དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ
ชื่อสันสกฤต (อักษรทิเบต ตามตัวบท) བྷི་ཀྵུ་ཎཱི་བི་ན་ཡ་བི་བྷངྒ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๙ · หน้า 25b
༄༅༅། །རྒྱ་གར་སྐད་དུ། བྷི་ཀྵུ་ཎཱི་བི་ན་ཡ་བི་བྷངྒ། བོད་སྐད་དུ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རྒྱལ་པོ་དུལ་བ་རྗེ་ཡི་རིགས་སུ་འཁྲུངས། །སློབ་མ་དུལ་མཛད་ཉེས་པར་བ་ཐུལ་བ། །
སངས་རྒྱས་འདུལ་བའི་གཙོ་དང་ཆགས་བྲལ་ཆོས། །རྡུལ་དང་བྲལ་བའི་ཚོགས་ལ་ཕྱག་འཚལ་ཏེ། །དགེ་སློང་མ་ཡི་སོ་སོར་ཐར། །རྣམ་འབྱེད་ཧ་ཅང་བསྡུས་པ་དང་། །རྒྱས་པ་མ་ཡིན་བརྗོད་པར་བྱ། །འདུལ་བ་དེ་ནི་ང་ལས་ཉོན། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །
འདུལ་བ་ཐོས་པར་འགྱུར་བ་དང་། །གཟུང་དང་འཛིན་པ་རྙེད་དཀའ་སྟེ། །སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཆོས་
ཐོས་པ་དང་མཐོང་བ་ཡི། །དབེན་པར་དགའ་བ་བདེ་བ་ཡིན། །འཇིག་རྟེན་སྲོག་ཆགས་འབྱུང་པོ་ལ། །མི་འཚེ་ཡང་དག་སྡོམ་པ་བདེ། །འཇིག་རྟེན་འདོད་ཆགས་བྲལ་བ་དང་། །འདོད་པ་རྣམས་ལས་རྒྱལ་བ་བདེ། །ང་འོ་ང་རྒྱལ་འདུལ་བ་གང་། །དེ་ནི་མཆོག་ཏུ་བདེ་བ་
ཡིན། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་རྣམས་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །
རྟག་ཏུ་བདེ་བ་ཉིད་དུ་འགྱུར། །འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ངའོ་ང་རྒྱལ་ཟད་པ་བདེ། །འཇིག་རྟེན་དགེ་སྦྱོང་འཛིན་པ་བདེ། །དེ་བཞིན་བྲམ་ཟེར་འཛིན་པ་བདེ། །འཇིག་རྟེན་ན་ནི་
ཕར་འཛིན་བདེ། །དེ་བཞིན་མར་འཛིན་ཉིད་ཀྱང་བདེ། །ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག །དགོན་པ་ཞི་བ་རྣམས་སུ་རྒས་གྱུར་དང་། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། །བྱང་ཆུབ་སེམས་དཔའ་དགའ་
เล่ม ๙ · หน้า 26a
ལྡན་གྱི་གནས་ན་བཞུགས་པ་ན། གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ། ནྱ་གྲོ་དྷ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ། ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་
ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་སོ། །དེ་ལ་བྲན་གྲོང་བཅུ་དྲུག་དང་། ལས་ཀྱི་མཐའ་བའི་གྲོང་སུམ་བཅུ་དང་། སྐྱེད་སྒྱུར་བའི་གྲོང་དྲུག་བཅུ་དང་། རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་དང་། གསེར་བྱེ་བ་དྲུག་བཅུ་དང་། གང་དག་གིས་རྒྱལ་པོ་པད་མ་ཆེན་པོ་
ཐུབ་པའི་གསེར་གྱི་ནས་སྦྱང་བརྒྱད་བཅུ་ཡོད་དོ། །དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལ་བུ་ཡང་མེད་བུ་མོ་ཡང་མེད་ནས། བུའི་ཕྱིར་ལྷ་བརྒྱ་སྟོང་དུ་མ་ལ་གསོལ་བ་
འདེབས་ཏེ། འདི་ལྟ་སྟེ། ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། གཤིན་རྗེ་དང་། ཉི་མ་དང་། ཁྱབ་འཇུག་དང་། དབང་བདག་དང་། ས་ག་དང་། ལས་ཐམས་ཅད་པ་དང་། ཐ་སྐར་དང་། སའི་ལྷ་དང་། ཀླུ་དང་། ཆུ་ལྷ་དང་། མེ་ལྷ་དང་།
རླུང་ལྷ་དང་། ཡུལ་འཁོར་སྐྱོང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་དང་། ནོར་བུ་བཟང་པོ་དང་། གང་པོ་དང་། གང་བ་བཟང་པོ་དང་། ལྔས་རྩེན་དང་། ལྔ་ལེན་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་།
འཕྲོག་མ་བུ་ལྔ་བརྒྱའི་འཁོར་ཅན་དང་། ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་། གཏོར་མ་ལེན་པའི་ལྷ་དང་། ལུས་ཀྱི་ལྷ་དང་། ལྷན་ཅིག་སྐྱེས་པ་དང་། ཆོས་མཐུན་པ་པ་དང་། རྟག་ཏུ་འབྲང་བའི་ལྷ་དེ་
དག་དང་། གཞན་ཡང་ལྷ་བརྒྱ་སྟོང་དག་ལ་གསོལ་བ་འདེབས་པར་བྱེད་དོ། །འཇིག་རྟེན་ན་ཡང་ལྷ་ལ་གསོལ་བ་བཏབ་པའི་རྒྱུ་ལས་བུ་དང་བུ་མོ་དག་སྐྱེའོ་ཞེས་བྱ་བ་འཇིག་རྟེན་པའི་གཏམ་དེ་ལྟ་བུ་ཡོད་མོད་ཀྱི་དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་གྱུར་དུ་ཟིན་ན། དཔེར་
เล่ม ๙ · หน้า 26b
ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོང་ཡོད་པར་འགྱུར་རོ། །འོན་ཀྱང་གནས་དྲུག་པོ་དག་མངོན་དུ་གྱུར་པ་ལས་བུ་དང་བུ་མོ་དག་སྐྱེ་བར་འགྱུར་ཏེ། དྲུག་པོ་གང་དག་ཅེ་ན་ཕ་མ་གཉིས་ཀྱིས་བུ་རྙེད་པར་འགྱུར་བའི་ལས་དག་བྱས་ཤིང་བསགས་པ་
དག་ཡིན་ཏེ། བུས་ཀྱང་ཕ་དང་མ་རྙེད་པར་འགྱུར་བའི་ལས་དག་བྱས་ཤིང་བསགས་པ་ཡིན། མ་ཡང་རུང་ཞིང་ཟླ་མཚན་དང་ལྡན་པ་ཡིན། ཕ་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་ཡིན། དྲི་ཟ་ཡང་ཉེ་བར་གནས་པ་ཡིན། དྲི་ཟས་ཀྱང་སེམས་གཉིས་
པོ་རྗེས་སུ་ཆགས་པ་དང་ལྡན་པའམ་ཁོང་ཁྲོ་བ་དང་ལྡན་པ་གང་ཡང་རུང་བའི་སེམས་རབ་ཏུ་ཐོབ་པ་སྟེ། གནས་དྲུག་པོ་འདི་དག་མངོན་དུ་གྱུར་པ་ལས་བུ་དང་བུ་མོ་དག་སྐྱེ་བ་ཡིན་ནོ། །དེ་དེ་ལྟར་ལྷ་བརྒྱ་སྟོང་ལ་གསོལ་བ་འདེབས་པ་ལྷུར་ལེན་ཅིང་འདུག་པ་ལས་བུ་ཡང་
མེད། བུ་མོ་ཡང་མེད་ནས་དེ་སྟེང་གི་ཁང་བཟངས་ཀྱི་སྟེང་དུ་སོང་སྟེ་ལག་པ་ལ་འགྲམ་པ་གཏད་ནས། བདག་གི་ཁྱིམ་གྱི་འབྱོར་པ་རྒྱ་ཆེན་པོ་འདི་ལྟ་བུ་ནི་བུ་མེད་པའི་ཕྱིར་བླར་བཞེས་པར་འོང་ངོ་ཞེས་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །དེ་ནས་དེའི་དྲུང་དུ་ཉེ་དུ་རྣམས་
ལྷགས་ཏེ་འདི་སྐད་ཅེས་སྨྲས་སོ། །ནྱ་གྲོ་དྷ་ཁྱོད་ཅིའི་ཕྱིར་ཡིད་མི་བདེ་ཞིང་འདུག །དེས་སྐབས་དེ་ཉེ་དུ་རྣམས་ལ་རྒྱ་ཆེར་སྨྲས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་དང་། འཇུག་ངོགས་དག་ལ་སྟེན་ཅིག །དེས་འདི་སྐད་ཅེས་སྨྲས་སོ། །སྔར་
ལྷའམ་འཇུག་ངོགས་གང་ལ་མ་བསྟེན་པ་དེ་ཡང་མེད་ན། འོན་ཀྱང་བདག་ལ་བུའམ་བུ་མོ་ཡང་མེད་དོ། །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷའི་མ་འོངས་ནས་འདི་སྐད་ཅེས་སྨྲས་སོ། །བུ་ནྱ་གྲོ་དྷ་ཁྱོད་ཇི་སྟེ་ཡིད་མི་བདེ། དེས་འདི་སྐད་ཅེས་སྨྲས་སོ། །
ཡུམ་ཅི་བདག་གི་ཡིད་མི་བདེ་བ་ཆུང་ངམ། བདག་གི་ཁྱིམ་གྱི་ཡོ་བྱད་རྒྱ་ཆེན་པོ་འདི་ལྟ་བུ་བུ་མེད་པའི་ཕྱིར་བླར་བཞེས་པར་འགྱུར་རོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷའི་སྐྱེད་མོས་ཚལ་ན་ལྗོན་ཤིང་ནྱ་གྲོ་དྷ་ཆེན་པོ་ཡལ་ག་དང་མགོ་ལྕོགས་དང་། འདབ་
เล่ม ๙ · หน้า 27a
མ་དང་། ལོ་མ་ཕུན་སུམ་ཚོགས་ཤིང་འདབ་མ་རྒྱ་ཆེ་ལ་ཡལ་ག་གཡུར་ཟ་བ་ཞིག་ཡོད་དེ། དེའི་མིང་གི་གྲོང་ཁྱེར་ནྱ་གྲོ་དྷ་ཅན་ཞེས་བྱ་བར་ཤེས་སོ། །མས་དེ་ལ་སྨྲས་པ། བུ་ཁྱོད་ཀྱི་ཕ་ཡང་བུ་མེད་པར་གྱུར་ནས་དེས་ཀྱང་ལྷ་བརྒྱ་སྟོང་དུ་མ་ལ་བུའི་ཕྱིར་
གསོལ་བ་བཏབ་བོ། །འོན་ཀྱང་དེ་ལ་བུ་ཡང་མེད་ཅིང་བུ་མོ་ཡང་མེད་པར་གྱུར་ཏོ། །དེ་ནས་དེས་ནྱ་གྲོ་དྷའི་དྲུང་དུ་སོང་སྟེ་ནྱ་གྲོ་དྷ་ལ་གསོལ་བ་བཏབ་པ་དང་དེ་ནས་ཁྱོད་བྱུང་ངོ་དེའི་ཕྱིར་ཁྱོད་ནྱ་གྲོ་དྷ་ཞེས་བཏགས་སོ། །ཁྱོད་ཀྱང་བུ་མེད་ན་དེ་ཁོ་ན་ལྟར་གྱིས་ཤིག །དེ་ནས་བྲམ་ཟེ་ཤིང་
སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཤིང་ནྱ་གྲོ་དྷ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཤིང་ནྱ་གྲོ་དྷའི་དྲུང་དུ་ཆག་ཆག་དང་ཕྱག་དར་ལེགས་པར་བྱེད་དུ་བཅུག་སྟེ། སྤོས་དང་། མེ་ཏོག་དང་། བདུག་པས་བཀང་ནས། རྒྱལ་མཚན་དང་། བ་དན་བསྒྲེང་དུ་བཅུག་གོ། །དེ་ནས་བྲམ་ཟེ་
བརྒྱད་བརྒྱ་ལ་ཟན་བྱིན་ཏེ། རས་ཡུག་ཆེན་བསྐོན་ནས། རྗེས་ལ་ཤིང་ལ་གནས་པའི་ལྷ་ལ་གསོལ་བ་བཏབ་པ། བདག་ལ་བུ་རྙེད་པར་སྤྲོ་བ་བསྐྱེད་དུ་གསོལ། གལ་ཏེ་བདག་ལ་བུ་མཆིས་ན་ལོ་གཅིག་བཞིན་འདི་འདྲ་བར་ཁྱོད་ལ་མཆོད་པ་དཔག་ཏུ་མེད་པ་བགྱིའོ། །གལ་
ཏེ་མ་མཆིས་ན་ལྗོན་ཤིང་འདི་པུ་ཤེལ་ཙིའི་རྩ་བ་ཙམ་གྱི་བར་ལུས་པ་ཡང་གཤེགས་ནས་དུམ་བུ་དུམ་བུར་བྱས་ལ་ཞོགས་མ་ཞོགས་མར་བཞོགས་ཏེ་རླུང་དང་ཉི་མ་གཉིས་ལ་བསྐམས་ནས་མེས་བསྲེག་གོ། །བསྲེགས་ནས་ཐལ་བ་རླུང་ཆེན་པོ་ལ་ཕྱར་བའམ། ཆུ་ཀླུང་ཆེན་པོ་
དྲག་པོར་གཏོར་རོ། །ལྷ་དེ་ཡང་དབང་ཆུང་བ་ཡིན་པས་གསོལ་བ་བཏབ་པ་ན་ནི་མགུ་བ་དང་། དགའ་བ་དང་། ཡིད་རབ་ཏུ་དགའ་བ་དང་། སྟོབས་དང་ལྡན་པ་ཡིན་ལ། བསྡིགས་པ་ན་ནི་བདག་གནས་ནས་བསྐྲད་པར་མི་འགྱུར་གྲང་ཞེས་འཇིགས་པར་གྱུར་ཏོ། །ལྷ་
དེ་ཡང་རྒྱལ་པོ་ཆེན་པོ་བཞིས་ཀུན་དུ་ཟིན་པ་ཡིན་པས་དེ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་དྲུང་དུ་སོང་སྟེ་ཕྱིན་ནས་ཡུལ་འཁོར་སྲུང་ལ་སྨྲས་པ། ཉེ་དབང་བདག་གནས་ནས་བསྐྲད་པར་འགྱུར་དུ་མཆིས། གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་
เล่ม ๙ · หน้า 27b
དྷས་བུ་རྙེད་པར་འགྱུར་བར་སྤྲོ་བ་བསྐྱེད་དུ་གསོལ། དེ་འདི་སྙམ་དུ་སྔོན་གྱི་ལས་ཀྱི་རྒྱུའི་སྟོབས་བསྐྱེད་པས་བུ་དང་བུ་མོ་དག་ཡོད་པ་ཡིན་གྱི། འདི་ལ་བདག་ལ་ནི་དབང་མེད་དོ་སྙམ་དུ་བསམས་ནས་དེས་དེ་ལ་སྨྲས་པ། བདག་གིས་ནི་བུའམ་བུ་མོ་སྦྱིན་པར་མི་ནུས་སོ། །
འོན་ཀྱང་ཚུར་ཤོག །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་དྲུང་དུ་འདོང་ངོ་། །དེ་གཉིས་འཕགས་སྐྱེས་པོའི་དྲུང་དུ་དོང་སྟེ་ཕྱིན་ནས་དོན་དེ་ཉིད་དེ་ལ་སྨྲས་སོ། །དེ་བཞིན་དུ་རྒྱལ་པོ་ཆེན་པོ་མིག་མི་བཟང་དང་། རྣམ་ཐོས་ཀྱི་བུའི་དྲུང་དུ་སོང་སྟེ་ཕྱིན་ནས་སྨྲས་ན། དེ་དག་གིས་
ཀྱང་རང་གི་ལས་ཀྱིས་བུ་དང་བུ་མོ་དག་འབྱུང་གི། འདི་ལ་བདག་ཅག་ལ་ནི་དབང་མེད་དོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་ཆེན་པོ་དེ་བཞི་ལྷའི་དབང་པོ་བརྒྱ་བྱིན་གྱི་དྲུང་དུ་དོང་སྟེ་སྨྲས་པ། ཀཽ་ཤི་ཀ་བདག་ཅག་གི་འཁོར་དུ་གཏོགས་པ་ཞིག་རང་གི་གནས་ནས་བསྐྲད་པར་
འགྱུར་གྱིས་གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་དེར། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་བུ་རྙེད་པར་འགྱུར་བར་སྤྲོ་བ་བསྐྱེད་དུ་གསོལ། བརྒྱ་བྱིན་གྱིས་སྨྲས་པ། ཉེ་དབང་དག་རང་གི་ལས་ཀྱིས་བུ་དང་བུ་མོ་དག་འབྱུང་གི། བདག་གིས་ནི་སུ་ལ་ཡང་བུའམ་བུ་མོ་སྦྱིན་
པར་མི་ནུས་སོ། །དེ་ནས་ལྷའི་འཁོར་དེར་སྣང་བ་རྒྱ་ཆེན་པོ་ཞིག་བྱུང་བ་དང་། དེ་མཐོང་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་ཆེན་པོ་བཞི་ལ་ཉེ་དབང་དག་ཁྱེད་འདི་ནས་མ་འདོང་ཤིག །ཇི་ལྟར་སྣང་བ་རྒྱ་ཆེན་པོ་ལས་གོར་མ་ཆག་པར་འཁོར་འདིར་ཚངས་
པ་ཆེན་པོ་འབྱུང་བར་འགྱུར་རོ་ཞེས་བསྒོ་བ་དང་དེ་དག་འཁོད་དོ། །འཁོར་དེར་ཡང་ཚངས་པ་ཆེན་པོ་དར་ལ་བབ་པ། གཞོན་པ། གཞོན་ནུ་མ་གཙུག་ཕུད་ལྔ་པ་བྱུང་ནས་དེ་ལྷའི་དབང་པོ་བརྒྱ་བྱིན་གྱི་པང་དུ་འདུག་གོ། །དེས་བསྒྲུབ་པ་གང་ཡིན་པ་དེ་ཡང་བསྒྲུབས་སོ། །
དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚངས་པ་ཆེན་པོ་དེ་ལ་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་པ། ཚངས་པ་ཆེན་པོ་ཁྱོད་ཚངས་པ་དང་། ཚངས་པ་ཆེན་པོ་དང་། དབང་ཕྱུག་དང་། བྱེད་པ་པོ་དང་། འབྱིན་པ་པོ་དང་། སྤྲུལ་པ་པོ་དང་། གཙོ་བོ་དང་། ཁྱད་པར་དུ་
เล่ม ๙ · หน้า 28a
འཕགས་པ་དང་། འཇིག་རྟེན་རྣམས་ཀྱི་ཕར་གྱུར་པ་ཁྱོད་ཀྱིས་འགྲོ་བ་ཕྱུང་བ་མ་ལགས་སམ། འོ་ན་བདག་ཅག་གི་འཁོར་དུ་གཏོགས་པ་ས་ལ་རྒྱུ་བ་ཞིག་མཆིས་ཏེ། དེ་ལྗོན་ཤིང་གི་གནས་ནས་བསྐྲད་པར་འགྱུར་གྱིས། གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་དེར་
བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་བུ་རྙེད་པར་འགྱུར་བར་སྤྲོ་བ་བསྐྱེད་དུ་གསོལ། དེས་འདི་སྙམ་དུ་བདག་གིས་སུ་ལ་ཡང་བུའམ་བུ་མོ་སྦྱིན་པར་མི་ནུས་ན། གལ་ཏེ་བདག་གིས་བུ་དང་བུ་མོ་སྦྱིན་པར་མི་ནུས་སོ་ཞེས་སྨྲས་ན་ནི་བདག་གི་མིང་གང་ཚངས་པ་དང་། ཚངས་པ་ཆེན་པོ་
དང་། དབང་ཕྱུག་དང་། བྱེད་པ་པོ་དང་། འབྱིན་པ་པོ་དང་། སྤྲུལ་པ་པོ་ཞེས་བྱ་བའི་མིང་དེར་ཡང་མི་འགྱུར་རོ། །འོན་ཏེ་བུའམ་བུ་མོ་སྦྱིན་ནོ་ཞེས་སྨྲས་ན་ནི་གང་གི་ཚེ་བདག་ལ་དབང་མེད་ན་ཇི་ལྟར་སྦྱིན་པར་བྱ་སྙམ་དུ་དེ་ལྟར་བསམས་ཏེ། ལྷའི་དབང་པོ་བརྒྱ་བྱིན་ལ་
གསང་སྟེ་སྨྲས་པ། ཀཽ་ཤི་ཀ་ཁོ་བོ་ནི་འཇིག་རྟེན་གྱིས་མ་ཕྱུང་ལ། ཁོ་བོས་ཀྱང་འཇིག་རྟེན་མ་ཕྱུང་ངོ་། །དེས་སྨྲས་པ། ཚངས་པ་ཆེན་པོ་གལ་ཏེ་དེ་ལྟ་ལགས་ན། འོན་ཀྱང་རང་གི་གནས་སུ་གཟིགས་ལ། གལ་ཏེ་འཆི་བའི་ཆོས་ཅན་འགའ་ཞིག་མཆིས་ན་དེ་བྲམ་ཟེ་
ཤིང་སཱ་ལ་ཆེན་པོའི་ཁྱིམ་དེར་ཉིང་མཚམས་སྦྱོར་བ་ལེན་དུ་སྩོལ་ཅིག །ཚངས་པས་སྨྲས་པ། ཀཽ་ཤི་ཀ་ཅིའི་ཕྱིར་ཁྱོད་རང་གི་གནས་སུ་མི་ལྟ། བརྒྱ་བྱིན་གྱིས་སྨྲས་པ། གནས་འདི་ན་ནི་ལྷ་རྣམས་དབང་ཆུང་བར་གྲགས་པ་ལགས་ལ། བྲམ་ཟེ་དེ་ནི་དབང་ཆེ་བར་གྲགས་
པ་ལགས་པས། དེར་དབང་ཆུང་བར་གྲགས་པ་ཉིད་ཀྱིས་ཉིང་མཚམས་སྦྱོར་བ་ལེན་པར་མི་བཟོད་དོ། །དེ་ནས་ཚངས་པས་གནང་ནས་རང་གི་གནས་སུ་སོན་ན། དེ་ན་ཚངས་པ་ཞིག་ཚེ་ཟད་དེ་སྔ་ལྟས་བྱུང་བ་མཐོང་ནས་དེས་དེ་ལ་སྨྲས་པ། གྲོགས་པོ་གལ་ཏེ་ཁྱོད་སྡུག་པའི་
གནས་ནས་འཆི་འཕོ་བར་བྱེད་ན་ཉིང་མཚམས་སྦྱོར་བར་འདྲས། དེའི་ཕྱིར་གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་དུ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷའི་ཁྱིམ་དུ་ཉིང་མཚམས་སྦྱོར་བ་ལོང་ཤིག་དང་ཁྱོད་ཡོ་བྱད་དག་གིས་མི་བྲེལ་བར་འགྱུར་རོ། །དེ་སྙིང་མི་དགའ་ནས་སླར་སྨྲས་པ། ཚངས་
เล่ม ๙ · หน้า 28b
པ་ཆེན་པོ་ཐོང་ཤིག་ཐོང་ཤིག །བརྩལ་བ་འདིས་ཅི་ཞིག་བྱ། བྲམ་ཟེ་ནི་ལོག་པར་ལྟ་བ་ཡིན་ལ། བྲམ་ཟེའི་ཁྱིམ་དུ་ཉིང་མཚམས་སྦྱོར་བར་བྱེད་པ་ཡང་དཔེར་ན་མི་འགའ་ཞིག་གསེར་གྱི་སྒྲོག་ལ་ཆགས་པའི་ཕྱིར་རང་གི་རྐང་པ་སྒྲོག་ཏུ་འཇུག་པར་བྱེད་པ་དེ་དང་འདྲའོ། །ད་ལྟར་
བྱང་ཆུབ་སེམས་དཔའ་འདོད་པ་ན་སྤྱོད་པའི་ལྷ་དྲུག་ལ་ལན་གསུམ་གྱི་བར་དུ་ཡོངས་སུ་སྦྱང་བ་མཛད་ནས་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ། མཚན་མོ་ནམ་ཕྱེད་ཀྱི་དུས་ཀྱི་ཚེ་ས་སྲུང་གི་བུ་དང་འདྲ་བར་གླང་པོ་ཆེའི་ཕྲུག་གུ་དཀར་པོ་ཁ་བའི་མདོག་ཅན་མཆེ་བ་དྲུག་པ་
ཡན་ལག་བདུན་ལེགས་པར་གནས་པ་ཅན་དུ་གྱུར་ཏེ། གངས་རིའི་ངོས་དང་ཉེ་བ་ཆུ་བོ་གང་གཱའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་ཤཱཀྱ་རྣམས་འཁོད་པ་དེ་ན་རྒྱལ་པོ་ཟས་གཙང་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་པ་དེའི་བཙུན་མོ་སྒྱུ་
འཕྲུལ་ཆེན་མོ་ཞེས་བྱ་བ་དེའི་ལྷུམས་སུ་ཉིང་མཚམས་སྦྱོར་བ་བླངས་ནས་ཟླ་བ་བཅུ་ཐམ་པ་འདས་པ་དང་བལྟམས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་ཞིང་། དེས་ཆོས་ཀྱི་མཆོད་སྡོང་བསྒྲེང་བར་འགྱུར། ཆོས་ཀྱི་རྔ་རྡུང་
བར་འགྱུར། ཆོས་ཀྱི་མཆོད་སྦྱིན་སྦྱིན་པའི་བར་དུ་འགྱུར་བས་བདག་ཀྱང་གནས་འདི་ནས་འཆི་འཕོས་ནས་དབང་ཆུང་བར་གྲགས་པའི་ཁྱིམ་དུ་ཉིང་མཚམས་སྦྱོར་བ་བླངས་ཏེ་ངེས་པར་བྱུང་ནས་བསྟན་པ་ལ་རབ་ཏུ་བྱུང་སྟེ་བདུད་རྩི་རྟོགས་པར་བྱ་དགོས་ལ། བྲམ་ཟེ་ཕྱུག་
པོའི་ཁྱིམ་དུ་སྐྱེས་པ་ནི་བུ་གཅིག་པའི་ཕྱིར་དེ་དག་སུས་ཀྱང་རབ་ཏུ་འབྱུང་དུ་མི་སྟེར་རོ། །དེ་ལྟ་བས་ན་བདག་ལ་བྲམ་ཟེའི་ཁྱིམ་དུ་སྐྱེ་བ་དགོས་པ་མེད་དོ། །ཚངས་པ་ཆེན་པོས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་དེ་ལྟ་ཡིན་ན་ཡང་འོན་ཀྱང་ངས་གསོལ་བ་བཏབ་པ་
བཞིན་དེར་ཉིང་མཚམས་སྦྱོར་བ་ལོང་ཤིག་དང་། དེའི་ཚེ་ངས་ཁྱོད་ཀྱི་ཕ་མ་གཉིས་ལ་དུས་དུས་སུ་བསྐུལ་བར་བྱའོ། །དེ་ནས་དེས་ཀྱང་གནང་ངོ་། །དེ་ནས་ལྷའི་བུ་བསོད་ནམས་ཀྱི་རྣམ་པར་སྨིན་པས་དབང་ཆེ་བར་གྲགས་པ། སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་
เล่ม ๙ · หน้า 29a
བསྐྱེད་པ། སྲིད་པ་ཐ་མ་པ། སྤྱོད་པ་ཚོལ་བ། འཆིང་བ་ཉམ་སྨད་པ། ཐར་པའི་ཚོགས་བཟུང་བ། མྱ་ངན་ལས་འདས་པ་ལ་ཕྱོགས་པ། འཁོར་བ་ལས་ཕྱིར་ཕྱོགས་པ། སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་བ་དང་། སྐྱེ་བ་དོན་དུ་མི་གཉེར་བ་
ལུས་ཐ་མ་འཛིན་པ་དེ་ལྷའི་འཇིག་རྟེན་ནས་ཤི་འཕོས་ཏེ་ཆུང་མ་དེའི་མངལ་དུ་ཉིང་མཚམས་སྦྱོར་བ་བླངས་སོ་འདི་ན་བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ཤེས་པར་བྱ་བའི་གནས་ལྔ་རབ་ཏུ་ཤེས་ཏེ། སྐྱེས་པ་ཆགས་པར་གྱུར་པ་ཤེས་ཤིང་སྐྱེས་པ་ཆགས་པ་དང་བྲལ་བ་ཤེས་
པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་དུ་ཞུགས་པ་ཤེས་པ་དང་གང་ལས་མངལ་དུ་ཞུགས་པ་དེ་ཡང་ཤེས་པ་དང་། ཁྱེའུར་ཤེས་ཤིང་བུ་མོར་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་ཅིང་འདུག་ལ་གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་
རྟེན་ཅིང་འདུག་པའོ། །བུད་མེད་དེས་ཀྱང་ཇི་ལྟར་བདག་གི་དཀུ་གཡས་རོལ་མི་བདེ་བས་ན་གོར་མ་ཆག་པར་བདག་གི་བུ་རྙེད་དོ་སྙམ་དུ་རིག་ནས་དེ་དགའ་ཞིང་མགུ་ལ་ཡིད་རབ་ཏུ་དགའ་བས་ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས་ཁྱོད་ལ་བཀའ་མཆིད་སྙན་པ་ཞིག་གསོལ་ལོ། །དེས་
འདི་སྐད་ཅེས་སྨྲས་སོ། །བཟང་མོ་ལྷ་དང་མིའི་གཏམ་སྙན་པ་ཐོས་པར་གྱུར་ཅིག །གཏམ་སྙན་པ་ཇི་ལྟ་བུ་ཞིག་ཇི་ལྟར་བདག་གི་དཀུ་གཡས་རོལ་མི་བདེ་བས་ན་གོར་མ་བཀུམ་པར་བདག་གིས་བུ་རྙེད་དོ། །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་མགུ་ཞིང་དགའ་ལ་ཡིད་
རབ་ཏུ་དགའ་སྟེ། བཞིན་པད་མ་རྒྱས་པ་ལྟ་བུས་དགའ་བའི་ཚིག་འདི་སྐད་ཅེས་སྨྲས་སོ། །བཟང་མོ་ཁྱོད་ཀྱི་བུ་བདེ་བཞིན་དུ་སྐྱེ་བར་ཤོག་ཤིག །ཁོ་བོས་ཀྱང་བུ་སྡུག་པའི་ངོ་མཐོང་བ་དང་། ཁོ་བོས་ཡུན་རིང་མོ་ཞིག་ནས་མངོན་པར་འདོད་པའི་བུ་ཡིད་ལ་བསམས་པ་བཞིན་དུ་
འགྲུབ་པ་དང་། ཁོ་བོ་དང་མཐུན་པར་སྐྱེ་ཞིང་མི་མཐུན་པར་མི་སྐྱེ་བ་དང་། ཁོ་བོའི་བྱ་བ་དག་བྱེད་པ་དང་། གསོས་པས་ཕྱིར་གསོ་བ་དང་། ཁོ་བོའི་ནོར་རྫས་ལ་སྤྱོད་པ་དང་། ཁོ་བོའི་རིགས་རྒྱུད་ཀྱང་ཡུན་རིང་དུ་གནས་པར་འགྱུར་བ་དང་། བདག་གི་དབང་ཕྱུག་ཀྱང་
เล่ม ๙ · หน้า 29b
ཉམས་པར་མི་འགྱུར་བ་དང་། བདག་ཅག་ཤི་ཞིང་དུས་ལ་བབ་པ་ན་བདག་ཅག་གི་ཕྱིར་སྦྱིན་པ་ཆུང་ངམ། ཆེན་པོ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས་འདི་དེ་གཉིས་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་ཡོན་བསྔོ་བ་བྱེད་པར་ཤོག་ཤིག །དེ་ལ་སེམས་
ཅན་ཞུགས་པར་རིག་ནས་སྟེང་གི་ཁང་བཟངས་ཀྱི་གཞིར་གནོད་པ་མེད་པར་འདུག་ཏུ་བཅུག་སྟེ། གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བསྟན་པའི་ཁ་ཟས་དང་བཏུང་བའི་བྱེ་བྲག་ཧ་ཅང་མི་བསིལ་བ། ཧ་ཅང་མི་དྲོ་བ། ཧ་ཅང་མི་ཁ་
བ། ཧ་ཅང་མི་ཚ་བ། ཧ་ཅང་ལན་ཚྭ་མི་ཆེ་བ། ཧ་ཅང་མི་སྐྱུར་བ། ཧ་ཅང་མི་མངར་བ། ཧ་ཅང་མི་བསྐ་བ། ཧ་ཅང་མི་སྣུམ་པ། ཧ་ཅང་མི་རྩུབ་པ། ཁ་བ་དང་། ཚ་བ་དང་། ལན་ཚྭ་དང་། སྐྱུར་བ་དང་། མངར་བ་དང་། བསྐ་བ་དང་། སྣུམ་པ་
དང་། རྩུབ་པ་རྣམ་པར་སྤངས་པའི་ཁ་ཟས་དང་བཏུང་བདག་གིས་དེ་ལ་རིམ་གྲོ་བྱེད་དུ་འཇུག་གོ། །དེ་ནས་མངལ་ན་གནས་པ་ཡོངས་སུ་བསྐྱང་བའི་ཕྱིར་འདི་ལྟར་ཆུང་མ་དེ་གོས་ཚོན་སྣ་ཚོགས་སུ་སྤེལ་བ་ནི་བསྐོན། ལག་པ་ནི་གསེར་གྱི་གདུ་བུ་དང་། ནོར་བུ་དང་། མུ་
ཏིག་གིས་གཏམས། དོ་ཤལ་དང་། སེ་མོ་དོ་རྣམ་པར་འཕྱང་བ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་གདུབ་ཀོར་ནི་ཐོགས། མིག་ནི་མིག་སྨན་གྱིས་བྲིས། བཞིན་ནི་དམར་རྩིའི་ཐིག་ལེས་མཛེས་པར་བྱས། སོ་ནི་མེ་ཏོག་ཀུ་མུ་ད་དང་། དངུལ་
དང་། ཁ་བ་དང་། མུ་ཏིག་གི་དོ་ཤལ་དང་། མེ་ཏོག་ཀུན་ད་དང་། ཟླ་བ་དང་། ངང་པ་དང་། བའི་འོ་མ་དང་། དུང་དང་། པད་མའི་རྩ་བ་ལྟར་དྲི་མ་ནི་མེད། རྐེད་པ་ནི་གསེར་གྱི་འོག་པག་གིས་བཅིངས། རྐང་པ་ནི་རྐང་རྒྱན་གྱིས་མཛེས་པར་བྱས་ནས་
གསེར་གྱི་མཆོད་སྡོང་མེ་ཏོག་གིས་བཀླུབས་པ་ལྟ་བུ་དེ་ལྷའི་བུ་མོ་དགའ་བའི་ཚལ་ན་རྒྱུ་བ་བཞིན་དུ་གླུ་དང་རོལ་མོའི་སྒྲ་བྱེད་པའི་རོལ་མོ་མཁན་དང་། སྟེང་གི་ཁང་བཟངས་ཀྱི་ཐོག་ཏུ་བཞག་ནས། ཁྲི་བོ་ཆེ་ལེགས་པར་བཙུགས་པའི་སྟེང་ན་ཁྲི་ནས་ཁྲིར་དང་། ཁྲིའུ་ནས་
เล่ม ๙ · หน้า 30a
ཁྲིའུར་རྒྱུ་ཞིང་ཤོད་ཀྱི་ས་གཞིར་མི་འབབ་ལ། དེ་ལ་འགའ་ཡང་སྒྲ་ཡིད་དུ་མི་འོང་བ་འབྱིན་པར་མི་བྱེད་དོ། །རེ་ཞིག་ན་ཁྱིམ་དེ་ནོར་དང་། འབྲུ་དང་། གསེར་དང་། དབྱིག་དང་། མཛོད་དང་། བང་བ་དང་། བྲན་དང་། བྲན་མོ་དང་། ལས་
བྱེད་པ་དང་། ཞོ་ཤས་འཚོ་བ་དང་། རྐང་གཉིས་པ་དང་། རྐང་བཞི་པ་ལ་སོགས་པ་དག་གིས་རྒྱས་པར་འཕེལ་བར་གྱུར་ཏེ། ཇི་ལྟར་རྒྱ་མཚོ་ཆེན་པོ་ཆུ་ཀླུང་ལྔ་བརྒྱ་དག་གིས་ཉིན་གཅིག་བཞིན་འགེངས་པར་བྱེད་པ་དེ་བཞིན་དུ་ཁྱིམ་དེ་ཡང་རྒྱས་པར་གྱུར་ཏོ། །དེ་ནས་བྲམ་ཟེ་ཤིང་
སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་འདི་སྙམ་དུ་གལ་ཏེ་བདག་ལ་བུ་ཞིག་ཡོད་ན། ཇི་དེས་ཇི་ལྟར་བྲམ་ཟེ་ཕལ་དག་ལྟར་ནས་ཐ་མལ་པ་ཐོགས་ནས་རྒྱལ་པོ་པད་མ་ཆེན་པོ་ལ་རྒྱལ་བ་སྤེལ་བ་བྱའམ། མ་ལ་བདག་གིས་དེའི་དོན་དུ་གསེར་གྱི་ནས་གཞན་བྱེད་དུ་གཞུག་གོ་སྙམ་དུ་བསམས་
ནས་རེ་ཞིག་ན་གསེར་གྱི་ནས་བྱེད་དུ་བཅུག་གོ། །དེ་ཟླ་བ་བརྒྱད་དམ། དགུ་འདས་ཏེ་བཙས་པ་ལས་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། པད་མའི་རྩ་བའི་མདོག་ལྟར་དཀར་བ། མགོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ།
དཔྲལ་བའི་དབྱེས་ཆེ་བ། སྨིན་མ་བཟང་བ། ཐོང་ཁ་སེང་གེའི་འདྲ་བ། རོ་སྟོད་སེང་གེའི་ལྟ་བུ། དཔུང་པ་རིང་བ་ཞིག་བཙས་སོ། །དེ་བཙས་པའི་བཙས་སྟོན་བྱ་བར་བརྩམས་ཏེ། ཤིང་ནྱ་གྲོ་དྷ་ཅན་དེ་ཐམས་ཅད་རྡོ་དང་། གསེག་མ་དང་། གྱོ་མོ་དག་
སེལ་དུ་བཅུག་ཅིང་། ཙན་དན་གྱི་ཆུས་ཆག་ཆག་བཏབ། མེ་ཏོག་སྣ་ཚོགས་བཀྲམ། པོག་ཕོར་ནས་དྲི་དུ་མས་བདུགས། རྒྱལ་མཚན་དང་། བ་དན་བསྒྲེང་། དར་གྱི་ཆུན་པོ་དང་། ལྡ་ལྡི་ཡང་དཔྱངས། ཟོང་དགྲམ་པའི་ཚོང་སྲང་དག་ཀྱང་བྱེད་དུ་བཅུག་ནས་
སྒོ་བཞི་དང་། བཞི་མདོའི་དབུས་སུ་སྦྱིན་པ་དག་ནི་སྦྱིན། བསོད་ནམས་དག་ནི་བྱེད་དེ། ཟས་འདོད་པ་རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། གོས་འདོད་པ་རྣམས་ལ་ནི་གོས། ཕྲེང་བ་དང་། སྤོས་དང་། བྱུག་པ་འདོད་པ་རྣམས་ལ་ནི་ཕྲེང་བ་དང་།
เล่ม ๙ · หน้า 30b
སྤོས་དང་། བྱུག་པ་རྣམས་སོ། །ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་སྦྱིན་པ་རྣམ་པ་མང་པོ་དེ་ལྟ་བུ་དག་ནི་བྱིན། བསོད་ནམས་དག་ནི་བྱས་ནས་ཉེ་དུ་རྣམས་ཚོགས་ཤིང་འདུས་ཏེ། འདི་ལྟར་ཁྱེའུ་འདི་ལྗོན་ཤིང་ནྱ་གྲོ་དྷ་ལ་གསོལ་བ་བཏབ་སྟེ་རྙེད་པས་དེའི་ཕྱིར་
ཁྱེའུའི་མིང་ནྱ་གྲོ་དྷ་སྐྱེས་ཞེས་གདགས་སོ་ཞེས་མིང་བཏགས་སོ། །བྲམ་ཟེ་རྣམས་ཀྱིས་ནི་འདི་སྐད་དུ། འདིའི་ཕ་ཡང་འོད་སྲུང་དང་རུས་གཅིག་པས་ཁྱེའུའི་མིང་འོད་སྲུང་དུ་གདགས་སོ་ཞེས་སྨྲས་སོ། །དེ་ལ་ཁ་ཅིག་གིས་ནི་འོད་སྲུང་ཞེས་བྱ་བར་ཤེས་སོ། །ཁ་ཅིག་
གིས་ནི་ནྱ་གྲོ་དྷ་སྐྱེས་བྱ་བར་ཤེས་སོ། །དེ་ཡང་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་འགྲོགས་ཀྱི་མ་མ་གཉིས་ལ་གཏད་དེ་ལྕགས་ཀྱི་མདའ་ཐོགས་ཤིང་། བསྲུང་
ཁུག་དང་། རྨ་བྱའི་མདོངས་མང་པོ་ཐོགས་ནས་འོ་མ་དང་། ཞོ་དང་མར་སར་པ་དང་། ཞུན་མར་དང་མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་དོ། །དེ་ཡང་རྫིང་ན་གནས་པའི་པད་མ་བཞིན་
དུ་སྐྱེ་དྲག་པར་གྱུར་ཏོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་སློབ་ཏུ་བཅུག་པ་ལས་དེ་ཉི་མ་ཉུང་ཤས་ཀྱིས་ཡི་གེའི་ཕ་རོལ་དུ་སོན་ཅིང་། དེའི་ཚེ་ན་བྲམ་ཟེའི་སྤྱོད་ཚུལ་དང་། སྤྱོད་པ་དང་། གཙང་སྦྲ་དང་། ཀུན་དུ་སྤྱོད་པ་དང་། ཐལ་བ་བླང་བ་དང་།
བྱ་མ་བུམ་བླང་བ་དང་། ས་བླང་བ་དང་། རབ་བསྔགས་བྱ་བ་དང་། འཐོར་འཐུང་བྱ་བ་དང་། བཟླས་བརྗོད་བྱ་བ་དང་། ཡང་དག་པར་སྡོམ་པ་དང་། ངེས་པར་བྱ་བ་དང་། དུས་མཚམས་སུ་ཉེ་བར་སྤྱད་པར་བྱ་བ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་།
མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། བྲམ་ཟེའི་ལས་དྲུག་པོ་མཆོད་སྦྱིན་བྱེད་པ་དང་། མཆོད་སྦྱིན་བྱེད་དུ་འཇུག་པ་དང་། ཀློག་པ་དང་། ཀློག་ཏུ་འཇུག་པ་དང་། སྦྱིན་པ་དང་། ལེན་པ་ལ་མཁས་པར་
เล่ม ๙ · หน้า 31a
གྱུར་ཏོ། །རིག་པའི་གནས་བཅོ་བརྒྱད་དག་ལ་མཁས་པར་གྱུར་ཏེ། འདི་ལྟ་སྟེ། གསང་སྔགས་དང་། རྒྱུད་དང་། ཆོ་ག་ཞིབ་མོ་དང་། གཏན་ཚིགས་ཀྱི་རིག་པ་དང་། རིག་བྱེད་དང་། བརྡ་སྤྲོད་པ་དང་། སྒྲ་ངེས་པར་སྦྱོར་བ་དང་། ཤེས་གསལ་དང་།
ངེས་པའི་ཚིག་དང་། སྡེབ་སྦྱོར་བསྡུས་པ་དང་། སྐར་མའི་རིག་པ་དང་། རྟོགས་བྱེད་ཀྱི་རིག་པ་དང་། ཆུར་ལྷུང་གི་རིག་པ་དང་། ཆེར་སྤྱོད་ཀྱི་རིག་པ་དང་། འཇིག་རྟེན་རྒྱང་འཕེན་པའི་རིག་པ་དང་། བྱེ་བྲག་པའི་རིག་པ་དང་། རྒྱུད་དྲུག་བཅུ་པ་དང་། ཁྱུར་
མིད་ཀྱི་རིག་པ་དང་། གནས་འདུག་གི་རིག་པ་དང་། རིག་པའི་གནས་བཅོ་བརྒྱད་པོ་འདི་དག་ཐམས་ཅད་ལ་བློ་ཤིན་ཏུ་རྣོ་བར་གྱུར་ཏོ། །རེ་ཞིག་ན་ཕས་དེ་ལ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བྲམ་ཟེ་གཙང་སྦྲ་ཅན་གྱིས་ཇི་སྙེད་ཐོས་པ་འདོན་པ་བྱེད་དུ་གཏད་པ་དང་། དེས་དེ་ལྟར་བགྱིའོ་
ཞེས་ཕའི་ཚིག་མཉན་ནས་དེ་བཞིན་དུ་བྱས་སོ། །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་འདི་སྙམ་དུ་བདག་གི་རིགས་རྒྱུད་ནི་ཆེ། བདག་ནོར་རྒྱ་ཆེན་པོ་དང་ནི་ལྡན་པ་ཡིན་ཏེ། ཁྱིམ་འདི་ལྟ་བུར་རྒྱུ་མེད་པར་བུ་དག་ཉིང་མཚམས་སྦྱོར་བ་མི་ལེན་ལ། བྲམ་ཟེ་
རྣམས་ཀྱི་ལུགས་ནི་ལོ་བཞི་བཅུ་རྩ་བརྒྱད་དུ་ཚངས་པར་སྤྱོད་པ་ཡོངས་སུ་བསྲུང་བར་བྱས་ཏེ། རྒས་པའི་གནས་སྐབས་ན་ཆུང་མ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ཡིན་ན། བདག་གིས་ནི་ཐོག་མ་ཉིད་ནས་བུ་ལ་བག་མ་
བླང་བར་བྱའོ། སྙམ་དུ་བསམས་ནས། དེས་ནྱ་གྲོ་དྷ་སྐྱེས་དེ་ལ་སྨྲས་པ། བུ་འཇིག་རྟེན་ན་འདི་ནི་ཆོས་ཉིད་ཡིན་པས་རིགས་རྒྱུད་ཀྱི་ཕྱིར་བག་མ་བླང་བར་བྱའོ། །དེས་སྨྲས་པ། ཡབ་བདག་ལ་མཆིས་བྲང་ཅིར་འཚལ་ཏེ། བདག་ནི་དཀའ་ཐུབ་ཀྱི་ནགས་སུ་གནས་
པར་བགྱིའོ། །ཕ་དེས་དེ་ལ་རིགས་རྒྱུད་གཏན་པར་བྱ་མོད་ཅེས་ཡང་ནས་ཡང་དུ་བརྟུན་པ་དང་། དེ་འདི་སྙམ་དུ་སེམས་ཏེ། འོ་ན་གང་གིས་ན་བདག་གིས་ཡབ་ཡུམ་གྱི་བཀའ་ཡང་མ་བཅག་པར་འགྱུར་བ་དང་། བདག་ཀྱང་བུད་མེད་དང་བསྡུས་པར་མི་འགྱུར་བའི་ཐབས་
เล่ม ๙ · หน้า 31b
ཅི་ཡོད་སྙམ་དུ་དེ་ལྟར་བསམས་ནས་ཕ་ལ་སྨྲས་པ། ཡབ་བདག་ལ་འཛམ་བུའི་ཆུ་བོའི་གསེར་ཞིག་འཚལ་ལོ། །དེས་དཀོར་བའི་མི་བོས་ནས་འདི་སྐད་ཅེས་སྨྲས་སོ། །ནྱ་གྲོ་དྷ་སྐྱེས་འདི་ལ་འཛམ་བུའི་ཆུ་བོའི་གསེར་ཇི་སྙེད་དགོས་པ་དེ་སྙེད་བྱིན་ཅིག །དཀོར་
བའི་མིས་འདི་སྐད་ཅེས་སྨྲས་སོ། །དེ་ལྟར་བགྱིའོ། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་ཕ་ལས་ལྐོག་ཏུ་མགར་བ་ལེགས་པར་བསླབས་པ་བོས་ནས་འཛམ་བུའི་ཆུ་བོའི་གསེར་གྱི་བུད་མེད་ཀྱི་གཟུགས་བརྙན་བྱེད་དུ་བཅུག་ནས་དེས་དེ་ཕ་ལ་ཕུལ་ཏེ་སྨྲས་པ། ཡབ་
འདི་ལྟ་བུའི་གཟུགས་དང་འདྲ་བའི་བུ་མོ་ཞིག་གལ་ཏེ་རྙེད་ན་དེ་བདག་གི་མཆིས་བྲང་ལགས་ཀྱི་དེ་ལས་གཞན་པ་ནི་བདག་གི་མཆིས་བྲང་དུ་དགོས་པ་མ་མཆིས་སོ། །དེ་འདི་སྙམ་དུ་སེམས་ཏེ། བརྟགས་ན་བུ་འདིས་ནི་བདག་ཅག་ལ་མ་བསམས་པ་ལྟ་སྟེ། གསེར་ཐ་མལ་
པའི་མདོག་ཅན་གྱི་བུ་མོ་ཡང་ག་ལ་ཡོད་ན། འཛམ་བུའི་ཆུ་བོའི་གསེར་ལས་བྱས་པ་ལྟ་བུ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་མཐོང་ནས་དེ་རྣམས་ཀྱིས་དེའི་དྲུང་དུ་དོང་སྟེ་དྲིས་པ། མཁན་པོ་ཅིའི་སླད་དུ་ཐུགས་
ཁོང་དུ་ཆུད་ཅིང་བཞུགས། དེས་དེ་རྣམས་ལ་བུ་དེའི་བག་མ་བླང་བའི་སྦྱོར་བ་ཤིན་ཏུ་རྒྱ་ཆེར་སྨྲས་ནས་བརྟགས་ན་བུས་ནི་བདག་ལ་མ་བསམས་པ་ལྟ་སྟེ། རེ་ཞིག་གསེར་ཐ་མལ་པའི་མདོག་ཅན་གྱི་བུ་མོ་ཡང་རྙེད་པར་དཀའ་སྟེ་ག་ལ་ཡོད་ན་གཙོ་བོ་འཛམ་བུའི་ཆུ་བོའི་གསེར་ལས་
བྱས་པའི་གཟུགས་འདི་ལྟ་བུ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ག་ལས་འབྱུང་བར་འགྱུར། དེ་རྣམས་ཀྱིས་དེ་ལ་སྨྲས་པ། མཁན་པོ་མི་དགྱེས་པར་མ་མཛད་ཅིག །ཇི་ལྟ་བུའི་སྐྱེས་བུ་འབྱུང་བ་དེ་ལ་ནི་དེ་འདྲ་བ་ཁོ་ནའི་ཡོ་བྱད་ཕུན་སུམ་ཚོགས་པ་འབྱུང་བས་རེ་ཞིག་
གཅིག་ནི་འདིས་བགྱི། གཟུགས་བརྙན་འདི་ལྟ་བུ་གཞན་གསུམ་ཞིག་བགྱིད་དུ་སྩོལ་ཅིག་དང་། བདག་ཅག་གིས་གང་གིས་ན་གདོན་མི་འཚལ་བར་བུ་མོ་རྙེད་པར་འགྱུར་བ་དེ་ལྟར་ཕྱོགས་བཞི་དག་ཏུ་ཡོངས་སུ་བཙལ་བར་བགྱིའོ། །དེས་སློབ་མ་རྣམས་ཀྱི་ཚིག་མཉན་ནས་
เล่ม ๙ · หน้า 32a
གཟུགས་བརྙན་གཞན་གསུམ་བྱེད་དུ་བཅུག་གོ། །བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་གཟུགས་བརྙན་བཞི་བླངས་ཏེ། གྲོང་དང་གྲོང་རྡལ་དང་། གྲོང་ཁྱེར་དང་། ལྗོངས་དག་ཏུ་རྒྱུ་བའི་ཕྱིར་རོལ་མོའི་སྒྲའི་ཆ་བྱད་ཀྱི་བར་དང་ཆས་ནས་ཕྱོགས་ཕྱོགས་སུ་བརྒྱ་བརྒྱ་
ཆས་པར་གྱུར་པ་དང་། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་དེ་རྣམས་ལ་བསྒོ་བ། ཁྱོད་ཀྱིས་རིགས་སམ། རུས་མི་དམའ་བར་གཟུགས་བརྙན་འདི་འདྲ་བའི་གཟུགས་འབའ་ཞིག་སྒྲུབས་ཤིག །དེ་རྣམས་འདི་སྙམ་དུ་བདག་ཅག་གིས་ཁྱིམ་ནས་ཁྱིམ་ཀུན་དུ་རྒྱུ་བར་ག་
ལ་ནུས་ཀྱིས་ཐབས་ཤིག་བསམ་པར་བྱའོ་སྙམ་མོ། །དེ་རྣམས་ཀྱིས་ཐབས་འཕྲིགས་ནས་དེ་རྣམས་ཀྱིས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་གང་དུ་ཕྱིན་པར་དེར་ཞུགས་ནས་དབུས་སུ་གཟུགས་བརྙན་བཞག་སྟེ་སྤོས་དང་། མེ་ཏོག་དང་། བདུག་པ་
ལ་སོགས་པ་དང་། རོལ་མོའི་སྒྲ་འབྱིན་པས་མཆོད་པ་དག་བྱེད་ཅིང་བུ་མོའི་ལྷ་མོ་ཕྱིན་པ་འདི་ལ་བུ་མོ་དག་བཀུར་སྟི་བྱེད་ན། དེ་ལ་དམ་པ་ལྔ་པོ་རིགས་མཐོན་པོར་སྐྱེ་བ་དང་། རིགས་མཐོན་པོའི་བག་མར་ལེན་པར་འགྱུར་བ་དང་། ཁྱིམ་ཤིན་ཏུ་ཕུན་སུམ་ཚོགས་
པར་འདུག་པ་དང་། ཁྱིམ་ཐབ་ཀྱང་དེའི་དབང་དུ་འགྱུར་བ་དང་། བུ་དང་ལྡན་པར་འགྱུར་བ་སྦྱིན་པར་བྱེད་དོ་ཞེས་ཚིག་དག་ཀྱང་སྨྲ་བར་བྱེད་དོ། །ཚིག་དེ་ཐོས་ནས་བུ་མོའི་སྐྱེ་བོའི་ཚོགས་རྒན་མོ་དང་། གཞོན་ནུར་བཅས་པས་མཆོད་པ་དང་། བཀུར་སྟི་བྱེད་ཅིང་གསོལ་བ་
འདེབས་པར་བྱེད་དོ། །རེ་ཞིག་ན་ཤར་དང་། ལྷོ་དང་། བྱང་གི་ཕྱོགས་རྣམས་སུ་དོང་བ་དེ་དག་བསམ་པ་མ་གྲུབ་པར་ལྷགས་སོ། །དེ་དག་མཐོང་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ནྱ་གྲོ་དྷ་ནི་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ནི་མགུ་ཞིང་དགའ་ལ་ཡིད་
རབ་ཏུ་དགའ་སྟེ། འདི་སྐད་དུ་གལ་ཏེ་མ་རྙེད་ན་ལེགས་སོ་ཞེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་གང་དག་བུ་མོའི་ལྷ་མོ་ཐོགས་ཏེ་ནུབ་ཕྱོགས་སུ་དོང་བ་དེ་རྣམས་ནི་མཐར་གྱིས་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དུ་རྒྱུ་ཞིང་ཀ་པི་ལའི་ལྗོངས་ན་གྲོང་
เล่ม ๙ · หน้า 32b
ཁྱེར་ཀ་པི་ལ་ཞེས་བྱ་བ་དེར་ཕྱིན་ནོ། །དེ་ན་ཡང་བྲམ་ཟེ་སེར་སྐྱ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་
ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དུས་གཞན་ཞིག་ན་དེའི་ཆུང་མ་དེ་ལ་སེམས་ཅན་ཞིག་ཞུགས་པར་གྱུར་ཏོ། །ཇི་ཙམ་ན་ཟླ་བ་བརྒྱད་དམ། དགུ་འདས་ཏེ་བཙས་པ་ལས། བུ་མོ་གཟུགས་
བཟང་བ། བལྟ་ན་སྡུག་པ། མཛེས་པ་ཞིག་སྐྱེས་ནས་དེའི་ཉེ་དུ་རྣམས་ཚོགས་ཤིང་འདུས་ཏེ་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་སྦྱིན་པ་དག་ནི་བྱིན། བསོད་ནམས་དག་ནི་བྱས་ནས་མིང་འདོགས་པར་བྱེད་དོ། །ཡུལ་དབུས་ན་ཡང་ལུགས་ཀྱིས་གང་གཟུགས་བཟང་བ་དེ་ལ་
བཟང་མོ་ཞེས་ཟེར་བས་འདི་སྐད་དུ་བུ་མོ་འདི་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཡིན་ལ། འདིའི་ཕ་ཡང་སེར་སྐྱ་ཞེས་བྱ་བ་ཡིན་པས། བུ་མོ་འདི་ཡང་སེར་སྐྱའི་བུ་མོ་བཟང་མོ་ཞེས་བྱ་བར་གདགས་སོ་ཞེས་མིང་བཏགས་སོ། །དེ་ནས་སེར་སྐྱའི་
བུ་མོ་བཟང་མོ་མ་མ་བརྒྱད་ལ་རྗེས་སུ་གཏད་དེ། བརྒྱད་པོ་གང་ཞེ་ན། པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་བསྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་འགྲོགས་ཀྱི་མ་མ་གཉིས་དང་། ལྕགས་ཀྱི་མདའ་ཐོགས་ཤིང་རྨ་
བྱའི་མདོངས་མང་པོའི་བསྲུང་ཁུག་བཅངས་ནས། འོ་མ་དང་། ཞོ་དང་། མར་དང་ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་དོ། །དེ་ཡང་རྫིང་ན་གནས་པའི་པད་མ་བཞིན་དུ་སྐྱེ་དྲག་པར་
གྱུར་ཏེ། ཇི་ཙམ་ན་ཆེན་མོར་གྱུར་ཏེ། དེ་རྣམས་སྲང་གི་དབུས་སུ་ཕྱིན་ནས་གཟུགས་བརྙན་བཞག་སྟེ། སྤོས་དང་མེ་ཏོག་དང་། བདུག་པ་ལ་སོགས་པ་དང་། རོལ་མོའི་སྒྲ་འབྱིན་པས་མཆོད་པ་དག་བྱེད་ཅིང་། བུ་མོའི་ལྷ་མོ་ཕྱིན་པ་འདི་ལ་བུ་མོ་དག་བཀུར་
เล่ม ๙ · หน้า 33a
སྟི་བྱེད་ན། དེ་ལ་དམ་པ་ལྔ་པོ་རིགས་མཐོན་པོར་སྐྱེ་བ་དང་། རིགས་མཐོན་པོའི་བག་མར་ལེན་པར་འགྱུར་བ་དང་། ཁྱིམ་ཤིན་ཏུ་ཕུན་སུམ་ཚོགས་པར་འདུག་པ་དང་། ཁྱིམ་ཐབ་ཀྱང་དེའི་དབང་དུ་འགྱུར་བ་དང་། བུ་དང་ཡང་ལྡན་པར་འགྱུར་བ་སྦྱིན་
པར་བྱེད་དོ། །ཞེས་ཚིག་དག་ཀྱང་སྨྲ་བར་བྱེད་དོ། །དེ་ནས་གྲོང་ཁྱེར་ཀ་པི་ལ་ན་འཁོད་པའི་གཞོན་ནུ་མ་རྣམས་བུ་མོའི་ལྷ་མོའི་དྲུང་དུ་དོང་སྟེ། མཆོད་པ་དག་བྱེད་ཅིང་གསོལ་བ་དག་འདེབས་པར་བྱེད་དོ། །དེ་ནས་བྲམ་ཟེ་སེར་སྐྱའི་ཆུང་མས་བུ་མོའི་ལྷ་མོ་དེ་ལྟ་བུ་འོངས་ཏེ་དམ་པ་ལྔ་སྦྱིན་པར་
བྱེད་དོ་ཞེས་ཐོས་སོ། །དེས་གཏམ་དེ་ཐོས་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་སོང་ལ་ཁྱོད་ཀྱང་བུ་མོའི་ལྷ་མོ་ལ་མཆོད་པ་བྱོས་ཤིག །དེས་སྨྲས་པ། བུ་མོའི་ལྷ་མོ་མཆོད་པས་དེ་ལས་ཅིར་འགྱུར། དེས་སྨྲས་པ། གསོལ་བ་བཏབ་ན་དམ་པ་ལྔ་
སྦྱིན་པར་བྱེད་དེ། ལྔ་གང་ཞེ་ན། རིགས་མཐོན་པོར་སྐྱེ་བ་དང་། རིགས་མཐོན་པོའི་བག་མར་ལེན་པར་འགྱུར་བ་དང་། ཁྱིམ་ཤིན་ཏུ་ཕུན་སུམ་ཚོགས་པར་འདུག་པ་དང་། ཁྱིམ་ཐབ་ཀྱང་དེའི་དབང་དུ་འགྱུར་བ་དང་། བུ་དང་ཡང་ལྡན་པར་འགྱུར་རོ། །དེ་ནས་སེར་སྐྱའི་
བུ་མོ་བཟང་མོས་མ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཡུམ་བདག་ནི་རིགས་མཐོན་པོར་སྐྱེས་ཤིང་གཟུགས་བཟང་བ་དང་། བལྟ་ན་སྡུག་པའི་བར་དུ་གྱུར་ཀྱང་འདོད་པ་རྣམས་ནི་བདག་དོན་དུ་མི་གཉེར་ན་བདག་ལ་དམ་པ་ཅི་ཞིག་འཚལ། དེ་ལ་མས་ཡང་དང་ཡང་བསྐུལ་བ་དང་། དེ་
ནས་སེར་སྐྱའི་བུ་མོ་བཟང་མོས་མའི་སེམས་བསྲུང་བའི་ཕྱིར་མེ་ཏོག་དང་། སྤོས་དང་། ཕྱེ་མ་དང་། གོས་ལ་སོགས་པ་ཁྱེར་ཏེ་བུ་མོའི་ལྷ་མོ་ག་ལ་བ་དེར་སོང་ངོ་། །ཇི་ལྟ་ཇི་ལྟར་གཟུགས་བརྙན་དེ་དང་ཉེ་བར་ཕྲད་དུ་བྱེད་པ་དེ་ལྟ་དེ་ལྟར་གཟུགས་བརྙན་དེ་ཇེ་སྔོ་ཇེ་སྔོར་གྱུར་ཏོ། །
དེ་དང་ཉེ་བར་ཕྲད་པ་དང་། བུ་མོའི་ལྷ་མོ་དེ་ལྕགས་ལས་བྱས་པ་འདྲ་བར་གྱུར་ཏོ། །བྲམ་ཟེའི་ཁྱེའུ་དེ་རྣམས་འདི་སྙམ་དུ་ཆོ་འཕྲུལ་བྱུང་བར་གྱུར་པ་འདི་ཅི་ཞིག་ཡིན། འདི་སུའི་མཐུ་ཡིན་སྙམ་དུ་བསམས་པ་ལས་དེ་རྣམས་ཀྱིས་སྣང་བ་འདི་ལྟ་བུ་འདི་ནི་བུ་མོ་འདིའི་ཡིན་ནོ་
เล่ม ๙ · หน้า 33b
སྙམ་དུ་འཕྲིགས་ནས་དེ་རྣམས་ཀྱིས་བུ་མོ་དེ་ལ་དྲིས་པ། ཁྱོད་སུའི་བུ་མོ་ཡིན། དེས་སྨྲས་པ། བྲམ་ཟེ་སེར་སྐྱའི་བུ་མོ་བཟང་མོའོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་བུ་མོ་དེ་ལས་ཐོས་ནས་བྲམ་ཟེ་སེར་སྐྱའི་ཁྱིམ་ག་ལ་བ་དེར་དོང་སྟེ། ཕྱིན་ནས་ཁྱིམ་གྱི་སྒོ་དྲུང་
དུ་འཁོད་དེ་སྨྲས་པ། ཤེས་ལྡན་སློང་མོ་བྱིན་ཅིག །བྲམ་ཟེ་སེར་སྐྱས་སློང་མོ་ཞེས་ཐོས་པས་བྲམ་ཟེའི་ཁྱེའུ་སློང་མོ་དོན་དུ་གཉེར་བ་ཡིན་སྙམ་སྟེ། ནང་མི་ལ་བསྒོ་བ་བྲམ་ཟེའི་ཁྱེའུ་རྣམས་ལ་ཤིང་མ་ལུ་ཏའི་མེ་ཏོག་གི་མདོག་འདྲ་བའི་ཕྱེ་དང་། མར་དང་བུ་རམ་དང་། རྒུན་འབྲུམ་
དང་། བལ་པོ་སེའུ་དང་། ཏིན་ཏི་ལི་ཀ་བྱིན་ཅིག །ཡུལ་དབུས་ན་ཡང་ལུགས་ཀྱིས་བུ་མོ་རྣམས་ཀྱིས་ཕའི་ཁྱིམ་ནས་སློང་མོ་སྦྱིན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཕའི་ཁྱིམ་ནས་སློང་མོ་བྱིན་པས་སྙིང་པོ་བླང་བ་བླངས་པར་འགྱུར་རོ། །དེ་ནས་སེར་སྐྱའི་བུ་མོ་བཟང་མོས་སློང་
མོ་ཁྱེར་ཏེ་བྲམ་ཟེའི་ཁྱེའུ་སློང་མོ་པ་རྣམས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སློང་མོ་དེ་བྱིན་པ་དང་། བྲམ་ཟེའི་ཁྱེའུ་དེ་རྣམས་སློང་མོ་ལེན་པར་མི་བྱེད་དོ། །ཇི་ཙམ་ན་བྲམ་ཟེ་སེར་སྐྱས་ཐོས་སོ། །དེ་ནས་བྲམ་ཟེ་སེར་སྐྱས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཅི་
འདོད་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །བུ་མོའི་སློང་མོ་བདག་ལ་དགོས་ཀྱི། ཕྱེའི་སློང་མོ་ནི་མ་ཡིན་ནོ། །དེ་ནས་བྲམ་ཟེ་སེར་སྐྱ་ཁྲོས་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ངས་ཁྱེད་ལ་བུ་མོའི་སློང་མོ་མི་སྦྱིན་ནོ། །དེ་དག་གིས་འདི་སྐད་ཅེས་སྨྲས་
སོ། །བདག་ཅག་ནི་རང་གི་དོན་དུ་བུ་མོའི་སློང་མོ་མི་ཚོལ་ལོ། །དེ་ནས་བྲམ་ཟེ་སེར་སྐྱས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་དག་ཁོ་བོས་ནི་དོན་དེ་བརྡ་མ་ཕྲད་དོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་བྲམ་ཟེ་སེར་སྐྱ་ལ་འདི་སྐད་ཅེས་སྨྲས་
སོ། །ཤེས་ལྡན་དག་ཅི་ཡུལ་མ་ག་དྷཱ་ན་གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་ཞེས་བྱ་བ་དེ་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ། ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ།
เล่ม ๙ · หน้า 34a
རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་ལ་དེ་ལ་བྲན་གྲོང་བཅུ་དྲུག་དང་། ལས་ཀྱི་མཐའ་པའི་གྲོང་སུམ་བཅུ་དང་། སྐྱེད་སྒྱུར་བའི་གྲོང་དྲུག་བཅུ་དང་། རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་དང་། གསེར་བྱེ་བ་དྲུག་བཅུ་དང་། གང་དག་གིས་
རྒྱལ་པོ་པད་མ་ཆེན་པོ་ཐུབ་པའི་གསེར་གྱི་ནས་སྦྱང་བརྒྱད་བཅུ་བདོག་པ་ཞེས་བྱ་བའི་བར་ནས་དེ་ལ་བུ་ནྱ་གྲོ་དྷ་སྐྱེས་ཞེས་བྱ་བ། གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། བྲམ་ཟེའི་ལས་དྲུག་ལ་མཁས་པ། རིག་བྱེད་དང་། རིག་བྱེད་ཀྱི་ཡན་ལག་གི་
ཕ་རོལ་དུ་སོན་པ། རིག་པའི་གནས་བཅྭ་བརྒྱད་པོ་ཐམས་ཅད་ལ་ཤིན་ཏུ་བློ་རྣོ་བར་ཡོད་པར་ཐོས་སམ། བདག་ཅག་ནི་དེའི་ཆེད་དུ་བུ་མོའི་སློང་མོ་སློང་ངོ་། །དེ་ནས་བྲམ་ཟེ་སེར་སྐྱས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་བོས་བྲམ་ཟེ་ཤིང་སཱ་ལ་
ཆེན་པོ་ལྟ་བུ་དེ་རིགས་དང་། ཚུལ་ཁྲིམས་དང་། གཙང་སྦྲ་དང་། ཀུན་དུ་སྤྱོད་པ་ཅི་འདྲ་བ་དང་ལྡན་པ་དེའི་ཡོན་ཏན་རྒྱ་ཆེར་ཐོས་ན། འོན་ཀྱང་ཡུལ་ཐག་རིང་པོ་ན་འདུག་པས་ཇི་ལྟར་དེ་དང་ལྷན་ཅིག་གཉེན་བྱ། དེ་དག་གིས་ཤེས་ལྡན། མེ་གང་
ཡིན་དང་རླུང་གང་ཡིན། །ཁྲག་དང་ཕྲད་པའི་དུག་དང་ནི། །བྲམ་ཟེ་ངེས་པར་བྱས་པ་དང་། །རྟ་གང་ཡིན་པ་དེ་མི་ཐོགས། །ཞེས་བྱ་བའི་བར་དག་སྔོན་མ་ཐོས་སམ། བྲམ་ཟེ་དེ་ཡང་ཤིན་ཏུ་ཕྱུག་ཆེན་ཡིན་ལ། ཁྱོད་ཀྱང་དེ་ཁོ་ན་དང་འདྲ་བར་ཕྱུག་ཅིང་ནོར་
ཆེ་བ་ཡིན་ཏེ། གང་གིས་དེ་དག་འགྲོ་བ་དང་འོང་བར་འགྱུར་བའི་བཞོན་པ་དང་མི་དག་ཀྱང་ཡོད་ལ། གཞན་ཡང་རིང་པོ་ན་འདུག་པ་ཁོ་ན་དང་བཤེས་གཉེན་བྱ་བ་དེ་ནི་བརྟན་པ་ཡིན་ནོ། །གང་གི་ཚེ་བྲམ་ཟེའི་ཁྱེའུ་དེ་དག་གིས་བྲམ་ཟེའི་ཤིང་སཱ་ལ་ཆེན་པོ་ལྟ་བུ་
སེར་སྐྱ་ལ་སྙིང་སྡུད་པར་བྱེད་པའི་ཚིག་དག་གིས་གོ་བར་བྱས་པ་དང་། དེའི་ཚེ་དེས་ཁྲུས་ཀྱི་ཡོ་བྱད་འདི་ལྟ་སྟེ། ཁྲུས་རས་དང་། སོ་ཕག་དང་། ཕྱེ་མ་དང་། འབྲུ་མར་དང་། སོ་མངས་ལ་སོགས་པ་དག་བྱིན་ནོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཁྲུས་
เล่ม ๙ · หน้า 34b
ཀྱི་ཡོ་བྱད་དེ་དག་བླངས་ནས་གྲོང་ཁྱེར་ཀ་པི་ལའི་ཕྱི་རོལ་དུ་ལྟེང་ཀ་དག་ཏུ་ཁྲུས་བྱ་བའི་ཕྱིར་དོང་ངོ་། །དེ་ནས་བྲམ་ཟེ་སེར་སྐྱ་འདི་སྙམ་དུ་སེམས་ཏེ། ཇི་སྲིད་དུ་བྲམ་ཟེའི་ཁྱེའུ་རྣམས་ལྟེང་ཀར་ཁྲུས་ཀྱི་ཕྱིར་དོང་བ་དེ་སྲིད་དུ་བདག་ཀྱང་བཤེས་གཉེན་དང་། ཉེ་དུ་དང་། རྩ་
ལག་རྣམས་དང་ལྷན་ཅིག་གྲོས་བྱའོ། །སྙམ་དུ་བསམས་ནས། བྲམ་ཟེ་སེར་སྐྱ་ཁྱིམ་གྱི་ནང་དུ་བཞུགས་ཏེ་ཆུང་མ་དང་། ཉེ་དུའི་ཚོགས་དང་ལྷན་ཅིག་འདུག་ནས་དེས་དེ་རྣམས་ལ་དོན་དེ་སྨྲས་པ་དང་། དེ་རྣམས་ཀྱིས་སྨྲས་པ། བྲམ་ཟེ་དེ་ཤིང་སཱ་ལ་ཆེན་པོ་ལྟ་
བུ་ཞིག་ཡིན་པས་གལ་ཏེ་མི་འདོད་ན་ཡང་དེའི་ཕྱིར་བདག་ཅག་གི་ཤིན་ཏུ་འབད་དེ་དེ་ལ་བུ་མོ་སྦྱིན་པར་བྱ་བ་ཡིན་ན། གང་གི་ཕྱིར་དེ་རང་ཉིད་དོན་དུ་གཉེར་ན་ལྟ་སྨོས་ཀྱང་ཅི་དགོས་ཏེ། མི་བཀྱིག་པར་སྦྱིན་པར་བྱའོ། །དེ་དང་བདག་ཅག་ཏུ་གཉེན་བྱ་བ་ནི་ཐབ་ཟླར་བབ་ཅིང་
རུང་བ་ཡིན་ལ་བུ་མོ་ཡང་བདེ་བར་འགྱུར་རོ། །དེ་ནས་ཕྱིས་ཕ་མ་དེ་གཉིས་བུ་མོ་དེ་ཁྲུས་བྱས་ཏེ་གོས་དཀར་པོ་དག་བསྐོན་ནས་དགེ་མཚན་དང་། བཀྲ་ཤིས་དག་བྱས་ཤིང་བྲམ་ཟེ་རྣམས་ཀྱིས་དག་བྱེད་དུ་འགྱུར་བ་དག་བཀླགས་ཏེ། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་
ལ་ཆུང་མ་བྱ་བའི་ཕྱིར་བྱིན་ནོ། །དེའི་འོག་ཏུ་བུ་མོ་དེའི་ཕ་མ་གཉིས་ལ་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་ཟླ་བ་དང་། ཉི་མ་དང་། རྒྱུ་སྐར་དང་། ཡུད་ཙམ་དག་བརྩིས་ཏེ་སྨྲས་པ། ཟླ་བ་ཆེ་གེ་མོ་ཞིག་དང་། ཉི་མ་དང་རྒྱུ་སྐར་དང་། ཡུད་ཙམ་ཆེ་གེ་མོ་ཞིག་ན་ཁྱེའུ་དང་ཉེ་
བར་གནས་པར་འགྱུར་རོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་བརྣག་པ་ཡོངས་སུ་རྫོགས་ནས་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་བས་གྲོང་ཁྱེར་ནྱ་གྲོ་དྷ་ཅན་ག་ལ་བ་དེར་ཆས་ནས་མཐར་གྱིས་གྲོང་ཁྱེར་ནྱ་གྲོ་དྷ་ཅན་དུ་ཕྱིན་ཏོ། །དེ་རྣམས་ཐག་རིང་པོ་ན་འདུག་པ་བྲམ་ཟེའི་ཁྱེའུ་
ནྱ་གྲོ་དྷ་སྐྱེས་ཀྱིས་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་ཇི་ལྟར་བྲམ་ཟེའི་ཁྱེའུ་དེ་རྣམས་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་སྟེ་ལྷགས་པ་ལས་ན་གོར་མ་ཆག་པར་ཇི་ལྟར་བདག་གིས་བསམས་པ་བཞིན་རྙེད་དོ་སྙམ་དུ་སེམས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་
เล่ม ๙ · หน้า 35a
བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བྲམ་ཟེ་ནྱ་གྲོ་དྷ་ལ་ཕྱག་བྱས་ནས་འཁོད་དོ། །དེས་ཀྱང་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་སོ་སོར་ཀུན་དགའ་བར་བྱས་སོ། །སོ་སོར་ཀུན་དགའ་བར་བྱས་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་
འདི་སྐད་ཅེས་སྨྲས་སོ། །ཀྱེ་བྲམ་ཟེའི་ཁྱེའུ་རྣམས་ཅི་བདག་ཅག་གིས་ཇི་ལྟར་བསམས་པ་དང་། ཡིད་ལ་རེ་བ་བཞིན་ཡོངས་སུ་རྫོགས་སམ། དེ་རྣམས་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་བས་མཁན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མཁན་པོ་དགྱེས་པ་བསྐྱེད་
དུ་གསོལ། མཁན་པོས་ཇི་ལྟར་དགོངས་པ་དེ་བས་ཆེས་ཁྱད་པར་དུ་འཕགས་པ་ཞིག་རྙེད་དོ། །དེས་འདི་སྐད་ཅེས་སྨྲས་སོ། །དཔེར་ཇི་ལྟ་བུ་ཞིག་མཁན་པོས་རིགས་དང་། རུས་དང་། རྒྱུད་ཀྱིས་ནི་བུ་མོ་མི་བརྟག་གི །འོན་ཀྱང་གཟུགས་བཟང་བ་ཁོ་ན་བརྟག་པར་
བྱའོ། །ཞེས་མ་གསུངས་སམ། བདག་ཅག་གིས་ནི་གཟུགས་བཟང་བ་དང་། རིགས་དང་། རུས་དང་། རྒྱུད་དང་། ནོར་དང་ལྡན་པ་རྙེད་དོ། །དཔེར་ཇི་ལྟ་བུ་ཞིག་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་དྲིས་པ་རྣམས་ཐམས་ཅད་རྒྱ་ཆེར་བསྙད་དེ། ཟླ་བ་དང་། ཉི་
མ་དང་། རྒྱུ་སྐར་དང་། ཡུད་ཙམ་ཡང་བརྗོད་དེ། མཁན་པོ་བདག་ཅག་གིས་དེ་ལྟར་ངེས་པར་བགྱིས་ནས་མཆིས་ཀྱིས་མཁན་པོ་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛོད་ཅིག །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་ལོ་རྒྱུས་དེ་དག་ཐོས་ནས་མགུ་ཞིང་དགའ་ལ་
ཡིད་རབ་ཏུ་དགའ་སྟེ། བྲམ་ཟེའི་ཁྱེའུ་དེ་རྣམས་ལ་བཟའ་བ་དང་། བཅའ་བ་དང་། སྐོམ་དང་། གོས་དང་། བགོ་བ་དང་། རྒྱན་གྱི་ཁྱད་པར་སྣ་ཚོགས་ཀྱིས་མཆོད་དོ། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་བུ་མོ་དེ་གཟུགས་དང་ཁ་དོག་རྒྱས་པར་དེ་ལྟ་བུ་དེ་
ཐོས་ནས་ཡི་ཆད་པར་གྱུར་ཏེ། གཟུགས་དེ་འདྲ་བར་སྡུག་པར་ཐོས་པ་ལས་ན། གོར་མ་ཆག་པར་དེ་འདོད་ཆགས་ཤས་ཆེ་བ་ཡིན་གྱིས་མ་ལ་བདག་སོང་སྟེ་ཆེས་སྔར་བརྟག་པར་བྱའོ། །སྙམ་དུ་བསམས་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །
เล่ม ๙ · หน้า 35b
ཡབ་ཡུམ་ཆེས་སྔར་འཇུག་ངོགས་སུ་ཉེ་རེག་བགྱིའོ། །སླད་ཀྱིས་བག་མ་བླང་ངོ་། །དེ་ལ་དེ་གཉིས་གནང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་བྲམ་ཟེའི་ཁྱེའུ་གཅིག་ཅིག་དང་ལྷན་ཅིག་ཏུ་གྲོང་ཁྱེར་ནྱ་གྲོ་དྷ་ཅན་ནས་བྱུང་སྟེ། གྲོང་ཁྱེར་ཀ་པི་ལ་ག་ལ་བ་དེར་ཆས་ནས་མཐར་གྱིས་
གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དུ་རྒྱུ་ཞིང་གྲོང་ཁྱེར་ཀ་པི་ལར་ཕྱིན་ནོ། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ལམ་གྱིས་དུབ་པ་ངལ་བསོས་ཏེ་ལོ་མའི་ཕུར་མ་ཐོགས་ནས་གྲོང་ཁྱེར་ཀ་པི་ལར་སློང་མོའི་ཕྱིར་ཞུགས་སོ། །དེ་ཁྱིམ་ནས་
ཁྱིམ་དུ་སློང་མོ་ལ་རྒྱུ་ཞིང་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་སེར་སྐྱའི་ཁྱིམ་གྱི་སྒོར་ཕྱིན་ཏོ། །དེ་ནས་སེར་སྐྱའི་བུ་མོ་བཟང་མོ་སློང་མོ་ཐོགས་ནས་བྱུང་བ་དང་། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་བུ་མོ་དེ་ནི་འདི་ཡིན་ནོ་སྙམ་དུ་
བསམས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་སུའི་བུ་མོ་ཡིན། དེས་འདི་སྐད་ཅེས་སྨྲས་སོ། །སེར་སྐྱའི་ཡིན་ནོ། །ཁྱོད་གཞན་ལ་བྱིན་ནམ། དེས་འདི་སྐད་ཅེས་སྨྲས་སོ། །བདག་གིས་གྲོང་ཁྱེར་ནྱ་གྲོ་དྷ་ཅན་ན་བྲམ་
ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཞེས་བྱ་བ་གནས་པ་དེའི་ནྱ་གྲོ་དྷ་སྐྱེས་ཞེས་བྱ་བ་དེ་ལ་བདག་ཕ་མ་གཉིས་ཀྱིས་བྱིན་པར་ཐོས་སོ། །དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་ཁྱོད་ལ་ཁྱིམ་ཐབ་དེ་འདྲ་བ་ཅིར་དགོས། གང་ལ་དེ་ཁྱིམ་ཐབ་ཏུ་གྱུར་པ་དེ་ནི་ཁྱིམ་ཐབ་མེད་པ་ཉིད་དུ་
ཤེས་པར་གྱིས་ཤིག །དཔེར་ཇི་ལྟ་བུ་ཞིག །དེས་འདི་སྐད་ཅེས་སྨྲས་སོ། །དེ་ནི་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ཡིན་ན་ཁྱིམ་ཐབ་དེ་ལྟ་བུ་དེས་ཅི་ཞིག་བྱ། རྗེའི་སྲས་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་བདག་དབུགས་ཀུན་དུ་ཕྱུང་ངོ་། །ཁྱོད་ཀྱིས་ནི་བདག་ལ་
བདུད་རྩི་ཁོ་ནས་དབང་བསྐུར་རོ་སྙམ་སེམས་སོ། །དེས་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་བྲམ་ཟེའི་ཁྱེའུ་བདག་ཀྱང་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ཡིན་ནོ། །འདི་སྐད་ཅེས་ཀྱང་སྨྲས་སོ། །ཕྱུག་པོ་དང་ནི་དབུལ་པོ་ལ། །འདྲ་བར་ཁྱོད་མཐོང་བདེ་བ་འདི། །སྙིང་དང་
เล่ม ๙ · หน้า 36a
མཐུན་པའི་བྱུག་པ་སྟེ། །ཙན་དན་པུ་ཤེལ་ཙི་དག་མིན། །འོན་ཀྱང་བདག་ལ་དབང་མེད་དེ་ཕ་མ་གཉིས་ཀྱིས་བདག་ཁྱིམ་ཐབ་ལ་བྱིན་ན་ཇི་ལྟར་བྱ། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་
བརྟན་པ་དང་སྤུངས་གྱིས་ཤིག །བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་དེ་ཁོ་བོ་ཡིན་ནོ། །དེ་ནས་སེར་སྐྱའི་བུ་མོ་བཟང་མོས་བྲམ་ཟེའི་ཁྱེའུ་དེ་ལས་ཚིག་དེ་ཐོས་ནས་རྒྱས་པར་ཆེས་དབུགས་ཀུན་དུ་བྱུང་བར་གྱུར་ཏེ། ནྱ་གྲོ་དྷ་སྐྱེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་བཞུད་ལ་
དམ་བཅས་པ་བརྟན་པར་གྱིས་ཤིག །དམ་པ་རྣམས་ནི་དམ་བཅས་པ་བརྟན་པ་ལགས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་དང་ལྷན་ཅིག་གྲོས་བྱས་ནས་ཡང་སླར་གྲོང་ཁྱེར་ནྱ་གྲོ་དྷ་ཅན་དུ་ཕྱིན་ཏོ། །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་
པོ་ལྟ་བུ་ནྱ་གྲོ་དྷས་ཁྱིམ་པ་རྣམས་ཀྱི་ཁྱིམ་པའི་ཆོས་ཇི་ལྟ་བུ་ཡིན་པ་དེ་བྱས་ཏེ། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཆུང་མ་བླངས་སོ། །གང་གི་ཚེ་གྲོང་ཁྱེར་ནྱ་གྲོ་དྷ་ཅན་དུ་བཟང་མོ་བླངས་པ་དེའི་ཚེ་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱི་ཕ་མ་གཉིས་ཀྱིས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་
དང་། སེར་སྐྱའི་བུ་མོ་བཟང་མོ་གནས་གཅིག་ཏུ་བཀོད་དོ། །དེ་གཉིས་ཀྱི་ཆེད་དུ་མལ་གཉིས་བཅས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་སྔོན་དམ་བཅས་པ་དྲན་པར་བྱོས་ཤིག །སེར་
སྐྱའི་བུ་མོ་བཟང་མོས་ཀྱང་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། །རྗེའི་སྲས་ཁྱོད་ཀྱང་དགོངས་ཤིག་ཅེས་གཅིག་གིས་གཅིག་བསྐུལ་ཏེ། མ་དང་བུ་གཉིས་ཇི་ལྟ་བ་བཞིན་དུ་འཁོད་དོ། །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཆུང་མ་དང་བཅས་
པས་དེ་གཉིས་ཀྱི་རིམ་གྲོ་མ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཆུང་མ་དང་ལྷན་ཅིག་ཇི་ལྟར་འདུག །དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །མ་དང་བུ་ལྷན་ཅིག་པའམ། བུ་དང་མ་ལྷན་ཅིག་པ་བཞིན་ནོ། །དེ་སྐད་ཅེས་ཐོས་ནས་ཀྱང་བྲམ་ཟེ་
เล่ม ๙ · หน้า 36b
ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཆུང་མ་དང་ལྷན་ཅིག་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཁོ་ནའི་ཉེས་པ་ཡིན་གྱི། དེ་གཉིས་ཀྱི་ནི་མ་ཡིན་ཏེ། གང་གི་ཕྱིར་བདག་ཅག་གིས་དེ་གཉིས་ཀྱི་ཆེད་དུ་མལ་གཉིས་བཅས་པས་སོ་སྙམ་བསམས་ནས་མལ་དང་ཁྲིའུ་གཅིག་བཞག་གོ། །
དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་འདི་སྙམ་དུ་ཀྱེ་མ་ཕ་མ་གཉིས་ཀྱིས་བདག་ཅག་ལ་དམ་པ་མ་ཡིན་པའི་ཆོས་ཀྱི་ཆེད་དུ་བརྩམ་པ་ཆེན་པོ་འདི་བླངས་སོ་སྙམ་དུ་སེམས་སོ། །སེར་སྐྱའི་བུ་མོ་བཟང་མོས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱི་ཕ་མའི་དགོངས་པ་ཁོང་དུ་ཆུད་ནས་བྲམ་ཟེའི་ཁྱེའུ་
ནྱ་གྲོ་དྷ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། །རྗེའི་སྲས་ཁྱོད་དང་བདག་གི་ཆེད་དུ་སྦྱོར་བ་འདི་སྦྱར་ཏོ། །འོན་ཀྱང་སྔོན་གྱི་དམ་བཅས་པ་དགོངས་ཤིག །དེས་སྨྲས་པ། སྙིང་ལས་ཆུང་ངུར་གྱིས་ལ་བག་མ་ཚ་ཞིག །དེ་ན་ནམ་གྱི་ཆ་སྟོད་ལ་ནི་སེར་སྐྱའི་བུ་མོ་བཟང་མོ་མལ་དུ་ཉལ་ལོ། །
ནྱ་གྲོ་དྷ་སྐྱེས་ནི་ཁྲིའུ་ལ་གནས་ཤིང་འདུག །ནམ་གྱི་གུང་ཐུན་ལ་ནི་ནྱ་གྲོ་དྷ་སྐྱེས་ཉལ་ལོ། །བཟང་མོ་ནི་གནས་ཤིང་འདུག་གོ། །ནམ་གྱི་ཆ་སྨད་ལ་ནི་ཡང་བཟང་མོ་ཉལ་ལོ། །ནྱ་གྲོ་དྷ་སྐྱེས་ནི་ཁྲིའུ་ལ་འདུག་ཅིང་མི་ཉལ་ལོ། །དེ་བཞིན་དུ་ཁྲིའུའི་བར་ཡང་ཕྱུང་བ་དང་
ཡང་སེར་སྐྱའི་བུ་མོ་བཟང་མོས་ནྱ་གྲོ་དྷ་སྐྱེས་ལ་སྨྲས་པ། རྗེའི་སྲས་འོ་སྐོལ་གྱི་ཆེད་དུ་སྦྱོར་བ་འདི་བརྩམས་ཀྱིས་སྔོན་གྱི་དམ་བཅས་པ་དགོངས་ཤིག །དེས་སྨྲས་པ། རྟོག་པ་མེད་པ་དང་། དོགས་པ་མེད་པར་གྱིས་ལ་ཁྱོད་ཀྱང་སྔོན་གྱི་དམ་བཅས་པ་དྲན་པར་གྱིས་
ཤིག །དེ་ནས་བཟང་མོ་ནི་ནམ་གྱི་ཆ་སྟོད་ལ་ཉལ་ལོ། །ནྱ་གྲོ་དྷ་སྐྱེས་ནི་འཆག་གོ། །ནམ་གྱི་གུང་ཐུན་ལ་ནི་ནྱ་གྲོ་དྷ་སྐྱེས་ཉལ་ལོ། །སེར་སྐྱའི་བུ་མོ་བཟང་མོ་ནི་འཆག་གོ། །ཡང་ནམ་གྱི་ཆ་སྨད་ལ་ནི་བཟང་མོ་ཉལ་ལོ། །ནྱ་གྲོ་དྷ་སྐྱེས་ནི་འཆག་སྟེ། དེ་དག་ཚུལ་
འདིས་གནས་གཅིག་ན་མལ་གཅིག་ཏུ་ལོ་བཅུ་གཉིས་ཐལ་ཐལ་དུ་ལན་འགའ་ཡང་དེ་གཉིས་གཅིག་ལ་གཅིག་འདོད་ཆགས་ཀྱི་སེམས་མ་བསྐྱེད་དོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་གཉིས་པ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་
เล่ม ๙ · หน้า 37a
དུ་ཀྱེ་མ་འདོད་ཆགས་དང་བྲལ་བར་མ་གྱུར་བཞིན་དུ་འདོད་ཆགས་དང་བྲལ་བའི་ཚུལ་ཉམས་སུ་མྱོང་བར་བྱེད་པ་ནི་ངོ་མཚར་ཏེ་མ་ལ་བདག་གིས་འདི་གཉིས་བགམ་པར་བྱའོ་སྙམ་དུ་བསམས་ནས་བདག་ཉིད་སྦྲུལ་གྱི་ཆ་བྱད་དུ་མངོན་པར་སྤྲུལ་ཏེ། དེ་གཉིས་
ཀྱི་མལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྦྲུལ་ཆེན་པོ་བསྐྱིལ་བ་བྱས་ཏེ་མལ་གྱི་འོག་ཏུ་འདུག་པ་དང་། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་སྦྲུལ་ནག་པོ་གདུག་པ་དྲག་པོ་སོ་གདུག་པ་དེ་མལ་གྱི་འོག་ན་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་ཀྱེ་མ་གཟུགས་འདི་ལྟ་བུས་མ་རུང་
བར་བྱས་པར་འགྱུར་རོ་སྙམ་དུ་སེམས་སོ། །ཉལ་བ་དེའི་ལག་པ་ཡང་ཕྱི་རོལ་དུ་འཕྱང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་ཅི་བདག་གིས་ད་ཇི་ལྟར་བྱ་སྙམ་དུ་བསམས་སོ། །དེ་ནས་རྔ་མའི་བསིལ་ཡབ་ཀྱི་ནོར་བུའི་ཡུ་བས་བཏེག་སྟེ་བཞག་གོ། །དེ་ནས་སེར་སྐྱའི་བུ་མོ་
བཟང་མོ་རྔ་མའི་བསིལ་ཡབ་ཀྱི་ནོར་བུའི་ཡུ་བས་རེག་པས་སད་པ་དང་། སྐྲག་ཅིང་ཡིད་མི་དགའ་ནས་ནྱ་གྲོ་དྷ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། །རྗེའི་སྲས་རེག་པར་བྱེད་པ་འདི་ཅི་ཞིག་ལགས། ཁྱོད་ཀྱིས་བདག་ལ་འདོད་ཆགས་དང་བཅས་པའི་སེམས་ཀྱིས་མ་རེག་གམ། དེས་སྨྲས་
པ། བཟང་མོ་དེ་ལྟ་མ་ཡིན་ནོ། །འོན་ཀྱང་སྦྲུལ་གདུག་པ་འདིས་ཟིན་པར་གྱུར་ན་མི་རུང་ངོ་སྙམ་ནས་དེའི་ཕྱིར་ཁོ་བོས་ལག་པ་འཕྱང་བ་བཏེག་སྟེ་བཞག་གོ། །ཇི་ལྟ་བུ་ཞིག་གིས། དེས་སྨྲས་པ། རྔ་མའི་བསིལ་ཡབ་ཀྱི་ནོར་བུའི་ཡུ་བས་སོ། །དེས་འདི་སྐད་ཅེས་སྨྲས་སོ། །
རྗེའི་སྲས་བདག་ནི་སྦྲུལ་གདུག་པས་ཟིན་ཀྱང་བླའི་ཁྱོད་ཀྱིས་རྔ་མའི་བསིལ་ཡབ་ཀྱི་ནོར་བུའི་ཡུ་བས་རེག་པ་ནི་མི་རུང་ངོ་། །ཅིའི་སླད་དུ་ཞེ་ན། མ་ལུ་ཏ་ཡི་འཁྲི་ཤིང་འཁྲིས་པས་ལྗོན་ཤིང་བཟང་པོ་ཉམས། །བུད་མེད་དག་ལ་རེག་པའི་རྒྱུ་ཡིས་འཇིག་རྟེན་ཕུང་བར་གྱུར། །
དེ་ཡི་སླད་དུ་མགྱོགས་པར་འཆི་བའི་སྦྲུལ་གྱིས་ཟིན་བླ་ཡི། །སྐྱེས་པའི་ལག་པས་བུད་མེད་མཆོག་ལ་རེག་པར་མི་རུང་ངོ་། །གཞན་ཡང་མི་དབང་བུ་མོའི་ལུས་ཀྱིས་རེག་པ་ཡིས། །དཀའ་ཐུབ་ཆེན་པོ་རྭ་ཅན་དཀའ་ཐུབ་ཉམས། །ལྷག་སྤྱོད་རླུང་གི་ལམ་ནས་མི་དབང་གི། །ཁྱིམ་
เล่ม ๙ · หน้า 37b
དུ་འོངས་ནས་ནགས་སུ་རྐང་པས་སོང་། །དེ་ནས་དེ་དག་དེ་ལྟར་འཁོད་འཁོད་པ་ལས་དུས་གཞན་ཞིག་ན་ཕ་མ་གཉིས་ཤིའོ། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་བསམས་པ། གང་གི་ཚེ་ཕ་མ་གཉིས་གསོན་པ་དེའི་ཚེ་ནི་བདག་ཅག་སྙིང་ལས་ཆུང་ངུར་འཁོད་འཁོད་ན། ད་
ནི་བདག་གི་ཕ་མ་གཉིས་ཤི་བས་དེའི་ཕྱིར་བདག་ཅག་གིས་རང་གི་ཁྱིམ་གྱི་འཚོ་ཚིས་བསྒྲུབ་པར་བྱ་བ་ཡིན་ནོ་སྙམ་དུ་བསམས་ནས། སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་གང་གི་ཚེ་བདག་གི་ཕ་མ་གཉིས་གསོན་པ་དེའི་ཚེ་ནི་བདག་ཅག་སྙིང་ལས་
ཆུང་ངུར་འཁོད་འཁོད་ན་ད་ནི་བདག་ཅག་གི་ཁྱིམ་གྱི་འཚོ་ཚིས་རྗེས་སུ་བསམས་དགོས་པས་བཟང་མོ་རེ་ཞིག་ཁྱོད་ཀྱིས་ནི་ཁྱིམ་གྱི་ལས་ཀྱི་མཐའ་ལ་ལྟོས་ཤིག །ང་ཡང་གྲོང་གི་ཞིང་ལས་དག་ལ་འགྲོའོ་ཞེས་སྨྲས་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཞིང་ལས་ལ་སོང་ངོ་། །བྲམ་
ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་ཕའི་ཞིང་ལས་ལ་བལྟས་ན་རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་རྨེད་ཅིང་དེ་ན་ཡང་སྲོག་ཆགས་ཕྲ་མོ་ཕྲ་མོ་དག་ཚུལ་མ་ཡིན་པས་ཉོན་མོངས་པར་འགྱུར་བ་དང་། གླང་རྣམས་ཀྱང་སྣ་ནི་ཕུག །གཤུལ་ནི་ཞོམ། ལྕག་གིས་རྐུབ་ཙོས་ནི་རྡོལ། མི་
རྣམས་ཀྱང་སྐྲ་དང་ཁ་སྤུ་ནི་རིང་། ལག་པ་དང་། རྐང་པ་ནི་སེར་ག་བྱུང་། གསོ་རས་དག་ནི་གྱོན། ལུས་ནི་སའི་རྡུལ་གྱིས་ཡོག །སྡོང་དུམ་ཚིག་པ་ནི་འདྲ། འདྲེ་ལྟ་བུར་ནི་གྱུར་ཅིང་གཤོལ་དང་། ཐོང་ལྕགས་དང་། སྤྱད་དང་། གླང་ལྕག་གི་ཕྱིར་གཅིག་
ལ་གཅིག་ཁ་ཟེར་བ་དང་། རྡེག་པ་ལ་ཞུགས་ནས་ལས་བྱེད་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་དེ་རྣམས་ཀྱི་གན་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་སུ་ཡིན། བདག་ཅག་ནི་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱི་ལས་བྱེད་པ་ཡིན་ནོ། །དེས་འདི་སྐད་ཅེས་སྨྲས་སོ། །
ཁྱེད་སུས་བསྐོས། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་དེས་བསྐོས་པ་ནི་མེད་ན་འོན་ཀྱང་ཕས་དེའི་ཁྱིམ་གྱི་འཚོ་ཚིས་འདི་བྱེད་དུ་བཅུག་གོ། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་ཞིང་པ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་གལ་ཏེ་བྲམ་ཟེའི་
เล่ม ๙ · หน้า 38a
ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱི་ཕས་ཁྱིམ་གྱི་འཚོ་ཚིས་འདི་བྱེད་དུ་བཅུག་ན་ཤེས་ལྡན་དག་ཅིའི་ཕྱིར་ཁ་ཟེར་བ་དང་། རྡེག་པ་ལ་ཞུགས་ནས་ལས་བྱེད། ཤེས་ལྡན་དག་ཅིའི་ཕྱིར་འདི་ལྟ་བུའི་ལུས་དང་། ངག་གི་སྤྱོད་པ་ཀུན་དུ་རྩོམ་པར་བྱེད། ཁྱེད་དེའི་
རྣམ་པར་སྨིན་པས་འཁོར་བར་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་མི་འགྱུར་རམ། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་འདི་སྙམ་དུ་བདག་གིས་ནི་ལུས་ཀྱིས་ཀྱང་ཅུང་ཟད་ཀྱང་ཀུན་དུ་མི་སྤྱོད་ལ། ངག་གིས་ཀྱང་མ་ཡིན། ཡིད་ཀྱིས་ཀྱང་མ་ཡིན་བཞིན་དུ་
འདི་ལས་བདག་ལ་ཡང་བསོད་ནམས་མ་ཡིན་པ་ཉེ་བར་སྐྱེའོ་སྙམ་དུ་སེམས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་རང་གི་ཁྱིམ་དུ་སོང་སྟེ་སེར་སྐྱའི་བུ་མོ་བཟང་མོ་ལ་སྨྲས་པ། བཟང་མོ་བག་ཡོད་པས་ཁྱིམ་སྒྲུབས་ཤིག །སེར་སྐྱའི་བུ་མོ་བཟང་མོས་འདི་སྐད་ཅེས་སྨྲས་
སོ། །རྗེའི་སྲས་ཁྱོད་ཅི་མཛད། དེས་འདི་སྐད་ཅེས་སྨྲས་སོ། །དཀའ་ཐུབ་ཀྱི་ནགས་སུ་འགྲོའོ། །ཇི་ཙམ་ན་ཚིགས་སུ་བཅད་པ་སྨྲས་པ། བྲེའུ་ཆུང་གང་གི་འབྲས་ཆན་རུང་། །མལ་གཅིག་གིས་ནི་བདེ་བ་སྐྱེད། །རས་བཅོས་ཟུང་གཅིག་བཅང་བར་བྱ། །ལྷག་
མ་གཏི་མུག་ཡོངས་སུ་འཛིན། །རེ་ཞིག་ན་བཟང་མོས་ཀྱང་ཁྱིམ་ལ་བལྟ་བར་བརྩམས་སོ། །ཇི་ཙམ་ན་བྲན་མོ་རྣམས་ལག་པ་དང་། རྐང་པ་ནི་སེར་ག་བྱུང་། གསོ་རས་ནི་གྱོན། མགོ་ནི་ཡེགས། གཏུན་དང་། གཏུན་བུ་དང་། གླང་ཆེན་དང་། ཁྲི་དེ་
ལ་སོགས་པའི་ཆེད་དུ་གཅིག་ལ་གཅིག་ཁའི་མདུང་ཐུང་གིས་ནི་འདེབས་པ་མཐོང་ནས་སོང་སྟེ། དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་མ་དག་ཁྱེད་སུའི་ཡིན། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །སེར་སྐྱའི་བུ་མོ་བཟང་མོའི་ལགས་སོ། །དེས་འདི་སྐད་
ཅེས་སྨྲས་སོ། །ཅི་ཁྱེད་ཅག་སེར་སྐྱའི་བུ་མོ་བཟང་མོས་བསྐོས་སམ། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འདི་ལྟར་བདག་ཅག་ནི་སེར་སྐྱའི་བུ་མོ་བཟང་མོས་མ་བསྐོས་མོད་ཀྱི། འོན་ཀྱང་སྒྱུག་མོས་དེའི་ཁྱིམ་གྱི་འཚོ་ཚིས་བྱེད་པར་བསྐོས་སོ། །རེ་
เล่ม ๙ · หน้า 38b
ཞིག་ན་དེ་ཡང་ཡིད་བྱུང་སྟེ་ཚིགས་སུ་བཅད་པ་སྨྲས་པ། བྲེའུ་ཆུང་གང་གིས་འབྲས་ཆན་རུང་། །མལ་གཅིག་གིས་ནི་བདེ་བ་སྐྱེད། །རས་བཅོས་ཟུང་གཅིག་བཅང་བར་བྱ། །ལྷག་མ་གཏི་མུག་ཡོངས་སུ་འཛིན། །དུས་དེའི་བར་དུ་ཡང་སངས་རྒྱས་ད་དུང་དུ་མ་
བྱུང་བར་གྱུར་ཏེ། དེ་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་དུ་རྒྱུ་དང་། གཅེར་བུ་པ་དང་། ཀུན་དུ་འཚོ་བ་པ་དང་། ཐལ་བ་ཅན་ལ་སོགས་པ་རྣམས་དང་། བཀྲེན་པ་དང་། སྡུག་ཕོངས་པ་དང་། སློང་མོ་པ་རྣམས་ལ་སྦྱིན་པ་བཏང་བ་བྱས་ནས་
དབུལ་པོ་ནི་མི་དབུལ་བར་བྱས། བྲན་དང་། གླ་མི་དང་། མངག་གཞུག་པ་རྣམས་ནི་མི་བཀོལ་བར་བྱས། བཤེས་གཉེན་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ལ་ནི་རྫས་ཀུན་བགོས་ནས་ཁྱིམ་གྱི་ནང་དུ་ཞུགས་ཏེ། གོས་ཐ་
ཆད་འགའ་ཅི་ཡོད་བླང་ངོ་སྙམ་ནས་གོས་ཀྱི་རྫས་ཀྱི་མཛོད་དུ་བལྟས་པ་དང་། དེས་གོས་ཀྱི་ཕྱི་ཚས་རས་ཡུག་ཆེན་ཐ་ཆད་སྟོང་ཕྲག་བརྒྱ་རི་བ་ཞིག་ནི་བདག་གིས་ཁྱེར། དེ་འདྲ་བ་གཅིག་ནི་བཟང་མོ་ལ་བྱིན་ནོ། །ཁྱིམ་ནི་ཉེ་དུ་རྣམས་ལ་གཏད་དོ། །དེ་ནས་བྲམ་ཟེའི་
ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་གང་དུ་འགྲོ་བར་འདོད། དེས་སྨྲས་པ། ཁྱོད་ཁོ་ན་དང་ལྷན་ཅིག་ཏུ་དཀའ་ཐུབ་ཀྱི་ནགས་སུ་མཆིའོ། །དེས་སྨྲས་པ། གང་གི་ཕྱིར་བུད་མེད་དང་ལྷན་ཅིག་དཀའ་ཐུབ་ཀྱི་ནགས་སུ་འདུག་
པར་བྱ་བ་དེ་ནི་ཆ་མ་ཡིན་ནོ། །བཟང་མོས་སྨྲས་པ། གལ་ཏེ་དེ་ལྟ་ན་བདག་ཇེ་སྔར་ཁྱིམ་ནས་ཐོང་ཤིག །ཅིའི་ཕྱིར། བཟང་མོས་འདི་སྐད་ཅེས་སྨྲས་སོ། །གང་གི་ཕྱིར་ཁྱོད་སྔར་ཇེ་བཞུད་ན་བུད་མེད་ནི་འབྲས་ཆན་ཚོས་པ་དང་འདྲ་བར་སྐྱེ་བོ་མང་པོས་དོན་དུ་གཉེར་
བར་བགྱི་བ་ལགས་ཏེ། ཁྱོད་བཞུད་ན་བདག་ཁ་ཅིག་གིས་དོན་དུ་གཉེར་བར་གྱུར་ན་མི་རུང་བ་དེ་སྲིད་དོ། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་བསམས་པ། བུ་མོ་འདི་ནི་མཁས་ཤིང་བློ་ཤིན་ཏུ་གཏན་ལ་བབ་པ་ཡིན་ནོ་སྙམ་དུ་བསམས་ཏེ། སེར་སྐྱའི་བུ་མོ་
เล่ม ๙ · หน้า 39a
བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་ཚུར་ཤོག །ཁྱིམ་ནས་ལྷན་ཅིག་ཁོ་ནར་འདོང་བར་བྱའོ། །དེ་དག་ཁྱིམ་ནས་ལྷན་ཅིག་ཁོ་ནར་དོང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་དང་ཐེ་གི་ཙམ་གྱི་བར་དུ་ལྷན་ཅིག་ཁོ་ནར་དོང་ནས་
སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་སོང་ལ་སྤྱོད་པ་ཇི་ལྟར་འདོད་པ་ལ་གནས་པར་གྱིས་ཤིག །དེའི་ཚེ་ན་རྒྱལ་པོའི་ཁབ་ན་གཅེར་བུ་པ་རྫོགས་བྱེད་ཅེས་བྱ་བ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་ཁས་འཆེ་བ་ཞིག་གནས་ཏེ།
དེ་ཡང་གཅེར་བུ་པ་དང་། གཅེར་བུ་པའི་སློབ་མ་དུ་མས་ཡོངས་སུ་བསྐོར་ཏོ། །དེ་ནས་སེར་སྐྱའི་བུ་མོ་བཟང་མོ་གཅེར་བུ་རྫོགས་བྱེད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་གཅེར་བུ་པ་རྫོགས་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་བདག་ཁྱོད་ལས་རབ་ཏུ་འབྱུང་བར་འཚལ་
ལོ། །དེས་དེ་རབ་ཏུ་ཕྱུང་ནས་གཅེར་བུ་མ་རྣམས་ཀྱི་ནང་དུ་བཞག་གོ། །དེ་ནས་གཅེར་བུ་པ་དེ་རྣམས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ཁ་དོག་རྒྱས་པ། མཆོག་དང་ལྡན་པ་མཐོང་ནས་གཅིག་ལ་གཅིག་
སྨྲས་པ། བདག་ཅག་རབ་ཏུ་བྱུང་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱི་ཕྱིར་ཡིན་ལ། སེར་སྐྱའི་བུ་མོ་བཟང་མོ་འདི་ཡང་ལྷའི་བུད་མེད་འདྲ་ན་རེ་ཞིག་ལྷའི་འདོད་པའི་ཡོན་ཏན་རྣམས་རྙེད་དམ་མི་རྙེད་གཏོལ་མེད་ཀྱིས། ཇེ་སེར་
སྐྱའི་བུ་མོ་བཟང་མོ་འདི་ལ་ལོངས་སྤྱད་པར་བྱའོ་ཞེས་སྨྲས་ནས་གཅེར་བུ་པ་ལྔ་བརྒྱ་ཙམ་གཅེར་བུ་པ་རྫོགས་བྱེད་ག་ལ་བ་དེར་དོང་ངོ་། །རེ་ཞིག་ན་སྐབས་དེ་རྒྱས་པར་སྨྲས་ནས་དེ་ནས་དེ་རྣམས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་བསླངས་པ་དང་། དེས་ཀྱང་སློབ་མ་ལ་
བྱམས་པའི་ཕྱིར་གནང་ངོ་། །དེ་ནས་ལས་ཀྱི་རྣམ་པར་སྨིན་པའི་རྐྱེན་གྱིས་ཉི་མ་རེ་རེ་ཞིང་གཅེར་བུ་པ་ལྔ་བརྒྱ་པོ་རྣམས་ཀྱིས་དགའ་མགུར་སྤྱོད་པར་བྱེད་དོ། །ཇི་ཙམ་ན་དེ་ཡིད་བྱུང་བས་རྫོགས་བྱེད་ལ་གསོལ་པ་དང་། དེས་སྨྲས་པ། གང་ལ་རྒྱ་ཕོག་པ་དེ་དང་ཕྲད་
เล่ม ๙ · หน้า 39b
པར་གྱིས་ཤིག །དེའི་ཚེ་ན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྐུ་ཚེ་ལོ་ཉི་ཤུ་རྩ་དགུར་འདོད་པ་རྣམས་ལ་རོལ་ནས་རྒན་པོ་དང་། ནད་པ་དང་། ཤི་བ་གཟིགས་པས་ཐུགས་བྱུང་སྟེ། ནམ་ཕྱེད་ཀྱི་དུས་སུ་རྟ་རིན་པོ་ཆེ་བསྔགས་ལྡན་ལ་བཅིབས་ནས་ནགས་
སུ་གཤེགས་ཏེ་ལོ་དྲུག་ཏུ་ཅིར་ཡང་མི་ཕན་པའི་དཀའ་བ་སྤྱད་ནས་ཆུ་བོ་ནཻ་རཉྫ་ནཱར་ཁྲུས་མཛད་དེ། དགའ་མོ་དང་། དགའ་སྟོབས་མ་གཉིས་ལས་ལན་བཅུ་དྲུག་ཏུ་སྙིང་ཁུར་བྱས་པའི་འོ་མའི་ཐུག་པ་ནི་གསོལ། ཀླུའི་རྒྱལ་པོ་དུས་ཅན་གྱིས་ཚིགས་སུ་བཅད་པ་
དག་གིས་ནི་མངོན་པར་བསྟོད་ཅིང་། རྩྭ་འཚོང་བཀྲ་ཤིས་ལྡན་ལས་རྩྭ་དག་བཞེས་ཏེ་བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་བཞུད་ནས་ཉིད་ཀྱིས་མ་འཁྲུགས་པ་དང་། མ་འཛིངས་པར་གདིང་བ་བཤམས་ཏེ། ཀླུའི་རྒྱལ་པོ་གཉིད་ལོག་པ་བསྐྱིལ་བ་བཞིན་དུ་སྐྱིལ་མོ་ཀྲུང་
ཁྱིལ་ལེར་བཅས་ནས། ཟག་པ་ཟད་པ་མ་ཐོབ་ཀྱི་བར་དུ་སྐྱིལ་མོ་ཀྲུང་མི་གཞིག་གོ་ཞེས་ཐུགས་ཀྱང་བསྐྱེད་ཚིག་ཏུ་ཡང་གསུང་ངོ་། །རེ་ཞིག་ན་བདུད་འབྱུང་པོའི་རིགས་བྱེ་བ་ཕྲག་སུམ་བཅུ་རྩ་དྲུག་གི་འཁོར་ཅན་བཏུལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཚངས་པས་བསྐུལ་བས་ཡུལ་བཱ་རཱ་ཎ་སཱིར་གཤེགས་ཏེ་ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཀུན་ཤེས་ཀཽཎྜི་ནྱ་དང་། ལྷ་སྟོང་ཕྲག་བརྒྱད་བཅུ་བདེན་པ་རྣམས་ལ་བཀོད་དོ། །ལྔ་སྡེ་རྣམས་ཀྱང་བཏུལ། ཉེ་ལྔའི་སྡེ་རྣམས་ཀྱང་བཏུལ།
གྲོང་གི་ཁྱེའུ་གཙོ་བོ་གཙོ་བོ་ལྔ་བཅུ་ཡང་བཏུལ་ཏོ། །ཤིང་བལ་ཅན་གྱི་ནགས་ཁྲོད་དུ་གཤེགས་ནས་བཟང་སྡེའི་ཚོགས་དྲུག་བཅུ་བཏུལ་ཏོ། །དམག་ལྡན་གྱི་གྲོང་དུ་གཤེགས་ནས་གྲོང་གི་བུ་མོ་དགའ་མོ་དང་། དགའ་སྟོབས་མ་གཉིས་བདེན་པ་རྣམས་ལ་བཀོད་དོ། །ཡུལ་
ལྟེང་རྒྱས་སུ་གཤེགས་ནས་ལྟེང་རྒྱས་འོད་སྲུང་རྫུ་འཕྲུལ་གྱི་ཆོ་འཕྲུལ་བཅྭ་བརྒྱད་ལ་སོགས་པ་ལྔ་བརྒྱས་བཏུལ་ཏོ། །ཡུལ་ག་ཡར་གཤེགས་ནས་ཆུ་ཀླུང་འོད་སྲུང་དང་། རལ་པ་ཅན་སྟོང་ཕྲག་དེ་རྣམས་ལ་ཆོ་འཕྲུལ་གསུམ་པོ་དག་གིས་གདམས་པ་མཛད་དོ། །ཡུལ་འོད་
เล่ม ๙ · หน้า 40a
མའི་ལྟང་བྲང་ཅན་དུ་གཤེགས་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་སྲས་དང་འཁོར་དུ་བཅས་པ་དང་། ལྷ་སྟོང་ཕྲག་བརྒྱད་བཅུ་དང་། ཡུལ་མ་ག་དྷཱའི་བྲམ་ཟེ་དང་། ཁྱིམ་བདག་བརྒྱ་སྟོང་ཕྲག་དུ་མ་བཏུལ་ཏེ། འོད་མའི་ཚལ་བཞེས་
ནས་དེའི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བུ་མངས་ཀྱི་མཆོད་རྟེན་ན་བཞུགས་སོ། །འོད་སྲུང་གིས་ཤིང་ཞིག་གི་དྲུང་ན་བཅོམ་ལྡན་འདས་མཛེས་པ། དད་པར་འོས་པ། དབང་པོ་ཞི་བ། ཐུགས་ཞི་བ། ཐུགས་དུལ་བ་དང་ཉེ་བར་ཞི་བའི་མཆོག་དང་
ལྡན་པ། གསེར་གྱི་མཆོད་སྡོང་ལྟར་དཔལ་འབར་བརྟེན་ཅིང་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་ཀྱེ་མ་སྟོན་པ་མཐོང་ངོ་། །ཀྱེ་མ་དགྲ་བཅོམ་པ་མཐོང་ངོ་། །ཀྱེ་མ་བཅོམ་ལྡན་འདས་མཐོང་ངོ་། །ཀྱེ་མ་བདེ་བར་གཤེགས་པ་མཐོང་ངོ་། །ཀྱེ་
མ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐོང་ངོ་། །སྙམ་དུ་སེམས་ཤིང་དེས་ཆེད་ཆེར་བྱས། བླ་མར་བྱས། ཡིད་ལ་བྱས། སེམས་ཐམས་ཅད་ཀྱིས་བསམས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་
ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་ཏེ། བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ། །སྟོན་པ་ལགས་སོ། །
བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །ཉན་ཐོས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །འོད་སྲུང་ང་ནི་ཁྱོད་ཀྱི་སྟོན་པ་སྟེ། ཁྱོད་ནི་ངའི་
ཉན་ཐོས་ཡིན་ནོ། །འོད་སྲུང་ང་ནི་ཁྱོད་ཀྱི་སྟོན་པ་ཡིན་ནོ། །སྟོན་པ་ཡིན་ནོ། །ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ། །ཉན་ཐོས་ཡིན་ནོ། །འོད་སྲུང་གང་ལ་ལ་འདི་ལྟར་སེམས་ཐམས་ཅད་ཀྱིས་བསམས་ཏེ་མི་ཤེས་བཞིན་དུ་བདག་ནི་ཀུན་ཤེས་པ་ཡིན་ནོ་ཞེས་སྨྲ། མི་མཐོང་
เล่ม ๙ · หน้า 40b
བཞིན་དུ་བདག་ནི་ཀུན་མཐོང་བ་ཡིན་ནོ་ཞེས་སྨྲ། དེ་བཞིན་གཤེགས་པ་མ་ཡིན་བཞིན་དུ་བདག་ནི་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་སྨྲ། དགྲ་བཅོམ་པ་མ་ཡིན་བཞིན་དུ་བདག་ནི་དགྲ་བཅོམ་པ་ཡིན་ནོ་ཞེས་སྨྲ་ཞིང་། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་
བཞིན་དུ་བདག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ་ཞེས་ཁས་འཆེ་བར་བྱེད་ན་འོད་སྲུང་སྟོན་པ་དེའི་མགོ་བོ་ཚལ་པ་བདུན་དུ་འགས་པར་འགྱུར་རོ། །འོད་སྲུང་ང་ནི་ཤེས་པ་ཡིན་པས་ང་ནི་ཀུན་དུ་ཤེས་པ་ཡིན་ནོ་ཞེས་སྨྲའོ། །མཐོང་བ་ཡིན་པས་ང་ནི་ཀུན་དུ་མཐོང་
བ་ཡིན་ནོ་ཞེས་སྨྲའོ། །དེ་བཞིན་གཤེགས་པ་ཡིན་པས་ང་ནི་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་སྨྲ་ཞིང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པས་ང་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ་ཞེས་ཞལ་གྱིས་འཆེའོ། །ང་ནི་ཉན་ཐོས་རྣམས་ལ་གླེང་གཞི་
དང་བཅས་པ་ཁོ་ནའི་ཆོས་སྟོན་གྱི་གླེང་གཞི་མེད་པ་ནི་མ་ཡིན་ནོ། །ངེས་པར་འབྱུང་བ་དང་བཅས་པ་ཡིན་གྱི་ངེས་པར་འབྱུང་བ་མེད་པ་ནི་མ་ཡིན་ནོ། །རྟོན་པ་དང་བཅས་པ་ཡིན་གྱི་རྟོན་པ་མེད་པ་ནི་མ་ཡིན་ནོ། །རྟུན་པ་དང་བཅས་པ་ཡིན་གྱི་རྟུན་པ་མེད་པ་ནི་མ་ཡིན་ནོ། །
ཆོ་འཕྲུལ་དང་བཅས་པ་ཡིན་གྱི་ཆོ་འཕྲུལ་མེད་པ་ནི་མ་ཡིན་ནོ། །འོད་སྲུང་དེ་ལྟ་བས་ན་ཁྱོད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། ཆོས་དགེ་བའི་ཆོས་དང་ལྡན་པ་གང་ཅི་ཡང་རུང་བ་མཉན་པར་བྱའོ། །དེ་ཐམས་ཅད་བཀུར་སྟི་བྱས། བླ་མར་བྱས། ཆེད་ཆེར་བྱས། སེམས་
རྩེ་གཅིག་ཏུ་བྱས། རྣ་བླགས། སེམས་ཐམས་ཅད་ཀྱིས་བསམས་ནས་མཉན་པར་བྱའོ། །འོད་སྲུང་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་སྐྱེ་བ་དང་འཇིག་པར་རྗེས་སུ་ལྟ་བས་གནས་པར་བྱའོ། །སྐྱེ་མཆེད་དྲུག་པོ་དག་ལ་
ཀུན་དུ་འབྱུང་བ་དང་། ནུབ་པར་རྗེས་སུ་ལྟ་བས་གནས་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ལེགས་པར་ཉེ་བར་གནས་པས་གནས་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་དག་ལ་སེམས་ལེགས་པར་ཉེ་བར་གནས་པས་གནས་པ་ན་བྱང་
เล่ม ๙ · หน้า 41a
ཆུབ་ཀྱི་ཡན་ལག་བདུན་བསྒོམ་པར་བྱ། རྣམ་པར་ཐར་པ་བརྒྱད་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པར་བྱའོ། །བདག་གི་སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་
པ་ཤས་ཆེར་ཉེ་བར་གནས་པར་འགྱུར་བ་དང་། རྟག་ཏུ་བདག་གི་ལུས་ལ་དྲན་པ་དང་ལྡན་ཞིང་མི་གཏོང་བ་དང་། བྲལ་བར་མ་གྱུར་པར་ལུས་ལ་གནས་པར་འགྱུར་བ་དེ་ལྟར་འོད་སྲུང་ཁྱོད་ཀྱིས་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་ཡང་དག་
པར་བསྟན། ཡང་དག་པར་ལེན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་མགུ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་འབྲང་ཞིང་བཅོམ་ལྡན་འདས་གནས་
གང་དུ་བཞུགས་པ་དེར་བདག་གིས་རས་ཡུག་ཆེན་གྱི་སྣམ་སྦྱར་སྟོང་ཕྲག་བརྒྱ་རི་བ་བལྟ་བ་སྟེ། གདན་དུ་གདིང་བར་བྱའོ་སྙམ་དུ་སེམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་འོད་སྲུང་གི་སེམས་ཀྱི་ཀུན་དུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ལམ་བོར་ཏེ་ཕྱོགས་གཅིག་
ཏུ་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་གིས་མྱུར་བ་མྱུར་བ་ཁོ་ནར་རས་ཡུག་ཆེན་གྱི་སྣམ་སྦྱར་སྟོང་ཕྲག་བརྒྱ་རི་བ་བལྟ་བ་སྟེ། བཅོམ་ལྡན་འདས་ཀྱི་ཆེད་དུ་གདན་བཤམས་སོ། །འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་ཐུགས་བརྩེ་བའི་
སླད་དུ་གདན་བཤམས་པ་ལ་བཞུགས་སུ་གསོལ། བདེ་བར་གཤེགས་པ་གདན་བཤམས་པ་ལ་བཞུགས་སུ་གསོལ། དེ་ནས་བདག་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་གདན་བཤམས་པ་ལ་
བཞུགས་ཏེ། བཞུགས་ནས་ཚེ་དང་ལྡན་པ་འོད་སྲུང་ལ་བཀའ་སྩལ་པ། འོད་སྲུང་ཁྱོད་ཀྱི་རས་ཡུག་ཆེན་གྱི་སྣམ་སྦྱར་ཡང་ངོ་། །འོད་སྲུང་ཁྱོད་ཀྱི་རས་ཡུག་ཆེན་གྱི་སྣམ་སྦྱར་འཇམ་མོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་
เล่ม ๙ · หน้า 41b
སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལྟ་ལགས་ཏེ། བཙུན་པ་བདག་གི་རས་ཡུག་ཆེན་གྱི་སྣམ་སྦྱར་ཡང་ལགས་སོ། །བཙུན་པ་བདག་གི་རས་ཡུག་ཆེན་གྱི་སྣམ་སྦྱར་འཇམ་ལགས་སོ། །བཅོམ་
ལྡན་འདས་ཐུགས་བརྩེ་བའི་སླད་དུ་རས་ཡུག་ཆེན་གྱི་སྣམ་སྦྱར་བཞེས་པར་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་ངའི་གསོ་རས་ཕྱག་དར་ཁྲོད་ཀྱི་གོས་ཟུང་ཤིག །དེ་སྐད་ཅེས་
བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རས་ཡུག་ཆེན་གྱི་སྣམ་སྦྱར་བཞེས་པར་གསོལ། བདེ་བར་གཤེགས་པ་རས་ཡུག་ཆེན་གྱི་སྣམ་སྦྱར་བཞེས་པར་གསོལ། བཙུན་པ་དེ་བདག་གིས་བཅོམ་
ལྡན་འདས་ཀྱི་གསོ་རས་ཕྱག་དར་ཁྲོད་ཀྱི་ན་བཟའ་གཟུང་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་གི་རས་ཡུག་ཆེན་གྱི་སྣམ་སྦྱར་བཞེས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཉིད་ཀྱི་ཕྱག་ནས་གསོ་རས་ཕྱག་དར་ཁྲོད་པ་དེ་ལ་གནང་ངོ་། །
དེ་ནས་ཚེ་དང་ལྡན་པ་འོད་སྲུང་གིས་གདམས་ངག་བཏམས་པ་དེས་ཉི་མ་བརྒྱད་དུ་སློབ་པས་བསོད་སྙོམས་ཡོངས་སུ་སྤྱད་དོ། །ཉི་མ་དགུ་པ་ལ་ནི་མི་སློབ་པས་སོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་དགྲ་བཅོམ་པ་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། བོང་བ་དང་
གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་སྤངས་པ་ལྟ་བུ། མ་རིག་པའི་སྒོ་ངའི་སྦུབས་དྲལ་བ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་འདོད་
པའི་རྙེད་པ་ལ་ཆགས་པ་དང་། བཀུར་སྟི་ལས་ཕྱིར་ཕྱོགས་པ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་རི་མོར་བྱ་བ་དང་། མཆོད་པར་བྱ་བ་དང་། ཕྱག་བྱ་བར་གྱུར་ཏོ། །དེ་ན་ཁ་ཅིག་གིས་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་དགེ་སློང་འོད་
เล่ม ๙ · หน้า 42a
སྲུང་གིས་ཁྱད་པར་ཆེན་པོ་འདི་རྟོགས་པས་མིང་འོད་སྲུང་ཆེན་པོ་འོད་སྲུང་ཆེན་པོ་ཞེས་བྱ་བ་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་མཐར་གྱིས་ལྗོངས་རྒྱུ་བ་རྒྱུ་ཞིང་རྒྱལ་པོའི་ཁབ་ཏུ་གཤེགས་ནས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་
ན་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ན་རི་བོ་དང་། མཛེས་པ་ཕྲད་པའི་དུས་སྟོན་བྱེད་དོ། །དེར་མུ་སྟེགས་པ་ཐམས་ཅད་གདོན་མི་ཟ་བར་འདུ་བ་ཡིན་པས་ན་རེ་ཞིག་ན་གཅེར་བུ་པ་རྣམས་ཀྱང་རྒྱལ་པོའི་ཁབ་ཏུ་དོང་ངོ་། །དེ་ནས་སེར་སྐྱའི་བུ་མོ་བཟང་མོ་འདི་སྙམ་དུ་
སུ་ཞིག་འདི་ལྟར་ཡུན་རིང་པོར་ཉོན་མོངས་པ་ཉམས་སུ་མྱོང་བར་བྱེད། རྒྱལ་པོའི་ཁབ་ཏུ་སློང་མོའི་ཕྱིར་འཇུག་པ་འདི་ནི་བདག་གི་དུས་ལ་བབ་བོ་སྙམ་དུ་སེམས་སོ། །དེ་ནས་དེ་ཉོན་མོངས་པས་ཡིད་བྱུང་བས་སྐབས་རྙེད་དེ་རྒྱལ་པོའི་ཁབ་ཏུ་སློང་མོ་ལ་སྙད་བཏགས་ཏེ་སོང་ངོ་། །ཚེ་
དང་ལྡན་པ་འོད་སྲུང་ཆེན་པོ་ཡང་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེས་སེར་སྐྱའི་བུ་མོ་བཟང་མོ་ཁ་དོག་རྒྱས་པ་དང་ལྡན་པ་མ་ཡིན་པ་དེ་འདྲ་བར་གྱུར་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་
སྨྲས་སོ། །སྲིང་མོ་ཇི་ཡང་དག་པར་ཚངས་པར་སྤྱོད་པ་ལ་གནས་པ་ཡོངས་སུ་བསྐྱངས་སམ། དེས་འདི་སྐད་ཅེས་སྨྲས་སོ། །རྗེའི་སྲས་རང་གི་ཁྱིམ་ན་གནས་པ་དེ་ཁོ་ན་བདག་གི་ཚངས་པར་སྤྱོད་པར་གྱུར་གྱི། ད་ལྟར་ནི་མི་ཚངས་པར་སྤྱོད་པ་ཁོ་ནར་བས་ཏེ། ཚངས་
པར་སྤྱོད་པ་མ་མཆིས་སོ། །དེས་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ངམ། དེ་སྐད་ཅེས་སྨྲས་པ་དང་། སེར་སྐྱའི་བུ་མོ་བཟང་མོས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་
སྐད་ཅེས་སྨྲས་སོ། །རྗེའི་སྲས་ཁྱེད་ལ་ཡང་རྒྱས་གཏོད་པ་མེད་གྲང་། རེ་ཞིག་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་དགོངས་པར་བརྩམས་ན་ཉེས་པ་བཤད་པའི་ཆོས་ཅན། ཉེས་པའི་ཆོས་ཅན་དེ་རྣམས་ཀྱིས་དམ་པ་མ་ཡིན་པའི་ཆོས་ལ་སྦྱར་བར་མཐོང་སྟེ། དེས་
เล่ม ๙ · หน้า 42b
བྱུང་བ་དེ་ལྟ་བུ་རིག་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་མ་འཇིགས་ཤིག །བཅོམ་ལྡན་འདས་ཀྱི་བསྟན་པ་ནི་དྲི་ང་བ་མེད་པ་དང་། སྡིག་པ་མེད་པ་ཡིན་ནོ། །དེའི་ཉན་ཐོས་རྣམས་ནི་ལྷའི་འདོད་པ་རྣམས་ཀྱང་དོན་དུ་མི་གཉེར་ན་མི་
རྣམས་ཀྱི་ལྟ་སྨོས་ཀྱང་ཅི་དགོས་པ་ཡིན་ནོ། །དེས་དེ་སྐྱེ་དགུའི་བདག་མོ་ཆེན་མོ་ལ་ཡོངས་སུ་གཏད་ནས་དེས་དེ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་སོ། །དེ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ན། གཡོན་ཅན་དང་། འཕྱོན་མ་དང་། ཟོལ་པ་དག་
གཟུགས་འདི་ལྟ་བུར་སྡུག་པ་འདི་ཡོངས་སུ་ལོངས་སྤྱོད་པ་མེད་པར་དགའ་བར་བྱེད་དོ་ཞེས་ཁ་ཟེར་རོ། །དེ་ནས་དུས་གཞན་ཞིག་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་། ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་
སོ། །སེར་སྐྱའི་བུ་མོ་བཟང་མོ་ཡང་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སེར་སྐྱའི་བུ་མོ་བཟང་མོ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །སྲིང་
མོ་ཅི་ཁྱོད་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་འམ། དེས་སྨྲས་པ། བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་སྟེ་མངོན་པར་མི་དགའ་བ་མ་མཆིས་སོ། །འོན་ཀྱང་བདག་ནི་ལུག་ཚོན་པོ་དང་འདྲ་བར་གཟུགས་འདིས་གནོད་པར་
བྱུང་སྟེ། གང་དང་གང་དུ་མཆི་བ་དེ་དང་དེ་ནས་སྐྱེ་བོ་དག་བདག་ལ་གཡར་མཆིའོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སྨྲས་པ། བསོད་སྙོམས་ཀྱི་ཕྱིར་ཉོན་མོངས་པར་མ་བྱེད་ཅིག །ངས་ཁྱོད་ལ་ཉི་མ་རེ་རེ་ཞིང་རང་གི་བསོད་སྙོམས་ལས་ཕྱེད་ཕྱེད་སྦྱིན་ནོ། །དེ་
བསོད་སྙོམས་ལ་བརྒྱུས་ཏེ་ཕྱེད་ནི་བདག་ཉིད་ཀྱིས་སྤྱད། ཕྱེད་ནི་དེ་ལ་བྱིན་ནོ། །དེ་དེ་ལྟར་ཞུགས་པ་ན་དྲུག་སྡེ་རྣམས་འོད་སྲུང་ཆེན་པོ་འདི་ཁྱིམ་པར་གྱུར་པ་ན་བཟང་མོ་འདི་དང་ལྷན་ཅིག་ཁྱིམ་གཅིག་ན་ལོ་བཅུ་གཉིས་འདུག་ཀྱང་ལན་འགའ་ཡང་ཀུན་དུ་ཆགས་པའི་
เล่ม ๙ · หน้า 43a
སེམས་ཀྱང་མ་བསྐྱེད་དོ་ཞེས་ཐོས་ན་ད་ལྟར་ནི་དེ་ལ་བསོད་སྙོམས་ཕྱེད་སྦྱིན་པར་བྱེད་དོ་ཞེས་འཕྱ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སེར་སྐྱའི་བུ་མོ་བཟང་མོ་ལ་ཡིད་ལ་བྱ་བ་བསྒོ་བ་དང་། དེས་བརྩོན་པ་དང་འབད་པ་དང་། བརྩལ་བ་
བྱས་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །རེ་ཞིག་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་དགེ་སློང་དག་འཕྱ་བར་ཐོས་སོ། །ཐོས་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་དགེ་བའི་བཤེས་གཉེན་གྱིས་བྱ་བ་
གང་ཡིན་པ་དེ་ངས་བྱས་ཟིན་ལ་རི་དགས་ཀྱིས་རི་དགས་མི་གསོས་ཀྱིས། ད་ནི་རང་གི་སྤྱོད་ཡུལ་སངས་རྒྱས་ཀྱིས་གནང་བ་ཕའི་ཡུལ་དུ་སྦྱངས་པའི་ཡོན་ཏན་བསོད་སྙོམས་རྗེས་སུ་སྤེལ་ཅིག་ཅེས་དེ་སྐད་རྗེས་སུ་བསྟན་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་བཏང་སྙོམས་སྒོམ་པར་བྱེད་དོ། །
དེའི་ཚེ་མ་སྐྱེས་དགྲས་མི་དགེ་བའི་གྲོགས་པོ་ལྷས་བྱིན་ལ་བརྟེན་ནས་ཕ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་སྲོག་དང་ཕྲལ་ཏེ་ཕའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱ་བའི་ཕྱིར་འདུག་གོ། །འདུག་མ་ཐག་ཏུ་ཡིད་ལ་གཅགས་པར་གྱུར་ནས་དེ་ཡང་མྱ་ངན་གྱི་ཁང་པར་ཞུགས་སོ། །དེའི་
མྱ་ངན་ཐབས་དུ་མས་ཀྱང་བསང་བར་མ་ནུས་ནས་བློན་པོ་རྣམས་ཀྱིས་བསམས་པ། གྲོང་ཁྱེར་ཆེན་པོ་དྲུག་པོ་དག་ན་གར་མཁན་དང་། ཟློས་གར་མཁན་དང་། བཞད་གད་མཁན་དང་། ཤིང་འཛེགས་མཁན་དང་། རོལ་མོ་མཁན་གྱི་བྱེ་བྲག་ཇི་སྙེད་ཡོད་པ་
ཐམས་ཅད་བསྡུ་བར་བྱའོ་སྙམ་ནས་དེ་རྣམས་ཀྱིས་དེ་བཞིན་བྱས་སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲའི་མདུན་དུ་རོལ་མོ་མཁན་གྱི་ཁྱད་པར་དུ་མས་པི་ཝང་དང་། གླིང་བུ་དང་། རྫ་རྔ་དང་། ཁར་རྔ་དང་། ལྕགས་ཀྱི་སིལ་ཁྲོལ་དང་། སྒྲ་སྙན་ལ་སོགས་པ་རོལ་མོའི་སྒྲ་
དག་བྱེད། གླུ་དག་ལེན། གར་དག་བྱེད། རྒྱུག་པར་བྱེད། མཆོང་བར་བྱེད་དོ། །དེ་ལྟར་བྱས་ཀྱང་རྒྱལ་པོ་མ་སྐྱེས་དགྲའི་མྱ་ངན་བསང་བར་མ་ནུས་སོ། །དེ་ནས་དུས་གཞན་ཞིག་ན་སེར་སྐྱའི་བུ་མོ་བཟང་མོ་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་
เล่ม ๙ · หน้า 43b
ཏེ་སྤྱོད་ལམ་ཀུན་ནས་མཛེས་པས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། །བློན་པོ་ངན་སེམས་ཅན་ཞིག་གིས་སེར་སྐྱའི་བུ་མོ་བཟང་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ལུས་གསེར་གྱི་ཁ་དོག་པས་ཀྱང་ལྷག་པར་མཐོང་ངོ་། །མཐོང་ནས་ཀྱང་
དེ་འདི་སྙམ་དུ་སེམས་ཏེ། འདིས་རྒྱལ་པོའི་མྱ་ངན་སེལ་བར་བྱེད་དོ་སྙམ་དུ་བསམས་ནས་བློན་པོ་དེས་སེར་སྐྱའི་བུ་མོ་བཟང་མོ་བཟུང་སྟེ་རྒྱལ་པོ་ལ་འོས་པའི་ཁྲུས་རྣམས་ཀྱིས་ཁྲུས་བྱས་ནས་རྒྱལ་པོ་ལ་འོས་པའི་སྤོས་དང་། མེ་ཏོག་ཕྲེང་བ་དང་། གོས་དང་། རྒྱན་
གྱི་ཁྱད་པར་རྣམས་ཀྱིས་བརྒྱན་ནས་རྒྱལ་པོ་མ་སྐྱེས་དགྲ་ལ་ཕུལ་ལོ། །དེ་ནས་སེར་སྐྱའི་བུ་མོ་བཟང་མོས་སྔོན་ལས་རྣམས་བྱས་ཤིང་བསགས་པ་གདོན་མི་ཟ་བར་འབྱུང་བ་མྱོང་བར་འགྱུར་བར་ངེས་པ་འོད་པ་བཞིན་དུ་རྣམ་པར་གནས་ཏེ། དཔེར་ན་རི་དག་གམ། རིའི་རྩེ་མོ་
དག་གི་གྲིབ་མས་ལ་བབས་ཤིང་མངོན་པར་བབས་པ་དེ་བཞིན་དུ་སེར་སྐྱའི་བུ་མོ་བཟང་མོ་ལ་ཡང་སྔོན་ལས་རྣམས་བྱས་ཤིང་བསགས་པ་གདོན་མི་ཟ་བར་འབྱུང་བ། མྱོང་བར་འགྱུར་བར་ངེས་པ། འོད་པ་བཞིན་དུ་རྣམ་པར་གནས་པ་ཡིན་པས་རེ་ཞིག་ན་རྒྱལ་པོ་མ་སྐྱེས་
དགྲས་སེར་སྐྱའི་བུ་མོ་མཐོང་མ་ཐག་ཏུ་ཆགས་ནས་དེ་དང་ལྷན་ཅིག་དགའ་བ་ཉམས་སུ་མྱོང་བར་བརྩམས་སོ། །དེ་ནས་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་དྲིས་ན་སེར་སྐྱའི་བུ་མོ་བཟང་མོ་ཚོགས་ཀྱི་ནང་ན་མི་སྣང་ངོ་། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་བསམས་ན་རེ་ཞིག་ན་སེར་
སྐྱའི་བུ་མོ་སྐོབས་སུ་ཆུང་། ཉམ་ང་བར་གྱུར་པར་མཐོང་ངོ་། །སྐོབས་སུ་ཆུང་བ་དང་། ཉམ་ང་བ་དང་། མི་བདེ་བར་གྱུར་པར་རིག་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཨུཏྤ་ལའི་མདོག་ལ་སྨྲས་པ། ཕུ་ནུ་མོ་སེར་སྐྱའི་བུ་མོ་བཟང་མོ་ལ་སོམས་ཤིག །
དེ་ནས་ཨུཏྤ་ལའི་མདོག་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་རྫུ་འཕྲུལ་གྱིས་མ་སྐྱེས་དགྲའི་ཁྱིམ་ག་ལ་བ་དེར་སོང་ངོ་། །དེ་ནས་ཨུཏྤ་ལའི་མདོག་སྐར་ཁུང་གི་བུ་གནས་ཞུགས་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་ཁྱོད་ཀྱིས་ཐོག་མ་མེད་པའི་
เล่ม ๙ · หน้า 44a
དུས་ནས་གོམས་པ་ཁམས་གསུམ་པའི་ཉོན་མོངས་པ་རྣམས་དྲལ། སྤངས། བསལ། ཡོངས་སུ་བཏང་ན་ཅིའི་ཕྱིར་ཁྱོད་ཀྱིས་རྫུ་འཕྲུལ་རོ་དང་འདྲ་བ་མུ་སྟེགས་པ་ཐམས་ཅད་དང་ཐུན་མོང་པ་འདི་མངོན་དུ་མ་བྱས། དེ་སྐད་ཅེས་སྨྲས་པ་དང་།
སེར་སྐྱའི་བུ་མོ་བཟང་མོས་ཨུཏྤ་ལའི་མདོག་ལ་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་རྫུ་འཕྲུལ་གྱི་ལམ་མི་ཤེས་སོ། །དེ་ནས་ཨུཏྤ་ལའི་མདོག་གིས་སེར་སྐྱའི་བུ་མོ་བཟང་མོ་ལ་རྫུ་འཕྲུལ་གྱི་ལམ་བསྟན་ཏོ། །དེ་ནས་སེར་སྐྱའི་བུ་མོ་བཟང་མོས་འཇིག་རྟེན་པའི་ལམ་གྱིས་
བསམ་གཏན་བཞི་ལ་བརྟེན་ཏེ་རྫུ་འཕྲུལ་མངོན་པར་བསྒྲུབས་སོ། །དེ་ནས་སེར་སྐྱའི་བུ་མོ་བཟང་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དགེ་སློང་མའི་དབྱར་ཁང་ག་ལ་བ་དེར་སོང་ངོ་། །དགེ་སློང་མ་བཅུ་གཉིས་སྡེས་སེར་སྐྱའི་བུ་མོ་བཟང་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་
མཐོང་ངོ་། །མཐོང་ནས་ཀྱང་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ནི་རྒྱལ་པོའི་ཆུང་མ་དང་ལྷན་ཅིག་གསོ་སྦྱོང་ཉམས་སུ་མྱོང་བར་མི་བགྱིད་དོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་
ཅེས་སྨྲས་སོ། །ཕུ་ནུ་མོ་ཁྱོད་སོང་ལ་རྒྱལ་པོའི་གན་དུ་སོང་སྟེ་གོས་དང་རྒྱན་སླར་བྱིན་ལ་རྒྱལ་པོས་གནང་བར་གྱིས་གོས་ངུར་སྨྲིག་གྱོན་ལ་སླར་བདག་ཅག་གི་དྲུང་དུ་ཤོག་ཤིག །དེ་ནས་སེར་སྐྱའི་བུ་མོ་བཟང་མོས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་ཚིག་མཉན་ནས་རྒྱལ་པོ་
མ་སྐྱེས་དགྲའི་ཁྱིམ་ག་ལ་བ་དེར་སོང་ངོ་། །དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲ་སད་ནས་སེར་སྐྱའི་བུ་མོ་བཟང་མོ་མཐོང་སྟེ་འཁྱུད་པར་བརྩམས་སོ། །དེ་ནས་སེར་སྐྱའི་བུ་མོ་བཟང་མོ་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་སེར་སྐྱའི་
བུ་མོ་བཟང་མོ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་པར་མཐོང་ངོ་། །མཐོང་ནས་འཇིགས་ཤིང་སྐྲག་ལ་ཡིད་བྱུང་སྟེ་སྐྱི་བུང་ཞེས་བྱེད་ནས་བསམས་པ། ཅི་རེ་ཞིག་ལྷ་མོ་ཡིན་ནམ། འོན་ཏེ་ཀླུ་མོའམ། དྲི་ཟ་
เล่ม ๙ · หน้า 44b
མོའམ། གནོད་སྦྱིན་མོའམ། སྲིན་མོ་ཡིན་སྙམ་དུ་སེམས་ཏེ། ཚིགས་སུ་བཅད་པ་ཡང་སྨྲས་པ། ཁྱོད་ཅི་ལྷ་མོ་འམ་ཀླུ་མོ་འམ། །གནོད་སྦྱིན་སྲིན་མོ་དྲི་ཟ་མོ། །བུད་མེད་འདྲེ་མོའམ་ཅི་ཡིན་པ། །དྲིས་པ་དེ་ནི་བདག་ལ་གསུངས། །དེ་སྐད་
ཅེས་སྨྲས་པ་དང་། སེར་སྐྱའི་བུ་མོ་བཟང་མོས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ནི་ལྷ་མོ་ཀླུ་མོ་མིན། །དྲི་ཟ་གནོད་སྦྱིན་སྲིན་མོ་མིན། །མི་དབང་བདག་ནི་བདེ་གཤེགས་ཀྱི། །བྱ་བ་བྱས་པའི་ཉན་ཐོས་མའོ། །དེ་ནས་རྒྱལ་པོ་མ་སྐྱེས་
དགྲས་ཚིག་དེ་ཐོས་ནས་རི་དགས་དང་འདྲ་བར་ཟུག་རྔུ་གཉིས་པས་གནད་དུ་བསྣུན་ནས་ཀྱི་ཧུད་ཀྱེ་མ་ཨ་ལ་ལ་སྡིག་པ་ཆེན་པོ་བྱས་སོ་སྙམ་ནས་ཚིགས་སུ་བཅད་པ་ཡང་སྨྲས་པ། བདག་ནི་རྒྱ་མཚོའི་ཕ་མཐའ་འདྲ་བ་ཡི། །སྡུག་བསྔལ་གཅིག་མཐར་རེ་ཞིག་མི་ཕྱིན་ན། །
ད་ནི་གཉིས་པ་ཉེ་བར་གནས་གྱུར་ཏེ། །གླགས་ཡོད་པས་ན་བདག་ལ་གནོད་མང་འབྱུང་། །དེ་དེ་ལྟར་སེམས་པ་ལས་བརྒྱལ་ནས་སའི་སྟེང་དུ་འགྱེལ་བ་ལས་རེ་ཞིག་ན་ཆུས་གཏོར་ནས་བསླང་ངོ་། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་རང་གི་སེམས་རྙེད་ནས་སེར་
སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ཨ་ལ་ལ་བདག་ནི་སྨས་ཤིང་སྣད་པས་འཁོར་བར་འཁོར་བ་ན་ཤིན་ཏུ་སྨས་པར་གྱུར་ན་མི་རུང་བས་འཕགས་མ་མར་གཤེགས་མར་གཤེགས། ཉེས་པར་སྤྱོད་པའི་འདམ་གྱི་ཆུ་བོར་བྱིང་བ་བདག་གི་སུག་པ་
ནས་དྲང་དུ་གསོལ། དེ་ནས་སེར་སྐྱའི་བུ་མོ་བཟང་མོས་དེ་རྗེས་སུ་གཟུང་བའི་ཕྱིར་བབས་སོ། །བབས་ནས་སྟན་བཤམས་པ་ལ་འདུག་གོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ལྗོན་ཤིང་རྩ་བ་ནས་བཅད་པ་བཞིན་དུ་སེར་སྐྱའི་བུ་མོ་བཟང་མོའི་རྐང་པ་གཉིས་ལ་
གཏུགས་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་གདུལ་དཀའ་བ་རྣམས་ལ་བཟོད་པ་མཛད་དུ་གསོལ། སེར་སྐྱའི་བུ་མོ་བཟང་མོས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་བདག་བཟོད་དོ། །རེ་ཞིག་ན་སེར་སྐྱའི་བུ་མོ་བཟང་
เล่ม ๙ · หน้า 45a
མོས་གོས་དང་རྒྱན་རྣམས་རྒྱལ་པོ་ལ་བྱིན་ནོ། །རྒྱལ་པོས་ཀྱང་གོས་ངུར་སྨྲིག་དག་སེར་སྐྱའི་བུ་མོ་བཟང་མོ་ལ་བྱིན་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་ཀྱང་སྨྲས་སོ། །འཕགས་མ་ཁྱོད་ལ་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང་། བསོད་
སྙོམས་དང་། མལ་སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྟབས་པར་བགྱིའོ། །དེ་ནས་སེར་སྐྱའི་བུ་མོ་བཟང་མོས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ཕལ་ཆེར་བདག་གི་ལས་ཀྱི་ཉེས་པ་ལགས་ཀྱི། ཁྱོད་ཀྱི་ཉེས་པ་ནི་
མ་ཡིན་ནོ། །ཅིའི་སླད་དུ་ཞེ་ན། ལྷ་བཅོམ་ལྡན་འདས་ཀྱིས། གང་དུ་གནས་ན་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་རྣམས་ཀྱི་ནི་གསེབ་ཏུ་ཞུགས་ནའང་མེད་ཅེས་གསུངས་སོ། །ལྷ་གཞན་
ཡང་། ཇི་ལྟར་གྲིབ་མ་མི་ཡི་རྗེས་འབྲང་བ། །འདུག་ན་འདུག་ལ་འགྲོ་ན་འགུལ་བ་ལྟར། །དེ་བཞིན་དགེ་དང་མི་དགེ་གྲིབ་མ་ལྟར། །སངས་རྒྱས་སྨྲ་བའི་བླ་ན་མེད་པ་གསུང་། །དེ་ནས་སེར་སྐྱའི་བུ་མོ་བཟང་མོས་རྒྱལ་པོ་མ་སྐྱེས་དགྲ་ལ་ཚིག་སྙིང་སྡུད་པར་
བྱེད་པ་དེ་ལྟ་བུའི་ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་སྟེང་གི་ནམ་མཁའ་ལ་མངོན་དུ་འཕགས་ཏེ་སླར་ཡང་དགེ་སློང་མའི་དབྱར་ཁང་དུ་སོང་
ངོ་། །ཡང་བཅུ་གཉིས་སྡེ་རྣམས་ཀྱིས་འདི་སྐད་ཅེས་བདག་ཅག་ནི་དགེ་སློང་མ་ཉམས་པ་དང་ལྷན་ཅིག་གསོ་སྦྱོང་མི་བྱའོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་ངའི་གཉི་གའི་དགེ་འདུན་གྱིས་དོན་ཤེས་པ་དང་། ངས་བསླབ་པའི་གཞི་ཡང་ལེགས་པར་བཅས་པར་འགྱུར་རོ་སྙམ་དུ་དགོངས་ནས་བྱུང་བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལ་གཉི་གའི་དགེ་འདུན་བསྡུ་བ་
เล่ม ๙ · หน้า 45b
མཛད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི་མི་མཁྱེན་པར་མ་ཡིན། དུས་སུ་ཡིན་གྱི་དུས་མ་ཡིན་པར་མ་ཡིན། དོན་དང་ལྡན་པ་ཡིན་གྱི་དོན་དང་མི་ལྡན་པར་མ་ཡིན་ཏེ། སངས་
རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་མི་ལྡན་པར་རྨེད་པ་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་ལྡན་པ་རྨེད་པ་ལ་དུས་མཁྱེན་པ་ཡིན་པས་སངས་རྒྱས་བཅོམ་
ལྡན་འདས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་ལ་རྨས་པ། དགེ་སློང་མ་ཁྱོད་ཀྱིས་དེ་ལྟར་བྱས་པ་བདེན་ནམ། བཙུན་པ་མད་དོ། །དགེ་སློང་མ་ཁྱོད་ཀྱིས་བདག་གིར་མ་བྱས་སམ། དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་རང་བཞིན་གྱིས་འདོད་ཆགས་
དང་བྲལ་བ་ལགས་ན་བདག་གིས་ཇི་སྲིད་དུ་བདག་གིར་བགྱིད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་
པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་གཉི་གའི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་དང་། དགེ་སློང་མ་དག་དེ་ལྟ་བས་ན་ཕན་ཡོན་བཅུ་པོ་འདི་ལྟ་སྟེ། དགེ་འདུན་བསྡུ་བར་བྱ་བའི་ཕྱིར་དང་། དགེ་
འདུན་ལེགས་པར་བྱ་བའི་ཕྱིར་དང་། དགེ་འདུན་མཐུན་པར་བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང་། གནོད་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པར་བྱ་བའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་
བྱ་བའི་ཕྱིར་དང་། མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་། དད་པ་རྣམས་ཕྱིར་ཞིང་འཕེལ་ལ་རྒྱས་པར་བྱ་བའི་ཕྱིར་དང་། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང་། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པར་བྱ་བའི་ཕྱིར་དང་། ཚངས་
เล่ม ๙ · หน้า 46a
པར་སྤྱོད་པ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བསྟན་པ་མཐུན་པར་བྱ་བའི་ཕྱིར་དང་། ངའི་བསྟན་པ་ཡངས་པར་གྱུར་པ་སྐྱེ་བོ་མང་པོ་ལ་ཕན་པ་ལྷ་དང་མིའི་བར་དག་ལ་
ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བ་ལ་གཟིགས་ནས་འདུལ་བ་ལ་ཉན་ཐོས་མ་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱའོ། །ངའི་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་
གང་དགེ་སློང་མ་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ་ཞིང་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་མ་དེ་ཕས་ཕམ་པར་
གྱུར་པ་ཡིན་པས་གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་དགེ་སློང་མ་རྣམ་པ་བཞི་པོ་མིང་གི་དགེ་སློང་མ་དང་། ཁས་འཆེ་བའི་དགེ་སློང་མ་དང་། སློང་བའི་ཕྱིར་དགེ་སློང་མ་དང་། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མའོ། །དེ་ལ་མིང་
གི་དགེ་སློང་མ་གང་ཞེ་ན་གང་གི་མིང་དང་། མིང་དུ་བརྗོད་པ་དང་། ཚིག་གཉིས་པ་དང་། ཚིག་བླ་དགས་དང་། འདུ་ཤེས་དང་། བོད་པ་དང་། གདགས་པ་དང་། ཐ་སྙད་ཀྱིས་དགེ་སློང་མ་ཞེའམ། དགེ་སློང་མའི་རིགས་ཤེའམ། དགེ་སློང་མ་
དང་འདྲ་བར་གྱུར་པ་ཞེས་བྱ་བ་དེ་ནི་མིང་གི་དགེ་སློང་མ་ཞེས་བྱའོ། །ཁས་འཆེ་བའི་དགེ་སློང་མ་གང་ཞེ་ན། གང་དགེ་སློང་མ་མ་ཡིན་བཞིན་དུ་བདག་ཉིད་དགེ་སློང་མའོ། །ཞེས་ཁས་འཆེ་བར་བྱེད་པ་དང་རྐུ་ཐབས་སུ་གནས་ཤིང་། ཡང་དགེ་སློང་མ་ཡིན་ནོ་ཞེས་
བདག་ཉིད་དགེ་སློང་མར་ཁས་འཆེས་པའི་དགེ་སློང་མ་ཞེས་བྱའོ། །སློང་བའི་ཕྱིར་དགེ་སློང་མ་གང་ཞེ་ན། གང་ཆོས་དང་ལྡན་པས་སློང་མོ་སྤྱོད་པས་འཚོ་བར་བྱེད་པ་དེ་ནི་སློང་བའི་ཕྱིར་དགེ་སློང་མ་ཞེས་བྱའོ། །ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་གང་ཞེ་
เล่ม ๙ · หน้า 46b
ན། གང་གི་ཟག་པ་ཀུན་ནས་ཉོན་མོངས་པར་བྱེད་པ་ཡང་སྲིད་པ་བྱེད་པ། རིམས་ནད་དང་བཅས་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་འཆི་བར་འགྱུར་བ་གང་དག་ཡིན་པ་དེ་དག་ཡིན་པ་དེ་དག་སྤངས་པ་དང་། ཡོངས་སུ་
ཤེས་པ་དང་། རྩ་བ་ནས་བཅད་པ་དང་ཤིང་ཏ་ལའི་མགོ་བཞིན་དུ་གཞི་མི་སྣང་བ་དང་། ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་དེ་ནི་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་ཞེས་བྱའོ། །དོན་འདིར་ནི་གསོལ་བ་དང་བཞིའི་ལས་མི་གཡོ་བ་བཞག་པར་མི་
འོས་པས་བསྙེན་པར་རྫོགས་པ་གང་ཡིན་པ་དེ་དགེ་སློང་མར་དགོངས་ཏེ། དེས་ན་ཡང་དགེ་སློང་མ་ཞེས་གསུངས་སོ། །དགེ་སློང་མ་རྣམས་དང་ལྷན་ཅིག་ཅེས་བྱ་བ་ནི་དེ་ལས་གཞན་པ་ཆོས་མཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ངོ་། །བསླབ་པ་མཚུངས་
པ་ཞེས་བྱ་བ་ནི་བསླབ་པ་གང་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་མས་བསླབ་པར་བྱ་བ་དེ་ལ་དེང་བསྙེན་པར་རྫོགས་པས་དང་། དེང་བསྙེན་པར་རྫོགས་པའི་གང་ཡིན་པ་དེ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་ངོ་ཞེས་འདི་ལ་ཚུལ་ཁྲིམས་ཉིད་ཀྱིས་
མཉམ་པ་དང་། བསླབ་པ་ཉིད་ཀྱིས་མཉམ་པ་དང་། སོ་སོ་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་གང་ཡིན་པ་དེ་ནི་བསླབ་པ་མཚུངས་པ་ཞེས་བྱ་སྟེ། དེས་ན་བསླབ་པ་མཚུངས་པ་ཞེས་གསུངས་སོ། །གྱུར་པས་ཞེས་བྱ་བ་ནི་སོང་བས་སོ། །བསླབ་
པ་མ་ཕུལ་ཞེས་བྱ་བ་ལ་ཇི་ཙམ་གྱིས་ན་བསླབ་པ་མ་ཕུལ་བ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་མ་ཁྲོས་ཤིང་ཁྲོ་བའི་ཟིལ་གྱིས་ནོན་པས་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་
ཉེན་པས་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །ཁྲོས་པའམ། ཁྲོས་པའི་ཟིལ་གྱིས་ནོན་པའི་དྲུང་དུ་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །དགེ་སློང་མ་གླེན་མའི་དྲུང་དུ་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་
เล่ม ๙ · หน้า 47a
པར་བྱའོ། །གླེན་མ་ཇི་ལྟ་བ་བཞིན་དུ་ལྐུགས་པ་དང་། འོན་མ་དང་། གཉིད་ཀྱིས་ལོག་པ་དང་། སྙོམས་པར་ཞུགས་པ་དང་། ལྷའི་གཟུགས་བརྙན་དང་། སངས་རྒྱས་ཀྱི་གཟུགས་བརྙན་དང་། མི་མ་ཡིན་པ་དང་། སྤྲུལ་
པ་དང་། དུད་འགྲོར་གྱུར་པའི་དྲུང་དུ་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །དབུས་པ་མཐའ་འཁོབ་པའི་ཚིག་གིས་དབུས་པ་ལ་བསླབ་པ་འབུལ་བར་བྱེད་ལ་དབུས་པས་གལ་ཏེ་མཐའ་འཁོབ་པའི་ཚིག་སྨྲས་པ་དེ་མ་ཤེས་ན་བསླབ་པ་མ་ཕུལ་
བར་བརྗོད་པར་བྱའོ། །དེ་བཞིན་དུ་མཐའ་འཁོབ་པ་དབུས་པའི་ཚིག་གིས་མཐའ་འཁོབ་པ་ལ་བསླབ་པ་འབུལ་བར་བྱེད་ལ། གལ་ཏེ་མཐའ་འཁོབ་པས་དབུས་པའི་ཚིག་དེ་མ་ཤེས་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །མཐའ་འཁོབ་པ་མཐའ་འཁོབ་པའི་
ཚིག་གིས་དབུས་པ་ལ་བསླབ་པ་འབུལ་བར་བྱེད་ལ། གལ་ཏེ་དབུས་པས་མཐའ་འཁོབ་པའི་ཚིག་སྨྲས་པ་དེ་མ་ཤེས་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །དབུས་པ་དབུས་པའི་ཚིག་གིས་མཐའ་འཁོབ་པ་ལ་བསླབ་པ་འབུལ་བར་བྱེད་ལ། གལ་ཏེ་མཐའ་
འཁོབ་པས་དབུས་པའི་ཚིག་སྨྲས་པ་དེ་མ་ཤེས་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །དབེན་པར་མི་དབེན་པའི་འདུ་ཤེས་ཀྱིས་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །མི་དབེན་པར་དབེན་པའི་འདུ་ཤེས་ཀྱིས་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་
བརྗོད་པར་བྱའོ། །ཅ་ཅོ་ཅན་གྱིས་ཅ་ཅོ་ཅན་ལ་བསླབ་པ་འབུལ་ན་བསླབ་པ་མ་ཕུལ་བར་བརྗོད་པར་བྱའོ། །བསླབ་པ་འབུལ་བར་འདོད་པས་དགེ་སློང་མ་རྣལ་མར་གནས་པ་འགའ་ལ་ཡང་ཤེས་པར་མི་བྱེད་པར་བསླབ་པ་འབུལ་བར་བྱེད་ན་བསླབ་པ་མ་ཕུལ་བར་བརྗོད་པར་
བྱའོ་ཞེས་གྲགས་ཏེ། འདི་ནི་བསླབ་པ་མ་ཕུལ་བ་ཞེས་བྱའོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་གསུམ་པ། བསླབ་པ་ཉམས་པར་མ་བྱས་པ་ཞེས་བྱ་བ་ལ། བསླབ་པ་ཉམས་པར་བྱས་ལ་བསླབ་པ་མ་ཕུལ་བ་ཡང་ཡོད། བསླབ་པ་
เล่ม ๙ · หน้า 47b
ཉམས་པར་མ་བྱས་ལ་བསླབ་པ་ཕུལ་བ་ཡང་ཡོད། བསླབ་པ་ཉམས་པར་བྱས་ལ་བསླབ་པ་ཕུལ་བ་ཡང་ཡོད། བསླབ་པ་ཉམས་པར་མ་བྱས་ལ་བསླབ་པ་མ་ཕུལ་བ་ཡང་ཡོད་དོ། །ཇི་ཙམ་གྱིས་ན་བསླབ་པ་ཉམས་པར་བྱས་ལ་བསླབ་པ་ཕུལ་བ་མ་ཡིན་ཞེ་ན།
འདི་ལྟ་སྟེ། དགེ་སློང་མ་ཕྲད་པར་འདོད་པའམ། མངོན་པར་མི་དགའ་བའམ། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བའམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ། མུས་བྱུང་བའམ། ཐེ་ཚོམ་ཟ་བའམ། སྨོད་པ་དེ་དགེ་སློང་
མའི་དྲུང་དུ་ཉེ་བར་འོངས་ནས་འདི་སྐད་ཅེས། འཕགས་མ་དག་ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པར་བྱ་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བར་དཀའོ། །གནས་མལ་དགོན་པ་དང་། ནགས་འདབ་དང་། བས་མཐའ་དག་ཏུ་གནས་པ་ཁོང་དུ་
ཆུད་པར་དཀའོ། །བདག་ཇི་སྲིད་འཚོའི་བར་དུ་མི་རྣམས་ཀྱི་དགའ་བ་དང་། རྩེད་མོ་རྣམས་དང་བྲལ་བ་བྱས་པར་འགྱུར་རོ། །བདག་ཇི་སྲིད་འཚོའི་བར་དུ་རྩྭ་དང་། ལོ་མ་དང་། ཤིང་ལོ་བཏིང་བའི་མལ་བྱེད་པར་འགྱུར་རོ། །བདག་ཇི་སྲིད་འཚོའི་བར་དུ་གཞན་
གྱི་ཁྱིམ་དུ་གཞན་གྱི་ངོར་བལྟ་དགོས་པར་འགྱུར་རོ། །བདག་ཇི་སྲིད་འཚོའི་བར་དུ་འདི་ལྟར་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་གསོས་ཀྱི་སྨན་དང་། ཡོ་བྱད་དག་གཞན་ལས་ཚོལ་ཁྲོ་བྱ་དགོས་སོ། །མ་དྲན་ནོ། །ཕ་དང་།
མིང་པོ་དང་། ཕུ་ནུ་མོ་དྲན་ནོ། །བདག་ཁྱིམ་བཟང་པོ་དག་ཏུ་གཏད་པར་མཛོད་ཅིག་ཅེས་ཟེར་ཞིང་དེ་ལྟར་རྣམ་པར་འཁྱམ་འདོད་པའི་ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། སྨྲ་བའི་
ཚིག་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་དག་སྨྲ་ཞིང་འདི་སྐད་ཅེས་བདག་བསླབ་པ་ནི་མི་གཏོང་ངོ་ཞེས་སྨྲ་བ་འདི་ནི་བསླབ་པ་ཉམས་པར་བྱས་ལ་བསླབ་པ་མ་ཕུལ་བ་ཡིན་ནོ། །ཇི་ཙམ་གྱིས་ན་བསླབ་པ་ཉམས་པར་མ་བྱས་ལ་བསླབ་པ་ཕུལ་བ་ཡིན་
เล่ม ๙ · หน้า 48a
ཞེ་ན། འདི་ལྟ་སྟེ། དགེ་སློང་མ་ཕྲད་འདོད་པ་དང་། མངོན་པར་མི་དགའ་བ་དང་། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བའམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ། མུས་བྱུང་བའམ། ཐེ་ཚོམ་ཟ་བའམ།
སྨོད་པ་དེ་དགེ་སློང་མའི་དྲུང་དུ་ཉེ་བར་འོངས་ནས་འདི་སྐད་ཅེས། འཕགས་མ་དག་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་འདི་ལྟར་དགེ་སློང་མའི་བསླབ་པ་ལ་འབུལ་ལོ་ཞེས་ཟེར་ན་བསླབ་པ་ཕུལ་བར་བརྗོད་པར་བྱའོ། །སངས་རྒྱས་གཏོང་ངོ་། །ཆོས་གཏོང་ངོ་། །
དགེ་འདུན་གཏོང་ངོ་། །མཁན་པོ་དང་། སློབ་དཔོན་གཏོང་ངོ་ཞེས་ཟེར་ཞིང་། ཐ་ན་འདི་སྐད་ཅེས་བདག་དགེ་སྦྱོང་མར་གཟུང་དུ་གསོལ། བདག་ཁྱིམ་པ་མོར་གཟུང་དུ་གསོལ། བདག་ཟ་མ་དང་། མ་ནིང་དང་། དགེ་སློང་སུན་ཕྱུང་བར་གཟུང་དུ་གསོལ། མ་བསད་པ་
དང་། ཕ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། རྐུན་ཐབས་སུ་གནས་པའམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་ཞུགས་པ་ཡིན་ནོ་ཞེས་
ཟེར་བའམ། འདི་སྐད་ཅེས་བདག་ཁྱེད་ལྟ་བུ་ཆོས་མཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་བདག་གིས་ཆོག་གོ་ཞེས་ཟེར་ཞིང་དེ་ལྟར་རྣམ་པར་འཁྱམ་འདོད་པའི་ངག་དང་། ཚིག་དང་། སྐད་དང་། རྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། སྨྲ་བའི་ཚིག་
དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་ཀྱིས་འདི་སྐད་ཅེས་བདག་བསླབ་པ་གཏོང་ངོ་ཞེས་སྨྲ་ན། བསླབ་པ་ཕུལ་བར་བརྗོད་པར་བྱ་སྟེ། འདི་ནི་བསླབ་པ་ཉམས་པར་མ་བྱས་ལ་བསླབ་པ་ཕུལ་བ་ཡིན་ནོ། །ཇི་ཙམ་གྱིས་ན་བསླབ་པ་ཉམས་པར་ཡང་བྱས་
ལ་བསླབ་པ་ཕུལ་བ་ཡང་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་མ་ཕྲད་པར་འདོད་པའམ། མངོན་པར་མི་དགའ་བའམ། རྣམ་པར་འཁྱམ་འདོད་ཅིང་དགེ་སྦྱོང་གི་ཚུལ་མི་འདོད་པའམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ། མུས་བྱུང་བའམ། ཐེ་ཚོམ་ཟ་
เล่ม ๙ · หน้า 48b
བའམ། སྨོད་པ་དེ་དགེ་སློང་མའི་དྲུང་དུ་ཉེ་བར་འོངས་ནས་འདི་སྐད་ཅེས། འཕགས་མ་དག་ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པ་བྱ་དཀའོ། །བདག་ཉིད་གཅིག་པ་ལ་མངོན་པར་དགའ་བ་དཀའོ། །གནས་མལ་དགོན་པ་དང་། ནགས་འདབ་དང་།
བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའོ། །བདག་ཇི་སྲིད་འཚོའི་བར་དུ་མི་རྣམས་ཀྱིས་དགའ་བ་དང་། རྩེད་མོ་རྣམས་དང་བྲལ་བར་བྱས་པར་འགྱུར་རོ། །བདག་ཇི་སྲིད་འཚོའི་བར་དུ་རྩྭ་དང་། ལོ་མ་དང་། ཤིང་ལོ་བཏིང་བའི་མལ་བྱེད་པར་འགྱུར་རོ། །
བདག་ཇི་སྲིད་འཚོའི་བར་དུ་གཞན་གྱི་ཁྱིམ་དུ་གཞན་གྱི་ངོར་བལྟ་དགོས་པར་འགྱུར་རོ། །བདག་ཇི་སྲིད་འཚོའི་བར་དུ་འདི་ལྟར་གཞན་ལས་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་གསོས་ཀྱི་སྨན་དང་། ཡོ་བྱད་དག་ཚོལ་ཁྲོ་བྱ་དགོས་སོ། །མ་
དྲན་ནོ། །ཕ་དང་། མིང་པོ་དང་། ཕུ་ནུ་མོ་དྲན་ནོ། །བདག་ཁྱིམ་བཟང་པོ་དག་ཏུ་གཏད་པར་མཛོད་ཅིག་ཅེས་ཟེར་ཞིང་འདི་སྐད་ཅེས། ཆོས་དང་ལྡན་མ་དག་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་འདི་ལྟར་བསླབ་པ་འབུལ་ལོ། །སངས་རྒྱས་དང་། ཆོས་
དང་། དགེ་འདུན་དང་། མཁན་པོ་དང་། སློབ་དཔོན་གཏོང་ངོ་ཞེས་སྨྲ་བ་དང་། ཐ་ན་འདི་སྐད་ཅེས་བདག་དགེ་སྦྱོང་མར་གཟུང་དུ་གསོལ། བདག་ཁྱིམ་པ་མོར་གཟུང་དུ་གསོལ། བདག་ཟ་མ་དང་། མ་ནིང་དང་། དགེ་སློང་སུན་ཕྱུང་བར་གཟུང་དུ་གསོལ། མ་བསད་
པ་དང་། ཕ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། རྐུན་ཐབས་སུ་གནས་པ་དང་། ཐ་དད་པར་གནས་པ་དང་། གནས་པར་བྱ་བ་མ་ཡིན་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་
ཞུགས་པ་ཡིན་ནོ་ཞེས་ཟེར་བའམ། འདི་སྐད་ཅེས་བདག་ཁྱེད་ལྟ་བུ་ཆོས་དང་མཐུན་པ་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་ཆོག་གོ་ཞེས་ཟེར་ཞིང་། འདི་ལྟར་རྣམ་པར་འཁྱམ་འདོད་པའི་ངག་དང་ཞེས་བྱ་བ་མུ་དང་པོ་ཇི་ལྟ་བ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱའོ། །དེ་ལྟར་
เล่ม ๙ · หน้า 49a
ཕྱོགས་གཉི་གའི་ཚིག་སྨྲ་བ་འདི་ནི་བསླབ་པ་ཉམས་པར་བྱས་པ་ཡང་ཡིན་ལ་བསླབ་པ་ཕུལ་བ་ཡང་ཡིན་ནོ། །ཇི་ཙམ་གྱིས་ན་བསླབ་པ་ཉམས་པར་མ་བྱས་ཤིང་བསླབ་པ་མ་ཕུལ་བ་ཡིན་ཞེ་ན། རྣམ་པ་དེ་དག་མ་གཏོགས་པ་ནི་བསླབ་པ་
ཉམས་པར་མ་བྱས་ལ་བསླབ་པ་མ་ཕུལ་བ་ཡིན་ནོ། །མི་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་གཉིས་ཀྱིས་གཉིས་སྤྲོད་པའོ། །འཁྲིག་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་གང་ཡིན་པ་དེ་ཉིད་འཁྲིག་པ་ཡང་ཡིན་ནོ། །ཆོས་ཞེས་བྱ་བ་འདི་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་
སྒྲར་གསུངས་པའོ། །བསྟེན་ན་ཞེས་བྱ་བ་ནི་ལྷག་པར་སྤྱད་ནའོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དང་། ལྷན་ཅིག་ཀྱང་རུང་སྟེ་ཞེས་བྱ་བ་ནི་དོམ་དང་། སྤྲེའུ་ལ་སོགས་པ་དང་ལྷན་ཅིག་ཏུའོ། །དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པར་
གྱུར་པའོ། །དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པ་གང་ཡིན་པའོ། །བསྙེན་པར་རྫོགས་པ་གང་ཞེ་ན། གསོལ་བ་དང་བཞིའི་ལས་ཀྱིས་བྱ་བ་བྱེད་པ་ཉིད་དང་། རྟོག་པ་ཉིད་དང་། ཡང་དག་པར་རྟོག་པ་ཉིད་དང་། མཐར་ཕྱིན་པར་བྱེད་པ་
ཉིད་དང་། ཡང་དག་པར་མཐར་ཕྱིན་པར་བྱེད་པ་དང་། གང་ཟག་དེའི་ཁས་ལེན་པ་དང་། མངོན་པར་ཁས་ལེན་པ་དང་། ཕྱིར་མི་ཟློག་པ་དང་། ཕྱིར་མི་ལྡོག་པ་དང་། ཕྱིར་མི་འགོག་པ་ཉིད་དང་། ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། རྗོད་པ་
དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་ཏུ་རྗོད་པ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་གང་ཡིན་པའོ། །འདི་ཞེས་བྱ་བ་དེ་ནི་ཉེ་བར་བསྟན་པ་དང་། ཀུན་དུ་བསྟན་པའི་ཚིག་བླ་དགས་སོ། །ཕས་ཕམ་པར་གྱུར་པ་ཡིན་གྱིས་
ཞེས་བྱ་བ་ནི་དེ་ཐ་མ་དང་། ལྟུང་བ་དང་། དམན་པ་དང་། མཇུག་ན་འདུག་པ་དང་། ཐ་ཆད་དང་། ཡིད་དང་མི་མཐུན་པའོ། །ཡང་གང་གིས་ལྟུང་བ་དེ་བྱས་མ་ཐག་ཏུ་དགེ་སློང་མར་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་བར་འགྱུར། ཤཱཀྱའི་སྲས་སུ་མི་རུང་།
เล่ม ๙ · หน้า 49b
དགེ་སློང་མའི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པ་ཡིན། ཉམས་པ། བཅོམ་པ། ལྟུང་བ། ཕས་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བསླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་
སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་དེ་བཞིན་དུ། དགེ་སློང་མས་གནས་དེ་ལྟ་བུ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་མར་མི་རུང་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །གནས་པར་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་མ་རྣམས་ཀྱིས་དེ་དང་
གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་། གཉིས་དང་། གསོལ་བ་དང་། བཞིའི་ལས་ཉམས་སུ་མྱང་བར་མི་བྱ་ཞིང་། གང་ཟག་བཅུ་གཉིས་པོ་དག་ཏུ་སྐོ་བས་བསྐོ་བར་མི་བྱ་བ་སྟེ། དེས་ན་གནས་པར་མི་བྱའོ་ཞེས་གསུངས་
སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། །།སྡོམ་ལ། འབའ་ཞིག་དང་ནི་གནས་གསུམ་གྱིས། །མི་ལ་སོགས་དང་ལྷན་ཅིག་དང་། །སྟེན་ལ་གཞོལ་དང་རྩོལ་བ་དང་། །མྱོས་པར་བྱས་དང་མཐུས་འཛིན་པའོ། །དགེ་སློང་མས་མི་ཚངས་པར་
སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཕས་ཕམ་པར་འགྱུར་བའོ། །ཡང་དགེ་སློང་མ་གང་ཞིག་མི་དང་གནས་གསུམ་གྱིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་ཕས་ཕམ་པར་འགྱུར་ཏེ། ཁའམ། བཤང་བའི་ལམ་མམ། མོ་མཚན་དུ་བཅུག་ན་དགེ་
སློང་མ་དེ་ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ། །ཇི་ལྟར་མི་དང་ལྷན་ཅིག་གནས་གསུམ་གྱིས་སྟེན་པར་བྱེད་པ་དེ་བཞིན་དུ་མི་མ་ཡིན་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཏུ་བསྟེན་ན་ཡང་ཐམས་ཅད་དུ་ཕས་ཕམ་པར་འགྱུར་བའོ། །
ཡང་དགེ་སློང་མ་གང་ཞིག་སེམས་སྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་འབབ་པ་དང་། སྟེན་པ་ལ་བབ་པར་གྱུར་པས་མོ་མཚན་བར་ཆད་དང་བཅས་པས་བར་ཆད་དང་བཅས་པ་དང་། བར་ཆད་དང་བཅས་པས་བར་ཆད་མེད་པ་དང་། བར་ཆད་མེད་པས་བར་
เล่ม ๙ · หน้า 50a
ཆད་དང་བཅས་པ་དང་། བར་ཆད་མེད་པས་བར་ཆད་མེད་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན། ཐམས་ཅད་དུ་ཕས་ཕམ་པར་འགྱུར་རོ། །དེ་ལྟར་འདིར་དགེ་སློང་གི་ཕས་ཕམ་པ་དང་པོའི་དངོས་པོ་ཇི་ལྟ་བ་བཞིན་དུ་དགེ་སློང་མ་ཞེས་
བརྗེ་བ་བྱས་ཏེ་འདིར་རྒྱས་པར་བརྗོད་པར་བྱའོ། །བདག་གིས་ནི་ཧ་ཅང་སྤྲོས་པས་འཇིགས་པའི་ཕྱིར་མ་བྲིས་སོ། །ཕས་ཕམ་པར་འགྱུར་བ་དང་པོ་མདོར་བསྡུས་པ་རྫོགས་ཏེ། རྒྱས་པར་ནི་དགེ་སློང་གི་སོ་སོར་ཐར་པ་དང་། རྣམ་པར་འབྱེད་པ་བཞིན་ནོ།། །།སངས་
རྒྱས་བཅོམ་ལྡན་འདས་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་སྔོན་རྫ་མཁན་དགེ་སློང་ནོར་ཅན་རྒྱལ་པོའི་ཁབ་ན་དགོན་པའི་སྤྱིལ་བུ་ན་གནས་སོ། །དེ་ནས་སྔོན་རྫ་མཁན་དགེ་སློང་ནོར་ཅན་རྒྱལ་པོའི་ཁབ་ཏུ་སྤྱོད་ཡུལ་དུ་ཞུགས་པ་དང་། རྒྱལ་པོའི་ཁབ་ཀྱི་
མི་བ་ལང་རྫི་དང་། ཕྱུགས་རྫི་དག་དང་། རྩྭ་ཐུན་དག་དང་། ཤིང་ཐུན་དག་དང་། ལམ་གྱིས་འཚོ་བ་དག་དང་། ལམ་གོལ་བས་འཚོ་བའི་མི་དག་གིས་སྤྱིལ་བུ་བཅོམ་ཞིང་རྣམ་པར་དཀྲུགས་ཏེ་རྩྭ་དང་། ཤིང་ཐམས་ཅད་ཀྱང་ཁྱེར་རོ། །དེའི་འོག་ཏུ་སྔོན་རྫ་
མཁན་དགེ་སློང་ནོར་ཅན་འོངས་པ་དང་ཞེས་བྱ་བ་ནས། དེ་བཞིན་དུ་སྔོན་རྫ་མཁན་དགེ་སློང་ནོར་ཅན་ལས་གླེངས་ནས་མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པ་ཞེས་བྱ་བའི་བར་དུའོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་
དང་། དངོས་པོ་འདི་དང་། སྐབས་འདི་ལ་གཉི་གའི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ནས། གཉི་གའི་དགེ་འདུན་གྱིས་ཤེས་པ་དང་། ངས་འདུལ་བ་ལ་བསླབ་པའི་གཞི་ལེགས་པར་བཅས་པར་འགྱུར་བ་ཞེས་བྱ་བའི་བར་དུའོ། །སངས་རྒྱས་བཅོམ་ལྡན་
འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི་མི་མཁྱེན་པར་མ་ཡིན་ཞེས་བྱ་བའི་བར་དུ་ཕས་ཕམ་པ་དང་པོ་སྔ་མ་ཇི་ལྟ་བ་བཞིན་དུ་ཐམས་ཅད་བརྗོད་པར་བྱའོ། །དེ་བཞིན་དུ་ཕན་ཡོན་བཅུ་ཞེས་བྱ་བའི་བར་དུ་ཕས་ཕམ་པ་དང་པོ་ཇི་ལྟ་བ་
เล่ม ๙ · หน้า 50b
བཞིན་དུ་བརྗོད་པར་བྱའོ། །ཡང་དགེ་སློང་མ་གང་གཞན་དག་གི་གྲོང་ན་འདུག་པའམ། དགོན་པ་ན་འདུག་པ་མ་བྱིན་པ་རྐུ་བའི་རྣམ་གྲངས་སུ་གཏོགས་པ་བླངས་ནས། ཇི་ཙམ་མ་བྱིན་པར་བླངས་པས་དེ་རྒྱལ་པོའམ་བློན་པོ་ཆེན་པོས་བཟུང་ནས། དེ་ལ་འདི་སྐད་ཅེས་ཀྱེ་
དགེ་སློང་མ་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པའོ། །རྐུ་བའོ་ཞེས་ཟེར་ཞིང་གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་སྟེ། དགེ་སློང་མ་དེ་དེ་ལྟར་མ་བྱིན་པར་ལེན་ན། དགེ་སློང་མ་དེ་ཡང་ཕས་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་
སློང་མ་གང་ཞེས་བྱ་བ་ནི་དགེ་སློང་མ་བཞི་པོ་མིང་གི་དགེ་སློང་མ་དང་། ཁས་འཆེ་བའི་དགེ་སློང་མ་དང་། སློང་བའི་ཕྱིར་དགེ་སློང་མ་དང་། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་ལས་ཞེས་བྱ་བའི་བར་དུ་ཕས་ཕམ་པ་དང་པོ་སྔ་མ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །གཞན་
དག་གི་ཞེས་པ་ནི་སྐྱེས་པ་དང་། བུད་མེད་དང་། མ་ནིང་གིའོ། །གྲོང་ན་འདུག་པའམ་ཞེས་བྱ་བ་ནི་ར་བའི་ནང་ན་འདུག་པའོ། །དགོན་པ་ན་འདུག་པ་ཞེས་བྱ་བ་ནི་ར་བའི་ཕྱི་རོལ་ན་འདུག་པའོ། །མ་བྱིན་པ་ཞེས་བྱ་བ་ནི་དེ་ལ་སྐྱེས་པའམ་བུད་མེད་དམ་མ་ནིང་གང་གིས་ཀྱང་མ་བྱིན་
པའོ། །རྐུ་བའི་གྲངས་སུ་གཏོགས་པ་ཞེས་བྱ་བ་ནི་མ་བྱིན་པ་གང་ཡིན་པ་དེ་རྐུ་བའི་གྲངས་སུ་གཏོགས་པ་ཡང་ཡིན་ནོ། །བླངས་ན་ཞེས་བྱ་བ་ནི་ལེན་ནའོ། །ཇི་ཙམ་ན་མ་བྱིན་པར་བླངས་པས་ཞེས་བྱ་བ་ནི་མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པས་སོ། །དེ་རྒྱལ་པོའམ་
ཞེས་བྱ་བ་ནི་སྐྱེས་པའམ། བུད་མེད་དམ། མ་ནིང་ཡང་རུང་། རྒྱལ་སྲིད་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན། དེ་དག་ནི་རྒྱལ་པོ་ཡང་ཡིན་ལ། དེ་དག་རྒྱལ་རིགས་ཀྱང་ཡིན། དེ་དག་སྤྱི་བོ་ནས་དབང་བསྐུར་བ་ཡང་ཡིན་ནོ། །བློན་པོ་ཆེན་པོས་ཞེས་བྱ་བ་ནི་དེ་
ལས་གཞན་པ་བློན་པོ་དང་། རྩིས་མཁན་དང་། སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྲིད་བྱེད་པ་གསང་ཚིག་མཐུན་པས་འཚོ་བ་གང་དག་དེ་ལ་བརྟེན་ལ་འཚོ་བར་བྱེད་པ་དག་གིས་སོ། །བཟུང་ནས་ཞེས་བྱ་བ་ནི་བཟུང་ནས་སོ། །དེ་ལ་འདི་སྐད་ཅེས་ཀྱེ་དགེ་སློང་མ་ཁྱོད་ནི་རྐུན་མའོ། །
เล่ม ๙ · หน้า 51a
བྱིས་པའོ། །བླུན་པའོ། །རྐུ་བའོ་ཞེས་བྱ་བ་དེ་དག་ནི་སྤྱོ་བའི་ཚིག་གོ། །ཟེར་ཞིང་ཞེས་བྱ་བ་ནི་རྗོད་ཅིང་ངོ་། །གསོད་དམ་ཞེས་བྱ་བ་ནི་སྲོག་དང་བྲལ་བར་བྱེད་པའོ། །འཆིང་ངམ་ཞེས་བྱ་བ་ནི་ཆིངས་མ་གསུམ་པོ་ལྕགས་ལས་བྱས་པ་དང་། ཤིང་ལས་
བྱས་པ་དང་། རྩྭ་ལས་བྱས་པ་དག་གིས་སོ། །སྤྱུགས་ཀྱང་རུང་ཞེས་བྱ་བ་ནི་ཡུལ་མེད་པར་བྱས་ཀྱང་རུང་སྟེའོ། །དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པའོ་ཞེས་བྱ་བ་ནས་དེ་ཡང་ཞེས་བྱ་བ་འདི་ནི་ཉེ་བར་བསྟན་པ་དང་། ཀུན་དུ་བསྟན་པའི་ཚིག་བླ་
དགས་སོ་ཞེས་བྱ་བ་དང་། གསོལ་བ་དང་། གསོལ་བ་དང་། གཉིས་དང་། གསོལ་བ་དང་བཞིའི་ལས་ཞེས་བྱ་བའི་བར་དུ་ཕས་ཕམ་པ་དང་པོ་ཇི་ལྟ་བ་དེ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། །།སྤྱི་སྡོམ་ལ། བདག་ཉིད་ས་
དང་ནམ་མཁའ་དང་། །ས་ཡི་གཅལ་དང་བཞོན་དང་གྲུ། །སྟོན་ཀ་འབྱུང་དང་ཆུ་དང་ནི། །རྐུ་དང་ས་གཞི་འཚོལ་བ་དང་། །རྐང་མེད་དང་ནི་གདོལ་པ་དང་། །འཕྱང་བར་གྱུར་པ་ཐ་མ་ཡིན། །སྡོམ་ལ། བདག་ཉིད་དང་ནི་མ་བྱིན་དང་། །སེམས་དང་ཡོངས་སུ་
བཟུང་བ་དང་། །འདུ་ཤེས་དང་ནི་བཞི་པ་བཞི། །ལྔ་པ་གཉིས་སུ་བྱས་པ་ཡིན། །དགེ་སློང་མས་རྒྱུ་གསུམ་གྱིས་གཞན་གྱི་ཡོ་བྱད་ལྕི་བ་མ་བྱིན་པར་ལེན་ན་ཕས་ཕམ་པར་འགྱུར་ཏེ། གསུམ་གང་ཞེ་ན། བདག་ཉིད་ཀྱིས་དང་། ཞལ་ཏ་བྱས་པས་དང་། མངགས་
པས་སོ། །ཇི་ལྟར་བདག་ཉིད་ཀྱིས་ཤེ་ན། བདག་ཉིད་ཀྱིས་རྐུ་བ་དང་། བདག་ཉིད་ཀྱིས་རྐུར་འཇུག་པ་དང་། བདག་ཉིད་ཀྱིས་གནས་ནས་གནས་སུ་སྦེད་པར་བྱེད་པ་སྟེ། དེ་ལྟར་ན་བདག་ཉིད་ཀྱིས་སོ། །ཇི་ལྟར་ཞལ་ཏ་བྱས་པས་ཤེ་ན། ཞལ་ཏ་བྱས་ཏེ་རྐུ་བ་
དང་། ཞལ་ཏ་བྱས་ཏེ་རྐུར་འཇུག་པ་དང་། ཞལ་ཏ་བྱས་ཏེ་གནས་ནས་གནས་སུ་སྦེད་པར་བྱེད་པ་སྟེ། དེ་ལྟར་ན་ཞལ་ཏ་བྱས་པས་སོ། །ཇི་ལྟར་མངགས་པས་ཤེ་ན། མངགས་ནས་རྐུ་བ་དང་། མངགས་ནས་རྐུར་འཇུག་པ་དང་། མངགས་ནས་གནས་སུ་
เล่ม ๙ · หน้า 51b
སྦེད་པར་བྱེད་པ་སྟེ། དེ་ལྟར་མངགས་པས་སོ། །དགེ་སློང་མས་རྒྱུ་གསུམ་པོ་དེ་དག་གིས་གཞན་གྱི་ཡོ་བྱད་ལྕི་བ་མ་བྱིན་པར་བླངས་ན་ཕས་ཕམ་པར་འགྱུར་རོ། །གཞན་ཡང་དགེ་སློང་མས་རྒྱུ་གསུམ་གྱིས་གཞན་དག་གི་ཡོ་བྱད་ལྕི་བ་བླངས་ན་ཕས་ཕམ་པར་འགྱུར་ཏེ། གསུམ་
གང་ཞེ་ན། མ་བྱིན་པ་དང་། ལྕི་བ་དང་། གནས་ནས་གནས་སུ་སྦེད་པའོ། །ཇི་ལྟར་མ་བྱིན་པ་ཡིན་ཞེ་ན། སྐྱེས་པ་དང་། བུད་མེད་དང་། མ་ནིང་གང་གིས་ཀྱང་མ་བྱིན་པ་སྟེ། དེ་ལྟ་བུ་ནི་མ་བྱིན་པ་ཡིན་ནོ། །ཇི་ལྟར་ན་ལྕི་བ་ཡིན་ཞེ་ན། མ་ཤ་ཀ་
ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པ་སྟེ། དེ་ལྟར་ན་ལྕི་བ་ཡིན་ནོ། །ཇི་ལྟར་གནས་ནས་གནས་སུ་སྦེད་པ་ཡིན་ཞེ་ན། གནས་གང་དུ་བཞག་པའི་གནས་དེ་ནས་སྤོས་ནས་གནས་གཞན་དུ་འཇོག་པར་བྱེད་པ་སྟེ། དེ་ལྟར་ན་གནས་ནས་གནས་སུ་སྦེད་པ་ཡིན་ནོ། །དགེ་སློང་མས་
རྒྱུ་དེ་གསུམ་གྱིས་གཞན་གྱི་ཡོ་བྱད་ལྕི་བ་མ་བྱིན་པར་བླངས་ན་ཕས་ཕམ་པའི་ལྟུང་བར་འགྱུར་རོ། །གཞན་ཡང་དགེ་སློང་མས་རྒྱུ་གསུམ་གྱིས་གཞན་གྱི་ཡོ་བྱད་ལྕི་བ་མ་བྱིན་པར་བླངས་ན་ཕས་ཕམ་པར་འགྱུར་ཏེ། གསུམ་གང་ཞེ་ན། སེམས་པར་བྱེད་པ་དང་། རྩོལ་བར་
བྱེད་པ་དང་། གནས་ནས་གནས་སུ་སྦེད་པའོ། །དེ་ལྟར་སྡོམ་གྱི་ཚིགས་སུ་བཅད་པ་རྒྱས་པར་དགེ་སློང་གི་རྣམ་པར་འབྱེད་པ་ལས་ཇི་ལྟར་འབྱུང་བ་དེ་བཞིན་དུ་བརྗོད་པར་བྱ་ཞིང་། དེ་ལས་དགེ་སློང་ཞེས་འབྱུང་བ་ནི་དགེ་སློང་མའི་རྣམ་པར་འབྱེད་པ་འདིར་དགེ་སློང་མ་ཞེས་
བསྒྱུར་བར་བྱའོ། །ཕས་ཕམ་པར་གྱུར་པ་གཉིས་པ་རྫོགས་སྷོ།། །།སྤྱི་སྡོམ་ལ། བྲན་ཅན་དང་ནི་རི་དགས་ཟློག །བདག་ཉིད་དང་ནི་དུག་དང་ནི། །རོ་ལངས་བསྲོ་གང་ཐ་མ་ཡིན། །སྡོམ་ལ། བྲན་ཅན་དང་ནི་སྐྱོང་བ་པ། །མཆུ་ཅན་དང་ནི་
ཤི་རི་ཀ། །ལྷུང་བཟེད་དག་དང་ཆོས་གོས་དང་། །མངལ་ན་གནས་དང་ཚོང་དཔོན་ནོ། །སངས་རྒྱས་བཅོམ་ལྡན་འདས་སྤོང་བྱེད་ན་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ན་སྒྲོན་ཤིང་གི་ཚལ་གསེབ་ན་བཞུགས་སོ། །དེ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་ལ་དགེ་སློང་དག་མི་
เล่ม ๙ · หน้า 52a
སྡུག་པ་སྒོམས་ཤིག །མི་སྡུག་པ་བསྟེན་ཅིང་བསྒོམས་ལ་མང་དུ་བྱ་བ་ན་འབྲས་བུ་ཆེན་པོ་དང་། ཕན་ཡོན་ཆེན་པོར་འགྱུར་རོ་ཞེས་མི་སྡུག་པ་སྟོན་པ་མཛད་ཅིང་། མི་སྡུག་པ་བསྒོམ་པའི་བསྔགས་པ་རྗོད་པར་ཡང་མཛད་པས་དགེ་སློང་དག་མི་སྡུག་པ་སྒོམ་པར་བྱེད་
དོ། །དགེ་སློང་དག་མི་སྡུག་པ་སྒོམ་པ་ན་ལུས་རུལ་བ་འདིས་སྒྱིད་ལུག་པ་དང་། མུས་བྱུང་བ་དང་། ཐེ་ཚོམ་ཟ་བ་དང་། སྨོད་པར་བྱེད་པ་ན་མཚོན་ཀྱང་འབྱིན་པར་བྱེད། དུག་ཀྱང་ཟ་བར་བྱེད། ཐག་པས་ཀྱང་འཆིང་བར་བྱེད། གཡང་སར་ཡང་མཆོང་བར་བྱེད་ཅིང་།
འདི་ལྟར་དགེ་སློང་གིས་ཀྱང་དགེ་སློང་ལ་གསོད་པར་བྱེད་དོ། །དེ་ནས་དགེ་སློང་ཞིག་ལུས་རུལ་བ་འདིས་སྒྱིད་ལུག་པ་དང་། མུས་བྱུང་བ་དང་། ཐེ་ཚོམ་ཟ་བ་དང་། སྨོད་པར་བྱེད་ཅིང་། རི་དགས་ཟློག་དགེ་སྦྱོང་སྦེད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རི་དགས་ཟློག་དགེ་སྦྱོང་སྦེད་ལ་འདི་
སྐད་ཅེས་སྨྲས་སོ། །བཞིན་བཟངས་ཚུར་ཤོག །ཁོ་བོ་སྲོག་དང་ཕྲོལ་ཅིག་དང་། ཁོ་བོའི་ལྷུང་བཟེད་དང་ཆོས་གོས་གང་ཡིན་པ་དེ་ཁྱོད་ཀྱི་ཡིན་པར་འགྱུར་རོ། །དེ་ནས་རི་དགས་ཟློག་དགེ་སྦྱོང་སྦེད་ཀྱིས་དགེ་སློང་དེ་སྲོག་དང་ཕྲལ་ནས་རལ་གྲི་ཁྲག་གིས་གོས་པ་ཁྱེར་ཏེ་ཆུ་ཀླུང་ཡིད་འོང་
ལྡན་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་ཙོག་ཙོག་པོར་འདུག་སྟེ་རལ་གྲི་ཁྲག་གིས་གོས་པ་འཁྲུ་བར་བྱེད་དོ། །དེ་ནས་བདུད་ཀྱི་རིས་ཀྱི་ལྷ་ཞིག་ཆུ་ཀླུང་ཡིད་འོང་ལྡན་གྱི་ཆུ་རྒྱུན་གྱི་སྟེང་ན་འདུག་ནས་རི་དགས་ཟློག་དགེ་སྦྱོང་སྦེད་ལ་འདི་སྐད་ཅེས་སྨྲས་སོ། །
བཞིན་བཟངས་ལེགས་སོ་ལེགས་སོ། །འདི་ལྟར་ཁྱོད་དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་དག་མ་རྒལ་བ་རྒལ་བར་བྱེད། མ་གྲོལ་བ་གྲོལ་བར་བྱེད། དབུགས་མ་ཕྱིན་པ་དབུགས་འབྱིན་པར་བྱེད། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་
ངན་ལས་འདའ་བར་བྱེད་པ་ནི་ཁྱོད་ལ་བསོད་ནམས་མང་དུ་སྐྱེ་བར་འགྱུར་ཞིང་། དེ་དག་གི་ལྷུང་བཟེད་དང་། ཆོས་གོས་གང་ཡིན་པ་དེ་ཁྱོད་ཀྱིར་འགྱུར་བ་འདི་ཡང་ཁྱོད་ཀྱི་རྙེད་པ་ལྷག་པ་ཡིན་ནོ། །དེ་ནས་རི་དགས་ཟློག་དགེ་སྦྱོང་སྦེད་འདི་སྙམ་དུ་གང་བདག་དགེ་སྦྱོང་ཚུལ་
เล่ม ๙ · หน้า 52b
ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་དག་མ་རྒལ་བ་རྒལ་བར་བྱེད། མ་གྲོལ་བ་གྲོལ་བར་བྱེད། དབུགས་མ་ཕྱིན་པ་དབུགས་འབྱིན་པར་བྱེད། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ནི་བདེན་ཏེ། བདག་ལ་
བསོད་ནམས་མང་དུ་སྐྱེ་ཞིང་། དེ་དག་གི་ལྷུང་བཟེད་དང་། ཆོས་གོས་གང་ཡིན་པ་དེ་བདག་གིར་འགྱུར་བ་དེ་ཡང་། བདག་གི་རྙེད་པ་ལྷག་པ་ཡིན་ནོ་སྙམ་དུ་རྒྱ་ཆེར་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ཐོབ་པར་གྱུར་ཏོ། །དེ་ནས་རི་དགས་ཟློག་དགེ་སྦྱོང་སྦེད་རལ་གྲི་རྣོན་པོ་མཆན་ཁུང་
དུ་བཅུག་སྟེ། ཀུན་དགའི་ར་བ་ནས་ཀུན་དགའི་ར་བ་དང་། གཙུག་ལག་ཁང་ནས་གཙུག་ལག་ཁང་དང་། ཁང་ཁྱིམ་ནས་ཁང་ཁྱིམ་དང་། འཆག་ས་ནས་འཆག་ས་དང་། ལམ་གོལ་བར་རྗེས་སུ་རྒྱུ་བ་ན་དགེ་སློང་དེ་དང་དེ་དག་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །
དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་རྒལ་བ་རྣམས་བརྒལ་བར་བྱ་བ། མ་གྲོལ་བ་གྲོལ་བར་བྱ་བ། དབུགས་མ་ཕྱིན་པ་དབུགས་དབྱུང་བར་བྱ་བ། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་གང་ཡིན། དེ་ནས་
དགེ་སློང་ཞིག་རྣག་གི་ལུས་འདིས་སྒྱིད་ལུག་པ་དང་། མུས་བྱུང་བ་དང་། ཐེ་ཚོམ་ཟ་བ་དང་། སྨོད་པ་ན་གནས་ནས་ཕྱིར་བྱུང་སྟེ་རི་དགས་ཟློག་དགེ་སྦྱོང་སྦེད་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་བདག་མ་རྒལ་བ་ཡིན་གྱིས་སྒྲོལ་ཅིག །བདག་མ་གྲོལ་བ་ཡིན་
གྱིས་ཁྲོལ་ཅིག །བདག་དབུགས་མ་ཕྱིན་པ་ཡིན་གྱིས་དབུགས་ཕྱུང་ཤིག །བདག་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡིན་གྱིས་ཡོངས་སུ་མྱ་ངན་ལས་ཟློས་ཤིག །དེ་ནས་རི་དགས་ཟློག་དགེ་སྦྱོང་སྦེད་ཀྱིས་དགེ་སློང་དེ་སྲོག་དང་བྲལ་བར་བྱས་ཏེ། དེ་བཞིན་དུ་གཉིས་དང་།
གསུམ་ནས་དགེ་སློང་དྲུག་བཅུའི་བར་དག་སྲོག་དང་བྲལ་བར་བྱས་སོ། །དེའི་ཚེ་དགེ་སློང་དག་ཉུང་ངུར་གྱུར། ཉམས་པར་གྱུར། རྔ་རྔོར་གྱུར་ཅིང་དགེ་སློང་གི་དགེ་འདུན་སྲབས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་བཅྭ་ལྔའི་གསོ་སྦྱོང་ལ་དགེ་སློང་གི་དགེ་
เล่ม ๙ · หน้า 53a
འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཐམས་ཅད་ལ་རྣམ་པར་གཟིགས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་གིས་ད་ལྟར་དགེ་སློང་དག་
ཉུང་ངུར་གྱུར། ཉམས་པར་གྱུར། རྔ་རྔོར་གྱུར་ཅིང་དགེ་སློང་གི་དགེ་འདུན་སྲབས་པར་གྱུར་པའི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། བཙུན་པ་ད་ལྟར་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ལ་དགེ་སློང་དག་མི་སྡུག་པ་སྒོམས་ཤིག །མི་སྡུག་པ་བསྟེན་
ཅིང་གོམས་པར་བྱས་ལན་མང་དུ་བྱས་ན་འབྲས་བུ་ཆེན་པོ་དང་ཕན་ཡོན་ཆེན་པོར་འགྱུར་རོ་ཞེས་མི་སྡུག་པ་སྟོན་པར་མཛད་ཅིང་། མི་སྡུག་པ་བསྒོམ་པའི་བསྔགས་པ་བརྗོད་པར་ཡང་མཛད་དོ་ཞེས་བྱ་བ་ནས་གསད་པར་མི་བྱའོ། །བདག་ཉིད་དམ་གཞན་གསོད་དུ་འཇུག་
ན་སྟེ། གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་བསླབ་པ་བཅས་སོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་བརྗོད་པར་བྱ་སྟེ། དེ་ཉིད་ལས་གླེངས་ནས་ཇི་ལྟར་དགེ་སློང་གི་རྣམ་པར་འབྱེད་པ་བཞིན་དུ་རྒྱ་ཆེར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་ཉིད་དང་། གླེང་གཞི་དེ་ཉིད་དང་།
དངོས་པོ་དེ་ཉིད་དང་། སྐབས་དེ་ཉིད་ཀྱིས་གཉི་གའི་དགེ་འདུན་བསྡུ་བ་མཛད་དེ། ངའི་ཉན་ཐོས་རྣམས་ཀྱིས་དོན་དེ་ཤེས་པ་དང་། ངས་བསླབ་པའི་གཞི་ལེགས་པར་བཅས་པར་འགྱུར་བའི་བར་ཕས་ཕམ་པ་དང་པོ་ཇི་ལྟ་བ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱའོ། །ཡང་
དགེ་སློང་མ་གང་ཞིག་མིའམ། མིར་ཆགས་པ་ལ་བསམས་བཞིན་དུ་རང་གི་ལག་དར་ཏེ་སྲོག་བཅད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་ཏམ། དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་
སྐད་ཅེས་མི་ཁྱོད་འཚོ་བ་སྡིག་པ། མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བླའོ་ཞེས་ཟེར་ཞིང་སེམས་ཀྱི་འདོད་པ་དང་། སེམས་ཀྱི་ཀུན་དུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་
เล่ม ๙ · หน้า 53b
ལ། དེ་ཡང་རྩོམ་པ་དེས་ཤི་བར་གྱུར་ན་དགེ་སློང་མ་དེ་ཡང་ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི། དགེ་སློང་མ་རྣམ་པ་བཞི་པོ་མིང་གི་དགེ་སློང་མ་དང་། ཁས་འཆེ་བའི་དགེ་སློང་མ་དང་། སློང་
བའི་ཕྱིར་དགེ་སློང་མ་དང་། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་ཞེས་བྱ་བའི་བར་ཕས་ཕམ་པ་དང་པོ་སྔ་མ་ཇི་ལྟ་བར་སྔ་མ་བཞིན་དུ་བརྗོད་དོ། །མིའམ་ཞེས་བྱ་བ་ནི་གང་གིས་མའི་ལྟོར་དབང་པོ་དྲུག་པོ་འདི་ལྟ་སྟེ། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་།
སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་ཐོབ་པར་གྱུར་པའོ། །མིར་ཆགས་པ་ལ་ཞེས་བྱ་བ་ནི་གང་གིས་མའི་ལྟོར་དབང་པོ་གསུམ་པོ་འདི་ལྟ་སྟེ། ལུས་ཀྱི་དབང་པོ་དང་། སྲོག་གི་དབང་པོ་དང་། ཡིད་ཀྱི་དབང་པོ་ཐོབ་
པར་གྱུར་པ་ལའོ། །བསམས་བཞིན་དུ་ཞེས་བྱ་བ་ནི་རྣམ་པར་བརྟགས་ནས་སོ། །རང་གི་ལག་དར་ནས་ཞེས་བྱ་བ་ནི་བདག་ཉིད་ཀྱི་ལག་གིས་སོ། །སྲོག་བཅད་དམ་ཞེས་བྱ་བ་ནི་སྲོག་བཅད་པར་གྱུར་ནའོ། །དེ་ལ་མཚོན་བྱིན་ནམ་ཞེས་བྱ་བ་ནི་རལ་གྲིའམ།
སྤུ་གྲིའམ། ཆུ་གྲིའོ། །དེ་ལ་མཚོན་ཐོགས་པ་གཉེར་ཏམ་ཞེས་བྱ་བ་ནི་སྐྱེས་པའམ། བུད་མེད་དམ། མ་ནིང་ངོ་། །དེ་འཆིར་བཅུག་གམ་ཞེས་བྱ་བ་ནི་འཆིར་གཞུག་པའི་གང་ཟག་ནི་རྣམ་པ་གསུམ་སྟེ། ནད་པ་དང་། ཚུལ་ཁྲིམས་འཆལ་པ་
དང་། ཚུལ་ཁྲིམས་དང་ལྡན་པའོ། །ནད་པ་ལ་ཇི་ལྟ་ཞེ་ན། འདི་ལྟར་དགེ་སློང་མ་དེ་དགེ་སློང་ངམ། དགེ་སློང་མ་ནད་པ་ལ་ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་འགའ་ཞིག་
འདོད་པའི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། འདི་ཇི་སྲིད་གསོན་པ་དེ་སྲིད་དུ་བདག་གིས་ཐོབ་པར་མི་འགྱུར་གྱིས་བདག་དེའི་དྲུང་དུ་སོང་ལ་འཆིར་གཞུག་གོ་སྙམ་ནས། དེ་དེའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་ནི་ན་བ། སྡུག་བསྔལ་བ། ན་ཚབས་ཆེ་བ་ཡིན་པས།
เล่ม ๙ · หน้า 54a
ཚེ་དང་ལྡན་པ་ཇི་སྲིད་ཡུན་རིང་དུ་འཚོ་བ་དེ་སྲིད་དུ་སྡུག་བསྔལ་བ། མི་བཟད་པ། རྩུབ་པ། ཚ་བ། ཡིད་དུ་མི་འོང་བ་དག་ཉམས་སུ་མྱོང་བར་འགྱུར་རོ་ཞེས་སྨྲས་པ་ན། དེས་དེ་ལ་འདི་སྐད་ཅེས་འོ་ན་ཁོ་བོས་ཇི་ལྟར་བྱ་ཞེས་པ་དེའི་ཚེ་ཚུར་
ཤོག །ཁྱོད་ཀྱིས་བདག་ཉིད་ཐོང་ཤིག །བདག་ཉིད་སོད་ཅིག །བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་ཆུག་ཤིག་ཅེས་སྨྲས་ལ། གལ་ཏེ་ནད་པ་དེ་བདག་ཉིད་གཏོང་བར་བྱེད་དམ། བདག་ཉིད་གསོད་པར་བྱེད་དམ། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་
འཇུག་ན་ཕས་ཕམ་པར་འགྱུར་རོ། །གལ་ཏེ་ནད་པ་དེ་འདི་སྙམ་དུ་དེ་དེ་སྐད་ཅེས་ཟེར་མོད་ཀྱི། འོན་ཀྱང་འཚོ་བ་ནི་རྙེད་པར་དཀའོ། །བདག་ཉིད་གསོད་པ་ནི་ནུས་པར་དཀའ་བས་བདག་གིས་བདག་ཉིད་མི་གཏོང་ངོ་། །བདག་གིས་བདག་ཉིད་མི་གསོད་དོ། །བདག་གིས་
བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་གཞུག་གོ་སྙམ་བསམས་ནས། གལ་ཏེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བ་བྱེད་དུ་མི་འཇུག་ན། འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་
འགྱུར་རོ། །གལ་ཏེ་དེ་དེ་སྐད་སྨྲས་པས་བདག་ནི་འདི་ལྟ་སྟེ། བྱིས་པ། བླུན་པ། མི་གསལ་བ། མི་མཁས་པ་ཡིན་པས་བདག་གིས་གྱ་ཚོམ་དང་། བྱུང་རྒྱལ་དུ་སོ་སོར་མ་བརྟགས་པའི་ཚིག་སྨྲས་སོ་སྙམ་དུ་འགྱོད་པར་གྱུར་ནས་དེ་དེའི་གན་དུ་
སོང་སྟེ་འདི་སྐད་ཅེས་བདག་གིས་ཁྱོད་ལ་བདག་ཉིད་སྲོག་དང་བྲལ་བར་གྱིས་ཤིག་ཅེས་སྨྲས་མོད་ཀྱི། འོན་ཀྱང་ཁྱོད་བདག་ཉིད་ཀྱི་སྲོག་གཏོང་བར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཁྱོད་ཀྱིས་རྗེས་སུ་མཐུན་པའི་སྨན་སོ་སོར་བསྟན་པ་དང་། ཁ་ཟས་
འཕྲོད་པ་དག་དང་། ནད་གཡོག་ཚུལ་བཞིན་དུ་བྱེད་པ་དག་གིས་བསྙེན་བཀུར་བྱས་པར་གྱུར་པ་དེ་ལྟ་ན་རིང་པོ་མི་ཐོགས་པར་བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པར་གྱུར་ནས་གང་དུ་དགའ་བར་འགྲོ་བར་འགྱུར་བའི་གནས་སྐབས་དེ་ལྟ་བུ་ཡོད་དོ་ཞེས་
เล่ม ๙ · หน้า 54b
སྨྲས་ལ། གལ་ཏེ་དེ་དེ་ལྟ་བུར་བཟློག་པས་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུག་ཀྱང་འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་ནད་པ་དེ་འདི་སྙམ་དུ་དེ་དེ་
སྐད་ཅེས་ཟེར་མོད་ཀྱི། འོན་ཀྱང་ཚོར་བ་རྣམ་པ་འདི་ལྟ་བུར་ཚོར་བ། སྡུག་བསྔལ་བ། མི་བཟད་པ། རྩུབ་པ། ཚ་བ། ཡིད་དུ་མི་འོང་བ་ཉམས་སུ་མྱོང་བ་སུས་བཟོད་ཀྱིས་བདག་ཉིད་ཀྱིས་བདག་ཉིད་སྲོག་དང་བྲལ་བར་བྱའོ་སྙམ་དུ་བསམས་ནས། གལ་ཏེ་བདག་
ཉིད་གཏོང་བར་བྱེད། བདག་ཉིད་གསོད་པར་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུག་ན། འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་ཏེ། ནད་པ་ལ་ནི་དེ་ལྟ་བུར་རོ། །ཚུལ་ཁྲིམས་འཆལ་པ་ལ་ཇི་ལྟ་བུར་ཞེ་ན། འདི་ལྟར་དགེ་སློང་
མ་དེ་དགེ་སློང་ངམ། དགེ་སློང་ཚུལ་ཁྲིམས་འཆལ་པའི་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་འགའ་ཞིག་འདོད་པའི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། འདི་ཇི་སྲིད་གསོན་པ་དེ་སྲིད་ཀྱི་བར་དུ་བདག་གིས་ཐོབ་པར་མི་འགྱུར་བས་བདག་དེའི་དྲུང་དུ་སོང་ལ་འཆིར་གཞུག་གོ་སྙམ་ནས་ཞེས་བྱ་བའི་བར་
དུ་སྔ་མ་བཞིན་ནོ། །དེ་དེའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་ཁྱོད་ནི་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན། ལུས་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པ། ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དང་། ཁོང་རུལ་བ་ནས་འཛག་པ། རྩྭ་ལྟར་གསོག་ཏུ་གྱུར་པ། ལུང་
བོང་ལྟར་ཀུན་དུ་སྤྱོད་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ། ཁྱོད་ཇི་སྲིད་དུ་ཡུན་རིང་དུ་གསོན་པ་དེ་སྲིད་ཀྱི་བར་དུ་བསོད་ནམས་མ་ཡིན་པ་མང་དུ་འཕེལ་བར་འགྱུར་ལ། དེའི་འོག་ཏུ་སེམས་
ཅན་དམྱལ་བ་རྣམས་སུ་ཚོར་བ་ཤིན་ཏུ་སྡུག་བསྔལ་བ། ཤིན་ཏུ་མི་བཟད་པ། ཤིན་ཏུ་རྩུབ་པ། ལྷག་པར་ཚ་བ། ལྷག་པར་ཡིད་དུ་མི་འོང་བ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་སྨྲས་པ་ན་དེས་དེ་ལ་འདི་སྐད་ཅེས་འོ་ན་ཁོ་བོས་ཇི་ལྟར་བྱ་ཞེས་ཟེར་བ་དེའི་ཚེ་དེས་དེ་ལ་
ที่มาและสัญญาอนุญาต
ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด