འཕགས་པ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱ་ཨཀྵོ་བྷྱ་ཏ་ཐཱ་ག་ཏ་སྱ་བྱཱུ་ཧ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๔๐ · หน้า 1b

༄༅༅། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་དྲུག་པ་སྟེ། དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པ། བམ་པོ་དང་པོ། རྒྱ་གར་

སྐད་དུ། ཨཱརྱ་ཨཀྵོ་བྷྱ་ཏ་ཐཱ་ག་ཏ་སྱ་བྱཱུ་ཧ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་

བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་

པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་

เล่ม ๔๐ · หน้า 2a

དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟར་སློབ་པ་རྒྱུན་དུ་ཞུགས་པ་ཚེ་དང་ལྡན་པ་ཀུན་དགའ་བའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་

པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། དེ་དག་ལས་གཞན་པ་གཟི་བརྗིད་ཆེ་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱིས་ཡོངས་སུ་

བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སྟན་ལས་ལངས་ཏེ། ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་

འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་འཇུག་པ་དང་། སྤྱོད་པ་དང་། སྤྲོ་བ་དང་། སེམས་བསྐྱེད་པ་གང་གིས་སྔོན་གྱི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པར་གྱུར་པའི་སེམས་བསྐྱེད་པ་དང་། གོ་ཆ་དང་། ཡོན་ཏན་ཡོངས་སུ་བརྗོད་པ་ལེགས་པར་བཤད་དུ་གསོལ། བཙུན་པ་བཅོམ་ལྡན་འདས་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ་དག་གི་ལས་དང་། སེམས་བསྐྱེད་པ་དང་། གོ་ཆ་དང་། ཡོན་ཏན་ཡོངས་སུ་བརྗོད་པ་དག་ཀྱང་ལེགས་པར་བཤད་དུ་གསོལ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ལྷ་དང་བཅས་པའི་འཇིག་རྟེན་གྱི་དོན་དང་། སྨན་པ་དང་།

เล่ม ๔๐ · หน้า 2b

བདེ་བའི་སླད་དུ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུ་དེ་དག་གི་སྤྱོད་པ་དང་། ཡོན་ཏན་ཡོངས་སུ་དག་པ་ཡོངས་སུ་བརྗོད་པ་དག་ཀྱང་བཤད་དུ་གསོལ། དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་

པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བར་འགྱུར་ལ། ད་ལྟར་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཡང་འདི་ལྟར་ཆོས་ཀྱི་སྒྲོན་མའི་སྣང་བ་དང་། འདི་ལྟར་སངས་རྒྱས་ཀྱི་སྣང་བས་སྣང་བ་བགྱིས་པར་འགྱུར་ཞིང་སྤྲོ་བ་སྩལ་པར་

ཡང་འགྱུར་རོ། །དེ་ལྟ་ལགས་པས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ཀྱིས་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་འཇུག་པ་དང་། སྤྱོད་པ་དང་། སྤྲོ་བ་དང་། སེམས་བསྐྱེད་པ་དང་། གོ་ཆ་དང་། ཡོན་ཏན་ཡོངས་སུ་བརྗོད་པ་དག་ཐོས་ན་དེ་བཞིན་དུ་

སློབ་ཅིང་དེ་བཞིན་དུ་སྒྲུབ་པར་འགྱུར་རོ། །དེ་དག་དེ་ལྟར་བསླབས་ཤིང་དེ་ལྟར་བསྒྲུབས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་ཡོན་ཏན་དེ་ལྟ་བུ་དག་དང་ལྡན་པར་གྱུར་ནས་ཀྱང་སླར་ཞིང་གོང་ནས་གོང་དུ་ཡོན་ཏན་ཤིན་ཏུ་ཁྱད་པར་ཅན་དག་ཀྱང་ཐོབ་པར་

འགྱུར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ། །ཤ་ར་དྭ་ཏིའི་བུ་ཁྱོད་མ་འོངས་པའི་དུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་ཕྱིར་

ཞུགས་ཏེ། འདས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འཇུག་པ་དང་། སྤྱོད་པ་དང་། སྤྲོ་བ་དང་། སེམས་བསྐྱེད་པ་དང་། གོ་ཆ་དང་། ཡོན་ཏན་ཡོངས་སུ་བརྗོད་པ་དག་འདྲི་བར་སེམས་པ་ནི་ཡང་ཁྱོད་ལེགས་སོ། །ཤ་ར་དྭ་ཏིའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཚུལ་

བཞིན་དུ་ཡིད་ལ་ཟུང་ཤིག་དང་། འདི་ལྟ་སྟེ། འདས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལས་བརྩམས་ཏེ་བཤད་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་དེ་དེ་བཞིན་ནོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་

เล่ม ๔๐ · หน้า 3a

དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་ལ་གཞེས་ཏེ། དེ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་རྣམས་ལ་འདི་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་ལས་བརྩམས་ཏེ་ཆོས་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་སྙམ་དུ་སེམས་ཏེ། བདག་གིས་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བགྱི་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

སྤྱན་ཆེན་པོ་ཞེས་བགྱི་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་འདི་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་ལས་བརྩམས་ཏེ་ཆོས་སྟོན་པ་དེ་ཕྱོགས་གང་ན་བཞུགས་ཞེས་དོན་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངེས་པར་ཞུའོ་སྙམ་མོ། །དེ་ནས་བཅོམ་ལྡན་

འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་ཐམ་པ་ན། འཇིག་རྟེན་གྱི་ཁམས་མངོན་པར་

དགའ་བ་ཞེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་ལ་གཞེས་ཏེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་འདི་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་ལས་བརྩམས་ཏེ་ཆོས་

སྟོན་ཏོ། །ཤ་ར་དྭ་ཏིའི་བུ་ཡང་དེའི་ཚེ་དེའི་དུས་ན་དགེ་སློང་ཞིག་སྟན་ལས་ལངས་ཏེ། ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེ་ག་ལ་བ་དེ་

ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔའི་བསླབ་པ་ཇི་ལྟར་བཅས་པ་འདི་ལ་སློབ་པར་འཚལ་ལོ། །

เล่ม ๔๐ · หน้า 3b

ཤ་ར་དྭ་ཏིའི་བུ་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་བྱང་ཆུབ་སེམས་དཔའི་བསླབ་པ་ཇི་ལྟར་བཅས་པ་ལ་དེང་སང་བསླབ་པར་ཤིན་ཏུ་

དཀའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདི་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་མི་འཁྲུགས་པར་བྱ་བ་དང་། གནོད་སེམས་ཅན་གྱི་སེམས་མི་བསྐྱེད་པར་བྱ་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་དེ་སྐད་ཅེས་བཀའ་སྩལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

སྤྱན་ཆེན་པོ་དེ་ལ་དགེ་སློང་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་དེང་སླན་ཆད་འདི་ལྟར་གཡོ་མ་མཆིས་པ་དང་། སྒྱུ་མ་མཆིས་པར་མད་པའི་ཚིག་དང་། གཞན་དུ་མི་འགྱུར་བའི་ཚིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི།

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་འདུད་པར་བགྱི། ཡོངས་སུ་བསྔོ་བར་ཡང་བགྱིའོ། །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་

ཡོངས་སུ་བསྔོས་ལ་འདི་ནས་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་སེམས་ཅན་འགའ་ཙམ་ལ་ཁྲོ་བའམ། གནོད་སེམས་སམ། འཁྲུག་པ་དང་ལྡན་པའི་སེམས་བསྐྱེད་པར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་

འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་

པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པའི་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་འདི་ནས་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་

เล่ม ๔๐ · หน้า 4a

མ་རྒྱས་ཀྱི་བར་དུ་གལ་ཏེ་གོམ་པ་འདོར་བ་རེ་རེ་ལ་ཐམས་ཅད་མཁྱེན་པའི་སེམས་དང་བྲལ་བར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་

ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་ཉན་ཐོས་ཀྱི་སེམས་སམ་རང་སངས་རྒྱས་ཀྱི་སེམས་བསྐྱེད་པར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས།

གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་

ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་འདོད་པའི་འདོད་ཆགས་དང་ལྡན་པའི་

སེམས་བསྐྱེད་པར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་

བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

เล่ม ๔๐ · หน้า 4b

བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་འདོད་ཆགས་དང་ལྡན་པའམ། ཞེ་སྡང་དང་ལྡན་པའམ། གཏི་མུག་དང་ལྡན་པའམ། རྣམ་པར་འཚེ་བ་དང་ལྡན་པའམ། གཉིད་དང་ལྡན་པའམ། རྨུགས་པ་དང་ལྡན་པའམ། འགྱོད་པ་དང་ལྡན་པའམ། རྒོད་པ་དང་ལྡན་པའི་

སེམས་བསྐྱེད་པར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་

རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་ཐེ་ཚོམ་དང་ལྡན་པའི་སེམས་བསྐྱེད་པར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་

འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་སྲོག་གཅོད་པ་དང་ལྡན་པའི་སེམས་བསྐྱེད་པར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས།

བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་

เล่ม ๔๐ · หน้า 5a

སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་མ་བྱིན་པར་ལེན་པ་དང་

ལྡན་པའམ། མི་ཚངས་པར་སྤྱོད་པ་དང་ལྡན་པའམ། བརྫུན་དུ་སྨྲ་བ་དང་ལྡན་པའམ། ཕྲ་མ་དང་ལྡན་པའམ། ངག་རྩུབ་པོ་དང་ལྡན་པའམ། ཚིག་ཀྱལ་བར་སྨྲ་བ་དང་ལྡན་པའམ། བརྣབ་སེམས་དང་ལྡན་པའམ། གནོད་སེམས་དང་ལྡན་པའམ། ལོག་པར་ལྟ་བ་དང་ལྡན་པའི་

སེམས་བསྐྱེད་པར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་

བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་ཅེས་བྱས་སོ། །ཤ་ར་དྭ་ཏིའི་བུ་དེ་ནས་དགེ་སློང་ཞིག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དང་པོ་སེམས་བསྐྱེད་པའི་གོ་ཆ་ཆེན་པོ་བགོས་པ་ཉིད་ནས་སེམས་ཅན་ཐམས་ཅད་ལ་སེམས་མི་འཁྲུག་ཅིང་ཀུན་ཏུ་མི་

འཁྲུགས་པ་ནི་ཤིན་ཏུ་ངོ་མཚར་ཆེའོ། །ཀྱེ་མ་དགེ་སློང་འདི་ནི་མི་འཁྲུགས་པ་ཞེས་བྱ་བར་འགྱུར་ཏེ་ལེགས་སོ་སྙམ་མོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་དགེ་སློང་དེའི་མིང་མི་འཁྲུགས་པ་མི་འཁྲུགས་པ་ཞེས་བྱ་བར་གྱུར་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

སྤྱན་ཆེན་པོ་དེས་དགེ་སློང་ལེགས་སོ་ལེགས་སོ། །དགེ་སློང་ཁྱོད་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ན་ཡང་མིང་འདི་ཉིད་དུ་འགྱུར་ལ། དགེ་སློང་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་མཚན་འདི་ལྟ་སྟེ། མི་འཁྲུགས་པ་མི་འཁྲུགས་པ་ཞེས་

བྱ་བ་དེ་ཉིད་དུ་འགྱུར་རོ་ཞེས་དེའི་མིང་དེ་ལ་རྗེས་སུ་ཡི་རང་བ་མཛད་དོ། །རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པས་ཀྱང་དགེ་སློང་ལེགས་སོ་ལེགས་སོ། །དགེ་སློང་ཁྱོད་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ན་ཡང་མིང་དེ་ཉིད་དུ་འགྱུར་ལ།

เล่ม ๔๐ · หน้า 5b

དགེ་སློང་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་མཚན་འདི་ལྟ་སྟེ། མི་འཁྲུགས་པ་མི་འཁྲུགས་པ་ཞེས་བྱ་བ་དེ་ཉིད་དུ་འགྱུར་རོ་ཞེས་དེའི་མིང་དེ་ལ་རྗེས་སུ་ཡི་རང་བར་བྱས་སོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་མངོན་དུ་གྱུར་པ་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ།

དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་ཇི་སྐད་སྨྲས་བ་དེ་བཞིན་དུ་མ་བགྱིས་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་

ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་

ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་

ཏེ་ཐ་ན་གོམ་པ་འདོར་བ་རེ་རེ་ཙམ་དག་ལ་སངས་རྒྱས་ཡིད་ལ་བགྱིད་པ་དང་ལྡན་པའི་ཐམས་ཅད་མཁྱེན་པའི་སེམས་མ་བསྐྱེད་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་

རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་

เล่ม ๔๐ · หน้า 6a

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་ཚེ་རབས་ཚེ་རབས་སུ་ཁྱིམ་ནས་ཁྱིམ་མ་མཆིས་པར་ཡང་དག་པར་རབ་ཏུ་མ་བྱུང་ན་བདག་

གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་

དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་

པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་ཚེ་རབས་ཚེ་རབས་སུ་མངོན་པར་རབ་ཏུ་བྱུང་ནས་ཀྱང་དགོན་པ་པར་མ་གྱུར་ཏམ། བསོད་སྙོམས་པར་མ་གྱུར་ཏམ། ཕྱག་དར་ཁྲོད་པར་མ་གྱུར་ཏམ། སྟན་གཅིག་པར་མ་གྱུར་ཏམ། ཟས་ཕྱིས་མི་ལེན་པར་མ་གྱུར་ཏམ། ཟས་རྙེད་རྙེད་ལེན་

པར་མ་གྱུར་ཏམ། དུར་ཁྲོད་པར་མ་གྱུར་ཏམ། བླ་གབ་མེད་པར་མ་གྱུར་ཏམ། ཤིང་དྲུང་པར་མ་གྱུར་ཏམ། ཅོག་པུ་བར་མ་གྱུར་ཏམ། གཞི་ཇི་བཞིན་པར་མ་གྱུར་ཏམ། ཆོས་གོས་གསུམ་པར་མ་གྱུར་ཏམ། ཕྱིད་པ་པར་མ་གྱུར་ཏམ། འདོད་པ་ཆུང་བར་མ་གྱུར་ཏམ། ཆོག་ཤེས་

པར་མ་གྱུར་ཏམ། ཆོས་འདོད་པར་མ་གྱུར་ཏམ། ཆོས་ལ་དགའ་བར་མ་གྱུར་ཏམ། ཆོས་ལ་གུས་པར་མ་གྱུར་ཏམ། ཆོས་ལ་བརྟེན་པར་མ་གྱུར་ཏམ། ཆོས་སྟོན་པར་མ་གྱུར་པ་ནས་བསླབ་པ་དང་སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པའི་ཡི་དམ་ཡང་དག་པར་བླང་བ་དག་བླངས་ཏེ་

གནས་པར་མ་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་

เล่ม ๔๐ · หน้า 6b

རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་གལ་ཏེ་ཚེ་རབས་ཚེ་རབས་སུ་རབ་ཏུ་བྱུང་ནས་ཀྱང་ཆོས་སྟོན་པར་མ་གྱུར་ཏམ། སྤོབས་པ་ཆགས་པ་མེད་པ་དང་ལྡན་པར་མ་གྱུར་ཏམ། སྤོབས་པ་ཚད་མ་མཆིས་པ་དང་ལྡན་པར་མ་གྱུར་ན། བདག་གིས་ཕྱོགས་བཅུ་ཀུན་

གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །

བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་

དུ་འདི་ལྟར་འགྲེང་བ་དང་། མཆིས་པ་དང་། འཆག་པའི་སྤྱོད་ལམ་གསུམ་མ་གཏོགས་པར་གལ་ཏེ་ཉལ་བར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་

རྒྱས་བཅོམ་ལྡན་འདས་གང་དག་དང་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་སེམས་ཅན་འགའ་ཙམ་ལ་རྩ་བའི་ལྟུང་བ་འབྱུང་བ་དང་ལྡན་པའམ། རྩ་བའི་ལྟུང་བ་དང་ལྡན་པའི་སེམས་

เล่ม ๔๐ · หน้า 7a

བསྐྱེད་དམ། བུད་མེད་དང་ལྡན་པའམ། བརྫུན་དུ་སྨྲ་བ་དང་ལྡན་པའམ། དེ་ལས་གཞན་པ་སྨྲ་བ་བརྗོད་པ་དང་ལྡན་པའམ། གཞན་ལ་གནོད་ཅིང་སྤ་གོང་བ་དང་ལྡན་པའི་སེམས་བསྐྱེད་པར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས།

གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་

ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་བུད་མེད་ལ་འདི་ལྟར་མི་

རྟག་པའི་རྣམ་པའམ། སྡུག་བསྔལ་བའི་རྣམ་པ་འམ། སྟོང་པ་དང་། བདག་མེད་པའི་རྣམ་པ་འམ། རྣམ་པ་གཞན་དང་གཞན་དག་གིས་ཆོས་སྟོན་པ་ན་ཡན་ལག་ལས་སྐྱེས་པའི་རྣམ་པ་གཞན་དང་། གཞན་དག་ལ་བཟང་བའི་མཚན་མར་བཟུང་ནས་སོའི་ཕྲེང་བ་སྟོན་ཏམ། དགོད་

པར་བགྱིད་དམ། ལག་པ་གཡོབ་པར་བགྱིད་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་

སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཆོས་སྟོན་པ་ན་གལ་ཏེ་ལག་པ་བསྒྱུར་ཅིང་ཆོས་སྟོན་པར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་

เล่ม ๔๐ · หน้า 7b

ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་དེ་བཞིན་གཤེགས་པའི་རྗེས་སུ་སྐྲ་དང་ཁ་སྤུ་བྲེགས་པ་སྣོད་དུ་གྱུར་པའམ། སྣོད་དུ་མ་གྱུར་བའང་མི་མངའ་སྟེ།

དེ་བཞིན་གཤེགས་པའི་རྒྱལ་མཚན་ཆོས་གོས་ངུར་སྨྲིག་འཚལ་བ་དག་མཐོང་ན་དེ་ལ་དེ་བཞིན་གཤེགས་པའི་འདུ་ཤེས་སམ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་འདུ་ཤེས་མ་བསྐྱེད་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས།

བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་

པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་བྱང་ཆུབ་སེམས་དཔའ་གཞན་དག་

མཐོང་ན་དེ་དག་ལ་སྟོན་པའི་འདུ་ཤེས་མ་བསྐྱེད་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་

གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་

เล่ม ๔๐ · หน้า 8a

སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཆོས་འཆད་པ་ན་ཆོས་སྟོན་པ་དག་གལ་ཏེ་མཆིས་ཏེ། ཆོས་མཉན་པར་མ་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་

མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་

ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མ་གཏོགས་པར་འདི་ལས་ཕྱི་རོལ་དུ་གྱུར་པའི་དགེ་སྦྱོང་དང་། བྲམ་ཟེ་དང་། ལྷ་གཞན་དག་ལ་ཕྱག་བགྱིས་པར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་

མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་

ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་འདི་ལ་ནི་སྦྱིན་པ་སྩལ་བར་

བགྱིའོ། འདི་ལ་ནི་སྦྱིན་པ་སྩལ་བར་མི་བགྱིའོ་ཞེས་སེམས་ཅན་ལ་ཐ་དད་དུ་བགྱི་བའི་འདུ་ཤེས་བསྐྱེད་པར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་

เล่ม ๔๐ · หน้า 8b

ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་འདི་ལ་ནི་ཡོན་དབུལ་བར་བགྱིའོ། །འདི་ལ་ནི་ཡོན་དབུལ་བར་མི་བགྱིའོ། །ཞེས་དེ་ལྟ་བུའི་འདུ་ཤེས་བསྐྱེད་

པར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་

ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་འདི་ལ་ནི་དམ་པའི་ཆོས་ཀྱི་སྦྱིན་པ་སྩལ་བར་བགྱིའོ། །འདི་ལ་ནི་སྩལ་བར་མི་བགྱིའོ་ཞེས་དེ་ལྟ་བུའི་སེམས་བསྐྱེད་པར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས།

བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་

པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་དགུམ་པར་འོས་པའི་སེམས་

เล่ม ๔๐ · หน้า 9a

ཅན་ལ་ལ་ཞིག་ཁྲིད་དེ་མཆིས་པ་མཐོང་ན་དེ་ཡོངས་སུ་ཐར་བར་བགྱི་བའི་སླད་དུ་བདག་གི་ལུས་ཡོངས་སུ་གཏང་བ་མ་བགྱིས་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་

ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །ཤ་ར་དྭ་ཏིའི་བུ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེས་གལ་ཏེ་

དགུམ་པར་འོས་པའི་སེམས་ཅན་ལ་ལ་ཞིག་ཁྲིད་དེ་མཆིས་པ་མཐོང་ན་དེ་ཡོངས་སུ་ཐར་བར་མ་བགྱིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ་ཞེས་སྨྲས་སོ། །ཤ་ར་དྭ་ཏིའི་བུ་དེ་ནས་ཡང་དགེ་སློང་ཞིག་འདི་སྙམ་དུ་སེམས་ཏེ། བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་འདིས་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་དབང་དུ་གྱུར་བ་དང་། ཚད་མར་གྱུར་པར་འཇོག་པ་དང་། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་དབང་དུ་གྱུར་པ་དང་། ཚད་མར་གྱུར་བར་འཇོག་པ་དེ་ནི་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་དབང་དུ་གྱུར་པ་དང་། ཚད་མར་གྱུར་པར་འགྱུར་རོ་སྙམ་མོ། །ཤ་ར་དྭ་ཏིའི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་སྤྱན་ཆེན་པོ་དེས་དགེ་སློང་དེའི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དེ་དེ་བཞིན་ནོ། །ཇི་ལྟར་ཁྱོད་རྣམ་པར་རྟོག་པ་དེ་བཞིན་ཏེ། དགེ་སློང་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་དག་དབང་དུ་གྱུར་པ་དང་། ཚད་མར་གྱུར་པར་འཇོག་པ་དེ་ཡང་རིང་པོ་མི་ཐོགས་པར་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་དབང་དུ་གྱུར་བ་དང་། ཚད་མར་གྱུར་པར་འགྱུར་རོ། །དགེ་སློང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་

เล่ม ๔๐ · หน้า 9b

དཔའ་ཆེན་པོ་གང་དག་གོ་ཆ་ཆེན་པོ་དེ་ལྟ་བུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལྟུང་བའི་ནོངས་པ་བྱུང་བ་དག་

མཐོང་ན་ཁྱོད་ལ་ལྟུང་བའི་ཉེས་པ་འདི་བྱུང་ངོ་ཞེས་ལྟུང་བ་གླེངས་པར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་

བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཐམས་ཅད་

ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཉན་ཐོས་རྣམས་ཀྱི་ལྟུང་བའི་སྒྲ་ཙམ་ཡང་མི་གྲག་ཅིང་མི་འབྱུང་བ་དེ་ལྟར་བདག་གིས་བཙལ་ཞིང་བསྒྲུབ་པར་བགྱིའོ། །ཅི་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ཡོངས་སུ་དག་པར་

འགྱུར་བ་དང་། ཡོན་ཏན་ཡོངས་སུ་རྫོགས་པ་ཇི་སྙེད་པ་དག་ཡོངས་སུ་འཛིན་པར་འགྱུར་བ་དེ་ལྟར་བཙལ་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

เล่ม ๔๐ · หน้า 10a

ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་ཐ་ན་གཡར་ལམ་ཙམ་དུ་ཁུ་བ་ཕྱུང་བར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས།

གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་ཅི་ནས་

བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཁྱིམ་གྱི་གནས་ནས་ངེས་པར་བྱུང་ཞིང་རབ་ཏུ་བྱུང་བར་གྱུར་པ་དག་ཐ་

ན་གཡར་ལམ་ན་ཡང་ཁུ་བ་མི་འབྱིན་པ་དེ་ལྟར་བདག་གིས་བཙལ་ཞིང་བསྒྲུབ་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་

སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དུ་ད་ལྟར་གྱི་བུད་མེད་དང་། བུད་མེད་ཀྱི་སྐྱོན་གང་ལགས་

པའི་བུད་མེད་དང་། བུད་མེད་ཀྱི་སྐྱོན་དེ་ལྟ་བུ་དག་འབྱུང་བར་འགྱུར་ན་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ཞིང་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ།

གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་

เล่ม ๔๐ · หน้า 10b

འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཡོངས་སུ་བསྔོས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་ཇི་སྐད་སྨྲས་པ་དེ་བཞིན་དུ་མ་བགྱིས་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་

གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །ས་བོན་གྱི་ཆོས་

འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དག་ནི་ཇི་ལྟ་ཇི་ལྟར་སེམས་མངོན་པར་སྒྲུབ་པར་འགྱུར་བ་དེ་ལྟ་དེ་ལྟར་སངས་རྒྱས་ཀྱི་ཆོས་རྣམས་མངོན་པར་འགྲུབ་ཅིང་དེ་ལྟ་དེ་ལྟར་ཆོས་སྟོན་པར་ཡང་འགྱུར་རོ་ཞེས་གསོལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་ནས་དགེ་སློང་ཞིག་གིས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་མི་འཁྲུགས་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་ཁྱོད་ཀྱིས་དམ་བཅས་པ་འདི་གལ་ཏེ་ཡང་དག་པའི་སྨོན་ལམ་ཡིན་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་ཡང་དག་པ་ཡིན་ན་བདེན་པ་དང་། བདེན་པའི་ཚིག་འདིས་

རྐང་པ་གཡས་པའི་མཐེ་བོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ས་ཆེན་པོ་འདི་གཡོ་བ་དང་། རབ་ཏུ་གཡོ་བ་དང་། ཀུན་དུ་རབ་ཏུ་གཡོ་བ་དང་། འགུལ་བ་དང་། རབ་ཏུ་འགུལ་བ་དང་། ཀུན་དུ་རབ་ཏུ་འགུལ་བ་དང་། ལྡེག་པ་དང་། རབ་ཏུ་ལྡེག་པ་དང་། ཀུན་དུ་

རབ་ཏུ་ལྡེག་པར་བྱོས་ཤིག །ཤ་ར་དྭ་ཏིའི་བུ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེས་དེའི་ཚེ་སངས་རྒྱས་ཀྱི་མཐུ་དང་། རང་གིས་བདེན་པའི་དམ་བཅས་པའི་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་དེས་རྐང་པ་གཡས་པའི་མཐེ་བོས་སྟོང་གསུམ་གྱི་སྟོང་ཆེན་པོའི་

འཇིག་རྟེན་གྱི་ཁམས་ཀྱི་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་པར་བྱས་ཏེ། གཡོས་རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག །རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་པར་བྱས་སོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་

เล่ม ๔๐ · หน้า 11a

སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ནི་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པར་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེའི་སྤྱོད་པའི་རྗེས་སུ་བསླབ་པར་བྱའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པའི་རྗེས་སུ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་འདྲ་བ་ཁོ་ནའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཅིང་

མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་དང་པོ་སེམས་བསྐྱེད་

པ་ལ་ཡང་དག་པར་ཞུགས་པ་ན་ལྷའི་རིས་ཇི་སྙེད་ཅིག་འདུས་པར་གྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་དང་པོ་སེམས་བསྐྱེད་པ་ལ་ཡང་

དག་པར་ཞུགས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། བདུད་སྡིག་ཅན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་ཇི་སྙེད་པ་དེ་དག་ཐམས་ཅད་འདུས་ནས་ཐལ་

མོ་སྦྱར་ཏེ། ཕྱག་འཚལ་ཞིང་ཚིག་འདི་སྐད་ཅེས་ཀྱེ་མ་སྔོན་མ་ཐོས་པའི་སེང་གེའི་སྒྲ་ཆེན་པོ་འདི་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་འདིས་བསྒྲགས་པ་ལས་ཐོས་སོ་ཞེས་སྨྲས་སོ། །ཤ་ར་དྭ་ཏིའི་བུ་དེ་ནས་ལྷའི་བུ་དེ་དག་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་ཁ་འཐུན་

པར་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བ་དེ་དག་ནི་དགེ་བའི་

เล่ม ๔๐ · หน้า 11b

རྩ་བ་ངན་དོན་དང་ལྡན་པ་མ་ལགས་སོ། །སེམས་ཅན་གང་དག་གིས་སེང་གེའི་སྒྲ་ཆེན་པོ་དང་། ཁྱུ་མཆོག་གི་མི་འཇིགས་པ་ཆེན་པོ་དང་། སྨོན་ལམ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་དག་ཀྱང་དགེ་བའི་རྩ་བ་ངན་དོན་དང་ལྡན་པ་མ་ལགས་སོ་ཞེས་གསོལ་ཏོ། །དེ་སྐད་ཅེས་བཀའ་

སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེའི་གོ་ཆ་ཆེན་པོ་ཅི་འདྲ་བ་གང་དེ་བཞིན་གཤེགས་པས་ཡོངས་སུ་བརྗོད་པའི་གོ་ཆ་ཆེན་པོ་དེ་ལྟ་བུ་ནི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་མཆིས་པར་བདག་གིས་སྔོན་ཆད་མ་ཐོས་ལགས་སོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་

བཞིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེས་གོ་ཆ་ཆེན་པོ་གང་བགོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པའི་སྨོན་ལམ་ཆེན་པོ་དེ་དང་། གོ་ཆ་ཆེན་པོ་དེ་བགོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དང་། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་

དག་གི་ནང་ན་ཡང་ཉུང་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ཡོན་ཏན་གང་དག་དང་ལྡན་པའི་ཡོན་ཏན་དེ་དག་ནི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ལ་རིགས་ཀྱི་བུ་ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་

เล่ม ๔๐ · หน้า 12a

བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་མི་འཁྲུགས་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏེ། ཤ་ར་དྭ་ཏིའི་བུ་དཔེར་ན་དེ་བཞིན་གཤེགས་པ་མར་མེ་མཛད་

ཀྱིས་ང་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ་ཞེས་ལུང་བསྟན་པ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིང་། ས་ཆེན་པོ་དེ་ཡང་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏེ། འདི་ལྟར་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ།

ཀུན་དུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་པར་གྱུར་ཏེ། ཤ་ར་དྭ་ཏིའི་བུ་དཔེར་ན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་

ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིང་ས་ཆེན་པོ་འདི་ཡང་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏེ། འདི་ལྟར་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག །རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་པར་གྱུར་པ་བཞིན་ནོ། །ཤ་ར་དྭ་

ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་

ཤིང་ལྗོན་པ་དང་། རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་ལུང་བསྟན་པ་ག་ལ་བ་དེ་ལོགས་སུ་བཏུད། རབ་ཏུ་བཏུད། མངོན་པར་རབ་ཏུ་བཏུད་པར་གྱུར་ཏེ། ཤ་ར་དྭ་

เล่ม ๔๐ · หน้า 12b

ཏིའི་བུ་དཔེར་ན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཤིང་ལྗོན་པ་དང་། རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་

གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ང་ག་ལ་བ་དེ་ལོགས་སུ་བཏུད་རབ་ཏུ་བཏུད། མངོན་པར་རབ་ཏུ་བཏུད་པར་གྱུར་པ་བཞིན་ནོ། ཤ་ར་དྭ་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་།

མི་དང་མི་མ་ཡིན་པའི་འཇིག་རྟེན་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་ལུང་བསྟན་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཕྱག་འཚལ་ཞིང་འདུག་པར་གྱུར་ཏེ། ཤ་ར་དྭ་ཏིའི་བུ་དཔེར་ན་ངས་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་

ཆེན་པོ་དང་། མི་དང་། མི་མ་ཡིན་པའི་འཇིག་རྟེན་ན་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་ང་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཕྱག་འཚལ་ཞིང་འདུག་པར་གྱུར་པ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་བུད་མེད་སྦྲུམ་མར་གྱུར་པ་དེ་དག་ཐམས་ཅད་ཀྱང་དེའི་ཚེ་བདེ་ཞིང་བཀྲ་ཤིས་པར་

เล่ม ๔๐ · หน้า 13a

བཙས་པར་གྱུར་ཏོ། །སེམས་ཅན་གང་དག་ལོང་བར་གྱུར་པ་དེ་དག་ཀྱང་མིག་གིས་གཟུགས་མཐོང་བར་གྱུར་ཏོ། །སེམས་ཅན་འོན་པ་རྣམས་ཀྱང་རྣ་བས་སྒྲ་ཐོས་པར་གྱུར་ཏོ། །སེམས་ཅན་སྨྱོན་པ་རྣམས་ཀྱང་དྲན་པ་རྙེད་པར་གྱུར་ཏོ། །སེམས་ཅན་དབང་པོ་མ་ཚང་བ་

རྣམས་ཀྱང་དབང་པོ་ཐམས་ཅད་དང་ལྡན་པར་གྱུར་ཏེ། ཤ་ར་དྭ་ཏིའི་བུ་དཔེར་ན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བུད་མེད་སྦྲུམ་མར་

གྱུར་པ་དེ་དག་ཐམས་ཅད་ཀྱང་དེའི་ཚེ་བདེ་ཞིང་བཀྲ་ཤིས་པར་བཙས་པར་གྱུར། སེམས་ཅན་ལོང་བ་རྣམས་ཀྱང་མིག་གིས་གཟུགས་མཐོང་བར་གྱུར། སེམས་ཅན་འོན་པ་རྣམས་ཀྱང་རྣ་བས་སྒྲ་ཐོས་པར་གྱུར། སེམས་ཅན་སྨྱོན་པ་རྣམས་ཀྱང་དྲན་པ་རྙེད་པར་གྱུར། སེམས་ཅན་དབང་པོ་མ་

ཚང་བ་རྣམས་ཀྱང་དབང་པོ་ཐམས་ཅད་དང་ལྡན་པར་གྱུར་པ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་དེའི་ཚེ་སེམས་ཅན་འགའ་ཙམ་ཡང་གཤིས་ངན་དུ་འཆི་བའི་དུས་བྱེད་པར་གྱུར་པ་མེད་དེ། ཤ་ར་དྭ་ཏིའི་བུ་དཔེར་ན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་

ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་དེའི་ཚེ་སེམས་ཅན་འགའ་ཙམ་ཡང་གཤིས་ངན་དུ་འཆི་བའི་དུས་བྱེད་པར་གྱུར་པ་མེད་པ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེར་ལྷའི་དྲི་བསུང་ཡིད་དུ་འོང་བ་དག་བྱུང་བར་གྱུར་ཏེ། ཤ་ར་དྭ་ཏིའི་

เล่ม ๔๐ · หน้า 13b

བུ་དཔེར་ན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ལྷའི་དྲི་བསུང་ཡིད་དུ་འོང་བ་དག་བྱུང་བར་གྱུར་པ་བཞིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་

དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ནི་དེ་ལྟར་ལུང་བསྟན་པ་ཉིད་ན་ཡོན་ཏན་དེ་ལྟ་བུ་དག་དང་ལྡན་པར་གྱུར་པ་ལས་ན་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ནི་ཡོན་ཏན་གྱི་ཆོས་ཆེན་པོ་དང་ལྡན་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ལུང་བསྟན་པ་ན་ཡོན་ཏན་བརྗོད་པ་དེ་དག་ཉི་ཚེར་ཡང་མ་ཟད་དེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ནི་ཡོན་ཏན་མཐའ་ཡས་

པ་གཞན་དག་གི་ཕ་རོལ་དུ་ཕྱིན་པར་གྱུར་པ་ཡང་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་ཏུ་ལུང་བསྟན་པ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པ་གང་དག་འཁོད་པ་དེ་དག་ཐམས་ཅད་སེམས་དགའ་བ་དང་། སེམས་ཀྱི་ཉམས་བདེ་བར་གྱུར་ཏེ། ཤ་ར་དྭ་ཏིའི་བུ་དཔེར་ན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པ་གང་དག་འཁོད་པ་དེ་དག་ཐམས་ཅད་སེམས་དགའ་བ་དང་། སེམས་ཀྱི་ཉམས་བདེ་བར་གྱུར་

เล่ม ๔๐ · หน้า 14a

པ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་

དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནོད་སྦྱིན་གྱི་བདག་པོ་ལག་ན་རྡོ་རྗེ་གང་དག་འཁོད་པ་དེ་དག་ཐམས་ཅད་དེའི་ཕྱི་བཞིན་དུ་འབྲང་བར་གྱུར་ཏེ། ཤ་ར་དྭ་ཏིའི་བུ་དཔེར་ན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ།

ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གནོད་སྦྱིན་གྱི་བདག་པོ་ལག་ན་རྡོ་རྗེ་གང་དག་འཁོད་པ་དེ་དག་ཐམས་ཅད་ངའི་ཕྱི་བཞིན་དུ་འབྲང་བར་གྱུར་པ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་

ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་།

དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ལ་མཆོད་པ་བྱ་བའི་ཕྱིར་ལྷའི་མེ་ཏོག་དང་། སྤོས་དང་། བདུག་པ་དག་གིས་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་ག་ལ་བ་དེ་ལོགས་སུ་གཏོར། རབ་ཏུ་གཏོར། མངོན་པར་རབ་ཏུ་གཏོར་བར་གྱུར་ཏེ། ཤ་ར་དྭ་ཏིའི་བུ་དཔེར་ན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐམས་ཅད་

མཁྱེན་པའི་ཡེ་ཤེས་བརྙེས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་ང་ལ་མཆོད་པ་བྱ་བའི་ཕྱིར་ལྷའི་མེ་ཏོག་

เล่ม ๔๐ · หน้า 14b

དང་། སྤོས་དང་། བདུག་པ་དག་གིས་ང་ག་ལ་བ་དེ་ལོགས་སུ་གཏོར། རབ་ཏུ་གཏོར། མངོན་པར་རབ་ཏུ་གཏོར་བར་གྱུར་པ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་མི་བྱེ་བ་ཕྲག་ཉི་ཤུ་དང་། ལྷ་བྱེ་བ་ཕྲག་སུམ་ཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་དག་ཐམས་ཅད་བཅོམ་ལྡན་

འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་ཀུན་དུ་

ཁེབས་པར་གྱུར་ཏེ། ཤ་ར་དྭ་ཏིའི་བུ་དཔེར་ན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་བྱང་ཆུབ་ཀྱི་སྙིང་པོ་

ཀུན་དུ་ཁེབས་པར་གྱུར་པ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་

མ་དག་སྟེང་གི་བར་སྣང་ལ་འཁོད་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ལ་མཆོད་པ་བྱ་བའི་ཕྱིར་ལྷའི་གོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་ལུང་བསྟན་པ་ག་ལ་བ་དེ་ལོགས་སུ་བོར་ནས་ཚིག་འདི་སྐད་ཅེས་ཀྱེ་མ་བྱང་ཆུབ་

เล่ม ๔๐ · หน้า 15a

སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་འདི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག་ཅེས་སྨྲས་ཏེ། ཤ་ར་དྭ་ཏིའི་བུ་དཔེར་ན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་

རྫོགས་པར་སངས་རྒྱས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་སྟེང་གི་བར་སྣང་ལ་འཁོད་ནས་ང་ལ་མཆོད་པ་བྱ་བའི་ཕྱིར་ལྷའི་གོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་ང་ག་ལ་བ་དེ་ལོགས་སུ་བོར་བ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་

ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེའི་ལྷ་དང་།

མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དགའ་བར་གྱུར་པ་ཙམ་དུ་ཕ་མ་དག་བུ་ལ་དགའ་བ་མ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་དཔེར་ན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན་སྟོང་

གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དགའ་བར་གྱུར་བ་ཙམ་དུ་ཕ་མ་དག་བུ་ལ་དགའ་བ་མ་ཡིན་པ་བཞིན་ནོ།། །།བམ་པོ་གཉིས་པ། ཤ་ར་དྭ་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན་འདི་ལྟར་སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་

ལྷ་དང་། མི་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ལུང་བསྟན་པ་ཐོས་པར་གྱུར་ཏོ། །དེ་ལ་ལུང་བསྟན་པ་ཐོས་ནས་ཀྱང་འདོད་པའི་ཁམས་ཀྱི་སེམས་ཅན་གང་ཡིན་པ་དེ་དག་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་

เล่ม ๔๐ · หน้า 15b

ཀྱང་བྱེད་དེ། འདི་ལྟ་སྟེ། བཟའ་བ་དང་། བཅའ་བ་དང་། མྱང་བ་རྣམ་པ་སྣ་ཚོགས་དག་སྦྱིན་པ་བྱིན་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཟླ་བ་བཞི་པོ་སྟོན་ཟླ་ཐ་ཆུངས་ཀྱི་ཟླ་བ་ཉ་བ་ལ་ཀུ་མུ་དའི་དུས་སྟོན་གྱི་ཚེ་ན་འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་སྦྱིན་པ་དག་སྦྱིན་ཞིང་

བསོད་ནམས་དག་བྱེད་དེ། བཟའ་བ་དང་། བཅའ་བ་དང་། མྱང་བ་རྣམ་པ་སྣ་ཚོགས་དག་གི་སྦྱིན་པ་གཏོང་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེའི་འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་ཀྱང་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དེ། བཟའ་བ་དང་། བཅའ་བ་དང་། མྱང་བ་རྣམ་པ་སྣ་ཚོགས་

དག་གི་སྦྱིན་པ་བྱེད་པར་གྱུར་ཏོ། །ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྣམས་ཀྱིས་ཀྱང་ལྷའི་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་མངོན་པར་རབ་ཏུ་དཀྲོལ་ནས་ཨ་ལ་ལ་ཞེས་ཅ་ཅོ་དང་། གཞའི་སྒྲ་དག་ཀྱང་ཕྱུང་བར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་

འཁྲུགས་པ་དེ་ལུང་བསྟན་པ་ན་དེ་ལྟ་བུའི་ཡོན་ཏན་དག་དང་ལྡན་པར་གྱུར་ཏོ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་མཁྱེན་པ་ཞིབ་མོས་འདི་ལྟར་ལེགས་པར་གསུངས་པ་དེ་དག་ནི་ངོ་མཚར་ཏེ། བཙུན་པ་བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་ལགས་སོ། །བསམ་གཏན་པ་རྣམས་ཀྱི་བསམ་

གཏན་གྱི་ཡུལ་ཡང་བསམ་གྱིས་མི་ཁྱབ། ཀླུ་རྣམས་ཀྱི་ཀླུའི་ཡུལ་ཡང་བསམ་གྱིས་མི་ཁྱབ། ལས་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེས་དང་པོ་སེམས་

เล่ม ๔๐ · หน้า 16a

བསྐྱེད་པ་ཉིད་ནས་ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དག་ཡོངས་སུ་ཟིན་ཅིང་། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་དེའི་ལུང་བསྟན་པ་དེ་ཡང་བསམ་གྱིས་མི་ཁྱབ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་།

བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེའི་ལུང་བསྟན་པ་ནི་བསམ་གྱིས་མི་ཁྱབ་བོ། །

དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེའི་དང་པོ་སེམས་བསྐྱེད་པའི་གོ་ཆའི་ཡོན་ཏན་ཡོངས་སུ་བརྗོད་པ་དེ་དག་ནི་དེ་བཞིན་གཤེགས་པས་ཕྱོགས་ཙམ་

ཞིག་མདོར་བསྡུས་ཏེ་གསུངས་པར་ཟད་ཀྱི་རྒྱ་ཆེར་བསྟན་པ་ནི་མ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་དེ་དེ་བཞིན་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེའི་དང་པོ་སེམས་བསྐྱེད་པའི་གོ་ཆའི་ཡོན་ཏན་ཡོངས་སུ་བརྗོད་པ་དེ་དག་ནི་དེ་བཞིན་གཤེགས་པས་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཀུན་དགའ་བོ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་

དེ་ནི་དང་པོ་སེམས་བསྐྱེད་པའི་གོ་ཆའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་དེའི་ཕྱིར་རྣ་ལྷོགས་ཏེ་ཉོན་ཅིག་དང་། བཅོམ་ལྡན་འདས་ཀྱིས་རྒྱ་ཆེར་སྟོན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་

གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེའི་དང་པོ་སེམས་བསྐྱེད་པའི་གོ་ཆའི་ཡོན་ཏན་དང་། ཕན་ཡོན་མདོར་བསྡུས་ཏེ་བཀའ་སྩལ་ལགས་ན། བཙུན་པ་བཅོམ་ལྡན་འདས་ད་ལྟར་དང་མ་འོངས་པའི་

เล่ม ๔๐ · หน้า 16b

བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་གཟུང་བའི་སླད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེའི་དང་པོ་སེམས་བསྐྱེད་པའི་གོ་ཆའི་ཡོན་ཏན་ཡོངས་སུ་བརྗོད་པ་དག་

ཤིན་ཏུ་ལེགས་པར་བསྟན་ཅིང་རྒྱ་ཆེར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེའི་དང་པོ་སེམས་བསྐྱེད་པའི་གོ་ཆའི་

ཡོན་ཏན་ཡོངས་སུ་བརྗོད་པ་ནི་བསམ་གྱིས་མི་ཁྱབ་མོད་ཀྱི། ཤ་ར་དྭ་ཏིའི་བུ་འོན་ཀྱང་ཕྱོགས་ཙམ་ཞིག་བསྟན་པར་བྱས་དེ་ལེགས་པར་རབ་ཏུ་ཉོན་ལ་ཚུལ་བཞིན་དུ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཙུན་པ་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ།

བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེས་འདི་སྙམ་དུ་ནམ་མཁའི་ཁམས་ནི་གཞན་དུ་འགྱུར་ཡང་སྲིད་ཀྱི། བདག་གིས་དམ་བཅས་པ་ནི་གཞན་དུ་མི་

འགྱུར་བར་བྱའོ་ཞེས་སེམས་བསྐྱེད་དེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ནི་གོ་ཆ་ཆེན་པོ་དེ་ལྟ་བུའི་གོ་ཆ་བགོས་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པས་གོ་ཆ་ཆེན་པོ་བགོས་པར་གྱུར་པ་དེ་ལྟ་

བུའི་གོ་ཆ་ཆེན་པོ་དག་བགོས་པའི་བྱང་ཆུབ་སེམས་དཔའ་ནི་ངས་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ན་གཅིག་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་ཏོག་གི་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པའི་སྤྱོད་པའི་ཆར་ཡང་ཉེ་བར་མི་འགྲོ་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེས་གོ་ཆ་ཆེན་པོ་གང་བགོས་པར་གྱུར་པའི་གོ་ཆ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དང་། བྱང་ཆུབ་སེམས་

เล่ม ๔๐ · หน้า 17a

དཔའ་སྟོང་ཕྲག་མང་པོ་དང་། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ལ་ཡང་མེད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེས་དེ་ལྟར་བརྟན་པའི་

བརྩོན་འགྲུས་ཆེན་པོ་ཡང་དག་པར་བླངས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ན་

ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤ་ར་དྭ་ཏིའི་བུ་ངས་མངོན་པར་ཤེས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གང་གིས་ལག་པའམ།

རྐང་པའམ། མགོ་འམ། མིག་གམ། ཡན་ལག་དང་། ཉིང་ལག་གང་ཡང་རུང་བ་དག་བསླངས་པ་ན་མ་བྱིན་པ་གང་ཡང་མེད་དོ། །ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་དང་པོ་སེམས་བསྐྱེད་

པ་ནས་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་གླད་པ་ན་བར་མ་གྱུར། རླུང་ལས་གྱུར་པའམ། མཁྲིས་པ་ལས་གྱུར་པའམ། བད་ཀན་ལས་གྱུར་པའམ། འདུས་པ་ལས་གྱུར་པའི་ནད་ཀྱིས་ཐེབས་པར་མ་

གྱུར་ཏེ། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ངོ་མཚར་དང་། རྨད་དུ་བྱུང་བའི་ཆོས་འདི་ཡང་བྱུང་ངོ་། །ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་

འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེས་ཚེ་རབས་ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱས་ཤིང་ཐུགས་བྱུང་བར་མ་བྱས་སོ། །ཐམས་ཅད་དུ་ཡང་ཚངས་

เล่ม ๔๐ · หน้า 17b

པར་སྤྱོད་པ་སྤྱད་ཅིང་ཐམས་ཅད་དུ་ཡང་འདི་ལྟ་སྟེ། མི་འཁྲུགས་པ་ཞེས་བྱ་བའི་མིང་དེ་ཉིད་དུ་གྱུར་ནས་དེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་གང་ན་སངས་རྒྱས་བཅོམ་ལྡན་འདས་དག་མངོན་སུམ་དུ་བཞུགས་པ་དེ་དང་དེར་སྐྱེས་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་འཁོར་ལོས་

སྒྱུར་བའི་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཁང་བཟངས་ཀྱི་སྟེང་ནས་ཁང་བཟངས་ཀྱི་སྟེང་དུ་འགྲོ་ཡང་རྐང་མཐིལ་གྱིས་ས་ཆེན་པོ་ལ་འགྲོ་བར་མི་བྱེད་དོ། །དེ་ཁང་བཟངས་མཆོག་དེ་དག་གི་སྟེང་དུ་འདུག་ནས་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ཅིང་ཚེ་ཟད་པར་འགྱུར་

རོ། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་དེས་ཚེ་རབས་ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱས་ཤིང་ཐུགས་བྱུང་བར་མ་

བྱས་སོ། །ཐམས་ཅད་དུ་ཡང་ཚངས་པར་སྤྱོད་པ་སྤྱད་ཅིང་ཐམས་ཅད་དུ་ཡང་འདི་ལྟ་སྟེ། མི་འཁྲུགས་པ་ཞེས་བྱ་བའི་མིང་དེ་ཉིད་དུ་གྱུར་ནས་དེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་གང་ན་སངས་རྒྱས་བཅོམ་ལྡན་འདས་དག་མངོན་སུམ་དུ་བཞུགས་པ་དེ་དང་དེར་སྐྱེས་པར་གྱུར་ཀྱང་རྐང་

མཐིལ་གྱིས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་མི་བྱེད་དོ། །དེ་ཆོས་གང་དང་གང་སྟོན་པ་དེ་དང་དེ་ཐམས་ཅད་ཀྱང་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་བརྩམས་ཏེ་ཆོས་སྟོན་གྱི། ཉན་ཐོས་ཀྱི་ས་ལས་བརྩམས་ཏེ་སྟོན་པ་ནི་ཉུང་ངོ་། །གལ་ཏེ་ཉན་ཐོས་ཀྱི་ས་ལས་བརྩམས་ཏེ་ཆོས་སྟོན་པ་ཡང་དེ་ཐམས་ཅད་ཕ་

རོལ་ཏུ་ཕྱིན་པ་ཉིད་ལས་བརྩམས་ཏེ་ཆོས་སྟོན་ཏོ། །གལ་ཏེ་རང་སངས་རྒྱས་ཀྱི་ས་ལས་བརྩམས་ཏེ་ཆོས་སྟོན་ན་ཡང་དེ་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་བརྩམས་ཏེ་ཆོས་སྟོན་ཏོ། །དེས་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་བརྩམས་ཏེ་ཆོས་བསྟན་པས་སེམས་ཅན་རྣམས་བྱང་ཆུབ་ལ་བཏུལ་ཞིང་བཙུད་དེ།

རབ་ཏུ་བཀོད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ནས་དེ་དག་ལ་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་འཇུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དེ། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་

เล่ม ๔๐ · หน้า 18a

ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བརྩོན་འགྲུས་བརྟན་པའི་གོ་ཆ་ཆེན་པོ་དེ་ལྟ་བུ་དང་ལྡན་པར་གྱུར་ཏོ། །དེ་ཆོས་ཀྱི་སྦྱིན་པ་དེའི་དགེ་བའི་རྩ་བ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་

སུ་བསྔོ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་སྟོན་པའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་འབྱུང་བར་འགྱུར་ཞིང་དེ་དག་ཐམས་ཅད་

སངས་རྒྱས་ཀྱི་མཐུས་ཆོས་སྟོན་པ་འདི་ཉན་པར་གྱུར་ཅིག །ཐོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པར་འགྱུར་ཞིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་གྱུར་ཅིག །ཚེ་རབས་རྗེས་ནས་ཀྱང་ཆོས་དེ་དག་མི་བརྗེད་པར་གྱུར་ཅིག །ཇི་

ལྟར་བདག་ད་ལྟར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་བཞིན་དུ་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྨོན་པར་གྱུར་པའི་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ཏུ་སྐྱེ་བར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མི་འབྲལ་བར་གྱུར་ཅིག །གང་དག་དགའ་ལྡན་གྱི་གནས་སུ་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ནི་མ་གཏོགས་སོ། །དེ་ཅིའི་ཕྱིར་ཞེ་ན།

ཤ་ར་དྭ་ཏིའི་བུ་འདི་ནི་ཆོས་ཉིད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲིད་པ་ཐ་མ་པ་རྣམས་ནི་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་ལུས་ཐ་མས་མའི་གློ་གཡས་པ་ནས་མངལ་དུ་སྐྱེ་བར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

སྲིད་པ་ཐ་མ་པ་དག་སྐྱེ་བ་ན་ས་ཆེན་པོ་ཡང་གཡོ་བར་འགྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲིད་པ་ཐ་མ་པའི་རྣམ་པ་ནི་འདི་དག་ཡིན། རྟགས་ནི་འདི་དག་ཡིན། མཚན་མ་ནི་འདི་དག་ཡིན་ཏེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་

เล่ม ๔๐ · หน้า 18b

དཔའ་ཆེན་པོ་སྲིད་པ་ཐ་མ་པ་ནི་མའི་མངལ་དུ་ཞུགས་པ་ན་མི་གཙང་བ་དྲི་ང་བས་གོས་པར་མི་འགྱུར། དེར་ཡིད་དུ་མི་འཐད་པའི་དྲི་དག་ཀྱང་ཚོར་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་མངལ་ན་འདུག་པ་ན་ཡང་ནམ་མཁའ་ལ་གནས་སོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྣལ་འབྱོར་སྤྱོད་

པའི་དགེ་སློང་རྫུ་འཕྲུལ་དང་ལྡན་པ་ནི་ཁང་པ་བརྩེགས་པའམ། ཁང་པ་བརྩེགས་པ་རྒྱུད་མར་ཞུགས་ནས་བར་སྣང་གི་ནམ་མཁའ་ལ་མངོན་པར་འཕགས་ཤིང་སྤྱོད་ལམ་གྱིས་གནས་པར་བྱེད་ཀྱང་ཁང་པ་བརྩེགས་པ་དེ་ལ་རེག་པ་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་སྲིད་པ་ཐ་མ་པ་མའི་མངལ་ན་གནས་པ་ན་ནམ་མཁའ་ལ་མངོན་པར་འཕགས་ནས་གནས་ཏེ། མངལ་གྱི་དྲི་མ་དང་། མི་གཙང་བ་དྲི་ང་བས་མི་གོས་པར་གནས་ཤིང་དེར་ཡིད་དུ་མི་འཐད་པའི་དྲི་དག་ཀྱང་ཚོར་བར་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འདི་སྙམ་དུ་སེམས་ཏེ། ཇི་ལྟར་བདག་ད་ལྟར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདུད་ཐམས་ཅད་ཀྱིས་གླགས་མི་རྙེད་པར་གྱུར་པ་དེ་བཞིན་དུ་བདག་བླ་ན་མེད་

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའི་ཐེག་པ་པ་འམ་ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་འབྱུང་བ་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་ནམ་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་བདུད་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་གླགས་མི་རྙེད་པར་གྱུར་ཅིག །ཇི་སྲིད་དུ་བྱང་ཆུབ་སེམས་དཔའ་དེ་དག་གིས་ཡོན་ཏན་ཕུན་སུམ་

ཚོགས་པ་དེ་དག་ཡོངས་སུ་ཟིན་པར་མ་གྱུར་པ་དེ་སྲིད་དུ་བདག་ཀྱང་བྱང་ཆུབ་ཀྱི་ཕྱིར་སྤྱོད་པར་གྱུར་ཅིག་སྙམ་མོ། །ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་

เล่ม ๔๐ · หน้า 19a

པ་ན་ཆོས་སྟོན་པའམ་ཆོས་ཉན་པའི་ཚེ། ལན་དགའ་ཡང་དེའི་ལུས་ངལ་བའམ་སེམས་ངལ་བར་གྱུར་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལྟར་དེ་བཞིན་གཤེགས་པ་དེས་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའི་སྤྱད་

པ་སྤྱོད་པ་ན་ཆོས་ཀྱི་སྐུ་རབ་ཏུ་བསྒོམས་པར་གྱུར་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་ཆོས་ཉན་པ་ན་འདི་སྙམ་དུ་སེམས་ཏེ་

ཇི་ལྟར་བདག་ད་ལྟར་ཆོས་འདོད་པ་དེ་བཞིན་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱང་ཆོས་མི་འདོད་པར་མི་འགྱུར་ཞིང་ཆོས་འདོད་པར་གྱུར་ཅིག་སྙམ་མོ། །མི་འཁྲུགས་པ་ལུང་

བསྟན་པ་ཐེག་པ་ཆེན་པོའི་མདོ་ལས། ལེའུ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཡོན་ཏན་ཡོངས་སུ་བརྗོད་པ་དག་ནི་ལེགས་པར་བཀའ་སྩལ་ལགས་ན། བཙུན་པ་བཅོམ་ལྡན་འདས་ཀྱིས་ད་ཡང་བཅོམ་ལྡན་འདས་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ད་ལྟར་གྱི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་མཆིས་པ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་

རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་གིས་སངས་རྒྱས་ཀྱི་ཞིང་དེའི་ཡོན་ཏན་བཀོད་པ་ཐོས་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བགྱི་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ལ་ཡང་བལྟ་བ་དང་། ཕྱག་

เล่ม ๔๐ · หน้า 19b

བགྱི་བ་དང་། མཆོད་པ་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། མཉེས་པར་བགྱི་བའི་སླད་དུ་འདུན་པ་སྐྱེ་བར་འགྱུར་བ་དང་། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་སྐྱོན་མ་མཆིས་པར་མ་ཞུགས་པ་དག་གིས་ཀྱང་སངས་རྒྱས་ཀྱི་ཞིང་དེའི་ཡོན་ཏན་བཀོད་པ་

ཐོས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། མཆོད་པ་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། མཉེས་པར་བགྱི་བའི་སླད་དུ་འདུན་པ་སྐྱེ་བར་འགྱུར་བའི་སླད་དུའོ། །

དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ། །ཤ་ར་དྭ་ཏིའི་བུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་

དེའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡོད་པ་འདྲི་བར་སེམས་པ་ནི་ཁྱོད་ཡང་ལེགས་སོ། །ཤ་ར་དྭ་ཏིའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་

པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡོད་པ་བཤད་པར་བྱའོ། །ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་

དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱིས་དེང་ནས་ཞག་བདུན་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤེས་ནས་སེམས་ཅན་དེ་དག་ཐམས་ཅད་ཁ་ཟས་ཀྱི་འདུ་ཤེས་ཀུན་བྱུང་བར་མ་གྱུར་ཏོ། །བཀྲེས་པའི་འདུ་ཤེས་མ་བྱུང་། སྐོམ་པའི་འདུ་ཤེས་མ་བྱུང་། མལ་དུ་

เล่ม ๔๐ · หน้า 20a

ཉལ་བའི་འདུ་ཤེས་མ་བྱུང་། ལུས་དང་སེམས་ངལ་བའི་འདུ་ཤེས་མ་བྱུང་གི །གཞན་དུ་ན་སེམས་ཅན་དེ་དག་ཐམས་ཅད་བདེ་བའི་འདུ་ཤེས་དང་ལྡན་པར་གྱུར་ཏེ། དགའ་བ་དང་མཆོག་ཏུ་དགའ་བའི་འདུ་ཤེས་དང་། སེམས་རངས་པ་དང་། སེམས་ཀྱི་

ཉམས་བདེ་བ་དང་ལྡན་པར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་དེ་དག་ཐམས་ཅད་

ཀྱིས་ཀྱང་དེ་ལྟ་བུའི་ཡོན་ཏན་དག་ཡོངས་སུ་ཟིན་པར་གྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་དེའི་ཚེ་འཇིག་རྟེན་གྱི་ཁམས་དེ་ན་མི་གང་དག་དང་། འདོད་པ་ན་སྤྱོད་པའི་ལྷ་གང་དག་འཁོད་པ་དེ་དག་གིས་དེང་ནས་ཞག་བདུན་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་

ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤེས་ནས་དེ་དག་འཁྲིག་པ་སྤྱོད་པའི་འདུ་ཤེས་ཀུན་དུ་མ་བྱུང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིང་ས་ཆེན་པོ་ཡང་རྣམ་པ་

དྲུག་ཏུ་གཡོས་པར་གྱུར་ཏེ། འདི་ལྟར་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག །འཁྲུགས་རབ་ཏུ་འཁྲུགས། ཀུན་དུ་རབ་ཏུ་འཁྲུགས། འུར་འུར། རབ་ཏུ་འུར་འུར། ཀུན་དུ་

เล่ม ๔๐ · หน้า 20b

རབ་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་པར་གྱུར་ཏེ། ཤ་ར་དྭ་ཏིའི་བུ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་

པར་རྫོགས་པར་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་ཟིན་པར་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་ལྷ་དང་། མི་གང་དག་འཁོད་པ་དེ་དག་

ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་འཁོད་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་ཟིན་པར་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་ཟིན་པར་གྱུར་པ་གང་

ཡིན་པ་དག་དང་། ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ད་ལྟར་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་ཟིན་པ་གང་ཡིན་པ་དེ་དག་ནི་སངས་རྒྱས་བརྒྱ་

เล่ม ๔๐ · หน้า 21a

ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ལ་ཡང་མེད་དེ། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་ནི་སྨོན་ལམ་གྱི་ཁྱད་པར་གྱིས་འགྲུབ་སྟེ། ཤ་ར་དྭ་ཏིའི་བུ་ཇི་ལྟར་ངས་སྔོན་བྱང་ཆུབ་

སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་ཇི་ལྟར་བཏབ་པ་དེ་ལྟར་གྱུར་པ་བཞིན་ནོ། །ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་

པར་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པ་ན་སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་གང་དག་ལྷའི་མིག་དང་ལྡན་པ་དང་། ལྷའི་མིག་དང་མི་ལྡན་པ་དག་འཁོད་པའི་སེམས་ཅན་དེ་

དག་གི་མིག་ལམ་དུ་སྣང་བར་གྱུར་ཏེ། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་

གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་

ཤེས་བརྙེས་པ་ན་བདུད་སྡིག་ཅན་རྣམས་འདི་སྙམ་དུ་ཅིའི་ཕྱིར་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་ཆད་བྱ་བའི་ཕྱིར་ཕ་རོལ་གནོན་

เล่ม ๔๐ · หน้า 21b

པར་བྱ་སྙམ་པའི་སེམས་མ་བསྐྱེད་དེ། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་

ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པ་ན་སྟོང་གསུམ་གྱི་སྟོང་

ཆེན་པོའི་འཇིག་རྟེན་གྱི་ཁམས་དེའི་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་སྟེང་གི་བར་སྣང་ལ་འཁོད་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ལ་མཆོད་པ་བྱ་བའི་ཕྱིར་ལྷའི་མེ་ཏོག་དང་། ལྷའི་སྤོས་དང་། ལྷའི་བདུག་པ་དང་།

ལྷའི་མེ་ཏོག་ཕྲེང་དང་། ལྷའི་ཙན་དན་དང་། ལྷའི་ཕྱེ་མ་དང་། ལྷའི་སིལ་སྙན་དང་། ལྷའི་ན་བཟའ་དང་། ལྷའི་གདུགས་དང་། ལྷའི་རྒྱལ་མཚན་དང་། ལྷའི་བ་དན་དང་། ལྷའི་རིན་པོ་ཆེའི་རྒྱན་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་མི་འཁྲུགས་པ་ག་ལ་བ་དེ་ལོགས་སུ་གཏོར། རབ་ཏུ་གཏོར། མངོན་པར་རབ་ཏུ་གཏོར་ཏེ་མཆོད་པའི་ལས་ལ་བརྩོན་པར་གྱུར་ཏོ། །གཏོར་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་ལྷའི་མེ་ཏོག་དེ་དག་དང་། ལྷའི་སྤོས་དེ་དག་དང་། ལྷའི་བདུག་པ་དེ་དག་དང་། ལྷའི་མེ་

ཏོག་ཕྲེང་དེ་དག་དང་། ལྷའི་ཙན་དན་དེ་དག་དང་། ལྷའི་ཕྱེ་མ་དེ་དག་དང་། ལྷའི་སིལ་སྙན་དེ་དག་དང་། ལྷའི་ན་བཟའ་དེ་དག་དང་། ལྷའི་གདུགས་དེ་དག་དང་། ལྷའི་རྒྱལ་མཚན་དེ་དག་དང་། ལྷའི་བ་དན་དེ་དག་དང་། ལྷའི་རིན་པོ་ཆེའི་རྒྱན་དེ་དག་བཅོམ་ལྡན་འདས་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་དབུའི་གཙུག་གི་དྲང་ཐད་ཀྱི་སྟེང་གི་ནམ་མཁའ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་གདུགས་དཔག་ཚད་བརྒྱའི་ཚད་ཙམ་ཞིག་ཏུ་གྱུར་ཅིང་འདུག་པར་གྱུར་ཏེ། ཤ་ར་དྭ་ཏིའི་

เล่ม ๔๐ · หน้า 22a

བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སྐུའི་འོད་དག་གིས་ཉི་མ་དང་། ཟླ་བ་དག་གི་འོད་ཟིལ་གྱིས་མནན་ནས་མོག་མོག་པོར་བྱས་ཏེ་མི་མངོན་གྱི། གཞན་དུ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་

པ་དེའི་འོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་འོད་ཀྱིས་སྟོང་གསུམ་གྱི་སྟོང་

ཆེན་པོའི་འཇིག་རྟེན་གྱི་ཁམས་དེའི་ཉི་མ་དང་། ཟླ་བ་དག་གི་འོད་དང་། ལྷ་ཐམས་ཅད་ཀྱི་འོད་དག་ཀྱང་ཟིལ་གྱིས་མནན་ཅིང་མོག་མོག་པོར་བྱས་ནས་མིག་ལམ་དུ་ཡང་མི་སྣང་བར་གྱུར་ཏེ། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱེ་མ་

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཇི་ཙམ་དུ་གོ་ཆ་ཆེན་པོ་བགོས་ཤིང་དེའི་སྨོན་ལམ་གྱི་ཁྱད་པར་རྒྱ་ཆེན་པོ་དེ་ལྟ་བུ་དག་ཏུ་གྱུར་པ་དང་། སྔོན་བྱང་ཆུབ་སེམས་

เล่ม ๔๐ · หน้า 22b

དཔའི་སྤྱད་པ་སྤྱོད་པ་ན་དེས་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དཔག་ཏུ་མ་མཆིས། གྲངས་མ་མཆིས། བརྗོད་དུ་མ་མཆིས་བརྗོད་དུ་མ་མཆིས་པའི་ཡང་

བརྗོད་དུ་མ་མཆིས་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་ཅིང་དགེ་བའི་རྩ་བ་གང་དག་སེམས་བསྐྱེད་པའི་དགེ་བའི་རྩ་བ་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ནས་

ཇི་ལྟ་ཇི་ལྟར་ཡོངས་སུ་བསྔོས་པ་དེ་ལྟ་དེ་ལྟར་སྨོན་ལམ་ཡོངས་སུ་རྫོགས་པར་གྱུར་པ་ནི་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །

ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གོ་ཆ་ཆེན་པོ་བགོས་པར་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བྱང་ཆུབ་ཀྱི་ཤིང་གང་གི་དྲུང་དུ་བཞུགས་ནས་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པར་གྱུར་པའི་བྱང་ཆུབ་ཀྱི་ཤིང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། འཕང་དུ་དཔག་ཚད་འབུམ་ཡོད། དེའི་སྡོང་པོའི་འཕང་དུ་ནི་དཔག་ཚད་བརྒྱ་ཡོད།

སྦོམས་སུ་ནི་རྒྱང་གྲགས་ཕྱེད་ཀྱིས་འཁོར་ལ་དེའི་ཡལ་ག་རྣམས་ནི་དཔག་ཚད་བདུན་སྟོང་བདུན་སྟོང་ཡོད་དེ། དེའི་འཁོར་ཡུག་ཏུ་ནི་དཔག་ཚད་བཞི་ཁྲི་ཡོད་དེ། བྱང་ཆུབ་ཀྱི་ཤིང་དེའི་ཡལ་ག་དང་། ལོ་མ་དང་། ཡལ་ག་ཕྲེའུ་དག་རླུང་གིས་ཀུན་དུ་བསྐྱོད་པ་ན་དེ་དག་ལས་སྙན་པ་

เล่ม ๔๐ · หน้า 23a

དང་། ཡིད་དུ་འོང་བ་དང་། ཆགས་པར་འགྱུར་བ་དེ་ལྟ་བུའི་སྒྲ་སྐད་དག་བྱུང་སྟེ། ཤ་ར་དྭ་ཏིའི་བུ་ཇི་ལྟར་བྱང་ཆུབ་ཀྱི་ཤིང་དེའི་ཡལ་ག་དང་། ལོ་མ་དང་། ཡལ་ག་ཕྲེའུ་དག་རླུང་གིས་ཀུན་དུ་བསྐྱོད་པ་ན་དེ་དག་ལས་སྙན་པ་དང་། ཡིད་དུ་འོང་བ་དང་ཆགས་པར་

འགྱུར་བའི་སྒྲ་སྐད་དག་བྱུང་བ་དེ་ལྟ་བུའི་སྙན་པ་དང་། ཡིད་དུ་འོང་བ་དང་། ཆགས་པར་འགྱུར་བའི་སྒྲ་སྐད་དག་ནི་ལྷའི་སིལ་སྙན་ཡན་ལག་འབུམ་དང་ལྡན་པ་དག་རོལ་མོའི་སློབ་དཔོན་མཁས་པས་གསིལ་བ་དག་ལས་ཀྱང་འབྱུང་བར་མི་འགྱུར་རོ། །བྱང་ཆུབ་ཀྱི་ཤིང་དེ་ལས་ཕ་

རོལ་ཏུ་ཕྱིན་པ་ཐམས་ཅད་དང་། མངོན་པར་ཤེས་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་ཡན་ལག་ཐམས་ཅད་ཀྱི་སྒྲ་སྐད་ལྷའི་དབྱངས་ལས་ཤིན་ཏུ་འདས་པ། མཉེན་ཞིང་ཡིད་དུ་འོང་བ་དག་བྱུང་སྟེ། སེམས་ཅན་གང་དག་གིས་སྒྲ་སྐད་

དེ་དག་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་འདོད་ཆགས་དང་བྲལ་བའི་སེམས་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ། །ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་

རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་བརྗོད་པ་དག་ལེགས་པར་རབ་ཏུ་ཉོན་ལ་ཚུལ་བཞིན་དུ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་།

བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ངན་སོང་གསུམ་པོ་དག་མེད་དེ། གསུམ་གང་ཞེ་ན། འདི་

ལྟ་སྟེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ནོ། །དེར་སེམས་ཅན་གང་དག་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ནི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་ཤ་སྟག་གོ །ཤ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ལ་འདི་

เล่ม ๔๐ · หน้า 23b

ལྟར་རྗེ་བོའམ། བྲན་གྱི་བྱེ་བྲག་ཏུ་དབྱེ་བ་ཡང་མེད་དེ། ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེའི་མི་རྣམས་ལ་བཀོལ་བའི་ཆོས་ལྷུར་ལེན་པའི་བསམ་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ལ་བདག་དང་བདག་གིར་ཡོངས་སུ་འཛིན་

པ་མེད་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེའི་ས་གཞི་ཆེན་པོ་ཐམས་ཅད་ལག་མཐིལ་ལྟར་མཉམ་པ། ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་ཞིང་གསེར་གྱི་ཁ་དོག་ལྟར་འདུག་ལ་ལྷའི་ནོར་བུ་རིན་པོ་ཆེས་སྤྲས་ཤིང་པད་མ་གསེར་གྱི་མདོག་ཅན་འདབ་མ་བྱེ་བ་ཕྲག་སྟོང་དང་

ལྡན་པ་དག་གིས་ལེགས་པར་བརྒྱན་ལ། མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དག་མངོན་པར་བཀྲམ་པ། སྡོང་དུམ་དང་། ཚེར་མ་དང་། གྱོ་མོ་དང་། གསེག་མ་མེད་པ། ངམ་གྲོག་དང་། གད་པ་དང་། མི་གཙང་བ་དོར་བའི་ས་མེད་པ། རྡོ་བ་དང་། རི་མེད་

པ་སྟེ། ཤ་ར་དྭ་ཏིའི་བུ་ས་གཞི་ཆེན་པོ་དེ་ལ་རྐང་པ་བཞག་ན་ནི་ནེམས་ཤེས་བྱེད། རྐང་པ་བཏེག་ན་ནི་པར་ཅེས་བྱེད་དེ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ཤིང་བལ་གྱི་སྔས་ནང་ཚངས་ཅན་གྱི་སྟེང་དུ་མགོ་བཞག་ན་ནི་ནེམས་ཤེས་བྱེད། མགོ་བཏེག་ན་ནི་པར་ཅེས་བྱེད་པ་དེ་

བཞིན་དུ་ཤ་ར་དྭ་ཏིའི་བུ་ས་གཞི་ཆེན་པོ་དེ་ལ་ཡང་རྐང་པ་བཞག་ན་ནི་ནེམས་ཤེས་བྱེད། རྐང་པ་བཏེག་ན་ནི་པར་ཅེས་བྱེད་དོ། །ཤ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེའི་མི་རྣམས་ལ་རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་བ་དང་། བད་ཀན་ལས་གྱུར་བ་དང་། འདུས་བ་ལས་གྱུར་

བའི་ནད་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་སངས་རྒྱས་ཀྱི་ཞིང་དེའི་མི་རྣམས་ལ་ཁ་དོག་ངན་པ་དང་། དྲི་མི་ཞིམ་པ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་དེ་དག་ནི་འདོད་

ཆགས་ཆུང་བ་དང་། ཞེ་སྡང་ཆུང་བ་དང་། གཏི་མུག་ཆུང་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དེ་དག་ལ་བསད་པ་དང་། བཅིང་བ་དང་། གོ་རར་གཞུག་པ་དག་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ། །

เล่ม ๔๐ · หน้า 24a

ཤ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེ་ན་མུ་སྟེགས་ཅན་གྱི་གནས་དག་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ། །ཤ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེ་ན་ཤིང་ལྗོན་པ་རྣམས་རྟག་ཏུ་མེ་ཏོག་ཆགས་ཤིང་རྟག་ཏུ་འབྲས་བུ་ཆགས་པ་ཤ་སྟག་

གོ །ཤ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེ་ན་མི་རྣམས་ཀྱི་གོས་ནི་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་ཁ་དོག་རྣམ་པ་ལྔས་གོས་ཀྱི་བྱ་བ་བྱེད་དེ། གོས་དེ་དག་ཀྱང་མདོག་གསལ་ཞིང་དྲི་ཞིམ་པོ་དང་ལྡན་ལ། ཁ་དོག་མི་ཉམས་པ་ཤ་སྟག་སྟེ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་

ན་ལྷའི་མེ་ཏོག་རྣམས་ཀྱི་དྲི་བསུང་སྣ་ཚོགས་ཅི་འདྲ་བ་དེ་བཞིན་དུ་ཤ་ར་དྭ་ཏིའི་བུ་དེ་དག་གི་གོས་ཀྱི་དྲི་ཡང་དེ་འདྲ་ལ། དཔག་བསམ་གྱི་ཤིང་དེ་ལ་འདུག་པ་ན་དེ་དག་གི་དྲི་ཅི་འདྲ་བ་དེ་བཞིན་དུ་དེ་དག་གིས་ཡོངས་སུ་བཅད་པ་ན་ཡང་དྲི་དེ་དང་འདྲ་བ་ཉིད་དུ་འགྱུར་བས་གོས་དེ་དག་གི་དྲི་དང་།

ཁ་དོག་ལ་ཉམས་པར་འགྱུར་བ་ཡང་མེད་ལ། ཤ་ར་དྭ་ཏིའི་བུ་མི་དེ་དག་གི་གོས་རྣམས་ཤིན་ཏུ་མང་ཞིང་ཕལ་ཆེ་བའི་ཕྱིར་དེ་དག་ཡང་དང་ཡང་དུ་གོས་བརྗེ་ཞིང་བརྗེ་ཞིང་གྱོན་པར་བྱེད་དོ། །ཤ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེ་ན་མི་དེ་དག་ཁ་ཟས་ཇི་ལྟ་བུ་དག་འདོད་པ་དེ་ལྟ་བུའི་ཁ་ཟས་

དག་མདུན་དུ་རིན་པོ་ཆེའི་སྣོད་དག་ནས་འབྱུང་སྟེ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡིད་ལ་ཅི་བསམ་པའི་ཁ་ཟས་དག་འབྱུང་བ་དེ་བཞིན་དུ་ཤ་ར་དྭ་ཏིའི་བུ་འཇིག་རྟེན་གྱི་ཁམས་དེ་ན་མི་དེ་དག་ཀྱང་ཁ་ཟས་ཇི་ལྟ་བུ་དག་འདོད་པ་དེ་ལྟ་བུའི་ཁ་ཟས་དག་

མདུན་དུ་རིན་པོ་ཆེའི་སྣོད་དག་ནས་འབྱུང་ངོ་། །ཤ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེ་ན་མི་དེ་དག་གི་ཁ་ཟས་གང་ཡིན་པའི་ཁ་ཟས་དེ་དག་ནི་ཁ་དོག་གམ། དྲིའམ། རོས་ལྷའི་ཁ་ཟས་དག་ལ་མི་འཐུའོ། །ཤ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེ་ན་མི་དེ་དག་ལ་བཤང་བ་དང་།

གཅི་བ་དང་། མཆིལ་མ་དང་། སྣབས་དག་མེད་དེ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་བཤང་བ་དང་། གཅི་བ་དང་། མཆིལ་མ་དང་། སྣབས་དག་མེད་པ་དེ་བཞིན་དུ་ཤ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེ་ན་མི་དེ་དག་ལ་ཡང་བཤང་

เล่ม ๔๐ · หน้า 24b

བ་དང་། གཅི་བ་དང་། མཆིལ་མ་དང་། སྣབས་དག་མེད་དོ། །ཤ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་དང་། མི་དེ་དག་གི་

བསོད་ནམས་ཀྱི་རྣམ་པར་སྨིན་པས་མངོན་པར་གྲུབ་པ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་འདི་ལྟ་བུ་དག་མངོན་པར་གྲུབ་པ་ཡོད་དེ། གང་དུ་མི་དེ་དག་འདུག་པར་བྱ་བའི་གནས་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁང་པ་བརྩེགས་པ་དག་དང་ཁང་པ་བརྩེགས་པ་དེ་

དག་གི་ནང་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་དག་གི་སྟེང་དུ་ཤིང་བལ་ཅན་གྱི་སྟན་ལེགས་པར་བཏིང་བ་བཀྲམ་པ་དག་བྱུང་བར་གྱུར་ཅིང་ཁང་པ་བརྩེགས་པ་དེ་དག་ཏུ་ཁང་པ་བརྩེགས་པའི་ཡོངས་སུ་སྤྱད་པ་གང་ལས་མི་རྣམས་ཆུའི་བྱ་བ་བྱེད་པའི་རྫིང་རྣམ་པ་སྣ་ཚོགས་ཡན་ལག་

བརྒྱད་དང་ལྡན་པའི་ཆུས་གང་བ་འབྱུང་སྟེ། རྫིང་བུ་དེ་དག་ཀྱང་གསེར་གྱི་བྱེ་མ་བདལ་བ། ལྷའི་ཤིང་མྱ་ངན་འཚང་གིས་བསྐོར་བ་ཤ་སྟག་གོ །དེ་དག་ན་མི་རྣམས་དམ་པའི་ཆོས་ཀྱི་དགའ་བས་དགའ་བར་བྱེད་ཅིང་གནས་སོ། །ཤ་ར་དྭ་ཏིའི་བུ་དེ་ན་མི་དེ་དག་གང་དུ་ཡན་ལག་བརྒྱད་དང་

ལྡན་པའི་ཆུས་གང་བའི་རྫིང་དག་འབྱུང་བར་འདོད་པ་དེ་ཉིད་དུ་མི་དེ་དག་གི་དྲུང་དུ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བའི་རྫིང་དག་འབྱུང་ཞིང་། གལ་ཏེ་རྗེས་སུ་འབྲང་བར་འདོད་ན་ཡང་རྗེས་སུ་འབྲང་བར་འགྱུར་ལ། གལ་ཏེ་མི་སྣང་བར་འདོད་ན་ཡང་མི་སྣང་བར་འགྱུར་རོ། །ཤ་ར་

དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་ཧ་ཅང་ཡང་མི་དྲོ་ཧ་ཅང་ཡང་མི་གྲང་བའི་རླུང་དག་ལྡང་ངོ་། །འཇམ་པ་དང་། བདེ་བ་དང་། དལ་བའི་རླུང་དག་ཀྱང་ལྡང་ངོ་། །དྲི་ཞིམ་པ་དང་། ཡིད་དུ་འོང་བའི་རླུང་དག་ཀྱང་ལྡང་སྟེ། རླུང་དེ་དག་ཉིད་ཀྱིས་མི་དེ་དག་དང་། ལྷ་དེ་དག་གི་སྤོས་ཀྱི་

བྱ་བ་བྱེད་དོ། །གལ་ཏེ་ལ་ལ་ཞིག་བདག་ལ་རླུང་ལྡང་བར་གྱུར་ཅིག་ཅེས་རླུང་ལྡང་བར་འདོད་ན་ཡང་དེ་ལ་རླུང་ལྡང་བར་འགྱུར་རོ། །གལ་ཏེ་གཞན་དག་མི་འདོད་ན་དེ་དག་གི་ལུས་ལ་རླུང་གིས་ཕོག་པར་མི་འགྱུར་ཞིང་གང་དང་གང་གི་ཚེ་འདོད་པ་དེ་དང་དེའི་ཚེ་དེ་དག་ལ་རླུང་ལྡང་བར་འགྱུར་ཏེ།

เล่ม ๔๐ · หน้า 25a

ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཡང་སངས་རྒྱས་

ཀྱི་ཞིང་དེ་ན་ད་ལྟར་ངའི་སངས་རྒྱས་ཀྱི་ཞིང་ན་གང་བུད་མེད་དག་གི་བུད་མེད་ཀྱི་སྐྱོན་དུ་བྱ་བའི་བུད་མེད་དག་གི་བུད་མེད་ཀྱི་སྐྱོན་དེ་དག་མེད་དེ། ཤ་ར་དྭ་ཏིའི་བུ་དེ་དག་ཀྱང་གང་ཞེ་ན། སངས་རྒྱས་ཀྱི་ཞིང་འདི་ན་བུད་མེད་ནི་མདོག་མི་སྡུག་པ། གཟུགས་མ་ལེགས་པ། དྲི་ང་བ། མི་གཙང་

བས་གང་བ། འདོད་པའི་ལོངས་སྤྱོད་དག་གིས་ངོམས་མི་ཤེས་པ། བྱས་པ་མི་གཟོ་བ། ཁྲོ་བ་དང་། ལྕེ་གཉིས་སྨྲ་བ་དང་། ཕྲག་དོག་དང་། སེར་སྣའི་ཆོས་ཀྱིས་གླགས་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་འདི་ན་བུད་མེད་དག་གི་བུད་མེད་ཀྱི་སྐྱོན་ནི་དེ་དག་ཡིན་ནོ། །

ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་ལ་ནི་བུད་མེད་དག་གི་བུད་མེད་ཀྱི་སྐྱོན་དུ་བྱ་བ་དེ་ལྟ་བུ་དག་མེད་དེ། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་

པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་ནི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་བུད་མེད་རིན་པོ་ཆེ་ནི་མིའི་བུད་མེད་ཀྱི་ཡོན་ཏན་དག་ལས་ཤིན་ཏུ་འདས་ཤིང་ལྷ་མོའི་ཡོན་ཏན་དང་ལྡན་པ་

དེ་བཞིན་དུ་ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་འདི་ན་བུད་མེད་རིན་པོ་ཆེའི་ཡོན་ཏན་གང་ཡིན་པ་དང་། སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་ཀྱི་ཡོན་ཏན་གང་ཡིན་པ་དེ་དག་ནི་དེ་དག་གི་ཡོན་ཏན་གྱི་གནན་བུད་མེད་རིན་པོ་ཆེའི་ཡོན་ཏན་དག་ནི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་།

བརྒྱ་སྟོང་གི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་བཟོད་དོ། །ཤ་ར་དྭ་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེ་ན་སྐྱེས་པ་དག་བུད་མེད་དང་ལྷན་

เล่ม ๔๐ · หน้า 25b

ཅིག་ཏུ་འཁྲིག་པ་སྤྱོད་པའི་ཕྱིར་ལུས་སྦྱོར་བ་མེད་དོ། །ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་གང་གི་ཚེ་སྐྱེས་པ་དག་ཀུན་ཏུ་ཆགས་པའི་སེམས་བསྐྱེད་པ་ན་དེ་སོང་སྟེ་ཀུན་དུ་ཆགས་པའི་སེམས་ཀྱིས་བུད་མེད་ལ་ཡུད་ཙམ་ཞིག་བལྟས་པ་ཙམ་གྱིས་སྐྱེས་པ་དེའི་འདོད་ཆགས་རབ་ཏུ་ཞི་བར་གྱུར་

ཏེ། ཤིན་ཏུ་ཡིད་བྱུང་ཞིང་སྤངས་ནས་མི་སྡུག་པ་ལ་འདོད་ཆགས་དང་བྲལ་བའི་ཏིང་ངེ་འཛིན་ཐོབ་བོ། །ཏིང་ངེ་འཛིན་དེས་བདུད་ཀྱི་ཞགས་པ་ལས་གྲོལ་ནས་ཡང་འདོད་ཆགས་ཀྱི་སེམས་སྐྱེ་བར་མི་འགྱུར་རོ། །སྐྱེས་པ་དེས་གང་ལ་བལྟས་པའི་བུད་མེད་དེ་བལྟས་པ་ཙམ་གྱིས་སྦྲུམ་

མར་གྱུར་ཏེ། གཉིས་ཀའི་འདོད་ཆགས་ཞི་བར་གྱུར་ནས་མངལ་ན་གནས་པའི་ཁྱེའུ་འམ། བུ་མོ་དེའི་ལུས་དང་སེམས་ཀྱིས་ཀྱང་འདི་འདྲ་བའི་བདེ་བ་མྱོང་བར་འགྱུར་ཏེ་འདི་ལྟ་སྟེ། དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་རིན་པོ་ཆེའི་གཞལ་མེད་ཁང་ན་དགའ་ཞིང་མཆོག་ཏུ་དགའ་

བར་བྱེད་པ་ན་ལུས་དང་། སེམས་ཀྱིས་བདེ་བ་མྱོང་བ་བཞིན་དུ་ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་མངལ་ན་གནས་པའི་ཁྱེའུ་དང་། བུ་མོ་དག་ཀྱང་དེ་བཞིན་ནོ། །དེ་ན་མངལ་ན་གནས་པ་དེ་དག་ཉིན་ཞག་བདུན་གྱི་བར་དུ་བདེ་བ་མྱོང་ནས་བཙའ་བར་འགྱུར་ཞིང་བུད་མེད་སྦྲུམ་མ་དེའི་

ལུས་དང་། སེམས་ཀྱིས་ཀྱང་འདི་འདྲ་བའི་བདེ་བ་དག་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་པའི་དགེ་སློང་ཐམས་ཅད་ཀྱིས་ཐམས་ཅད་དུ་བདེ་བར་གྱུར་པ་བཞིན་ནོ། །བུད་མེད་དེ་བུ་བཙའ་བ་ན་ཡང་མི་གཙང་བ་དང་། དྲི་མི་

ཞིམ་པ་དག་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཀྱེ་མ་ནམ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་

པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ཡོན་ཏན་དེ་ལྟ་བུ་དག་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་

เล่ม ๔๐ · หน้า 26a

དེའི་སངས་རྒྱས་ཀྱི་ཞིང་ན་གང་གི་ཚེ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དག་རྒྱན་ཐོགས་པར་འདོད་པ་དེའི་ཚེ་དཔག་བསམ་གྱི་ཤིང་དག་འདུད་ཅིང་འདོགས་པར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །དེ་ནས་དགེ་སློང་ཞིག་གིས་སངས་རྒྱས་ཀྱི་ཞིང་དེའི་བསྔགས་པ་བརྗོད་པ་དང་། བུད་མེད་དེ་དག་གི་ཡོན་

ཏན་ཐོས་ནས་དེ་ལ་ཀུན་དུ་ཆགས་པའི་སེམས་སྐྱེས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཀྱང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་ཡོངས་སུ་འཛིན་པར་གྱུར་ཅིག །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་

སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མི་གཏི་མུག་པ་ཁྱོད་ལྟ་བུ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་ཀུན་ནས་ལངས་པའི་སེམས་ཀྱིས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་མི་ནུས་ཀྱི། དགེ་སློང་གཞན་དུ་ན་དགེ་བའི་སྤྱོད་པ་དང་།

ཆོས་ཀྱི་སྤྱོད་པ་དང་། ཚངས་པར་སྤྱོད་པ་དང་། ཡང་དག་པའི་སྤྱོད་པས་སེམས་ཅན་རྣམས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་ཡོངས་སུ་འཛིན་པར་འགྱུར་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་ན་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཉིད་ཆོས་ཀྱི་རྒྱལ་པོ་བླ་ན་མེད་པའོ་ཞེས་བྱ་བར་ཤེས་པ་མ་གཏོགས་པ་རྒྱལ་པོ་གཞན་ནི་འགའ་ཡང་མེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་རྒྱལ་པོ་ཞེས་བྱ་བ་གཞན་

མེད་པ་དེ་བཞིན་དུ་ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཉིད་ཆོས་ཀྱི་རྒྱལ་པོ་བླ་ན་མེད་པའོ་ཞེས་བྱ་བར་ཤེས་པ་མ་གཏོགས་པ་རྒྱལ་པོ་གཞན་ནི་འགའ་ཡང་མེད་

เล่ม ๔๐ · หน้า 26b

དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ནི་ལྷའི་དབང་པོ་བརྒྱ་བྱིན་ལ་རིམ་གྲོ་བྱ་བའི་ཕྱིར་འདུའོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་དེའི་ལྷ་དང་། མི་རྣམས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་

ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་འདུ་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་ལས་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་ན་མི་རྣམས་ནི་བག་ཡོད་པའི་གནས་པས་གནས་པ་ཤ་སྟག་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་

ནི་འདི་ལྟར་ཁ་ལོ་སྒྱུར་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཉིད་ཀྱིས་རྒྱུ་སྔོན་དུ་བཏང་བའི་ཕྱིར་ཏེ། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་

འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་

པ་སྤྱོད་པ་ན་དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་ཕུལ་ནས་

འདི་སྐད་དུ་དགེ་བའི་རྩ་བ་འདིས་བདག་གི་སངས་རྒྱས་ཀྱི་ཞིང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་ན་དེའི་ཚེ་དེ་ལྟ་བུར་གྱུར་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

เล่ม ๔๐ · หน้า 27a

སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་

པ་དེའི་སངས་རྒྱས་ཀྱི་ཞིང་ན་མི་དེ་དག་ལ་ཉོ་ཚོང་དང་། ཚོང་པ་དང་། ཞིང་ལས་དང་། སོ་ནམ་བྱ་བ་མེད་དེ། གཞན་དུ་ན་མི་དེ་དག་ཤིན་ཏུ་བདེ་བ་དང་ལྡན་པར་གནས་སོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་སངས་རྒྱས་ཀྱི་ཞིང་དེའི་མི་རྣམས་འདོད་པའི་དགའ་བས་རྩེ་བའི་ཕྱིར་འདོད་

པ་དང་ལྡན་པའི་དབྱངས་ཀྱིས་གླུ་མི་ལེན་ཏེ། གཞན་དུ་ན་མི་དེ་དག་ཆོས་ཀྱི་དགའ་བ་ཉམས་སུ་མྱོང་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་

ཞིང་ན་གསེར་གྱི་ཤིང་ཏ་ལའི་ཕྲེང་བ་དག་རླུང་གིས་ཀུན་དུ་བསྐྱོད་པ་ན་འདི་ལྟར་སྙན་པ་དང་། འཇེབས་པ་དང་། ཡིད་དུ་འོང་བ་དང་། ཆགས་པར་འགྱུར་བའི་སྒྲ་འབྱུང་སྟེ། ཤ་ར་དྭ་ཏིའི་བུ་ཇི་ལྟར་གསེར་གྱི་ཤིང་ཏ་ལའི་ཕྲེང་བ་དག་རླུང་གིས་ཀུན་དུ་བསྐྱོད་པ་ལས་སྙན་པ་དང་།

འཇེབས་པ་དང་། ཡིད་དུ་འོང་བ་དང་། ཆགས་པར་འགྱུར་བའི་སྒྲ་འབྱུང་བ་དེ་ལྟ་བུའི་སྙན་པ་དང་། འཇེབས་པ་དང་། ཡིད་དུ་འོང་བ་དང་། ཆགས་པར་འགྱུར་བའི་སྒྲ་ནི་ལྷའི་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་དག་རོལ་མོའི་སློབ་དཔོན་མཁས་པས་གསིལ་བ་དག་ལས་

ཀྱང་འབྱུང་བར་མི་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་

བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་བསྒྲུབ་པར་འདོད་པས་ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་

เล่ม ๔๐ · หน้า 27b

སྤྱོད་པ་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་དག་ཡོངས་སུ་གཟུང་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པས་དེ་ལྟར་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་དག་ཡོངས་སུ་གཟུང་བར་བྱ། དེ་ལྟར་སངས་རྒྱས་ཀྱི་ཞིང་

ཡོངས་སུ་སྦྱང་བར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཉི་མ་དང་ཟླ་བ་སྣང་བའི་བྱ་བ་ཆེར་མི་བྱེད་དེ། འོན་ཀྱང་དེ་ན་མུན་པ་ཡང་མེད་ལ་མུན་ནག་ཀྱང་

མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་འོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་རྟག་པར་ཀུན་དུ་སྣང་བར་གྱུར་

པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ཞིག་ཁང་པ་བརྩེགས་པའི་ར་བ་སྒོ་བཅད་པ། སྐར་ཁུང་བཅད་པ། བླ་འོག་གཡོགས་པ། ས་བཟང་པོའི་ཞལ་ཞལ་གྱིས་བསྐུས་པའི་ནང་དུ་བཅུག་ལ་དེར་ནོར་བུ་རིན་པོ་ཆེ་དེའི་རང་གི་ལུས་ཀྱི་འོད་ཀྱིས་སྣང་

བའི་བྱ་བ་བྱེད་པ་ན་དེ་ན་སེམས་ཅན་གང་དག་འཁོད་པ་དེ་དག་གིས་ཉིན་པར་ཡང་སྣང་བར་ཤེས་མཚན་མོ་ཡང་སྣང་བར་ཤེས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་འོད་

ཀྱིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྟག་པར་ཀུན་ཏུ་སྣང་བར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལ་ཁང་པ་བརྩེགས་པའི་ར་བ་ཞེས་བྱ་བ་དེ་ནི་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་དེའི་ཚིག་བླ་དགས་སོ། །ཤ་ར་དྭ་ཏིའི་བུ་ནོར་བུ་རིན་

པོ་ཆེ་ཞེས་བྱ་བ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཚིག་བླ་དགས་སོ། །ཤ་ར་དྭ་ཏིའི་བུ་ནོར་བུ་རིན་པོ་ཆེ་དེའི་འོད་ཅེས་བྱ་བ་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

เล่ม ๔๐ · หน้า 28a

རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་འོད་ཀྱི་ཚིག་བླ་དགས་སོ། །ཤ་ར་དྭ་ཏིའི་བུ་སེམས་ཅན་ཞེས་བྱ་བ་དེ་ནི་མི་གང་དག་སངས་རྒྱས་ཀྱི་ཞིང་དེ་ན་གནས་པའི་མི་དེ་རྣམས་ཀྱི་ཚིག་བླ་དགས་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ག་ལས་གར་གཤེགས་པ་ནས་ཆེན་པོ་དེ་ལ་ཞབས་གང་དང་གང་དག་ཏུ་བཞག་པ་དེ་དང་དེ་དག་ཏུ་པད་མ་གསེར་གྱི་མདོག་ཅན་འདབ་མ་སྟོང་ཡོད་པ་དག་འབྱུང་བར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་

དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ་ཚེ་དང་

ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཅི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཁང་པའི་ནང་དུ་གཤེགས་པ་ན་ཡང་དེའི་ཞབས་ཀྱི་འོག་ནས་པད་མ་གསེར་གྱི་མདོག་

ཅན་འདབ་མ་སྟོང་དང་ལྡན་པ་དག་འབྱུང་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་མི་འཁྲུགས་པ་དེ་ནི་གྲོང་དང་། གྲོང་ཁྱེར་དག་ཏུ་གཤེགས་པ་ཉུང་མོད་ཀྱི། འོན་ཀྱང་གང་གི་ཚེ་གཤེགས་ཤིང་བཞུགས་པར་གྱུར་པ་ན་ཁྱིམ་དེར་པད་མ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་དག་འབྱུང་སྟེ། ཤ་ར་དྭ་ཏིའི་བུ་གལ་ཏེ་དེར་རིགས་ཀྱི་བུའམ་

རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་འདི་སྙམ་དུ། གང་དེ་བཞིན་གཤེགས་པ་ཁྱིམ་འདིར་གཤེགས་པའི་ཞབས་འོག་ནས་བྱུང་བའི་པད་མ་འདི་དག་ཐམས་ཅད་གནས་གཅིག་ཏུ་འདུས་པར་གྱུར་ཅིག་སྙམ་དུ་བསམས་ན་ཡང་འདི་ལྟར་སངས་རྒྱས་ཀྱི་མཐུས་དེ་དག་གནས་གཅིག་ཏུ་

เล่ม ๔๐ · หน้า 28b

འདུའོ། །གལ་ཏེ་ཡང་འདི་སྙམ་དུ་དེ་དག་ནམ་མཁའ་ལ་གནས་པར་གྱུར་ཅིག །སྙམ་དུ་བསམས་ན་ཡང་འདི་ལྟར་སངས་རྒྱས་ཀྱི་མཐུས་དེ་དག་ནམ་མཁའ་ལ་གནས་ཏེ། ཤ་ར་དྭ་ཏིའི་བུ་པད་མ་དེ་དག་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེའི་མི་རྣམས་ཀྱི་

མཆོད་རྟེན་དུ་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་གང་དུ་ཆོས་སྟོན་པའི་ཕྱིར་གཤེགས་པ་དེར་ཡང་པད་མ་དེ་ལྟ་

བུ་དག་འབྱུང་ངོ་། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་ཕྱོགས་གཞན་དག་དང་། འཇིག་རྟེན་གྱི་ཁམས་གཞན་གང་དང་གང་དག་ཏུ་སྤྲུལ་པ་དག་བཀྱེ་བ་དེ་དང་དེ་དག་ཏུ་ཡང་འདི་ལྟར་སངས་རྒྱས་

ཀྱི་མཐུས་པད་མ་དེ་ལྟ་བུ་དག་འབྱུང་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་པད་མ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་དེ་ལྟ་བུ་ཤ་སྟག་གིས་རྟག་ཏུ་བརྒྱན་པར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་འདི་ལྟར་གསེར་དང་། དངུལ་དང་། བཻ་དཱུརྱ་དང་། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཐེམ་སྐས་འཛམ་བུའི་གླིང་ནས་བཙུགས་ན་སུམ་ཅུ་རྩ་གསུམ་པའི་ལྷའི་

རིས་ཀྱི་བར་དུ་ཕྱིན་པ་དག་ཡོད་དེ། ཤ་ར་དྭ་ཏིའི་བུ་གང་གི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བར་འདོད་པའི་ཚེ་

སུམ་ཅུ་རྩ་གསུམ་པའི་ལྷའི་རིས་ནས་རིན་པོ་ཆེའི་ཐེམ་སྐས་དེ་དག་ལས་བབས་པ་ན་སུམ་ཅུ་རྩ་གསུམ་པའི་ལྷ་དེ་དག་འཛམ་བུའི་གླིང་པའི་མི་དེ་དག་ལ་འདི་ལྟར་སྨོན་པའི་སེམས་སྐྱེ་སྟེ། བདག་ཅག་ལྷ་རྣམས་ཀྱི་ལྷའི་ཕུན་སུམ་ཚོགས་པ་གང་ཡིན་པ་དང་། འཛམ་བུའི་གླིང་པའི་མི་

เล่ม ๔๐ · หน้า 29a

རྣམས་ཀྱི་མིའི་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་དག་ནི་བདག་ཅག་ལྷ་རྣམས་ཀྱི་ཕུན་སུམ་ཚོགས་པ་དག་ལས་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ཕུན་སུམ་ཚོགས་པ་འདི་དག་ཀྱང་ཁྱད་པར་ཅུང་ཟད་ཙམ་གྱིས་ཀྱང་མི་དམན་པའི་སྟེང་དུ་འཛམ་བུ་གླིང་འདི་ན་བཅོམ་

ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་འདི་ཆོས་འཆད་ཅིང་བཞུགས་པས་ལྷག་པར་ཁྱད་པར་དུ་འཕགས་སོ་ཞེས་དེ་ལྟར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཛམ་བུའི་གླིང་པའི་མི་དེ་དག་ལ་སྨོན་པར་བྱེད་དོ། །

ཤ་ར་དྭ་ཏིའི་བུ་གང་གི་ཚེ་འཛམ་བུའི་གླིང་པའི་མི་དེ་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་སུ་འཛེག་པར་གྱུར་པའི་ཚེ་ན། དེ་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨོན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་འདི་སྙམ་དུ་ལྷ་འདི་དག་གི་ལྷའི་ཕུན་སུམ་ཚོགས་པ་དག་

ལས་བདག་ཅག་གི་ཕུན་སུམ་ཚོགས་པ་དག་ཀྱང་མི་དམན་པའི་སྟེང་དུ་བདག་ཅག་གི་འཛམ་བུའི་གླིང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཆོས་སྟོན་ཅིང་བཞུགས་པས་ན་འདི་ལྟར་བདག་ཅག་གི་སངས་

རྒྱས་ཀྱི་ཕུན་སུམ་ཚོགས་པ་དེས་སུམ་ཅུ་རྩ་གསུམ་པའི་ལྷ་འདི་དག་ནི་ཟིལ་གྱིས་ནོན་ཏོ་སྙམ་དུ་སེམས་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་ན་ལྷ་རྣམས་ཀྱིས་ཀྱང་མི་རྣམས་མཐོང་ལ་མི་རྣམས་ཀྱིས་ཀྱང་ལྷ་རྣམས་མཐོང་ངོ་། །འདི་ལྟར་ཡང་འཛམ་

བུའི་གླིང་པའི་མི་དེ་དག་འཛམ་བུའི་གླིང་ཉིད་ན་གནས་བཞིན་དུ་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་དག་ཀྱང་མཐོང་སྟེ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་ད་ལྟར་འཛམ་བུའི་གླིང་འདིའི་མི་རྣམས་ཀྱིས་སྐར་མའི་གཟུགས་རྣམས་དང་། ཉི་མ་དང་།

ཟླ་བ་དག་མཐོང་བ་དེ་བཞིན་དུ་ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་མཐུས་སངས་རྒྱས་ཀྱི་ཞིང་དེར་འཛམ་བུའི་གླིང་པའི་མི་རྣམས་ཀྱིས་ཀྱང་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་དག་མཐོང་སྟེ། ཤ་ར་དྭ་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด