དཔལ་རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ
ชื่อสันสกฤต (อักษรทิเบต ตามตัวบท) ཤྲཱི་བཛྲ་མཎྜ་ཨ་ལཾ་ཀ་ར་ནཱ་མ་མ་ཧཱ་ཏན་ཏྲ་རཱ་ཛཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๘๖ · หน้า 31a
པ། །དེ་ཡི་སྟེང་དུ་པད་ཆེན་པོ། །གེ་སར་ལྡན་ཞིང་རབ་མཛེས་པ། །དེ་ཡི་ལྟེ་བའི་དབུས་སུ་ནི། །སངས་རྒྱས་སྐུ་གཟུགས་དགོད་པར་བྱ། །སངས་རྒྱས་ཀྱི་ནི་དྲུང་ཀུན་དུ། །སངས་རྒྱས་ཐམས་ཅད་དགོད་པར་བྱ། །སངས་རྒྱས་ཀུན་གྱི་ཉེ་
འཁོར་དུ། །འཁོར་ལོས་སྒྱུར་བ་ལ་སོགས་བྲི། །ཕྱི་ཡི་གནས་ནི་ཐམས་ཅད་དུ། །སངས་རྒྱས་སྲས་པོ་རྣམ་པར་དགོད། །ཁ་དོག་སེར་པོ་གཟི་བརྗིད་ཆེ། །དབང་ཆེན་དཀྱིལ་འཁོར་རབ་འབར་བ། །ཐམས་ཅད་རྣམ་པ་སྣ་ཚོགས་རྒྱན། །བརྒྱན་པ་
དེ་དག་དགོད་པར་བྱ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས་དབང་ཆེན་གྱི་དཀྱིལ་འཁོར་གྱི་ཆོ་གའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སླར་ཡང་ཆུའི་ལྷའི་དཀྱིལ་འཁོར་ཆེན་པོ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །
དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ། །ཆོས་ཀྱི་འཁོར་ལོ་འདྲ་བས་ན། །ཆོས་ཀྱི་འཁོར་ལོ་ཞེས་སུ་བརྗོད། །དེ་ཡི་ཕྱི་རོལ་གཉིས་པ་ལ། །ཟླུམ་པོ་རུ་ནི་རྟོགས་པར་བྱ། །རི་མོ་མང་པོ་སྣ་ཚོགས་པས། །སྒོ་དང་སྒོ་ཁྱུད་བརྟག་པར་བྱ། །རྟ་བབས་
རྣམ་པ་སྣ་ཚོགས་པ། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །དེ་ཡི་དབུས་སུ་པད་ཆེན་པོ། །གེ་སར་ལྡན་ཞིང་རབ་མཛེས་པ། །འདབ་མ་བརྒྱད་ཀྱི་ཀ་བའི་མདུན། །དཀྱིལ་འཁོར་བརྒྱན་ཀྱིས་བརྒྱན་པའོ། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །རྒྱལ་བ་ཐམས་
ཅད་དཀར་པོར་མཆོག །ཁ་བ་བ་ཞོ་ལྟར་དཀར་གསལ། །ཤེལ་དང་ཟླ་བ་ལྟ་བུའི་འོད། །ཀུནྡ་ཟླ་བ་ལྟར་དཀར་བརྟན། །ཟླ་བའི་དཀྱིལ་འཁོར་དབུས་སོན་པར། །དེ་ཡི་ཉེ་འཁོར་ཐམས་ཅད་དུ། །སངས་རྒྱས་སྲས་པོ་རྣམ་པར་དགོད། །ཐམས་ཅད་ཟླ་བ་ལྟར་
དཀར་ཞིང་། །ཟླ་བའི་དཀྱིལ་འཁོར་ལ་གནས་པ། །མཚོན་ཆ་སྣ་ཚོགས་ཟླ་བ་འདྲ། །ཟླ་བ་འབར་མཚུངས་མཉམ་མེད་པ། །ཆུ་ཡི་མིང་ཞེས་བྱ་བ་ཡི། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས་ཆུ་ལྷའི་དཀྱིལ་འཁོར་གྱི་ཆོ་གའོ།། །།དེ་ནས་བཅོམ་ལྡན་
เล่ม ๘๖ · หน้า 31b
འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་མེ་ལྷ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ། །རྡོ་རྗེ་ཡེ་ཤེས་གཟི་བརྗིད་མཚུངས། །རྡོ་རྗེ་གཟི་བརྗིད་ཅེས་སུ་བརྗོད། །གྲུ་གསུམ་
རྣམ་པ་ཉིད་དུ་བྱ། །སུམ་མདོ་རིས་ཀྱི་རྣམ་པ་མཚུངས། །འབར་བའི་ཕྲེང་འཁྲུགས་འཇིགས་པའོ། །ཁ་དོག་དམར་པོ་སྟོབས་པོ་ཆེ། །འཇིག་པའི་དུས་ཀྱི་མེ་འདྲ་བ། །རྟག་ཏུ་པདྨ་རཱ་ག་མཚུངས། །དེ་ཡི་དབུས་སུ་གཟི་བརྗིད་ཆེ། །ཉི་མའི་ཁ་དོག་སྟོབས་པོ་
ཆེ། །རྡོ་རྗེ་རྩེ་གསུམ་སྣ་ཚོགས་པ། །སུམ་མདོའི་སྙིང་གར་གཞག་པར་བྱ། །བལ་པོ་སེའུའི་མེ་ཏོག་མཚུངས། །ཡ་བའི་མེ་ཏོག་དག་དང་འདྲ། །པདྨ་པདྨ་རཱ་ག་མཚུངས། །སངས་རྒྱས་དཔའ་བོ་ཡང་དག་པར། །བཟང་པོ་མཚལ་དང་མཚུངས་འདྲ་བ། །རྒྱ་
སྐྱེགས་བཅུད་དང་འདྲ་བར་གནས། །དེ་ཡི་ཉེ་འཁོར་ཐམས་ཅད་དུ། །དེ་བཞིན་སངས་རྒྱས་སངས་རྒྱས་སྲས། །ཁྲོ་བོ་དང་ནི་མངག་པ་དག །མཁས་པ་ཡིས་ནི་དགོད་པར་བྱ། །དེ་དག་ཐམས་ཅད་ཁ་དོག་དམར། །གཟི་བརྗིད་ཁམས་ལ་འོད་ལྡན་པ། །འོད་ཟེར་
དམར་པོ་རབ་འཕྲོ་བ། །ཉི་མའི་དཀྱིལ་འཁོར་དབུས་སོན་པར། །ཐམས་ཅད་དམར་པོའི་མཚོན་ཆ་ཅན། །དམར་པོའི་རྒྱན་གྱིས་རྣམ་པར་བརྒྱན། །དམར་པོའི་གོས་ཀྱིས་བཀབ་པའི་ལུས། །ཕྲེང་བ་དམར་པོ་མཆོག་འཛིན་པ། །འདི་ནི་གཟི་བརྗིད་གཏེར་ཞེས་བྱ། །
དཀྱིལ་འཁོར་མཆོག་ཏུ་འབར་བའོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས་མེ་ལྷ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་རྫོགས་སྷོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་སླར་ཡང་རླུང་ལྷའི་དཀྱིལ་འཁོར་བཀའ་སྩལ་པ། དེ་ནས་ཡང་
དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་མཆོག་གྱུར་པ། །རླུང་གི་ཁམས་དང་འདྲ་བས་ན། །རླུང་གི་དཀྱིལ་འཁོར་ཞེས་སུ་བཤད། །ཟླ་བ་ཕྱེད་པའི་རྣམ་པ་འདྲ། །དབྱར་གྱི་སྤྲིན་གྱི་འོད་དང་མཚུངས། །ཨ་ཏ་སཱི་ཡི་མེ་ཏོག་འདྲ། །ཨིན་དྲ་ནཱི་ལའི་འོད་དང་
เล่ม ๘๖ · หน้า 32a
མཚུངས། །དེ་ཡི་དབུས་སུ་པད་ཆེན་པོ། །བཻ་ཌཱུརྱ་ཡི་འོད་དང་འདྲ། །ཤིན་ཏུ་གནག་པའི་མིག་སྨན་མཚུངས། །སྔོན་དམར་གྱི་ནི་རྣམ་པར་གནས། །དེ་ཡི་ལྟེ་བའི་དབུས་སུ་ནི། །སངས་རྒྱས་དཔའ་བོ་རབ་འབར་བ། །རྒྱལ་པོ་འཁྱིལ་པ་འབར་བའི་
གཟི། །མཚན་མོ་ནག་མོ་ལྟ་བུར་གནས། །ཨུཏྤལ་སྔོན་པོ་འདབ་མའི་ཚུལ། །སྟོང་པ་ནམ་མཁའ་ལྟ་བུར་གནས། །དེ་ཡི་ཉེ་འཁོར་ཐམས་ཅད་དུ། །རྒྱལ་དང་རྒྱལ་བའི་སྲས་རྣམས་བྲི། །ཁྲོ་བོ་རྣམས་དང་མངག་པ་དང་། །དེ་བཞིན་ཕོ་ཉ་ཕོ་ཉ་མོ། །ཐམས་
ཅད་སྣ་ཚོགས་རྒྱན་གྱིས་བརྒྱན། །དེ་བཞིན་ནག་པོའི་གོས་གྱོན་པ། །ཁ་དོག་ནག་པོ་ཐམས་ཅད་དུ། །བ་དན་རྣམ་པ་སྣ་ཚོགས་བསྣམས། །གདུགས་ནི་རྣམ་པ་དུ་མའི་དབྱིབས། །ཁ་དོག་སྣ་ཚོགས་ལེགས་འབར་བ། །བླ་རེ་རྒྱས་པ་མཉམ་པ་ནི། །ཁ་དོག་ནག་
པོ་སྣ་ཚོགས་པ། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །མདོར་བསྡུས་ནས་ནི་བསྒོམ་པར་བྱ། །དཀྱིལ་འཁོར་ཆེན་པོ་འདི་ལྟ་བུ། །སངས་རྒྱས་ཀུན་གྱིས་རྗེས་སྐྱོབ་པ། །བྲིས་ནས་ཤེས་རབ་ཅན་གྱིས་བསྒོམ། །གལ་ཏེ་དངོས་གྲུབ་རང་འདོད་ནའོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་
རྒྱུད་ཆེན་པོ་ལས་རླུང་ལྷའི་དཀྱིལ་འཁོར་གྱི་ཆོ་གའོ།། །།དེ་ནས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སླར་ཡང་བསྡུ་བས་བྱོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་
བཏབ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་སྒྲུབ་པའི་ཐབས་བསྐྱེད་དུ་གསོལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་རྣམས་ཀྱིས་གསོལ་བ་བཏབ་པའི་ཚིག་ཉེ་བར་གསན་ནས། སྒྲུབ་པའི་ཐབས་ཀྱི་ཆོ་ག་མཆོག་
ཏུ་གསང་བ་ཆེན་པོ་བཀའ་སྩལ་པ། སྒེག་མོ་སོགས་པས་མཆོད་པ་ཀུན། །ཡང་དག་མདོར་བསྡུས་བྱས་ནས་ནི། །སངས་རྒྱས་ཀུན་གྱི་སྐུ་ཆེན་པོར། །བདག་གིས་རྟག་ཏུ་བསྒོམ་པར་བྱ། །སྔགས་ཀྱི་ཡི་གེ་ཡང་དག་ལྡན། །འདོད་པ་སྟེར་བའི་སྐུ་རུ་བྱ། །སྒྲ་དང་
เล่ม ๘๖ · หน้า 32b
གཟུགས་དང་དེ་བཞིན་སྦྱོར། །ཡི་གེའི་ཕྲེང་བ་དེ་བཞིན་ཏེ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །སྔགས་པས་ཐམས་ཅད་རྣམ་པར་བསམ། །ཧཱུྃ༑ སྔགས་པས་སྙིང་གར་སོན་པ་བསྒོམ། །གསང་སྔགས་དགེ་བ་བརྗོད་ནས་སུ། །དེ་བཞིན་གཤེགས་པའི་
རིགས་དག་པ། །དུང་གི་སྒྲ་རུ་རབ་ཏུ་བརྗོད། །དྲིལ་བུའི་སྒྲ་ནི་རབ་གསལ་བ། །པད་མོ་རྣལ་འབྱོར་དབང་ཕྱུག་གོ། །དུས་མིན་སྤྲིན་གྱི་ཧཱུྃ་གི་སྒྲ། །ཙ་ཊ་ཙ་ཊའི་སྒྲ་འཕྲོ་བ། །རྡོ་རྗེ་རིན་ཆེན་དབང་ཕྱུག་གི། །སྒྲ་རུ་དེ་བཞིན་གཤེགས་རྣམས་གསུང་། །ནོར་བུ་ལས་ཀྱི་རིགས་
ཀྱི་ཡང་། །རྔ་ཆེན་སྒྲ་རུ་རབ་ཏུ་བཤད། །པི་ཝང་གླིང་བུ་དེ་བཞིན་གླུ། །གར་གྱི་རྒྱན་གྱི་སྒྲ་དང་ནི། །རྫ་རྔའི་ངར་སྒྲ་ཧཱུྃ་གི་སྒྲ། །སྤྱི་ཡི་ཉིད་དུ་རབ་ཏུ་བཤད། །རྟོག་པ་ཀུན་ལ་རྣམ་པར་སྦྱར། །སྒྲུབ་པའི་ཐབས་ཀྱི་ལས་རྣམས་དང་། །དེ་ནས་གཟུགས་ཀྱི་བཟླས་
པ་མཆོག །གོ་རིམས་ཇི་བཞིན་རབ་ཏུ་བཤད། །དགུག་དང་གཞུག་དང་བཅིང་བ་དང་། །ལྷ་རྣམས་དབང་དུ་བྱ་བ་སྟེ། །དེ་ལ་རང་གི་ཚུལ་རབ་སྦྱར། །སྔགས་དང་ཕྱག་རྒྱ་རབ་ཏུ་སྦྱར། །དེ་རྗེས་རྣམ་པ་ཀུན་གྱི་མཆོག །རྟག་ཏུ་ལུས་ཆེན་བསམ་བྱ་
བསམ། །ལྷ་ཡི་སྐུ་གཟུགས་བསྒོམ་པར་བྱ། །ལག་པའི་ཕྱག་རྒྱ་རབ་ངེས་པའི། །ཕྱག་རྒྱའང་སྙིང་གར་སོན་ཞེས་བྱ། །རང་གི་རིགས་རིམ་ཆོ་ག་ཡིས། །དེ་ཡི་ལུས་ནི་འོད་གསལ་ཞིང་། །སྒྲོན་མའི་འོད་ལྟར་གསལ་བའི་ཁྱིམ། །དེ་ལྟར་ཀུན་ནས་ཐམས་
ཅད་དུ། །ཀུན་ནས་བ་སྤུའི་རྩེ་དག་ནས། །འོད་ཟེར་འབར་བའི་ཕྲེང་དགེ་བས། །གཟུགས་ཀྱི་བཟླས་པ་ཞེས་སུ་བཤད། དེ་ནས་སྦྱོར་བའི་བཟླས་པ་ནི། །གསང་སྔགས་སྒྲུབ་པོས་བརྩམ་པར་བྱ། །མཆོད་དང་བྱིན་བརླབས་དབང་བསྐུར་མཆོག །སྤྲོ་ལ་སོགས་
རིམ་ཐམས་ཅད་དུ། །སྦྱོར་བའི་བཟླས་པ་གཙོ་བོ་འདི། །འབད་པ་ཡིས་ནི་རབ་ཏུ་བཤད། །སྙིང་ག་མགྲིན་པ་མཆུ་ལྕེ་མིན། །རྐན་དང་སྤྱི་བོ་ཉིད་མ་ཡིན། །ནང་མིན་ཕྱི་དང་གཉིས་པར་མིན། །ཆོས་ནི་འབའ་ཞིག་ཁོ་ན་ལ། །བཟླས་པའི་སྒྲ་ཡང་འབྱུང་མ་ཡིན།།
เล่ม ๘๖ · หน้า 33a
འདི་ནི་བཅོམ་ལྡན་རྣལ་འབྱོར་ཆེ། །ཤེས་རབ་ཕ་རོལ་ཕྱིན་གསལ་བ། །བསྒོམ་པའི་བསྔགས་པ་དེ་ཉིད་ནི། །རྣལ་འབྱོར་པ་ཡི་གནས་སུ་བཤད། །དེ་ནས་སྟེང་དུ་མདོར་བསྡུས་ཏེ། །སྙིང་གའི་དཀྱིལ་འཁོར་རབ་ཟླུམ་པ། །ཟླ་བ་གང་བ་ལྟར་
བསམ་བྱ། །དྲི་མ་མེད་ཅིང་ལེགས་པར་གནས། །དེ་ལ་ཡི་གེ་རྣམ་པར་དགོད། །ཚིག་གི་ཕྲེང་བ་མ་ཆད་པ། །མུ་ཏིག་ཕྲེང་བ་ལྟར་བརྒྱུས་པ། །ཆར་སྤྲིན་གྱི་ནི་མེ་འདྲའི་འོད། །དེ་ཚེ་ཐམས་ཅད་གསལ་བར་བྱེད། །ལྷ་ཡི་ལུས་ནི་སྣང་བྱེད་ཅིང་། །ཇི་ལྟ་ཇི་
ལྟར་ཡི་གེའི་ཕྲེང་། །མཆོག་གི་ལུས་ལ་རབ་འཇུག་པ། །དེ་ལྟ་དེ་ལྟར་སྔགས་ཀྱི་ལུས། །ལྷ་ཡི་བདག་ཉིད་ཉིད་དུ་འགྱུར། །མཐུ་སྟོབས་ལྷ་དབང་ཐམས་ཅད་ནི། །ཚངས་པ་ཁྱབ་འཇུག་ལས་ཆེར་ལྷག །བཟླས་པ་དེ་ཉིད་མཆོག་འདི་ནི། །སངས་རྒྱས་
ཀུན་གྱིས་བསྔགས་པའོ། །ཇི་ལྟར་སེམས་ནི་བསྒོམ་པ་ཡིས། །དེ་ལྟར་དངོས་གྲུབ་མཆོག་ཏུ་འགྱུར། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས་བཟླས་པའི་དེ་ཁོ་ན་ཉིད་ཀྱི་ལེའུའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟོད་པ་རིན་པོ་ཆེ་བཀའ་སྩལ་པ། མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་
མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་
ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགོག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་
เล่ม ๘๖ · หน้า 33b
བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོང་མི་འགྱུར། །ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་
མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པ་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །
འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱས་པ་སྟེ། །ལན་ཅིག་ཙམ་ཞིག་བརྗོད་པས་ཀྱང་། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །བསྟོད་པའི་རྒྱལ་པོ་འདི་ཡིས་ནི། །དེ་བཞིན་གཤེགས་དེ་ཀུན་བསྟོད་ན། །རབ་ཡངས་དངོས་གྲུབ་སྩོལ་
འགྱུར་ཏེ། །བསྐལ་པར་གནས་ཤིང་བསྒལ་བར་བསྐུལ། །ལུས་ནི་གཡོ་བ་མེད་པ་རུ། །བདག་ཉིད་བརྟན་པར་བྱས་པ་ཡིས། །མགོན་པོ་ཆེན་པོ་རྣམ་སྣང་མཛད། །མི་བསྐྱོད་རིན་ཆེན་འབྱུང་གནས་དང་། །རྒྱལ་བ་དག་པ་འོད་དཔག་མེད། །དོན་གྲུབ་རྒྱལ་
པོ་ཐམས་ཅད་དུ། །དངུལ་ཆུ་བཅུད་ལེན་དེ་ཉིད་དང་། །མཆོག་ཀྱང་རབ་ཏུ་སྩོལ་བར་བྱེད། །དངོས་གྲུབ་ཡིད་འོང་མ་ལུས་པ། །རྒྱས་པའི་དོན་དང་ཕུན་སུམ་ཚོགས། །རེ་བ་ཐམས་ཅད་ཡོངས་རྫོགས་པ། །ཡིད་ལ་འདོད་པ་སྟེར་བར་བྱེད། །ཡེ་ཤེས་ཚེ་དང་སྟོབས་
དང་ཤུགས། །མཆོག་ཏུ་དགེ་བ་སྩོལ་བར་མཛད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟོད་པའི་རྒྱལ་པོ་ཞེས་བྱ་བ་རྫོགས་སྷོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་
པ་བཀའ་སྩལ་པ། ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། སྨྱུང་བར་གནས་པའི་ཆོ་ག་མེད། ཇི་ལྟར་བཤད་པ་ཆོ་གས་བསླབ་པའི་གནས་ཉེ་བར་གནས་བཟུང་སྟེ་གང་ཡང་རུང་བའི་ཡིད་དགའ་བར་ཇི་ལྟར་རུང་བའི་དཀྱིལ་འཁོར་བྱས་ཏེ། མེ་ཏོག་སིལ་མ་བཀྲམ་ལ་
เล่ม ๘๖ · หน้า 34a
བདུག་སྤོས་ཀྱིས་བདུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཇི་ལྟར་ནུས་པའི་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱས་ཏེ། སྔགས་འདིས་ཡིད་ཀྱིས་ཀྱང་སྡིག་པ་བཤགས་ཏེ། ཨོཾ་སརྦྦ་པཱ་པཱ་ཏ་ཀཱ་ཡི་ཀ་བཱ་ཙི་ཀ་མ་ན་སོད་
བྷཱུ་ཏཱན་རཱ་ག་དྭེ་ཥ་མོ་ཧ་མ་ད་མཱ་ན་དྷིཥྛེ་ན་ཡང་ཀྲྀ་རྟྃ་ཏན་ཏྲེ་ཀཱ་ལི་ཀཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སརྦྦ་པཱ་པཱཾ་སྥོ་ཊ་ཡཱ་མི་སྭཱ་ཧཱ། ཨོཾ་སརྦྦ་པཱ་བཱཾ་པྲ་ཏི་དེ་ཤ་ཡཱ་མི་སྭཱ་ཧཱ། དེའི་རྗེས་ཐོགས་ལ་བདག་ཉིད་ཀྱི་དངོས་པོ་དབུལ་བར་བྱ་སྟེ། ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་ནཱན་ཨཱཏྨ་བྷཱ་བ་ནི་ར་ཡཱ་ཏ་ཡཱ་མི། སརྦྦ་
ཏ་ཐཱ་ག་ཏཿཔྲ་ཏི་གྲྀཧྞཾ་ཏུ་མཱཾ་སྭཱ་ཧཱ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་ནི། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པུ་ཎྱ་ཛྙཱ་ན་སྃ་བྷཱ་རཱན་ཨ་ནུ་མོ་ད་ཡཱ་མི་སྭཱ་ཧཱ། ཡང་དང་ཡང་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རང་བཞིན་གྱིས་གྲུབ་པའི་སྔགས་ཀྱིས་བྱ་སྟེ།
ཨོཾ་སརྦྦ་ཏ་ཐཱ་ག་ཏ་ས་མནྟ་བྷ་དྲ་མ་ཧཱ་བཛྲ་ས་མ་ཡྃ་མ་ཧཱ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་སྭཱ་ཧཱ། དེ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྗེས་ཐོགས་ལ་ཟླ་བའི་ཁ་དོག་ཅན་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ས་བཅུའི་དབང་ཕྱུག་ནོར་
བུ་རིན་པོ་ཆེ་ཆེན་པོའི་པད་མའི་སྙིང་པོ་སེང་གེའི་ཁྲིའི་སྟེང་དུ་བདག་ཉིད་བསམ་པར་བྱའོ། །ཨོཾ་བུད་དྷོ་ཧྃ། སྔགས་འདིས་བདག་ཡོངས་སུ་དག་པར་བྱས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཱཿསརྦྦ་ཏ་ཐཱ་ག་ཏཱཿསྭ་བྷཱ་བ་ཤུདྡྷོ྅ཧྃ། སྔགས་འདིས་བདག་ཉིད་ཆོས་ཀྱི་དབྱིངས་ཡངས་པ་འོད་གསལ་
བའི་སྣང་བར་ཤིན་ཏུ་གནས་པར་བྱ་སྟེ། ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། དེ་ནས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པར་བདག་ཉིད་བྱིན་གྱིས་བརླབས་ཏེ། འཇིག་རྟེན་ཐམས་ཅད་ལས་ཤིན་ཏུ་འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུར་
བདག་ཉིད་སྔགས་འདིས་གནས་པར་བྱ་སྟེ། ཨོཾ་པྲ་བྷེ་ཤྭ་རོ་ཧྃ། དེ་བཞིན་དུ་རིམ་པ་འདིས་ཆོས་ཀྱི་དབྱིངས་རྒྱ་ཆེན་པོར་སྤྲོས་ནས་བདག་ཉིད་སངས་རྒྱས་ཉིད་དོ། །ཞེས་ང་རྒྱལ་བསྐྱེད་ལ་བདག་སྐྱེ་དགུ་མ་ལུས་པའི་དཔུང་གཉེན་དུ་བྱས་ལ། ཆོས་ཀྱི་དབྱིངས་ཡངས་པ་འོད་གསལ་
เล่ม ๘๖ · หน้า 34b
བར་ལྷག་པར་གནས་པར་བྱ་སྟེ། ཉེ་བར་རྒྱས་པར་ཐུན་མཚམས་བཞིར་བཟླས་པ་བརྩམ་པར་བྱ་སྟེ། ཐུན་མཚམས་གསུམ་དུ་དུས་ཇི་ལྟ་བར་ཡི་གེ་ལ་རྗེས་སུ་གཞོལ་བའི་ཡིད་ཀྱིས་འབུམ་ཕྲག་ཉི་ཤུ་བཟླས་པར་བྱ་ཞིང་ཉི་མ་རེ་རེར་སྟོང་ཕྲག་བརྒྱད་དམ་སྟོང་ཕྲག་རེ་བཟླས་ཏེ་ཇི་
སྲིད་མཚན་མ་ཐོབ་པ་དེ་སྲིད་དུའོ། །ཙནྡན་དང་ག་པུར་དང་། གུར་ཀུམ་ལ་སོགས་པ་རྣམས་ཀྱིས་དཀྱིལ་འཁོར་བྱས་ཏེ། ཉེ་བར་མཁོ་བ་ཐམས་ཅད་ཀྱིས་མཆོད་པ་བྱས་ནས་ཆོ་འཕྲུལ་གྱི་ཟླ་བའམ་ས་གའི་ཉ་གང་བ་ལ་མར་གྱི་མར་མེ་སྟོང་ཕྲག་བརྒྱད་སྦར་ལ་རྡོ་རྗེ་སྐྱིལ་ཀྲུང་
གིས་གནས་ཏེ་སྣ་མའི་མེ་ཏོག་གམ་མེ་ཏོག་པདྨས་དེ་བཞིན་གཤེགས་པ་ཐམས་ཅད་དང་། མཆོད་རྟེན་ལ་མཆོད་དེ་ཇི་སྲིད་འབྲུག་གི་སྒྲ་སྒྲོགས་པ་མ་ཐོས་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་སྐུ་བདག་ལ་གསལ་བར་འགྱུར་བར་ཤེས་པར་བྱའོ། །
དེ་ནས་སྲེག་བླུགས་འབུམ་ཕྲག་གཅིག་དགང་བར་བྱས་པས་མཚན་མ་ཐམས་ཅད་གསལ་བར་འགྱུར་རོ། །བྱེ་བ་ཕྲག་བཞི་བཟླས་པས་དབང་ཕྱུག་ཆེན་པོ་ལ་སོགས་པའི་སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ། །དེ་ནས་སྒྲུབ་པ་ཆེན་པོ་བྱེད་པར་འདོད་པས་དེ་བཞིན་
གཤེགས་པའི་མཐོ་གང་བའི་ཚད་ཀྱིས་དེ་བཞིན་གཤེགས་པའི་མཆོད་རྟེན་བྱས་ལ་མཆོད་རྟེན་རེ་རེའི་མདུན་དུ་སྟོང་ཕྲག་རེ་རེ་བཟླས་པའམ། ཡང་ན་དྲིའི་མཆོད་རྟེན་གྱི་དྲུང་དུ་འབུམ་ལྷག་པའི་བྱེ་བ་ཕྲག་བདུན་བཟླས་སོ། །བདེ་བར་གཤེགས་པའི་མཐོ་གང་པའི་ཚད་ཀྱི་མཆོད་
རྟེན་ཉི་མ་རེ་རེ་ལ་རེ་རེ་ཇི་སྲིད་བྱེ་བ་ཕྲག་བདུན་བཟླས་པ་རྫོགས་པ་དེ་སྲིད་དུ་བྱའོ། །ཐ་མ་ཡང་མཆོད་རྟེན་འབར་བའི་འོད་དེས་སྒྲུབ་པའི་ལུས་ལ་ཞུགས་པས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ལ་སོགས་ནས་ཇི་སྲིད་དག་པའི་གནས་ཀྱི་དབང་ཕྱུག་ཆེན་པོ་ལ་
སོགས་པའི་ལྷ་རྣམས་མེ་ཏོག་གི་ཆར་འབེབས་པར་འོང་བར་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་ལ་སོགས་པ་འོངས་ནས་ཀྱང་སྟོད་པར་བྱེད་ཅིང་ཇི་སྲིད་ཨ་བཱི་ཙི་མནར་མེད་པའི་བར་གྱི་
เล่ม ๘๖ · หน้า 35a
སེམས་ཅན་དམྱལ་བ་ཐམས་ཅད་བསིལ་བར་འགྱུར་རོ། །ཡི་དགས་རྣམས་ཀྱང་ཡི་དགས་ཀྱི་སྡུག་བསྔལ་ལས་རྣམ་པར་གྲོལ་བར་འགྱུར་རོ། །སྡུག་བསྔལ་བ་རྣམས་ཀྱིས་སེམས་ཅན་རྣམས་ལ་གདུང་བར་མི་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱིས་མངོན་པར་གཟིགས་པར་འགྱུར་རོ། །དེའི་རྗེས་ལ་ལུས་དང་བ་གསེར་གྱི་མདོག་ལྟ་བུ་དང་། ལོ་བརྒྱད་གཉིས་ཀྱི་རྣམ་པ་ཅན་དང་། ཏིང་ངེ་འཛིན་དང་། ཡེ་ཤེས་ཐོབ་པ་དང་། ཁ་དོག་དང་། ཚེ་དང་། སྟོབས་དང་། ཤུགས་དང་། དབང་ཕྱུག་
ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། འཇིག་རྟེན་གྱི་ཁམས་སུ་རྒྱུ་བ་དང་། འཁོར་ལོས་སྒྱུར་བ་ལྟར་ཆེ་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་མངོན་པར་བསྟོད་ཅིང་སྟེང་དུ་འགྲོ་བ་དང་། རིག་པ་འཛིན་པའི་རྒྱལ་པོར་འགྱུར་བ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་
འཇིག་རྟེན་གྱི་ཁམས་ཀྱི་རིག་པ་འཛིན་པའི་རྒྱལ་པོ་རིག་པ་འཛིན་པ་བྱེ་བ་ཕྲག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་བ་དང་། ལྷའི་བུ་མོ་བྱེ་བ་ཕྲག་དུ་མས་ཡོངས་སུ་བསྐོར་བ་དང་། ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སུ་རྫུ་འཕྲུལ་གྱིས་འགྲོ་བ་དང་། དེ་བཞིན་
གཤེགས་པ་ཐམས་ཅད་ལ་མཆོད་པ་ཆེན་པོའི་སྤྲིན་གྱིས་ལེགས་པར་མཆོད་ཅིང་གྲུབ་པ་ཐམས་ཅད་འོད་ཀྱིས་ལྟུང་བར་འགྱུར་རོ། །བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བའི་སྟན་ཕྱེད་སྟེར་བར་འགྱུར་རོ། །གཟི་བརྗིད་དང་གཟུགས་དང་དཔའ་བས་རིག་པ་འཛིན་
པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ས་ཡང་སོ་སོར་ཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་འདུལ་བ་ལ་མཁས་པར་འགྱུར་རོ། །ཕྱི་མའི་མཐར་ཚེ་བྱིན་གྱིས་བརླབས་ཏེ། སངས་རྒྱས་ཐམས་ཅད་བསྐྱེད་པ་མཐོང་བར་འགྱུར་
རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱ་བ་ངེས་པར་སྟོན་པར་འགྱུར་རོ། །མཆོད་པའི་སྤྲིན་ཐམས་ཅད་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། བྱམས་པ་དང་། འཇམ་དཔལ་དང་མཚུངས་པར་འགྱུར་རོ། །དེ་བཞིན་
เล่ม ๘๖ · หน้า 35b
གཤེགས་པ་ཐམས་ཅད་ཀྱི་སྐུའི་སྒྲུབ་པའི་ཐབས་ཞེས་བྱ་བ་སྟེ་དང་པོའོ།། །།སྒྲུབ་པའི་ཐབས་གཉིས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བྱ་སྟེ། གི་ཝང་ངམ་ལྡོང་རོས་པདྨའི་སྣོད་དུ་གཞག་ལ་ཇི་སྲིད་དངོས་གྲུབ་རྣམ་པ་གསུམ་བྱུང་བ་དེ་སྲིད་དུ་
བཟླས་པར་བྱའོ། །སེམས་ཅན་ཐམས་ཅད་དབང་དུ་འགྱུར་བ་དང་། མི་སྣང་བ་དང་། རིག་པ་ཐམས་ཅད་འཛིན་པར་འགྱུར་བ་ཉིད་དོ། །རིག་པ་འཛིན་པར་གྱུར་ནས་ཉི་མ་སྟོང་ཤར་བའི་ཁ་དོག་དང་། ལོ་བརྒྱད་གཉིས་ཀྱི་རྣམ་པར་སྐྲ་ལི་ཞིང་འཁྱིལ་བ་དང་། གདུ་བུ་
དང་ལྡན་ཞིང་ལྷའི་བུ་མོ་བྱེ་བ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་རིག་པ་འཛིན་པའི་གྲུབ་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་དང་། བསྐལ་པ་ཆེན་པོའི་མཐར་གནས་པ་དང་། རིག་པ་འཛིན་པ་ཐམས་ཅད་ཀྱི་དབང་ཕྱུག་ཏུ་འགྱུར་རོ། །རིམ་པ་འདིས་རྩེ་གསུམ་བསྒྲུབས་
ན་དབང་ཕྱུག་ཆེན་པོར་འགྱུར་རོ། །མཆོད་ཕྱིར་ཐོགས་བསྒྲུབས་ན་ཚངས་པར་འགྱུར་རོ། །འཁོར་ལོས་ཁྱབ་འཇུག་ཏུ་འགྱུར་རོ། །གྲོག་མཁར་གྱི་རྩེ་མོའི་ས་བཟུང་སྟེ་ས་སྲུངས་ཀྱི་བུ་བྱས་ལ་དེ་ལ་ཞོན་ཏེ་བཟླས་ན་དབང་པོར་འགྱུར་རོ། །ཉི་མའི་དཀྱིལ་འཁོར་བྱས་
ཏེ་དེའི་སྟེང་དུ་བསྡད་ན་ཉི་མ་དང་མཚུངས་པར་འགྱུར་རོ། །ཟླ་བའི་དཀྱིལ་འཁོར་གྱི་ཟླ་བའི་སྟེ་འདི་ཉིད་ཀྱིས་ལྷའི་བྱེ་བྲག་གང་གི་མཚན་མ་བཟུང་སྟེ། དེས་དེའི་ལོངས་སྤྱོད་ལ་སྤྱོད་པར་འགྱུར་རོ། །དེ་བཞིན་དུ་རིམ་པ་འདིས་དངུལ་ཆུའམ་བཅུད་ལེན་གང་བསྒྲུབས་པ་དེ་
འགྲུབ་པར་འགྱུར་རོ། །གལ་ཏེ་མ་གྲུབ་ན་དེའི་ཚེ་སྒྲུབ་པ་ལན་བདུན་བྱའོ། །བདུན་བྱས་པས་ཅི་ནས་ཀྱང་འགྲུབ་པར་འགྱུར་རོ། །ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བས་བཀའ་སྩལ་པ། འབུམ་ཕྲག་གསུམ་བཟླས་པས་རི་ལྷུན་པོའི་ཚད་
ཙམ་གྱི་རི་བོ་ཡང་ཧཱུཾ་ཞེས་བརྗོད་པས་ལྟུང་བ་དང་། རྒྱ་མཚོ་སྐེམས་པ་དང་། ལྗོན་པ་དྲུངས་ནས་འབྱིན་པ་དང་། བུམ་པ་ནམ་མཁའ་ལ་འཕེན་པ་དང་། གླང་པོ་ཆེ་རེངས་པར་བྱེད་པ་དང་། ཕ་རོལ་གྱི་སྡེ་མངོན་པར་འཇོམས་པར་བྱེད་པ་དང་། བར་སྣང་ན་གནས་པ་
เล่ม ๘๖ · หน้า 36a
ཐམས་ཅད་ལྟུང་བར་བྱེད་དོ། །སེམས་ཅན་ཐམས་ཅད་འབེབས་པར་བྱེད་དོ། །སྒྲུབ་པ་པོ་ལས་གང་དང་གང་སྒྲུབ་པར་འདོད་པ་དེ་དང་དེ་ཐམས་ཅད་བྱེད་དོ། །ཡང་ཟླ་བ་གཅིག་ཙམ་མི་སྨྲ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་བདག་ཉིད་བསྒོམས་
ན་སངས་རྒྱས་ཐམས་ཅད་མཐོང་བར་འགྱུར་རོ། །སྒྱུ་འཕྲུལ་དྲ་བ་ཐམས་ཅད་སྟོན་པར་འགྱུར་རོ། །ནམ་མཁའ་ལ་གནས་ཤིང་འཆག་པར་བྱེད་དོ། །མེ་འབར་བ་དང་། གློག་འགྱུ་བ་ལ་སོགས་པ་སྟོན་པར་བྱེད་དོ། །གཅིག་ཏུ་གྱུར་ནས་མང་པོར་འགྱུར་རོ། །འཇིག་
རྟེན་གྱི་ཁམས་སྟོང་ཕྲག་ཀྱང་གཡོ་བར་བྱེད་དོ། །སྒྲུབ་པ་པོས་བྱེ་བ་བདུན་བཟླས་ནས་འདི་དག་ཐམས་ཅད་བསྒྲུབ་པར་བྱའོ། །རིམ་པ་འདིས་ལྷུང་བཟེད་དང་། ཆོས་གོས་དང་། སྣམ་སྦྱར་དང་། འཁར་གསིལ་ལས་གང་ཡང་རུང་བ་བཟུང་ནས་ཇི་སྲིད་རིག་པ་འཛིན་པར་
གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་དང་། སྤྲུལ་པ་དུ་མ་བྱེད་པ་དང་། འདོད་ན་འཆི་བ་དང་། སྐད་ཅིག་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཉེ་བར་གནས་པར་བྱེད་དོ། །
སངས་རྒྱས་ཀྱི་གཟུགས་ཀྱིས་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ཀྱང་བྱེད་དོ། །སྒྲུབ་པའི་ཐབས་གཞན་ཡང་བདེ་བར་གཤེགས་པའི་མཐོའི་ཚད་ཀྱི་མཆོད་རྟེན་འབུམ་ཕྲག་གཅིག་བྱས་ཏེ་རྨ་མེད་པའི་རལ་གྲི་བླངས་ལ། ཆོ་འཕྲུལ་གྱི་ཟླ་བ་ཕྱེད་ལ་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་མཆོད་
དེ་བརྒྱད་པའམ་བཅུ་བཞི་པའམ་ཉ་གང་བ་ལ་སྐྱིལ་ཀྲུང་བཅས་ཏེ་ཇི་སྲིད་དུ་རལ་གྲི་འབར་བ་དེ་སྲིད་དུ་བཟླ་བར་བྱའོ། །དེའི་རྗེས་ཐོགས་ཉིད་ལ་རྔ་བོ་ཆེ་རྣམས་ཀྱི་སྒྲ་གྲག་གོ། །སྟེང་ནས་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །ལྷན་ཅིག་པ་ཇི་སྙེད་པ་དང་བཅས་པ་སྟེང་དུ་
འགྲོའོ། །རིག་པ་འཛིན་པ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །རིག་པ་འཛིན་པའི་རྒྱལ་པོ་ཆེན་པོར་འགྱུར་རོ། །རལ་གྲིའི་རིག་པ་འཛིན་པ་ཆེན་པོའི་འཁོར་ལོས་སྒྱུར་བ་རྣམ་པ་སྣ་ཚོགས་པའི་ཆ་ལུགས་དང་རྒྱན་འཆང་བ་འདོད་དགུ་རྒྱུ་བ་དང་། སྐད་ཅིག་ཙམ་གྱིས་
เล่ม ๘๖ · หน้า 36b
འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་སྤྱོད་པ་དང་། རྒ་ཤི་མེད་པ་དང་། ཉི་མ་རེ་རེ་ཞིང་སངས་རྒྱས་ཀྱི་བདག་ཉིད་ཆེ་བ་མཐོང་བ་དང་། མཆོད་པའི་སྤྲིན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མཆོད་པའི་ཆར་འབེབས་པ་དང་། བསྐལ་པ་ཆེན་པོ་སྟོང་
ཕྲག་ཏུ་འཚོ་བར་འགྱུར་རོ། །དེ་ནས་སྒྲུབ་པའི་ཐབས་གཞན་ཡང་འཁོར་ལོའམ་པ་ཊི་ས་བླངས་ཏེ་འབུམ་ཕྲག་ཉི་ཤུ་བཟླས་པ་ཡོངས་སུ་རྫོགས་པ་དང་དཔལ་གྱི་སྒོར་སོང་སྟེ། ནིམ་པའི་ལོ་མ་ཚ་བའི་མར་ཁུ་ལ་བཏགས་པ་འབུམ་ཕྲག་གཅིག་སྲེག་བླུགས་བྱའོ། །
ལྷ་མ་ཡིན་གྱི་འཁྲུལ་འཁོར་ཐམས་ཅད་འབྱེད་པར་འགྱུར་རོ། །ལྷ་མ་ཡིན་གྱི་བུ་མོ་ཐམས་ཅད་འོང་བར་འགྱུར་རོ། །གལ་ཏེ་མ་གྲུབ་ན་འབུམ་ཕྲག་གཉིས་སམ་གསུམ་དུ་སྲེག་བླུགས་བྱའོ། །ལྷ་མ་ཡིན་གྱི་བུ་མོ་ཐམས་ཅད་བསྲེགས་བཞིན་དུ་འོང་བར་འགྱུར་རོ། །
འོངས་ནས་ཀྱང་སྒྲུབ་པ་པོ་ལ་ཞུ་བར་བྱེད་དེ། ཀྱེ་སྐྱེས་བུ་དཔའ་བོ་འཇུག་ཏུ་གསོལ་ཞེས་སྨྲའོ། །དེ་ནས་གྲོགས་དང་བཅས་པ་འཇུག་པར་བྱའོ། །རལ་གྲིའམ་འཁོར་ལོ་དེ་བཟུང་ནས་ལྷ་མ་ཡིན་གྱི་རིག་པ་འཛིན་པའི་རྒྱལ་པོར་འགྱུར་རོ། །ས་འོག་གི་རྫས་རྣམས་
ཀྱི་མངའ་བདག་ལྷ་མ་ཡིན་གྱི་བུ་མོ་ཐམས་ཅད་ཀྱི་བདག་པོ། གསང་སྔགས་གྲུབ་པ་གཞན་ཐམས་ཅད་དང་། ལྷ་མ་ཡིན་གྱི་རིག་པ་འཛིན་པ་རྣམས་ཀྱི་དབང་ཕྱུག་ས་འོག་ཐམས་ཅད་ཀྱི་བདག་པོ་ལྷ་མ་ཡིན་ཆེན་པོའི་སྤྲུལ་པ་བྱེད་པ་པོ་བསྐལ་པ་ཆེན་པོར་གནས་པ། ཁྱབ་
འཇུག་གི་འཁོར་ལོ་ཧཱུྃ་ཞེས་བྱ་བ་བརྗོད་པ་ཙམ་གྱིས་རླག་པར་བྱེད་པ། ཁྱབ་འཇུག་ཀྱང་ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་རླག་པར་བྱེད་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། སྒྲུབ་པའི་ཐབས་གཞན་ཡང་བདེ་བར་གཤེགས་པའི་མཆོད་རྟེན་འབུམ་ཕྲག་སུམ་ཅུ་བྱས་ཏེ་མཆོད་
རྟེན་རེ་རེའི་མདུན་དུ་སྟོང་ཕྲག་བརྒྱད་བརྒྱད་བཟླ་བར་བྱའོ། །ཐམས་ཅད་ལ་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་མཆོད་ལ་ཐ་མར་མེ་ཏོག་ཅན་གྱི་ལྕགས་ལས་བྱུང་བའི་འཁོར་ལོ་རྩིབས་དྲུག་པ་མཐོ་གང་ཙམ་པ་བཟུང་ནས་ཆོ་འཕྲུལ་གྱི་ཟླ་བ་ཕྱེད་པ་ལ་སྐྱིལ་མོ་ཀྲུང་བཅིངས་ཏེ། ཇི་
เล่ม ๘๖ · หน้า 37a
སྲིད་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །དེ་བླངས་པས་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། །རིག་པ་འཛིན་པའི་རྒྱལ་པོ་ཐམས་ཅད་ཀྱི་མངའ་བདག་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་ཐམས་ཅད་འདུལ་བར་བྱེད་པ། བསྐལ་པ་བྱེ་
བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུར་འཚོ་བ་དང་། འཇིག་རྟེན་གྱི་ཁམས་སྟོང་རྫུ་འཕྲུལ་གྱིས་གནོན་པ་དང་། མཆོད་པའི་སྤྲིན་བརྒྱ་སྟོང་ཕྲག་གིས་མཆོད་པར་བྱེད་པ་དང་། སངས་རྒྱས་སྟོང་ཕྲག་མཐོང་བར་འགྱུར་རོ། །དེ་རྣམས་ལ་ཉི་མ་རེ་རེ་ཞིང་མཆོད་པ་ཆེན་པོའི་
སྤྲིན་གྱིས་མཆོད་པར་བྱེད་དོ། །སྒྲུབ་པའི་ཐབས་རྒྱས་པ་གཞན་ཡང་མཆོད་རྟེན་འབུམ་ཕྲག་དྲུག་ཅུ་བྱས་ཏེ། སྔོན་དུ་བསྙེན་པ་བྱས་ལ་བྱེ་བ་བཟླས་པའོ། །དེ་ནས་མཚན་ཉིད་ཐམས་ཅད་དང་ལྡན་པའི་རོ་བླངས་ལ་ཁྲུས་བྱས་ནས་ཉེ་བར་མཁོ་བ་ཐམས་ཅད་ཀྱིས་མཆོད་དེ་ཇི་
སྲིད་མ་ལངས་པ་དེ་སྲིད་དུ་བཟླ་བར་བྱའོ། །ལངས་ནས་དངུལ་ཆུ་དང་བཅུད་ལེན་དང་མི་སྣང་བ་ལ་སོགས་པ་ཐམས་ཅད་དེ་ལ་སྟེར་བར་བྱེད་དོ། །གལ་ཏེ་མི་སྟེར་ན་ཇི་སྲིད་ཁ་ལས་ལྕེ་མ་བྱུང་བ་དེ་སྲིད་དུ་བཟླ་བར་བྱའོ། །དེ་ནས་མཚོན་རྣོན་པོས་དེ་གཅད་པར་བྱའོ། །དེ་
གཟུང་བས་ཉི་མ་སྟོང་གི་གཟི་བརྗིད་ཅན་རིག་པ་འཛིན་པ་ཐམས་ཅད་ཀྱི་རྒྱལ་པོ་རིག་པ་འཛིན་པ་བྱེ་བ་སྟོང་ཕྲག་དྲུག་ཅུའི་འཁོར་ཅན། ཚེ་བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་དྲུག་ཅུ་འཚོ་བ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱིས་འགྲོ་བ་དང་། རི་བོ་ལྷུན་པོ་བྱེ་བ་ཕྲག་སྟོང་
སྒུལ་བ་དང་། གླིང་སྟོང་ཕྲག་འཕེན་པ་དང་། རྒྱ་མཚོ་སྟོང་ཕྲག་སྐེམས་པ་དང་། ལྷའི་འཇིག་རྟེན་བརྒྱ་སྟོང་ཕྲག་བསྡིགས་པ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ལྷུང་བ་དང་། སྐྲ་ལི་ཞིང་འཁྱིལ་པ་དང་། ལོ་བརྒྱད་
གཉིས་པའི་རྣམ་པ་དང་། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་སྟེ། སྲེག་པའི་བསྐལ་པ་ན་འཇིག་རྟེན་གྱི་ཁམས་གཞན་དུ་འགྲོ་ཞིང་རྒ་བ་དང་། འཆི་བ་མེད་པར་འགྱུར་ཞེས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་
เล่ม ๘๖ · หน้า 37b
དུ་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་དང་། བུམ་པ་བཟང་པོ་དང་། ནོར་གྱི་ཆར་པ་དང་། ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་ཆེན་པོ་དང་། རིན་པོ་ཆེ་ཆེན་པོའི་ལག་པ་དང་། ནོར་རྒྱུན་གྱི་རྟོག་པ་ཆེན་པོ་དང་། སེམས་ཅན་གྱི་རེ་བ་ཐམས་ཅད་རྗེས་སུ་འགེངས་
པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་། རིན་པོ་ཆེ་ཐམས་ཅད་ཀྱང་བསྒྲུབ་པར་བྱའོ། །དེ་ལ་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བསྙེན་བཀུར་
བ་རིན་པོ་ཆེའོ། །དེ་ནས་སྒྲུབ་པའི་ཐབས་གཞན་ཡང་ཙནྡན་དཀར་པོ་ལས་པདྨ་སོར་དྲུག་པའི་ཚད་བྱས་ལ་པདྨ་དེ་ལག་པར་བཟུང་ནས་ཟླ་བ་དྲུག་ཏུ་སྐྱིལ་ཀྲུང་བཅིངས་ཏེ་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་མཆོད་ནས་ཐུན་མཚམས་གསུམ་མམ་བཞིར་གྲངས་མི་གཟུང་བར་བཟླས་པར་
བྱའོ། །ཟླ་བ་དྲུག་ཡོངས་སུ་རྫོགས་པ་དང་པདྨ་འབུམ་ཕྲག་བདུན་སྲེག་བླུགས་བྱའོ། །ཟླ་བ་ཉ་ནས་བསྒྲུབ་པ་བརྩམ་པར་བྱ་སྟེ། ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་མཆོད་ལ་སྐྱིལ་ཀྲུང་བཅས་ནས་མཚན་ཐོག་ཐག་བཟླས་པར་བྱའོ། །ཐོ་རངས་ཀྱི་ཚེ་རིག་པ་འཛིན་པར་འགྱུར་
རོ། །སྐྲ་ལི་ཞིང་འཁྱིལ་བ་དང་། ལོ་བརྒྱད་གཉིས་ཀྱི་རྣམ་པར་རྒྱན་གྱི་ཚོགས་ཐམས་ཅད་ཀྱིས་བརྒྱན་པ། ཉི་མ་སྟོང་ཕྲག་ཤར་བའི་འོད་དང་མཚུངས་པ། རིག་པ་འཛིན་པ་བྱེ་བ་ཕྲག་དུ་མའི་འཁོར་ཅན། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་བ།
ཚངས་པ་ལ་སོགས་པའི་ལྷ་རྣམས་མངག་གཞུག་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྐད་ཅིག་ཙམ་གྱིས་རྣམ་པར་རྒྱུ་བ་དང་། མཆོད་པའི་སྤྲིན་དུ་མས་དེ་བཞིན་གཤེགས་པ་རྣམས་རྣམ་པར་མཆོད་པར་འགྱུར་རོ། །དེ་བཞིན་དུ་ཨུཏྤ་ལའི་སྒྲུབ་པ་དང་། ཙནྡན་
དམར་པོའི་པདྨའི་སྒྲུབ་པ་ཡང་ངོ་། །སྒྲུབ་པ་གཞན་ཡང་འབྱུང་སྟེ། ཤེལ་དང་། པདྨ་རཱ་གའམ། མུ་ཏིག་གི་འབྲས་བུའམ། རིན་པོ་ཆེ་ཡོངས་སུ་རྟོག་པར་བྱེད་པ་པོས་ཡོངས་སུ་བརྟགས་པ་ལ་བདེ་བར་གཤེགས་པའི་མཐོའི་ཚད་ཙམ་པའི་མཆོད་རྟེན་འབུམ་ཙམ་བྱས་ཏེ།
เล่ม ๘๖ · หน้า 38a
གང་ཡང་རུང་བར་གྲངས་མི་གཟུང་བར་ཇི་སྲིད་བདག་ཡོངས་སུ་དག་པར་མཐོང་བ་དེ་སྲིད་དུ་བཟླས་པར་བྱའོ། །དེའི་རྗེས་སུ་མངར་གསུམ་གྱིས་སྦགས་པའི་པདྨ་འབུམ་དང་། སྣ་མའི་མེ་ཏོག་འབུམ་ཕྲག་གསུམ་དང་། ཨ་ག་རུའི་ཡམ་ཤིང་འབུམ་དང་། ཙནྡན་
གྱི་ཡམ་ཤིང་འབུམ་ཕྲག་གསུམ་དང་། ཏིལ་དང་འབྲས་འབུམ་ཕྲག་བཞི་དང་། ཞོ་ཟན་འབུམ་དང་། མར་གྱི་སྲེག་བླུགས་སྟོང་ཕྲག་གསུམ་དང་། སྨན་ཐམས་ཅད་པའི་སྲེག་བླུགས་འབུམ་ཕྲག་གཅིག་བྱས་ལ་སྦྱིན་སྲེག་ཡོངས་སུ་རྫོགས་པ་དང་། དཀར་པོའི་ཚེས་བཅྭ་ལྔ་ལ་
བསྒྲུབ་པར་བྱའོ། །སྐྱིལ་མོ་ཀྲུང་བཅས་ཏེ་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་མཆོད་ལ་ཇི་སྲིད་ནོར་བུ་རིན་པོ་ཆེ་འབར་བ་དེ་སྲིད་དུ་བཟླས་པར་བྱའོ། །འབར་ནས་ཀྱང་རིག་པ་འཛིན་པ་གཞོན་ནུ་གདོང་དུ་འགྲོ་བར་འགྱུར་རོ། །སྐྲ་ལི་ཞིང་འཁྱིལ་པ་དང་། ལོ་བརྒྱད་གཉིས་ཀྱི་རྣམ་
པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱོགས་བཅུ་མུ་མེད་པའི་འཇིག་རྟེན་གྱི་ཁམས་རྒྱས་པར་གསལ་བར་བྱེད་པ་རིག་པ་འཛིན་པ་ཐམས་ཅད་ཀྱི་སླར་འཁོར་ལོས་སྒྱུར་བ་ཆེན་པོར་འགྱུར་རོ། །ཡིད་བཞིན་ནོར་བུའི་དངོས་གྲུབ་བྱང་ཆུབ་སེམས་དཔའ་ཆེན་པོའི་རིག་པ་འཛིན་པ་ཞེས་བརྗོད་
དོ། །སངས་རྒྱས་ཐམས་ཅད་མཆོད་ཅིང་བསྙེན་བཀུར་བར་བྱེད་དོ། །སྐད་ཅིག་ཙམ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་བསྐོར་ནས་སླར་དེ་ཉིད་དུ་འོང་བར་འགྱུར་རོ། །གལ་ཏེ་འདོད་ན་བྱང་ཆུབ་སེམས་དཔའི་ཚོགས་མངོན་པར་རྫོགས་པར་བྱས་ཏེ་ལུས་དེ་ཉིད་
ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་བཞིན་དུ་སྒྲུབ་ཐབས་ཀྱི་ལེའུ་ལ་བྲིས་སྐུ་དང་། ཤིང་ལྷམ་དང་། མུ་ཏིག་གི་ཕྲེང་བ་ཡང་ཡིད་བཞིན་གྱི་ནོར་བུའི་ཆོ་གས་བསྒྲུབ་པར་བྱའོ། །ཐམས་ཅད་དུ་འགྲུབ་པར་
འགྱུར་རོ། །སྒྲུབ་པའི་ཐབས་གཞན་ཡང་མཆོད་རྟེན་བྱེ་བ་ཕྲག་སྟོང་བྱས་ཏེ་འབུམ་ཕྲག་བདུན་བཟླ་བར་བྱའོ། །ཡོངས་སུ་རྫོགས་པ་དང་མེ་ཏོག་ཅན་གྱི་ལྕགས་སམ། ལྕགས་ལྔའི་རང་བཞིན་གྱི་རྡོ་རྗེ་རྩེ་མོ་ལྔ་པ་སོར་བཅུའི་ཚད་དམ། བདེ་བར་གཤེགས་པའི་མཐོའི་ཚད་ཙམ་ཆོ་འཕྲུལ་
เล่ม ๘๖ · หน้า 38b
གྱི་ཟླ་བ་ཕྱེད་ལ་མཚན་ཐོག་ཐག་ལག་པས་རྡོ་རྗེ་དེ་བཟུང་ནས་མདུན་དུ་ཁྲིའི་སྟེང་དུ་ལག་པ་བཀབ་ལ་ཇི་སྲིད་འབར་བར་གྱུར་པ་དེ་སྲིད་དུ་བཟླ་བར་བྱའོ། །དེ་བཟུང་ནས་རྡོ་རྗེའི་རིག་པ་འཛིན་པ་འཁོར་ལོས་སྒྱུར་བ་ཆེན་པོ་ཉི་མ་བྱེ་བ་བརྒྱ་ཕྲག་དང་རྗེས་སུ་འཚམ་པ་རྡོ་རྗེ་འཆང་བ་ལྟར་
གཟི་བརྗིད་དང་ལྡན་ཞིང་འོད་གསལ་བར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་རྒྱུ་ཞིང་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་ལ་ཅི་བསྒོ་བ་ཉན་པར་འགྱུར། ལྷ་མ་ཡིན་རྣམས་སྐྲག་པ་དང་། སྲིན་པོ་རྣམས་འཇོམས་པ་དང་། སེམས་ཅན་ཐམས་ཅད་དེའི་ཅི་
བསྒོ་བ་བྱེད་པར་འགྱུར་བར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫས་ཀྱི་བྱ་བ་སྒྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་
ཡོངས་སུ་རྫོགས་སྷོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་སླར་ཡང་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ། བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་ཀ་ཀྵ་སྦྱར་བ་སྟེ། མཐའ་ཡས་པ་ཁ་སྦྱར་བ་ཞེས་བྱ་བ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་གསང་སྔགས་ཀྱི་ཀ་ཀྵ་པུ་ཊ་བཀའ་སྩལ་པ། དེ་
ནས་ཡང་དག་བཤད་བྱ་བ། །སངས་རྒྱས་ཀུན་གྱི་རྗེས་སུ་སྐྱོབ། །གསང་སྔགས་ཀ་ཀྵ་སྦྱར་ཞེས་བྱ། །གསང་ཆེན་མཆོག་ཏུ་རྨད་དུ་བྱུང་། །གྲུ་བཞི་པ་ལ་ཚད་མཛེས་པ། །ཀུན་ནས་ཡོངས་སུ་བཟང་ཞིང་དག །རེ་མིག་བཞི་བཅུ་ཞེ་དགུ་པ། །མདོར་བསྡུས་ནས་
ནི་སྔགས་པས་བྱ། །དང་པོའི་ཕྲེང་བཟང་གཉིས་ལ་ནི། །ཨ་སོགས་བློ་གྲོས་ལྡན་པས་དགོད། །ཀ་སོགས་ལྷག་མའི་རེའུ་མིག་ལ། །སྔགས་པས་མདོ་རུ་བསྡུས་ཏེ་བྲི། །སྦྱོར་བ་ཇི་བཞིན་ཡི་གེ་ཀུན། །གོ་རིམས་བཞིན་དུ་དགོད་པར་བྱ། །རེའུ་མིག་སྟོང་པ་དག་ལ་
เล่ม ๘๖ · หน้า 39a
ནི། །ཀྵ་ཡིག་དང་ནི་རྡོ་རྗེ་བྲི། །རིམ་པ་འདི་དག་བཀོད་ནས་ནི། །རང་སྡེའི་འོག་ཏུ་འབར་བ་མཆོག །དང་པོ་དབྱངས་ལ་དེའི་རྗེས་སུ། །ཡི་གེ་ཕྱག་རྒྱ་མདོར་བསྡུས་པ། །ཀ་ཙ་ཊ་ཏ་པ་ཡ་ཤ། །དག་ཅིང་ཆུ་ཡི་དཀྱིལ་འཁོར་ལྡན། །འདི་རྣམས་མྱུར་དུ་
འགྲུབ་པར་བྱེད། །པདྨའི་རིགས་ཀྱི་ལྷ་ཉིད་དོ། །དོན་ཀུན་གྲུབ་པར་ཡང་དག་ལྡན། །མེ་ཡི་དཀྱིལ་འཁོར་ཞེས་སུ་བཤད། །འབར་བའི་མེ་དང་མཚུངས་པའི་འོད། །ཁ་ཚ་ཋ་ཐ་ཕ་ར་ཥ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ལྡན། །ག་ཛ་ཌ་ད་བ་ལ་ས། །དངོས་གྲུབ་
ཀུན་བྱེད་རླུང་གཟུགས་ལྡན། །དབྱར་གྱི་སྤྲིན་ལྟར་ཤིན་ཏུ་འཇིགས། །གྷ་ཛྷ་ཌྷ་དྷ་བྷ་ཝ་ཧ། །སྟེང་འགྲོས་དངོས་གྲུབ་བྱེད་པོར་བརྗོད། །སླར་ཡང་ང་ཉ་ཎ་ནམ། །ཆོས་ཀུན་དབང་དུ་བྱེད་པ་མཆོག །ཐོག་མའི་དབྱངས་ཡིག་གང་ཡིན་པ། །དེ་ནི་དེ་བཞིན་གཤེགས་སྟོབས་
བཅུ། །ཁྱད་པར་ཡན་ལག་བཅུ་གཉིས་བཤད། །དེ་བཞིན་གཤེགས་པའི་ས་བཅུ་གཉིས། །མ་ནིང་ཡི་གེ་བཞི་པོ་སྤོང་། །རྀ་རཱྀ་ལྀ་ལཱྀ་ཞེས་བྱ་བ། །དབྱངས་དང་ས་བོན་དེ་བཞིན་སྔགས། །དེ་དག་ཡི་གེ་རུ་ཡང་བཤད། །དབང་དུ་བྱེད་པའི་སྡེ་ཚན་ཀུན། །ཐིག་
ལེ་སྒྲ་གཙུག་ཟླ་ཕྱེད་ཅེས། །རྗེས་དབྱངས་ཀྱི་ནི་ཕྲེང་ཞེས་བཤད། །སངས་རྒྱས་དེ་བཞིན་བྱང་སེམས་ཀྱི། །ཡི་གེར་བརྗོད་པ་དེ་བཞིན་ཞིང་། །གསལ་བྱེད་ཅེས་ཀྱིས་གསལ་བའོ། །དེ་བཞིན་ཡ་ར་ལ་ཝ་རླུང་། །མེ་དང་དབང་ཆེན་ཆུ་དག་སྟེ། །འབྱུང་བ་ཆེན་པོ་ཁམས་
རྣམས་སོ། །རླུང་མེ་བདུད་རྩིའི་བཅུད་ཅེས་བཤད། །མཉམ་དང་མི་མཉམ་ཆ་དབྱེ་བས། །ཐམས་ཅད་ཉིད་ཀྱི་ལམ་ཤེས་བྱ། །ཕྱག་རྒྱ་དང་ནི་དཀྱིལ་འཁོར་སྔགས། །ཏིང་འཛིན་མདོར་བསྡུས་བཤད་པའོ། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །ཆོས་རྣམས་ཀུན་གྱི་
སྡོམ་དུ་བརྗོད། །སྟོང་པ་མཚན་མེད་སྨོན་མེད་པ། །རྣམ་པར་ཐར་པ་གསུམ་དུ་བཤད། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །མཁས་པ་ཡིས་ནི་ཤེས་པར་བྱ། །ད་ནི་སྔགས་ཀྱི་ཀ་ཀྵའི་སྦྱོར་བ་ལ། རབ་ཏུ་བཏུས་པ་སྦྱར་བ་དང་ཕྲལ་བ་བཤད་པར་བྱའོ། །ཡི་གེ་
เล่ม ๘๖ · หน้า 39b
རྣམས་ཀྱིས་བྱང་ཆུབ་སྤྱོད། །སངས་རྒྱས་ཉིད་ཀྱང་མྱ་ངན་འདས། །ལྷན་ཅིག་ཉིད་དུ་སྦྱར་བར་བྱ། །དབྱངས་རྣམས་ཡིག་རྣམས་བསྡུས་པར་བཤད། །མཚན་ཉིད་ཀྱང་ནི་རབ་བཤད་བྱ། །དབྱངས་ནི་བྱང་ཆུབ་གཟུགས་ཉིད་དེ། །གཞན་དང་ལྷན་ཅིག་སྦྱར་བར་
བྱ། །དེ་ལ་ངེས་པར་སངས་རྒྱས་ཉིད། །སྟེར་བ་ཉིད་དུ་ལེགས་པར་བཤད། །ཐོག་མར་སངས་རྒྱས་ཐམས་ཅད་ཀྱི། །གསང་སྔགས་དྲི་མ་མེད་པ་འབྱུང་། །ཐོག་མར་དབྱངས་ནི་ཐིག་ལེ་ལྡན། །རྡོ་རྗེའི་སྟེང་དུ་ཡང་དག་གནས། །འབར་བའི་ཕྲེང་ཅན་རབ་ཞི་བ། །
རྣམ་པར་འཕྲོ་བ་ཉིད་དུ་གནས། །ཟླ་བའི་དབུས་སུ་བསྒོམ་བྱ་བ། །ཀུན་གྱི་ཡེ་ཤེས་འོད་ཆེན་པོ། །ཀུན་དུ་འགྲོ་བ་རབ་ཏུ་ཐོབ། །ཐམས་ཅད་དུ་ཡང་རྙེད་པར་དཀའ། །དེ་ཉིད་བྲལ་བ་རྟག་པ་སྟེ། །ཡི་གེ་མེད་ཅིང་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བཤད། །
དུང་དང་ཀུནྡ་ཟླ་ལྟར་དག །གཉིས་པའི་སྒྲ་དང་ཡང་དག་ལྡན། །དེ་ནི་ཤིན་ཏུ་རིང་པོར་ཤེས། །སངས་རྒྱས་ཀུན་གྱི་སྤྱོད་པ་སྟེ། །ས་དང་ཕ་རོལ་ཕྱིན་པ་རྣམས། །དྲོ་བའི་བཞི་པ་སྦྱར་བ་ནི། །མྱ་ངན་འདས་པ་ཞེས་སུ་བསྒྲགས། །དབྱངས་དང་ཡི་གེ་ཁྱད་པར་
ཅན། །མཚན་ཉིད་རབ་ཏུ་སྦྱར་བར་བྱ། །རང་གི་ཕྱག་རྒྱ་སོགས་ལྡན་པས། །སངས་རྒྱས་བྱང་ཆུབ་རབ་སྩོལ་བྱེད། །ད་ནི་སངས་རྒྱས་ཐམས་ཅད་ཀྱི། །སྔགས་ཀྱི་དེ་ཉིད་འདིར་བཤད་བྱ། །ཐོག་མར་སྤྱོད་པ་བྱས་ནས་ནི། །གཉིས་པ་སྨྲ་བ་པོ་རུ་བཤད། །
བཞི་པའི་དབྱངས་ཀྱིས་ཀུན་ནས་མནན། །གསུམ་པ་མེ་ཡི་མིང་ཅན་ནོ། །རྒྱུད་མེད་པས་ཏེ་ཅུང་ཟད་པ། །བཞི་པ་ཡིས་ནི་གསལ་བར་བྱས། །དྲུག་པའི་སྒྲ་དང་ཐ་དད་མིན། །དེ་ཡི་སྟེང་དུ་ཐིག་ལེ་གནས། །ཆོས་ཀུན་ནམ་མཁའ་དང་མཚུངས་པར། །ཡང་དང་ཡང་
དུ་བཤད་པ་ཡིན། །དེ་ནི་ལྔ་པར་ཤེས་པར་བྱ། །ཡི་གེ་ལྔ་པ་སྟོབས་པོ་ཆེ། །ཡི་གེ་ལྔ་ཡི་སྟོབས་ལྔའི་བདག་ཉིད་ལས་སྐྱེས་གཙོ། །མཐུ་སྟོབས་ཆེན་པོ་ཁྱབ་བདག་སྲིད་པའི་བདག་ཉིད་སྐྱེས། །མཐུ་སྟོབས་ཆེན་པོ་སྲིད་གསུམ་ལས་རབ་གྲོལ་བྱེད་པ། །ཡི་གེ་ལྔ་ནི་
เล่ม ๘๖ · หน้า 40a
འགྲོ་བ་དྲུག་ལས་གྲོལ་བའི་བདག །མངོན་ཤེས་དྲུག་ཀྱང་རབ་ཏུ་སྟེར་བྱེད་དྲི་མ་མེད། །དེ་ཉིད་བཅོམ་ལྡན་སྤྱོད་པ་སྟེ། །མི་བསྐྱོད་པ་ཞེས་རབ་ཏུ་གྲགས། །བྱང་སེམས་རྡོ་རྗེ་སེམས་དཔའ་སྟེ། །བསྟན་པའི་སེམས་དཔའ་རང་བྱུང་བ། །ཆོས་ཀུན་
གྱི་ནི་དེ་བཞིན་ཉིད། །གང་བསྒྲགས་དེ་ཉིད་ཐམས་ཅད་དུ། །འབར་བ་མེ་ཡི་ས་བོན་ལྡན། །སྤྱོད་པ་ཡི་ནི་སྟེང་དུ་གནས། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ནི། །རིན་ཆེན་འབྱུང་ལྡན་ཞེས་སུ་བཤད། །ཆོས་རྣམས་ཀུན་གྱི་བྱེད་པ་ནི། །མེད་པ་ཉིད་དུའང་བཤད་
པའོ། །མེ་ཡི་ས་བོན་ཡང་དག་ལྡན། །བཞི་པའི་དབྱངས་ཀྱིས་སྤྱི་བོ་རུ། །མནན་པ་རྒྱལ་བ་འོད་དཔག་མེད། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ནི། །སྣ་ཚོགས་དེ་བཞིན་གཤེགས་པ་ཀུན། །དྲུག་པའི་དབྱངས་དང་ཡང་དག་ལྡན། །དོན་ཡོད་པ་ཡི་སྙིང་པོར་གྲགས། །
སྡེ་ལྔ་པ་ཡི་བཞི་པ་ནི། །དངོས་དང་དངོས་མེད་རབ་རྟོགས་བྱེད། །འབར་བ་མེ་ཡི་ས་བོན་གྱིས། །འཁོར་ལོའི་དབུས་སུ་རབ་ཏུ་གནས། །དྲུག་པའི་དབྱངས་དང་ཡང་དག་ལྡན། །ཐིག་ལེ་སྒྲ་ཡིས་རྣམ་པར་སྤྲས། །འཁོར་ལོས་སྒྱུར་བ་ཡེ་ཤེས་ཆེ། །རྣམ་པར་
རྒྱས་པའི་ནོར་སྟེར་བྱེད། །གང་ཞིག་སྡེ་ལྔ་པ་ཡི་མཐའ། །སྒྱུ་མའི་ཆོས་ལ་རབ་ཏུ་གནས། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ནི། །གདུགས་དཀར་ཞེས་སུ་བཤད་པའོ། །བརྒྱད་པའི་དབྱངས་དང་ཡང་དག་ལྡན། །བྱམས་པ་ཞེས་ནི་གྲགས་པ་སྟེ། །དེ་ཉིད་བཅོམ་
ལྡན་རྣལ་འབྱོར་ནི། །སྤྱི་བོར་ཐིག་ལེ་མནན་པའོ། །འཇམ་པའི་དབྱངས་དང་ཡེ་ཤེས་ཆེ། །མཱ་མ་ཀཱི་རུ་དེ་བསྒྲགས་སོ། །ལྔ་པའི་དབྱངས་དང་ཡང་དག་ལྡན། །འཇམ་པའི་དཔལ་ཞེས་རབ་ཏུ་གྲགས། །སྤྱོད་པའི་གར་མཁན་རབ་རྟོགས་མིང་། །སྡིག་པ་ཐམས་
ཅད་རེངས་བྱེད་དེ། །སྡིག་ཀུན་རྣམ་པར་སྦྱོང་བྱེད་པ། །རྣམ་པར་སེལ་བ་རྣམ་ཤེས་བྱ། །སྡེ་ཚན་ལྔ་པའི་གསུམ་པ་ནི། །ཕྱག་ན་རྡོ་རྗེ་སྟོབས་ཆེན་དང་། །གཤིན་རྗེ་མཐར་བྱེད་ཁྲོ་བོ་ཆེ། །ཡི་གེ་གསུམ་ནི་སྟོབས་ཆེན་པོ། །ཐོག་མར་དགུ་པ་ཡི་ནི་དབྱངས། །དེ་
เล่ม ๘๖ · หน้า 40b
ཡི་དབུས་སུ་སྤྱོད་པ་གཞག །ཐ་མར་སྣ་ཚོགས་ཞེས་བྱ་སྦྱར། །སྐུ་གསུམ་དུ་ནི་རྣམ་པར་བསྒོམ། །ཐ་མའི་སྡེ་ཚན་གསུམ་པ་ནི། །གང་ཡིན་ཀུན་ཏུ་བཟང་པོར་བཤད། །སྡེ་ཚན་དང་པོའི་གསུམ་པ་ནི། །སངས་རྒྱས་སྤྱན་ཞེས་བྱ་བའོ། །དེ་ཉིད་བཅོམ་ལྡན་མགོན་
པོ་ནི། །ནམ་མཁའི་མཛོད་ཅེས་རབ་ཏུ་གྲགས། །རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ། །དེ་ཉིད་རབ་ཏུ་གྲགས་པའོ། །འདི་ཀུན་ཐམས་ཅད་སྟོང་པ་སྟེ། །རྒྱུ་ནི་རབ་ཏུ་སྤངས་པའོ། །དབྱངས་ལྔ་དང་ནི་ཡང་དག་ལྡན། །རྡོ་རྗེ་ཧཱུྃ་མཛད་ཧཱུྃ་མཛད་དོ། །གང་ཞིག་བཞི་པའི་སྡེ་དང་
པོ། །མེ་ཡིས་རབ་ཏུ་གསལ་བར་བྱས། །བཞི་པའི་དབྱངས་དང་ཡང་དག་ལྡན། །གཟི་བརྗིད་ཕུང་པོ་སྟོབས་པོ་ཆེ། །དེ་ཉིད་གང་དང་མ་སྦྱར་བ། །སྒྲོལ་མ་ཞེས་སུ་རབ་ཏུ་གྲགས། །བཞི་པ་ཡི་ནི་གཉིས་པ་གང་། །ཤེས་རབ་ཕ་རོལ་ཕྱིན་པར་ངེས། །ཐིག་
ལེ་ལྷན་ཅིག་ཡང་དག་ལྡན། །སྒྲ་དང་ལྡན་པའི་མཆོག་ཏུ་གྱུར། །སྡེ་ཚན་གཉིས་པའི་གསུམ་པ་གང་། །མེ་ཉིད་དང་ནི་ཡང་དག་ལྡན། །བཞི་པའི་དབྱངས་ཀྱིས་ཡང་དག་མནན། །ཁམས་གསུམ་རྣམ་པར་རྒྱལ་པའི་མཆོག །དེ་ཉིད་བཅོམ་ལྡན་ཤེས་བྱ་བ། །སྤྱོད་པའི་
གར་མཁན་ཞེས་བྱའི་མཚན། །དེ་ཡི་རྗེས་ཉིད་ལ་ནི་མེ། །དགུ་པའི་དབྱངས་དང་ཡང་དག་ལྡན། །མེ་དང་དབང་ཆེན་དུ་བརྗོད་བྱ། །གསུམ་པའི་དབྱངས་ཀྱིས་མནན་པ་ཡི། །སྡེ་ཚན་དང་པོའི་དང་པོའི་ཡིག །དེ་ཉིད་བཅོམ་ལྡན་མགོན་པོ་ནི། །འཇིག་རྟེན་མགོན་
པོ་ཐུབ་པ་ཆེ། །ཡེ་ཤེས་རྒྱ་ཆེ་བསྒྲུབ་པར་བྱ། །སངས་རྒྱས་བྱང་ཆུབ་རབ་གསོལ་བྱེད། །སྡེ་ཚན་ལྔ་པ་རིན་ཆེན་མཆོག །བཞི་པའི་ས་བོན་དམ་པ་དེ། །འོག་ཏུ་མེ་ཡི་ཡན་ལག་འབར། །ཁྲོ་གཉེར་ཅན་ཞེས་རབ་ཏུ་གྲགས། །དབང་ཆེན་ཡི་གེ་དག་པ་ལ། །ཐིག་
ལེ་སྒྲ་ཡིས་རྣམ་པར་བརྒྱན། །སངས་རྒྱས་སྤྱན་ཞེས་རྣམ་གྲགས་པ། །སྡིག་པ་ཐམས་ཅད་འཕྲོག་པར་བྱེད། །སྡེ་ཚན་དང་པོའི་གསུམ་པ་ནི། །ནམ་མཁའི་སྤྱན་ཞེས་བརྗོད་པའོ། །སྒྱུ་མའི་ཆོས་ལ་རབ་གནས་ནས། །གསོད་པའི་དོན་དུ་རབ་གསོལ་བྱེད། །མཱ་
เล่ม ๘๖ · หน้า 41a
མ་ཀཱི་ཞེས་བྱ་བའི་མིང་། །རིག་པ་མཆོག་ཏུ་གསང་བ་སྟེ། །རྒྱུ་མི་དམིགས་པའི་ཆོས་རྣམས་ཀྱི། །དྲི་མ་མེད་པ་སྩོལ་བར་བྱེད། །གཉིས་པའི་དབྱངས་དང་ཡང་དག་ལྡན། །འཕགས་པ་མི་གཡོ་བ་ཞེས་བྱ། །དབང་ཆེན་ས་བོན་ཡང་དག་ལྡན། །
འགྲོ་བའི་རྡོ་རྗེ་རེངས་བྱེད་ན། །གདུག་སེམས་གཞན་ཀུན་ལྟ་ཅི་སྨོས། །རླུང་གི་དཀྱིལ་འཁོར་སྦྱར་བྱས་པ། །རང་གི་ས་བོན་གནས་ཤིང་འཕྲོ། །འགྲོ་བ་ཐམས་ཅད་སྐྲོད་བྱེད་ན། །གདུག་སེམས་ཅན་གཞན་སྨོས་ཅི་དགོས། །དེ་ཉིད་མེ་དང་ལྡན་པས་ནི། །དབང་
དང་དགུག་པའི་ལས་རྣམས་དང་། །བགེགས་དང་དགྲ་རྣམས་ཞི་བ་ནི། །ཁྱད་པར་མི་གཡོ་བ་ཡིས་བྱེད། །དོན་དམ་བདེན་པའི་བྱིན་གྱིས་བརླབས། །རྣམ་སྣང་མཛད་བྱ་གནས་ལས་འབྱུང་། །གཞན་གྱི་དམག་དཔུང་འཇོམས་པ་ནི། །རྒྱུ་ནི་མེ་ཡིས་གསལ་བྱས་པ། །
དྲུག་པའི་དབྱངས་དང་ཡང་དག་ལྡན། །ཐིག་ལེ་སྒྲ་ཡིས་རྣམ་པར་བརྒྱན། །འགྲོ་བ་ཐམས་ཅད་འགུགས་པར་བྱེད། །རླུང་གི་དཀྱིལ་འཁོར་གྱིས་དྲངས་པས། །ཏི་སེ་མན་དཱ་ར་ལ་སོགས། །དེ་ཡི་ཕྱེ་མར་རློག་པར་ངེས། །རྡོ་རྗེ་ལ་གནས་འཁོར་ལོ་ཡི། །དབུས་
གནས་འགྲོ་ཀུན་རེངས་པར་བྱེད། །གནས་ནས་བསྐྱོད་པར་བྱེད་པ་ཡིས། །འབྱུང་པོ་རྣམས་ནི་དབང་དུ་བྱེད། །རྟག་པའི་གཟུགས་སུ་གནས་ནས་ནི། །མི་གཡོ་བ་ཡི་སྙིང་གར་སོན། །ཆོས་ཀྱི་དབྱིངས་མཚུངས་ཐོབ་ནས་ནི། །བདག་གི་བདག་ཉིད་བསྒོམ་པར་
བྱ། །རླུང་གི་ས་བོན་རིན་པོ་ཆེ། །སྤྱོད་པའི་སྟེང་དུ་ཡང་དག་ལྡན། །མེ་ལས་བྱུང་བ་མེད་ལ་གནས། །འགྲོ་བ་ཐམས་ཅད་འབེབས་པར་བྱེད། །སྡེ་ཚན་དང་པོའི་དང་པོ་གང་། །ས་ཡི་ཡི་གེ་སྟེང་དུ་གནས། །སྡེ་ཚན་ལྔ་པའི་ཐ་མ་ནི། །དྲུག་པའི་སྒྲ་ཡི་སྟེང་དུ་གནས། །
འོག་ཏུ་མེ་ཡི་ས་བོན་ལྡན། །ཉི་མའི་དཀྱིལ་འཁོར་དབུས་སུ་སྟེ། །ས་གསུམ་ཐམས་ཅད་འབར་བར་བྱེད། །མེ་ཡི་ཕྱོགས་སུ་གནས་ནས་ནི། །ཕྱག་རྒྱའི་བདག་ཉིད་ཐམས་ཅད་བསྒོམ། །རླུང་ལྷ་མེ་ལྷ་ཡང་དག་སྦྱོར། །རྒྱུ་ནི་བྱེད་པ་མཚུངས་པའོ། །རྣམ་པར་སྣང་
เล่ม ๘๖ · หน้า 41b
མཛད་ཡེ་ཤེས་ཆེ། །དེ་ཉིད་ཁོ་ན་བསྒྲུབ་པར་བྱ། །དབང་ཆེན་མེ་ནི་སྦྱོར་བ་ལས། །འཁོར་ལོས་སྒྱུར་བའི་གོ་འཕང་གནས། །ཡེ་ཤེས་རྒྱ་ཆེན་བསྒྲུབ་པར་བྱ། །ཡང་ན་ཕུན་སུམ་ཚོགས་པའི་དོན། །རིག་པ་འཛིན་དང་སངས་རྒྱས་ཉིད། །རྣལ་འབྱོར་ཡེ་ཤེས་ཕུན་སུམ་
ཚོགས། །སྐྱེ་བ་འདི་ལ་འགྲུབ་འགྱུར་ཏེ། །འདི་ལ་ཐེ་ཙོམ་མི་བྱའོ། །དབྱངས་དང་ཡི་གེ་ཐམས་ཅད་ལ། །སྦྱོར་བའི་དབྱེ་བས་རྣམ་པར་དབྱེ། །ཚིག་དང་ངག་གི་ཚད་རྣམས་དང་། །ཏིང་ངེ་འཛིན་དང་སྔགས་འབྱུང་བ། །སློབ་དཔོན་མན་ངག་ལས་ཤེས་བྱ། །གཞན་དུ་
བྱ་བ་མ་ཡིན་ནོ། །རྡོ་རྗེ་སྙིང་པོའི་རྒྱན་ཅེས་བྱ་བའི་རྒྱུད་ཆེན་པོ་ལས་རྡོ་རྗེ་ཀ་ཀྵའི་སྦྱོར་བ་མདོར་བསྡུས་ཏེ་བསྟན་པ་སྟེ་རྒྱས་པར་སློབ་དཔོན་གྱིས་མངོན་པར་སྤྱད་པར་བྱའོ།། །།དེ་ནས་བཅོམ་ལྡན་འདས་རྣམས་སླར་ཡང་འདུས་པར་གྱུར་པས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་
གྱི་དབང་ཕྱུག་ཆེན་པོ་ལ་གསུང་གི་དཀྱིལ་འཁོར་གསོལ་བ་བཏབ་བོ།།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསོལ་བ་བཏབ་པའི་ཚིག་གི་རྗེས་ཉིད་ལ། འབྲུག་གི་སྒྲ་མཐའ་ཡས་པའི་ལེགས་པར་བསྒྲགས་པ། ནམ་མཁའི་མཛོད་ཀུན་ནས་རྡོ་རྗེ་རྒྱ་ཆེ་བ་ཚངས་པ་
ཆེན་པོའི་སྒྲ་ཡོངས་སུ་རྫོགས་པའི་དོན་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་འཁོར་ལོའི་དཀྱིལ་འཁོར་སོ་སོར་ཡོངས་སུ་རྟོགས་པའི་དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གྲུབ་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །
གསུང་གི་འཁོར་ལོའི་དཀྱིལ་འཁོར་ཆེ། །ཟླུམ་པོ་ཀུན་ནས་བཟང་པོ་སྟེ། །ཟླ་བའི་དཀྱིལ་འཁོར་ལྟ་བུར་གནས། །དེ་ཡི་སྟེང་དུ་པད་ཆེན་པོ། །འདབ་མ་བརྒྱད་ལ་གེ་སར་ཅན། །དེ་ཡི་ལྟེ་བའི་དབུས་སུ་ནི། །ཡི་གེ་མཆོག་གི་གོ་འཕང་ཉིད། །བདག་གི་དངོས་གྲུབ་བསྒོམ་
པར་བྱ། །ངག་གི་དབང་ཕྱུག་འོད་ཆེན་པོ། །སྙིང་གར་ཟླ་བ་དེར་པདྨ། །དེ་ཡི་སྟེང་དུ་དུང་བརྟག་བྱ། །དུང་གི་དབུས་སུ་ལྕེ་ཡིན་ཏེ། །རྡོ་རྗེའི་རང་བཞིན་དགེ་བའོ། །དེ་ཡི་སྟེང་དུ་རིན་ཆེན་པད། །ཡང་ན་སངས་རྒྱས་གཟུགས་བརྙན་ཡང་། །འབར་ཞིང་རྐན་གྱི་མཐར་
เล่ม ๘๖ · หน้า 42a
ཁྱབ་པ། །བདུད་རྩིའི་རྒྱུན་ནི་རབ་འབབ་པ། །བ་ཡི་ཡི་གེ་སྤྱི་ཚུགས་པ། །སངས་རྒྱས་ཀྱི་ནི་སྟེང་དུ་གནས། །བདུད་རྩིའི་ཐིགས་པ་འཛག་པ་ནི། །གོ་རིམས་བཞིན་དུ་བསམ་པར་བྱ། །ཟླ་བ་ཕྱེད་དང་ཟླ་བ་གསུམ། །ཟླ་བ་བཞིའམ་ཟླ་བ་ཉིད། །ཟླ་
བ་བརྒྱད་དུ་རབ་མཆོག་བསྒོམས། །དཀྱིལ་འཁོར་བཟང་པོ་བསྒྲུབ་པར་བྱ། །སྐྱིལ་ཀྲུང་གིས་ནི་ཉེར་གནས་ཏེ། །དང་པོའི་སྦྱོར་བའི་དབང་ཕྱུག་སྐྱེས། །ཆོས་ཀྱི་དབྱིངས་ནི་མཐའ་དག་ཏུ། །ཐམས་ཅད་དུ་ནི་ཡོངས་སུ་གང་། །སངས་རྒྱས་གཟུགས་བརྙན་བསྒོམ་པར་
བྱ། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །སངས་རྒྱས་ཀུན་གྱི་རྗེས་སྐྱོབ་པའི། །ཇི་སྙེད་རིག་པ་ཐམས་ཅད་ནི། །ལུས་དང་ངག་དང་ཡིད་རྣམས་ཀྱི། །ཕྱག་རྒྱ་དེ་རྣམས་བདག་ཉིད་མཆོག །དེ་རྣམས་ཐམས་ཅད་བདག་ཉིད་ཀྱི། །ལུས་ཀྱི་དཀྱིལ་འཁོར་ལ་
འཇུག་བསམ། །དུང་གི་སྒྲ་ནི་གསལ་བ་བསམ། །པདྨའི་ཁམས་ལ་ཡང་དག་རྟེན། །པདྨའི་གེ་སར་ཐིག་ལེ་ལས། །སྒྲ་ཡི་རང་བཞིན་རྡུལ་ཕྲན་རྣམས། །མགྲིན་པར་སོན་ནས་སྒྲ་གྱུར་ཏེ། །སྒྲ་ནི་དབྱངས་ཉིད་ལྷག་པའོ། །སླར་ཡང་ལྕེ་རུ་སོན་པ་དང་། །ཡི་གེ་
མཆོག་ཏུ་དགེ་བའོ། །ལྕེ་ཡི་ཡི་གེ་ཆེར་འབར་བ། །གཅིག་ནས་གཅིག་ཏུ་རྡོ་རྗེའི་ཚུལ། །ཀུན་ནས་རབ་ཏུ་འོད་གསལ་བ། །རྡོ་རྗེའི་ངག་ནི་དམ་པའི་དོན། །སྒྲ་ཡིས་ནམ་མཁའ་ཀུན་གང་བར། །སྒྲུབ་པོས་མདོ་རུ་བསྡུས་ཏེ་བཟླ། །དེ་བཞིན་དུ་ནི་སྙིང་གར་སྒྲའམ། །
ལྕེ་ལ་འོད་ཟེར་ངེས་འཕྲོས་ནས། །མཆུའམ་སོ་ལས་རབ་བཀྲ་བའི། །གལ་ཏེ་འོད་ཟེར་མཐོང་ན་ནི། །དེ་ཚེ་གྲུབ་པར་རྣམ་པར་ཤེས། །གྲུབ་པའི་ངག་ནི་དམ་པའི་དོན། །ཡང་ན་ལྷ་ནི་གཞན་པ་ཡི། །ངག་གི་སྒྲུབ་ཐབས་ཆེན་པོ་མཆོག །རང་ལྕེ་རྡོ་རྗེའི་རང་བཞིན་བསམ། །
བདག་ཉིད་རྡོ་རྗེ་སེམས་དཔའ་ཡང་། །འབར་བའི་སྒྲོན་མ་དང་མཚུངས་པ། །རང་གི་སྙིང་གི་དབུས་ཀྱི་ཆ། །ཡི་གེ་མཆོག་ཏུ་ཕྲ་བ་ཡི། །ཨ་ཡི་ཡི་གེ་མངའ་བདག་མཆོག །རྣམ་པར་བཀྲ་བ་ཉི་མ་བཞིན། །རང་གི་སྡེ་པའི་མཐར་ཐུག་མཚུངས། །ཡི་གེ་ཡི་གེར་
เล่ม ๘๖ · หน้า 42b
ཡོངས་སུ་གཞོལ། །ཕྲ་མོ་མཉམ་པའི་མཐར་ཐུག་ནི། །འབར་ཞིང་ཐིག་ལེ་དང་མཚུངས་ཤིང་། །སྙིང་གི་དཀྱིལ་འཁོར་གསལ་བྱེད་པ། །དེ་ཡི་འབར་བ་རབ་ཕྲ་བ། །ཇི་སྲིད་རྐན་གྱི་བར་དུ་སོན། །སླར་ཡང་ཡི་གེ་ཐམས་ཅད་ནི། །ཡང་དང་ཡང་དུ་གསལ་བྱེད་ཅིང་། །
ལྕེ་ལ་རྡོ་རྗེ་འབར་བ་ནི། །རྡུལ་ཕྲན་ལྟ་བུར་བྱེད་བཞིན་པའི། །རྡོ་རྗེ་འབར་བ་སྟོང་ཕྲག་དག །ཡང་དང་ཡང་དུ་རྣམ་པར་འདོན། །འཇིག་རྟེན་ཀུན་དུ་དེ་སོང་སྟེ། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ཡི་གེའི་རང་བཞིན་རྣམ་བཀྲ་བ། །རང་གིས་འགྲོ་བ་སྣང་བྱས་
ཏེ། །སླར་ཡང་འོངས་ནས་རང་གནས་སུ། །འཇུག་པ་རུ་ནི་ཡོངས་སུ་བརྟག །ཇི་སྲིད་ཕྱོགས་ཀུན་སོང་བ་ཡི། །ཡི་གེ་ཁ་རུ་རབ་ཏུ་འཇུག །ལུས་ལ་ལུས་ཅན་གྱི་གཟུགས་བརྙན། །སེམས་ཀྱི་ཕྱག་རྒྱ་ལེགས་པར་བསམ། །དེ་ནས་སྒྲ་དང་ཡི་གེ་ནི། །ལྟེ་
བར་སོང་སྟེ་ཡོངས་སུ་གནས། །ལྟེ་བ་རུ་ནི་པདྨ་མཆོག །པདྨར་རྡོ་རྗེ་དྲི་མེད་མཛེས། །དེ་ཡི་སྟེང་དུ་དུང་ཆེན་པོ། །རབ་ཏུ་འཕྲོ་བ་ཉིད་དུ་གནས། །དེ་ལས་འབར་བའི་རྣམ་པའི་སྒྲ། །བྲང་གི་གནས་ནས་ཡོངས་སུ་བྱུང་། །སླར་ཡང་མགྲིན་པར་སོན་ནས་སུ། །རྡོ་རྗེ་ལྕེ་
ལ་ཡང་དག་རེག །འགྲམ་པ་སྦྱར་བའི་དབུས་སུ་ནི། །སངས་རྒྱས་གཟུགས་བརྙན་དྲི་མ་མེད། །ཁ་བ་བ་ཞོ་ལྟར་དཀར་འོད། །བཅུད་ལེན་བདུད་རྩིའི་ཐིགས་པ་འདྲ། །རྡོ་རྗེ་ལྕེ་ནི་མཐའ་དག་རྣམས། །ཡང་དང་ཡང་དུ་གསལ་བར་བྱེད། །ཏིང་ངེ་འཛིན་གྱི་རྩེར་སོན་
ཏེ། །སླར་ཡང་སྙིང་ག་ཉིད་དུ་སོང་། །ཐིག་ལེ་ལས་ནི་གུག་སྐྱེད་གྱུར། །གུག་སྐྱེད་རི་མོ་རིང་པོ་ཅན། །ཆ་ཤས་རྣམ་བཞི་འདུས་པ་ལས། །དེ་ནི་ཡི་གེར་རྣམ་པར་ཤེས། །ཡི་གེ་ལས་ནི་སྒྲ་སྐྱེ་ཞིང་། །སྒྲ་ལས་ནཱ་ད་དེ་ལས་དབྱངས། །དབྱངས་ལས་ངག་ཏུ་རྣམ་པར་
འགྱུར། །ཡི་གེ་ལས་ནི་ཆ་ཤས་ཚོགས། །ཚིག་རྐང་དང་ནི་ངག་ཏུ་འགྱུར། །ཚིག་རྐང་ལས་ནི་ཚིགས་བཅད་དང་། །དེ་བཞིན་དུ་ནི་གཱ་ཐཱ་དང་། །ཕྲེང་འཛིན་རྒྱུན་ཆགས་དེ་བཞིན་ཏེ། །འདི་ལྟར་སྔགས་དང་རིག་སྔགས་དང་། །རང་གི་སྙིང་པོར་རབ་འཇུག་འགྱུར། །
เล่ม ๘๖ · หน้า 43a
དེ་ནས་བཟླས་པའི་རྣལ་འབྱོར་ཆེ། །བློ་གྲོས་ལྡན་པས་བརྟན་བྱས་ཏེ། །དགུག་དང་གཞུག་དང་བཅིང་བ་དང་། །དབང་དུ་བྱས་ཏེ་བསྒྲུབ་པར་བྱ། །བཟླས་པ་འདི་ཡི་སྦྱོར་བ་ཡིས། །ཐམས་ཅད་དུ་ནི་བརྟན་པར་བྱ། །ཡིད་བཞིན་གྱི་ནི་ངག་འགྲུབ་བོ། །
རྨད་བྱུང་མཆོག་ཏུ་རྙེད་དཀའ་བའི། །ཡང་ན་ལྷ་ནི་གཞན་པ་ཡི། །ངག་འགྲུབ་ཐམས་ཅད་སྐྱོབ་རྣམས་ཀྱི། །ཡི་གེ་གཅིག་པ་གསང་ཆེན་པོ། །ངག་གི་སྒྲུབ་ཐབས་མཆོག་ཏུ་དགེ། །སངས་རྒྱས་ཀུན་གྱི་བདག་ཉིད་ནི། །ལེགས་པར་མཉམ་པར་བཞག་པས་བསྒོམ། །
རང་སྙིང་ཟ་བར་རྡོ་རྗེ་ཆེ། །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །དེ་ལས་བསྟན་བཅོས་ཐམས་ཅད་ནི། །ངེས་པ་གདོན་པ་ཉིད་དུ་བྱ། །ངག་གྲུབ་པ་ཡི་ཡེ་ཤེས་འདིས། །ཐམས་ཅད་མཁྱེན་པ་ཐོབ་པར་བྱེད། །བསྟན་བཅོས་ཐམས་ཅད་རབ་འདོན་ཅིང་། །དེ་ཉིད་
ཀྱང་ནི་འཆད་པར་བྱེད། །སེམས་ཅན་ཀུན་གྱིས་ཐམས་ཅད་དུ། །དངོས་པོ་ཅུང་ཟད་གང་བསམས་པ། །དེ་དག་ཐམས་ཅད་རྣམ་ཤེས་ཏེ། །སྐད་ཅིག་ཙམ་ལ་སྨྲ་བར་བྱེད། །རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བ་ལས་ངག་གི་སྒྲུབ་པའི་ཐབས་རྫོགས་སྷོ།། །།དེ་
ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་སླར་ཡང་འདུས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཆེན་པོ་མཆོག་གི་དབང་ཕྱུག་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་
སྔགས་ཀྱི་མཛོད་ཀྱི་ཆོ་ག་རྒྱས་པའི་སྒྲུབ་པའི་ཐབས་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་དབང་ཕྱུག་གིས་གསོལ་བ་བཏབ་པའི་ཚིག་ཉེ་བར་གསན་ནས་དེ་དེ་བཞིན་ནོ་ཞེས་བཀའ་སྩལ་ནས། དེ་ནས་བཅོམ་ལྡན་འདས་ཀུན་ནས་འཁོར་ལོའི་དབང་
ཕྱུག་གི་རྒྱལ་པོ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་སྔགས་ཀྱི་མཛོད་ཀྱི་སྒྲུབ་པའི་ཐབས་ཀྱི་རིམ་པར་ཕྱེ་བའི་ཆོ་ག་རྒྱས་པ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །འཁོར་ལོས་སྒྱུར་བའི་སྒྲུབ་པའི་ཐབས། །འཁོར་ལོ་རྩིབས་བརྒྱད་པའམ་ཡང་ན། །
เล่ม ๘๖ · หน้า 43b
རྩིབས་བཅུ་དྲུག་པར་རྣམ་པར་བྲི། །ལྟེ་བར་དེ་བཞིན་གཤེགས་པ་དགོད། །འཁོར་ལོའི་ཕྲེང་བས་རྣམ་པར་བརྒྱན། །མཐའ་རུ་རིན་ཆེན་རྣམ་པ་བདུན། །མཁས་པ་ཡིས་ནི་སྤེལ་བར་བྱ། །དེ་ཡི་ལྟེ་བར་བདག་ཉིད་ནི། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །སངས་རྒྱས་
ཀུན་གྱི་སྐུ་ཆེན་པོ། །ཆོས་ཀྱི་དབྱིངས་དང་མཚུངས་པའི་མཆོག །དེ་ཡི་ཕྱག་རྒྱ་བགྲང་ལས་འདས། །སྐད་ཅིག་མ་ནི་ཉིད་ལ་འཐོན། །འགྲོ་བ་ཐམས་ཅད་སྣང་བྱས་ནས། །སྔགས་ཀྱི་དབང་ཕྱུག་ཉིད་ལ་གཞུག །འཁོར་ལོའི་དངོས་གྲུབ་གཟི་བརྗིད་ཆེ། །འཁོར་ལོས་
སྒྱུར་བར་བདག་ཉིད་འགྱུར། །ཆུང་དང་ཆེ་དང་དབང་ཕྱུག་དང་། །རང་དབང་འདོད་དགུར་སྤྱོད་པ་དང་། །ཀུན་དུ་འགྲོ་བ་ཉིད་དང་ནི། །ཀུན་གྱི་དབང་ཕྱུག་ཕུན་ཚོགས་འབྲས། །རྒ་དང་འཆི་བ་མེད་ཐོབ་ཅིང་། །ངེས་པར་འཁོར་ལོས་སྒྱུར་དང་མཚུངས། །གསེར་གྱི་འཁོར་
ལོ་རིན་པོ་ཆེ། །དེ་བཞིན་དངུལ་དང་ཤེལ་ཉིད་དང་། །མེ་ཏོག་ཅན་གྱི་ལྕགས་ཀྱང་རུང་། །རང་གི་ལག་གིས་བཟུང་ནས་སུ། །དབང་ཆེན་དཀྱིལ་འཁོར་དབུས་སུ་ནི། །སངས་རྒྱས་ཐམས་ཅད་བསྒོམ་པར་བྱ། །འཁོར་ལོས་སྒྱུར་བ་གཟི་བརྗིད་ཆེ། །མཚན་
རྣམས་ཀྱིས་ནི་རྣམ་པར་བརྒྱན། །དེ་ལྟར་བདག་ཉིད་བསྒོམས་ན་ནི། །འཁོར་ལོས་སྒྱུར་བ་ཉིད་དུ་འགྱུར། །དེ་ལ་དེའི་སྔགས་ཀྱི་ཚིག་ཏུ་གྱུར་པ་ནི། ཨོཾ་སརྦྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་བ་ལོ་ཀི་ཏི། མུཥྚི་ཙཀྲ་ཝརྟི་ཛྭ་ལ་ཛྭ་ལ་དྷུ་ན་བི་དྷུ་ན་ཏྲཱ་ས་ཡ་མཱ་ར་ཡ། ཨུཙྪཱ་ཊ་ཡ་ཧ་ན་
བྷཉྫ་པྲོཾ་ཁི་ནི་ཀུཎྜ་ལི་ནི། ཨ་པ་རཱ་ཛི་ཏཱ་སྟྲ་དྷཱ་རི་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། རྩ་བའི་སྔགས་སོ། །ཨོཾ་ཨོཾ་ཨ་པ་རཱ་ཛི་ཏཱ་དྷི་ཀ་སྭཱ་ཧཱ། སྙིང་པོའོ། །ན་མཿས་མནྟ་བུད་དྷཱ་ནཱཾ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ་ཨ་པ་རཱ་ཛི་ཏཱ་དྷི་ཀ་སྭཱ་ཧཱ། ཆོ་གའི་སྙིང་པོའོ། །འཁོར་ལོས་སྒྱུར་བ་རང་གྲུབ་སྟེ། །
སངས་རྒྱས་ཉིད་ཀུན་ཐོབ་ནས་ནི། །ཡེ་ཤེས་ཚེ་དང་སྟོབས་དང་ཤུགས། །ཡང་ན་དབང་ཕྱུག་དམ་པ་ཀུན། །དཔའ་བོ་ཐམས་ཅད་སྟེར་བྱེད་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །འཁོར་ལོས་སྒྱུར་བའི་སྒྲུབ་ཐབས་སོ། །ཉི་མའི་དཀྱིལ་འཁོར་བྲི་བར་བྱ། །ནམ་
เล่ม ๘๖ · หน้า 44a
མཁའ་ལ་ནི་ཡོངས་སུ་བསྒོམ། །གཟི་བརྗིད་ཕུང་པོ་ཡེ་ཤེས་ཆེ། །སངས་རྒྱས་ཐམས་ཅད་ཐོབ་པར་འགྱུར། །གཉིས་སུ་མེད་འབྱུང་སེམས་ཀྱི་མཆོག །དཀྱིལ་འཁོར་མཆོག་ཏུ་རྨད་འབྱུང་བ། །དེ་ནི་མེ་ཡིར་ཤེས་པར་བྱ། །སངས་རྒྱས་བྱང་ཆུབ་
རབ་སྒྲུབ་བྱེད། །དེ་ཡང་འཁོར་ལོ་འཛིན་རྒྱལ་པོ། །འཁོར་ལོས་སྒྱུར་བ་ལེགས་འབར་བ། །དེ་ལ་དེ་བཞིན་རིན་ཆེན་བདུན། །འཁོར་ལོའི་ཕྲེང་བས་རྣམ་པར་བརྒྱན། །འཁོར་ལོའི་དཀྱིལ་འཁོར་དབུས་གནས་པར། །ཉི་མ་རེ་རེར་བཀྲ་ཤིས་བསྒོམ། །གཟི་བརྗིད་
ཕུང་པོ་སྐུ་ཆེན་པོ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །འབར་བའི་ཕྲེང་འཁྲུགས་དཔའ་བོ་ནི། །སྣང་བ་ཤར་བ་ལྟ་བུར་གནས། །དེ་ཡི་ཕྱག་རྒྱ་རྟག་ཏུ་བསམ། །ནམ་མཁའི་རྣམ་པར་ལེགས་པར་གནས། །ཆོས་ཀྱི་དབྱིངས་ཀྱི་མཐས་ཀླས་པ། །འོད་ཟེར་ཕྲེང་བས་
རྣམ་པར་ཁྱབ། །དེ་དང་བདག་ཉིད་རྡོ་རྗེར་བསྒོམ། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་བྱེད། །ཀུན་དུ་ཀུན་ནས་ཐམས་ཅད་དུ། །དངོས་པོ་ཀུན་ལས་འབྱུང་བར་འགྱུར། །ཡེ་ཤེས་ཚེ་དང་སྟོབས་དང་ཤུགས། །ཀུན་དུ་འགྲོ་བ་ཉིད་དང་ནི། །སངས་རྒྱས་ཐམས་ཅད་
ཉིད་དག་དང་། །རྡོ་རྗེ་ཅན་ཀུན་ཉིད་དང་ནི། །གཟི་བརྗིད་མཆོག་ཀུན་ཐོབ་གྱུར་ནས། །གཟི་བརྗིད་ཕུང་པོ་འདྲ་བར་འགྱུར། །དེ་ལ་སྔགས་ཀྱི་ཚིག་ཏུ་གྱུར་པ་ནི། ཨོཾ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་བ་ལོ་ཀི་ཏེ་མཱུརྟྟི་ཏེ་ཏེ་ཛོ་རཱ་ཤི་ཛྭཱ་ལ་ཛྭཱ་ལ། དྷ་ཀ་དྷ་ཀ། ད་ར་ད་ར། བི་དྷ་བི་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ་
སྭཱ་ཧཱ། རྩ་བའི་སྔགས་སོ། །ཨོཾ་ཏེ་ཛོ་རཱ་ཤི་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཛྭཱ་ལ་ཏེ་ཛོ་རཱ་ཤི་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །དག་པའི་སྔགས་ཚིག་འདི་རྣམས་ཀྱིས། །ཉི་མའི་ཡེ་ཤེས་རབ་ཏུ་གསལ། །ཀུན་དུ་འགྲོ་བ་བསྒྲུབ་པར་བྱ། །རིག་པ་འཛིན་པ་ཉིད་ཐོབ་འགྱུར། །གཟི་
བརྗིད་ཕུང་པོའི་གསང་སྔགས་ཀྱི་སྒྲུབ་པའི་ཐབས་སོ།། །།ཀུན་ནས་སྣང་བ་ཞེས་བྱ་མཆོག །ཡི་གེ་གསུམ་པ་སྟོབས་པོ་ཆེ། །གསེར་གྱི་ཁ་དོག་ལེགས་འབར་ཞིང་། །གཙུག་ཏོར་སྟེང་སོན་འོད་གསལ་བ། །སྔགས་པ་རང་བདག་གིས་བསྒོམ་བྱ། །ཀུན་ནས་སྣང་བ་
เล่ม ๘๖ · หน้า 44b
ལྟ་བུར་འགྱུར། །ཨོཾ་ཨཱཿཧཱུྃ། གསང་སྔགས་རྩེ་མོ་དམ་པ་འདི། །བསྒོམས་པ་ཙམ་གྱིས་ཐམས་ཅད་དུ། །བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་ཀུན་ཀུན་ནས་སྣང་བར་འགྱུར། །ཀུན་ནས་སྣང་བའི་གཙུག་ཏོར་གྱི་སྒྲུབ་པའི་ཐབས་སོ།། །།ཆོས་ཀྱི་འཁོར་ལོ་ཕྱག་
རྒྱ་ཆེ། །ལེགས་པར་མཉམ་པར་བཞག་པས་བསྒོམ། །སངས་རྒྱས་ཀུན་ཉིད་ཀུན་གྱི་མཆོག །ཆོས་ཀྱི་འཁོར་ལོ་རབ་སྐོར་བྱེད། །འཁོར་ལོ་འདི་ནི་རྩིབས་བཅུ་གཉིས། །རྩིབས་བཅུ་གཉིས་པ་ཡོངས་སུ་གནས། །རྣམ་གསུམ་གསུམ་ནི་ཡོངས་བསྐོར་བ། །
བྱ་བའི་དོན་དུ་དག་པ་སྟེར། །སངས་རྒྱས་རང་བཞིན་སྐུ་ཆེན་པོ། །ནམ་མཁའི་ཁྲུགས་ན་གནས་པ་སྟེ། །ཆོས་ཀྱི་དབྱིངས་ནི་ཁྱབ་པ་ནི། །ལེགས་པར་མཉམ་པར་བཞག་པས་བསྒོམ། །འགྲོ་བ་བརྟན་དང་གཡོ་བ་ནི། །འདི་ཀུན་རྟེན་ཅིང་འབྲེལ་འབྱུང་བ། །འདི་ནི་
ཆོས་ཀྱི་ཕྱག་རྒྱ་ཆེ། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་བྱེད། །དེ་ཡི་སྔགས་སུ་གྱུར་པ་ནི། །ཨོཾ་དྷུ་ན་པཱ་ཏ་ཡ་ཙྪིནྡ་ཙཀྲེ་ཎ་བཛྲི་ཎི་ཧཱུྃ། གསང་སྔགས་འདི་ནི་དཔལ་ལྡན་མཆོག །ཆོས་ཀྱི་འཁོར་ལོ་གཉིས་མེད་འཆར། །སྐད་ཅིག་ཙམ་གྱིས་ཐམས་ཅད་དུ། །དམ་
པའི་ཆོས་ནི་རབ་སྐོར་བྱེད། །ཆོས་ཀྱི་འཁོར་ལོ་སྒྲུབ་པའི་ཐབས་སོ།། །།པདྨ་རཱ་གའི་རྣམ་པ་འདྲ། །སངས་རྒྱས་སྐུ་གཟུགས་ལེགས་འབར་བ། །རྣལ་འབྱོར་སྦྱོར་བའི་མཆོག་བསྒྲུབས་ན། །ཉོན་མོངས་རྡོ་རྗེ་འདྲ་བར་འགྱུར། །སྙིང་གནས་རྡོ་རྗེ་གཟུགས་
བརྙན་འདྲ། །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །དེ་ཡི་སྙིང་ལ་རྡོ་རྗེ་མེ། །དྲི་མ་མེད་པ་སྐྱེ་བར་འགྱུར། །ཉོན་མོངས་རྟག་ཏུ་ཡོངས་ཟད་ཅིང་། །དགྲ་རྣམས་ཀུན་ལས་རྒྱལ་བར་བྱེད། །བདེན་པ་བཞི་ནི་རྟོགས་པས་ན། །བདེན་པའི་ཡེ་ཤེས་ཐོབ་པར་འགྱུར། །
སྔགས་ནི། ཨོཾ་ཀླེ་ཤ་ཨ་ཤ་ནི་ཧཱུྃ་ཕཊ། འདི་ནི་ཉོན་མོངས་རྡོ་རྗེའི་སྔགས། །དྲག་ཅིང་དྲག་པོའི་གཞན་གནོན་པའོ། །སངས་རྒྱས་ཉིད་ཀྱང་སྟེར་བྱེད་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཉོན་མོངས་རྡོ་རྗེ་སྒྲུབ་པའི་ཐབས་སོ།། །།དབང་ཆེན་དཀྱིལ་
เล่ม ๘๖ · หน้า 45a
འཁོར་ལ་གནས་པའི། །སངས་རྒྱས་རང་བཞིན་སྟོབས་པོ་ཆེ། །བདུད་བཞི་ལས་ནི་རྣམ་རྒྱལ་བ། །ལེགས་པར་མཉམ་པར་བཞག་པས་བསྒོམ། །བདེན་པ་བཞི་ཡི་ཁུ་ཚུར་ཆེ། །ལུས་དང་ངག་དང་དེ་བཞིན་ཡིད། །ཁུ་ཚུར་སངས་རྒྱས་ཐམས་ཅད་
ཀྱི། །གཉིས་མེད་སྐྱེ་བའི་མཚན་ཉིད་དེ། །རྡོ་རྗེའི་དབུས་སུ་བསྒོམ་པར་བྱ། །རང་ཉིད་སངས་རྒྱས་ཡིན་ནོ་ཞེས། །བརྟན་དང་གཡོ་བའི་འགྲོ་བ་ནི། །འདི་དག་ཐམས་ཅད་མ་སྐྱེས་པར། །རྡོ་རྗེ་ཁུ་ཚུར་བསྒོམས་ན་ནི། །རྡོ་རྗེ་ཁུ་ཚུར་འདྲ་བར་འགྱུར། །དེ་ལ་སྔགས་
སུ་གྱུར་པ་ནི། །ཨོཾ་བི་ཛ་ཡེ་ཧཿ། དེ་བཞིན་གཤེགས་པའི་ཁུ་ཚུར་ཆེ། །ཤེས་རབ་ཕ་རོལ་ཕྱིན་གསལ་བ། །སྔགས་པས་རྟག་ཏུ་བསྒོམས་ན་ནི། །ཤེས་རབ་ཕ་རོལ་ཕྱིན་པ་འཐོབ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གྱི་སྒྲུབ་པའི་ཐབས་སོ།། །།དངོས་
པོ་ཐམས་ཅད་གྱེན་འཕགས་པ། །གདོད་ནས་ཞི་ཞིང་མཚན་ཉིད་མེད། །སངས་རྒྱས་རང་བཞིན་སྐུ་ཆེན་པོ། །དཀྱིལ་འཁོར་ཆེན་པོའི་དབུས་སུའོ། །རྡོ་རྗེ་རྡོ་རྗེའི་བདག་ཉིད་བསྒོམ། །འབར་བ་ལྟ་བུའི་གཟི་བརྗིད་ཀྱིས། །འདི་ཡིས་འཇིག་རྟེན་ཐམས་ཅད་ཀྱི། །འཁོར་
ལོས་སྒྱུར་བ་ཉིད་དུ་ནི། །འཇིག་རྟེན་ཀུན་གྱི་ཐམས་ཅད་དུ། །ཀུན་ནས་ཕུན་སུམ་ཚོགས་པ་ཀུན། །བཀུག་ནས་གུས་པས་སྦྱིན་པར་བྱ། །སྔགས་ནི། ཨོཾ་ཛྭ་ལ་ཛྭ་ལ་དཱི་པྱ་དཱི་པྱ་ཨུངྒ་ཏོཥྞཱི་ཥ་དྷུ་ན་དྷུ་ན་ཧཱུྃ། སྟེང་འགྲོའི་གཙུག་ཏོར་ཞེས་བྱ་བར། །སངས་རྒྱས་དཔའ་བོ་ཀུན་
གྱིས་གསུངས། །འདི་ནི་བསྒྲུབས་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་ཀྱང་རྙེད་དཀའ་མིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་སྒྲུབ་པའི་ཐབས་སོ།། །།སངས་རྒྱས་རང་བཞིན་ཕྱག་རྒྱ་ཆེ། །ལེགས་པར་མཉམ་པར་བཞག་པས་བསྒོམ། །ཚད་
སྐྱོབ་གདུགས་དཀར་ཆེན་པོ་ནི། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཟླ་བའི་ཁ་དོག་ཆེར་འབར་ཞིང་། །ཆུ་ཡི་དཀྱིལ་འཁོར་རྣམ་དག་པ། །དྲི་མེད་པུཎྜ་རཱི་ཀར་གནས། །རི་མོ་བདུན་གྱིས་ཡོངས་སུ་གང་། །བཅུད་
เล่ม ๘๖ · หน้า 45b
ཀྱིས་ལེན་གྱི་མཆོག་ལྟ་བུར། །སངས་རྒྱས་ཀུན་བདག་བསྒོམ་པར་བྱ། །དངོས་གྲུབ་འདི་ཡི་སྦྱོར་བ་ཡིས། །སེམས་ཅན་རྣམས་ལ་ཐམས་ཅད་དུ། །རེ་བ་ཐམས་ཅད་ཡོངས་རྫོགས་པ། །འདི་ནི་གཙུག་ཏོར་གདུགས་དཀར་ཆེ། །སྔགས་ནི། ཨོཾ་མ་མ་མ་མ་ཧཱུྃ་ནི། འདི་ནི་
བསྒྲུབས་པ་ཙམ་གྱིས་ནི། །ཡེ་ཤེས་ཆེ་དང་སྟོབས་མགྱོགས་འགྲོ། །དཔའ་བོ་ཐམས་ཅད་ཐོབ་འགྱུར་ཞིང་། །སངས་རྒྱས་ཉིད་ཀྱང་རྙེད་དཀའ་མིན། །གདུགས་དཀར་པོའི་སྒྲུབ་པའི་ཐབས་སོ།། །།ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །འབར་བའི་ཕྲེང་འཁྲུགས་
རལ་གྲི་ནི། །སྔགས་པས་སྙིང་གར་བསྒོམ་པར་བྱ། །རང་གི་བདག་ཉིད་སངས་རྒྱས་ཞེས། །སངས་རྒྱས་རང་བཞིན་སྤྲིན་ཆེན་པོས། །ནམ་མཁའི་མཐོངས་རྣམས་ཡོངས་གང་བ། །བདག་ཉིད་གཉིས་མེད་ངོ་བོ་ཡིས། །རྣལ་འབྱོར་གཅིག་ཏུ་བསྒོམ་པར་བྱ། །སྔགས་
ཀྱི་ཡི་གེ་འཁོར་ལོ་ཆེ། །འབར་བའི་ཕྲེང་བ་འཁྲུགས་པའི་འོད། །སྔགས་པས་སྙིང་གར་བསྒོམ་པར་བྱ། །རྒྱལ་བ་དམ་པ་ཉིད་དུ་འགྱུར། །སྔགས་ནི། ཨོཾ་ཛྭ་ལ་ཛྭ་ལོ་ཥྞཱི་ཥ་ཛྭ་ལ་ཛྭ་ལ་བནྡྷ་བནྡྷ་ད་མ་ད་མ་དྲུ་མ་དྲུ་མ་ད་ཧ་ད་ཧ་ན་ཧཱུྃ། རྒྱལ་བའི་གཙུག་ཏོར་རལ་གྲི་ཆེ། །
ཤེས་རབ་ཡེ་ཤེས་དྲི་མ་མེད། །སྔགས་པས་ཀུན་ནས་བསྒོམས་ནས་ནི། །རྒྱལ་བའི་གཙུག་ཏོར་འདྲ་བར་འགྱུར། །རྒྱལ་བའི་གཙུག་ཏོར་གྱི་སྒྲུབ་པའི་ཐབས་སོ།། །།སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །འབར་བའི་ཕྲེང་བས་འཁྲུགས་པའི་འོད། །སེང་གེའི་ཁྲི་ཡི་སྟེང་
དུ་བསམ། །ཡང་ན་རྡོ་རྗེའི་གདན་ལ་གནས། །ཀུན་དུ་གཙུག་ཏོར་ཆེ་འབར་བ། །སྙིང་གར་ཡོངས་སུ་བསྒོམ་པར་བྱ། །སངས་རྒྱས་ཀུན་གྱི་བདག་ཉིད་ནི། །ཡི་གེ་དམ་པ་ཡི་ནི་གནས། །ཐོག་མ་ཐ་མ་མེད་ཞི་བ། །ཆོས་ཀྱི་སྐུ་ནི་མཆོག་ཏུ་ཆེ། །འདི་ནི་
བསྒྲུབས་པ་ཙམ་གྱིས་ནི། །ཀུན་དུ་གཙུག་ཏོར་སྟོབས་པོ་ཆེ། །སྐད་ཅིག་དེ་ལ་འགྲུབ་འགྱུར་ཏེ། །རྡོ་རྗེ་སངས་རྒྱས་ཀུན་གྱི་བཀའ་བཞིན་ནོ། །སྔགས་ནི། ཨོཾ་བཛྲ་བན་དྷ་ཧཱུྃ། གསང་སྔགས་འདི་ནི་དམ་པ་གཙོ། །སངས་རྒྱས་ཐམས་ཅད་དབང་བསྐུར་བྱེད། །རྟག་
เล่ม ๘๖ · หน้า 46a
ཏུ་རྣལ་འབྱོར་པས་བསྒོམས་ན། །དེ་ནི་ཀུན་གྱིས་དབང་བསྐུར་རོ། །ཀུན་གྱི་གཙུག་ཏོར་གྱི་སྒྲུབ་པའི་ཐབས་སོ།། །།རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་རྒྱུད་ཆེན་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་གྱི་སྒྲུབ་ཐབས་ཀྱི་ཆོ་ག་རྒྱས་པའི་རིམ་པར་ཕྱེ་བ་
ཡོངས་སུ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་སླར་ཡང་འདུས་པར་གྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ཀྱི་གསང་
སྔགས་ཀྱི་སྒྲུབ་པའི་ཆོ་ག་རྒྱས་པ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་དག་གིས་གསོལ་བ་བཏབ་པའི་ཚིག་གསན་ནས་དེ་མ་ཐག་པ་ཁོ་ནར་དེ་བཞིན་གཤེགས་པ་ཐམས་ཅད་དུ་བདག་ཉིད་བྱིན་གྱིས་བརླབས་ནས་བྱང་ཆུབ་
སེམས་དཔའ་ཐམས་ཅད་ཀྱི་གསང་སྔགས་ཀྱི་རིམ་པར་ཕྱེ་བ་བཀའ་སྩལ་པ། ཤེས་རབ་ཡེ་ཤེས་རྡོ་རྗེ་ཆེ། །སྙིང་གར་ཡོངས་སུ་བསྒོམས་ནས་སུ། །རལ་གྲི་སྔོན་པོ་ཕྱག་ན་བསྣམས། །དབང་ཆེན་དང་ནི་མེ་ལས་འཁྲུངས། །ཡེ་ཤེས་ཆེན་པོ་གཟི་བརྗིད་ཆེ། །འཁྲུལ་བ་
མེད་ཅིང་ཡི་གེ་བྲལ། །སངས་རྒྱས་ཀུན་བདག་ཤེས་རབ་མཆོག །ཉོན་མོངས་ཐམས་ཅད་ཟད་པར་བྱེད། །རྡོ་རྗེ་ཀུན་བདག་བཀོད་པ་པོ། །ཀུན་དུ་འགྲོ་བའི་དམ་པའི་དོན། །དབྱེར་མེད་མཆོག་ཏུ་གསང་བ་པོ། །རིག་པ་མཆོག་གི་བདག་ཉིད་འདི། །ཞལ་དྲུག་པ་ལ་ཕྱག་དྲུག་
མཆོག །མངོན་ཤེས་དྲུག་ལྡན་ཡི་གེ་དྲུག །རྗེས་དྲན་དྲུག་གི་སྦྱོར་བ་ཡིས། །ཕྱག་དྲུག་དམ་པ་སྟོབས་པོ་ཆེ། །གཟི་བརྗིད་ཡང་ན་སྟོབས་ཀྱིས་ཀྱང་། །ཀུན་ནས་ཡོངས་སུ་གསལ་བ་པོ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ནམ་མཁའི་ཁམས་ན་རྣམ་པར་གནས། །
ཡང་ན་ཕྱག་གཉིས་ཤེས་པར་བྱ། །ཏིང་ངེ་འཛིན་གནས་སྡིག་པ་བཅོམ། །དཔའ་བོ་པདྨ་ལ་གནས་པ། །ཟླ་བའི་མདོག་ཅན་འོད་པོ་ཆེ། །རྣལ་འབྱོར་པ་ཡི་ཡེ་ཤེས་ཕྲ། །ཤེས་རབ་ཕ་རོལ་ཕྱིན་པ་འབར། །གདོད་ནས་མ་སྐྱེས་པ་ཞེས་བསམ། །སངས་རྒྱས་ཡེ་ཤེས་རབ་
เล่ม ๘๖ · หน้า 46b
སྩོལ་བྱེད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་མཆོག །འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས། །དེའི་སྔགས་ནི། ཨོཾ་བཱ་ཀྱེ་དྃ་ན་མཿ གསང་སྔགས་འདི་ནི་མཆོག་ཏུ་གསང་། །གསང་ཆེན་གྱི་ནི་དམ་པར་བཞེད། །རྣམ་ཐར་གསུམ་གྱི་སྒོ་ལ་གནས། །ཕ་རོལ་ཕྱིན་
དྲུག་རབ་ཏུ་གསལ། །རང་ཉིད་ཤེས་རབ་ཡིན་ནོ་ཞེས། །སྔགས་པས་རྟག་ཏུ་བསྒོམ་པར་བྱ། །དབང་པོ་དྲུག་ནི་རབ་བསྒྱུར་ཏེ། །སངས་རྒྱས་ཉིད་ནི་རྣལ་འབྱོར་ལས། །པདྨ་རཱ་ག་ལྟ་བུའི་མདོག །སྟོན་ཟླ་ལྟ་བུར་ཆེར་གསལ་བ། །སེམས་དཔའ་ཆེན་པོ་གསེར་གྱི་
མདོག །སྟོབས་པོ་ཆེ་ནི་བསྒོམ་པར་བྱ། །འདི་ནི་བསྒྲུབས་པ་ཙམ་གྱིས་ནི། །ཤེས་རབ་དྲི་མ་མེད་པར་འགྱུར། །བསྟན་བཅོས་ཐམས་ཅད་རབ་སྨྲ་ཞིང་། །དབང་ཕྱུག་ཐམས་ཅད་མདུན་ན་གནས། །ཀུན་གྱི་རྒྱལ་པོ་སྔགས་པ་ཉིད། །རང་ཉིད་ཀུན་གྱི་རྒྱལ་པོ་
མཚུངས། །རིག་པ་འཛིན་པ་ཐམས་ཅད་དང་། །བྱང་ཆུབ་ཀུན་གྱི་ཕ་རོལ་སོན། །དབང་ཕྱུག་ཀུན་དང་བདེ་བ་ཆེ། །ཆོས་རྣམས་ཀུན་གྱི་ཡོན་ཏན་མཆོག །རྡོ་རྗེ་འཛིན་པ་ཐམས་ཅད་དང་། །ཡང་ན་སངས་རྒྱས་ཐམས་ཅད་ཀྱི། །ཀུན་དུ་འགྲོ་བ་ཐོབ་འགྱུར་ན། །དངོས་
གྲུབ་གཞན་ལྟ་སྨོས་ཅི་དགོས། །དངུལ་ཆུ་བཅུད་ལེན་དེ་ཉིད་དང་། །རྐང་པས་སྤྱོད་པ་དྲི་མེད་མཆོག །རིལ་བུ་དང་ནི་མི་སྣང་བ། །ཐམས་ཅད་དུ་ནི་སྟེར་བར་འགྱུར། །དཔལ་ལྡན་འཇམ་པའི་མཆོག་འདི་ནི། །ཆོས་ཀྱི་གསུང་གི་མཆོག་ལས་འཁྲུངས། །སངས་རྒྱས་
རྣམས་ཀྱི་ཚངས་པའི་དབྱངས། །འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས། །འདི་ནི་བསྒྲུབས་པ་ཙམ་གྱིས་ནི། །བསམས་པའི་ཕུན་སུམ་ཚོགས་ཀུན་གྱི། །སངས་རྒྱས་ཀུན་དུ་བརྟན་འགྲོ་ན། །གཞན་པའི་ལྷ་ལྟ་སྨོས་ཅི་དགོས། །འཇམ་པའི་དབྱངས་ཀྱི་སྒྲུབ་པའི་ཐབས་
སོ།། །།སྙིང་གར་པདྨ་ཆེན་པོ་ལ། །ཟླ་བའི་དཀྱིལ་འཁོར་ཡོངས་སུ་གནས། །འཇིག་རྟེན་དབང་ཕྱུག་དཔའ་བོ་ཆེ། །ཐུགས་རྗེ་ཆེན་པོའི་ཐུགས་ལྡན་པ། །ཕྱག་བཞི་པ་ལ་ཞལ་བཞི་པ། །དུང་དང་ཀུནྡ་ཟླ་ལྟར་དག །ཆོས་ཀྱི་དབྱིངས་ལས་ཡང་དག་བྱུང་། །ཆུ་ཡི་
เล่ม ๘๖ · หน้า 47a
དཀྱིལ་འཁོར་ཆེན་པོ་ལ། །བདག་ཉིད་འཇིག་རྟེན་དབང་ཕྱུག་ཆེས། །དེ་ལ་གནས་པ་དགེ་བ་བསྒོམ། །རང་བཞིན་གྱིས་ནི་འདི་ཀུན་དག །གདོད་ནས་མ་སྐྱེས་མ་བྱུང་བ། །གསང་སྔགས་ཆེན་པོ་འདི་ཡི་ནི། །སྙིང་གར་ཡོངས་སུ་བསྒོམ་པར་བྱ། །འཇིག་
རྟེན་དབང་ཕྱུག་འཁོར་ལོ་ཆེ། །ཀུན་དུ་རྣམ་པར་འཕྲོས་པ་ཡི། །འབར་བའི་ཕྲེང་བས་འཁྲིགས་ཤིང་ཞི། །རལ་པའི་ཐོར་ཚུགས་འཛིན་པ་པོ། །རལ་པའི་དབུས་སུ་དཔའ་བོ་ཆེ། །འོད་དཔག་མེད་པ་ལྡན་པའི་བདག །སྟོན་ཀའི་ཟླ་བ་ལྟ་བུར་གསལ། །ཀུན་དུ་ནམ་མཁའ་
ཡོངས་གང་བ། །གསང་སྔགས་སྦྱོར་བདག་བསྒོམ་པར་བྱ། །རང་ཉིད་འཇིག་རྟེན་གསུམ་རྣམ་རྒྱལ། །ཆོས་ཀྱི་དབྱིངས་ཀྱི་མཐས་ཀླས་པ། །པདྨའི་ལུས་ཀྱིས་ཡང་དག་གང་། །ཀུན་དུ་པདྨ་རྣམས་ལ་ནི། །ཟླ་བའི་དཀྱིལ་འཁོར་ཡང་དག་གནས། །ཁམས་གསུམ་རྣམ་
པར་རྒྱལ་བའི་སྐུ། །ཁྱད་པར་དུ་བདག་དགང་བར་བྱ། །འགྲོ་བ་བརྟན་དང་གཡོ་བ་ཀུན། །སྣང་དང་མི་སྣང་དངོས་པོ་ནི། །ཡང་དང་ཡང་དུ་བལྟ་བར་བྱ། །གདུལ་བྱ་མ་ལུས་སེམས་ལ་ནི། །སྟོབས་པོ་ཆེས་ནི་དགང་བར་བྱ། །ཁ་དོག་དབྱིབས་ནི་འདི་བཞིན་དུ། །སྣ་ཚོགས་
གཟུགས་ལ་ཆེར་འབར་བ། །ཀུན་ནས་ཡོངས་སུ་བསྡུས་ནས་ནི། །སྔགས་པའི་མདུན་དུ་གཞག་པར་བྱ། །དེ་ནས་སྔགས་པས་དེ་མ་ཐག །སླར་ཡང་རྩེ་གཅིག་སེམས་ཀྱིས་ནི། །དགུག་དང་གཞུག་དང་བཅིང་བ་དང་། །དབང་དུ་བྱ་བ་བསྒྲུབ་པར་བྱ། །འཇིག་རྟེན་དབང་
ཕྱུག་ཐུབ་ཆེན་པོ། །བཅོམ་ལྡན་རྣལ་འབྱོར་ཅན་གྲུབ་ན། །དཔའ་བོ་ཐམས་ཅད་སྩོལ་འགྱུར་ཞིང་། །རང་གི་དངོས་གྲུབ་མཆོག་རྣམས་དང་། །རྣལ་འབྱོར་ཐམས་ཅད་འཛིན་ཉིད་དང་། །རྣམ་པར་རྒྱས་པའི་ནོར་སྟེར་འགྱུར། །རིག་པ་འཛིན་དང་འཁོར་ལོ་ཅན། །ས་དང་ཕ་
རོལ་ཕྱིན་སོགས་དང་། །སངས་རྒྱས་རྣམས་ཀྱང་སྩོལ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དེའི་སྔགས་ནི། ཨོཾ་ཨཱ་རོ་ལི་ཀ །གསང་སྔགས་དཔལ་ལྡན་མཆོག་འདི་ནི། །རང་ཉིད་ཁམས་གསུམ་རྣམ་པར་རྒྱལ། །ལོངས་སྤྱོད་ཐམས་ཅད་བཀུག་
เล่ม ๘๖ · หน้า 47b
ནས་ནི། །སྐད་ཅིག་ཙམ་གྱིས་རྣམ་པར་སྟེར། །པདྨའི་སྒྲུབ་པའི་སྦྱོར་བ་ཡིས། །བདག་ཉིད་འཇིག་རྟེན་དབང་ཕྱུག་བསྒྲུབ། །འཇིག་རྟེན་གསུམ་གྱི་རྒྱལ་སྲིད་ནི། །སྲིད་པར་བཀུག་ནས་རྣམ་པར་སྟེར། །འཇིག་རྟེན་དབང་ཕྱུག་གི་སྒྲུབ་པའི་ཐབས་སོ།། །།
ཐམས་ཅད་རྡོ་རྗེའི་རང་བཞིན་གཟུགས། །མེ་ཡི་དཀྱིལ་འཁོར་དགེ་བ་སྟེ། །དེ་ཡི་དབུས་སུ་བྱ་བ་ནི། །དཀྱིལ་འཁོར་རླུང་དང་རབ་མཚུངས་པ། །དེ་ཡི་དབུས་སུ་དེ་འདྲ་བསམ། །ཉི་མ་ཡི་ནི་དཀྱིལ་འཁོར་རོ། །དེ་ཡི་དབུས་སུ་གཟི་བརྗིད་ཆེ། །འབར་བ་ལྟ་བུའི་གཟི་བརྗིད་
ཅན། །རྡོ་རྗེའི་ལག་པ་གཟི་བརྗིད་ཆེ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཚངས་པའི་ཡུལ་ས་ཐམས་ཅད་དུ། །ཀུན་ནས་ཡོངས་སུ་གསལ་བར་བྱེད། །ཧཱུྃ་གི་ཡི་གེ་སྒྲ་ཟབ་མོ། །དབྱར་གྱི་སྤྲིན་དང་མཚུངས་པའི་འོད། །རྒྱལ་པོ་འཁྱིལ་པ་དང་མཚུངས་
པ། །ཟར་མ་ཡི་ནི་མེ་ཏོག་འདྲ། །འབར་བ་དམར་པོས་འཁྲིགས་ཤིང་འཇིགས། །བསྐལ་པའི་མེ་དང་འདྲ་བར་གནས། །ཞལ་བཞི་པ་ལ་མཆེ་བ་བཞི། །འཇིག་པའི་དུས་ཀྱི་ཐལ་བ་འདྲ། །སྤྲིན་གྱི་སྒྲ་དང་མཚུངས་པ་ཡི། །ཧཱུྃ་གི་ཡི་གེ་བཞི་དང་ལྡན། །རྡོ་རྗེ་ཧཱུྃ་མཛད་ཅེས་
བྱ་བ། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །སྔགས་ཀྱི་ཚིག་ནི། ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུྃ། གྲཱིཧྞ་གྲཱིཧྞ་ཧཱུྃ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན། བིདྱཱ་རཱ་ཛཱ་ཧཱུྃ་ཕཊ། རྡོ་རྗེ་འཛིན་པའི་རྒྱལ་པོ་འདི། །ཀུན་མཆོག་སྲིད་པའི་དབང་ཕྱུག་གིས། །འཇིག་
རྟེན་གསུམ་ཡང་འགུགས་བྱེད་ན། །བུད་མེད་གཞན་དག་སྨོས་ཅི་དགོས། །ཚངས་པ་ཁྱབ་འཇུག་དབང་ཆེན་སོགས། །ཆུང་མ་དང་བཅས་ཕྱག་རྒྱར་བཅས། །དེ་དག་ཐམས་ཅད་འགུགས་བྱེད་ན། །སྡུག་བསྔལ་ཅན་གཞན་སྨོས་ཅི་དགོས། །ཉི་མའི་དཀྱིལ་འཁོར་
དབུས་གནས་པར། །རྡོ་རྗེའི་གཟུགས་བརྙན་སྙིང་གར་སོན། །དབང་པོ་གཉིས་ནི་མཉམ་སྦྱོར་བས། །རྡོ་རྗེ་ཅན་གྱིས་སྔོན་དུ་བསྒྲུབ། །བསམ་པ་ཐམས་ཅད་རྫོགས་བྱེད་པ། །བཅོམ་ལྡན་རྡོ་རྗེ་ཅན་འགྲུབ་འགྱུར། །རྒྱལ་པོ་ཐམས་ཅད་སྦྱིན་གྱུར་ན། །དངོས་གྲུབ་
เล่ม ๘๖ · หน้า 48a
གཞན་དག་སྨོས་ཅི་དགོས། །སྔགས་ནི་འདིར། ཨོཾ་ཊཀྐི་ཧཱུཾ་ཛཿ། གསང་སྔགས་འདི་ཡི་སྦྱོར་བ་ཡིས། །དམ་པའི་དོན་དུ་བསྒྲུབ་པར་བྱ། །ལོངས་སྤྱོད་ཇི་སྙེད་ཐམས་ཅད་རྣམས། །དེ་སྙེད་ཐམས་ཅད་རྣམ་པར་སྟེར། །རྡོ་རྗེ་འཛིན་པའི་བསྒྲུབ་པའོ།། །།
དབང་ཆེན་དཀྱིལ་འཁོར་ལ་གནས་པའི། །བྱམས་པ་ཆེན་པོའི་བདག་ཉིད་སྐུ། །སྙིང་གར་ཟླ་བའི་གཟུགས་བརྙན་འོད། །རྡོ་རྗེ་འབར་བའི་ཕྲེང་བ་ལྡན། །འཇིག་རྟེན་ཁམས་ནི་འབྱམ་ཀླས་པ། །རང་བཞིན་གཅིག་ཏུ་བྱས་ནས་ནི། །རྡོ་རྗེ་ཡིས་ནི་སྤྲོ་བ་དང་། །དབང་བསྐུར་བ་
ཡི་རང་བཞིན་དགེ། །གསེར་གྱི་ཁ་དོག་ལེགས་འབར་བ། །རལ་པའི་ཐོར་ཚུགས་འཛིན་པ་པོ། །རལ་པའི་དབུས་སུ་མཆོད་རྟེན་ཆེ། །དུང་དང་ཀུནྡ་ཟླ་འོད་བཟང་། །བསྒོམས་ནས་སེམས་ཅན་ཐམས་ཅད་ལ། །བརྟན་པའི་དོན་དུ་དབང་བསྐུར་བྱ། །ཡང་ན་སེམས་ཅན་
ཐམས་ཅད་ལ། །བུ་གཅིག་ལྟ་བུར་རྣམ་པར་སྤྲོ། །བསྒོམ་པའི་སྦྱོར་བས་བསྒོམས་ན་ནི། །གཉིས་མེད་མ་རྒྱལ་བ་ལས་རྒྱལ། །སྤྲོ་བ་དང་ནི་བསྡུ་བ་དང་། །ཐིམ་སོགས་ཕྱོགས་དབྱེས་རྣམ་པར་དབྱེ། །བྱམས་པས་ཀུན་ཏུ་རྣམ་པར་སྤྲོ། །ཆོས་དབྱིངས་མཉམ་དང་མི་
མཉམ་པ། །ཐམས་ཅད་བདག་དང་བདག་གི་བར། །འདས་ཤིང་ཤིན་ཏུ་དྲི་མ་མེད། །རི་རབ་ལྟ་བུར་བརྟན་པའི་སེམས། །འཁྲུལ་པ་མེད་ཅིང་ཡི་གེ་བྲལ། །དེ་ལྟར་སེམས་ནི་བརྟན་བྱས་ནས། །མཉམ་མེད་སེམས་ཅན་ཀུན་དང་མཉམ། །བདག་ཉིད་བྱམས་པ་ཡིན་
ནོ་ཞེས། །དགའ་ལྡན་གནས་པའི་ཚུལ་འཛིན་པ། །ཅུང་ཟད་ལི་ཞིང་འཁྱིལ་པའི་སྐྲ། །པདྨ་རཱ་ག་མཚུངས་པའི་འོད། །རིན་ཆེན་སེམས་ནི་རྣམ་དག་པས། །རང་བདག་ཉིད་ནི་བསྒོམ་པར་བྱ། །འདི་ནི་གསང་སྔགས་རང་བཞིན་གྱིས་གྲུབ་པ་ནི། ཨོཾ་ཨ་ཛི་ཏཉྫ་ཡ་སརྦྦ་
སཏྭ་ས་མ་ཡཱ་ནུ་ག་ཏ་སྭཱ་ཧཱ། གསང་སྔགས་བདག་ཉིད་རྒྱལ་པོ་འདི། །བྱམས་པ་ཞེས་ནི་གྲགས་པ་སྟེ། །ཆོས་ཀྱི་དབྱིངས་དང་མཚུངས་པར་ཁྱབ། །བྱམས་པའི་ཐུགས་ནི་ཡིད་དུ་འོང་། །དང་པོའི་སྦྱོར་བའི་རྣལ་འབྱོར་གྱིས། །སྒྲུབ་པའི་ཐབས་མཆོག་བསྒོམ་པར་བྱ། །
เล่ม ๘๖ · หน้า 48b
ཨོཾ་མཻ་ཏྲེ་ཡ་ཏྲི། འདི་ནི་བསྒྲུབས་པ་ཙམ་གྱིས་ཀྱང་། །དགའ་ལྡན་དུ་ནི་གནས་པར་འགྱུར། །སྒྲིབ་པ་ཀུན་དང་བྲལ་བའི་བདག །རང་ཉིད་ལྷ་ཡི་བུ་དང་མཚུངས། །བྱམས་པའི་སྦྱོར་བས་བསྒོམས་ན་ནི། །འདི་ནི་བྱམས་པ་ལྟ་བུར་འགྱུར། །བྱམས་པའི་སངས་རྒྱས་ཞིང་དུ་
ནི། །རང་བཞིན་གྱིས་ནི་སྐྱེ་བར་འགྱུར། །དེ་མདུན་ཆོས་ནི་ལེགས་མཉན་ནས། །ས་དང་ཕ་རོལ་ཕྱིན་པ་དང་། །དབང་དང་ཏིང་འཛིན་ཐོབ་ནས་ནི། །དེ་ནི་བྱང་ཆུབ་སེམས་དཔར་འགྱུར། །མཐར་ཡང་སངས་རྒྱས་ཐམས་ཅད་ནི། །བྱམས་པའི་ཡིད་ཀྱིས་ཐོབ་པར་
འགྱུར། །བྱམས་པའི་སྒྲུབ་པའི་ཐབས་སོ།། །།རང་གི་ལུས་ནི་ཐམས་ཅད་ནི། །ནམ་མཁའ་མཚུངས་པ་ཉིད་དུ་བསྒོམ། །ཆོས་བདག་མེད་པ་བསྐྱེད་ནས་ཀྱང་། །རང་ཉིད་ནམ་མཁའི་སྙིང་པོར་འགྱུར། །གསང་སྔགས་འདི་ཡི་སྦྱོར་བ་ཡིས། །མཁའ་
མཚུངས་དཔེ་ལས་རྣམ་པར་འདས། །ནམ་མཁའི་འོད་ཟེར་གྱུར་པ་ཡིས། །སེམས་ཅན་རང་གི་སེམས་ལས་སྤྲོ། །ཐམས་ཅད་སེམས་ལས་སྤྲོས་ནས་ནི། །སླར་ཡང་རིམ་གྱིས་བསྡུ་བར་བྱ། །ནམ་མཁར་མཉམ་པར་འགྲོ་བ་བལྟ། །རང་གི་དེ་ཉིད་ཀྱིས་སྦྱར་བྱ། །
རིན་ཆེན་དཀྱིལ་འཁོར་དབུས་གནས་པར། །རིན་ཆེན་ཁ་དོག་འོད་པོ་ཆེ། །རྒྱན་རྣམས་ཀུན་གྱིས་ལུས་བརྒྱན་པ། །ལག་ན་རིན་ཆེན་སྟོབས་པོ་ཆེ། །རིན་ཆེན་སྦྱོར་བ་བསྒོམས་པ་ཡིས། །ནམ་མཁའི་དམ་པ་འགྲུབ་པ་ཡིན། །སྔགས་ནི། ཨོཾ་ཨཱ་ཀཱ་ཤ་གརྡྷཱ་ཡ་སྭཱ་ཧཱ།
ནམ་མཁའི་སྙིང་པོ་སྟོབས་པོ་ཆེ། །བཅོམ་ལྡན་རྣལ་འབྱོར་འགྲུབ་པར་འགྱུར། །རང་གི་དངོས་གྲུབ་ཐམས་ཅད་ནི། །སྟེར་བར་འགྱུར་དེ་དཔྱད་མི་དགོས། །དཔའ་བོ་སངས་རྒྱས་ཐམས་ཅད་ཀྱིས། །དངོས་གྲུབ་ཇི་སྙེད་བཀའ་སྩལ་པ། །ནམ་མཁའི་སྙིང་པོ་བསྒྲུབས་པ་
ཡིས། །དེ་དག་ཐམས་ཅད་མྱུར་དུ་སྟེར། །ནམ་མཁའི་སྙིང་པོ་སྒྲུབ་པའི་ཐབས་སོ།། །།སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡིས། །ཀུན་ཏུ་བཟང་པོ་འོད་བཟང་བ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །སྔགས་པས་རྟག་
เล่ม ๘๖ · หน้า 49a
ཏུ་བསྒོམ་པར་བྱ། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །རང་གི་ལུས་ནི་ཇི་སྙེད་པའི། །རང་གིས་ཕྲ་རབ་རྡུལ་རྣམས་ཀྱིས། །དེ་དག་ཐམས་ཅད་མཚུངས་པར་བྱ། །སངས་རྒྱས་སྐུ་ཡི་སྐུ་ཉིད་དུ། །ཡང་ན་བ་སྤུའི་ཁུང་རྣམས་སུ། །རང་གི་འཁོར་ལོས་
ཡོངས་བསྐོར་ནས། །སངས་རྒྱས་ཀུན་དང་མཚུངས་བྱས་ཏེ། །བདག་ནི་ཀུན་ཏུ་བཟང་པོ་ཞེས། །ཡི་གེ་ལྔ་པ་ཞེས་སུ་བཤད། །འདི་ཡི་སྔགས་ཆེན་བཟླས་པར་བྱ། །ཡང་ན་འདིར་ནི་ལྷ་གཞན་གྱིས། །རྟག་ཏུ་སྔགས་སུ་གྱུར་པའོ། །ཨོཾ་སཱཾ་ཧྲཱིཿཀཱ་ཡ་སྭཱ་ཧཱ། གསང་
སྔགས་རྒྱལ་པོ་ཆེ་གསང་ཞིང་། །གདོད་ནས་དག་ཅིང་རང་འབྱུང་བ། །འདི་ནི་བསྒྲུབས་པ་ཙམ་གྱིས་ནི། །ཤེས་རབ་དྲི་མ་མེད་པར་འགྱུར། །དེ་ཡི་ཡེ་ཤེས་དྲི་མེད་ཅིང་། །གཟུགས་མཛེས་པ་ནི་དེ་དང་མཚུངས། །བསྟན་བཅོས་ཐམས་ཅད་རབ་སྨྲ་བ། །ཀུན་བཟང་
མཆོག་ཏུ་བདག་འགྱུར་རོ། །ཀུན་ཏུ་བཟང་པོའི་སྒྲུབ་པའི་ཐབས་སོ།། །།ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །རྒྱན་རྣམས་ཀྱིས་ནི་བརྒྱན་པ་ཡི། །སྒྲིབ་པ་ཐམས་ཅད་རྣམ་སེལ་བ། །དམ་པའི་དོན་དུ་བསྒོམ་པར་བྱ། །གསང་སྔགས་འདི་ཡི་སྦྱོར་བ་དང་། །
བཅུད་ཀྱིས་ལེན་གྱིས་བདེ་བླག་ཏུ། །རིང་པོ་ཉིད་དུ་མི་ཐོགས་པར། །སྒྲིབ་པ་རྣམ་སེལ་མཚུངས་པར་འགྱུར། །སྔགས་འབྱུང་བ་ནི། ཨོཾ་སརྦྦ་ནི་ཝ་ར་ཎ་བིཥྐམ་བྷི་ནི་སྭཱ་ཧཱ། ཨོཾ་ནི་ས་རཱ་ཡ་སྭཱ་ཧཱ། གཙོ་བོ་གསང་སྔགས་འདི་འཛིན་ལ། །རྣམ་པར་སེལ་བར་གྲགས་པ་
སྟེ། །ཐམས་ཅད་བསྒོམ་པའི་སྦྱོར་བ་ཡིས། །ཕྱག་རྒྱ་ཀུན་གྱིས་ཐམས་ཅད་དུ། །གདོད་ནས་སྐྱེ་མེད་རང་བཞིན་གྱིས། །གདོད་ནས་དག་ཅིང་འགྱུར་བ་མེད། །དེ་ལྟར་ཆོས་འདི་ཤེས་ནས་ནི། །ལྷ་ཉིད་དང་ནི་མཉམ་བྱས་ནས། །རྙོག་པ་མེད་ཅིང་ཟག་མེད་པའི། །རྗེས་
སུ་རྣལ་འབྱོར་གྱིས་བསྒྲུབ་བྱ། །ཨུཏྤལ་སྔོན་པོའི་འདབ་མ་ལྟར། །གསལ་བའི་རྣམ་པར་གནས་པའོ། །དབང་ཆེན་དཀྱིལ་འཁོར་ལ་བཞུགས་པའི། །མེ་ཡིས་ཡོངས་སུ་བསྐོར་བ་ཡི། །ཕྱག་ན་རལ་གྲི་གཟི་བརྗིད་ཆེ། །ཡང་ནས་ཡང་དུ་སེམས་བྱེད་ཅིང་། །དངོས་གྲུབ་
เล่ม ๘๖ · หน้า 49b
འདི་ནི་གཟི་བརྗིད་ཆེ། །རྣམ་སེལ་མཆོག་གི་དབང་ཕྱུག་ནི། །མཐའ་ལས་འདས་པའི་དངོས་གྲུབ་མཆོག །ཐམས་ཅད་ནས་ནི་སྩོལ་བ་ཉིད། །རྣམ་པར་སེལ་བ་སྒྲུབ་པའི་ཐབས་སོ།། །།དབང་ཆེན་དཀྱིལ་འཁོར་སྟེང་དུ་ནི། །རྡོ་རྗེ་ཡི་ནི་དབུས་ན་བཞུགས། །གསེར་
གྱི་མདོག་ཅན་སྐུ་ཆེན་པོ། །འབར་བ་ལྟ་བུའི་གཟི་བརྗིད་ཅན། །སྙིང་གར་རྡོ་རྗེའི་ཕྱག་རྒྱ་གནས། །ས་སྙིང་ཞེས་བྱར་བདག་ཉིད་བསྒོམ། །རང་གི་ལྷག་པའི་ལྷ་སྦྱོར་བས། །རང་གི་གསང་སྔགས་བརྗོད་པར་བྱ། །ས་སྙིང་ཞེས་བྱར་བདག་བསྒོམས་ནས། །སྔགས་ཀྱི་ཡི་
གེ་མཆོག་བདེ་འདི། །ཨོཾ་ཀྵི་ཧཿརཱ་ཛ་སྭཱ་ཧཱ། བསམ་ཡས་སྔགས་མཆོག་འདི་ཡིས་ནི། །དངོས་གྲུབ་ཐམས་ཅད་རབ་སྩོལ་མཛད། །ས་ཡི་སྙིང་པོ་ཞེས་གྲགས་པ། །དམ་པའི་དོན་དུ་རྣལ་འབྱོར་པས། །སའི་སྙིང་པོའི་སྒྲུབ་པའི་ཐབས་སོ།། །།ཟད་པ་མེད་ཅིང་
འཁྲུལ་པ་མེད། །ཟག་མེད་མཆོག་གི་ཤེས་རབ་ཅན། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ཤེས་རབ་རྡོ་རྗེའི་བདག་ཉིད་དགེ། །བློ་གྲོས་མི་ཟད་རྙེད་དཀའ་བ། །འབད་པ་ཡིས་ནི་བསྒོམ་པར་བྱ། །མེ་ཡི་དཀྱིལ་འཁོར་དབུས་སུ་ནི། །གསེར་གྱི་མདོག་དང་ལྡན་པའི་
གཟུགས། །རྒྱལ་པོ་ཆེན་པོ་ཟླ་བའི་འོད། །འོད་ཀྱི་དཀྱིལ་འཁོར་རབ་ཏུ་གསལ། །སྔགས་ནི། ཨོཾ་ཨ་ཀྵ་ཡ་མ་ཏི་སྭཱ་ཧཱ། སྔགས་ཀྱི་ཡི་གེ་གསང་བ་འདི། །ཐམས་ཅད་བློ་གྲོས་གསལ་བར་བྱེད། །ཡེ་ཤེས་མི་ཟད་འདོད་པ་ཡིས། །འབད་པ་ཡིས་ནི་བསྒྲུབ་བྱ་སྟེ། །དངོས་
གྲུབ་ཀུན་གྱི་མཆོག་ཤེས་བྱ། །ཤེས་རབ་ཡེ་ཤེས་དྲི་མེད་མཛེས། །སངས་རྒྱས་ཉིད་ཀྱང་ཐོབ་གྱུར་ན། །དངོས་གྲུབ་གཞན་དག་ཅི་ཞིག་སྨོས། །བློ་གྲོས་མི་ཟད་པའི་སྒྲུབ་པའི་ཐབས་སོ།། །།ཀུན་ནས་ཤེས་རབ་ཆེན་པོ་ཅན། །ཟླ་བའི་དཀྱིལ་འཁོར་ལ་བརྟེན་པར། །
གསེར་གྱི་ཁ་དོག་གཟི་བརྗིད་ཆེ། །རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པའི། །གཞོན་ནུའི་གཟུགས་ཅན་རྟག་བསམ་བྱ། །རེ་བ་ཐམས་ཅད་རྫོགས་པར་མཛད། །རང་གི་ལྷག་པའི་ལྷ་སྦྱོར་བ། །ནམ་མཁའི་བདག་པོ་བདག་ཡིན་ཞེས། །ལུས་ངག་ཡིད་ཀྱིས་ཐམས་
เล่ม ๘๖ · หน้า 50a
ཅད་དུ། །ཐམས་ཅད་རིག་པས་བརྟན་པར་བྱ། །ཤིན་ཏུ་དྲི་མེད་བྱང་ཆུབ་སེམས། །རང་སྙིང་མེ་ལོང་ལྟ་བུར་བསམ། །དེ་ནས་ཡི་གེ་ཚིག་བཀོད་དེ། །མཁའ་མཛོད་བདག་ཅེས་བདག་ཉིད་ཀྱིས། །བསྒོམས་ནས་རྡོ་རྗེ་རྡོ་རྗེའི་བདག །མཁའ་ལ་རིན་ཆེན་འབྱུང་
གནས་དང་། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །དེ་བཞིན་བུམ་པ་བཟང་པོ་སོགས། །འཇིག་རྟེན་ཀུན་གྱི་དབང་ཕྱུག་གི། །ཉེ་བར་མཁོ་བ་ཐམས་ཅད་འབབ། །འཇིག་རྟེན་ཀུན་གྱི་རྫས་ཐམས་ཅད། །ཇི་སྙེད་ཡོད་པ་དེ་དག་ཀུན། །འདིར་ནི་སྐད་ཅིག་ཙམ་ཉིད་
ལ། །དངོས་གྲུབ་དམ་པ་སྩོལ་བར་འགྱུར། །ཨོཾ་ག་ག་ན་གཉྫོ་གྃ་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་དངོས་གྲུབ་ཆེ། །ནོར་གྱི་རྒྱུན་གྱི་རབ་འབེབས་པ། །ནམ་མཁའི་མཛོད་ནི་སྟོབས་པོ་ཆེ། །སྐད་ཅིག་ཙམ་གྱིས་བྱེད་པར་འགྱུར། །ནམ་མཁའ་མཛོད་ཀྱི་སྒྲུབ་པའི་ཐབས་སོ།། །།
རིན་ཆེན་དཀྱིལ་འཁོར་ལས་བྱུང་བ། །རིན་ཆེན་ཕུང་པོ་ཆར་རབ་འབེབས། །རིན་ཆེན་གཟི་བརྗིད་མཆོག་ཏུ་རོལ། །ལག་ན་རིན་ཆེན་དེ་བསྒྲུབ་བྱ། །ལག་ན་རིན་ཆེན་ཕྱག་རྒྱ་ཆེ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་སྦྱོར་བས་བསྒོམ་པར་བྱ། །བདག་ཉིད་
རིན་ཆེན་ཞེས་བྱ་དང་། །རིན་ཆེན་ཐམས་ཅད་སྩོལ་བར་མཛད། །ཐམས་ཅད་རྡོ་རྗེ་བཞིན་བདག་ཉིད། །པྲི་ཡང་ཀུ་མདོག་སྔོ་བསངས་འོད། །དབང་ཆེན་དང་ནི་མེ་ལས་བྱུང་། །ཕྱག་ན་རིན་ཆེན་ཆེར་གསལ་བ། །རབ་ཏུ་འབད་དེ་བསྒོམ་པར་བྱ། །ཨོཾ་རཏྣ་པཱ་ཎི་ར་
མུ་སྭཱ་ཧཱ། །གསང་སྔགས་འདི་ནི་བརྩོན་འགྲུས་ཆེ། །རབ་ཏུ་འབད་དེ་བསྒྲུབས་ན་ནི། །འགྲོ་བ་ཀུན་གྱི་ལག་ཏུ་ནི། །རིན་ཆེན་ཐམས་ཅད་རབ་རྩོལ་བྱེད། །ལག་ན་རིན་པོ་ཆེའི་སྒྲུབ་པའི་ཐབས་སོ།། །།ཆོས་ཀྱི་དབྱིངས་དང་མཚུངས་པའི་སེམས། །བདུད་རྩི་ཆུ་ཡིས་
རབ་གང་བ། །སྟོང་གསུམ་ཞེས་ནི་བསམ་པར་བྱ། །པདྨ་གཅིག་གི་སྟེང་ན་གནས། །དེ་ཡི་སྟེང་དུ་གཟི་བརྗིད་ཆེ། །ཆུ་ལྷ་ཡི་ནི་གཟུགས་ཀྱི་མཆོག །དེ་སྟེང་དུ་ཡང་གསང་ཆེན་པོ། །མེ་ཡི་དཀྱིལ་འཁོར་དམ་པ་ཡིན། །དེ་ཡི་སྟེང་དུ་བརྩོན་འགྲུས་ཆེ། །རྩེ་མོ་བརྒྱ་པའི་
เล่ม ๘๖ · หน้า 50b
རྡོ་རྗེ་བྱུང་། །དེ་ཡི་སྟེང་དུ་པད་ཆེན་པོ། །འདབ་མ་བརྒྱ་པ་འོད་གསལ་བ། །དེ་སྟེང་རྟག་ཏུ་བསམ་པ་ནི། །བྱང་ཆུབ་སེམས་དཔའ་སྟོབས་པོ་ཆེ། །རྒྱ་མཚོའི་བློ་གྲོས་ཞེས་གྲགས་པ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །དུང་དང་ཀུནྡ་ཟླ་བའི་འོད། །རྒྱན་རྣམས་ཀུན་
གྱིས་རྣམ་པར་བརྒྱན། །དེ་ཡི་ལག་ན་ཕྱག་རྒྱ་ཆེ། །རྡོ་རྗེ་དུང་དུ་རབ་ཏུ་གྲགས། །རང་གི་ལྷག་པའི་ལྷ་སྦྱོར་བས། །རང་ཉིད་རྡོ་རྗེ་ཡིན་ནོ་ཞེས། །རྒྱ་མཚོའི་བློ་གྲོས་ཤེས་རབ་ཆེ། །སླར་ཡང་གསང་སྔགས་བཟླ་བར་བྱ། །སྔགས་ནི། ཨོཾ་སཱ་ག་ར་མ་ཏི་ས་ར་སྭཱ་ཧཱ།
སྔགས་འདི་མཆོག་དང་གཙོ་བོ་སྟེ། །ཤེས་རབ་ཡེ་ཤེས་དྲི་མེད་མཛེས། །རྡོ་རྗེའི་སྦྱོར་བས་མྱངས་ན་ནི། །ཤེས་རབ་རྒྱ་མཚོའི་བློ་གྲོས་མཚུངས། །རང་ཉིད་སངས་རྒྱས་འཇམ་པའི་དབྱངས། །ཐུགས་རྗེ་འཇིག་རྟེན་དབང་ཕྱུག་རྒྱལ། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །
རྒྱ་མཚོའི་བློ་གྲོས་ཀྱི་སྒྲུབ་པའི་ཐབས་སོ།། །།དབང་ཆེན་དཀྱིལ་འཁོར་ལ་གནས་པའི། །ཨུཏྤལ་སྔོན་པོ་འདབ་འདྲའི་འོད། །རྡོ་རྗེ་སྙིང་པོ་བརྩོན་འགྲུས་ཆེ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ཇི་སྙེད་ས་སྟེང་མཐའ་དག་ཏུ། །ཁྱབ་ལ་སྡུག་ཅིང་མཐོ་བ་ཡི། །
སྲ་ཞིང་སྙིང་པོ་རྣམ་དག་པའི། །མཆོག་གི་ཡི་གེ་འགྱུར་མེད་པ། །ས་བཅུའི་དབང་ཕྱུག་མགོན་པོ་ནི། །ཆོས་ཀྱི་སྤྲིན་ལ་སྤྱོད་མཛད་པ། །བསམ་ཡས་ས་ནི་ཡང་དག་བརྙེས། །ཨིན་དྲ་ནཱི་ལ་མཚུངས་པའི་འོད། །དེ་ཡི་སྔགས་གྱུར་མཛེས་པ་ནི། །ཡི་གེ་མཆོག་ནི་སྟེང་
དུ་འབར། །ཐུགས་ཀར་རྡོ་རྗེ་ཆེར་གསལ་བ། །རང་ཉིད་རྣམ་པར་འཕྲོ་བ་བཞིན། །སྔགས་ནི། ཨོཾ་བཛྲ་གརྦྷ་ཧཱུྃ། འདི་ནི་སྔགས་མཆོག་གཙོ་བོ་སྟེ། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་བྱེད། །ཡེ་ཤེས་ཡངས་པ་སྩོལ་མཛད་ཅིང་། །རྣམ་པ་ཀུན་ཏུ་ཕུན་ཚོགས་ཀུན། །
སངས་རྒྱས་ཉིད་ཀུན་སྩོལ་མཛད་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དགུག་དང་གཞུག་དང་བཅིང་བ་དང་། །དབང་དུ་བྱ་བ་སྒྲུབ་པར་བྱེད། །བདག་ཉིད་རྡོ་རྗེ་ཡིན་ནོ་ཞེས། །ང་རྒྱལ་རབ་ཏུ་བསྐྱེད་ནས་ནི། །རྡོ་རྗེ་སྙིང་པོ་བཞིན་དུ་གཞན། །བདག་གི་རྣལ་
เล่ม ๘๖ · หน้า 51a
འབྱོར་བསྒོམ་པར་བྱ། །ཐུགས་ཀྱི་རྡོ་རྗེ་ཉིད་གྱུར་ནས། །ཆོས་ཀྱི་དབྱིངས་དང་མཉམ་པ་ཐོབ། །དེས་ན་རྣམ་པ་ཐམས་ཅད་ཀྱིས། །རྡོ་རྗེ་སྙིང་པོ་ཡང་དག་བྱུང་། །རྡོ་རྗེ་སྙིང་པོ་མཁའ་རྡོ་རྗེ། །སྦྱིན་བྱེད་རྩེ་མོ་དྲུག་པས་སྒྲུབ། །རྡོ་རྗེ་སྙིང་པོ་སྒྲུབ་པའི་ཐབས་སོ།། །།
དབང་ཆེན་མེ་ལས་ཡང་དག་བྱུང་། །ནོར་བུ་རིན་ཆེན་འདྲ་བའི་ལུས། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི། །ཉི་མའི་དཀྱིལ་འཁོར་མཚུངས་པའི་འོད། །རིན་ཆེན་འབྱུང་བ་སེམས་ཆེན་པོ། །འགྲོ་བ་སྣང་བར་བྱེད་དེ་གནས། །པདྨ་མཁའ་འདྲའི་རྣམ་པ་ཅན། །ཕྱག་རྒྱ་དེ་ཡི་
སྙིང་གར་གནས། །རིན་ཆེན་སྦྱོར་བས་བསྒོམ་པར་བྱ། །རིན་ཆེན་ཆར་པ་འབབ་པར་འགྱུར། །སྔགས་ནི། ཨོཾ་རཏྣ་ཀཱ་རཿཧྲཱིཿརཏྣཾ་ད་ད་སྭཱ་ཧཱ། རིན་ཆེན་འབྱུང་གནས་རྒྱལ་པོ་འདི། །མཆོག་རྣམས་ཀྱི་ནི་སའི་དབང་ཕྱུག །སྦྱོར་བ་ཀུན་གྱིས་བསྒྲུབ་པར་བྱ། །རྒྱ་ཆེའི་ནོར་
རྣམས་སྩོལ་བར་འགྱུར། །རིན་ཆེན་འབྱུང་བའི་སྒྲུབ་པའི་ཐབས་སོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྒྲུབ་པའི་ཐབས་སོ།། །།དེ་ནས་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་ཏེ་གཤེགས་ནས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཆེན་པོ་ལ་གསོལ་བ་བཏབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྲོ་བོ་བཅོམ་ལྡན་འདས་བསྐྱེད་དུ་གསོལ། དེ་ནས་བཅོམ་ལྡན་
འདས་ཁྲོ་བོ་འཁོར་ལོས་སྒྱུར་བ་ཆེན་པོས་དེ་སྐད་ཅེས་གསོལ་བ་བཏབ་མ་ཐག་ཁོ་ནར་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་གསང་བ་ལས་ཆེས་གསང་བ་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །ཁྲོ་བོ་ཡི་ནི་དཀྱིལ་འཁོར་མཆོག །རླུང་ཁམས་རབ་ཏུ་གསལ་བ་ལ། །མེ་
ནི་དབུས་ནས་དབུས་སུའོ། །དེ་ཡི་དབུས་སུ་རྡོ་རྗེ་ཆེ། །འོད་ཟེར་ལྔ་ཡི་ཕྲེང་བས་མཛེས། །དེ་ཡི་མདུན་དུ་བྱ་བ་ཡང་། །མདུང་རྩེ་འབར་བ་ཆེན་པོ་ཡི། །དེ་ཡི་གཡས་ཀྱི་ཆ་རུ་ནི། །རྡོ་རྗེ་ཆེན་པོ་འབར་ཕྲེང་ཅན། །གཡོན་ཉིད་དུ་ནི་བེ་ཅོན་ཆེ། །རིག་པའི་ཕྲེང་བས་རྣམ་པར་སྤྲས། །
เล่ม ๘๖ · หน้า 51b
རྒྱབ་ཏུ་རལ་གྲིའི་ཕྱག་རྒྱ་ནི། །རིན་ཆེན་འབར་བས་རྣམ་པར་བརྒྱན། །ཕྱི་ངོས་རྣམས་སུ་རྣམ་ཁྲོས་པའི། །ཁྲོ་བོ་ཐམས་ཅད་དགོད་པར་བྱ། །དེ་ཡི་སྔགས་ཀྱི་ཡི་གེ་གསང་། །གསང་ཆེན་མཆོག་ཏུ་འབར་བའོ། །གཞལ་དུ་མེད་ཅིང་གྲངས་མེད་མཆོག །ཆོས་དབྱིངས་
མཉམ་དང་མི་མཉམ་པ། །ཡི་གེ་གཅིག་པ་གསང་ཆེན་པོ། །རྒྱུ་ཡི་དོན་དུ་རྟོགས་པར་བྱེད། །དབྱངས་ལྔ་དང་ནི་ཡང་དག་ལྡན། །ཐིག་ལེ་སྒྲ་ཡིས་རྣམ་པར་བརྒྱན། །དེ་ཉིད་གསང་བའི་མགོན་པོ་ནི། །དབྱངས་བདུན་པར་ནི་བཤད་པ་ཡིན། །ཧེ་རུ་ཀ་དཔལ་རྡོ་རྗེ་ཆེ། །
འཇིག་པའི་ཐལ་བ་མཆོག་ཏུ་འབར། །སེམས་དཔའ་སྔོན་པོ་འབར་བའི་བདག །འབར་བའི་མེ་ཡི་དཀྱིལ་འཁོར་བཞིན། །འཇིག་པ་ཆེན་པོའི་དུས་ཅན་གྱི། །ཆར་སྤྲིན་དང་ནི་འདྲ་བའི་འོད། །པདྨ་རཱ་གའི་རྣམ་པ་འདྲ། །འབར་བ་ཀུན་གྱིས་རྣམ་པར་བརྒྱན། །དུར་
ཁྲོད་མེ་བཞིན་ཤིན་ཏུ་ཡང་། །གསལ་བའི་སྐྲ་ལྡན་སྟོབས་པོ་ཆེ། །རྣོ་བའི་རྡོ་རྗེ་ཆེར་འབར་བ། །ཐོད་པའི་ཅོད་པན་སྟེང་དུ་འབར། །འཇིག་པ་ཆེན་པོའི་དུས་ཅན་གྱི། །རྒོད་མ་ཁ་ཡི་མེ་ལྟར་གནས། །སྨིན་འཁྱོག་རྣམ་པར་འཁྲུགས་པ་ཅན། །གཡོན་བརྐྱངས་པ་
ཡི་ཞབས་ཀྱིས་བཞུགས། །ཁྲོ་བ་ལ་སོགས་ཉམས་དང་ལྡན། །རྣམ་པ་སྣ་ཚོགས་འཁྲུགས་པའི་གདོང་། །གར་དང་སྡུད་པར་ཡང་དག་ལྡན། །འཇིག་རྟེན་སྣང་བ་གར་མཛད་པ། །ཕྱག་ནི་བརྒྱ་ཕྲག་སྟོང་དང་ལྡན། །གཅིག་ཏུ་འགྱུར་ཞིང་རྣམ་པ་མང་། །རྣམ་མང་
ཞལ་ལྡན་དེ་དག་གི། །སྔོ་སེར་ལ་སོགས་མཐའ་དང་ལྡན། །ཞབས་ཀྱང་རྣམ་པ་དུ་མ་ལྡན། །སྣ་ཚོགས་མདོག་ལྡན་རྣམ་པར་འཁྲུག །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །ཤིན་ཏུ་སྡུག་ཅིང་དྲག་རྣམས་ལ། །སྒྱུ་འཕྲུལ་དྲ་བ་ཞེས་བྱར་
གནས། །ཕྱག་དྲུག་ཞབས་དྲུག་སྣང་བ་ཅན། །ཞལ་དྲུག་པ་སྟེ་གསུས་པོ་ཆེ། །ཆར་སྤྲིན་མཆོག་འདྲ་ཆེར་གནག་པ། །དུས་མཐའི་མེ་དང་འདྲ་བར་གནས། །མདོག་ཆེན་རྒྱལ་པོ་འཁྱིལ་པ་འདྲ། །ཟར་མ་ཡི་ནི་མེ་ཏོག་མཚུངས། །ཁྲོ་བོ་ཐོད་པའི་ཕྲེང་བ་འཆང་། །གཤིན་
เล่ม ๘๖ · หน้า 52a
རྗེ་མཐར་བྱེད་སྟོབས་པོ་ཆེ། །དེ་ལ་སྔགས་ཀྱང་། ཨོཾ་ཨཱཿཧཱུྃ་ཕཊ། ཨོཾ་ཡ་མ་མ་ཐ་ན་ཧཱུྃ་ཕཊ། ཨོཾ་ཧྲཱིཿཥྚཱིཿབི་ཀྲྀ་ཏཱ་ན་ན་ཧུྃ་སརྦྦ་ཤ་ཏྲཱུན་ནཱ་ཤ་ཡ་སྟཾ་བྷ་ཡ་ཧཱུྃ་ཕཊ། སྔགས་ཀྱི་རྒྱལ་པོ་བདག་ཉིད་འདི། །ཁྱབ་བདག་གདུལ་དཀའ་འདུལ་བ་པོ། །གཤིན་རྗེ་མཐར་མཛད་ཁྲོ་
བོ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་གཙོ། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་ཅིང་། །དབང་དུ་ཡང་ནི་མཛད་པར་གནས། །རྟག་ཏུ་གདུལ་དཀའ་འདུལ་མཛད་ཅིང་། །རྡོ་རྗེ་སྣང་མཛད་ལེགས་པར་འདུལ། །ཤིན་ཏུ་གདུག་པ་དྲག་རྣམས་ལ། །ཞི་བ་ཉེ་བར་མི་སྦྱར་ཏེ། །
ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས། །དེ་བཞིན་གཤེགས་རྣམས་ཁྲོ་བོར་མཛད། །ཐུགས་རྗེ་ཁྲོ་བོའི་ངང་ཚུལ་ཅན། །འཇིག་རྟེན་གསུམ་ཀྱང་ངེས་སྲེག་མཛད། །དེ་བས་འབད་པ་ཐམས་ཅད་ཀྱིས། །ཤེས་རབ་ཐབས་ཀྱི་བདག་ཉིད་སྐུ། །ཐུགས་རྗེས་ཁྲོ་བོ་མ་ལུས་མཆོག །
གདུག་པ་འདུལ་བར་མཛད་པ་བསྐྱེད། །གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་པའི་ཐབས་སོ།། །།དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །ཁྲོ་བོ་གཟེགས་མ་ཞེས་སུ་གྲགས། །དམར་པོ་འབར་བའི་ཁྲོ་བོ་ཆེ། །འཇིག་པ་ཆེན་པོའི་དུས་དང་འདྲ། །ཨུཏྤལ་སྔོན་པོའི་འདབ་མ་བཞིན། །
དེ་ཡི་ཁ་དོག་རྣམ་པར་བསམ། །དྲག་པོ་ཆེན་པོའི་ཞལ་བཞི་པ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །སྤྱན་གསུམ་པ་ལ་ཁྲོ་གཉེར་བསྙེར། །ཕྱག་དྲུག་པ་ལ་མཆོག་ཏུ་འབར། །མེ་ཡི་ཁམས་དང་འདྲ་བའི་མདོག །ལི་ཁྲིའི་མདོག་ལྟར་ཤིན་ཏུ་འབར། །དེ་ཡི་ཁྲོ་གཉེར་
བསྙེར་བ་ཡིས། །གདུག་པ་འདུལ་མཛད་འབྱིན་པར་བྱེད། །ཁྲོ་བོའི་རྒྱལ་པོ་གཉིས་པ་ནི། །ཡང་དང་ཡང་དུ་བསམ་པར་བྱ། །མ་ལུས་ས་རྣམས་ཐམས་ཅད་དུ། །སོན་པའི་བདག་ཉིད་ཆེན་པོ་དེས། །འགུགས་པ་དང་ནི་དབང་བྱེད་ན། །སྐྱེ་བོ་གཞན་ལྟ་སྨོས་ཅི་དགོས། །
སྔགས་ནི། ཨོཾ་ཀ་ཎི་དྷུ་ཎི་ཧཱུྃ་ཕཊ། ཁྲོ་བོ་འདི་ཡི་སྔགས་འཛིན་པ། །འཇིག་རྟེན་གསུམ་མཆོག་སྟོབས་པོ་ཆེ། །ས་རྣམས་ཐམས་ཅད་སྲེག་བྱེད་ན། །སྐྱེ་བོ་གཞན་ལྟ་སྨོས་ཅི་དགོས། །ཁྲོ་བོ་གཟེགས་མ་སྒྲུབ་པའི་ཐབས་སོ།། །།དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །
เล่ม ๘๖ · หน้า 52b
རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །པདྨ་གར་གྱི་དབང་ཕྱུག་གྱུར། །རྟ་མགྲིན་ཞེས་སུ་བཤད་པ་ཡིན། །རྟག་ཏུ་འཆར་ཀའི་མདོག་འདྲ་བ། །རྒྱ་སྐྱེགས་མདོག་ལྟར་འབར་བ་བོ། །ཆུ་དང་གཟི་བརྗིད་ཅན་རེག་པ། །མེ་ཡི་དཀྱིལ་འཁོར་དག་དང་ལྡན། །འདོད་ལྡན་
རྣམས་ལ་འདོད་པ་འབྱུང་། །གདུག་པ་ཅན་རྣམས་གདུག་པ་འབྱུང་། །ཞི་བ་ལ་ཡང་ཞི་བ་འབྱུང་། །སྟོབས་ལྡན་རྣམས་ལ་སྟོབས་ཀྱིས་སྦྱོར། །ཞལ་བཞི་པ་ལ་ཞབས་བཞི་པ། །བསམ་གཏན་བཞི་དང་མཉམ་པར་ལྡན། །ཕྱག་བཞི་པ་ལ་བརྩོན་འགྲུས་ཆེ། །སེང་གེ་
ལྟར་གནས་མཆེ་བ་བཞི། །རྟ་མགྲིན་རྒྱལ་པོ་ཆེན་པོ་ནི། །དམ་པའི་དབང་ཕྱུག་བསྒྲུབ་པར་བྱ། །སྐད་ཅིག་ཉིད་ལ་བསླང་ནས་ནི། །ཐམས་ཅད་སློང་བ་བསྒྲུབ་པར་བྱ། །སྔགས་ནི། ཨོཾ་ཨ་མྲྀ་ཏོདྦྷ་བོདྦྷ་པེ་ཧཱུྃ་ཕཊ། ཨོཾ་ཨ་མྲྀ་ཏོང་བྷ་བ་ཧཱུྃ་ཕཊ། གཡས་དང་གཡོན་གྱི་སྦྱོར་
བ་ཡིས། །གཡོན་བརྐྱང་བ་ནི་རབ་ཏུ་སྦྱར། །ཁྲོ་བོའི་སྐྱིལ་ཀྲུང་བྱས་ནས་ནི། །འཇིག་རྟེན་ཐམས་ཅད་རབ་ཉེད་བྱ། །པདྨའི་དབང་ཕྱུག་རྒྱལ་པོ་འདི། །ཀུན་མཆོག་ས་ཡི་དབང་ཕྱུག་སྟེ། །རྟ་ཡི་མགྲིན་པ་སྟོབས་པོ་ཆེ། །སྟོབས་ཀྱི་སྦྱོར་བས་བསྒྲུབ་པར་བྱ། །དབང་ཕྱུག་
ཆེན་པོ་ལ་སོགས་ལྷ། །ཚོགས་ཀྱི་བདག་པོ་གཞན་དག་དང་། །མི་དང་གདུག་པའི་བསམ་པ་ཅན། །ས་རྣམས་ཐམས་ཅད་དགུག་པར་བྱ། །རྟ་མགྲིན་སྒྲུབ་པའི་ཐབས་སོ།། །།དེ་ཉིད་བཅོམ་ལྡན་རྣལ་འབྱོར་དེ། །གཅིག་པུ་ཉིད་ནི་ལྷག་པའི་ལྷ། །ཤེས་རབ་ཐབས་
ཀྱི་བདག་ཉིད་གྱུར། །ཁྲོ་བོ་མཆོག་ཏུ་མི་འགྱུར་བ། །ཀུན་སྦྱོར་བདག་གི་རྣལ་འབྱོར་གྱིས། །ཐུགས་རྗེས་ཁྲོ་བའི་དབང་དུ་སོང་། །དེ་ནས་སངས་རྒྱས་ཐམས་ཅད་ཀྱི། །སྣ་ཡི་རྩེ་མོར་ཡིད་ཀྱིས་ནི། །གཡོ་བ་མེད་པར་བསམ་པར་བྱ། །སློབ་དཔོན་མི་གཡོ་ཁྲོ་བོ་ཆེ། །དེ་
བཞིན་གཤེགས་པ་ཐམས་ཅད་བརྟན། །རལ་གྲི་ཞགས་པ་འཛིན་པ་གསང་། །ཐོག་མ་ཐ་མ་མེད་པའི་མཆོག །པྲི་ཡང་ཀུ་ལྟར་ལྗང་བའི་གཟུགས། །འཁྲིགས་ཤིང་བྱིས་པ་ལྟ་བུར་གནས། །མ་ལུས་པ་ཡི་ས་རྣམས་ཀུན། །ཆོས་དབྱིངས་མཉམ་དང་མི་མཉམ་
เล่ม ๘๖ · หน้า 53a
པ། །ཁྲོ་བོ་མངག་པ་བྲན་དང་ནི། །ཕོ་ཉས་ཀྱང་ནི་རྣམ་པར་བརྒྱན། །སྐྱེ་བོ་ཀུན་གྱིས་ཡོངས་སུ་གང་། །སངས་རྒྱས་ཀུན་གྱི་སྤྱན་སྔ་ན། །བཀའ་ལུང་ཡང་ནི་ཡོངས་སུ་སྩོལ། །ཟད་པའི་དུས་དང་འདྲར་གནས་སོ། །སྔགས་ནི། ན་མཿས་མནྟ་བཛྲཱ་ཎཱཾ་
ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུྃ། ཏྲ་ཀ་ཧཱྃ་མཱྃ། ཁྲོ་བོ་གཟི་བརྗིད་ཆེན་པོ་འདི། །གཟུགས་མང་མངའ་བ་སྟོབས་པོ་ཆེ། །འགྲོ་བ་ཐམས་ཅད་འགུགས་པར་བྱེད། །དབང་དུ་ཡང་ནི་མཛད་པར་གནས། །རླུང་དང་མེ་ལས་ཡང་དག་བྱུང་། །འབར་བ་ལྟ་བུའི་གཟི་བརྗིད་ཅན། །སྔགས་
དང་ཕྱག་རྒྱ་སོགས་ཀུན་མཆོག །ལུས་དང་ངག་ཡིད་དེ་བཞིན་ནོ། །དགུག་དང་གཞུག་དང་བཅིང་བ་དང་། །དབང་དུ་བྱས་ནས་བསྒྲུབ་པར་བྱ། །དེ་ལ་སོགས་པ་མཐའ་ཡས་མཆོག །ནམ་མཁའི་ཁམས་ཀྱི་མཐའ་ཀླས་མཆོག །ཁྲོ་བོའི་ཕྱག་རྒྱ་རང་འབྱུང་བ། །དྲག་པོ་
ཐོག་མ་ཐ་མ་མེད། །རྣམ་པར་འཕྲོ་བ་བཞིན་དུ་གནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཁྲོ་བོའི་དཀྱིལ་འཁོར་འདི་ཡོངས་སུ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་འདུས་ཏེ་
གཤེགས་ནས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཐམས་ཅད་ཀྱི་དབང་ཕྱུག་གི་རྒྱལ་པོ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་གཟུངས་རྣམས་ཐམས་ཅད་ཀྱི་དཀྱིལ་འཁོར་བསྐྱེད་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་
འདས་ཀྱིས་གཟུངས་ཀྱི་དཀྱིལ་འཁོར་བཀའ་སྩལ་པ། དེ་ནས་ཡང་དག་བཤད་བྱ་བ། །གཟུངས་རྣམས་ཀྱི་ནི་དཀྱིལ་འཁོར་དགེ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་ཀྱིས་ནི་རྣམ་པར་མཛེས། །ཐིག་བཞི་དང་ནི་ཡང་དག་ལྡན། །དཀྱིལ་འཁོར་དམ་པར་རབ་ཏུ་བཤད། །
དེ་ཡི་དབུས་སུ་པད་ཆེན་པོ། །ལོ་མ་ཀུན་གྱིས་ཤིན་ཏུ་མཛེས། །ཉི་ཤུ་རྩ་ལྔའི་འདབ་མ་ལྡན། །རྡོ་རྗེ་རིན་ཆེན་ལེགས་པར་བརྒྱན། །དེ་ཡི་དབུས་སུ་རྟག་བྲི་བ། །དཔག་མེད་ཤེས་རབ་ཕ་རོལ་ཕྱིན། །དེ་ཡི་ཉེ་འཁོར་ཐམས་ཅད་དུ། །སྣ་ཚོགས་ལས་ནི་འབར་རྣམས་ལ། །
เล่ม ๘๖ · หน้า 53b
ཉི་ཤུ་རྩ་ལྔའི་དབྱེ་བ་ཡིས། །ཤེས་རབ་ཕ་རོལ་ཕྱིན་མ་བྲི། །ཤར་གྱི་འདབ་མ་ནས་བརྩམས་ཏེ། །ཐོག་མཐའ་ཉིད་ཀྱང་བརྟག་པར་བྱ། །ཕྱག་རྒྱའི་ཡི་གེ་ཅི་རིགས་པར། །གོ་རིམས་བཞིན་དུ་རྣམ་པར་དགོད། །ཕྱོགས་ཆའི་དབྱེ་བ་ཐ་དད་ཀྱིས། །ཁ་དོག་དབྱེ་བ་
ཐམས་ཅད་དུ། །རྣམ་དབྱེ་མཆོག་ཏུ་སྣ་ཚོགས་པ། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །དེ་ལས་འོད་ཟེར་བསམ་མི་ཁྱབ། །སྔོ་སེར་ལ་སོགས་དབྱེ་བ་ཡིས། །ཤེས་རབ་སྣང་བའི་དཀྱིལ་འཁོར་གྱིས། །འགྲོ་བ་ཐམས་ཅད་གསལ་བར་བྱ། །འདུས་པར་གྱུར་ནས་
དེ་དག་ཀུན། །ལྷ་ཉིད་ཀྱི་ནི་གཟུགས་ཇི་བཞིན། །ཤེས་རབ་ཆེན་པོ་གཟུགས་ཆེན་པོ། །འབར་བཅས་མཛེས་པའི་གཟི་བརྗིད་ཅན། །དེ་ཡི་ལྟེ་བའི་དཀྱིལ་དུ་ནི། །སྔགས་ཀྱི་དཀྱིལ་འཁོར་ཀུན་ནས་བརྟེན། །སྐུ་ནི་གསེར་གྱི་མདོག་དང་འདྲ། །རྒྱན་རྣམས་ཀུན་གྱིས་རྣམ་
པར་བརྒྱན། །རང་གི་ཏིང་ངེ་འཛིན་ལ་ཞུགས། །དུ་མའི་གཟུགས་ཀྱི་གཟུགས་ལྡན་མ། །ཤེས་རབ་ཕ་རོལ་ཕྱིན་མ་ནི། །སེམས་ཅན་ཁམས་ནི་རྣམ་སྦྱོང་མཛད། །ཀུན་ནས་སེམས་ཅན་རྣམས་ཀྱི་ཡུམ། །སེམས་ཅན་ཀུན་གྱི་ཐམས་ཅད་དུ། །ཐམས་ཅད་ལུས་
ལ་མཉམ་པར་ཁྱབ། །སེམས་ཀྱི་རྒྱུན་བཞིན་ལེགས་པར་ཞུགས། །ཟག་པ་མེད་ཅིང་བསམ་མི་ཁྱབ། །དྲི་མ་མེད་ཅིང་ངང་གིས་སྟོང་། །ནམ་མཁའ་དང་ནི་མཚུངས་འདྲ་བ། །དངོས་དང་དངོས་མེད་རྣམ་པར་སྤངས། །ཐོག་མ་ཐ་མ་མེད་ཅིང་ཞི། །ཆོས་རྣམས་ཀུན་གྱི་
དབང་ཕྱུག་སྐུ། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །བདེན་པ་གཉིས་ལ་རྣམ་པར་གནས། །དམ་པ་དང་ནི་དམ་པའི་དོན། །ཆོས་ཀྱི་སྐུ་རུ་དེ་བཤད་དོ། །དབང་པོ་ཀུན་ཀྱང་རྣམ་པར་ཤེས། །སེམས་དང་ཐམས་ཅད་ཐམས་ཅད་དུ། །ཡིད་ཀྱི་རྣམ་ཤེས་ཞེས་སུ་བཤད། །
ཤེས་རབ་བློ་དང་བློ་གྲོས་དྲན། །ལྷག་མཐོང་དང་ནི་ཡེ་ཤེས་ཀུན། །ཀུན་ནས་ཉོན་མོངས་རྣམ་པར་བྱང་། །རྟག་དང་ཆད་པའི་མཐའ་དང་ལྡན། །མཐའ་གཉིས་པོ་ནི་རྣམ་པར་སྤངས། །ཀུན་རྫོབ་དང་ནི་དམ་པའི་དོན། །རྣམ་པ་གཉིས་སུ་དེ་རབ་བརྟགས། །ཇི་ལྟར་བུད་
เล่ม ๘๖ · หน้า 54a
ཤིང་ལ་བརྟེན་ནས། །མེ་ཡི་ས་བོན་གནས་པ་དང་། །ཏིལ་ལ་ཏིལ་མར་ཇི་བཞིན་ནོ། །བུར་ཤིང་རོ་བཞིན་རབ་ཏུ་བརྟག །མེ་ཏོག་དྲི་ནི་ཇི་བཞིན་ནམ། །ཞོ་ལ་མར་གསར་ཇི་བཞིན་དུ། །རྣལ་འབྱོར་པ་ཡི་ཡེ་ཤེས་བསྲུབ། །བདུད་རྩི་ལྟ་བུའི་སྙིང་པོ་འབྱུང་། །
གཙུབ་ཤིང་དང་ནི་གཙུབ་སྟན་ལས། །ཇི་བཞིན་གཙུབས་པས་མེ་འབྱུང་སྟེ། །དེ་བཞིན་ཡེ་ཤེས་རྣལ་འབྱོར་པས། །བསྲུབས་པས་ཡོངས་སུ་བརྟག་པར་བྱ། །ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ལ། །ཡང་ནས་ཡང་དུ་བསྲུབ་པར་བྱ། །མུན་པ་ཐམས་ཅད་རྣམ་སེལ་
བའི། །ཉི་མའི་འོད་ཟེར་ཇི་བཞིན་བདག །ནམ་མཁའ་དྲི་མ་མེད་བརྟེན་ནས། །ཉི་མ་ཟླ་བ་ཇི་བཞིན་གནས། །འཆར་བ་ཡིས་ནི་གསལ་བྱེད་པ། །འབར་བ་སྟོང་ཕྲག་གི་ནི་སྣོད། །མུན་པ་ཀུན་འཇོམས་སྐར་མ་ལ། །ཀུན་ནས་ཀྱང་ནི་མཛེས་པ་ཡིན། །རྣལ་འབྱོར་པས་
ནི་ཇི་ལྟར་སེམས། །མཁའ་བཞིན་ཤིན་ཏུ་དྲི་མ་མེད། །གཟུང་འཛིན་ལས་ནི་ངེས་པར་གྲོལ། །མཉམ་དང་མི་མཉམ་དངོས་པོ་ཀུན། །དེ་གནས་རྣལ་འབྱོར་པ་རྣམས་ཀྱི། །ཡེ་ཤེས་ཉི་ཟླ་མཚུངས་པའི་འོད། །ཤེས་རབ་ཕ་རོལ་ཕྱིན་བསྒོམས་ཏེ། །གསང་སྔགས་
འདི་ནི་བསམ་པར་བྱ། །རང་བཞིན་གྱིས་ནི་དག་པའི་དངོས། །རང་བཞིན་མེད་པར་རྣམ་པར་གནས། །རང་བཞིན་གྱིས་ནི་འོད་གསལ་ཀུན། །གདོད་ནས་མ་སྐྱེས་རྙོག་པ་མེད། །ཡི་གེ་དེ་ཉིད་དེ་ལྟ་བུ། །གནས་དང་མི་གནས་རྣམ་པར་སྤངས། །སྡེ་ཚན་བཞི་པའི་གཉིས་པ་ལ། །
ཐིག་ལེ་སྒྲ་ཡིས་རྣམ་པར་བརྒྱན། །དེ་ཉིད་བཅོམ་ལྡན་མགོན་པོ་སྟེ། །ཤེས་རབ་ཕ་རོལ་ཕྱིན་མར་བཤད། །ཨོཾ་པྲཛྙཱ་སྭཱ་ཧཱ། ཨོཾ་ཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ། །སངས་རྒྱས་རྣམས་ཀྱི་ཤེས་རབ་འདིས། །བསམ་པ་ཐམས་ཅད་རྫོགས་པར་བྱེད། །ཨོཾ་ཡྃ། འདི་ནི་སངས་རྒྱས་
ཀུན་གྱི་ཡུམ། །འདི་ནི་འཁོར་ལོ་རྣམ་པར་བསྒྱུར། །འདིས་ནི་དངོས་གྲུབ་ཐམས་ཅད་དང་། །གྲུབ་པ་ཉིད་ནི་བྱེད་པར་གནས། །བསྟན་བཅོས་རབ་ཏུ་འཆད་བྱེད་དང་། །ཤེས་བྱ་ཐམས་ཅད་ཁྱད་པར་དུ། །ཐམས་ཅད་མཁྱེན་པའི་ཆོས་རྣམས་ཀུན། །དབང་ཕྱུག་དམ་པས་
เล่ม ๘๖ · หน้า 54b
ཤེས་པར་འགྱུར། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་པའི་ཐབས་སོ།། །།ཤེས་རབ་ཕ་རོལ་ཕྱིན་གཉིས་པ། །རྫུ་འཕྲུལ་ཆེན་པོ་མཁའ་དང་མཉམ། །གསེར་གྱི་མདོག་ཅན་འབར་བ་ཅན། །ཟླ་བའི་གདན་ལ་ལེགས་པར་བཞུགས། །བརྩོན་འགྲུས་ཆེན་མོ་བསམ་
གཏན་བྱ། །སྔགས་ཀྱི་ཡི་གེ་རྣམ་པར་བརྒྱན། །མཆོག་ཏུ་རྣལ་འབྱོར་མ་རྣམས་ཀྱིས། །སངས་རྒྱས་སྤྱན་ཞེས་བཏགས་པ་ཡི། །དེ་ཡི་གསང་སྔགས་རབ་བཤད་བྱ། །ཉོན་ཅིག་ས་རྣམས་འདོད་པ་རྣམས། །སྔགས་ནི། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦྦ་ཨརྠ་སཱ་དྷ་
ནི་སྭཱ་ཧཱ། འདི་དེ་མཆོག་ཏུ་གསང་བ་ནི། །རྣལ་འབྱོར་མ་ལ་མཆོག་ཏུ་བཤད། །དབང་ཆེན་ཡི་གེའི་མཐར་ཐུག་པ། །བསྒོམས་པས་དགེ་བ་རབ་ཏུ་སྟེར། །ཆོས་ཀྱི་ཕྱག་རྒྱ་འདི་ཤིན་ཏུ། །སེམས་ཅན་ཐམས་ཅད་དབང་དུ་བྱེད། །དཔུང་དང་བཅས་པ་མྱུར་བཀུག་སྟེ། །
བྲན་དུ་གྱུར་ནས་ཉེ་བར་གནས། །ཕྱག་རྒྱ་གཅིག་པའི་ལྷ་མོ་ཆེ། །རོལ་ཅིང་གཡོ་བའི་ཞལ་མངའ་བ། །སྒེག་པ་ལ་སོགས་ཉམས་དང་ལྡན། །རོལ་ཅིང་སྣང་བའི་གར་མཛད་པ། །སངས་རྒྱས་སྤྱན་ནི་འགྲུབ་པར་འགྱུར། །མིག་གི་ཕྱག་རྒྱ་རབ་ཏུ་སྦྱར། །མིག་གི་ཕྱག་རྒྱ་འདི་
ཤིན་ཏུ། །འཇིག་རྟེན་གསུམ་ཡང་གར་བྱེད་དོ། །སངས་རྒྱས་སྤྱན་གྱི་ཕྱག་རྒྱའི་སྒྲུབ་པའི་ཐབས་སོ།། །།ཆུ་ཡི་དཀྱིལ་འཁོར་དགྱེས་པ་ན། །བཅུད་ཀྱིས་ལེན་དང་མཚུངས་པའི་མཆོག །མཐའ་ཡས་རྒྱས་ཤིང་ཡངས་པ་ཡི། །དྲི་མ་མེད་པའི་མཁའ་ལ་གནས། །
དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །ལྷ་མོ་མཆོག་ཏུ་མཛེས་པ་མོ། །འདམ་བུ་མདའ་རྒྱུའི་མདོག་ལྟར་དཀར། །གྲུབ་མ་རལ་པའི་ཅོད་པན་འཆང་། །འགྲོ་བ་མཐའ་དག་སྣང་མཛད་མ། །རྟག་ཏུ་ནམ་མཁའ་བཞིན་དུ་གནས། །སྔགས་ནི། ཨོཾ་ཀ་ཊེ་བི་ཀ་ཊེ་ཀ་ཊྃ་ཀ་ཊེ་སྭཱ་ཧཱ།
གོས་དཀར་མོ་ཡི་ཕྱག་རྒྱ་ཆེ། །དུང་དང་ཀུནྡ་ཟླ་བ་འདྲ། །སྔགས་ཀྱི་ཡི་གེའི་ཕྲེང་བ་ཆེ། །པདྨའི་རྒྱལ་པོ་རབ་ཏུ་གནས། །འགྲོ་བ་མཐའ་དག་སྣང་མཛད་ན། །སྒྲུབ་པ་པོས་ནི་བསྒྲུབ་པར་བྱ། །དམ་པའི་ལྷ་མོ་འགྲུབ་པར་འགྱུར། །པདྨའི་དཀྱིལ་འཁོར་སྒྲུབ་པའི་ཐབས། །
เล่ม ๘๖ · หน้า 55a
ཞི་བའི་རོ་དང་ཡང་དག་ལྡན། །ཞི་བའི་ཡི་གེ་མཉམ་པར་ལྡན། །ཞི་བར་མཛད་ཅིང་འཇིག་རྟེན་གྱི། །ས་གསུམ་སྒྲུབ་པར་བྱེད་པའི་ཐབས། །གོས་དཀར་མོའི་སྒྲུབ་པའི་ཐབས་སོ།། །།སྔོ་བསངས་དཀར་མོ་སྣ་ཚོགས་གཟུགས། །རྣམ་པ་སྣ་ཚོགས་
རྒྱན་གྱིས་བརྒྱན། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །སྒེག་པའི་ཉམས་ཀྱིས་ཡོངས་གང་བ། །འགྲོ་བ་མཐའ་དག་སྐྱོབ་མཛད་མ། །ཐུགས་རྗེའི་ཐུགས་དང་ལྡན་པ་ཅན། །རབ་ཏུ་འབད་དེ་བསྒྲུབ་པར་བྱ། །རོལ་པ་ཡི་ནི་ཡི་གེས་མཆོད། །སྔགས་ནི། ཨོཾ་ཏཱ་རེ་ཏུད་ཏཱ་
རེ་ཏུ་རེ་སྭཱ་ཧཱ། ཆོས་ཀྱི་ཕྱག་རྒྱ་མཐའ་ཡས་མཆོག །སྒྲོལ་མས་ལེགས་པར་རབ་ཏུ་གནས། །གསང་ཆེན་བཞིན་དུ་ཐམས་ཅད་ལ། །བཅུད་ཀྱིས་ལེན་དང་འདྲ་བའི་མཆོག །ཀུན་དུ་ཀུན་ཚེ་ཐམས་ཅད་དུ། །དངོས་གྲུབ་ཐམས་ཅད་སྩོལ་བར་མཛད། །སྒྲོལ་མའི་སྒྲུབ་པའི་ཐབས་
སོ།། །།དཀྱིལ་འཁོར་ཆེན་པོའི་དབུས་སུ་ནི། །རྣལ་འབྱོར་དབང་ཕྱུག་ཆེན་མོ་མཆོག །ཕྱག་བཞི་སྤྱན་ནི་གསུམ་པ་དང་། །རལ་པའི་ཅོད་པན་དག་གིས་བརྒྱན། །འདམ་བུ་མདའ་རྒྱུའི་མདོག་ལྟར་དཀར། །དཔའ་བ་ལ་སོགས་ཉམས་ཀྱིས་བརྒྱན། །བརྩོན་འགྲུས་
ཆེན་མོ་འཇིགས་སེལ་མ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །རབ་ཏུ་འབར་བའི་མེ་བཞིན་དུ། །ཤིན་ཏུ་གསལ་བའི་གཟི་བརྗིད་ཅན། །ཧཱུྃ་གི་ཡི་གེ་ཟབ་མོའི་སྒྲ། །ས་གསུམ་པོ་ནི་འཁྲུག་པར་མཛད། །ཁྲོ་གཉེར་ཅན་ཞེས་ལེགས་པར་གྲགས། །སྔགས་ཀྱི་ཕྲེང་བས་རྣམ་
པར་བརྒྱན། །སྔགས་ནི། ཨོཾ་བྷ་ཡ་ནཱ་ས་ནི། ཏྲཱ་ས་ནི་ཏྲཱ་སེ། ཏྲཱ་ས་ཡ། བྷྲྀ་ཀུ་ཊི་ཏ་ཊཱི། བེ་ཏཱ་ཌི་བེ་ར་ཌི་ཤྭེ་ཏེ་ཤྭེ་ཏ་ཛ་ཊི་ནི། ཨོཾ་ཊཀྐི་ཧཱུྃ་ཛཿསྭཱ་ཧཱ། གསང་སྔགས་འདི་ནི་བརྩོན་འགྲུས་ཆེ། གསང་སྔགས་ཀུན་གྱི་བདག་ཉིད་མཆོག །འགྲོ་བ་ཀུན་ཀྱང་འགུགས་བྱེད་ན། །གདུག་པའི་
སེམས་ལྟ་སྨོས་ཅི་དགོས། །ཁྲོ་གཉེར་ཅན་གྱི་སྒྲུབ་པའི་ཐབས་སོ།། །།ཉི་མའི་དཀྱིལ་འཁོར་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་རྡོ་རྗེ་ལྡན། །རྡོ་རྗེའི་ཕྲེང་བས་ཡོངས་སུ་བསྐོར། །གཟི་བརྗིད་དཀྱིལ་འཁོར་ཀུན་ནས་དཀྲིས། །དེར་གནས་རྟག་ཏུ་ལྷ་མོ་ནི། །སྟོབས་
เล่ม ๘๖ · หน้า 55b
ཆེན་པྲི་ཡང་ཀུ་ལྟར་ལྗང་། །ཕྱག་བཞི་པར་དེ་བསམ་པར་བྱ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །རྣལ་འབྱོར་མ་རྣམས་ཆེར་ཞི་བ། །དངོས་གྲུབ་ཐམས་ཅད་རབ་སྩོལ་མ། །སྔགས་ཀྱི་ཡི་གེ་ཕྲེང་བ་ཆེ། །རྡོ་རྗེའི་དབུས་སོང་རབ་ཏུ་གནས། །ཁྲོ་བོ་ཧཱུྃ་མཛད་གང་བའི་
མཐའ། །དཔའ་བའི་ཉམས་ལ་སོགས་པར་ལྡན། །ལྷ་མོ་འཇིག་རྟེན་གསུམ་རྨོངས་བྱེད། །དངོས་གྲུབ་ཆེན་པོ་རབ་སྩོལ་མ། །སྐད་ཅིག་ཙམ་གྱིས་འགྲོ་བ་ཀུན། །ངེས་པར་དབང་དུ་བྱེད་པར་འགྱུར། །རྡོ་རྗེ་རླུང་གི་ཕྲེང་བ་ཆེ། །རྡོ་རྗེའི་འཁོར་ལོ་རབ་ཏུ་གནས། །འཇིག་པ་
ཆེན་པོའི་མེ་ལྟར་དྲག །སྣང་བ་ཆེན་མ་སྟོབས་མོ་ཆེ། །པདྨ་རཱ་གའི་རྣམ་པ་འདྲ། །རྡོ་རྗེ་འབར་བས་རྣམ་པར་བརྒྱན། །མཚན་ནི་མཱ་མ་ཀཱི་ཞེས་བྱ། །ལྷ་མོ་འཇིག་རྟེན་གསུམ་གྱིས་མཆོད། །སྔགས་ནི། ཨོཾ་ཀུ་ལ་དྷཱ་ཏྲཱི་ཡེ་ན་མཿ། ཤྃ་ཀ་རེ། ཤཱནྟིཾ་ཀ་རེ། གྷུཊྚ་གྷུཊྚ་གྷུཊྚི་ནི།
གྷཱ་ཏ་ལ་གྷུ་ཊི་ནི་སྭཱ་ཧཱ། ཨོཾ་ཀུ་ལན་དྷཱ་རི་བན་དྷ་བན་དྷ་ཧཱུྃ་ཕཊ། གསང་སྔགས་འདི་ནི་དོན་གྱི་མཆོག །སངས་རྒྱས་ཀུན་གྱིས་གསུངས་པ་ཡིན། །ས་གསུམ་པོ་ནི་འགུགས་བྱེད་ཅིང་། །ཚངས་པ་ལ་སོགས་ལྷ་རྣམས་ཀུན། །འགྲོ་བ་ཐམས་ཅད་འགུགས་བྱེད་ལ། །རང་
གི་དབང་དུ་གནས་པའང་ཡིན། །མཱ་མ་ཀཱི་སྒྲུབ་པའི་ཐབས་སོ།། །།རླུང་གི་དཀྱིལ་འཁོར་དྲག་པོ་ལ། །རྡོ་རྗེ་ལུ་གུ་རྒྱུད་ཀྱིས་བསྐོར། །དེ་ཡི་དབུས་སུ་སྣང་བ་ཆེ། །ཟླ་བའི་གཟུགས་ཀྱིས་རྣམ་པར་བརྒྱན། །དེས་སྤྲོས་པ་ལས་བདག་ཉིད་ནི། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། །ཕྱག་
བཞི་མ་ལ་ལྷ་མོ་དེ། །རྡོ་རྗེ་ཡི་ནི་རྒྱན་གྱིས་བརྒྱན། །དམར་པོ་འབར་བ་དེ་ཡིས་ནི། །ས་གསུམ་པོ་ནི་འཆིང་བར་མཛད། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །བཀུག་ནས་དབང་དུ་མཛད་པར་གནས། །དངོས་གྲུབ་ཐམས་ཅད་འཛིན་པ་དང་། །དེ་ཡི་ཐུགས་ཀར་རྡོ་རྗེ་ཆེ། །འབར་
བའི་ཕྲེང་བ་འཁྲིགས་པའི་འོད། །དེ་ཡི་འབར་བ་ལྕགས་སྒྲོག་གི། །རྣམ་པ་རྡོ་རྗེའི་མཚན་མས་མཚན། །ངེས་པར་ཕྱུང་ནས་དེ་དག་ཀུན། །ཆོས་དབྱིངས་མཉམ་དང་མི་མཉམ་པའི། །འཇིག་རྟེན་ཁམས་ནི་མཐའ་དག་ཏུ། །ཀུན་ནས་རྣམ་པར་བཀང་ནས་ཀྱང་། །བསྒོམ་བྱ་རྡོ་རྗེ་ཐམས་
เล่ม ๘๖ · หน้า 56a
ཅད་དུ། །ཁྲོ་བོ་དང་ལྡན་སྤྲོ་བའི་ཞལ། །ལྟོ་བ་འཕྱང་ཞིང་སྐུ་ཆེ་བ། །མཆེ་བ་བཞི་ཡིས་རྣམ་པར་བརྒྱན། །འབར་བ་ཡི་ནི་ཕྲེང་བ་གསལ། །གཟུགས་མཛེས་དྲག་པའི་གཟུགས་དང་ལྡན། །སྔགས་ནི། ཨོཾ་བཛྲ་ཤྲྀཾ་ཁ་ལཱ་ཡཱདྷི་པ་ཏ་ཡེ། མ་ཧཱ་བ་ལཱ་ཡ། མ་ཧཱ་བིདྱཱ་རཱ་ཛཱ་ཡ་
ཏེ་པྲ་ཛྭ་ལི་ཏ། ཧསྟཱ་ཡ་ན་མོ་ནཱི་ལ་ཀཎྛཱ་ཡ་ཀི་རཱ་ཏ་རཱུ་པ་ལམྦོ་ད་རཱ་ཡ། བྷྲྀ་ཀུ་ཊཱི་མུ་ཁཱ་ཡ། མཱ་ཛཱར་མུ་ཁཱ་ཡ། ཙ་ཏུ་དྃཥྚཱ་ཀ་རཱ་ལཱ་ཡ། ཨེ་ཧྱེ་ཧི་ཨ་སྱ་ཤ་རཱི་ར། མ་ནུ་པྲ་བི་ཤྱ། ཤི་རཾ་གྲྀཧྞ། གྲླི་བ་བ་གྲྀཧྞ། ཧསྟ་པཱ་དཾ་གྲྀཧྞ་བི་ཥ། ཨཱ་བེ་ཤ་ཡ། ཀྃ་པ་ཡ། ཀྃ་པ་ཡ། བྷྲ་མ་ཡ། བྷྲ་མ་ཡ།
མཎྜ་ལ་མ་དྷྱེ། བི་ཀུརྦྦ། བི་ཀུརྦྦ། ཙཱུརྞྞ་ཙཱུརྞྞ། ཀུཊྚ་ཀུཊྚ། སྥོ་ཊ་ཡ་སྥོ་ཊ་ཡ། མརྨཱ་ཎི། ནི་ཀྲྀནྟ་ཡ། ཧྲྀ་ད་ཡ། ཙྪིནྡ། བལ་བལ། ཀིཉྩི་རཱ་ཡ་སི། དེ་བ། ནཱ་ག །ཡཀྵ། རཱཀྵ་ས། པི་ཤཱ་ཙཱན་སཱ་ད་ཡ། ས་མ་ཡ་མ་ནུ་སྨ་ར། ཛཱ་ཏི་མ་ནུ་སྨ་ར། ཧཱ་ཧཱ། ནི་དྷི་ནི་དྷི། ནི་ཥི་ནི་ཥི། བཛྲ་
ཤྲྀཾ་ཁ་ལཱ། ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། ཨོཾ་བཛྲ་ར་ཎི་ཧཱུྃ་ཕཊ། ཨོཾ་བཛྲི་ཎི་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱ་ལི་ཧཱུྃ་ཕཊ་སྭཱ་ཧཱ། གསང་སྔགས་འདི་ཡི་སྦྱོར་བ་ཡིས། །བཅུད་ཀྱིས་ལེན་ནི་བདེ་བ་དང་། །འགྲོ་བ་ཐམས་ཅད་འབེབས་པ་དང་། །གདུག་པ་རྣམས་ནི་འཆིང་བ་དང་། །ཚངས་པ་ལ་སོགས་ལྷ་
རྣམས་དང་། །ལྷ་དང་ལྷ་མིན་ལྟོ་འཕྱེ་ཆེ། །འཇིག་རྟེན་སྐྱོང་དང་ཀླུ་རྣམས་ཀྱང་། །རང་གི་གནས་ནས་བསྐྱོད་ནས་ནི། །གྲུབ་པ་ཀུན་གྱི་དངོས་གྲུབ་ནི། །དངོས་གྲུབ་འགུགས་པར་འདོད་པ་ཡིས། །ཐམས་ཅད་གུས་པས་སྦྱིན་པར་བྱེད། །བུད་མེད་གཟུགས་ཀྱིས་བསྒྲུབ་པར་བྱ། །རྡོ་
རྗེ་ལུ་གུ་རྒྱུད་མའི་སྒྲུབ་པའི་ཐབས་སོ།། །།ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །པདྨ་དཀར་པོ་རབ་ཏུ་གནས། །ཕྱག་བཞི་པ་ལ་དུ་མའི་གཟུགས། །དུང་དང་ཀུནྡ་ཟླ་བ་འདྲ། །ཐུགས་ཀྱི་རྡོ་རྗེའི་དེ་ཉིད་ཡིན། །རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི། །ཞི་བ་ལ་སོགས་ཉམས་
དང་ལྡན། །ཆོས་རྣམས་ཀུན་གྱི་བདག་སྐྱེས་མཆོག །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །སངས་རྒྱས་བྱེ་བ་ཡང་དག་འབྱུང་། །དེར་བདག་ཡང་དག་བསྒོམ་པ་ནི། །སྐུལ་བྱེད་མ་ཞེས་ཡོངས་སུ་གྲགས། །སྔགས་ཀྱི་ཕྲེང་བའི་ཡི་གེ་ལྡན། །ཀུན་ནས་རྣམ་པར་འཕྲོ་བྱེད་པ། །
เล่ม ๘๖ · หน้า 56b
ནམ་མཁའི་ཁམས་ནི་ཡོངས་གང་བ། །ཇི་སྲིད་དེ་ཡི་སྤྱོད་ཡུལ་ཡང་། །དེ་སྲིད་དེ་ཡི་འོད་ཟེར་བསྒོམ། །རྣལ་འབྱོར་ཡེ་ཤེས་ཀྱིས་རབ་སྤྲུལ། །སྔགས་ནི། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། འདི་ཡི་སྔགས་ཀྱི་མཆོག་གཙོ་བོ། །སངས་རྒྱས་ཀུན་གྱིས་མཆོད་པ་པོ། །མཚུངས་པ་མེད་
པའི་དངོས་གྲུབ་སྟེར། །ལྷ་དང་ལྷ་མིན་བཅས་པས་མཆོད། །འདི་ཡི་སྡིག་ཀུན་འཛད་བྱེད་ཅིང་། །ཕུན་སུམ་ཚོགས་ཀུན་རབ་སྩོལ་མཛད། །པདྨའི་ཕྱག་རྒྱ་ཡང་དག་ལྡན། །སངས་རྒྱས་ཉིད་ཀྱང་སྟེར་བྱེད་པའོ། །སྐུལ་བྱེད་མའི་སྒྲུབ་པའི་ཐབས་སོ།། །།གསང་བ་མཆོག་
གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སངས་རྒྱས་ཀུན་བདག་དགྱེས་པ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་ཉིད་ནི་ལྷག་པའི་ལྷ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་མ་ཡི་དྲ་བ་
སྡོམ། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་མེད་ཐེག་པའི་མཆོག །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ནུས་པ་ཡི་ནི་རང་བཞིན་གྱིས། །རང་
བཞིན་ཉིད་ཀྱིས་དེ་གྲུབ་བོ། །འཇིག་རྟེན་གསུམ་གྱི་བུད་མེད་འདིས། །བཀུར་བར་བྱ་བ་འོས་པ་ཡིན། །ངན་སྦྱོང་རྣམས་ཀྱིས་ཀྱང་འགྲུབ་སྟེ། །རྙེད་པ་ཀུན་དང་བདེ་དང་སྤྲོ། །ཐམས་ཅད་བུད་མེད་སྒྱུ་མས་འགྲུབ། །རང་གི་ངོ་བོ་ཡོངས་བསྒྱུར་བ། །སྣ་ཚོགས་སྒྱུ་མའི་ཕྱག་རྒྱ་
འདི། །ཤེས་རབ་ཕ་རོལ་ཕྱིན་མར་བཤད། །ཀུན་ལ་སྣ་ཚོགས་ཕྱག་རྒྱ་ནི། །ཀུན་ལ་སྣ་ཚོགས་སྡོམ་པ་ཡིས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །སྟོང་པ་ཉིད་ཀྱིས་དེ་ཉིད་བསྐུལ། །ཀུན་ལ་ཀུན་ནས་ཐམས་ཅད་དུ། །རྣམ་ཀུན་ཀུན་ཚེ་རང་ཉིད་ཀྱིས། །སངས་རྒྱས་
ཐམས་ཅད་བརྟན་དང་གཡོ། །ཐམས་ཅད་དངོས་པོ་རང་ཉིད་འགྱུར། །སེམས་དང་སེམས་ཅན་ཏིང་འཛིན་དང་། །བྱང་ཆུབ་སྤྱོད་པ་སྣ་ཚོགས་ཉིད། །ས་དང་ཕ་རོལ་ཕྱིན་སྤྱོད་པ། །དབང་ཉིད་དུ་ཡང་དེ་བཤད་དོ། །བདུད་དང་བདུད་ལས་རྒྱལ་བ་ཉིད། །སངས་རྒྱས་རྡོ་རྗེ་དེ་བཞིན་
เล่ม ๘๖ · หน้า 57a
གཤེགས། །ཐོག་མ་ཐ་མ་མེད་ཞི་བ། །བྱང་ཆུབ་སངས་རྒྱས་བཅོམ་ལྡན་དེའོ། །རྡོ་རྗེ་རྡོ་རྗེ་འཛིན་པ་ཉིད། །པདྨ་དེ་བཞིན་པདྨ་འཛིན། །ནོར་བུ་ནོར་བུ་འཛིན་པ་ཉིད། །སྣ་ཚོགས་དེ་བཞིན་སྣ་ཚོགས་འཛིན། །རལ་གྲི་རལ་གྲི་འཛིན་རྒྱལ་པོ། །འཁོར་ལོ་དེ་བཞིན་འཁོར་
ལོ་འཛིན། །འཇིག་རྟེན་གསུམ་རྒྱལ་ཉིད་དང་ནི། །འདི་རྣམས་ཀྱི་ཡང་རིགས་ཉིད་འགྱུར། །དེ་ཉིད་ཆགས་དང་ཆགས་བྲལ་བ། །འདོད་དང་ཐར་པ་རུ་ཡང་འགྱུར། །དུས་གསུམ་དང་ནི་སྲིད་གསུམ་མཆོག །འཇིག་རྟེན་གསུམ་དང་ཁམས་གསུམ་པ། །བརྟན་པ་ཐམས་ཅད་དེ་
ཉིད་དེ། །རྣམ་པ་སྣ་ཚོགས་ཉིད་དུ་འགྱུར། །གཡོ་བ་ཀུན་ནས་སྣ་ཚོགས་པ། །ཐམས་ཅད་དུ་ནི་དེ་འགྱུར་རོ། །དེ་ལ་སོགས་པ་སྣ་ཚོགས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ། །དངོས་པོ་ཀུན་དུ་དེ་འགྱུར་རོ། །དེ་ཉིད་
བཅོམ་ལྡན་རྣལ་འབྱོར་ཏེ། །གཅིག་པུ་ཉིད་ནི་ལྷག་པའི་ལྷ། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དཔལ་ལྡན་སྒྱུ་མ་ཆེན་མོ་འཆང་། །རྣམ་སྣང་རྟག་པ་ཐམས་ཅད་དུ། །རྣལ་འབྱོར་དབང་ཕྱུག་གཙོ་ཆེན་ཁྱབ། །སངས་རྒྱས་འཁོར་
ལོ་ཅན་མི་བསྐྱོད། །ཆེ་དང་རིན་ཆེན་འབྱུང་སྟོབས་ཆེ། །ཚེ་དཔག་མེད་པ་ཀུན་ནས་མཆོག །དོན་ཡོད་སྣ་ཚོགས་མཛད་པ་དང་། །རྡོ་རྗེ་སེམས་དཔའ་བལྟ་ན་སྡུག །དགུག་པ་མཆོག་གི་སྦྱོར་བ་དང་། །ལེགས་པར་མཛད་པ་དེ་ཉིད་ཡིན། །རིན་ཆེན་སྒྲོན་མ་དེ་བཞིན་ཏོག །རྡོ་རྗེ་བཞད་
པ་སྣང་བ་ཆེ། །རྡོ་རྗེ་ཆོས་དང་རྣོ་བ་ཆེ། །རྒྱུ་དང་སྨྲ་མཆོག་བདུད་རྩི་དང་། །ལས་དང་གོ་ཆ་གནོད་སྦྱིན་ཆེ། །ཁུ་ཚུར་དེ་བཞིན་གཤེགས་པ་ཀུན། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་འདི། །རྡོ་རྗེ་སེམས་དཔའ་སྟོབས་པོ་ཆེ། །རྡོ་རྗེ་ཧཱུྃ་མཛད་ཧཱུྃ་མཛད་དང་། །རྟ་མགྲིན་ཞེས་ནི་རྣམ་པར་གྲགས། །
ཧེ་རུ་ཀ་དཔལ་རྡོ་རྗེ་ཆེ། །མཆོག་གི་དབང་ཕྱུག་གཤིན་རྗེ་གཤེད། །ཁྲོ་བོ་གཟེགས་མ་སྣང་བ་ཆེ། །རྡོ་རྗེ་མེ་ནི་འོད་ཆེན་པོ། །གཟུགས་རྣམས་ཀྱི་ནི་མཆོག་གཅིག་པུ། །ཏིང་ངེ་འཛིན་ལས་དབང་སྒྱུར་མ། །ཤེས་རབ་ཕ་རོལ་ཕྱིན་མཆོག་གཙོ། །ས་དང་ཕ་རོལ་ཕྱིན་པ་སྟོབས། །ཚངས་
เล่ม ๘๖ · หน้า 57b
པའི་གནས་པ་ཆེན་པོ་བཞི། །དབང་ནི་མཆོག་ཏུ་འབར་བ་དང་། །དྲན་པ་ཉེ་བར་གཞག་པ་བཞི། །དབང་པོ་རྣམས་དང་སྟོབས་རྣམས་དང་། །རྗེས་དྲན་དྲུག་པོར་གྱུར་པ་གང་། །བསྒོམ་པར་བྱ་བར་རབ་ཏུ་གནས། །དེ་ཉིད་བཅོམ་ལྡན་གཅིག་པུ་སྟེ། །བྱང་ཆུབ་ཡན་ལག་
བདུན་བཏགས་པ། །མཐའ་གཅིག་ཡོངས་སུ་རྫོགས་པར་འགྱུར། །སུམ་ཅུ་རྩ་གཉིས་མཆོག་གི་མཚན། །འཇིག་རྟེན་འདས་པའི་ལམ་པོ་ཆེ། །འཕགས་ལམ་ཡན་ལག་བརྒྱད་བཏགས་པ། །སྟོབས་བཅུ་ཡི་ནི་བཅུ་པ་ཉིད། །སངས་རྒྱས་ཆོས་ཀྱི་བདག་ཉིད་གནས། །
བྱང་ཆུབ་ཕྱོགས་ཀྱི་ཚོས་ཆེན་པོ། །རྣམ་པར་དབྱེ་བ་སུམ་ཅུ་བདུན། །མཐར་གྱིས་གནས་པའི་སྙོམས་འཇུག་ནི། །དགུ་ལ་གནས་པར་གྱུར་པ་དང་། །བསྡུ་བའི་དངོས་པོ་ཆེན་པོ་བཞིས། །སེམས་ཅན་བསྡུ་བས་སྡུད་པ་དང་། །སོ་སོ་ཡང་དག་རིག་པ་བཞི། །དེ་བཞིན་
བསྲུང་བ་མི་མངའ་བ། །སྐལ་བ་ཆེན་པོའི་མི་འཇིགས་པ། །མཆོག་ཏུ་གྱུར་པ་ཉིད་དང་ནི། །བསམ་གཏན་གཟུགས་མེད་བཞི་ཕྲག་གཉིས། །ཚད་མེད་པ་ཡང་དེ་བཞིན་ནོ། །བྱང་ཆུབ་སེམས་ཀྱི་སྤྱོད་པ་གཙོ། །བདེན་པ་བཞི་ནི་སྟོན་པ་པོ། །ཀུན་ནས་ཉོན་མོངས་རྣམ་
པར་བྱང་། །ཟག་བཅས་ཟག་པ་མེད་པའི་མཆོག །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །དབང་ཕྱུག་མཆོག་གི་དབང་ཕྱུག་དང་། །སྐྱེ་དགུའི་བདག་པོ་སྐྱེ་དགུའི་མགོན། །མཆོག་གི་བདག་ཉིད་ཅེས་སུ་བརྗོད། །ཀུན་རྫོབ་བརྗོད་པ་ཐམས་ཅད་དང་། །སྒྲ་རྣམས་ཀྱི་ནི་སྤྱོད་
ཡུལ་འགྱུར། །བརྗོད་དུ་མེད་ཅིང་སྤྲོས་པ་བྲལ། །སྟོང་པ་མཁའ་མཉམ་མཚུངས་པ་མེད། །ཚིག་མཐའ་སྒྲ་ཡིས་རྣམ་དགོད་པ། །འཇིག་རྟེན་ཐ་སྙད་ཚུལ་དུ་རྟོགས། །དེ་ཚེ་ལུས་སོགས་དབྱེ་བ་ཡིས། །ས་རྣམས་ཀྱིས་ནི་ཡོངས་སུ་བརྟགས། །སྐུ་ནི་སྤྲུལ་པ་ཉིད་དུ་འགྱུར། །
ལོངས་སྤྱོད་རྫོགས་པ་ཡང་དག་བརྙེས། །རྡོ་རྗེའི་སྐུ་དང་དེ་བཞིན་དུ། །ཡེ་ཤེས་སྐུ་སོགས་ཡོངས་སུ་བརྟགས། །མཐའ་ཡས་སྐུ་དང་སྐུ་ཆེན་པོ། །རིན་ཆེན་སྐུ་ནི་འོད་བྱེད་པ། །པདྨའི་སྐུ་ནི་སྣང་བ་ཆེ། །ཐམས་ཅད་སྐུ་ནི་ལས་བཟང་བྱེད། །རྟོགས་པར་བྱ་བ་ལས་ཀྱི་སྐུ། །
เล่ม ๘๖ · หน้า 58a
རྣམ་པ་གསུམ་དུའང་དབྱེ་བར་བྱ། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཏེ། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཀུན་དུ་འོད་ཀྱི་ས་ཆེན་པོ། །ཉི་མའི་དཀྱིལ་འཁོར་གཟི་བརྗིད་ལྡན། །གཉིས་པ་བདུད་རྩིའི་འོད་ཅེས་བྱ། །ཟླ་བའི་འོད་ནི་འོད་གསལ་བ། །གསུམ་པ་
ནམ་མཁའི་འོད་ཅེས་བྱ། །མཁའ་བཞིན་ལེགས་པར་རབ་ཏུ་གནས། །རྡོ་རྗེ་འོད་མཐའ་གང་ཞིག་ས། །བཞི་པ་དེ་ནི་ཡིད་འོང་བ། །བསམ་པ་བརྟན་པའི་སྦྱོར་བ་ཡིས། །རྡོ་རྗེ་ཞེས་ནི་ཡོངས་སུ་བསྒྲགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བར་ནི་རབ་ཏུ་གནས། །
དྲུག་པ་པདྨོ་འཆང་ཞེས་བྱ། །པད་བཞིན་རབ་ཏུ་རྣམ་པར་སྣང་། །རང་བཞིན་གྱིས་ནི་ཆོས་ཉིད་དག །བདག་གི་མེད་ཅིང་ཡོངས་བཟུང་མེད། །བདུན་པ་ལས་ཀྱི་འོད་ཅེས་བྱ། །སངས་རྒྱས་ཕྲིན་ལས་མཛད་པ་ཆེ། །བརྒྱད་པ་དཔེ་མེད་པ་ཞེས་བྱ། །དཔེ་ནི་དེ་ལ་ཡོད་མ་ཡིན། །
དགུ་པ་དཔེ་དང་བྲལ་ཞེས་བྱ། །དཔེ་རྣམས་ཐམས་ཅད་རབ་འཇུག་པ། །བཅུ་པ་ཤེས་རབ་འོད་ཅེས་བྱ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཀུན་མཁྱེན་ཉིད་ཅེས་བྱ། །ས་ཆེན་པོ་ནི་འོད་གསལ་བ། །བཅུ་གཉིས་སོ་སོར་བདག་རིག་པ། །རྣལ་འབྱོར་ཡེ་ཤེས་ཡོངས་རྫོགས་
ཉིད། །ས་ཆེན་པོ་ནི་འདི་དག་རྣམས། །སངས་རྒྱས་རྣམས་ཀྱིས་དོན་དམ་དུ། །སངས་རྒྱས་དང་ནི་སངས་རྒྱས་ཆོས། །རྣལ་འབྱོར་ཡེ་ཤེས་གང་བརྗོད་པ། །ཐམས་ཅད་ཉིད་ནི་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཆེན་པོ་ལས་སྔགས་ཀྱི་དེ་ཁོ་ན་ཉིད་དོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པ།
དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་དེ་དག་གིས་གསོལ་བ་བཏབ་པའི་ཚིག་གི་དེ་མ་ཐག་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་དུ་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་ནས་མཉམ་པར་གཞག་པའི་དེ་མ་ཐག་ཏུ་ཡང་
เล่ม ๘๖ · หน้า 58b
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ལ་རྗེས་སུ་བཅུག་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལུས་དང་ངག་དང་ཡིད་མཉམ་པ་ཉིད་དུ་བྱིན་གྱིས་བརླབས་ནས་རྣམ་པར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་བདག་ཉིད་རྟོགས་ནས་ཏིང་ངེ་འཛིན་ལས་བཞེངས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀྱིལ་
འཁོར་ཆེན་པོ་ཡོད་དོ་ཞེས་གསུངས་ནས་ཅང་མི་གསུང་བར་བཞུགས་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་
པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་བཏུད་དེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསྟན་དུ་གསོལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་གང་དུ་ཞུགས་པས་སེམས་
ཅན་རྣམས་ཐབས་ཆུང་ངུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ལེགས་སོ་ལེགས་སོ། །
འཇམ་དཔལ་ཁྱོད་གང་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་རྗེས་སུ་ཞུགས་པ་ནི་འཇམ་དཔལ་ཁྱོད་ལེགས་སོ་ལེགས་སོ། །དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བཤད་པར་བྱའོ། །
དེ་ནས་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེས་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དམ་ཚིག་ཆེན་པོ་རྡོ་རྗེས་བྱིན་གྱིས་རློབ་པ་ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་ཞེས་བྱ་བའི་དཀྱིལ་འཁོར་
เล่ม ๘๖ · หน้า 59a
འདི་བཀའ་སྩལ་པ། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག །ཡང་དག་རབ་ཏུ་བཤད་བྱ་བ། །དམ་ཚིག་ཆེན་པོ་རྡོ་རྗེ་མཆོག །སྙིང་པོ་ཆེན་པོའི་རྒྱན་ཅེས་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་མཛེས་པར་བྱས། །ཐིག་བཞི་དང་ནི་མཉམ་པར་ལྡན། །
འོད་ཟེར་འབར་བས་འཁྲིགས་པའི་འོད། །རྡོ་རྗེ་སྙིང་པོ་ཡོངས་བསྐོར་བ། །བྱང་ཆུབ་ཤིང་གིས་ཉེ་བར་མཛེས། །རྡོ་རྗེ་དཀྱིལ་འཁོར་གྲྭ་རྣམས་དང་། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །རྡོ་རྗེ་པདྨ་ཐམས་ཅད་དུ། །ལས་ཀྱི་རྡོ་རྗེ་ཐམས་ཅད་
དུ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །དྲིལ་བཅས་སྣ་ཚོགས་མཆོག་དང་ལྡན། །རྒྱལ་མཚན་བསྒྲེང་བ་རླུང་བསྐྱོད་པའི། །གོས་དང་མེ་ཏོག་ཆུན་པོས་སྤྲས། །ཟླ་བ་ཕྱེད་པས་ཉེ་བར་མཛེས། །རལ་གྲི་རྡོ་རྗེ་ཨུཏྤ་ལ། །ལྕགས་ཀྱུ་ལ་སོགས་སྣ་ཚོགས་བརྒྱན། །ཆུ་ཡིས་
དཀྱིལ་འཁོར་ཡོངས་བསྐོར་བ། །ཁོར་ཡུག་བཞིན་དུ་རྣམ་པར་གནས། །དེ་ལའང་སྒོ་དང་སྒོ་ཁྱུད་སོགས། །མཁས་པ་ཡིས་ནི་སྤྲོ་བར་བྱ། །དེ་ཡི་ནང་དུ་བྲི་བར་བྱ། །འཁོར་ལོ་ཆེན་པོ་རབ་ཏུ་གནས། །ཆ་བརྒྱད་ཀྱིས་ནི་ཡོངས་སུ་བསྐོར། །དཀྱིལ་འཁོར་ལེགས་པར་
རྣམ་པར་སྤྲས། །རྡོ་རྗེའི་ཐིག་གིས་ཡོངས་སུ་བསྐོར། །རྡོ་རྗེའི་འཁོར་ལོ་ཆེར་འབར་བ། །དེ་ཡི་དབུས་སུ་སྙིང་པོ་ཆེ། །རྡོ་རྗེའི་སྙིང་པོ་ཞེས་སུ་བཤད། །དེ་ཡི་སྟེང་དུ་རྡོ་རྗེ་ཆེ། །རྡོ་རྗེ་པདྨ་རབ་ཏུ་གནས། །པདྨའི་སྟེང་དུ་རྡོ་རྗེ་ཆེ། །འཁོར་ལོའི་དཀྱིལ་འཁོར་དག་གིས་
བརྒྱན། །གསང་བ་ཆེ་བ་ཟླ་བས་བརྒྱན། །འགྲེལ་པའི་བཤད་པར་འདི་བཞིན་འདུག །དུང་དང་ཀུནྡ་ཟླ་བ་དཀར། །སངས་རྒྱས་ཀུན་གྱི་གདན་དུ་བཤད། །དེ་ཡི་སྟེང་དུ་ལེགས་བཞུགས་པ། །ཁྱབ་བདག་རྣམ་པར་སྣང་མཛད་ཆེ། །ཟླ་བའི་མདོག་ལྡན་འཛུམ་བཅས་པ། །
ཏིང་འཛིན་ལྡན་གནས་སྡིག་པ་བཅོམ། །རྡོ་རྗེའི་ཕྲེང་བས་རྣམ་པར་སྤྲས། །སྣ་ཚོགས་འབར་བས་འཁྲིགས་པའི་འོད། །རིན་ཆེན་ཆེན་པོའི་ཕྲེང་བ་ཆེས། །སྤྲས་པ་རྣམ་པར་དགོད་པར་བྱ། །དེ་སྔགས་རྟག་ཏུ་ཤེས་བྱ་བ། །ཡི་གེ་ཡི་ནི་མཆོག་གཙོ་བོ། །ཤ་སའི་སྡེ་བ་གསལ་
เล่ม ๘๖ · หน้า 59b
བྱེད་ནི། །མཆོག་གི་དབང་ཕྱུག་རྒྱུ་གཅིག་པོ། །དྲུག་པའི་དབྱངས་ཀྱིས་ལེགས་གསལ་བ། །ཐིག་ལེ་ནཱ་དས་ལེགས་པར་བརྒྱན། །རྟེན་ཅིང་འབྲེལ་འབྱུང་འཁོར་ལོ་ཡི། །དོན་ཅན་རབ་ཏུ་བསྐྱེད་པར་བྱ། །དེ་ཉིད་བཅོམ་ལྡན་རྣལ་འབྱོར་ཅན། །གཅིག་པུ་ཉིད་ནི་ལྷག་
པའི་ལྷ། །ཆོས་ཀྱི་སྐུ་ནི་ཡེ་ཤེས་ཆེ། །རྡོ་རྗེ་རྣལ་འབྱོར་དབང་ཕྱུག་བཤད། །དེ་ནས་ཡང་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། ཡེ་ཤེས་ཀྱི་འོད་ཟེར་དང་། དེ་བཞིན་གཤེགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་རྣམ་པར་
གནོན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ཉིད་དུ་རང་གི་བདག་ཉིད་བྱིན་གྱིས་བརླབས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ནས་ཕྱོགས་བཞིར་འཁོད་དོ། །
དབང་ཆེན་དཀྱིལ་འཁོར་མི་བསྐྱོད་པ། །མེ་ཡི་དཀྱིལ་འཁོར་ཡེ་ཤེས་འོད། །ཆུ་ཡི་དཀྱིལ་འཁོར་འོད་དཔག་མེད། །རྡོ་རྗེས་རྣམ་གནོན་རླུང་དཀྱིལ་འཁོར། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་དམ་ཚིག་ལས་བྱུང་བ་སེམས་དཔའ་
བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྙིང་པོའི་རྒྱན་གྱི་སྙིང་པོ་འདི་ཉིད་ཀྱི་ཐུགས་ཀ་ནས་ཕྱུང་བའོ། །ཨོཾ་
བཛྲ་ས་ཏྭ། དེ་ནས་འདི་རྣམ་པར་ཕྱུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་རྡོ་རྗེའི་འོད་ཟེར་རྣམས་ཕྱུང་སྟེ། རྡོ་རྗེའི་འོད་ཟེར་དེ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ་གསལ་བར་གྱུར་ནས། དེ་ནས་རྡོ་རྗེའི་འོད་ཟེར་དེ་རྣམས་ཀྱིས་
འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུས་འཇིག་རྟེན་གྱི་ཁམས་རྣམས་སུ་གཤེགས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་མཛད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བ་མངོན་པར་རྫོགས་ནས་
เล่ม ๘๖ · หน้า 60a
སླར་ཡང་གཅིག་ཏུ་འདུས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྐུར་གྱུར་ནས། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་རྡོ་རྗེ་སྙིང་པོའི་ཐུགས་ཀར་གནས་ཏེ་ཆེད་དུ་བརྗོད་པ་འདིས་ཆེད་དུ་བརྗོད་པ། ཨེ་མ་ཧོ་རྡོ་རྗེ་སྙིང་པོ་བདག །
སངས་རྒྱས་ཡེ་ཤེས་བླ་ན་མེད། །སྙིང་པོ་ཡེ་ཤེས་རྣམ་དག་པ། །རྡོ་རྗེ་སེམས་དཔའ་ཉིད་གྱུར་ནས། །བྱང་ཆུབ་སེམས་དཔའ་བརྟན་བསྐྱེད་དེ། །སངས་རྒྱས་ཡེ་ཤེས་བླ་ན་མེད། །གང་ཞིག་བརྟན་ཕྱིར་ལུས་མིན་ཡང་། །སངས་རྒྱས་སྐུ་ཉིད་དུ་གྱུར་ཏོ། །དེ་ནས་རྡོ་རྗེའི་སྐུ་
བྱང་ཆུབ་སེམས་དཔའ་ཆེན་པོ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་འཐོན་ནས་བཅོམ་ལྡན་འདས་མི་བསྐྱོད་པའི་ཉེ་འཁོར་ཐམས་ཅད་རྣམ་པ་བཞིས་ཕྱེ་སྟེ། དཀར་པོ་སེར་པོ་དམར་པོ་ལྗང་གུའི་མདོག་ཏུ་མངོན་པར་སྤྲུལ་ནས་རང་གི་སྔགས་ཀྱི་ཡི་གེས་ཟླ་བའི་དཀྱིལ་འཁོར་ལ་བརྟེན་ཏེ་
གནས་པར་གྱུར་ཏོ། །དགུག་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་རཱ་ཛཿ། རྗེས་སུ་ཆགས་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་རཱ་ག །དེ་བཞིན་གཤེགས་པ་ཐམས་ཅད་ལ་ལེགས་པར་མཛད་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་སཱ་དྷུ། དེ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལ་དབང་
བསྐུར་བའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་རཏྣ། ཉི་མའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ཏེ་ཛ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ཀེ་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞད་པ་ཆེན་པོའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ཧཱ་ས། དེ་
བཞིན་དུ་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་ཡང་ཐུགས་རྗེའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་དྷརྨྨ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ཏཱིཀྵྞ། དམ་པའི་ཆོས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ཧེ་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དཔའ་སྨྲ་བའི་
ཏིང་ངེ་འཛིན་ནི། ཨོཾ་བཛྲ་བྷཱ་ཥ། དེ་བཞིན་དུ་རྡོ་རྗེ་དོན་ཡོད་པའི་དཀྱིལ་འཁོར་ལ། ལས་སྣ་ཚོགས་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་ཀརྨྨ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་རཀྵ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་ཏིང་ངེ་འཛིན་ནི། ཨོཾ་བཛྲ་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด