསྟན་པའོ། །དཀྱིལ་འཁོར་ཆོ་ག་ཇི་ལྟ་བུ། །ཆོ་ག་ཆོས་དང་རྣལ་འབྱོར་ཏེ། །གསང་བའི་ཐར་པ་ཡང་དག་འབྱུང་། །སྐྱེ་བ་འདི་ཉིད་ཁོ་ན་ལ། །རབ་དགའ་སྒྲུབ་པར་བྱེད་པའི་མཆོག །དཀྱིལ་འཁོར་

དུ་ནི་ཞུགས་པ་ཡི། །སྐྱེས་པའམ་ཡང་ན་བུད་མེད་ཀྱིས། །བྱ་བ་གང་ཞིག་བྱ་བ་ནི། །གསུངས་ཤིག་གསང་བའི་དབང་ཕྱུག་ཆེ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །བྱང་ཆུབ་སེམས་ཆེན་བསྐྱེད་པ་དང་། །དེ་བཞིན་དུ་ནི་སྒྲུབ་པའི་མཆོག །ཤིན་ཏུ་བརྟན་

པར་བྱ་བ་ཡིན། །ཐུབ་པའི་དཀྱིལ་འཁོར་ཞུགས་པ་ལ། །སྡོམ་པ་ཇི་ལྟར་སྦྱིན་པར་བྱ། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པ་ཡང་བླང་མི་བྱ། །འདོད་པས་ལོག་པར་གཡེམ་མི་བྱ། །བརྫུན་དུ་ཡང་ནི་སྨྲ་མི་བྱ། །ཉེས་པ་ཀུན་གྱི་རྩ་བ་ཡི། །ཆང་དག་འཐུང་

བ་སྤང་བར་བྱ། །བྱ་བ་མ་ཡིན་ཐམས་ཅད་དོར། །མཆོག་ཏུ་སེམས་ཅན་གདུལ་བར་བྱ། །དམ་པ་རྣམས་ལ་རིམ་གྲོ་དང་། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །རྣལ་འབྱོར་རིག་པ་བསྒྲུབ་པའི་ཕྱིར། །མཁས་པ་རྣམས་ལ་བསྟེན་པར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་

དང་། །ངག་གི་ཡང་ནི་རྣམ་པ་བཞི། །ཡིད་ཀྱི་རྣམ་པ་གསུམ་དག་ཀྱང་། །ཅི་ནུས་པར་ནི་བསྲུང་བར་བྱ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཚུངས། །སྔགས་དང་ཕྱག་རྒྱ་རྣམས་ལ་ཡང་། །ནམ་ཡང་བརྙས་པར་མི་བྱའོ། །འཁོར་ལོ་རྡོ་རྗེ་པདྨ་

སོགས། །མཚན་མའི་ཕྱག་རྒྱ་གང་ཡིན་པ། །འགོམ་པ་ཉིད་དུ་མི་བྱ་ཞིང་། །བཟའ་བར་ཡང་ནི་མི་བྱའོ། །དེ་བཞིན་སྨན་མ་ལྷ་ཡི་གྲིབ། །རྐང་པ་དག་གིས་བརྫི་མི་བྱ། །དེ་ཡི་སྟེང་དུ་འདུག་མི་བྱ། །སླར་ཡང་གཞག་པར་མི་བྱའོ། །ལྷ་ཡི་ཕྱག་མཚན་བཟང་པོ་དང་། །

เล่ม ๘๔ · หน้า 157a

ལྷ་ཡི་བཞོན་པའི་མཚན་མ་རྣམས། །འགོམ་ཞིང་བརྙས་པར་མི་བྱ་སྟེ། །སེམས་ཅན་ལ་ནི་གནོད་མི་བྱ། །དེ་ཡིས་སྲོག་གི་ཕྱིར་ཡང་ནི། །འདོར་བར་མི་བྱ་གང་ཞིག་ཡིན། །འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་ཆུབ་སེམས་ནི་དོར་མི་བྱ། །རྡོ་རྗེ་དྲིལ་བུ་ཕྱག་

རྒྱ་ནི། །ནམ་ཡང་དོར་བར་མི་བྱའོ། །དཀོན་མཆོག་གསུམ་ལ་དད་པ་ཡང་། །རྣམ་པ་ཀུན་ཏུ་གཏང་མི་བྱ། །སྡོམ་པ་གཏང་བར་མི་བྱའོ། །བདག་ཉིད་གདུང་བར་མི་བྱའོ། །ཁྲུས་ཀྱི་ལས་ནི་ཇི་ལྟར་བྱ། །མི་དགེ་བཅུ་ནི་སྤོངས་ནས་སུ། །དགེ་བ་བཅུ་ནི་སྟེན་བྱེད་ཅིང་། །འབྱུང་

པོ་རྣམས་ལ་ཕན་འདོད་པ། །ནང་གི་བདག་ཉིད་ཁྲུས་སུ་འདོད། །བདག་ཉིད་རབ་ཏུ་དག་བྱའི་ཕྱིར། །བདག་ཉིད་ཕྱག་རྒྱས་རྒྱས་གདབ་ཕྱིར། །ཕྱག་རྒྱ་ཐམས་ཅད་ཡང་དག་བཅིངས། །རྣལ་འབྱོར་པ་ཡི་ཁྲུས་སུ་བརྗོད། །གསང་བའི་ཁྲུས་ལྔ་ཁས་ལེན་པའི། །ཆུ་ཡི་ཁྲུས་

ནི་བྱ་བ་སྟེ། །ལས་འདི་རྣམ་པར་རྟོག་པའི་ཁྲུས། །རྡོ་རྗེ་སློབ་དཔོན་དག་གིས་བྱ། །ཡང་ན་ཆོ་གས་ཁྲུས་བྱ་བ། །མཆོག་ཏུ་ངོ་མཚར་བཤད་བྱ་སྟེ། །དང་པོར་བདག་ཉིད་གོ་བགོ་ཞིང་། །བདག་ཉིད་བཀྲུ་བའི་ཕྱིར་དུ་ནི། །ཁྲོ་བོ་ཡང་ནི་དྲན་པར་བྱ། །དོན་ཀུན་རབ་ཏུ་སྒྲུབ་བྱེད་

པའི། །ཡིག་གཉིས་གོ་ཆ་བཟང་པོ་ཡིན། །རྡོ་རྗེ་གནོད་སྦྱིན་དྲག་ཆེན་དང་། །ཁྲོ་བོ་བདུད་རྩི་འཁྱིལ་བ་སྟེ། ཨོྃ་བཛྲ་ཀཱི་ལི་ཀཱི་ལི་བཛྲ་ཧཱུྃ་ཕཊ། ཨོྃ་ཊུཾ་གོ་ཆའོ། །ཨོྃ་ཧཱུྃ་ཨཱ་རྡོ་རྗེ་གནོད་སྦྱིན་གྱིའོ། །ཨོྃ་ཨ་མྲྀ་ཏེ་ཧཱུྃ་ཕཊ། བདུད་རྩི་འཁྱིལ་པའི་འོ། །རྡོ་རྗེའི་གསང་སྔགས་

འདི་དང་ནི། །རྡོ་རྗེ་འབར་བའི་ཕྱག་རྒྱ་ཡིས། །རྡོ་རྗེ་འབར་རབ་བཟོད་དཀའ་བས། །བདག་ཉིད་དག་ནི་འབར་བ་བྱ། །ཨོཾ་དྷུ་པི་དྷུ་པི་ཀཱ་ཡ་དྷུ་པི་པྲ་ཛཱ་ལ་ནི་སྭཱ་ཧཱ། ཆུ་ཡི་ནང་དུ་འཇུག་པ་དང་། །སྙིམ་པ་གསུམ་ནི་བླུགས་པ་དང་། །སངས་རྒྱས་ཀུན་གྱི་རིགས་དག་ལ། །རིག་

སྔགས་འདི་ནི་འདོད་པ་ཡིན། །རིག་སྔགས་མངོན་པར་བཟླས་པ་ཡི། །ས་ཡི་ཕུང་པོ་གསུམ་དག་ནི། །བདག་གི་སྟོད་དང་སྨད་དང་དབུས། །རབ་ཏུ་དག་བྱེད་མཆོག་ཡིན་ནོ། །ཨོྃ་བྷཱུ་ར་ཛ་ལ་ཧཱུྃ། སངས་རྒྱས་ཐམས་ཅད་རྗེས་དྲན་པས། །རིག་སྔགས་ཐམས་ཅད་མངོན་བཟླས་

เล่ม ๘๔ · หน้า 157b

པའི། །ཆུ་ནི་ཕྱག་རྒྱ་ཀུན་གྱིས་བླང་། །རིག་སྔགས་འདི་ནི་གསང་བར་འདོད། །ཕྱོགས་ནི་ཇི་ལྟར་བཅིང་བ་ཡིན། །མེ་ལྷ་རྒྱལ་ཆེན་ཤར་ཕྱོགས་སུ། །ལྷོ་ཡི་ཕྱོགས་སུ་གཤིན་རྗེ་དང་། །ནུབ་ཏུ་རླུང་ལྷ་ཉིད་དང་ནི། །བྱང་དུ་ཆུ་ལྷ་གཞོམ་པར་འདོད། །རྣལ་འབྱོར་པ་ཡིས་གཟུགས་

བཞི་ནི། །ཕྱོགས་བཞི་དག་ཏུ་ངེས་པར་བཅིང་། །དེ་ནས་སྟེང་འོག་མཚམས་རྣམས་སུ། །རྡོ་རྗེ་ནག་མོས་ངེས་པར་གཅད། །བགེགས་བཅིང་བ་ནི་ཇི་ལྟར་ལགས། །རྡོ་རྗེ་ཁུ་ཚུར་རབ་འབར་དང་། །རྡོ་རྗེ་ཉི་མ་ལྟར་འབར་དང་། །རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་ཡིས། །བགེགས་བཅིང་

བ་ནི་བརྟན་པར་འགྱུར། །དགའ་བ་ཆེན་པོ་ཇི་ལྟ་བུ། །རབ་ཏུ་གུས་བཅས་ཕྱག་དག་བྱ། །ཕྱག་རྒྱ་བཞི་ཡིས་ཕྱོགས་བཞི་རུ། །ལྔ་པ་བརྩེགས་པའི་ཕྱག་རྒྱ་ཡིས། །སྟེང་དང་འོག་དང་མཚམས་རྣམས་སུ། །བསྟོད་དང་བཅས་པས་ཕྱག་བྱའོ། །རྡོ་རྗེ་སློབ་དཔོན་སྐལ་ཆེན་གྱི། །

མཆོག་ཏུ་གསང་བའི་དམ་པ་ཡིས། །བརྩེགས་པའི་ཕྱག་རྒྱའི་དཀྱིལ་འཁོར་དུ། །དེ་བཞིན་དུ་ནི་བཅིང་བར་བྱ། །མཆོད་པ་ཇི་ལྟར་ཡིན་ཞེ་ན། །རིག་སྔགས་མངོན་པར་བཟླས་མཆོད་དང་། །ཕྱག་རྒྱ་བཅིང་བ་ལྷུར་ལེན་དང་། །རྣལ་འབྱོར་བསྒོམ་པའི་མཆོད་པ་དང་། །སྒྲུབ་པ་དག་གི་

མཆོད་པའོ། །སྦྱིན་སྲེག་ལས་ནི་ཇི་ལྟ་བུ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་དག་དང་། །བསྲེག་བྱ་སྦྱིན་སྲེག་མཆོག་ཡིན་ནོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བའོ། །དེ་ནས་རྡོ་རྗེ་རིག་འཛིན་གྱི། །སྙིང་པོ་གསང་བ་ཀུན་

བསྡུས་པའི། །ཤིན་ཏུ་སྦས་པ་དམ་པའི་མཆོག །དེ་ཁོ་ན་ཉིད་བཤད་པར་བྱ། །རྡོ་རྗེ་སློབ་དཔོན་སྤྱོད་ཆེན་ལྡན། །དཀྱིལ་འཁོར་གསང་བར་རབ་ཏུ་ཞུགས། །སློབ་དཔོན་ལས་ནི་དབང་བསྐུར་ཐོབ། །གསང་དང་དགོངས་པ་ཀུན་ཤེས་ཤིང་། །དཔའ་ཞིང་བརྟན་ལ་བརྩོན་འགྲུས་ཆེ། །

ཡིད་གཞུངས་འཛིན་ཅིང་གསལ་བར་ལྡན། །དུལ་དྲང་བཤེས་གཉེན་ཅན་དག་གིས། །རྡོ་རྗེ་སློབ་དཔོན་ཉིད་བྱའོ། །དང་པོར་ཇི་སྲིད་ཚོགས་བར་དུ། །ཟླ་བའམ་ཡང་ན་ཟླ་བ་ཕྱེད། །ཡང་ན་ལོ་ཡི་བར་དུ་ནི། །རིག་པའི་བརྟུལ་ཞུགས་སྤྱད་པར་བྱ། །གལ་ཏེ་དེ་ནི་སངས་རྒྱས་ཀྱི། །རིག་

เล่ม ๘๔ · หน้า 158a

འཛིན་སྒྲུབ་པ་རྣམ་གསུམ་མོ། །ཇི་སྟེ་རྡོ་རྗེ་ཅན་གྱི་ཡིན། །རྣམ་པ་གསུམ་དུ་ངེས་པ་ཡིན། །ནོར་བུ་རིགས་ཅན་བཟང་པོ་ལ། །རྣལ་འབྱོར་བཞི་པོ་ཉིད་བྱའོ། །ཇི་སྟེ་པད་འབྱུང་དག་པ་ལ། །རྣལ་འབྱོར་བཞི་ནི་རབ་ཏུ་བསྒྲུབ། །ཇི་སྟེ་ལས་ཀྱི་རང་བཞིན་བཟང་། །ལས་

རྣམས་ཀུན་གྱི་རིགས་ལས་ནི། །སྦྱོར་བ་བཞི་ནི་ཡང་དག་བྱུང་། །རྣམ་པ་བཅྭ་བརྒྱད་དག་ཏུ་འགྱུར། །སྔ་དྲོ་ཕྱི་དྲོ་ཉིན་ཕྱེད་དང་། །ནམ་གྱི་སྟོད་སྨད་གུང་ལ་ནི། །བྱ་བ་ཆེན་པོ་ཀུན་བྱ་སྟེ། །དེ་བཞིན་སངས་རྒྱས་རྡོ་རྗེའི་རིགས། །དང་པོར་རེ་ཞིག་རྣལ་འབྱོར་ཆེས། །ཆེན་པོས་ཕྱོགས་

ཀུན་ཕྱག་བྱ་སྟེ། །རྡོ་རྗེ་རྣལ་འབྱོར་ཆོ་ག་ཡིས། །རྡོ་རྗེ་སློབ་དཔོན་ཉིད་བྱའོ། །ཤེས་རབ་ཆེན་པོས་སངས་རྒྱས་ཀུན། །ཡང་དང་ཡང་དུ་དྲན་བྱ་སྟེ། །བདག་ཉིད་ཆེན་པོས་སངས་རྒྱས་ཀུན། །རྡོ་རྗེའི་སྔགས་ཀྱིས་བསྐུལ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛེ་པ་སྭཱ་ནཱ་ཡ། ཨཱཏྨཱ་ནཱཾ་ནི་རྱཱ་ཏ་

ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། ཤར་གྱི་ཕྱོགས་སུ་སོང་ནས་ནི། །ཡན་ལག་ཀུན་གྱིས་ཕྱག་བྱས་ཏེ། །རྡོ་རྗེའི་གསང་སྔགས་འདི་ཡིས་ནི། །བདག་ཉིད་དབུལ་བར་བྱ་བ་ཡིན། །ཨོྃ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་

བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། རྡོ་རྗེའི་གསང་སྔགས་འདི་ཡིས་ནི། །ལྷོ་ཕྱོགས་སུ་ནི་ཕྱག་བྱས་ཏེ། །སངས་རྒྱས་དག་ནི་ཐམས་ཅད་ལ། །བདག་ནི་དབུལ་བར་བྱ་བ་ཡིན། །དེ་ནས་ནུབ་ཀྱི་ཕྱོགས་སུ་ནི། །སྔགས་འདི་ཡིས་ནི་ཕྱག་བྱས་ཏེ། །ཨོྃ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་པྲ་བརྟ་

ནཱ་ཡ། ཨཱཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷ་རྨ་པྲ་བརྟ་ཡཱ་མི། དག་པའི་ཆོས་ཅན་སློབ་དཔོན་ཆེས། །ནུབ་ཕྱོགས་སུ་ནི་ཕྱག་བྱས་ཏེ། །རྡོ་རྗེའི་སྔགས་འདིས་བསྐུལ་བྱ་ཞིང་། །བདག་ཉིད་རབ་ཏུ་དབུལ་བར་བྱ། །ཨོྃ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་ཀརྨ་ཎེ་ཨཱཏྨཱ་ནཱཾ་ནི་རྱཱ་ཏ་ཡཱ་མི། སརྦ་

ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། མཆོད་དང་དབང་བསྐུར་ལས་ལྡན་ཞིང་། །བྱང་དུ་ཆོས་ལ་ངེས་སྦྱོར་བས། །བྱང་ཕྱོགས་སུ་ནི་ཕྱག་བྱས་ཏེ། །བདག་ཉིད་རྡོ་རྗེ་ལས་སུ་འགྱུར། །ཤར་དུ་མཆོད་པའི་ལས་ཡིན་ཏེ། །ལྷོ་ཕྱོགས་སུ་ནི་དབང་བསྐུར་བ། །ནུབ་ཕྱོགས་སུ་ནི་ཆོས་ཆེན་

เล่ม ๘๔ · หน้า 158b

པོ། །བྱང་དུ་ཆོས་ལ་ངེས་པར་སྦྱོར། །ཐུབ་པ་ཀུན་གྱི་ཉི་མའོ། །མགོན་པོ་ཆེན་པོ་རབ་བཏུད་ནས། །ཕྱོགས་རྣམས་ཀུན་དུ་སྔགས་འདི་ཡིས། །ཕྱག་ནི་རབ་ཏུ་བཙལ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡ་ནཾ་ཀ་རོ་མི། དེ་ནས་ཇི་སྐད་བཤད་པའི་ཕྱག་

བྱ་བ། །སངས་རྒྱས་ལ་དམིགས་སེམས་ཀྱིས་ནི། །རབ་ཏུ་གུས་བཅས་ཕྱག་རྒྱ་རྒྱ་རྣམས། །མྱུར་དུ་བསྙེན་པའི་སྒྲུབ་པ་ཡིན། །ཕྱག་བྱས་འོག་ཏུ་ལངས་ནས་ནི། །བདག་ཉིད་ཀྱིས་ནི་ལས་རྣམས་བྱ། །བདག་ཉིད་དབུལ་བ་བཟང་པོ་ཡི། །སངས་རྒྱས་ཀུན་ལ་དབུལ་བྱ་སྟེ། །མ་ལུས་

ཕྱོགས་བཞུགས་མཆོག་གྱུར་པ། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འདི་ལྟར་ཉེ་བར་ཞི་བ་བདག །ཅི་ནས་རྡོ་རྗེ་ཉིད་གྱུར་མཛོད། །རྡོ་རྗེའི་རིགས་ཀྱི་མཆོག་གྱུར་པ། །སངས་རྒྱས་སྲས་བཅས་ཐམས་ཅད་ལ། །རྟག་ཏུ་རྣམ་པ་ཐམས་ཅད་ཀྱིས། །བདག་ཉིད་དག་ནི་

དབུལ་བར་བྱ། །རྡོ་རྗེའི་གསང་སྔགས་དེ་ཡིས་ནི། །བདག་ཉིད་དབུལ་བར་འགྱུར་བ་ཡིན། །སངས་རྒྱས་སྲས་བཅས་ཐམས་ཅད་ནི། །ཡང་དང་ཡང་དུ་རྗེས་དྲན་ཏེ། །སྡིག་པ་ལ་སོགས་ཉོན་མོངས་ཀུན། །མྱ་ངན་འདས་པར་བཤགས་པར་བྱ། །སྐྱེ་བ་འདི་འམ་གཞན་དག་གི །

སྡིག་པ་ཐམས་ཅད་རྣམ་སྤངས་ནས། །སངས་རྒྱས་སྲས་བཅས་ཐམས་ཅད་ཀྱི། །བསོད་ནམས་ཡེ་ཤེས་ཚོགས་བསྐྱེད་དང་། །དེ་བཞིན་སེམས་ཅན་ཀུན་གྱི་ལ། །རྗེས་སུ་ཡི་རང་བྱ་བ་ཡིན། །བྱང་ཆུབ་མྱ་ངན་མི་འདའ་བར། །སངས་རྒྱས་ཀུན་ལ་གསོལ་བ་གདབ། །བྱང་

ཆུབ་སེམས་ནི་ཐབས་ཆེན་གྱིས། །སེམས་ཅན་སངས་རྒྱས་རྗེས་དྲན་བྱ། །ཤིན་ཏུ་ངོ་མཚར་མཆོད་པ་ནི། །ཅི་ནུས་པར་ཡང་བསྒྲུབ་པར་བྱ། །ཡང་ན་མྱ་ངན་འདའ་སོགས་དང་། །རྣལ་འབྱོར་དགེ་བ་སོགས་པ་ལ། །ངོ་མཚར་གྱུར་པའི་མཆོད་པ་ཡིས། །མཆོད་པའི་སྤྲིན་དག་

དབུལ་བར་བྱ། །གནས་འདི་འམ་ནི་གཞན་དག་ན། །ལྷ་སོགས་བདག་གིར་མ་བྱས་པའི། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་རྣམས། །ཐབས་ཆེན་སངས་རྒྱས་ཐམས་ཅད་དང་། །དེ་ཡི་འོད་ཀྱི་དཀྱིལ་འཁོར་ནས། །ཐུབ་པའི་དབང་པོ་རྣམས་ལ་དབུལ། །རྡོ་རྗེའི་རྣལ་འབྱོར་འདི་

เล่ม ๘๔ · หน้า 159a

ཡིས་ནི། །མེ་ཏོག་མཆོད་པས་རབ་མཆོད་ཅིང་། །ཕྱག་རྒྱ་རྣལ་འབྱོར་བཅས་པ་ཡིས། །ཕྱོགས་རྣམས་ཀུན་དུ་ངེས་པར་སྤྲོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛཱ་མེ་གྷ་སམུ་དྲཱ་སྥ་ར་ཎ་སམ་ཡེ་ཧཱུྃ། གང་དག་སྤོས་ཀྱི་ཤིང་བཟང་པོ། །ཐུབ་པའི་དབང་ཕྱུག་རྣམས་ལ་དབུལ། །

ལྷ་ཡི་སྤོས་སོགས་རྨད་བྱུང་བ། །ཕྱོགས་རྣམས་ཀུན་དུ་སྤྲོ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དྲི་ཡི་ཞིང་རྣམས་བཟང་པོ་ནི། །ཐུབ་པའི་དབང་ཕྱུག་རྣམས་ལ་འབུལ། །ཕྱག་རྒྱར་བཅས་རབ་བསྐུལ་ནས་ནི། །ཕྱོགས་རྣམས་ཀུན་དུ་སྤྲོ་བར་བྱ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་པཱུ་ཛཱ་མེ་གྷ་སམུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུྃ། རིན་ཆེན་རང་བཞིན་རྒྱ་མཚོ་དང་། །རིན་ཆེན་རི་བོ་ལ་སོགས་མཆོག །མཆོད་པའི་སྤྲིན་ནི་སྤྲོ་བ་ཡིས། །ཕྱོགས་རྣམས་ཀུན་དུ་དབུལ་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷྱངྒ་རཏྣ་ཨ་ལཾ་ཀཱ་ར་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་སམ་

ཡེ་ཧཱུྃ། རྩེད་འཇོ་བདེ་བ་དགའ་ཆེན་དང་། །དགོད་དང་སྒེག་ལ་སོགས་པའི་ཚོགས། །ཕྱོགས་རྣམས་ཀུན་དུ་ཐམས་ཅད་ནས། །དགའ་བའི་མཆོག་ནི་སྤྲོ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧཱ་སྱ་ལཱ་སྱ་ར་ཏི་ཀྲཱི་ཌཱ་སཽ་ཁྱ་ཨ་ནུཏྟ་ར་པཱུ་ཛཱ་མེ་གྷ་སམུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གོས་དང་རྒྱན་སོགས་འབྱུང་

བ་ཡི། །དེ་བཞིན་དཔག་བསམ་ཤིང་བཟང་པོ། །རྡོ་རྗེ་སྔགས་ནི་བརྗོད་བྱ་ཞིང་། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨ་ལཾ་ཀཱ་ར་བསྟྲ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུྃ། རིན་ཆེན་བཟང་པོ་ཆེར་འབར་དང་། །སྣང་བའི་ཤིང་ལས་བྱུང་བ་དང་། །ཟླ་

བ་ཉི་མ་ལ་སོགས་འོད། །ཕྱོགས་རྣམས་ཀུན་དུ་སྤྲོ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ལོ་ཀ་པཱུ་ཛཱ་མེ་གྷ་སམུ་དྲཱ་སྥ་ར་ཎ་སམ་ཡེ་ཧཱུྃ། སེམས་ཅན་ཀུན་གྱི་སྡུག་བསྔལ་ཆེ། །ཡང་དང་ཡང་དུ་རྗེས་དྲན་ནས། །སྙིང་རྗེ་བསྐྱེད་པའི་སྦྱོར་བ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །བྱང་

ཆུབ་ཏུ་ནི་སེམས་བསྐྱེད་ནས། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །སངས་རྒྱས་ཀུན་ལ་དབུལ་བྱ་ཞིང་། །ཕྱོགས་རྣམས་ཀུན་དུ་སྤྲོ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བོ་དྷི་ཙི་ཏྟ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སེམས་ཅན་ཀུན་ལ་བདེ་ལེགས་དང་། །འབྱུང་པོ་ཀུན་ལ་

เล่ม ๘๔ · หน้า 159b

བྱམས་པ་དང་། །དུད་འགྲོ་ཀུན་ལ་མི་འཇིགས་སྦྱིན། །ངན་འགྲོ་ཐམས་ཅད་ཞི་འདོད་དང་། །བྱམས་དང་སྙིང་རྗེ་བཏང་སྙོམས་དང་། །དགའ་བ་ཚངས་པའི་རྣལ་འབྱོར་བྱུང་། །རྡོ་རྗེའི་སྔགས་ནི་བརྗོད་བྱ་ཞིང་། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་

ར་མ་ཧཱ་ཙ་ཏུར་བྲ་ཧྨ་བི་ཧཱ་ར་པཱུ་ཛཱ་མེ་གྷ་སམུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སྦྱིན་པའི་ཕ་རོལ་ཕྱིན་སྤྱོད་པས། །སེམས་ཅན་ཐམས་ཅད་དཔལ་དང་ནི། །ནོར་དང་ལྡན་པ་གྲུབ་པར་ཤོག །བདེ་བ་མ་ཚང་མེད་པར་ཤོག །ཅེས་པས་དབུལ་ཞིང་སྤྲོ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲོད་བྷ་བ་དཱ་ན་

པཱ་ར་མི་ཏཱ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སེམས་ཅན་ཐམས་ཅད་བྱང་ཆུབ་དང་། །སྡོམ་ལ་རབ་ཏུ་གནས་པར་ཤོག །རྒྱགས་སོགས་ཉེས་པ་ཆེན་པོ་རྣམས། །ཞི་འགྱུར་ཀུན་དུ་སྤྲོ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་བོ་དྷི་ཧ་ར་ཤཱི་ལ་པཱ་ར་མི་ཏཱ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་

མ་ཡེ་ཧུྃ། འཇིགས་དང་འཁོན་སོགས་སྡུག་བསྔལ་ལས། །སྩོགས་པའི་འཇིགས་ཀུན་ཞི་གྱུར་ཅིག །བྱམས་དང་ལྡན་པའི་རྣལ་འབྱོར་གྱིས། །ཆོས་ལ་བདག་མེད་བསྒྲུབ་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་དྷརྨ་ཨ་བ་བོ་དྷི་ཀྵཱ་ན་ཏི་པཱ་ར་མི་ཏཱ་པཱ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་

ས་མ་ཡེ་ཧཱུྃ། འཁོར་བ་མཐར་ཐུག་བར་དུ་ནི། །བདག་འཚང་རྒྱ་བར་མ་གྱུར་ཅིག །དེ་བཞིན་སེམས་ཅན་ཐམས་ཅད་ནི། །དེ་ཉིད་སྒྲུབ་པ་བྱེད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་སཾ་སཱ་ར་པ་རི་ཏྱཱ་ག་ཨ་ནུཏྟ་ར་བཱིརྱ་པཱ་ར་མི་ཏཱ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་སམ་ཡེ་ཧཱུྃ། སྲོག་ཆགས་

ཀུན་གྱི་འདོད་ཆགས་སོགས། །ཉོན་མོངས་ཆེན་པོ་ཞི་བར་ཤོག །སེམས་ཅན་ཐམས་ཅད་གཡེང་མེད་ཅིང་། །བསམ་གཏན་བཞི་དང་ལྡན་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་སཽ་ཁྱ་བི་ཧཱ་ར་དྷྱཱ་ན་པཱ་ར་མི་ཏཱ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་སམ་ཡེ་ཧཱུྃ། སངས་རྒྱས་ཡེ་ཤེས་ཤེས་རབ་ཆེ། །

སྡུག་བསྔལ་གཅོད་བྱེད་བླ་ན་མེད། །ཤེས་རབ་སྦྱོར་བས་དག་བྱེད་པའི། །སངས་རྒྱས་སེམས་ཅན་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་ཀླེ་ཤ་ཙྪེ་ད་སརྦ་དྷརྨ་ས་མ་ནྟ་ཛྙཱ་ན་མ་ཧཱ་པྲ་ཛྙཱ་པཱ་ར་མི་ཏཱ་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་སམ་ཡེ་ཧཱུྃ། སྟོང་གསུམ་གྱི་ནི་

เล่ม ๘๔ · หน้า 160a

རྡུལ་སྙེད་ཀྱི། །བདག་ཉིད་ཀྱིས་ནི་རྣམ་བསམ་ཞིང་། །མཆོད་པའི་ཕྱིར་ནི་རྣམ་བསམས་ནས། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ནི་རྱཱ་ཏན་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སྟོང་གསུམ་གྱི་ནི་རྡུལ་སྙེད་ཀྱི། །བདག་ཉིད་

ཀྱིས་ནི་རྣམ་བསམ་ཞིང་། །ལྕེ་ནི་དེ་སྙེད་ལྡན་དང་བཅས། །སངས་རྒྱས་བསྔགས་པ་བརྗོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ཀ་ནི་རྱཱ་ཏན་པཱུ་ཛཱ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་ནས་རྣལ་འབྱོར་དེ་ཉིད་ཀྱི། །ལུས་དང་ངག་སེམས་བྱུང་བ་ཡི། །མཆོད་པ་དག་ནི་བསྡུས་ནས་སུ། །

སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ནི་རྱཱ་ཏན་པཱུ་ཛཱ་མེ་གྷ་སམུ་དྲཱ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གྲགས་ཆེན་ལྡན་པའི་སངས་རྒྱས་རྣམས། །མ་ལུས་ཀུན་ལ་མཆོད་ནས་ནི། །དགེ་བ་དག་ནི་བསྡུས་བྱས་ནས། །སེམས་ཅན་དོན་དུ་བསྔོ་བར་བྱ། །སངས་རྒྱས་

ཐམས་ཅད་རྗེས་དྲན་ནས། །སེམས་དཔའི་སྐྱིལ་ཀྲུང་བཅའ་བར་བྱ། །བྱམས་སོགས་རྣལ་འབྱོར་ཆེན་པོ་རྣམས། །ཕྱོགས་རྣམས་ཀུན་དུ་སྤྲོ་བར་བྱ། །གོ་ཆ་མཆོག་གི་ཡིག་གཉིས་ཀྱིས། །བློ་ལྡན་བདག་ཉིད་གོ་བགོ་ཞིང་། །རིག་སྔགས་གང་ཞིག་མངོན་འདོད་པའི། །

རིག་སྔགས་དེ་ནི་བཟླ་བར་བྱ། །རྒྱུད་ཆེན་གསང་བ་འདི་རུ་ནི། །རྣལ་འབྱོར་ཆེན་པོའི་སྔགས་བཟླས་པ། །བརྒྱ་རྩ་བཅུ་རུ་བཤད་པ་ཡིན། །ཡང་ན་ཉི་ཤུ་རྩ་གཅིག་གོ། །ཆོ་གའི་སྦྱོར་བ་འབྲིང་ལ་ནི། །ཐུན་མོང་དུ་ནི་རྣམ་ལྔར་བཤད། །གང་གིས་སྡིག་ཅན་འགྲུབ་འགྱུར་

བའི། །གསང་བའི་བཟླས་པ་རྣལ་འབྱོར་ཆེ། །དེ་བཞིན་གཤེགས་པའི་རིགས་མཆོག་ལ། །བཟླས་པ་འདི་ནི་མཆོག་ཡིན་ནོ། །བཀྲ་ཤིས་སྐྱིལ་ཀྲུང་བཅས་ནས་ནི། །སེམས་ཀྱིས་སངས་རྒྱས་ལ་དམིགས་ནས། །བློ་དང་ལྡན་པ་བདག་ཉིད་ནི། །རྟག་ཏུ་ཀུན་

མཁྱེན་སངས་རྒྱས་བསམ། །གཙུག་ཏོར་ལ་སོགས་མཚན་བཟང་དང་། །ལྡན་པར་བདག་གིས་ལུས་བསམས་ཏེ། །སངས་རྒྱས་སྙིང་པོ་ནང་འདུག་ཅིང་། །ང་ཉིད་སངས་རྒྱས་ཞེས་སུ་བསམ། །སངས་རྒྱས་རྣལ་འབྱོར་ལས་བྱུང་བའི། །གང་གིས་འཁོར་ལོ་རྣམ་སྤྲུལ་པ། །

เล่ม ๘๔ · หน้า 160b

མངོན་པར་བྱང་ཆུབ་ཆན་པོ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ། །གདུལ་བྱའི་ཚོགས་ནི་ལོངས་སྤྱོད་པའི། །ཆོས་དང་ལོངས་སྤྱོད་སྤྲུལ་པའང་འགྲུབ། །གནས་ནི་ཡོངས་སུ་གྱུར་བ་ཡིས། །སེམས་ནི་ཀུན་གཞི་ལས་བྱུང་མིན། །བསོད་ནམས་ཡེ་ཤེས་རབ་རྫོགས་

ཕྱིར། །ཟླ་བ་གང་བར་རྣམ་པར་བརྟགས། །ཟླ་བ་གང་བ་དྲི་མེད་པ། །སྙིང་ག་རུ་ནི་བསྒོམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རིག་པའི་ཡི་གེ་རྣམ་པར་བསྒོམ། །དེ་ལྟ་བུ་ཡི་ཚུལ་མཆོག་གིས། །ཟླ་བ་ཕྱེད་ན་འགྲུབ་པར་འགྱུར། །མཚམས་མེད་ལྔ་པོ་བྱེད་

པ་ཡང་། །ལོ་གཅིག་ན་ནི་འགྲུབ་པར་འགྱུར། །ཇི་སྲིད་སྐྱོ་བར་མི་འགྱུར་བའི། །དེ་སྲིད་རྣལ་འབྱོར་ཆེན་པོས་བཟླས། །ལུས་ནི་ངལ་བར་གྱུར་པ་ན། །ཕྱག་རྒྱ་བཅིང་བ་བརྩམ་པར་བྱ། །དེ་བཞིན་གཤེགས་པའི་རིགས་བཟླས་པའི། །དེ་ཚེ་བྱང་ཆུབ་མཆོག་བཅིང་

བྱ། །ཡང་ན་ཆོས་འབྱུང་ཞེས་པའམ། །ཤིན་ཏུ་རྨད་བྱུང་དཔལ་བེའུའོ། །དེ་ནས་རྡོ་རྗེའི་རིགས་བཟླས་པ། །ཕྱག་ན་རྡོ་རྗེ་རང་བདག་ཉིད། །བྱང་ཆུབ་སྙིང་པོ་ལ་གནས་བདག །བདག་ནི་ཕྱག་ན་རྡོ་རྗེ་བསྟན། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེའི་གཟུགས་ནི་རྣམ་

པར་བསྒོམ། །གསང་ཆེན་རྡོ་རྗེའི་དབུས་སུ་ནི། །རིག་པའི་ཡི་གེ་རྣམ་པར་བསྒོམ། །དེ་ནས་པདྨའི་རིགས་བཟླས་པ། །པདྨ་སེམས་དཔའ་རང་བདག་ཉིད། །ཟླ་བའི་དབུས་སུ་པདྨ་ཆེ། །པདྨའི་དབུས་སུ་ཡི་གེ་རྣམས། །དེ་བཞིན་རིན་ཆེན་རིགས་བཟླས་པའི། །རིན་ཆེན་

རྒྱལ་པོ་རང་བདག་ཉིད། །ཟླ་བའི་དབུས་སུ་རིན་ཆེན་ཆེ། །རིན་ཆེན་དབུས་སུའང་ཡི་གེ་རྣམས། །དེ་ན་ལས་ཀྱི་རིགས་བཟང་པོ། །རྣལ་འབྱོར་དོན་ཀུན་སྒྲུབ་བྱེད་ལ། །སངས་རྒྱས་སྙིང་པོ་རང་བདག་ཉིད། །རྡོ་རྗེ་ལས་སུ་རྣམ་པར་བསྒོམ། །ཟླ་བའི་དཀྱིལ་འཁོར་དབུས་སུ་

ནི། །རིན་ཆེན་རྡོ་རྗེ་རྣམ་པར་བསྒོམ། །རིན་ཆེན་རྩེ་མོ་རྡོ་རྗེ་ཆེ། །དེ་ཡི་དབུས་སུའང་ཡི་གེ་རྣམས། །རིགས་ལྔ་ཡི་ནི་བཟླས་པ་འདི། །གསང་བའི་བཟླས་པ་བརྗོད་པར་བྱ། །དེ་ནས་གཞན་ཡང་བཤད་བྱ་སྟེ། །བཟླས་རྒྱུད་གསང་བ་མཆོག་འཛིན་པ། །དེ་བཞིན་གཤེགས་

เล่ม ๘๔ · หน้า 161a

པའི་རིགས་བཟླས་པའི། །སངས་རྒྱས་བདག་ཉིད་བཀྲ་ཤིས་འཛིན། །སྟོང་གསུམ་གྱི་ནི་འཇིག་རྟེན་འདིར། །སངས་རྒྱས་གཟུགས་སུ་རྣམ་པར་བསྒོམ། །སངས་རྒྱས་དེ་ཡི་ཐུགས་དབུས་སུ། །རིག་པའི་ཡི་གེ་རྣམ་པར་བསྒོམ། །རང་གི་ལུས་ནི་

བདག་མེད་ཅིང་། །ཆོས་དང་གང་ཟག་སྟོང་པ་ཉིད། །སངས་རྒྱས་དེ་དག་གི་གཟུགས་ནི། །བདག་མེད་པར་ནི་རྣམ་པར་བསམ། །ལུས་ནི་སངས་རྒྱས་ཞེས་བརྗོད་པས། །སངས་རྒྱས་དེ་ཡང་ཡོད་མ་ཡིན། །ཕུང་པོ་དང་ནི་སྐྱེ་མཆེད་ཁམས། །ཆོས་ཞེས་བྱ་བའི་སངས་

རྒྱས་མེད། །གང་ཟག་ཉིད་ཀྱིས་སངས་རྒྱས་མེད། །སངས་རྒྱས་མེད་པ་ཡང་མ་ཡིན། །ཕ་རོལ་ཕྱིན་དྲུག་ས་བོན་ཏེ། །ཤེས་རབ་ས་བོན་སྦྱོང་མཛད་པའི། །གནས་དང་གནས་མིན་སྐལ་ལྡན་པ། །དེ་ཉིད་བྱང་ཆུབ་བདག་མེད་འཛིན། །དེ་ལྟ་བུས་ནི་གསང་ཆེན་གྱི། །དེ་

བཞིན་གཤེགས་པའི་རིགས་བཟླས་ན། །མྱུར་བར་སློབ་དཔོན་ཆེན་པོ་ཡིས། །རབ་ཏུ་དགའ་བ་འགྲུབ་པར་འགྱུར། །དེ་ནས་རྡོ་རྗེའི་རིགས་བཟླས་པ། །རྡོ་རྗེ་སེམས་དཔའ་རང་བདག་ཉིད། །སྟོང་གསུམ་གྱི་ནི་འཇིག་རྟེན་འདིར། །རྡོ་རྗེའི་གཟུགས་སུ་རྣམ་པར་བསྒོམ། །རྡོ་རྗེ་

དེ་ཡི་ལྟེ་དབུས་སུ། །རིག་པའི་ཡི་གེ་རྣམ་པར་བསྒོམ། །དངོས་མེད་ཅེས་བྱ་རྡོ་རྗེ་དེ། །བྱང་ཆུབ་འབྲས་བུ་གང་ཡིན་པའོ། །གང་ཞིག་རྡོ་རྗེ་ཞེས་སུ་བཤད། །གང་ཞིག་དེ་ཉིད་འགྱུར་མེད་པའི། །ལུས་ཀྱི་དེ་ཉིད་ཅེས་བརྗོད་ལ། །གང་ཞིག་ཆོས་དང་ཆོས་ཉིད་སྟོང་། །

གཟུགས་ལ་སོགས་པའི་ཆོས་ཆེན་པོ། །འབྱུང་བ་ཆེ་སྒྲ་འཛིན་པ་མིན། །ལུས་ནི་གཟུགས་ཞེས་བྱ་བར་བརྗོད། །གཟུགས་ཞེས་བྲ་བར་ཡོད་མ་ཡིན། །གཟུགས་དེ་ཡང་ནི་རྣམ་ཕྱེ་ལ། །ཕྲ་མོའི་འདུ་ཤེས་རྣམ་པར་བསྒོམ། །ཆ་ཤས་སུ་ནི་རྣམ་ཕྱེ་ན། །གཟུགས་ཞེས་

བྱ་བ་ཡོད་མ་ཡིན། །ཆ་ཤས་དེ་མིང་རྣམ་ཕྱེ་ན། །ཆ་ཤས་ཞེས་བྱ་ཡོད་མ་ཡིན། །གཟུགས་ནི་སྟོང་པ་ཞེས་བཤད་དོ། །འདི་དེ་རྡོ་རྗེ་ཞེས་བྱར་བསྟན། །གཟུགས་སོགས་ཆོས་རྣམས་ཐམས་ཅད་ནི། །སྟོང་པ་ཉིད་ནི་རྣམ་པར་བསྒོམ། །དེ་ལྟ་བུ་ཡི་རྣལ་འབྱོར་གྱིས། །རབ་ཏུ་

เล่ม ๘๔ · หน้า 161b

དགའ་བ་བསྒྲུབ་པར་བྱ། །དེ་ནས་རིན་ཆེན་རིགས་བཟླས་པ། །རྡོ་རྗེ་རིན་ཆེན་རིགས་བདག་ཉིད། །སྟོང་གསུམ་གྱི་ནི་འཇིག་རྟེན་འདིར། །སྟོང་ཉིད་ནམ་མཁར་རྣམ་པར་བསྒོམ། །དེ་ནི་ནམ་མཁར་རྣལ་འབྱོར་ཆོས། །རྟོག་པ་དང་བཅས་ཡི་གེ་བསམ། །ཆོས་ཀུན་དངོས་

མེད་ཅེས་བྱ་བ། །སྟོང་ཉིད་དེ་བཞིན་ཉིད་ཅེས་བརྗོད། །དངོས་མེད་ཅེས་བྱའི་གཟུགས་མེད་དེ། །མཁའ་མཚུངས་སངས་རྒྱས་སྤྱོད་ཡུལ་ལོ། །གང་ལ་གཟུགས་ནི་ཡོད་མིན་པའི། །མིག་ཅེས་བྱ་བ་ཅི་ཡིན་བརྗོད། །མིག་དེ་ཡང་ནི་གང་ཞིག་གི། །མིག་ཅེས་བྱ་བ་

ཡིན་པར་བརྗོད། །བདག་པོ་རྒྱལ་པོ་འདི་གང་ཞིག །འདི་ཡི་སྐྱེ་བའང་ཇི་ལྟ་བུའི། །འབྱུང་བ་ཆེན་པོ་བཞི་འདུས་ལས། །མིག་གི་དབང་པོ་ཡང་དག་བྱུང་། །མིག་དེ་ལ་ཡང་གཟུགས་མེད་ལ། །ཅི་ཞིག་བྱེད་དེ་ཡོད་པའང་མིན། །མིག་ནི་ཇི་ལྟ་བ་བཞིན་དུ། །ཐམས་

ཅད་གཟུང་དང་འཛིན་པ་སྤངས། །བཟླས་པའི་སྦྱོར་བ་འདི་ཡིས་ནི། །ཆོས་ཆེན་པོ་ཡི་དབང་བསྐུར་འགྱུར། །དེ་ནས་པདྨའི་རིགས་བཟླས་པ། །པདྨའི་སེམས་དཔའ་རང་བདག་ཉིད། །སྟོང་གསུམ་གྱི་ནི་འཇིག་རྟེན་འདིར། །པདྨའི་གཟུགས་སུ་རྣམ་པར་བསྒོམ། །

པདྨ་ཤིན་ཏུ་དག་དེ་ལ། །རིག་པའི་ཡི་གེ་རྣམ་པར་བསྒོམ། །ཤེས་རབ་ཆེན་པོས་པདྨ་དེ། །ཆོས་ཀྱི་སྙིང་པོར་བསམ་པར་བྱ། །པདྨ་ཆུ་ཡིས་མ་གོས་ཤིང་། །འདམ་གྱི་ཉེས་པས་གོས་མི་འགྱུར། །སེམས་ཅན་ཐམས་ཅད་དེ་བཞིན་དག །ཆོས་ནི་གཟོད་ནས་མ་སྐྱེས་

པའི། །དེ་བཞིན་གཤེགས་ཉིད་འདི་གང་ཞིག །ཆོས་དང་ཆོས་ཉིད་སྟོང་གང་ཡིན། །གཟུགས་སོགས་ཆོས་རྣམས་ཐམས་ཅད་ཀྱི། །ཆོས་ཉིད་དེ་བཞིན་ཉིད་དུ་འདོད། །དེ་ནས་ལས་ཀྱི་རིགས་བཟླས་པའི། །ལས་ཀྱི་རྣལ་འབྱོར་རྣམ་པར་བསམ། །སངས་རྒྱས་

རྣམ་འཕྲུལ་འཁོར་ལོ་འདི། །ཆོས་དང་ལོངས་སྤྱོད་ཐོབ་བྱེད་ཡིན། །གང་ལ་ཆོས་ཞེས་བྱ་བ་མེད། །སངས་རྒྱས་ཀྱི་ནི་རྣམ་འཕྲུལ་སྣང་། །ཨེ་མའོ་སངས་རྒྱས་དེ་དག་སྣང་། །རང་གི་ལས་ཀྱང་སྒྲུབ་པར་མཛད། །དེ་ལྟ་བུ་ཡི་རྣལ་འབྱོར་གྱིས། །རྡོ་རྗེ་སློབ་དཔོན་དཀའ་

เล่ม ๘๔ · หน้า 162a

ཐུབ་ཆེ། །ཚེ་འདི་ཉིད་ལ་དམ་པ་ཡི། །སངས་རྒྱས་ཉིད་ནི་མཆོག་ཐོབ་འགྱུར། །རྡོ་རྗེའི་སྙིང་སོགས་ཕྱག་རྒྱ་ནི། །རྡོ་རྗེའི་རིགས་ལ་བདག་པོར་བཤད། །རིན་ཆེན་ལ་སོགས་དབང་བསྐུར་ཞིང་། །དག་པའི་མཆོག་ནི་པད་མཆོག་འཛིན། །སངས་རྒྱས་

སྐུ་ནི་ཆོས་ཆེན་ལ། །རྡོ་རྗེ་རྣལ་འབྱོར་ངེས་བསྟན་བྱ། །བྱང་ཆུབ་མཆོག་ནི་ཀུན་འདུལ་བ། །འདི་ནི་བཟླས་པ་དམ་པར་འདོད། །དེ་ནས་སློབ་དཔོན་རྡོ་རྗེ་འཛིན། །ཕྲེང་བ་ངེས་པར་བསྟེན་པར་བྱ། །གང་དུ་བཟླས་པ་བྱེ་བ་བྱེད། །རྣམ་གཉིས་རྣམ་གསུམ་ཉུང་བའང་རུང་། །

ཕྲེང་བ་སངས་རྒྱས་ལ་མཛུབ་བ་བཅས། །གུང་མོས་རྡོ་རྗེའི་རྣལ་འབྱོར་སྐྱེས། །སྲིན་ལག་སྟེང་དུ་རིན་ཆེན་སྐྱེས། །མཐེའུ་ཆུང་གིས་ནི་པད་ཁ་ཕྱེ། །ལས་ཀྱི་ཕྲེང་བས་ལས་བྱེད་པ། །སོར་མོ་ཀུན་གྱིས་བྱ་བར་བཤད། །རྡོ་རྗེའི་རིག་པ་འཛིན་པ་ཡི། །འདི་ནི་གསང་བའི་བཟླས་པ་ཆེ། །

སངས་རྒྱས་རྣལ་འབྱོར་བོ་དེ་ཙེ། །རྡོ་རྗེ་ཅན་ལ་རུ་དྲཱ་ཀྵ། །ཕྱི་རོལ་རྡོར་རིགས་དབང་པོ་སྟེ། །མུ་ཏིག་ནོར་བུའི་རྣལ་འབྱོར་ཅན། །པདྨའི་སྙིང་པོའི་ཕྲེང་བ་ནི། །པདྨའི་རིགས་རྣམས་ཀུན་ལ་བསྔགས། །ཡང་ན་ཀུན་ལས་མཆོག་གྱུར་པ། །བོ་དེ་ཙེ་དེ་སྲོག་འཛིན་པ། །ལྕགས་

ཀྱི་བཟླས་པ་ཉིས་འགྱུར་ཏེ། །ཟངས་ཀྱི་ཡང་ནི་བཞིར་འགྱུར་རོ། །རུ་དྲཱ་ཀྵ་ཡི་བྱེ་བ་གཉིས། །མུ་ཏིག་གི་ནི་བརྒྱར་འགྱུར་རོ། །དབང་པོའི་སྟོང་འགྱུར་རྣལ་འབྱོར་ཏེ། །དངུལ་གྱི་འབུམ་དུ་འགྱུར་བ་ཡིན། །པདྨའི་བྱེ་བ་བརྒྱ་འགྱུར་བརྗོད། །བོ་དེ་ཙེ་ཡི་གྲངས་མེད་དོ། །ལག་པ་གཡོན་

པས་ཕྱག་རྒྱ་བཅིང་། །གཡས་པ་ཕྲེང་བ་དང་ལྡན་བྱ། །ཇི་ལྟར་སྔར་བཤད་གསང་བ་སོགས། །རྨད་བྱུང་ཆེན་པོའི་བཟླས་པ་བྱ། །ཅི་ཡི་ཕྱིར་ན་བཟླས་པ་བརྗོད། །དགེ་བ་ལ་བརྩོན་རྒྱལ་འགྱུར་ཞིང་། །རྨད་བྱུང་རྣམས་ཀྱང་མཐོང་འགྱུར་ལ། །བྱང་ཆུབ་སྤྱོད་པ་རྒྱལ་

འགྱུར་ཞིང་། །སངས་རྒྱས་རོལ་པ་མངོན་པར་འགྱུར། །བཟླས་པས་སྐྱོན་ལངས་ནས་ནི། །ཕྱག་རྒྱ་དག་ནི་བཅིང་བར་བྱ། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །ཕྱོགས་ཀུན་དུ་ནི་འདུད་པར་བཤད། །བྱང་ཆུབ་སེམས་ཚུལ་ཐོབ་བྱེད་པའི། །མདོ་སོགས་གསང་བ་བཀླག་

เล่ม ๘๔ · หน้า 162b

པར་བྱ། །བསོད་ནམས་ཚོགས་ནི་བསྐྱེད་པའི་ཕྱིར། །སངས་རྒྱས་མཆོད་པ་ཡང་དག་བྱ། །དེ་ནས་ཟས་ཀྱི་དུས་སུ་ནི། །རྣམ་པ་ཀུན་དུ་ཆང་བུ་སྦྱིན། །སངས་རྒྱས་རིག་པས་མངོན་བསྲུངས་ལ། །བཟའ་བདག་པ་དབུལ་བར་བྱ། །སངས་རྒྱས་བདག་ཉིད་བཟའ་བ་དབུལ། །

ལེགས་པར་བགོས་ནས་བཟའ་བ་དབུལ། །སྔ་དྲོ་སྡོམ་པ་བླང་བྱ་སྟེ། །དེ་ཉིད་ཉིན་ཕྱེད་དང་མཚམས་སུ། །ཉིན་དང་མཚན་མོ་ལན་གསུམ་དུ། །སངས་རྒྱས་རྡོ་རྗེ་ནོར་བུ་དང་། །པདྨ་བྱེད་པའི་རྣལ་འབྱོར་གང་། །རྣམ་པ་བཞི་པོ་དེ་ལས་སྦྱོར། །སངས་རྒྱས་ཆོས་དང་ཚོགས་

བྱང་ཆུབ། །ཉིན་དང་མཚན་ལ་རྣམ་པ་དྲུག །རྡོ་རྗེ་དྲིལ་བུ་ཚོགས་སློབ་དཔོན། །རྡོ་རྗེ་ཅན་རྣམས་དེ་བཞིན་དྲུག །ཟང་ཟིང་མི་འཇིགས་ཆོས་དང་ནི། །བྱམས་པ་ཉིན་ཞག་ཀུན་ལ་ཡང་། །ཆོས་གསུམ་ཚངས་པ་བཞི་ཞེས་པ། །རྣམ་པ་བརྒྱད་དུ་བཟླས་པར་བྱ། །འདི་ཡི་ཆོས་

ཆེན་གསུམ་པོ་ལ། །རྟག་ཏུ་སྙོམས་པར་འཇུག་པར་བྱ། །གསང་མཆོག་དཀྱིལ་འཁོར་མཆོག་དང་ནི། །དེ་བཞིན་ལས་ཀུན་བྱེད་པའོ། །གང་དུ་སྡིག་པར་མི་འགྱུར་བའི། །ཐམས་ཅད་བཟའ་ཞིང་ཐམས་ཅད་ལེན། །ལུས་ནས་ལྷག་མར་གྱུར་བ་སྤང་། །དེ་བཞིན་

དྲི་མ་ཐམས་ཅད་སྤང་། །ཉིན་རེ་ཞིང་ནི་ལན་གསུམ་དུ། །ཁྲུས་གསུམ་བྱ་ཞིང་གསང་བླང་བ། །གོས་ཀྱང་ལན་གསུམ་བརྗེ་བར་བྱ། །གཙང་གོས་ལན་གསུམ་ཡང་ནི་སྦྱིན། །ཤ་དང་ཆང་དང་བཙོང་ལ་སོགས། །དྲི་ངན་ཁ་ཡི་སྒྲེགས་པ་དང་། །འཁྲིག་པ་འདོད་དང་

བསྟེན་པ་དང་། །སེམས་ཅན་འཚེ་ལ་དགའ་མི་བྱ། །བརྩོན་ཞིང་ལས་མཁས་སྤྱོད་པར་ལྡན། །སྒྲིན་ཞིང་དུལ་ལ་དགའ་དང་གཙང་། །བྱ་བ་བྱེད་ཅིང་བླ་མ་འཁུར། །དགེ་ལེགས་རྒྱན་ནི་འཆང་བར་བྱེད། །ཀུན་རྫོབ་དོན་དམ་རྣམ་པ་གཉིས། །བསླབ་པའི་སྡོམ་པ་

བླང་བར་བྱ། །ཆུང་ངུ་བཟའ་ཞིང་བསྙེན་པར་བྱ། །ཁ་ནི་ནང་དུ་ལྟ་ཡིད་ཆེས། །སྔགས་དང་ཕྱག་རྒྱ་རིག་སྔགས་དང་། །གཟུངས་དང་ལྷ་དང་བླ་མ་དང་། །རྡོ་རྗེ་ལ་སོགས་མཚོན་ཆ་བཟང་། །ལྷ་ཡི་གནས་དང་ཡང་དག་ལྡན། །འཇིགས་མིན་གཡོ་དང་སྒྱུ་ཅན་མིན། །

เล่ม ๘๔ · หน้า 163a

མི་བརྟན་པ་ཡི་བློ་ཅན་མིན། །མྱ་ངན་འདས་ལ་དགའ་བ་མིན། །སེམས་ནི་དབང་པོས་ཕྲོགས་པ་མིན། །བློ་ལྡན་འཇིག་རྟེན་འདིར་མི་དགའ། །དེ་བཞིན་ཕ་རོལ་དགའ་བ་མིན། །ལུས་སྲོག་བཏང་སྙོམས་མི་བྱ་ཞིང་། །བསླབ་པ་ལས་ནི་འདའ་མི་བྱ། །

སྐྲག་ལྡན་ང་རྒྱལ་ལྡན་པ་མིན། །འཇིག་རྟེན་བྱ་བ་འདོད་མི་བྱ། །དེ་ལྟའི་ངོ་མཚར་ཚུལ་ལ་ནི། །རྣལ་འབྱོར་པ་ཡིས་བསྒྲུབ་པར་བྱ། །སྨྲ་བ་སྤང་ཞིང་བརྗོད་ཆེན་ལྡན། །རྟེན་པ་སྤང་ཞིང་ལེགས་རྙེད་ལྡན། །དཔའ་ཞིང་བརྟན་ལ་བླ་མར་གུས། །སྡིག་པས་འཇིགས་

ཤིང་ཀུན་དུ་བསྡམས། །ཅི་ནུས་ཇི་ལྟར་སྤྲོ་བར་བྱ། །ཟླ་བའམ་ཡང་ན་ལོ་རེའམ། །ཉིན་ཞག་གཅིག་ལ་ལན་གཉིས་སུ། །དེ་བཞིན་བླ་མ་བལྟ་བར་བྱ། །མཚམས་མེད་ལྔ་པོ་བྱེད་པ་ཡང་། །དེ་ལྟ་བུ་ཡི་ཚུལ་གནས་ཤིང་། །ཕྱག་རྒྱ་རྣམ་པ་བརྒྱད་བཅིངས་ནས། །རྟག་

ཏུ་འགྲུབ་པར་འགྱུར་བ་ཡིན། །བརྟུལ་ཞུགས་ཚངས་པར་རྫོགས་གྱུར་ནས། །རྣལ་འབྱོར་མཁའ་འགྲོའི་དཀྱིལ་འཁོར་དུ། །རྡོ་རྗེ་འཆང་བ་སློབ་དཔོན་ལ། །སངས་རྒྱས་ཀུན་གྱིས་དབང་བསྐུར་འགྱུར། །རིག་པ་ཀུན་བདག་རྒྱལ་པོ་སྟེ། །དཀྱིལ་འཁོར་ཀུན་གྱི་དེ་ཉིད་

རིག །རྣལ་འབྱོར་ཆོ་ག་དེ་ཉིད་ཤེས། །དེ་བཞིན་ལྷ་ཡི་རིགས་རྣམས་མཐོང་། །སྡོམ་པ་བླངས་ཤིང་རྣམ་པར་མཁས། །རིག་པའི་སློབ་དཔོན་དབང་བསྐུར་འགྱུར། །ལམ་རྣམས་ཆེན་པོ་བྱེད་རྒྱལ་པོ། །རིག་པ་ལྡན་ཞིང་དེ་ཉིད་ཤེས། །ཕན་པ་དང་ནི་གནོད་

པར་ཤེས། །ལྷ་ལ་སོགས་པ་ཀུན་དབང་བྱེད། །གནོད་སྦྱིན་འབྱུང་པོ་ལྷ་དབང་སོགས། །རིག་པའི་རྒྱལ་པོ་མངག་གཞུག་པ། །འདི་ནི་ཆོས་ཀྱི་གྲུ་ལ་གནས། །སངས་རྒྱས་མཆོད་པ་ལེགས་མཆོད་བྱེད། །བྱང་ཆུབ་སེམས་དཔའི་ཚོགས་རྒྱལ་པོ། །མཛོད་

འཛིན་རྟག་ཏུ་གསང་བ་འཛིན། །འཁོར་ལོ་གྲོང་ཁྱེར་ཆེན་པོར་གནས། །བྱང་ཆུབ་སེམས་དཔའི་ཚུལ་འཛིན་པའི། །དམ་ཆོས་བཅུད་ཀྱི་སྙིང་པོ་སྐྱེས། །སྙིང་པོ་འཛིན་ཅིང་དཀྱིལ་འཁོར་མཆོད། །དགོངས་པ་དེ་ཉིད་ཚུལ་ཤེས་འདི། །ཐེག་པ་ཆེན་པོའི་ཚུལ་དོན་

เล่ม ๘๔ · หน้า 163b

ཤེས། །མཆོད་སྦྱིན་ལྷག་པའི་མཆོད་དམ་པའི། །གསང་བ་ཡི་ནི་དཀྱིལ་འཁོར་བྱ། །རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གྱི། །གང་ཞིག་གི་ནི་ཐོག་མ་རུ། །བགེགས་ཀུན་ངེས་པར་འཇོམས་པ་ཡི། །གསང་སྔགས་དྲག་པོ་བརྗོད་པར་བྱ། །བཀྲ་ཤིས་སྡིག་པ་འཇོམས་བྱེད་

པའི། །བཟླས་བརྗོད་སྦྱིན་སྲེག་ཆོ་ག་ཡང་། །ང་ནི་རྡོ་རྗེ་མེ་ལྟར་འབར། །དྲག་པོའི་བཟོད་དཀའ་ཡེ་ཤེས་འཛིན། །དཀྱིལ་འཁོར་མཆོད་པ་བྱ་བ་ནི། །ཡོ་བྱད་ཡོངས་སུ་བརྟག་པར་བྱ། །ཡང་ན་ཕྱི་ནས་བྱེད་པ་ཡིས། །ཅི་རིགས་པར་ནི་བརྟག་པར་བྱ། །དཔག་

ཚད་ལས་ལྷག་མི་བྱ་ཞིང་། །ཁྲུ་དྲུག་ལས་ནི་ཆུང་བ་མིན། །སྒྲུབ་པ་བཅུ་གཉིས་ཞེས་བྱ་སྟེ། །གཞན་ཡང་བྱེད་པ་བཅུ་གཉིས་སོ། །གལ་ཏེ་དེ་ནི་རྒྱལ་པོར་འགྱུར། །དཔག་ཚད་ཀྱི་ནི་ཁྱོན་ཙམ་བྱ། །ཡང་ན་ཀུན་ནས་བཟང་པོ་སྟེ། །ངོས་བཞི་དག་དང་ཡང་དག་ལྡན། །

ཡང་ན་སྒྲུབ་པ་བློན་པོ་ཡིན། །ཁྲུ་སྟོང་ཡོད་པ་མཆོག་ཡིན་ནོ། །ཡང་ན་ཀུན་ནས་བཟང་བ་ཡི། །ཁྲུ་དྲུག་པ་ལས་ཆུང་མི་བྱ། །ཡང་ན་ཚོང་དཔོན་འགའ་ཞིག་གམ། །ཡང་ན་དེད་དཔོན་ཡིན་ཡང་རུང་། །ངོས་བཞི་དག་དང་ཡང་དག་ལྡན། །ལྔ་བ་ལས་ནི་ཆུད་མི་བྱ། །

ཡང་ན་གང་ཞིག་གཞན་དག་གམ། །སྒྲུབ་པ་པོ་དག་ཡིན་ཡང་རུང་། །བཅུ་པ་ལས་ནི་ཆུང་མི་བྱ། །ཟུར་བཞི་དག་དང་ཡང་དག་ལྡན། །རྒྱ་ཆེར་ཡང་ནི་མི་བྱའོ། །ཡང་ན་སྒྲུབ་བྱེད་སློབ་དཔོན་ཡིན། །དྲུག་པ་ལས་ནི་ཆུང་མི་བྱ། །ཡང་ན་དཔག་ཚད་དང་ལྡན་པའོ། །

ཡང་ན་ཡོ་བྱད་ལྡན་པར་བྱ། །གལ་ཏེ་སྒྲུབ་བྱེད་དེ་རྒྱལ་པོ། །རིན་ཆེན་ཕྱེ་མ་རབ་ཏུ་བྱ། །རིན་ཆེན་བཏགས་ལས་ལེགས་བྱ་ཞིང་། །ཤིན་ཏུ་ཁྱད་འཕགས་ཡིད་དུ་འོང་། །ཨིནྡྲ་ནཱི་ལ་སྔོན་པོ་ཆེ། །ཚོན་རྩི་སྔོན་པོ་རབ་ཏུ་བྱ། །པདྨ་རཱ་ག་རཱ་ག་ཆེ། །ཚོན་རྩི་དམར་པོ་

ཡང་དག་ལྡན། །ཚོན་རྩི་སེར་པོ་མདོག་བཟང་པོ། །དྲི་མ་མེད་པའི་འོད་ཟེར་ལྡན། །ཚོན་རྩི་དཀར་པོ་ལྡན་པ་ཡི། །དཀར་པོ་དག་ནི་ཤེལ་ལས་བྱ། །བཻཌཱུརྱ་དང་བཙོད་མདོག་སྟེ། །ཚོན་རྩི་ལྔ་ཞེས་བྱ་བར་བཤད། །གལ་ཏེ་དེ་ནི་མ་འབྱོར་ན། །རིན་པོ་ཆེ་དང་

เล่ม ๘๔ · หน้า 164a

བསྲེས་པས་བྱ། །ཚོང་དཔོན་ཡང་ན་དེད་དཔོན་རུང་། །ཚོན་རྩི་དག་ལ་རབ་ཏུ་བྱ། །ཡང་ན་གཞན་ནི་འགའ་ཞིག་ཡིན། །ཚོན་རྩི་གཞན་ནི་དམ་པར་སྦྱར། །ཐལ་བ་ཡིས་ཀྱང་དུས་ཅི་བཞིན། །འདིར་ནི་སློབ་དཔོན་དག་གིས་བྱ། །རིན་ཆེན་ཕྱེ་མར་

ཡང་དག་ལྡན། །ཡང་ན་ཡོ་བྱད་དང་ལྡན་པ། །གལ་ཏེ་སྒྲུབ་བྱེད་དེ་རྒྱལ་པོ། །སྣ་ཚོགས་བྱེ་བའི་ཚད་དུ་བྱ། །ཡང་ན་འབུམ་དང་ཡང་དག་ལྡན། །སྟོང་ལས་ཉུང་བར་མི་བྱའོ། །སྤོས་དང་མར་མེའི་མཆོད་བསྟོད་དང་། །དྲི་ཡི་བུམ་པ་ཉིད་དང་ནི། །དེ་བཞིན་བུམ་

གང་གཏོར་མ་དང་། །བུམ་པ་རྣམས་དང་མར་མེ་དག །ཚོང་དཔོན་ཡང་ན་དེད་དཔོན་རུང་། །བཅུ་ལས་ཉུང་བར་མི་བྱའོ། །གཞན་འགའ་ཞིག་ནི་འོངས་ཀྱང་རུང་། །བཅའ་བདག་ནི་སྟོང་ཕྲག་བཅུ། །བཅུ་ལས་ཉུང་བར་མི་བྱའོ། །བཟའ་བདག་ནི་བརྒྱའམ་

སྟོང་། །བཅུ་ལས་ཉུང་བར་མི་བྱའོ། །གཡོས་ཀྱི་རྣམ་པ་ཀུན་དང་ནི། །དེ་བཞིན་དྲི་རྣམས་ཐམས་ཅད་ཀུན། །རོལ་མོ་སྒེག་དང་རྩེད་མོ་དང་། །དེ་བཞིན་ཕུན་སུམ་ཚོགས་པ་ཀུན། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དེ་ཚེ་མཆོད་པ་བྱེད་ནས་ནི། །ཅི་ནས་སོང་ནི་

ཁྱེད་ཅག་རྣམས། །གྲུབ་པར་བྱ་ཕྱིར་བརྟུལ་ཞུགས་བརྩམ། །རང་ཉིད་ཁྲུས་བྱས་ཡན་ལག་བྱུགས། །དག་ཅིང་གཙང་མའི་གོས་གྱོན་ཅིང་། །རྣམ་པར་དབེན་པའི་གནས་འདུག་སྟེ། །སངས་རྒྱས་ཐམས་ཅད་སྤྱན་དྲང་བྱ། །མེ་ཏོག་སྤོས་སྣོད་ལག་ཐོགས་ཤིང་། །

ཕྱོགས་རྣམས་ཀུན་ཏུ་ཕྱག་བྱའོ། །སངས་རྒྱས་ཡེ་ཤེས་མཆོག་ལྡན་པའི། །སངས་རྒྱས་ལ་སོགས་ཀུན་གཤེགས་ཤིང་། །གསང་བའི་སྤྱན་ནི་འགུགས་པ་ཡི། །རྡོ་རྗེའི་ཕྱག་རྒྱ་བཅིང་བར་བྱ། །རྡོ་རྗེའི་སྔགས་དང་ཕྱག་རྒྱ་ཡིས། །སངས་རྒྱས་ཐམས་ཅད་སྤྱན་དྲང་བྱ། །

དེ་ནས་གནས་ནི་ཡང་དག་བསྒྲུབ། །དབེན་ཞིང་ཀུན་དུ་གཡེང་བ་མེད། །རི་བོ་ཡང་ནི་དགོན་པའམ། །དེ་བཞིན་ཕུག་གི་ནང་དག་གམ། །ཤིང་དྲུང་གི་ནི་གནས་དག་གམ། །ཆུ་བོའི་འགྲམ་མམ་ཡང་ན་ངོགས། །དངོས་གྲུབ་གནས་སུ་འདུག་ནས་ནི། །ལྷ་རྣམས་མྱུར་དུ་གཤེགས་

เล่ม ๘๔ · หน้า 164b

པར་འགྱུར། །རྡོ་དང་གསེག་མ་རུས་པར་ལྡན། །ཐལ་བ་ལྗན་ལྗིན་མི་གཙང་བཅས། །རྩུབ་ཅིང་རྩ་བ་ཁྱབ་ལ་སོགས། །དེ་འབྲིར་ས་གཞི་རྣམ་པར་སྤང་། །ཤིན་ཏུ་བཟང་ཞིང་འོད་བཟང་སྣུམ། །ཚད་དང་ལྡན་ཞིང་གསེག་མ་མེད། །འདོམ་གང་ཡང་ན་ཁྲུ་གང་

ཙམ། །དཀྱིལ་འཁོར་གནས་ནི་སྦྱང་བར་བྱ། །གྲོང་དང་ཡུལ་འཁོར་ཉིད་དག་དང་། །གྲོང་ཁྱེར་དག་དང་ལྗོངས་དང་ནི། །རྒྱལ་པོའི་ཕོ་བྲང་ཚོང་དུས་སུ། །དཀྱིལ་འཁོར་ཆེན་པོ་བྱ་བ་མིན། །དེ་འདྲའི་ས་གཞི་བསྒྲུབས་ནས་ནི། །སྟེང་གི་ཆར་ནི་བསྒྲུབ་པར་བྱ། །

འདོམ་གང་ཡང་ན་ཁྲུ་གང་ཙམ། །སྐས་གདང་བཞི་དང་ལྡན་པ་རུ། །སྦྱངས་ཏེ་དེ་ནས་གནས་ཀྱི་ནི། །དབུས་སུ་ཕུར་བུ་གཟུགས་པར་བྱ། །རྡོ་རྗེ་ཕུར་བུའི་སྔགས་དང་ནི། །རྡོ་རྗེ་ཕུར་བུའི་ཕྱག་རྒྱ་ཡིས། །མཆོད་པའི་ས་གཞི་མཛེས་པར་བྱ། །རིག་པ་འཛིན་

པ་བྱེད་པས་བཅག །བགེགས་བཅིང་བ་ཡི་ཕྱག་རྒྱ་ཡིས། །བགེགས་རྣམས་ཀུན་ཏུ་བཅིང་བར་བྱ། །མེ་དང་གཤིན་རྗེ་ཆུ་དང་ནི། །རླུང་དང་དབང་པོ་རྡོ་རྗེ་ཕྱོགས། །རྡོ་རྗེ་བཟོད་དཀའི་ཕྱག་རྒྱ་དང་། །རྡོ་རྗེའི་སྔགས་ཀྱིས་སྦྱང་བར་བྱ། །མཆོད་གནས་དཔག་ཚད་

ཚད་ཙམ་དུ། །བཅྭ་ལྔ་ནས་ནི་ཡང་དག་བརྩམ། །གཉིས་པའམ་ནི་གསུམ་པ་ཡི། །ཉལ་ཉེས་པར་མི་འགྱུར་རོ། །ཅི་སྟེ་འབྱོར་པ་མེད་ན་ནི། །ཟླ་བ་གཅིག་ཙམ་རབ་ཏུ་སྦྱར། །བཅྭ་ལྔ་ནས་ནི་ཡང་དག་བརྩམ། །བཅྭ་ལྔ་ལ་ནི་རྫོགས་པར་བྱ། །ཅི་སྟེ་

ཟླ་བ་ཕྱེད་ཙམ་དུ། །བཅྭ་ལྔ་ལ་ནི་རྣམ་པར་སྦྱང་། །ཅི་སྟེ་རིངས་ན་ཚེས་བརྒྱད་ནས། །བཅྭ་ལྔ་ལ་ནི་རྫོགས་པར་བྱ། །ཚེས་དགུ་དང་ནི་བཅུ་དང་ནི། །བཅུ་གསུམ་པ་དང་བཅུ་བཞི་པ། །བདུན་པ་ལྔ་པ་ཉིད་དང་ནི། །ཉལ་ཉེས་པར་མི་འགྱུར་རོ། །ཅི་སྟེ་

ཉིན་ཞག་དེ་བརྩམས་ནས། །དེ་ཉིད་ལ་ནི་ཡོངས་རྫོགས་བྱ། །རྣལ་འབྱོར་ཆེན་པོ་དག་བྱའི་ཕྱིར། །རྣལ་འབྱོར་ས་གཞི་རབ་ཏུ་བསྒྲུབ། །རང་ཉིད་ཁྲུས་བྱས་ཡན་ལག་བྱུགས། །རྣམ་པ་སྣ་ཚོགས་གོས་བགོ་ཞིང་། །རྒྱན་རྣམས་ཀུན་གྱིས་རབ་ཏུ་སྤྲས། །

เล่ม ๘๔ · หน้า 165a

རྡོ་རྗེ་སློབ་དཔོན་རྣམ་པར་བརྒྱན། །གཙང་ཞིང་གཙང་མའི་གོས་དང་ལྡན། །གཙང་མའི་གྲོགས་དང་ལྷན་ཅིག་ཏུ། །སེམས་ཅན་ཀུན་དོན་ཡང་དག་ལྡན། །བྱང་ཆུབ་སེམས་ནི་ཡང་དག་གཟུང་། །བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་། །ཅི་ནས་མངོན་པར་

བརྩོན་བྱས་ཀྱང་། །གང་ཟག་བཞི་པོ་འཇིག་རྟེན་དུ། །བསྒྲུབས་ཀྱང་འགྲུབ་པ་ཉིད་མི་འགྱུར། །སེམས་ནི་བསྐྱེད་པར་མ་གྱུར་དང་། །དད་མེད་འགྲུབ་པར་མི་འགྱུར་ཉིད། །ཐེ་ཚོམ་འཛིན་པ་ཉིད་དག་དང་། །བཀའ་བསྒོ་བ་ནི་མི་བྱེད་པའོ། །དྲི་ཡི་ཆུ་ཡིས་

ལེགས་བསྐུས་པའི། །དེ་ནས་དཀྱིལ་འཁོར་གནས་དེ་ནི། །དྲི་དང་ལྡན་པའི་ཆུ་དག་གིས། །ཕྱོགས་རྣམས་ཀུན་དུ་ཆག་ཆག་བཏབ། །བ་ཡི་ལྕི་བས་ལེགས་སྦྱངས་ཏེ། །དྲི་དང་བཅས་པས་ལེགས་བྱུགས་ཏེ། །དེ་ནས་གུར་གུམ་ལ་སོགས་པའི། །དྲི་

དག་གཙང་མར་སྦྱར་བར་བྱ། །རྡོ་རྗེ་དཀྱིལ་འཁོར་ཕྱག་རྒྱ་ཡིས། །དཀྱིལ་འཁོར་ཡང་དག་བྱིན་གྱིས་བརླབ། །རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་ཡིས། །པདྨའི་མིག་ཅན་དག་གིས་བལྟ། །དཀྱིལ་འཁོར་བར་དང་ཐ་མ་རུ། །སྦྱིན་སྲེག་ལས་ནི་ཡང་དག་བརྩམ། །སྦྱིན་སྲེག་

ལས་ནི་རྣམ་པ་ལྔ། །སྦྱིན་སྲེག་ལས་ནི་རྣམ་པར་སྦྱར། །རིག་པའི་དངོས་གྲུབ་ཆོ་ག་ལ། །སྦྱིན་སྲེག་ལས་ནི་ཡང་དག་བརྩམ། །དེ་བཞིན་སྔགས་དང་ཕྱག་རྒྱ་ཚོགས། །དེ་འདྲའི་སྔགས་དང་ཕྱག་རྒྱའང་མིན། །སྔོན་ལ་བགེགས་རྣམས་གཞོམ་པར་བྱ། །

དེ་ནས་སྦྱིན་སྲེག་ཡང་དག་བརྩམ། །དེ་འོག་གསང་བའི་མཆོད་ཆེན་གྱི། །དཀྱིལ་འཁོར་ཀུན་ཏུ་བྲི་བར་བྱ། །སྦྱིན་སྲེག་རྣམ་པ་ལྔ་རུ་བཤད། །ཡང་ན་བཅུ་དྲུག་དག་ཏུ་འགྱུར། །རང་རང་གི་ནི་ཆོ་ག་བཞིན། །སྦྱིན་སྲེག་ལས་ནི་ཡང་དག་བརྩམ། །དགོངས་

པའི་གང་ཞིག་བསྒྲུབ་པའི་ཕྱིར། །གང་ཞིག་མཆོད་པ་ཡང་དག་བརྩམ། །གལ་ཏེ་མི་ནུས་སྐལ་ཆེན་གྱིས། །བཟའ་བདག་ནི་རབ་ཏུ་བྱ། །དྲི་དང་བཅས་པ་དང་སྦྱར་བའི། །ཡང་ན་དཀར་གསུམ་བཟའ་བར་བྱ། །འདི་ལྟར་རྒྱལ་པོ་རྡོ་རྗེ་འཛིན། །བྱིན་གྱིས་རློབ་

เล่ม ๘๔ · หน้า 165b

པ་མཛད་པར་འགྱུར། །བགེགས་རྣམས་ངེས་འཛོམས་ང་ཡི་ནི། །སློབ་དཔོན་གྱི་ནི་ལས་བཟང་པོ། །བགེགས་རྣམས་ཟློག་པར་བྱེད་པའི་མཆོག །བཅིང་བ་དམ་པ་བཤད་པར་བྱ། །རྟག་ཏུ་རྡོ་རྗེ་ཁྲོ་བོ་དང་། །རྡོ་རྗེ་སེམས་དཔའི་ཕྱག་བྱ་ཞིང་། །རྡོ་རྗེ་ལྕགས་ཀྱུའི་

ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་དགུག་པར་བྱ། །རྡོ་རྗེ་ཞགས་པའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་དྲང་བར་བྱ། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་ཀུན་ཏུ་དགུག །སྡིག་པ་མེད་ཀྱིས་མ་འཇིགས་ཤིག །སེམས་

ཅན་རྣམ་པར་འཚེ་བའང་མེད། །རང་གི་རྣམ་རྟོག་ལས་བྱུང་བགེགས། །མ་རིག་ལས་བྱུང་མི་དགེ་བཞིན། །རྡོ་རྗེ་ལྕགས་སྒྲོག་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཅིང་བར་བྱ། །རྡོ་རྗེ་ར་བའི་ཕྱག་རྒྱ་ཡིས། །ཐམས་ཅད་རྡོ་རྗེའི་རང་བཞིན་བྱ། །རྡོ་རྗེ་གནོད་

སྦྱིན་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཟིར་བར་བྱ། །རྡོ་རྗེ་ལུག་རྒྱུད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཀྲི་བར་བྱ། །རྡོ་རྗེ་དབབ་པའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་ཀུན་དུ་དབབ། །རྡོ་རྗེ་བརྡབ་པའི་ཕྱག་རྒྱ་ཡིས། །བགེགས་

རྣམས་ཐམས་ཅད་བརྡབ་པར་བྱ། །རྡོ་རྗེ་འབར་བའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་སྦར་བར་བྱ། །རྡོ་རྗེ་རལ་གྲི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཅད་པར་བྱ། །རྡོ་རྗེ་ཅོད་པན་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བརྡུང་བར་

བྱ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཞིག་པར་བྱ། །རྡོ་རྗེ་འཁྲུལ་འཁོར་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཙིར་བར་བྱ། །རྡོ་རྗེ་ཁཊྭཱཾ་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཏུབ་པར་བྱ། །རྡོ་རྗེ་མདུང་ཐུང་

ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་དབུག་པར་བྱ། །རྡོ་རྗེ་སྲེག་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བསྲེག་པར་བྱ། །རྡོ་རྗེ་འཁོར་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བསྐོར་བར་བྱ། །རྡོ་རྗེ་སྲད་བུའི་ཕྱག་རྒྱ་ཡིས། །

เล่ม ๘๔ · หน้า 166a

བགེགས་རྣམས་ཐམས་ཅད་བསྐྱོད་པར་བྱ། །རྡོ་རྗེ་ཟློག་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་རྣམ་པར་བརླག །རྡོ་རྗེ་འཇོམས་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཞོམ་པར་བྱ། །རྡོ་རྗེ་འཇིགས་བྱེད་ཕྱག་རྒྱ་ཡིས། །བགེགས་

རྣམས་ཐམས་ཅད་འཇིགས་པར་བྱེད། །རྡོ་རྗེ་ཟ་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཟའ་བར་བྱ། །རྡོ་རྗེ་འཆའ་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བཅའ་བར་བྱ། །རྡོ་རྗེ་དྲལ་བའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་

དྲལ་བར་བྱ། །རྡོ་རྗེ་སྒྱེལ་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བསྒྱེལ་བར་བྱ། །རྡོ་རྗེ་སློང་བའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་བསླང་བར་བྱ། །རྡོ་རྗེ་གསོད་པའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གསད་པར་བྱ། །རྡོ་རྗེ་

འཚོ་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་འཚོ་བར་བྱ། །རྡོ་རྗེ་སྒྲུབ་པའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་ཡང་དག་བསྒྲུབ། །རྡོ་རྗེ་རྒྱས་འདེབས་ཕྱག་རྒྱ་ཡིས། །གདུག་པ་ཐམས་ཅད་རྒྱས་གདབ་བྱ། །རྡོ་རྗེ་རླུང་གི་ཕྱག་རྒྱ་ཡིས། །

བགེགས་རྣམས་ཐམས་ཅད་རླུང་ལ་བསྐུར། །རྡོ་རྗེ་ཆུ་ཡི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་ཆུ་ལ་གཡེང་། །རྡོ་རྗེ་མེ་ནི་རབ་རྣོ་བས། །བགེགས་རྣམས་ཐམས་ཅད་བསྲེག་པར་བྱ། །རྡོ་རྗེ་བརྒྱལ་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་

བརྒྱལ་བར་བྱེད། །རྡོ་རྗེ་ཧཱུྃ་མཛད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་སྦྱིན་སྲེག་བྱ། །རྡོ་རྗེ་བསྡུ་བའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཟུང་བར་བྱ། །རྡོ་རྗེ་མཆེ་བའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་སོས་གདབ་བྱ། །རྡོ་རྗེ་

འབིགས་པའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་དབུག་པར་བྱ། །རྡོ་རྗེ་འཇིག་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཞིག་པར་བྱ། །རྡོ་རྗེ་བཀའ་བཞིན་བྱེད་པ་ཡིས། །བཀུག་ནས་བཀའ་ལ་དགོད་པར་བྱ། །རྡོ་རྗེ་སྡིགས་མཛུབ་ཕྱག་རྒྱ་ཡིས། །

เล่ม ๘๔ · หน้า 166b

བགེགས་རྣམས་ཐམས་ཅད་བསྡིགས་པར་བྱ། །རྡོ་རྗེ་འགས་བྱེད་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་དགས་པར་བྱ། །རྡོ་རྗེ་ཧཱུྃ་མཛད་ཕྱག་རྒྱ་ཡིས། །བགེགས་ཀྱི་རིགས་ཀུན་གཞོམ་པར་བྱ། །རྡོ་རྗེ་གནོད་སྦྱིན་བཟོད་དཀའ་དང་། །རྡོ་རྗེ་མེ་ལྟར་འབར་བ་

དང་། །རྡོ་རྗེ་འཇིགས་བྱེད་ཕྱག་རྒྱ་ཡིས། །རྡོ་རྗེ་རྐང་པས་བསྣུན་པར་བྱ། །བགེགས་འཇོམས་པ་ཡི་ཕྱག་རྒྱ་ཡིས། །དེ་ནས་སྟེང་གི་བགེགས་གཞོམ་བྱ། །མཆོག་ཏུ་གསང་བ་དམ་པའི་མཆོག །རྡོ་རྗེ་ཆེན་པོའི་གསང་རྒྱུད་ལས། །རྡོ་རྗེ་ཁྲོ་བོའི་སྙོམས་

འཇུག་བྱ། །བརྒྱ་དང་རྩ་བཅུ་ལྷག་པ་དང་། །རྡོ་རྗེ་སློབ་དཔོན་གསང་བ་ནི། །རྒྱས་པ་རུ་ནི་ཡོངས་སུ་བསྟན། །བགེགས་ལ་སོགས་པ་གདུག་པ་ཀུན། །ཆད་པ་གཅད་ཕྱིར་བཏུས་པ་ཡིན། །དཀྱིལ་འཁོར་ཆེན་པོ་བསྒྲུབ་བྱའི་ཕྱིར། །སྦྱིན་སྲེག་ལས་ནི་ཡང་

དག་བརྩམ། །རྣམ་པ་བརྒྱད་དང་རྩ་བཅུ་ལྷག །རྡོ་རྗེ་སློབ་དཔོན་གསང་བ་ནི། །འདི་ནི་གསང་བའི་རྒྱུད་ཆེན་པོ། །རྒྱུད་དེ་ལས་ནི་རབ་ཏུ་བཤད། །གསང་བའི་སྦྱིན་སྲེག་ཆོ་གར་བཅས། །གཞན་ཡང་དང་པོ་རབ་བཤད་བྱ། །རྣལ་འབྱོར་ཆེན་པོ་གསང་བའི་

ལས། །སྦྱིན་སྲེག་ལས་ནི་རྒྱུན་མི་གཅད། །ལས་རྣམས་ཐམས་ཅད་བཏུས་པ་ཡི། །གསང་བ་རྒྱུད་ཆེན་འདི་རུ་ནི། །སྦྱིན་སྲེག་རྣམ་པ་ཉི་ཤུ་ཡིས། །ཐམས་ཅད་བསྡུས་པར་འགྱུར་བ་ཡིན། །ཞི་བ་དང་ནི་རྒྱས་པ་དང་། །མངོན་སྤྱོད་ཀྱི་ནི་ལས་དང་ནི། །ཚེ་

སྤེལ་བ་དང་དགུག་པ་དང་། །ནོར་དང་འབྲུ་ནི་འཕེལ་བ་དང་། །བསྲུང་དང་བསྲུང་བ་མིན་དང་བགེགས། །སྡིག་པ་ཐམས་ཅད་རབ་གཞོམ་དང་། །བཅིང་དང་གསད་དང་དྲག་པོ་དང་། །ཆགས་དང་རྗེས་སུ་བཅོམ་པ་དང་། །དབང་དུ་བྱ་དང་གཟུགས་བཟང་ཉིད། །

འདོད་དགའི་གཟུགས་སུ་སྣང་བ་དང་། །མཁའ་ལ་འགྲོ་དང་དངོས་གྲུབ་ཀྱི། །རྫས་ནི་གྲུབ་པར་བྱ་བ་ལ། །སྒྲུབ་པའི་དཀྱིལ་འཁོར་བྱེད་པ་ཡི། །རྡོ་རྗེ་སློབ་དཔོན་གྱིས་དེ་བྱ། །དེ་ལྟ་བུ་ཡི་རྣམ་པ་ཡི། །སྦྱིན་སྲེག་བཟང་པོ་ཉི་ཤུར་བཤད། །ཇི་ལྟར་སྦྱིན་

เล่ม ๘๔ · หน้า 167a

སྲེག་ཆོ་ག་བཞིན། །སྔོན་དུ་ཐབ་ཁུང་བྱ་བ་ཡིན། །གྲུ་བཞི་ལ་ནི་རྒྱས་པ་སྟེ། །ཟླུམ་པོ་ལ་ནི་ཞི་བའོ། །གང་ཞིག་འགུགས་པར་བྱེད་པ་ཡི། །རྡོ་རྗེའི་རྣམ་པར་ཡང་དག་བྱ། །དེ་བཞིན་པདྨའི་རྣམ་པ་གཞན། །མངོན་སྤྱོད་ལ་ནི་གྲུ་གསུམ་སྟེ། །

སྡིག་པ་ཐམས་ཅད་རབ་གཞོམ་ཕྱིར། །ཟླུམ་པོ་རྟ་བབས་ལྡན་པ་ཡིན། །རིན་ཆེན་རྣམ་པ་རིགས་རྒྱས་ལ། །ཚེ་འཕེལ་བ་དང་འགྲིབ་པ་དང་། །ཤིན་ཏུ་དག་ཕྱིར་ཕྱག་རྒྱའི་དབྱིབས། །བསྲུང་ལ་གོ་ཆ་ལྟ་བུ་ཡིན། །བཅིང་བ་ལ་ནི་འོབས་ཀྱིས་བསྐོར། །གསད་ལ་

མཆེ་བ་དང་ལྡན་པའི། །ཅི་འདོད་གཟུགས་ལ་གང་ཡང་རུང་། །མི་སྣང་བ་ལ་གཞུ་དང་ལྡན། །ཕྱོགས་དང་མཁའ་འཕུར་ལ་ལྕགས་ཀྱུ། །བཀའ་བྱེད་ཕྱག་རྒྱ་བསྒྲུབ་པ་དང་། །དཀྱིལ་འཁོར་ཆེན་པོ་བསྒྲུབ་པ་ལ། །འཁོར་ལོ་འམ་ནི་གྲུ་བཞིའོ། །རྫས་དང་སྨན་ནི་

འགྲུབ་པ་ལ། །ཐབ་ཁུང་བུད་མེད་ཡན་ལག་མཚུངས། །ཡང་ན་ཐུན་མོང་དངོས་གྲུབ་ཀྱི། །དཀྱིལ་འཁོར་ཡང་དག་བྲི་བར་བྱ། །དཀྱིལ་འཁོར་འཁོར་ལོ་ཇི་ལྟ་བ། །སྦྱིན་སྲེག་ཐབ་ཁུང་དེ་མཚུངས་འགྱུར། །རིག་འཛིན་དངོས་གྲུབ་བཟང་ལྡན་ཞིང་། །ཐམས་

ཅད་ཕུན་ཚོགས་དེ་ལྟར་འགྱུར། །འཁོར་ལོ་སོགས་ལ་ཅུང་ཟད་མཐར། །སྦྱིན་སྲེག་ཐབ་ཁུང་བརྐོ་བར་བྱ། །ཐབ་ཁུང་ཉི་ཤུའོ། །དཀྱིལ་འཁོར་ཆོ་ག་ཐམས་ཅད་ལ། །ཐབ་ཁུང་གང་ཞིག་མཐོང་ཙམ་གྱིས། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །ཐབ་

ཁུང་བསྟན་པ་བཤད་པར་བྱ། །སྔོན་དུ་ཐིག་ནི་གདབ་བྱ་ཞིང་། །ཚོན་གྱིས་ས་ཕྱོགས་ལེགས་པར་བྲི། །གྲུ་བཞིར་ཐིག་བརྒྱད་ཅེས་བྱ་བ། །དབུས་ཀྱི་འཁོར་ལོ་དབྱུང་བར་བྱ། །གྲུ་བཞིའི་ཆ་ནི་མཉམ་པ་སྟེ། །ལེགས་པར་བགོས་ཤིང་ལེགས་བྲིས་པ། །རྟ་བབས་

བཞི་དང་ཡང་དག་ལྡན། །སྒོ་ཁྱུད་རྣམས་ཀྱིས་ལེགས་པར་སྤྲས། །སྒོ་བཞི་དག་དང་ཡང་དག་ལྡན། །སྒོ་ནི་ཆ་བརྒྱད་ལྡན་པར་བྱ། །དྲ་བ་ཟླ་བ་ཕྱེད་པས་སྤྲས། །རྡོ་རྗེ་སྒོ་ཁྱུད་རྡོ་རྗེར་ལྡན། །པདྨའི་ནགས་ཀྱི་ལྕུག་མ་དང་། །ཕྲེང་བ་རབ་ཏུ་འཁོར་བ་དང་། །སྤྱི་

เล่ม ๘๔ · หน้า 167b

བླུགས་ཕྱག་རྒྱ་ཆེན་པོ་ནི། །ཤར་གྱི་ཕྱོགས་ཀྱི་ཆ་རུ་བྲི། །རྩེ་གསུམ་ཟླ་བ་ཕྱེད་པ་དང་། །རལ་གྲི་ཁྱུ་མཆོག་མཛེས་རྒྱལ་མཚན། །འདོད་ཅེས་བདེ་བ་ཕྱག་རྒྱ་ཆེ། །ལྷོ་ཡི་ཕྱོགས་སུ་བྲི་བར་བྱ། །འཁོར་ལོ་དུང་དང་དབྱུག་ཏོ་དང་། །རྟ་བབས་གླང་པོ་དང་ནི་ཕག །

ཕྱག་རྒྱ་ནུབ་ཏུ་བྲི་བར་བྱ། །མདུང་ཐུང་དྲིལ་བུ་བ་དན་དང་། །རྨ་བྱ་དེ་བཞིན་ར་སྐྱེས་དང་། །ཁྱིམ་བྱ་འཐབ་མོ་ལ་ཕྱོགས་པ། །བྱང་གི་ཕྱོགས་སུ་བྲི་བར་བར་བྱ། །དེ་ཡི་དམ་ཚིག་འཁོར་ལོ་ལ། །སངས་རྒྱས་ཕྱག་རྒྱ་ཡང་དག་བྲི། །དབུས་ཀྱི་གནས་སུ་ཅོད་པན་

ཏེ། །ཕྱི་རོལ་རྡོ་རྗེས་ཉེ་བར་སྤྲས། །རྡོ་རྗེ་འབར་བ་འབར་བ་ཡི། །རྡོ་རྗེ་ཤར་གྱི་ཕྱོགས་ཆ་རུ། །ལྷོ་རུ་ནོར་བུ་སྣ་ཚོགས་པ། །ནུབ་ཏུ་པདྨ་རྡོ་རྗེའོ། །བྱང་དུ་རྡོ་རྗེ་ཧཱུྃ་མཛད་དེ། །གདུག་པ་ཐམས་ཅད་འཇོམས་མཛད་པའོ། །སངས་རྒྱས་རྡོ་རྗེ་ཐབས་ཆེན་

རྣམས། །ཕྱི་རོལ་ཕྱག་རྒྱ་བཅུ་དྲུག་ཏུ། །ཐབ་ཁུང་བརྐོས་པ་གང་ཡིན་པ། །དེ་ཡི་བླ་རེ་རྣམ་པར་བསྒོམ། །མེ་ཏོག་ཤིང་དང་སྤོས་སོགས་ཀྱིས། །ཇི་བཞིན་དུ་ནི་དཀྱིལ་འཁོར་མཆོད། །རང་ཉིད་ཁྲུས་བྱས་ཡན་ལག་བྱུགས། །སྣ་ཚོགས་གོས་དང་རྒྱན་

ལྡན་པ། །རྒྱན་རྣམས་ཀུན་གྱིས་རབ་ཏུ་སྤྲས། །དྲི་དག་བཟང་པོས་དབང་བསྐུར་འགྱུར། །ང་ནི་པད་འཛིན་རྒྱལ་པོ་སྟེ། །ཐོར་ཚུགས་དབུས་ན་དེ་བཞིན་གཤེགས། །ཡང་ན་རྡོ་རྗེ་སེམས་དཔའ་འམ། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྡན། །བུད་

མེད་སྡུག་དང་ལྷན་ཅིག་ཏུ། །དཔུང་པ་དམ་དུ་བསྡམས་བྱས་ཏེ། །མཚན་མ་འགྲེང་བར་རབ་གྱུར་ནས། །སྦྱིན་སྲེག་ལས་ནི་ཡང་དག་བརྩམ། །ཨེ་མའོ་བདེ་བ་བདེ་ཆེན་པོ། །འདོད་ཆགས་བདེ་བ་བླ་ན་མེད། །རྡོ་རྗེ་སེམས་དཔའ་འདོད་ཆགས་ཆེ། །འཇིག་

རྟེན་དབང་ཕྱུག་བདག་གྲུབ་མཛོད། །འདོད་ཆགས་བདེ་བ་རྗེས་དྲན་ནས། །འདོད་པའི་འདོད་ཆགས་བརྟག་མི་བྱ། །བུད་མེད་ཁམས་ནི་བཀུག་ནས་སུ། །འཁྲིག་པ་བདུན་ནི་སྤང་བར་བྱ། །མཚན་མ་ལངས་པར་རབ་གྱུར་ནས། །དབང་པོ་ཉེ་བར་ནི་བྱས་

เล่ม ๘๔ · หน้า 168a

ཏེ། །འདོད་ཆགས་རྗེས་དྲན་གྱུར་ནས་ནི། །སྦྱིན་སྲེག་ལས་ནི་ཡང་དག་བརྩམ། །མཚན་མ་ཕྱག་མཚན་ཞེས་བརྗོད་དེ། །ལངས་པ་ལྷག་པར་བྱ་བ་ཡིན། །རྡོ་རྗེ་ཅན་གྱི་ཕྱག་མཚན་ལས། །མཁས་པས་ལྷག་པར་བཅང་བར་བྱ། །རྡོ་རྗེ་ཅན་དང་བྱང་

སེམས་ཀྱི། །བྱང་ཆུབ་སེམས་ནི་བརྟན་པ་དང་། །ཕ་རོལ་ཕྱིན་པ་དྲུག་གིས་མཚན། །བརྩེ་བས་རྗེས་ཆགས་དངོས་གྲུབ་སྟེར། །ཤེས་རབ་ཐབས་ལ་དགའ་བ་བསྟན། །རྟག་ཏུ་བསྟེན་པར་བྱ་བ་ཡིན། །མཚན་མ་ལངས་པར་རབ་གྱུར་ནས། །ལྷག་པར་ཡང་

ནི་བསྟེན་པར་བྱ། །མངོན་འདོད་རིག་མ་སྡུག་གང་ཡིན། །དེ་ལ་རྣལ་འབྱོར་པས་འོ་བྱ། །ལྷག་པས་ཕྱག་རྒྱ་ཆེ་གྱུར་ནས། །དཔུང་པ་དམ་དུ་བསྡམ་པར་བྱ། །རབ་ཏུ་དགའ་བ་མང་པོ་གང་། །དེ་ནི་རབ་དགའི་ས་རུ་འདོད། །གང་ལ་ཆགས་པ་རབ་བརྟགས་པ། །

ཡང་དང་ཡང་དུ་བྲན་པར་བྱ། །བརྩེ་དང་བྱམས་པས་ཡང་དག་བྱུགས། །ཁྲེལ་ཡོད་པ་ཡི་གོས་ཀྱིས་དགབ། །ཚུལ་ཁྲིམས་བརྟུལ་ཞུགས་ཡང་དག་བྱུགས། །བྱང་ཆུབ་ཀྱི་ནི་སེམས་ཀྱིས་བརྒྱན། །དེ་འདྲའི་བརྟུལ་ཞུགས་ལྡན་པ་ཡི། །ཚོན་རྩི་ཆེན་པོ་

བསྟེན་པར་བྱ། །གཞན་ཡང་ཕྱི་ཡི་ཡན་ལག་དག །གང་ཕྱིར་རྡོ་རྗེ་ཅན་གྱིས་འཛིན། །སྦྱིན་སྲེག་ལས་ཀྱི་ཆོ་ག་བཞིན། །ཤར་དུ་ཁ་བལྟས་སྦྱིན་སྲེག་བྱ། །ཅི་སྐད་གཞུང་ལས་གསུངས་པ་བཞིན། །རྡོ་རྗེ་སློབ་དཔོན་གྱིས་དེ་བྱ། །ཞི་ལ་སངས་རྒྱས་བྱང་ཆུབ་མཆོག །

རྒྱས་ལ་རྡོ་རྗེ་རིན་ཆེན་གྱིས། །རྡོ་རྗེ་ཁྲོ་བོ་མངོན་སྤྱོད་ལ། །ལྕགས་ཀྱུ་ཡིས་ནི་འགུགས་པར་བཤད། །བཅུད་ཀྱིས་ལེན་ལ་རྡོ་རྗེའི་སྨན། །ཚེ་འཕེལ་དེ་བཞིན་མི་གཡོ་བའི། །རྡོ་རྗེ་སྨན་གྱི་རྒྱ་ཆེན་དང་། །རྡོ་རྗེའི་རྩེ་མོ་ནོར་འཕེལ་ལ། །བསྲུང་ལ་འཁོར་ལོ་ཆོ་ག་

སྟེ། །བཟློག་པ་ལ་ནི་རྡོ་རྗེ་གཟུང་། །གཡོན་པ་ལྕགས་སྒྲོག་ཕྱག་རྒྱ་ཆེས། །སྡིག་པ་གཞོམ་པར་བྱ་བར་བཤད། །བཅིང་ལ་རྡོ་རྗེ་བཅིང་བ་སྟེ། །གསོད་ལ་རྡོ་རྗེ་གསོད་བྱེད་དོ། །ཆགས་ལ་རྡོ་རྗེ་ཆགས་པ་ཡིས། །རྗེས་སུ་བསྟན་པ་ལ་ཡང་བཤད། །

เล่ม ๘๔ · หน้า 168b

དབང་ལ་རྡོ་རྗེ་དབང་གིས་སོ། །ཅི་འདོད་གཟུགས་ལ་སྣ་ཚོགས་ཏེ། །མཁའ་ལ་འགྲོ་བའི་དངོས་གྲུབ་ལ། །རྡོ་རྗེའི་དངོས་གྲུབ་རྣམ་འཕྲུལ་གྱིས། །པདྨའི་སྨན་གྱི་ཕྱག་རྒྱ་ཆེས། །རྫས་སུ་གྲུབ་པའི་བདེ་མཆོག་ཡིན། །དཀྱིལ་འཁོར་རྫོགས་པའི་གྲུབ་པ་ལ། །རྡོ་རྗེ་

དཀྱིལ་འཁོར་ཕྱག་རྒྱ་ཡིས། །རིག་པ་ཀུན་བདག་རྒྱལ་པོ་ཡི། །ཕྱག་རྒྱའི་མཆོག་དེ་ཡོངས་སུ་གཟུང་། །དངོས་གྲུབ་ཐམས་ཅད་སྒྲུབ་པ་ལ། །པདྨ་ཆེན་པོའི་སྨན་མཆོག་གིས། །ལག་པ་གཡོན་པས་ཕྱག་རྒྱ་བཅིང་། །གཡས་པ་ཡིས་ནི་སྦྱིན་སྲེག་བྱ། །རྡོ་རྗེ་

སྣ་ཚོགས་ཕྱག་རྒྱ་ཡིས། །སྦྱིན་སྲེག་ལས་ལ་རྒྱས་གདབ་བྱ། །གཡོན་པ་ཧཱུྃ་ལྡན་སྡིགས་མཛུབ་སྟེ། །གཡས་པ་མཆེ་བ་གཙིགས་པ་སྟེ། །མངོན་སྤྱོད་ཀྱི་ནི་ཕྱག་རྒྱ་ཡིས། །རུས་པའི་ཕྱེ་མས་ཕྱོགས་རྣམས་བཅིང་། །ཨོྃ་སུཾ་བྷ་ནི་སུཾ་བྷ་ཧཱུྃ། གྲྀ་ཧྞ་

གྲཧྞ་ཧཱུྃ། གྲྀ་དྞཱ་བ་ཡ་གྲྀ་ཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བ་ག་པན་བིཧྱཱ་རཱ་ཛ་ཧཱུྃ་ཕཊ། གཡོན་པ་ཆོས་འཆད་དང་ལྡན་ཞིང་། །གཡས་པ་ཡི་ནི་སྦྱིན་སྲེག་བྱ། །སངས་རྒྱས་ཆོས་ནི་སྙོམས་འཇུག་པས། །ཏིལ་བསྲེགས་པས་ནི་སྡིག་པ་བསྲེགས། །ཨོྃ་སརྦ་པཱ་པཾ་

ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། །ལག་པ་གཡོན་པ་རིན་ཆེན་གྱུར། །གཡས་པ་ཡིས་ནི་སྦྱིན་སྲེག་བྱ། །འབྲུ་བདུན་ཡང་ན་རིན་ཆེན་ནས། །ཡོ་བྱད་ཀུན་གྱིས་མཉེས་པར་བྱ། །ཨོྃ་མ་ཎི་རཏྣ་ཀྲ་མ་ཀཱ་ཡ་སྭཱ་ཧཱ། ཤིན་ཏུ་མཉམ་པར་བཞག་པས་ནི། །མངར་

བས་མེ་ནི་རབ་སྤར་ཏེ། རྣལ་འབྱོར་པས་ནི་འབྲས་བསྲེགས་ན། །ཁྱིམ་ནི་ངེས་པར་རྒྱས་པར་འགྱུར། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། །ཤིན་ཏུ་མངར་བའི་བུད་ཤིང་གིས། །མེ་ནི་རབ་ཏུ་སྦར་བྱས་ཏེ། །ཀུ་ཤའི་མྱུ་གུ་ཏིལ་བཅས་པས། །སྦྱིན་སྲེག་

བྱས་ན་བསྲུང་དོན་མཆོག །ཨོཾ་བཛྲ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། ཡམ་ཤིང་མངར་པོ་ཉིད་དང་ནི། །དེ་བཞིན་དཱུར་བའི་མྱུ་གུ་དག །མར་སྨྱུགས་རྡོ་རྗེའི་ཕྱག་རྒྱ་ཡིས། །བསྲེགས་ན་ཆེ་འཕེལ་བྱེད་པའི་མཆོག །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། །བུད་

เล่ม ๘๔ · หน้า 169a

ཤིང་ཚ་བ་རྣམས་ཀྱི་ནི། །རྡོ་རྗེ་ཁྲོ་བདག་ཏིང་འཛིན་གྱིས། །ཐབ་ཁུང་དུ་ནི་མེ་སྦར་ཏེ། །ཚེར་མ་རྣམས་ཀྱིས་དགུག་པར་བྱ། །ཨོྃ་བཛྲ་ཨཱ་ཀར་ཥ་ཡ་སྭཱ་ཧཱ། །དེ་བཞིན་སྣ་ཚོགས་ཐམས་ཅད་ཀྱིས། །མཁས་པ་ཡིས་ནི་མེ་སྦར་ཏེ། །རྟག་ཏུ་ཆུ་སྐྱེས་སྦྱིན་

སྲེག་བྱས། །རྡོ་རྗེ་འཆིང་བར་འགྱུར་བ་ཡིན། །ཨོྃ་བཛྲ་བན་དྷ་ཡ་པཾ། །དེ་བཞིན་སྦྱོར་བའི་ཆོ་ག་ཡིས། །མཁས་པས་ཡམ་ཤིང་བསྲེག་བྱ་ཞིང་། །འབྲས་བུ་ཁ་བའི་སྦྱིན་སྲེག་བྱས། །སྐད་ཅིག་གིས་ནི་གསོད་པར་འགྱུར། །ཨོྃ་བཛྲ་མཱ་ར་ན་ཡེ་ཧཱུྃ། དེ་བཞིན་

པཱ་ཀྵ་དམར་པོ། །བསྲེགས་ན་དབང་དུ་བྱེད་པར་འགྱུར། །ཨོྃ་བཛྲ་རཱ་ག་ན་ཡེཧྲཱིཿ། ཤ་པུས་པས་ནི་སྦྱིན་སྲེག་བྱས། །དེ་བཞིན་ཆགས་པར་བྱེད་པའི་མཆོག །ཨོྃ་བཛྲ་ཤཾ་ཀརཱ་ཡ་སྭཱ་ཧཱ། །ཁྲོས་པས་འདོད་པའི་འབྲས་བསྲེགས་ན། །ཅི་འདོད་གཟུགས་ནི་ཐོབ་

པར་འགྱུར། །ཨོྃ་བཛྲ་ཀཱ་མ་རཱུ་པ་ཎི་སྭཱ་ཧཱ། །ཨོྃ་བཛྲ་ཁ་ར་ཙི་རེ་ཎི་སྭཱ་ཧཱ། །བུད་ཤིང་རོ་ནི་ཁ་བ་ཡིས། །ཤིན་ཏུ་ཁྲོས་པས་མེ་སྦར་ཏེ། །ཁྲོས་པས་རྡོ་རྗེ་མེ་ཏོག་བསྲེགས། །རྡོ་རྗེ་བཀའ་བཞིན་བྱེད་པར་འགྱུར། །ཧཱུྃ་བཛྲ་ཤཾ་ཀརཱ་ཡ་སྭཱ་ཧཱ། །ཨོྃ་བྷུ་ཏ་བ་ཤཾ་ཀ་

རཱ་ཡ་སྭཱ་ཧཱ། །དངོས་གྲུབ་ཀུན་གྱི་ཆོ་ག་བཞིན། །མཁས་པས་ཡུངས་ཀར་སྦྱིན་སྲེག་བྱ། །ཡུངས་ཀར་ཤིན་ཏུ་བཀྲ་ཤིས་པས། །དངོས་གྲུབ་སྦྱིན་སྲེག་མཆོག་ཡིན་ནོ། །ཨོྃ་སརྦ་སིད་དྷ་ཡེ་སྭཱ་ཧཱ། །རིག་པ་འཛིན་པ་གྲུབ་བྱའི་ཕྱིར། །མཁས་པས་སྭ་སྟི་ཀ་བསྲེག་བྱ། །

གྲུབ་པའི་དཀྱིལ་འཁོར་སྦྱོར་བ་ཡིས། །སྦྱིན་སྲེག་རྡོ་རྗེའི་དཀྱིལ་འཁོར་དུ། །ཨོྃ་སིད་དྷ་སིད་དྷ་ཡེ་སྭཱ་ཧཱ། །ཨོྃ་དལ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། །མཎྜལ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། །ཨོྃ་བྷུཿསྭཱ་ཧཱ། །ཨོྃ་བྷུ་བ་སྭཱ་ཧཱ། །ཨོྃ་སྭ་སྭཱ་ཧཱ། །ཨོྃ་བྷུར་བྷུ་བ་སྭཿསྭ་ཧཱ། །ཨོྃ་སྭ་སྟི་སྭཱ་ཧཱ། །ཨོྃ་སྭ་སྟི་ན་མཿ

སྭཱ་ཧཱ། །ཨོྃ་སིད་དྷེ་པྲ་བྷཱ་ཏ་ཡེ་སྭཱ་ཧཱ། །ཨོྃ་སརྦ་དུཿཁ་ཨུ་པ་ཤ་མ་ནེ་སྭཱ་ཧཱ། །ཨོྃ་བཛྲ་སིད་དྷ་ཡེ་སྭཱ་ཧཱ། །ཨོྃ་ཀཱརྱ་ཀཱ་ར་ཎི་པུཥྚ་ཤན་ཏི་ཀེ་སྭཱ་ཧཱ། ཡི་གེ་ཕཊ་ནི་མངོན་སྤྱོད་ལ། །ཡི་གེ་ཛཿཡིས་འགུགས་པར་འགྱུར། །ཡི་གེ་པྃ་ནི་བཅིང་ལ་སྦྱར། །དབང་དུ་བྱལ་ཡི་

เล่ม ๘๔ · หน้า 169b

གེ་ཤྲཱི། །ཡི་གེ་ཧཱུྃ་ནི་བསྡིགས་ལ་སྦྱར། །གསད་པ་ལ་ཡང་ཡི་གེ་ཧཱུྃ། །ཧ་ནི་བསྲུང་བ་བཟང་པོ་ལ། །ཡི་གེ་ཧཱུྃ་ནི་བཟློག་པ་ལ། །ཤྲཱིས་ནི་སྣ་ཚོགས་གཟུགས་བསྒྲུབ་བྱ། །ཨོཾ་ནི་མི་སྣང་བསྟན་པ་ལ། །ཧོ་ནི་ཚགས་དང་དགུག་པ་ལ། །ཨུ་ནི་གསང་བའི་དག་

པ་འཛིན། །མངོན་སྤྱོད་ལྡན་ལ་ཡི་གེ་ཧཱུྃ། །ཧཱུྃ་ནི་རྫུ་འཕྲུལ་སྒྲུབ་བྱེད་པ། །ལྷ་མོ་ཆེན་པོ་སྒྲུབ་ལ་ཨཱ། །ཨོཾ་ནི་ཀུན་ལ་ངེས་པར་སྦྱར། །ཡམ་ཤིང་སེར་པོ་རྒྱས་པ་ལ། །ཞི་བ་ལ་ནི་དཀར་པོའོ། །དབང་དུ་བྱ་བ་དམར་པོ་སྟེ། །ནག་པོ་མངོན་སྤྱོད་ལས་ལའོ། །

ཞི་ལ་མར་གྱིས་བྱུགས་པ་སྟེ། །རྒྱས་པ་ལ་ནི་འོ་མ་བཅས། །དབང་དུ་བྱ་ལ་ལན་ཚྭར་ལྡན། །ཚ་བ་དང་བཅས་མངོན་སྤྱོད་ལ། །དབྱེ་བ་རྒྱ་ཆེན་དག་གིས་ནི། །སྦྱིན་སྲེག་ལས་རྣམས་ཤེས་པར་བྱ། །དེ་ཉིད་སྦྱིན་སྲེག་ཉི་ཤུ་འདི། །རྡོ་རྗེ་འཆང་གིས་གསང་

བ་ཡིན། །དེ་ཁོ་ན་ཉི་ཤུ་པ་ཞེས་བྱ་བ་སྦྱིན་སྲེག་གི་གསང་བའོ།། །།དེ་ནས་དངོས་གྲུབ་ཐབས་ཆེན་པོ། །ཐམས་ཅད་འགྲུབ་འདོད་དཀྱིལ་འཁོར་དུ། །གྲུབ་པའི་སྦྱོར་བའི་ཆོ་ག་ཡིས། །དངོས་གྲུབ་ཚོགས་ཀྱི་སྦྱོར་ལྡན་ཞིང་། །རྡོ་རྗེ་ཡི་ནི་སློབ་དཔོན་ཆེ། །

བརྟན་བཅས་རིགས་སུ་ཡང་དག་སྐྱེས། །ཐེག་པ་ཆེན་པོར་ཡང་དག་གནས། །བསྐལ་པ་གྲངས་མེད་མཐར་ཐུག་པར། །ཆོས་ཀྱི་ཤིང་རྟ་ཆེ་ལ་ཞོན། །ཤེས་རབ་ཐབས་དང་ཡང་དག་ལྡན། །སེམས་ཅན་ཀུན་གྱི་དོན་ལ་བརྩོན། །སངས་རྒྱས་ཀུན་གྱིས་ཡོངས་སུ་

བཟུང་། །སློབ་དཔོན་ཆེན་པོའི་ཚུལ་ལ་གནས། །མཆོག་ཏུ་ས་ཡི་མཐར་ཕྱིན་པ། །སངས་རྒྱས་ཀུན་གྱི་རིགས་སུ་སྐྱེས། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །བགེགས་རྣམས་ཐམས་ཅད་བསལ་ནས་ནི། །དཀྱིལ་འཁོར་གནས་སུ་ཡང་དག་ལྡན། །སྦྱིན་

སྲེག་ཆོ་ག་བྱས་ནས་ཀྱང་། །ཆོས་སྦྱིན་ཆེན་པོ་ཡང་དག་བརྩམ། །དམ་ཆོས་སྙིང་པོ་བཅུད་ལས་བྱུང་། །སངས་རྒྱས་མཆོད་པ་བླ་མེད་པ། །བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ། །ཤེས་རབ་ཐབས་ཀྱི་ཚུལ་ཐོབ་བ་བྱེད། །རྒྱལ་ཆེན་ཤེས་རབ་ཆེན་པོ་

เล่ม ๘๔ · หน้า 170a

དང་། །ཐབས་ཀྱིས་རྨད་བྱུང་ཆོས་ཉིད་དོ། །བྲམ་ཟེ་བཞིན་དུ་རིགས་མཆོག་སྐྱེས། །བྱང་ཆུབ་སེམས་དཔའི་གསང་ཆེན་འཛིན། །གལ་ཏེ་ནུས་ན་སྐལ་ཆེན་གྱིས། །གང་ཚེ་མཆོད་པ་རྩོམ་པ་ནས། །ཇི་སྲིད་ཟིན་པར་གྱུར་གྱི་བར། །བཟའ་བ་

དག་ནི་མི་བྱའོ། །དྲི་དང་བཅས་པར་ལེགས་སྦྱར་བའི། །ཡང་ན་དཀར་གསུམ་བཟའ་བར་བྱ། །གང་ཕྱིར་རྒྱལ་པོ་རྡོ་རྗེ་འཛིན། །བྱིན་གྱིས་རློབ་པ་མཛད་པར་འགྱུར། །ཅི་སྟེ་བཟོད་ལྡན་ཉིན་མཚན་དུ། །བཟའ་བ་དག་ནི་མི་བྱ་སྟེ། །གང་ཕྱིར་ཆོས་ཀྱི་རང་བཞིན་

ཟས། །ཚིམ་པར་འགྱུར་བར་ཐེ་ཚོམ་མེད། །དཀྱིལ་འཁོར་དག་ནི་དག་བྱས་ཤིང་། །དྲི་རྣམས་ཀུན་གྱིས་མངོན་འདུས་བྱས། །སྔགས་ཀྱིས་བསངས་བའི་ཆུ་ཡིས་ནི། །ཐམས་ཅད་ཀུན་ནས་ཆག་ཆག་གདབ། །གང་ཚེ་མཆོད་པར་བྱེད་པ་ན། །ཕྱོགས་རྣམས་

ཀུན་གྱི་ཕྱག་བྱ་ཞིང་། །བཤགས་དང་གསོལ་བ་གདབ་ཉིད་དང་། །མཆོད་པའི་སྤྲིན་དང་རྗེས་ཡི་རང་། །བདག་ཉིད་དབུལ་བ་ལ་སོགས་པའི། །ལས་རྣམས་རིམ་བཞིན་བྱས་ནས་ནི། །དཀྱིལ་འཁོར་ཆེན་པོ་མཉམ་དབུས་སུ། །སེམས་དཔའི་སྐྱིལ་ཀྲུང་

བཅའ་བར་བྱ། །དཀྱིལ་འཁོར་ཐམས་ཅད་བསྡུས་པ་ཡི། །སྐྱིལ་ཀྲུང་རྣམ་པ་བཅུ་རུ་བཤད། །གསང་ཆེན་དེ་ཉིད་མཆོག་འདི་ནི། །དཀྱིལ་འཁོར་ཐམས་ཅད་མཆོད་པའོ། །དཔལ་དང་བཀྲ་ཤིས་སྡིགས་མཛུབ་བྱེད། །དེ་བཞིན་གཡས་ཀྱི་ཕྱེད་ཀྲུང་ཉིད། །

ཕྱི་རོལ་བརྐྱང་དང་བཞུགས་པའོ། །དེ་བཞིན་རིན་ཆེན་རང་བཞིན་ཏེ། །དེ་དག་བཅུ་རུ་རང་བཞིན་བཤད། །སྐྱིལ་ཀྲུང་བརྒྱ་དང་བཅུ་ལྷག་པ། །གསང་བའི་རྒྱུད་ཀྱི་གསང་བ་ཡི། །རྒྱུད་དེ་ལས་ནི་རབ་ཏུ་བཤད། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ཏེ། །སངས་

རྒྱས་ལ་དམིགས་སེམས་ཀྱིས་ནི། །རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ། །བྱམས་པ་ཆེན་པོ་རྗེས་དྲན་ནས། །དང་པོ་སྦྱོར་བའི་ཏིང་འཛིན་མཆོག །རྣལ་འབྱོར་པས་ནི་སྙོམས་འཇུག་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག །དེ་ནས་ཡང་ནི་ལས་རྒྱལ་པོ། །

เล่ม ๘๔ · หน้า 170b

ཏིང་འཛིན་ལྷག་པའི་བཟང་པོ་ནས། །བཅུ་ཕྲག་གཅིག་ལྷག་བརྒྱ་རུ་བཤད། །ལས་ཐམས་ཅད་པ་གསུམ་དུ་བརྗོད། །གསང་བའི་རྒྱུད་ལས་རབ་ཏུ་བཤད། །ཏིང་འཛིན་སྦྱོར་བ་མེད་པར་ནི། །དཀྱིལ་འཁོར་བརྟན་པར་མི་འགྱུར་རོ། །དཀྱིལ་འཁོར་སྦྱོར་བ་

མེད་པར་ནི། །དངོས་གྲུབ་ཉིད་ནི་འབྱུང་མི་འགྱུར། །དེ་བས་རྟག་ཏུ་འབད་པས་ནི། །ཏིང་འཛིན་དངོས་གྲུབ་དཀྱིལ་འཁོར་བྱ། །གལ་ཏེ་མཆོག་ཏུ་གསང་བ་ནི། །བླ་མེད་ཐེག་པའི་གསང་འདོད་ན། །ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་ནི། །དེ་ནས་ཡང་དག་བཤད་པར་

བྱ། །དེ་ནས་བྱང་སེམས་རྣམ་འཕྲུལ་དུ། །སོ་སོའི་སྐྱེ་བོས་མི་ནུས་སོ། །དེ་རྣམས་ཀྱི་ནི་ཏིང་འཛིན་མཆོག །སེམས་ཉིད་ཀྱིས་ནི་ཡང་དག་བྱ། །དང་པོའི་རྒྱུད་ལས་བཤད་པ་བཞིན། །སངས་རྒྱས་ཀྱི་ནི་རྣམ་འཕྲུལ་བཤད། །བློ་ལྡན་བྱང་སེམས་ཏིང་འཛིན་

གྱིས། །བདག་ཉིད་རྫུ་འཕྲུལ་ཆེན་པོ་བསམ། །དཀའ་ཐུབ་སྣ་ཚོགས་དྲག་པོ་ནི། །བདག་གིས་བྱས་པར་བསམ་པར་བྱ། །འོག་མིན་ཞེས་བྱ་གནས་ཡིན་པ། །ལྷ་ཡི་གནས་ནི་བསམ་པར་བྱ། །སངས་རྒྱས་ཐམས་ཅད་འདུས་བ་ཡི། །དག་པའི་

འདུས་པ་རྣམ་པར་བསམ། །དང་པོར་སངས་རྒྱས་ཕྱག་བྱས་ནས། །དེ་ནས་ཐུབ་རྣམས་ལ་དེ་བཞིན། །བཀའ་མནོས་ཇི་སྐད་བསྟན་པ་ཡི། །སླར་ཡང་སྐྱིལ་ཀྲུང་བཅའ་བར་བྱ། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །ཀུན་ཏུ་དགའ་བྱེད་བསམ་པར་བྱ། །མཚན་ཉིད་

ཐམས་ཅད་ཀྱིས་བརྒྱན་པའི། །བདག་ཉིད་སངས་རྒྱས་སྐུ་དང་ནི། །སངས་རྒྱས་ཀུན་གྱིས་དབང་བསྐུར་བ། །ལྔ་ནི་བདག་ཉིད་ལ་བསམ་བྱ། །རྡོ་རྗེའི་གནས་སུ་འདུག་བྱ་ཞིང་། །རྩེ་མོ་མཐོན་པོར་བསམ་པར་བྱ། །དང་པོར་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་

ཏོ།། །།རྡོ་རྗེ་ཤར་དུ་འདུག་བྱ་ཞིང་། །སངས་རྒྱས་འཁོར་ལོ་རྣམ་པར་འཕྲུལ། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྤྲོ། །འཁོར་ལོའི་དཀྱིལ་འཁོར་རྣམ་པར་སྤྲུལ། །རྒྱལ་པོ་དང་བཅས་རིགས་དཀྱིལ་འཁོར། །སྒོ་སྲུང་སྒེག་མོ་ལ་སོགས་དང་། །

เล่ม ๘๔ · หน้า 171a

ལྷ་མོ་དང་བཅས་ཕྱག་རྒྱ་ཡི། །སྦྱོར་བས་རྡོ་རྗེ་ཅན་དབང་བསྐུར། །རྡོ་རྗེའི་ལས་སུ་ཡང་དག་བྱའོ། །བདག་ཉིད་ཀྱི་ནི་མཁའ་དབྱིངས་སུ། །སངས་རྒྱས་ཐམས་ཅད་མོས་བྱས་ཏེ། །སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །དབང་བསྐུར་བར་ནི་ཡང་དག་བྱ། །

རྡོ་རྗེ་ཆོས་འཛིན་རྒྱལ་པོ་རུ། །དཀྱིལ་འཁོར་བཀོད་ལ་བརྟག་པར་བྱ། །སངས་རྒྱས་ཐམས་ཅད་དགུག་བྱ་ཞིང་། །རྡོ་རྗེ་ཅན་རྣམས་མཆོག་ཞུགས་བྱ། །བསྒྲུབ་པ་དང་ནི་དབང་དུ་བྱ། །བྱ་བ་འདི་ནི་མཆོག་ཡིན་ནོ། །རང་གི་རིགས་ཀྱི་དཀྱིལ་འཁོར་དུ། །གནས་དེ་

ལྷག་པར་མོས་པར་བྱ། །འཁོར་ལོ་ཇི་བཞིན་བཀོད་ཇི་བཞིན། །ཕྱག་རྒྱ་ཇི་བཞིན་དབང་བྱས་པའོ། །ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། །།རང་ཉིད་ཁྲུས་བྱས་ཡན་ལག་བྱུགས། །རྒྱན་དང་གོས་ནི་སྣ་ཚོགས་ལྡན། །དཔུང་རྒྱན་གདུ་བུ་ཉིད་

དང་ནི། །དེ་བཞིན་སོར་གདུབ་དབུ་རྒྱན་བཅས། །གསེར་སྐུད་མུ་ཏིག་དང་ལྡན་པའི། །ལག་པ་རྐང་པ་དེ་ནས་སྐེ། །ལུས་ཀུན་རྣམ་པར་བརྒྱན་འགྱུར་བ། །དེ་བཞིན་ཀོ་ཤའི་རས་ལྷག་པའི། །གོས་དག་བཟང་པོ་བགོས་ཞིང་བསང་། །ཡང་ན་ཆོས་གོས་

འཛིན་པ་སྟེ། །སངས་རྒྱས་ཕྱག་རྒྱ་རྒྱལ་མཚན་བཞིན། །གལ་ཏེ་སྐྲ་བྲེགས་དགེ་སློང་སྟེ། །རིང་ཞིང་འཁྱིལ་ལ་མདོག་སྔོ་བའི། །སྐྲ་ནི་སྔོན་པོ་བཅིང་བར་བྱ། །ཡང་ན་རང་གི་མགོ་ལ་སྐྱེས། །བདག་ཉིད་རྡོ་རྗེ་སེམས་དཔའ་འམ། །ཡང་ན་རྡོ་རྗེ་ལས་སུ་

བྱ། །རྣལ་འབྱོར་རང་བཞིན་གསང་མེད་པར། །དངོས་གྲུབ་བཟང་པོ་ཐོབ་མི་འགྱུར། །དཀྱིལ་འཁོར་དབུས་སུ་མཉམ་པ་རུ། །ཅི་རིགས་པར་ནི་འདུག་ནས་སུ། །ཤར་དུ་ཁ་བལྟས་ལངས་ནས་ནི། །ཁེངས་པ་མེད་ཅིང་མ་འཁྲུལ་བར། །རྡོ་རྗེ་སེམས་

དཔར་ཡོངས་སུ་བསྐོར། །མཚན་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་ཏུ་ནི་བརྗོད་པར་བྱ། །བསྟོད་པ་བྱས་ནས་རང་བདག་ཉིད། །དངོས་གྲུབ་སྦྱོར་བ་ཡང་དག་བྱ། །སྙིང་རྗེ་ཆེན་པོ་སྦྱོར་བ་ཡིས། །བདག་གིས་དྲང་སྲོང་བསྐུལ་བར་བྱ། །རྡོ་རྗེ་སེམས་དཔའ་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด