འདུལ་བ་ཕྲན་ཚེགས་ཀྱི་གཞི

ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་ཀྵུ་དྲ་ཀ་བསྟུ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐ · หน้า 253b

མ་ཡིན་གྱི་ངའི་ཕ་དེ་དཀའ་བ་བྱེད་བྱེད་པས་དབང་མེད་པར་མཆི་མ་བྱུང་ངོ་། །བཅོམ་ལྡན་འདས་ཀྱིས་ཀྱང་ཕ་མ་ནི་བུ་ལ་དཀའ་བ་བྱེད་དེ། སྙོད་པ་དང་། གསོ་བ་དང་། བསྐྱེད་པ་དང་། འཛམ་བུའི་གླིང་སྣ་ཚོགས་སྟོན་པ་ཡིན་ཏེ། བུའི་ཕྲག་པ་གཅིག་གིས་ཕ་བླངས་ཤིང་།

ཅིག་ཤོས་ཀྱིས་མ་བླངས་ཏེ་ལོ་བརྒྱ་ཚང་བར་བཀུར་བ་བྱས་པའམ། ས་ཆེན་པོ་འདི་ལ་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། མན་ཤེལ་དང་། བྱུ་རུ་དང་། དངུལ་དང་། གསེར་དང་། རྡོའི་སྙིང་པོ་དང་། སྤུག་དང་། པད་མ་རཱ་ག་དང་། གཡས་སུ་འཁྱིལ་པ་

དེ་ལྟ་བུའི་དབང་ཕྱུག་གི་བདག་པོར་བཞག་ཀྱང་འདི་ཙམ་གྱིས་ན་བུས་ཕ་དང་མ་ལ་ཕན་ཐོགས་པའམ་ལན་ལོན་པར་མི་འགྱུར་གྱི། གང་ཞིག་གིས་ཕ་མ་དེ་དག་མ་དད་པ་ལས་དད་པ་ཕུན་སུམ་ཚོགས་པ་ཡང་དག་པར་ལེན་དུ་འཇུག །གཟེངས་སྟོད་པར་བྱེད། འདུལ་

བར་བྱེད། འཇོག་པར་བྱེད། རབ་ཏུ་འཇོག་པར་བྱེད་ཅིང་། ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། འཇུངས་པ་གཏོང་བ་ཕུན་སུམ་ཚོགས་པ་དང་། ཤེས་རབ་འཆལ་པ་ཤེས་རབ་ཕུན་སུམ་ཚོགས་པ་ཡང་དག་པར་ལེན་ཏུ་འཇུག །གཟེངས་

སྟོད་པར་བྱེད། འདུལ་བར་བྱེད། འཇོག་པར་བྱེད། རབ་ཏུ་འཇོག་པར་བྱེད་ན་དེ་ཙམ་གྱིས་ན་བུས་ཕ་མ་ལ་ཕན་བཏགས་པ་དང་ལན་བླན་པར་འགྱུར་རོ་ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་ཀྱིས་ང་འདས་ནས་དེ་ལ་བྱིན་ཅིག་ཅེས་ཟེར་བ་ནི་སྦྱིན་པ་མ་ཡིན་ནོ་

ཞེས་བཀག་གོ །བུད་མེད་དེ་ཅང་མི་ཟེར་བར་འདུག་གོ། །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་ནི་ཁྱིམ་པ་ལས་དགོངས་ཏེ་གསུངས་པ་མ་ཡིན་གྱི། འོན་ཀྱང་རབ་ཏུ་

བྱུང་བ་ལས་དགོངས་པ་ཡིན་ནོ། །ཁྱིམ་བདག་ནི་ཆགས་པ་དང་བཅས་བཞིན་དུ་འཆི་བར་འགྱུར་ལ། རབ་ཏུ་བྱུང་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དེའི་ཕྱིར་ཁྱིམ་པ་འདི་སྙམ་དུ་ང་འདས་ནས་འདི་ལ་སྦྱིན་ནོ་སྙམ་དུ་སེམས་པ་ནི་བྱིན་པ་ཡིན་གྱི། རབ་ཏུ་བྱུང་བ་ནི་མ་ཡིན་

เล่ม ๑๐ · หน้า 254a

པས་བླང་བར་བྱ་ཞིང་བླངས་ནས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་ལོངས་སྤྱོད་དུ་ཡོངས་སུ་སྤྱད་པར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་ཞིག་གིས་དགེ་སློང་ཞིག་ལ་ཆོས་གོས་དག་བསྔོས་སོ། །དེས་དེ་དག་བསྔོས་ནས་དུས་ལས་འདས་པ་དང་། དགེ་སློང་

དེ་དག་གིས་དེ་ཁྱེར་ནས་སྲེག་ཏུ་སོང་ངོ་། དེའི་བར་དུ་དགེ་སློང་དེས་དེའི་གནས་ཁང་ནས་དེའི་ཆོས་གོས་དེ་དག་བླངས་ཏེ་རང་གི་གནས་ཁང་དུ་བཞག་གོ། །དེ་ནས་དགེ་སློང་དེ་དག་གིས་དེའི་རིམ་གྲོ་བྱས་ནས་གཙུག་ལག་ཁང་དུ་ལོག་པ་དང་། །དགེ་སྐོས་ཀྱིས་དེའི་གནས་ཁང་དུ་

བརྟགས་ན། ཇི་ཙམ་ན་ལྷུང་བཟེད་དང་ཆོས་གོས་གསུམ་དང་། ཆུ་ཚགས་མཐོང་ནས། དེས་རྒན་པའི་མཐར་ཁྱེར་བ་དང་། དེ་ལ་དགེ་སློང་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་དེའི་ཆོས་གོས་གསུམ་པོ་འདི་ཁྱེར་ཏེ་འོངས་སམ། དེ་ལ་ཆོས་གོས་རུང་

བར་བྱས་པ་གཞན་ཡང་མང་དུ་ཡོད་ན་དེ་དག་ཁྱེར་ཏེ་ཤོག་ཤིག །དེས་སྨྲས་པ། དེའི་གནས་ཁང་ན་ནི་འདིར་ཟད་ཀྱི་གཞན་ཅུང་ཟད་ཀྱང་མེད་དོ། །དགེ་སློང་དག་གིས་སྨྲས་པ། ཚེ་དང་ལྡན་པ་དེའི་སྨོས་འདྲིན་དགེ་སློང་ཆེ་གེ་མོ་ཞེས་བྱ་བ་དེ་ལ་དྲིས་ཤིག །དེས་དེ་ལ་དྲིས་པ་དང་སྨྲས་

པ། བདག་གིས་ཁྱེར་ཏེ། དེས་བདག་ལ་བསྔོས་སོ། །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རུང་བར་བྱ་བའི་ཕྱིར་ངས་བསྔོ་བར་གནང་སྟེ། གང་གིས་དེ་དག་ཁྱེར་བ་དེ་ལ་འདི་སྐད་

ཅེས་གྱིས་ཤིག །ཤི་བའི་ཡོ་བྱད་ཀྱི་རྙེད་པ་དེ་དག་དགེ་འདུན་ལ་ཕུལ་ལ་རང་གི་སྐལ་བས་ཆོག་པར་གྱིས་ཤིག་ཅེས་སྒོས་ཤིག །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་གཞན་ཞིག་གིས་དགེ་སློང་ཞིག་ལ་ཆོས་གོས་དག་བསྔོས་པ་དང་། གང་ལ་བསྔོས་པ་དེ་དུས་

ལས་འདས་སོ། །དེ་དགེ་སློང་རྣམས་ཀྱིས་དུར་ཁྲོད་དུ་ཁྱེར་ནས་བསྲེགས་ཏེ་སླར་འོངས་ནས་དེའི་ཆོས་གོས་དེ་དག་རྒན་པའི་མཐར་ཁྱེར་བ་དང་དེ་ལ་དགེ་སློང་དག་གིས་སྨྲས་པ། ཚེ་དང་ལྡན་པ་འདི་དག་སུའི་ཡིན། དེས་སྨྲས་པ། འདི་དག་ནི་བདག་གི་ལགས་མོད་ཀྱི་འོན་ཀྱང་

เล่ม ๑๐ · หน้า 254b

བདག་གིས་དེ་ལ་བསྔོས་སོ། །དགེ་སློང་དག་གིས་དེ་ཇི་ལྟར་བསྒྲུབ་པ་མི་ཤེས་ནས། སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རུང་བར་བྱ་བའི་ཕྱིར་ངས་བསྔོ་བར་གནང་མོད་ཀྱི་

འོན་ཀྱང་གང་གིས་བསྔོས་པ་དེ་ཉིད་ཀྱི་ཡིན་ནོ། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་གཞན་ཞིག་གིས་དགེ་སློང་ཞིག་ལ་ཆོས་གོས་དག་བསྔོས་པ་དང་། གང་ལ་བསྔོས་པ་དེ་བབས་ནས། དེས་བསམས་པ། བདག་ལ་དགེ་སློང་དེས་ཆོས་གོས་དག་བསྔོས་པས་

བདག་བབས་མོད་ཀྱི་འོན་ཀྱང་དེ་དག་བདག་དབང་གིས་ལེན་དུ་འགྲོའོ་སྙམ་ནས། དེ་དགེ་སློང་དེའི་དྲུང་དུ་སོང་སྟེ། དེས་སྨྲས་པ། འཕགས་པ་ཁྱོད་ཀྱིས་ཆོས་གོས་དག་བདག་ལ་བསྔོས་ན་དེ་དག་བདག་ལ་སྩོལ་ཅིག །སྐབས་དེ་དགེ་སློང་དག་ལ་བརྗོད་པ་དང་། དེ་དག་

གིས་ཇི་ལྟར་བསྒྲུབ་པ་མི་ཤེས་ནས། སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་གང་ཁོ་ན་ལ་ཡིད་བརྟན་ཏེ་ཆོས་གོས་དག་བཏམས་པ་དེ་ཁོ་ནའི་

མདུན་དུ་བསྔོ་བ་ལས་གྱུར་གྱིས་དེའི་ཕྱིར་དགེ་སློང་གིས་གང་ལ་ཡིད་བརྟན་ཏེ་ཆོས་གོས་དག་བཏམས་པ་དེ་ཁོ་ནའི་མདུན་དུ་བསྔོ་བར་མི་བྱའོ་སྙམ་དུ་དགོངས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་གིས་ཡིད་བརྟན་ཅིང་ཆོས་གོས་བཏམས་

པ་དེ་ཉིད་ཀྱི་མདུན་དུ་ཆོས་གོས་བསྔོ་བར་མི་བྱའི། དེའི་མངོན་སུམ་དུ་བསྔོ་བར་མ་བྱས་ན་ཉེས་དམིགས་དེར་མི་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་གཞན་ཞིག་གིས་དགེ་སློང་ཞིག་ལ་ཆོས་གོས་དག་བསྔོས་ཏེ། གང་ལ་བསྔོས་པ་དེ་ཐབ་ཁྲོལ་

ཅན་ཞིག་སྟེ། རྟག་ཏུ་དགེ་སློང་དག་དང་ལྷན་ཅིག་ཐབ་ཁྲོལ་བྱེད་པ་ལས་དེ་གཞན་ཞིག་དང་ཐབ་མོ་བྱས་ནས་འགྲོ་བར་ཆས་པ་དང་། གང་གིས་དེ་ལ་ཆོས་གོས་དག་བསྔོས་པ་དེས་དེ་མི་བཏང་བར་བརྩམས་ཏེ། ཚེ་དང་ལྡན་པ་མ་འགྲོ་ཤིག་ཅེས་དེས་དེ་བཟུང་བ་དང་།

เล่ม ๑๐ · หน้า 255a

འདུག་ཏུ་མ་བཏུབ་བོ། །དེས་ཡང་དང་ཡང་དུ་བཟློག་པ་དང་། དེ་ལ་དགེ་སློང་ཞིག་གིས་སྨྲས་པ། ཚེ་དང་ལྡན་པ་འདི་ནི་ཐབ་ཁྲོལ་ཅན་ཞིག་སྟེ་རྟག་ཏུ་དགེ་སློང་རྣམས་ལ་མི་བདེ་བར་བྱེད་པ་ཡིན་གྱིས་ཐོང་ཤིག །དེས་སྨྲས་པ། གཞན་གྱི་ཕྱིར་འདི་

མི་གཏོང་བ་མ་ཡིན་གྱི། ང་ཉིད་ཀྱི་ཆོས་གོས་དག་འདི་ལ་བསྔོས་པས་འདི་འཛིན་ཏོ། །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ཡིད་བརྟན་པའི་དགེ་སློང་རྒྱ་མཚོའི་ཕ་རོལ་ན་འདུག་པ་ཞིག་ཡིན་

ན་དེ་ལ་ཡང་ཡིད་བརྟན་ཏེ། བསྔོ་བ་བྱས་ནས་གཟུང་བར་བྱས་ཏེ། འདི་ལ་འགྱོད་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་གལ་ཏེ་ཡིད་བརྟན་པའི་དགེ་སློང་རྒྱ་མཚོའི་ཕ་རོལ་ན་འདུག་པ་ཞིག་ཡིན་ན་དེ་ལ་ཡང་ཆོས་གོས་དག་བསྔོ་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་

སློང་གཞན་ཞིག་གིས་དགེ་སློང་ཡུལ་ཤིན་ཏུ་ཐག་རིང་པོ་ན་འདུག་པ་ཞིག་ལ་ཆོས་གོས་བསྔོས་ཏེ། དེ་དུས་ལས་འདས་པར་གྱུར་པ་དང་། དགེ་སློང་དེས་དགེ་སློང་དེ་ཇི་ལྟར་དུས་ལས་འདས་པར་གྱུར་པའི་རིང་ཞིག་ལོན་ནས་ཐོས་པ་དང་། དགེ་སློང་དེ་འགྱོད་པ་སྐྱེས་སོ། །སྐབས་

དེ་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཚེ་ཐོས་པ་དེའི་ཚེ་གཞན་ལ་བསྔོ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ།། །།སྡོམ་ནི། མཚམས་ཀྱི་ཕྱི་རོལ་འདུག་པ་ཡིས། །

དད་པ་མི་དབུལ་སྦྱིན་མི་བྱ། །གཅིག་ལ་གཅིག་ནི་མི་བྱ་དང་། །གསོ་སྦྱོང་དང་ནི་དགག་དབྱེའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དྲུག་སྡེ་དག་མཚམས་ཀྱི་

ཕྱི་རོལ་ན་གནས་ཀྱང་དད་པ་འབུལ་བའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚམས་ཀྱི་ཕྱི་རོལ་ན་གནས་པས་དད་པ་དབུལ་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་མཚམས་ཀྱི་ཕྱི་རོལ་ན་གནས་

เล่ม ๑๐ · หน้า 255b

པས་དད་པ་དབུལ་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་གཞན་དག་ཅིག་མཚམས་ཀྱི་ཕྱི་རོལ་དུ་སོང་ངོ་། །དེ་དག་ཆས་པ་དང་། དགེ་འདུན་གྱི་བྱ་བ་ཞིག་བྱུང་ནས་དྲུག་སྡེ་རྣམས་ཀྱིས་དེ་དག་ལས་དད་པ་བླངས་སོ། །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་

ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚམས་ཀྱི་ཕྱི་རོལ་དུ་སོང་བ་ལས་དད་པ་བླང་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་མཚམས་ཀྱི་ཕྱི་རོལ་ན་གནས་པས་དད་པ་དབུལ་བར་མི་བྱ། མཚམས་ཀྱི་ཕྱི་རོལ་དུ་སོང་བ་ལས་དད་པ་བླང་བར་ཡང་

མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་མཚམས་ཀྱི་ཕྱི་རོལ་ན་གནས་བཞིན་དུ་གཅིག་ལ་གཅིག་དད་པ་སྦྱིན་པར་བྱེད་དེ། དགའ་བོས་ནི་ཉེས་དགའ་ལ། ཉེ་དགའས་ཀྱང་དགའ་བོ་ལ། འདུན་པས་ནི་འཆར་ཀ་ལ། འཆར་ཀས་ཀྱང་འདུན་པ་ལ། འགྲོ་མགྱོགས་

ཀྱིས་ནི་ནབ་སོ་ལ། ནབ་སོས་ཀྱང་འགྲོ་མགྱོགས་ལ་དད་པ་བྱིན་པ་དང་། སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་གཅིག་ལ་གཅིག་དད་པ་སྦྱིན་པར་མི་བྱ་སྟེ། བྱིན་ན་འགལ་ཚབས་ཅན་

དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་གི་ཚེ་སོ་སོར་ཐར་པའི་མདོ་གདོན་པ་ཐོན་ཅིག་ཅེས་བཀའ་སྩལ་པ་དང་། དྲུག་སྡེ་དག་མཚམས་ཀྱི་ཕྱི་རོལ་ན་གནས་ཤིང་གསོ་སྦྱོང་ལ་འདུན་པ་དང་། ཡོངས་སུ་དག་པ་

འབུལ་ལོ། །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚམས་ཀྱི་ཕྱི་རོལ་ན་གནས་པས་གསོ་སྦྱོང་ལ་འདུན་པ་དང་། ཡོངས་སུ་དག་པ་དབུལ་བར་མི་བྱའོ། བཅོམ་ལྡན་འདས་ཀྱིས་མཚམས་ཀྱི་ཕྱི་རོལ་ན་

གནས་པས་གསོ་སྦྱོང་ལ་འདུན་པ་དང་། ཡོངས་སུ་དག་པ་དབུལ་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་གཞན་དག་གཅིག་མཚམས་ཀྱི་ཕྱི་རོལ་དུ་སོང་ངོ་། །དེ་དག་ཆས་པ་དང་། དགེ་འདུན་གསོ་སྦྱོང་བྱ་བར་བཞེད་ནས་འདུས་པ་དང་། དྲུག་སྡེ་རྣམས་ཀྱིས་དེ་དག་ལས་

เล่ม ๑๐ · หน้า 256a

འདུན་པ་དང་། ཡོངས་སུ་དག་པ་བླངས་སོ། །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚམས་ཀྱི་ཕྱི་རོལ་དུ་སོང་བ་ལས་འདུན་པ་དང་། ཡོངས་སུ་དག་པ་བླང་བར་མི་བྱའོ། །

བཅོམ་ལྡན་འདས་ཀྱིས་མཚམས་ཀྱི་ཕྱི་རོལ་ན་གནས་པས་དད་པ་དང་། ཡོངས་སུ་དག་པ་དབུལ་བར་མི་བྱ། མཚམས་ཀྱི་ཕྱི་རོལ་དུ་སོང་བ་ལས་དད་པ་དང་། ཡོངས་སུ་དག་པ་བླང་བར་ཡང་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་དག་མཚམས་ཀྱི་ཕྱི་རོལ་ན་གནས་བཞིན་དུ་གཅིག་

ལ་གཅིག་དད་པ་སྦྱིན་པར་བྱེད་དེ། དགའ་བོས་ནི་ཉེ་དགའ་ལ། ཉེ་དགའས་ཀྱང་དགའ་བོ་ལ། འདུན་པས་ནི་འཆར་ཀ་ལ། འཆར་ཀས་ཀྱང་འདུན་པ་ལ། འགྲོ་མགྱོགས་ཀྱིས་ནི་ནབ་སོ་ལ། ནབ་སོས་ཀྱང་འགྲོ་མགྱོགས་ལ་དད་པ་བྱིན་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་

ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་གཅིག་ལ་གཅིག་གསོ་སྦྱོང་གི་དད་པ་དང་། ཡོངས་སུ་དག་པ་སྦྱིན་པར་མི་བྱའོ། །དགེ་སློང་གིས་གཅིག་ལ་གཅིག་གསོ་སྦྱོང་གི་དད་པ་དང་། ཡོངས་སུ་དག་པ་སྦྱིན་ན་འགལ་ཚབས་ཅན་

དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །བཅོམ་ལྡན་འདས་ཀྱིས་དབྱར་གནས་པར་ཁས་བླངས་པའི་དགེ་སློང་གིས་གནས་གསུམ་པོ་མཐོང་བ་དང་། ཐོས་པ་དང་། དོགས་པས་དགག་དབྱེ་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་དག་མཚམས་ཀྱི་ཕྱི་རོལ་ན་གནས་ཤིང་དགག་

དབྱེའི་དད་པ་དང་། ཡོངས་སུ་དག་པ་འབུལ་བ་རྒྱས་པར་ཐམས་ཅད་གསོ་སྦྱོང་བཞིན་ནོ།། །།སྡོམ་ནི། དགེ་སློང་བགྲང་བར་བྱ་བ་དང་། །ཚུལ་ཤིང་དག་དང་གང་འདོད་དང་། །སྟན་གཅིག་ཁྱིམ་ན་གནས་པ་དང་། །དགེ་ཚུལ་གསར་བུ་མི་འདུག་པའོ། །སངས་རྒྱས་བཅོམ་ལྡན་

འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་བྲམ་ཟེ་ཞིག་འདུག་པ་དེ་བྱ་བ་ཅུང་ཟད་ཅིག་ལ་ཕྱིར་བྱུང་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། དེ་རེ་ཞིག་འདི་ན་དགེ་སློང་དུ་ཞིག་གནས་དྲིའོ་སྙམ་པའི་འདོད་པ་

เล่ม ๑๐ · หน้า 256b

སྐྱེས་ནས། དེས་དགེ་སློང་རྣམས་ལ་དྲིས་པ། འཕགས་པ་དག་འདི་ན་དགེ་སློང་དུ་ཞིག་གནས། དེ་དག་གིས་སྨྲས་པ། བྲམ་ཟེ་མ་ཤེས་སོ། །བྲམ་ཟེས་སྨྲས་པ། ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ཁྲོམ་གྱི་རུའི་གྲངས་ཀྱང་ཤེས་ན་ཁྱེད་ཀྱིས་དགེ་སློང་དག་མི་ཤེས་

པ་ལྟ། དེ་དག་ཅང་མི་སྨྲ་བར་འདུག་པ་དང་། བྲམ་ཟེ་དེ་སོང་ངོ་། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བགྲང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བགྲང་བར་བྱའོ་ཞེས་

བཀའ་སྩལ་པ་དང་། དགེ་སློང་དག་གིས་གཅིག་ཅེས་བྱ་བ་ལ་སོགས་པས་བགྲངས་བ་དང་། ཕྱིས་བརྗེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅིག་ཅེས་བྱ་བ་ལ་སོགས་པས་བགྲང་བར་མི་བྱའོ། དགེ་སློང་དག་གིས་སོར་མོས་འཛུགས་ཤིང་བགྲངས་ན་འོན་

ཀྱང་བརྗེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོར་མོས་གཟུགས་ཤིང་བགྲང་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་གཅིག་ཅེས་བྱ་བ་ལ་སོགས་པས་བགྲང་བར་མི་བྱ། སོར་མོས་བཙུགས་ཤིང་བགྲང་བར་མི་བྱའོ་ཞེས་བཀའ་སྩལ་

པ་དང་། དགེ་སློང་དག་གིས་ཇི་ལྟར་བགྲང་བ་མ་ཤེས་སོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚུལ་ཤིང་བྲིམ་པར་བྱ་ཞིང་བྲིམས་ནས་བགྲང་བར་བྱ། བགྲངས་ནས་དགེ་འདུན་ལ་དགེ་སློང་

འདི་སྙེད་དོ་ཞེས་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཚུལ་ཤིང་བྲིམ་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཉི་མའམ་ཟླ་བའམ། ལོ་གང་ལ་བྲིམ་པ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱར་ཉེ་བར་གཏོང་བའི་ཚེ་ཚུལ་ཤིང་བྲིམ་པར་

བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བགྲང་བར་བྱའོ་ཞེས་བཀའ་སྩལ་པ་དང་། མཉན་ཡོད་ན་ཁྱིམ་བདག་ཅིག་གནས་པ་དེ་དུས་དུས་སུ་རྒྱལ་བྱེད་ཀྱི་ཚལ་དུ་ཉེ་བར་འོངས་ཏེ། དེས་དེ་ན་དགེ་སློང་དག་བསམ་གཏན་དང་། འདོན་པ་དང་། ཡིད་ལ་བྱེད་པའི་རྣལ་

เล่ม ๑๐ · หน้า 257a

འབྱོར་ལ་བརྩོན་པ་མཐོང་ནས། དེ་དེ་དག་གི་སྤྱོད་ལམ་དང་། སྤྱོད་པ་དང་། སྒྲུབ་པ་དེས་མངོན་པར་དད་དེ། དེས་བསམས་པ། རེ་ཞིག་འདི་ན་དགེ་སློང་ཇི་སྙེད་ཅིག་ཡོད་པ་དྲིས་ལ་ཕྱིས་སྤྱན་དྲས་ཏེ་བཤོས་གསོལ་ལོ་སྙམ་ནས། དེས་དགེ་སློང་རྣམས་

ལ་དྲིས་པ། འཕགས་པ། དགེ་སློང་ཇི་སྙེད་ཅིག་བཞུགས། དགེ་སློང་དག་གིས་སྨྲས་པ། འདི་སྙེད་ཅིག་གོ། །དེས་རྐང་པ་ལ་ཕྱག་འཚལ་ཏེ་སོང་ནས་རང་གི་ཁྱིམ་དུ་ཕྱིན་ཏེ་ནང་མི་ལ་སྨྲས་པ། སོང་ཁོ་བོས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་

གྱིས་ཁྱེད་ཀྱིས་དགེ་སློང་འདི་སྙེད་ཅིག་གི་བཤོས་སྦྱོར་ཅིག །དེ་དག་གིས་སྨྲས་པ། རྗེའི་སྲས་ལེགས་ཏེ་དེ་བཞིན་དུ་བགྱིའོ་ཞེས་དེ་དག་གིས་ཧྭགས་དང་། བུ་རམ་དང་། ཤ་ཀ་ར་ལ་སོགས་པ་སྟ་གོན་བྱ་བར་བརྩམས་སོ། །ཁྱིམ་བདག་དེ་ཡང་མཛའ་བོ་དང་། ཉེ་

དུ་དང་། ཕུ་ནུ་རྣམས་སྦྲན་ནས་བཤམས་ཟིན་པའི་དུས་སུ་དེ་དག་དང་ལྷན་ཅིག་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། རྒན་པའི་མཐའ་ནས་རྐང་པ་ལ་ཕྱག་བྱས་ནས། དགེ་སྐོས་ལ་སྨྲས་པ། འཕགས་པ་ཁྱིམ་བདག་ཆེ་གེ་མོ་ཞིག་སང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་

འདུན་སྡུམ་པར་གདུགས་ཚོད་ལ་སྤྱན་འདྲེན་ཏོ། །ཞེས་དེ་སྐད་གསུངས་ཤིག །དགེ་སྐོས་ཀྱིས་སྨྲས་པ་དང་། དགེ་སློང་གི་དགེ་འདུན་གྱིས་གནང་ནས་དེ་རྐང་པ་ལ་ཕྱག་འཚལ་ཏེ་སོང་ངོ་། །དགེ་སློང་གཞན་དག་ཅིག་ཀྱང་ལྗོངས་རྒྱུ་བ་རྒྱུ་ཞིང་མཉན་ཡོད་དུ་ཕྱིན་ཏོ། །དེ་ནས་ཁྱིམ་

བདག་དེ་དེ་ཉིད་ཀྱི་ནུབ་མོ་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པ་སྟ་གོན་བྱས་ནས། ནང་པར་སྔར་ལངས་ཏེ་གདན་བཤམས་ཆུ་ར་བཞག་ནས། བཅོམ་ལྡན་འདས་ལ་ཕོ་ཉ་ལས་བཙུན་པ་གདུགས་ཚོད་བཤམས་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་

དགོངས་སུ་གསོལ་ཞེས་གདུགས་ཚོད་གདས་པར་གསོལ་ཏོ། །དགེ་སློང་རྣམས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཁྱིམ་བདག་དེའི་ཁྱིམ་དུ་དོང་ངོ་། །བཅོམ་ལྡན་འདས་ནི་གཙུག་ལག་ཁང་ན་བཞུགས་ཤིང་གདུགས་ཚོད་དེར་དྲངས་སོ། །

เล่ม ๑๐ · หน้า 257b

སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་ལྔས་གཙུག་ལག་ཁང་ན་བཞུགས་ཤིང་གདུགས་ཚོད་འདྲེན་ཏེ། ལྔ་གང་ཞེ་ན། ནང་དུ་ཡང་དག་འཇོག་པར་བཞེད་པ་ཡིན། ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པ་ཡིན། གནས་མལ་ལ་གཟིགས་པར་བཞེད་པ་ཡིན། ནད་

པ་ལ་གཟིགས་པར་བཞེད་པ་ཡིན། ཉན་ཐོས་རྣམས་འདུལ་བ་ལ་བསླབ་པའི་གཞི་བཅའ་བར་བཞེད་པ་ཡིན་ནོ། །དོན་འདི་ལ་ནི་བཅོམ་ལྡན་འདས་ཉན་ཐོས་རྣམས་འདུལ་བ་ལ་བསླབ་པའི་གཞི་བཅའ་བར་བཞེད་ནས་གཙུག་ལག་ཁང་ན་བཞུགས་ཤིང་དེར་གདུགས་ཚོད་དྲངས་སོ། །

ཁྱིམ་བདག་དེས་དགེ་སློང་གི་དགེ་འདུན་གྱི་ཚད་བཞིན་སྟན་བཤམས། ཟན་སྟ་གོན་བྱས་པ་ལས་ཇི་ཙམ་ན་དགེ་སློང་རབ་ཏུ་མང་བར་མཐོང་ནས་དེས་སྨྲས་པ། འཕགས་པ་བདག་གིས་ཁྱེད་ཀྱིས་དགེ་སློང་ཇི་སྙེད་ཡོད་པ་བསྟན་པ་དེ་སྙེད་ཀྱི་དགེ་སློང་གི་གདན་བཤམས།

བཤོས་སྟ་གོན་བྱས་ན་དགེ་སློང་མང་དུ་བྱོན་ཏོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་དགེ་སློང་གློ་བུར་པ་དག་ལྷགས་ཀྱིས་རབ་ཏུ་དགའ་བ་སྐྱེད་ཅིག །དེས་སྨྲས་པ། འཕགས་པ་ཀྱེ་མ་ཁྱེད་ཀྱིས་དགེ་སློང་གཞན་དག་ཀྱང་འོངས་སོ་ཞེས་བགྱིས་དང་། བདག་གིས་

བཤོས་ཀྱང་མང་དུ་སྟ་གོན་བགྱིས། གདན་ཡང་མང་དུ་བཤམས་པ་ཞིག །དགེ་སློང་དག་སྤོབས་པ་མེད་ནས་ཅང་མི་སྨྲ་བར་འདུག་གོ། །དེ་ན་ཁ་ཅིག་ཐ་མ་མ་སྨྱུངས་ཙམ་དུ་གྱུར་ཏེ། དེ་དག་ལ་དགེ་སློང་རྣམས་གཤེ་བཞིན་དུ་ཁམ་ཟིན་ཙམ་ཟ་བར་གྱུར་ཏོ། །སྐབས་དེ་དགེ་

སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སྐོས་ཀྱི་དགེ་སློང་གློ་བུར་བ་འདི་སྙེད་ཅིག་ལྷགས་སོ་ཞེས་དགེ་སློང་གློ་བུར་པ་རྣམས་ཤེས་པར་བྱས་ནས་ཁྱིམ་བདག་ལ་སྦྲན་པར་བྱའོ། །དགེ་སློང་གཞན་དག་

གཅིག་ཟན་གྱི་ཐད་ཀ་ཁོ་ནར་འོངས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ཀྱང་སྦྲན་པར་བྱའོ། །དགེ་སློང་གཞན་དག་གཅིག་སྔར་བོས་པ་ལས་གུད་དུ་སོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ཀྱང་སྦྲན་པར་བྱའོ། །གཞན་ཡང་ངས་

เล่ม ๑๐ · หน้า 258a

དགེ་འདུན་གྱི་གནས་བརྟན་གྱི་དགེ་སློང་གི་ཀུན་ཏུ་སྤྱད་པའི་ཆོས་བཅའ་བར་བྱ་སྟེ། དགེ་འདུན་གྱི་གནས་བརྟན་གྱིས་དགེ་སློང་གི་དགེ་འདུན་བལྟ་བར་བྱ་ཞིང་། གལ་ཏེ་དགེ་སློང་ནི་མང་ཟན་ནི་ཉུང་ན། སྦྱིན་བདག་ལ་བཞིན་བཟངས་ཟན་ནི་ཉུང་། དགེ་སློང་

ནི་མང་གིས་སྙོམས་པར་རིམས་ཤིག་ཅེས་བརྗོད་པར་བྱའོ། །འོན་ཏེ་ཟན་ནི་མང་དགེ་སློང་ནི་ཉུང་ན་དེས་བཞིན་བཟངས་ཟན་ནི་མང་གིས་ཅི་འབྱོར་པ་བཞིན་རིམས་ཤིག་ཅེས་བརྗོད་པར་བྱའོ། དགེ་འདུན་གྱི་གནས་བརྟན་གྱི་དགེ་སློང་གིས་ཀུན་ཏུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་

རྣམས་ཡང་དག་པར་བླངས་ཏེ་མི་འཇུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །མཉན་ཡོད་དུ་བསོད་སྙོམས་ལ་

བརྒྱུས་ནས། བཙུན་མོ་ཕྲེང་ལྡན་མ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཙུན་མོ་ཕྲེང་ལྡན་མ་ལ་ཆོས་བསྟན་པར་བརྩམས་སོ། །དེས་དེ་ལ་ཆོས་སྟོན་པ་ན་རི་དགས་འཛིན་གྱི་མ་ས་ག་དགེ་སློང་གི་དགེ་འདུན་གྱི་ན་བའི་སྨན་ཁྱེར་ནས་གླུ་དང་རོལ་མོའི་སྒྲ་དང་། རྒྱལ་བྱེད་ཀྱི་ཚལ་

དུ་ཆས་པ་བཙུན་མོ་ཕྲེང་ལྡན་མས་ཐོས་ནས་དེས་སྨྲས་པ། འཕགས་པ་གླུ་དང་རོལ་མོའི་སྒྲ་གྲགས་པའོ་ནི་སུའི་ལགས། དེས་སྨྲས་པ། བཙུན་མོ་རི་དགས་འཛིན་གྱི་མ་ས་ག་དགེ་སློང་གི་དགེ་འདུན་གྱི་ན་བའི་སྨན་ཁྱེར་ནས་འགྲོ་སྟེ། སྒྲ་འོ་ནི་དེའི་ཡིན་ནོ། །དེས་སྨྲས་པ།

འཕགས་པ་གལ་ཏེ་དེ་ལྟ་ན་བཙུན་མོ་ཕྲེང་ལྡན་གྱིས་དགེ་སློང་གི་དགེ་འདུན་ལ་ན་བའི་སྨན་གྱིས་བསྟབས་སོ་ཞེས་བདག་གི་མིང་གིས་དགེ་སློང་གི་དགེ་འདུན་ལ་བརྗོད་པའི་རིགས་སོ། །དེས་སྨྲས་པ། བཙུན་མོ་ལེགས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་གང་ཞིག་ནད་པ་ལ་

རིམ་གྲོ་བྱེད་པ་དེ་ནི་ང་ལ་རིམ་གྲོ་བྱེད་པ་ཡིན་ནོ་ཞེས་གསུངས་པས། ཁྱོད་ཀྱིས་མིང་གིས་དགེ་སློང་གི་དགེ་འདུན་ལ་བསྟབ་པར་བྱའོ་ཞེས་སྨྲས་ནས། བཙུན་མོ་ཕྲེང་ལྡན་མ་ལ་ནད་མེད་པར་གྱུར་ཅིག་ཅེས་བྱས་ཏེ་སྟན་ལས་ལངས་ནས་སོང་ངོ་། །དེ་ནས་གཙུག་ལག་ཁང་

เล่ม ๑๐ · หน้า 258b

དུ་སོང་སྟེ། རྒན་པའི་མཐར་འདུག་ནས་སྨྲས་པ། བཙུན་མོ་ཕྲེང་ལྡན་མས་དགེ་སློང་གི་དགེ་འདུན་ལ་ན་བའི་སྨན་གྱིས་བསྟབས་ཀྱིས། གང་ཞིག་སྨན་གང་འདོད་པ་དེ་སོང་ལ་སློངས་ཤིག །དགེ་སྐོས་ཀྱིས་བསྒོ་བ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་

བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལ་ཉེས་དམིགས་བཅུ་ཡོད་དོ་ཞེས་མ་གསུངས་སམ། དེ་ཇི་ལྟར་བདག་ཅག་གིས་སྨན་གྱི་ཕྱིར་བསླབ་པ་ལས་འདའ་བར་བྱ། དེ་སྤོབས་པ་མེད་ནས་ཅང་མི་ཟེར་བར་འདུག་སྟེ། དགེ་སློང་འགའ་ཡང་ཕྲེང་ལྡན་མ་ལས་སྨན་མི་སློང་ངོ་། །ཇི་ཙམ་

ན་ཚེ་དང་ལྡན་པ་འཆར་ཀ་ཡང་བཙུན་མོ་ཕྲེང་ལྡན་མའི་དེར་སོང་བ་དང་། དེས་སྨྲས་པ། འཕགས་པ་ཁྱོད་ཀྱིས་བདག་གི་མིང་གིས་དགེ་སློང་གི་དགེ་འདུན་ལ་ན་བའི་སྨན་གྱིས་མ་བསྟབས་སམ། བཙུན་མོ་བསྟབས་སོ། །འཕགས་པ་གལ་ཏེ་དེ་ལྟ་ན་ཅིའི་སླད་དུ་དགེ་སློང་དག་མི་བྱོན།

བཙུན་མོ་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལ་ཉེས་དམིགས་བཅུ་ཡོད་དོ་ཞེས་མ་གསུངས་སམ། དགེ་སློང་དག་འདིར་ཇི་ལྟར་འོང་། འཕགས་པ་གལ་ཏེ་དེ་ལྟ་ན་བདག་གིས་འདི་ལ་ཇི་ལྟར་བསྒྲུབ་པར་བགྱི། བཙུན་མོ་ཚོང་དུས་པའི་ཚོང་པའི་ལག་ཏུ་ཀཱར་ཥཱ་པ་ཎ་དག་གཏད་ན། དགེ་

སློང་གང་ཞིག་གང་འདོད་པ་དེ་དེ་ལས་དེ་སློང་གྲང་། དེས་སྨྲས་པ། འཕགས་པ་ལེགས་ཏེ་དེ་ལྟར་བགྱིའོ་ཞེས་ཚོང་འདུས་པའི་ཚོང་པའི་ལག་ཏུ་ཀཱར་ཥཱ་པ་ཎ་དག་གཏད་ནས་སྨྲས་པ། འཕགས་པ་དག་རྒྱལ་པོའི་ཕོ་བྲང་དུ་མི་འོང་གིས་དགེ་སློང་གང་ཞིག་གང་འདོད་པ་དེ་ལ་དེ་བྱིན་ཅིག །

ཚོང་པས་རྒྱལ་མོའི་བཀས་ཀཱར་ཥཱ་པ་ཎ་དག་བླངས་ཏེ་བཞག་པ་དང་། དགེ་སློང་རྣམས་ཀྱིས་ལྷ་མོ་ཕྲེང་ལྡན་མས་སྤོས་འཚོང་ཆེ་གེ་མོ་ཞིག་ལ་ཀཱར་ཥཱ་པ་ཎ་དག་གཏད་དེ། དགེ་སློང་གང་ཞིག་གང་འདོད་པ་དེ་ཁྱོད་ཀྱིས་སྦྱིན་པར་བྱའོ་ཞེས་བསྒོ་བ་ཐོས་ནས་སོང་ལ་བསླང་ངོ་སྙམ་མོ། །དེ་ན་དགེ་

སློང་ཁ་ཅིག་ནི་སོང་ནས་སྨྲས་པ། བཞིན་བཟངས་ཁོ་བོ་ཅག་ལ་ཁུར་སྐམ་དང་། ཁུར་བ་དང་། ཤ་ཁུ་དག་བྱོས་ལ་བྱིན་ཅིག །ཁ་ཅིག་གིས་སྨྲས་པ། ཁོ་བོ་ཅག་ལ་ཁུར་བ་དང་ཤ་སྐམ་བྱིན་ཅིག །ཁ་ཅིག་གིས་སྨྲས་པ། ཁོ་བོ་ཅག་ལ་ཤ་ཁུ་ཁྲོལ་བུ་དང་། ཚོག་པ་བྱིན་ཅིག །དེ་

เล่ม ๑๐ · หน้า 259a

དེ་དག་གིས་གཙེས་པ་དང་། སྨྲས་པ། འཕགས་པ་བདག་ནི་ཁུར་མཁན་ཡང་མ་ལགས་ཤ་གཡོས་མཁན་ཡང་མ་ལགས་པས། དབྱིག་འདི་སྣོམས་ཏེ་བཞུད་ལ་གང་ཞིག་གང་བཞེད་པ་དེས་དེ་བགྱིད་དུ་སྩོལ་ཅིག །དེ་དག་གིས་སྨྲས་པ། བཞིན་བཟངས་

བཅོམ་ལྡན་འདས་ཀྱིས་དབྱིག་མ་གནང་ངོ་། །དེས་སྨྲས་པ། འཕགས་པ་བདག་ནི་སྤོས་འཚོང་སྟེ་ཚོང་འདུས་ཀྱིས་འཚོ་བ་ལགས་ན། དེ་ལྟ་ན་བདག་གི་འཚོ་བ་འཆད་པར་འགྱུར་རོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། །སྦྱིན་བདག་ལ་ཡིད་བརྟན་ཏེ་ཀཱར་ཥཱ་པ་ཎ་དག་བླངས་ནས་ཅི་འདོད་པར་ཡོངས་སུ་སྤྱད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དྲུག་སྡེ་རྣམས་ཁྱིམ་པ་དག་དང་ལྷན་ཅིག་སྟན་གཅིག་ལ་འདུག་པ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་གིས་མཐོང་

ནས་འཕྱ་བར་བྱེད་ཅིང་། འཕགས་པ་ཁྱེད་རབ་ཏུ་བྱུང་བ་ཚངས་པར་སྤྱོད་པ་ཡིན་ན། ཇི་ལྟར་འདོད་པའི་ལོངས་སྤྱོད་སྤྱོད་པ་འདི་དག་དང་ལྷན་ཅིག་སྟན་གཅིག་ལ་འདུག་ཅེས་བྱས་པ་དང་། དེ་དག་ཅང་མི་ཟེར་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་འཕྱ་བ་ནི་ཐོག་ཏུ་བབ་བོ། །དེ་ལྟ་བས་ན་དགེ་སློང་དག་གིས་ཁྱིམ་པ་དག་དང་ལྷན་ཅིག་སྟན་གཅིག་ལ་འདུག་པར་མི་བྱ་སྟེ། འདུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་

ཀྱིས་ཁྱིམ་པ་དག་དང་ལྷན་ཅིག་སྟན་གཅིག་ལ་འདུག་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་ཚུལ་དག་དང་ལྷན་ཅིག་སྟན་གཅིག་ལ་འདུག་པ་དགེ་བསྙེན་དག་གིས་མཐོང་ནས་སྨྲས་པ། འཕགས་པ་ཁྱེད་ནི་བསྙེན་པར་རྫོགས་པ་ལགས་ན། ཇི་ལྟར་དགེ་ཚུལ་དག་དང་ལྷན་ཅིག་སྟན་

གཅིག་ལ་བཞུགས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་འདི་དག་ནི་ཁྱིམ་པ་མ་ཡིན་ཏེ། འདི་དག་དགེ་སྦྱོང་ཡིན་ན་འདི་ལ་འགལ་བ་ཅི་ཞིག་ཡོད། དེ་དག་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་

เล่ม ๑๐ · หน้า 259b

སྩལ་པ། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་སྟན་གཅིག་ལ་འདུག་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་སྟན་གཅིག་ལ་འདུག་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྒན་པ་རྒན་པ་དག་གསར་བུ་གསར་བུ་དག་དང་ལྷན་

ཅིག་སྟན་གཅིག་ལ་འདུག་པས་གསར་བུ་རྣམས་རྒན་པ་རྣམས་ལ་མ་གུས་པར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་པ་དང་གསར་བུ་ལྷན་ཅིག་སྟན་གཅིག་ལ་འདུག་པར་མི་བྱའི། འོན་ཀྱང་བར་ན་ལོ་

གསུམ་ཞུགས་པ་དང་ལྷན་ཅིག་སྟན་གཅིག་ལ་འདུག་པར་བྱ་སྟེ། ལོར་མ་ལོན་པ་དང་། ལོ་གསུམ་ལོན་པ་ཡང་ལྷན་ཅིག་འདུག་པར་བྱ་ཞིང་། ལོ་གཅིག་ལོན་པ་དང་། ལོ་བཞི་ལོན་པ་ནས་དེ་བཞིན་དུ་ལོ་དགུ་ལོན་པ་དང་། ལོ་བཅུ་གཉིས་ལོན་པའི་བར་ཡང་ལྷན་ཅིག་འདུག་པར་བྱའོ། །

བཅོམ་ལྡན་འདས་ཀྱིས་བར་ན་ལོ་གསུམ་ཞུགས་པ་དང་ལྷན་ཅིག་འདུག་པར་བྱ་སྟེ། ལོར་མ་ལོན་པ་དང་། ལོ་གསུམ་ལོན་པ་ཡང་ལྷན་ཅིག་འདུག་པར་བྱ་ཞིང་། ལོ་གཅིག་ལོན་པ་དང་། ལོ་བཞི་ལོན་པ་ནས་དེ་བཞིན་དུ་ལོ་དགུ་ལོན་པ་དང་། ལོ་བཅུ་གཉིས་ལོན་པའི་བར་ཡང་ལྷན་

ཅིག་འདུག་པར་བྱའོ་ཞེས་བཀའ་སྩལ་ཏེ། བཅོམ་ལྡན་འདས་ཀྱིས་བར་ན་ལོ་གསུམ་ཞུགས་པ་དང་ལྷན་ཅིག་འདུག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ཁྱིམ་གྱི་ནང་དུ་ཡང་བར་ན་ལོ་གསུམ་ཞུགས་པ་དང་ལྷན་ཅིག་འདུག་པར་མི་བྱེད་པས་དེས་སྟན་དག་མ་འབྱོར་ནས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་གྱི་ནང་དུ་ནི་སློབ་དཔོན་དང་མཁན་པོ་དག་དང་ཡང་ལྷན་ཅིག་འདུག་པར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ།། །།སྡོམ་ནི། དགེ་ཚུལ་ཁྲིའུ་གཡོགས་མི་སྦྱིན་དང་། །དགེ་ཚུལ་ཁ་དྲང་མི་བྱ་དང་། །མནའ་དང་སྐུགས་འཛུགས་མི་བྱ་དང་། །སྟག་

གི་གོད་མ་མི་བཟའ་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་ཉན་པའི་སྟན་བཤམ་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་ཚུལ་དག་ཀྱང་ཁྲིའུ་གཡོགས་མ་

เล่ม ๑๐ · หน้า 260a

ཅན་ལ་འདུག་ནས་ཆོས་ཉན་པར་བྱེད་དེ། །དེ་དག་གཉིད་ལོག་ནས་དེ་ཉིད་དུ་བཤང་གཅི་ཤོར་ཏེ་ཁྲིའུ་གཡོགས་མ་ཅན་དག་མ་རུང་བར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་

ཚུལ་ལ་ཁྲིའུ་གཡོགས་མ་ཅན་སྦྱིན་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་ཚུལ་ལ་ཁྲིའུ་གཡོགས་མ་ཅན་སྦྱིན་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུའི་དགེ་ཚུལ་སྐུལ་བྱེད་ཅེས་བྱ་བ་དེ་ཆོས་ཉན་དུ་སོང་བ་དང་། དེ་ལ་དགེ་སློང་དག་གིས་ཁྲིའུ་རྐྱང་པ་ཞིག་

བྱིན་པ་དང་། དེས་སྨྲས་པ། ཚེ་དང་ལྡན་པ་དག་ཅིའི་ཕྱིར་བདག་ལ་ཁྲིའུ་རྐྱང་པ་སྦྱིན། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་དགེ་ཚུལ་རྣམས་ལ་ཁྲིའུ་གཡོགས་མ་ཅན་བཀག་གོ། །དེས་སྨྲས་པ། ཚེ་དང་ལྡན་པ་དག་ཅི་ཁོ་བོ་ཡང་ཉེས་དམིགས་དེ་བྱེད་དམ། སྐབས་དེ་དགེ་

སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་གང་དག་དྲན་པ་ཉེ་བར་འཇོག་པ་དེ་དག་ལ། ཁྲིའུ་གཡོགས་མ་ཅན་སྦྱིན་པར་བྱའི། གཞན་དག་ལ་ནི་མ་ཡིན་ནོ། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་ཞིག་ལ་

དགེ་ཚུལ་ཞིག་ཡོད་པ་དེ་ལ་དེས་ནན་ཏུར་བྱས་པ་དང་། དེ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་ངུ་ཞིང་འདུག་གོ། །དྲུག་སྡེ་ལས་གང་ཡང་རུང་བ་ཞིག་གིས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་མི་སྟོང་པ་ཡིན་པས་ཚེ་དང་ལྡན་པ་ཉེ་དགའ་སྒོ་ན་འདུག་པ་དེས་དེ་མཐོང་ནས་དེས་སྨྲས་པ། དགེ་ཚུལ་ཅིའི་ཕྱིར་

ངུ་། དེས་སྨྲས་པ། བཙུན་པ་ཉེ་དགའ་བདག་མཁན་པོས་ནན་ཏུར་བྱས་སོ། །བུ་ཚུར་ངས་ཁྱོད་ཀྱི་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ཁྱོད་གང་དང་གང་གིས་ཕོངས་པ་དེ་དང་དེས་མི་ཕོངས་པར་བྱའོ་ཞེས་དེས་གནས་ཁང་དུ་ཁྲིད་དོ། །

བཅོམ་ལྡན་འདས་ཀྱིས་ནན་ཏུར་བྱས་ནས་ཡལ་བར་དོར་བར་མི་བྱའོ། །འོན་ཀྱང་སླར་དགུག་པར་བྱའོ་ཞེས་བཀའ་སྩལ་པས། དགེ་སློང་དེས་དགེ་སྦྱོང་དེ་ལ་དགེ་སློང་ཞིག་མངགས་ནས་དེས་དེ་ལ་སྨྲས་པ་དང་། དེས་སྨྲས་པ། ཁོ་བོ་ལ་མཁན་པོ་ཅི་དགོས། ཉེ་དགའས་ཁོ་བོའི་

เล่ม ๑๐ · หน้า 260b

ཡོ་བྱད་ཐམས་ཅད་སྦྱར་བས་མི་འགྲོའོ། །དགེ་སློང་དེ་འཕྱ་བར་བྱེད། གཞོགས་ཕྱས་བྱེད། སྨོད་པར་བྱེད་དེ། བདག་གིས་རབ་ཏུ་ཕྱུང་བ་ཉེ་དགའས་ཁ་ཕྱུང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། དགེ་སློང་གིས་གཞན་གྱིས་དགེ་ཚུལ་ཁ་དྲང་བར་མི་བྱ་སྟེ་ཁ་འདྲེན་ན་དབྱེན་དང་ཉེ་བའི་ཉེས་པ་སྦོམ་པོར་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །དྲུག་སྡེ་རྣམས་གང་དང་གང་དུ་དགོས་པར་མནའ་འདོར་བར་བྱེད་དེ། སངས་རྒྱས་ལ་མནའ་འདོར། ཆོས་དང་དགེ་

འདུན་ལ་མནའ་འདོར། སློབ་དཔོན་དང་མཁན་པོ་ལ་མནའ་འདོར་བ་དང་། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་སྨྲས་པ། སློབ་དཔོན་དག་བདག་ཅག་ཁྱིམ་པ་ལགས་ཀྱང་། སྟོན་པ་ལ་མནའ་འདོར་བར་མི་བགྱིད་ན། ཁྱེད་རབ་ཏུ་བྱུང་བ་ལགས་ན་ཇི་ལྟར་སྟོན་

པ་ལ་མནའ་འདོར་འདི་ནི་འཚམ་པ་མ་ལགས་སོ་ཞེས་བྱས་པ་དང་། དེ་དག་ཅང་མི་ཟེར་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་

རྣམས་འཕྱ་བ་ནི་ཐོག་ཏུ་བབ་པོ། །རབ་ཏུ་བྱུང་བ་ནི་བདེན་པའི་བསམ་པ་ཅན་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་གིས་མནའ་འདོར་བར་མི་བྱའོ། །དགེ་སློང་མནའ་འདོར་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །དྲུག་སྡེ་དག་གང་དང་གང་དུ་དགོས་

པར་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། གཞན་ཡང་དགེ་སྦྱོང་གི་ཡོ་བྱད་གང་ཡང་རུང་བ་དག་སྐུགས་སུ་འཛུགས་པར་བྱེད་པ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་འཕྱ་བར་བྱེད་ཅིང་འཕགས་པ་ཁྱེད་ཅི་ཁྱིམ་པ་དག་

བཞིན་དུ་ལྷུང་བཟེད་ལ་སོགས་པ་ཡོ་བྱད་སྐུགས་སུ་འཛུགས་སམ། དེ་ནི་འཚམ་པ་མ་ཡིན་ནོ། །དེ་དག་གིས་སྨྲས་པ། སྒོག་སྐྱ་ཟོས་སམ། ཆང་འཐུངས་སམ། འདི་ལ་མི་འཚམ་པ་ཅི་ཞིག་ཡོད། དེ་དག་ཅང་མི་ཟེར་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་

เล่ม ๑๐ · หน้า 261a

བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བ་ནི་ཐོག་ཏུ་བབ་པོ། །དེ་ལྟ་བས་ན་དགེ་སློང་གིས་སྐུགས་གཟུགས་པར་མི་བྱ་སྟེ། དགེ་སློང་སྐུགས་འཛུགས་ན་འགལ་

ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། དྲུག་སྡེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་ནང་པར་སྔར་ལངས་ནས་ཁང་ཐོག་ཏུ་འཛེགས་ཏེ་ཕྱོགས་བཞིར་བལྟ་ཞིང་དེ་དག་གང་ན་དུ་བ་འཐུལ་བའམ། བྱ་རྒོད་ལྡིང་བ་སྣང་བ་དེར་མྱུར་དུ་གོམ་པ་བསླང་སྟེ་འགྲོ་བར་བྱེད་

དོ། །ཇི་ཙམ་དུས་གཞན་ཞིག་ན་ཉེ་དགའ་ནང་པར་སྔར་ཁང་ཐོག་ཏུ་འཛེགས་ཏེ་བལྟ་བར་བརྩམས་ན། དེས་བྱ་རྒོད་ལྡིང་བ་མཐོང་ནས་དེ་རིངས་པ་རིངས་པར་སོང་བ་དང་། ཇི་ཙམ་ན་སྟག་གིས་ནགས་ཐིབས་པོའི་ས་ཕྱོགས་ཞིག་ཏུ་གོད་མ་ཞིག་སྦས་པ་མཐོང་ནས་དེ་དགའ་སྟེ། དེ་

ཁྱེར་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། སྟག་དྲི་སྣོམ་ཞིང་ཕྱི་བཞིན་འབྲངས་ནས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་སྒྲ་འབྱིན་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་ཡིན་པས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་

ལ་རྨས་པ། སྟག་འོ་ནི་ཅི་སྟེ་སྐད་འབྱིན། དེས་གསོལ་པ། བཙུན་པ་དེས་གོད་མ་སྦས་པ་དེ་བཙུན་པ་ཉེ་དགའས་འཚལ་ཏེ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་སྟག་གི་གོད་མ་ཟའམ། བཙུན་པ་འཚལ་ལགས་སོ། །

ཀུན་དགའ་བོ་རི་དགས་ཀྱི་རྒྱལ་པོ་སེང་གེ་ནི་རི་དགས་བཟང་པོ་བཟང་པོ་དག་བསད་ནས་ཤ་བཟང་པོ་དག་ཟོས་ཤིང་ཁྲག་བཟང་པོ་དག་འཐུངས་ནས་བོར་ཏེ་འགྲོའི། སྟག་ནི་གོད་མ་སྦེད་པར་བྱེད་པས་དེ་ལྟ་བས་ན་དགེ་སློང་གིས་སྟག་གི་གོད་མ་བཟའ་བར་མི་བྱ་སྟེ། ཟ་ན་འགལ་ཚབས་

ཅན་དུ་འགྱུར་རོ། །དགེ་སློང་དག་གཞན་ཡང་ངས་དགེ་འདུན་གྱི་གནས་བརྟན་གྱི་ཀུན་དུ་སྤྱད་པའི་ཆོས་བཅའ་བར་བྱ་སྟེ། དགེ་འདུན་གྱི་གནས་བརྟན་གྱི་དགེ་སློང་གིས་ཤ་འདྲིམ་པའི་ཚེ་འདི་ཅིའི་ཤ་སྟག་གི་གོད་མ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ལེན་ན་འགལ་ཚབས་ཅན་

เล่ม ๑๐ · หน้า 261b

དུ་འགྱུར་རོ།། །།སྡོམ་ནི། ཚུལ་ཤིང་རྣམས་ནི་བྲིམས་པ་ན། །སྤུན་གཉིས་དག་ནི་གབ་པ་དང་། །ལ་བ་བསྒྱུར་བར་བྱ་བ་དང་། །དེ་ལྟ་བུ་ལ་སོགས་པའོ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་

ན་བཞུགས་སོ། རི་འོར་ཞིག་ན་གཙུག་ལག་ཁང་ཞིག་ཡོད་དེ། ཇི་ཙམ་དུས་གཞན་ཞིག་ན་དགའ་བོ་དང་། ཉེ་དགའ་ལྗོངས་རྒྱུ་ཞིང་དོང་བ་ལས་རི་འོར་དེར་ཕྱིན་ཏོ། །དེ་དག་དེར་ཕྱིན་པ་ན་དགེ་འདུན་ལ་ཡང་རྙེད་པ་ཞིག་གྲུབ་ན་དེ་དག་གནས་ངན་ལེན་ཀུན་ཏུ་སྤྱོད་པ་ཡིན་པས་དགེ་

སློང་གང་གིས་ཀྱང་མ་བཅར་བ་དང་། ཉེ་དགའ་བོས་དགའ་བོ་ལ་སྨྲས་པ། སློབ་དཔོན་ལྷུང་བཟེད་ནག་པོ་ཅན་འདི་དག་ཁེངས་པ་ང་རྒྱལ་ཅན་དག་ཅིག་པས་གཙེས་ཚུལ་སྤྱོན། གབ་སྟེ་བཞུགས་ལ་འདི་དག་རྙེད་པ་ཇི་ལྟར་འགེད་པ་གཟིགས་སོ། །དེས་སྨྲས་པ། ལེགས་ཏེ་དེ་

བཞིན་བྱའོ་ཞེས་དེ་དག་གབ་སྟེ་འདུག་པ་དང་། དགེ་འདུན་གྱིས་རྙེད་པ་དེ་བགོས་སོ། །གང་གི་ཚེ་རྙེད་པ་བགོས་ཟིན་པ་དེའི་ཚེ་དེ་དག་འོངས་ནས་སྨྲས་པ་ཚེ་དང་ལྡན་པ་དག་དགེ་འདུན་གྱི་རྙེད་པ་གྲུབ་པ་བགོའོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱེད་ག་ལས་ད་གཟོད་འདིར་འོངས་ཀྱི།

རྙེད་པ་དེ་འདྲིམ་པའི་ཚེ་མ་ཡིན། དེ་དག་གིས་སྨྲས་པ། ཅི་ཁྱེད་བགོད་རྒྱུ་ཞིག་ཡིན་ནམ། བགོས་པར་མི་ཆུད་ཀྱི་བགོ་ཉེས་ཏེ། ཅི་ཁྱོད་ཀྱིས་གོ་བར་བྱས་ནས་བགོས་སམ། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། དགེ་འདུན་ལ་དེང་དགེ་འདུན་གྱི་རྙེད་པ་འདྲིམ་ན། དགེ་སློང་གང་ཡང་གང་དུ་ཡང་མ་འགྲོ་ཤིག་ཅེས་གོ་བར་བྱས་ནས་རྙེད་པ་བྲིམ་པར་བྱའོ། །དགེ་སློང་རྣམས་ཀྱིས་རྙེད་པ་དེ་སླར་བསྡུས་སོ། །བསྡུས་ནས་དགེ་འདུན་ལ་དགེ་འདུན་གྱི་རྙེད་པ་འདྲིམ་ན། དགེ་

སློང་གང་ཡང་གང་དུ་ཡང་མ་འགྲོ་ཤིག་ཅེས་བསྒོ་ནས། དེ་དག་གིས་བགོ་བར་བརྩམས་པ་དང་། དགའ་བོ་དང་ཉེ་དགའ་དེ་བཞིན་དུ་གབ་སྟེ་འདུག་གོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ཉི་ཤུ་གསུམ་པ། གང་གི་ཚེ་དགེ་འདུན་གྱིས་རྙེད་པ་དེ་བགོས་

เล่ม ๑๐ · หน้า 262a

ཟིན་པ་དེའི་ཚེ་དེ་དག་ཡང་འོངས་ནས་སྨྲས་པ། ཚེ་དང་ལྡན་པ་དག་ཚུར་རྙེད་པ་དེ་བགོའོ། །དགེ་སློང་དག་གིས་སྨྲས་པ། ཁྱེད་གང་ནས་ད་གཟོད་འདིར་འོངས་ཀྱི་རྙེད་པ་དེ་དགེ་འདུན་ལ་གོ་བར་བྱས་ནས་འདྲིམ་པའི་ཚེ་ནི་མ་ཡིན། དེ་དག་གིས་སྨྲས་པ། གལ་ཏེ་

ཁྱེད་ཀྱིས་གོ་བར་བྱས་ཀྱང་བགོས་པར་མི་ཆུད་ཀྱི་བགོ་ཉེས་ཏེ། ཅི་ཁྱོད་ཀྱིས་གོ་བར་བྱས་ནས་གཎྜཱི་བརྡུངས་སམ། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གོ་བར་བྱས་ནས་གཎྜཱི་བརྡུངས་ཏེ་དགེ་

འདུན་ལ་རྙེད་པ་དེ་བྲིམ་པར་བྱའོ། །དགེ་སློང་རྣམས་ཀྱིས་ཡང་རྙེད་པ་དེ་སླར་བསྡུས་སོ། །བསྡུས་ནས་དེ་བཞིན་དུ་གོ་བར་བྱས་ཏེ། གཎྜཱི་བརྡུངས་ནས་བགོ་བར་བརྩམས་པ་དང་། དེ་དག་དེ་ཁོ་ན་བཞིན་དུ་གབ་སྟེ་འདུག་གོ། །གང་གི་ཚེ་རྙེད་པ་དེ་བགོས་ཟིན་པ་དེའི་ཚེ་ཡང་

འོངས་ཏེ་དེ་ཁོ་ན་བཞིན་དུ་སྨྲས་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། དགེ་འདུན་ལ་ཡང་གོ་བར་བྱས། གཎྜཱི་ཡང་བརྡུངས་ནས་ཁྱེད་ག་ལས་ད་གཟོད་འདིར་འོངས། དེ་དག་གིས་སྨྲས་པ། ཁྱོད་ཀྱིས་གོ་བར་ཡང་བྱས། གཎྜཱི་ཡང་བརྡུངས་ཀྱང་ཅི་ག་ཁྱེད་ཀྱིས་

ཚུལ་ཤིང་བྲིམས་སམ། བགོས་པར་མི་ཆུད་ཀྱི་བགོ་ཉེས་སོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གོ་བར་བྱས་ཏེ་གཎྜཱི་བརྡུངས་ནས་ཚུལ་ཤིང་བྲིམ་པར་བྱའོ། །དགེ་སློང་རྣམས་

ཀྱིས་ཡང་རྙེད་པ་དེ་བསྡུས་སོ། །བསྡུས་ནས་གོ་བར་བྱས། གཎྜཱི་བརྡུངས། ཚུལ་ཤིང་བྲིམས་ཏེ་བགོ་བར་བརྩམས་པ་དང་། དེ་དག་དེ་ཁོ་ན་བཞིན་དུ་གབ་སྟེ་འདུག་གོ། །གང་གི་ཚེ་རྙེད་པ་དེ་བགོས་ཟིན་པ་དེའི་ཚེ་དེ་དག་འོངས་ནས་དེ་ཁོ་ན་བཞིན་དུ་སྨྲས་པ་དང་། དགེ་སློང་

རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཁྱེད་ཀྱིས་དགེ་འདུན་ལ་དེ་ལྟར་ཅོ་དྲིའམ། དགེ་འདུན་ལ་གོ་བར་བྱས། གཎྜཱི་བརྡུངས་ཚུལ་ཤིང་བྲིམས་ན་ཁྱེད་ག་ལས་ད་གཟོད་འདིར་ཕྱིན། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་རྙེད་པ་ལྟ་ཕར་ཞོག །གལ་ཏེ་དེ་ལྟ་ན་ཁོ་

เล่ม ๑๐ · หน้า 262b

བོ་ཅག་གིས་དགེ་འདུན་ཇི་ལྟར་ཅོ་དྲིས་པ་སྨྲོས་ཤིག །གལ་ཏེ་ཁྱོད་ཀྱིས་དགེ་འདུན་ལ་གོ་བར་བྱས། གཎྜཱི་བརྡུངས། ཚུལ་ཤིང་བྲིམས་ན་དེ་ཅི་ཁྱེད་ཀྱིས་ཁོ་བོ་ཅག་གི་བགོ་སྐལ་བསྟན་ཏམ། དེར་ཟད། རྙེད་པ་མེད་ཀྱང་བླ་འགྲོའོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་

ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་ལ་གོ་བར་བྱས། གཎྜཱི་བརྡུངས། ཚུལ་ཤིང་བྲིམས་ནས་གང་ཞིག་མི་སྣང་བ་དེའི་བགོ་སྐལ་བསྟན་ནས་བགོ་བར་བྱའོ། །བགོས་ཟིན་ཏེ་འོང་བ་གང་ཡིན་པ་དེ་ལ་ནི་

རྙེད་པ་སྦྱིན་པར་མི་བྱ་སྟེ། གལ་ཏེ་དེ་ལྟར་བགོས་ན་ལེགས་པར་བགོས་པ་ཡིན་པས་འདི་ལ་འགྱོད་པར་མི་བགྱིའོ། །དགེ་སློང་གིས་ཆེད་དུ་བསམས་ཏེ་དེ་ལྟར་དགེ་འདུན་ལ་ཅོ་དྲི་བར་ཡང་མི་བྱའོ། །དགེ་སློང་ཆེད་དུ་བསམས་ཏེ་དགེ་འདུན་ལ་ཅོ་འདྲི་བར་བྱེད་ན་འགལ་

ཚབས་ཅན་དུ་འགྱུར་རོ། གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རྒྱལ་བྱེད་ཀྱི་ཚལ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་ནས་ཚོན་རྩིའི་ཁྱད་པར་རྣམ་པ་སྣ་ཚོགས་ཀྱིས་ཕྱི་ནང་བཅས་ཏེ་རི་མོ་བྲིས་པ་དེའི་ཚེ་མཉན་ཡོད་

ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་ཇི་ལྟར་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རྒྱལ་བྱེད་ཀྱི་ཚལ་ཚོན་རྩིའི་ཁྱད་པར་རྣམ་པ་སྣ་ཚོགས་ཀྱིས་ཕྱི་ནང་བཅས་ཏེ་རི་མོ་བྲིས་ནས་མཆོག་ཏུ་ཕུན་སུམ་ཚོགས་པར་བྱས་པ་ཐོས་ཏེ། དེའི་ཚེ་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་

རྒྱལ་བྱེད་ཀྱི་ཚལ་བལྟ་བའི་ཕྱིར་ཉེ་བར་སོང་ངོ་། །ཡང་དེའི་ཚེ་མཉན་ཡོད་ན་བྲམ་ཟེ་ཞིག་གནས་པ་དེ་ལ་རྒྱལ་པོ་དང་། བློན་པོ་དང་། གྲོང་མི་རྣམས་བྲམ་ཟེ་འདི་མཛེས་སོ་ཞེས་མངོན་པར་དད་དེ་དེས་རྒྱལ་པོའི་ཕོ་བྲང་ནས་ཆེན་པོ་ལ་འོས་པའི་ལ་བ་ཞིག་ཐོབ་བོ། །

དེས་དེ་བགོས་ནས་རྒྱལ་བྱེད་ཀྱི་ཚལ་དུ་ལྟད་མོ་ལྟར་སོང་བ་དང་། དེ་མཐོང་མ་ཐག་ཁོ་ནར་དད་པ་ཆེན་པོ་སྐྱེས་ནས་དེས་ལ་བ་དེ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་གོས་ཀྱི་རྙེད་པ་བྱུང་ན་ཐ་ན་མེ་མར་གྱི་སྙིང་པོའི་རྒྱུ་ཙམ་དུ་ཡང་མཉམ་

เล่ม ๑๐ · หน้า 263a

པར་བགོའོ་ཞེས་གསུངས་པས། དགེ་སློང་རྣམས་ཀྱིས་དེ་ཚལ་བུ་ཚལ་བུར་བྱས་ནས་མཉམ་པར་བགོས་སོ། །བྲམ་ཟེ་དེས་བསམས་པ། ལ་བ་དེ་ཆེན་པོ་ལ་འོས་པ་ཞིག་པས་བདག་གིས་འཕགས་པ་རྣམས་ལ་ཀཱར་ཥཱ་པ་ཎ་དག་ཕུལ་ལ་སླར་བླང་ངོ་སྙམ་

སྟེ་དེ་ནང་པར་སྔར་ལངས་ནས་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་དགེ་སློང་མང་པོ་དག་ཅིག་འདུག་གོ། །དེས་སྨྲས་པ། འཕགས་པ་དག་ཕྱག་འཚལ་ལོ། །བྲམ་ཟེ་ཆེན་པོ་ནད་མེད་ཅིག །འཕགས་པ་ལ་ལ་བ་ཕུལ་བ་དེ་ཁྱེད་ཀྱིས་ཅིར་བགྱིས།

དགེ་སློང་རྣམས་ཀྱིས་སྨྲས་པ། བྲམ་ཟེ་ཆེན་པོ་རྗེས་སུ་ཡི་རང་བར་གྱིས་ཤིག །ཁོ་བོ་ཅག་གིས་མཉམ་པར་བགོས་སོ། གཅིག་གིས་སྨྲས་པ། བདག་གིས་ནི་བགོ་སྐལ་ཞྭ་ལ་གླན་ནོ། །གཞན་ཞིག་གིས་སྨྲས་པ། བདག་གིས་ནི་ལྷམ་ཡུ་ཐུང་ལ་གླན་ནོ། །གཞན་

ཞིག་གིས་སྨྲས་པ། བདག་གིས་ནི་སྟོད་ཀོར་ལ་གླན་ནོ། །གཞན་ཞིག་གིས་སྨྲས་པ། བདག་གིས་ནི་ལྷུང་བཟེད་ཕྱི་བར་བྱས་སོ། དེས་སྨྲས་པ། འཕགས་པ་ལ་བ་དེ་ཆེན་པོ་ལ་འོས་པ་ཞིག་ན་ཀྱེ་མ་ཁྱེད་ཀྱིས་དེ་ཀཱར་ཥཱ་པ་ཎ་དག་ཏུ་བསྒྱུར་ལ་ཀཱར་ཥཱ་པ་ཎ་དག་བགོ་

འདད་ཅིག་ཅེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དེ་ཟེར་བ་བདེན་ཏེ། དེ་ལྟ་བས་ན་དགེ་འདུན་ལ་གོས་ཀྱི་རྙེད་པ་དེ་ལྟ་བུ་གྲུབ་པ་གང་ཡིན་པ་དེ་ཀཱར་ཥཱ་

པ་ཎ་དག་ཏུ་བསྒྱུར་ལ། ཀཱར་ཥཱ་པ་ཎ་དག་བགོ་བར་བྱའོ།། །།སྡོམ་ནི། །རུང་བ་མ་ཡིན་ལྔ་དག་གི། །ལྷམ་ནི་དགག་པ་མཛད་པ་དང་། །དོམ་ལྤགས་ཀྱི་ནི་ལྷམ་དག་དང་། །དེ་ཡི་སྟེང་གི་རིམ་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་

རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་ཀྱིས་སྨྲས་པ། དགའ་བོ་ཉེ་དགའ་བོ་བདག་ཅག་གིས་མཉན་ཡོད་དུ་སྐྱེ་བོ་མང་པོ་ཐམས་ཅད་ལ་མ་ལུས་པར་བཟའ་བའི་རིམ་བསླངས་ན། རྒྱལ་པོའི་གླང་པོ་ཆེ་འདུལ་བ་དེ་དག་གིས་

เล่ม ๑๐ · หน้า 263b

བདག་ཅག་ལ་ཅུང་ཟད་ཀྱང་མ་བྱིན་གྱིས་ཚུར་ཤོག་འདོང་ཅུང་ཟད་ཅིག་བསླང་ངོ་། །དེ་ན་ཁ་ཅིག་གིས་སྨྲས་པ། ལེགས་ཏེ་དེ་ལྟར་བྱ་མོད་ཀྱི། འོན་ཀྱང་ཐབས་ཤིག་བཤམ་པར་བྱའོ། །ཅི་ཞིག་བྱ། སེང་གེའི་པགས་པ་ལས་ལྷམ་བྱས་ལ་དེ་བགོས་ཏེ་རྫི་ཀར་འདུག་

ནས་གླང་པོ་ཆེ་རྣམས་བསྐྲོག་པར་བྱའོ། །གཞན་དག་གིས་སྨྲས་པ། རེ་ཞིག་དེ་བཞིན་དུ་བསླངས་ལ་གལ་ཏེ་མ་སྟེར་ན་ཕྱིས་དེ་ལྟར་བྱའོ་ཞེས་དེ་རྣམས་ནང་པར་སྔར་ལངས་ཏེ་དེ་དག་གི་དྲུང་དུ་སོང་ནས་སྨྲས་པ། བཞིན་བཟངས་དག་གཏུམ་པོ་ཁྱོད་ཀྱིས་ཁོ་བོ་ཅག་ལ་ཟས་

ཀྱི་རིན་མི་སྦྱིན་ནམ། དེ་དག་གིས་སྨྲས་པ། འཕགས་པ་ཁྱེད་ལ་ཁོ་བོ་ཅག་ཅི་རག་ལུས་ན་གང་གི་ཕྱིར་ཁོ་བོ་ཅག་གིས་ཟས་ཀྱི་རིན་སྦྱིན། དྲུག་སྡེ་རྣམས་ཀྱིས་འཇལ་ཏོ་ཞེས་བྱས་ནས་སོང་ངོ་། །དེ་དག་གིས་སྔར་གྲོས་བྱས་པ་བཞིན་སེང་གེའི་པགས་པ་ལས་ལྷམ་བྱས་ནས་

བགོས་ཏེ་དེ་དག་གླང་པོ་ཆེ་རྣམས་རྒྱུ་བའི་རྫི་ཀར་དོང་སྟེ་འདུག་པ་དང་། གླང་པོ་ཆེ་རྣམས་ཀྱིས་སེང་གེའི་དྲི་ཚོར་ཏེ་བྲེད་ནས་གཅིན་རྟུག་སྟོར་ཏེ་འབྲོས་པར་བརྩམས་སོ། །གླང་པོ་ཆེ་འདུལ་བ་རྣམས་ཀྱིས་ལྕགས་ཀྱུ་དག་གིས་ཞོ་ཤ་ཡོད་མེད་ཀྱིས་བཟུང་ན་མ་ཐུབ་པ་དང་། དྲུག་

སྡེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་མ་གཏང་ཤིག་མ་གཏང་ཤིག །དེ་དག་གིས་སྨྲས་པ། འཕགས་པ་མི་ཐུབ་ན་ཇི་ལྟར་མི་གཏང་། དྲུག་སྡེ་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་གིས་གླན་ནམ། འཕགས་པ་དེ་ལྟར་གནང་ན་སྨན་ཆེའོ། །ཚེ་དང་ལྡན་པ་

དག་གལ་ཏེ་བཟའ་བའི་རིན་སྟེར་བར་དམ་འཆའ་ན་གླན་ནོ། །འཕགས་པ་དབུལ་ལོ། །བདེན་གྲང་ཞེས་བྱས་ནས་དེ་དག་རྫི་ཕྱོགས་མ་ཡིན་པར་དོང་སྟེ་འདུག་པ་དང་། སེང་གེའི་དྲི་མི་མནམ་པར་གླང་པོ་ཆེ་རྣམས་སྡོད་དོ། །གླང་པོ་ཆེ་འདུལ་བ་རྣམས་ཀྱིས་སྨྲས་པ།

འཕགས་པ་ཅི་ཁྱོད་རིག་སྔགས་མཁྱེན་ཏམ། བཞིན་བཟངས་ཁོ་བོ་ཅག་གིས་རིག་སྔགས་མི་ཤེས་སོ། །འཕགས་པ་གལ་ཏེ་དེ་ལྟ་ན་ཁྱེད་ཀྱིས་ཇི་ལྟར་བཟློག །དེ་རྣམས་ཀྱིས་ཇི་ལྟར་གྱུར་པ་བསྙད་པ་དང་། དེ་དག་གིས་སྨྲས་པ། ཁྱེད་ཀྱིས་གནོད་པ་འདི་ལྟ་བུ་

เล่ม ๑๐ · หน้า 264a

ཡང་བྱས་པ་ལྟ། གལ་ཏེ་རྒྱལ་པོའི་གླང་པོ་ཆེ་དམ་པ་ཡན་ལག་མཆོག་ཅན་འདི་ལྟ་བུ་དག་ནགས་ཀྱི་ནང་དུ་ཤོར་བར་གྱུར་ན། ཁྱེད་ཀྱིས་རྒྱལ་པོ་ལ་དགུ་བྱས་པར་མ་གྱུར་ཏམ། དེ་དག་འཛུམ་དམུལ་ནས་ཅང་མི་ཟེར་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་

ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་སེང་གེའི་པགས་པའི་ལྷམ་གྱོན་པ་ལས་གྱུར་གྱིས། དེའི་ཕྱིར་དགེ་སློང་གིས་སེང་གེའི་པགས་པའི་ལྷམ་བཅང་བར་མི་བྱའོ་སྙམ་དུ་

དགོངས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་གིས་སེང་གེའི་པགས་པའི་ལྷམ་བཅང་བར་མི་བྱ་སྟེ། དགེ་སློང་སེང་གེའི་པགས་པའི་ལྷམ་འཆང་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སེང་གེའི་

པགས་པའི་ལྷམ་བཅང་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་སྟག་ལྤགས་ཀྱི་ལྷམ་བཅང་བར་བརྩམས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་སེན་མོ་

དང་། མཆེ་བའི་སྟོབས་ཅན་ལྔ་པོ་གླང་པོ་ཅང་ཤེས་དང་། རྟ་ཅང་ཤེས་དང་། སེང་གེ་དང་། སྟག་དང་། གུང་གི་པགས་པའི་ལྷམ་བཅང་བར་མི་བྱའོ། བཅོམ་ལྡན་འདས་ཀྱིས་སེན་མོ་དང་མཆེ་བའི་སྟོབས་ཅན་ལྔའི་པགས་པའི་ལྷམ་བཅང་བར་མི་བྱའོ་ཞེས་བཀའ་སྩལ་

པ་དང་། ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་བཅོམ་ལྡན་འདས་ལ་ཞུས་པ་བཙུན་པ་སེན་མོ་དང་མཆེ་བའི་སྟོབས་ཅན་གཞན་དག་ཀྱང་མཆིས་ན། ཅི་ལགས་དེ་དག་གི་པགས་པའི་ལྷམ་ཡང་བཅང་བར་མི་བགྱི་ལགས་སམ། ཉེ་བ་འཁོར་དེ་དག་གི་པགས་པའི་ལྷམ་ཡང་བཅང་བར་མི་

བྱ་སྟེ། འཆང་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་དགེ་སློང་ཞིག་གཞང་འབྲུམ་གྱི་ནད་ཀྱིས་ཐེབས་པ་དེ་སྨན་པའི་དྲུང་དུ་སོང་ནས་བཞིན་བཟངས་བདག་གཞང་འབྲུམ་གྱིས་ཐེབས་ན་སྨན་སྟོན་ཅིག་དེས་སྨྲས་པ། འཕགས་པ་དོམ་ལྤགས་

เล่ม ๑๐ · หน้า 264b

ཀྱི་ལྷམ་མནོབས་ཤིག་དང་ཁྱོད་སོས་པར་འགྱུར་རོ། དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། འཕགས་པ་ཁྱོད་ཀྱི་སྟོན་པ་ནི་ཐུགས་རྗེ་ཅན་ཡིན་པས་གནང་བར་འགྱུར་རོ་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་དགེ་སློང་གཞང་འབྲུམ་གྱི་ནད་ཀྱིས་ཐེབས་པས་དོམ་ལྤགས་ཀྱི་ལྷམ་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གཞང་འབྲུམ་གྱི་ནད་ཀྱིས་ཐེབས་པས་དོམ་ལྤགས་ཀྱི་ལྷམ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། རིམ་

པ་མང་པོ་མ་རྙེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་རིམ་པ་མང་པོར་མ་རྙེད་ན་སྟེང་རིམ་ཅིག་སྤུན་པག་ཏུ་གླན་པར་བྱའོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་སྒོ་ལྔ་པ་རྫོགས་སྷོ།། །།བསྡུས་པའི་སྡོམ་ནི། རྒྱུས་པ་རབ་སྣང་དྲག་པོ་དང་། །

བྲན་དང་དེ་བཞིན་བཙོད་ཀ་དང་། །བབས་པ་དང་ནི་ཚོང་དཔོན་དང་། །དགེ་སློང་ལྷག་མ་མི་དོར་བའོ། །སྡོམ་ནི། དེ་ཡི་རྒྱུས་པ་འབྲེང་བུ་དང་། དེ་བཞིན་བྲང་ལྷན་རྟིང་ལྷན་དང་། །ཡུ་ཆད་དང་ནི་ཡུ་ཐུང་དང་། །སྒྲོ་གུ་ཅན་དག་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་

མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སེན་མོ་དང་མཆེ་བའི་སྟོབས་ཅན་ལྔའི་པགས་པའི་ལྷམ་བཅང་བར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་དེ་དག་གི་

རྒྱུས་པས་ལྷམ་བཙེམས་ཏེ་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་རྒྱུས་པས་ལྷམ་བཙེམ་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་དག་གི་རྒྱུས་པས་ལྷམ་བཙེམ་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་

ཀྱིས་དེ་དག་གི་པགས་པའི་འབྲེང་བུས་བཙེམས་ཏེ། ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་པགས་པའི་འབྲེང་བུས་ལྷམ་བཙེམ་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་དག་གི་རྒྱུས་པ་དང་པགས་པའི་འབྲེང་བུས་ལྷམ་

เล่ม ๑๐ · หน้า 265a

བཙེམ་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་དེ་དག་གི་པགས་པ་ལས་བྲང་ལྷན་བྱས་ཏེ་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་པགས་པ་ལས་བྲང་ལྷན་མི་བྱའོ། །བཅོམ་ལྡན་འདས་ཀྱིས་

དེ་དག་གི་པགས་པ་ལས་བྲང་ལྷན་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་དེ་དག་གི་པགས་པ་ལ་རྟིང་ལྷན་བྱས་ཏེ། ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་པགས་པ་ལས་རྟིང་ལྷན་མི་བྱའོ། །བཅོམ་ལྡན་འདས་

ཀྱིས་དེ་དག་གི་པགས་པ་ལས་བྲང་ལྷན་དང་། རྟིང་ལྷན་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་དེ་དག་གི་པགས་པ་ལས་ལྷམ་ཡུ་ཆད་བྱས་ཏེ་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་པགས་པ་ལས་ལྷམ་ཡུ་ཆད་

མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་དག་གི་པགས་པ་ལས་བྲང་ལྷན་དང་། རྟིང་ལྷན་དང་། ལྷམ་ཡུ་ཆད་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་དེ་དག་གི་པགས་པ་ལས་ལྷམ་ཡུ་ཐུང་བྱས་ཏེ། ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། དེ་དག་གི་པགས་པ་ལས་ལྷམ་ཡུ་ཐུང་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་དག་གི་པགས་པ་ལས་ལྷམ་ཡུ་ཐུང་མི་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་དེ་དག་གི་པགས་པ་ལས་ལྷམ་སྒྲོ་གུ་ཅན་བྱས་ཏེ་ཉེས་དམིགས་དེ་ཉིད་དུ་གྱུར་ནས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་པགས་པ་ལས་ལྷམ་སྒྲོ་གུ་ཅན་མི་བྱའོ།། །།སྡོམ་ནི། རབ་སྣང་འདོད་པ་ཐམས་ཅད་དང་། །དགེ་འདུན་བཤོས་དང་བཟོ་སྦྱངས་དང་། །མགོན་མེད་ཟས་སྦྱིན་ཁྲེའུ་རྣམས་དང་། །གཙུག་ལག་ཁང་དང་བཟང་པོའོ།། །།

བར་སྡོམ་ནི། བལྟམ་དང་རྒྱལ་པོ་ཆེ་དང་བདག་གི་མཐུ། །དེ་བཞིན་མི་དཀར་རབ་བྱུང་རྒྱལ་ཚབ་དང་། །སངས་རྒྱས་རྒྱལ་སྲིད་ཉིད་དང་ཡན་ལག་མཆོག །དེ་བཞིན་རྨི་ལམ་ས་འཛིན་སྐྱེས་དང་གནས། །བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ན་རྒྱལ་

เล่ม ๑๐ · หน้า 265b

པོའི་ཁབ་ཀྱི་གྲོང་ཁྱེར་ན་རྒྱལ་པོ་པད་མ་ཆེན་པོ་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ། ཆོས་ཀྱི་རྒྱལ་པོ་རྒྱལ་སྲིད་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་འཐབ་པ་དང་། རྩོད་པ་དང་། འཁྲུག་པ་དང་། འཁྲུག་ལོང་

རབ་ཏུ་ཞི་བ། ཆོམ་རྐུན་དང་། ནད་མེད་པ། སཱ་ལུ་དང་། བུ་རམ་ཤིང་དང་། མ་ཧེ་ཕུན་སུམ་ཚོགས་པ། ཆོས་དང་མཐུན་པས་བྱེད་དུ་འཇུག་གོ། །མཉན་ཡོད་ན་ནི་རྒྱལ་པོ་ཚངས་བྱིན་རིང་དུ་འཕུར། འཕགས་རྒྱལ་ན་ནི་མུ་ཁྱུད་མཐའ་ཡས། ཀཽ་ཤཱམ་བཱི་ན་ནི་དམག་བརྒྱ་

པ་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ། རྒྱལ་སྲིད་རྒྱས་པ་དང་ཞེས་བྱ་བ་ནས། ཆོས་དང་མཐུན་པར་བྱེད་དུ་འཇུག་གོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་དགའ་ལྡན་གྱི་གནས་ན་བཞུགས་པ་ན་གཟིགས་པ་ལྔ་པོ་རིགས་

ལ་གཟིགས་པ་དང་། དུས་ལ་གཟིགས་པ་དང་། ཡུལ་ལ་གཟིགས་པ་དང་། རུས་ལ་གཟིགས་པ་དང་། བུད་མེད་ལ་གཟིགས་པས་འཇིག་རྟེན་ལ་གཟིགས་ཏེ། འདོད་པ་ན་སྤྱོད་པའི་ལྷ་དྲུག་ཀྱང་ལན་གསུམ་དུ་སྦྱང་བ་མཛད་ནས་གླང་པོ་ཆེར་བསྟན་པས་ཡུམ་གྱི་

ལྷུམས་སུ་ཞུགས་སོ། །དེའི་ཚེ་ས་ཆེན་པོ་ཡང་ཤིན་ཏུ་གཡོས་པར་གྱུར། །འཇིག་རྟེན་འདི་ཐམས་ཅད་ཀྱང་སྣང་བ་རྒྱ་ཆེན་པོས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཁ་དོག་གི་མཐུ་ཡང་ཟིལ་གྱིས་མནན་ནས་ཁྱབ་པར་གྱུར། འཇིག་རྟེན་དང་འཇིག་རྟེན་གྱི་བར་གྱི་

མུན་པ་མུན་གནག་ཐིབས་པོ་སྨག་ཏུ་གྱུར་པ་གང་དུ་ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་འདི་དག་གི་འོད་ཀྱིས་སྣང་བར་མ་ནུས་པ་གང་དག་ཡིན་པ་དེ་དག་ཀྱང་དེའི་ཚེ་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏེ། དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་

རང་གི་ལག་ནས་བཟུང་ཡང་མི་མཐོང་བ་དེ་དག་ཀྱང་འོད་དེས་སེམས་ཅན་ཕན་ཚུན་མཐོང་ནས་ཤེས་ལྡན་དག་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལྟ། ཤེས་ལྡན་དག་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལྟ་ཞེས་བྱ་བར་ཤེས་སོ། །གང་གི་ཚེ་བྱང་ཆུབ་

เล่ม ๑๐ · หน้า 266a

སེམས་དཔའ་བཅོམ་ལྡན་འདས་བལྟམ་པ་དེའི་ཚེ་རྒྱལ་པོ་ཆེན་པོ་བཞིའི་བུ་ཡང་བཙས་ཏེ། རྒྱལ་པོའི་ཁབ་ཏུ་ནི་རྒྱལ་པོ་པད་མ་ཆེན་པོའི་བུ་བཙས་སོ། །མཉན་ཡོད་དུ་ནི་ཚངས་བྱིན་གྱི་འཕགས་རྒྱལ་དུ་ནི་མུ་ཁྱུད་མཐའ་ཡས་ཀྱི། ཀཽ་ཤཱམྦཱིར་ནི་རྒྱལ་

པོ་དམག་བརྒྱ་པའི་བུ་བཙས་སོ། །བྱང་ཆུབ་སེམས་དཔའ་བལྟམ་པ་ན་ས་ཆེན་པོ་འདི་གསེར་ཞུན་མ་ལྟ་བུར་སྣང་བར་གྱུར་པ་དང་། རྒྱལ་པོ་སོ་སོ་ནས་བསམས་པ། བདག་གི་བུའི་མཐུའོ་བདག་གི་བུའི་མཐུའོ་སྙམ་ནས་དེ་དག་སོ་སོ་ནས་མིང་འདོགས་པར་བྱེད་དེ། རྒྱལ་པོ་

པད་མ་ཆེན་པོས་སྨྲས་པ། ཤེས་ལྡན་དག་ངའི་བུ་བཙས་པ་ན་ཉི་མའི་གཟུགས་བཞིན་དུ་འཇིག་རྟེན་སྣང་བར་བྱས་པས་དེའི་ཕྱིར་གཞོན་ནུའི་མིང་གཟུགས་ཅན་སྙིང་པོ་ཞེས་གདགས་སོ། །རྒྱལ་པོ་ཚངས་བྱིན་རིང་དུ་འཕུར་གྱིས་སྨྲས་པ། ངའི་བུ་བཙས་པ་ན་གཞོངས་རྣམས་

གསལ་ཞིང་གསལ་བ་ལྟ་བུར་སྣང་བས་དེའི་ཕྱིར་གཞོན་ནུའི་མིང་གསལ་རྒྱལ་ཞེས་བྱ་བར་གདགས་སོ། །རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱིས་སྨྲས་པ། ངའི་བུ་བཙས་པ་ན་འཇིག་རྟེན་རབ་ཏུ་སྣང་བ་ཁོ་ནས་སྣང་བར་བྱས་པས་དེའི་ཕྱིར་གཞོན་ནུའི་མིང་རབ་སྣང་ཞེས་བྱ་བར་

གདགས་སོ། །རྒྱལ་པོ་དམག་བརྒྱ་པས་སྨྲས་པ། ངའི་བུ་བཙས་པ་ན་འཇིག་རྟེན་ཉི་མ་ཤར་བ་བཞིན་དུ་སྣང་བར་བྱས་པས་དེའི་ཕྱིར་གཞོན་ནུའི་མིང་ཤར་བར་གདགས་སོ། །དེའི་ཚེ་རི་ཀི་སྐིན་ད་ལ་དྲང་སྲོང་མི་དཀར་བ་ཞེས་བྱ་བ་འཇིག་རྟེན་འདིའི་འཇིག་པ་ལ་མཁས་པ།

འཆགས་པ་ལ་མཁས་པ་ཞིག་གནས་སོ། །དེའི་ཚ་བོ་ན་ལ་ད་ཞེས་བྱ་བ་ཞིག་ཡོད་པ་དེ་དེའི་དྲུང་དུ་ཡང་དང་ཡང་དུ་ཉེ་བར་འགྲོའོ། །དེས་ཉེ་བར་འོངས་པ་དེ་ལ་རྟག་ཏུ་འཇིག་པ་དང་འཆགས་པའི་གཏམ་བྱས་ཏེ། དེ་འཇིག་པ་དང་འཆགས་པའི་གཏམ་ཐོས་ནས་སྐྱོ་སྟེ་དེའི་ཐད་

དུ་རབ་ཏུ་བྱུང་ངོ་། །དེས་དུས་གཞན་ཞིག་ན་དྲང་སྲོང་མི་དཀར་བའི་ཕུག་སྣང་བ་རྒྱ་ཆེན་པོས་ཁྱབ་པ་མཐོང་ངོ་། །མཐོང་ནས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། ཉི་མ་ཐམས་ཅད་ཅིག་ཅར་དུ། །འདིར་ནི་ཤར་བར་གྱུར་ཏམ་ཅི། །འདི་ལྟར་རི་དང་ཕུག་བཅས་པར། །འོད་ཟེར་དག་

เล่ม ๑๐ · หน้า 266b

གིས་འབར་བ་བཞིན། །མི་དཀར་བ་ཡིས་དེ་སྨྲས་པ། །ཉི་མའི་འོད་ཚ་འོད་འདི་བསིལ། །ལུས་འདིར་སྣང་བ་འཇུག་པས་ན། །འདི་ནི་ངེས་པར་ཐུབ་པའི་འོད། །བྱང་ཆུབ་སེམས་དཔའ་འོད་པོ་ཆེ། །གདོན་མི་ཟ་བར་ལྷུམས་ནས་བྱུང་། །འདི་ནི་བྱང་ཆུབ་སེམས་དཔའ་དེ། །

བྱུང་བའི་འོད་ནི་དྲི་མེད་པ། །འཇིག་རྟེན་གསུམ་པོ་དག་ཀུན་ནི། །གསེར་དང་འདྲ་བ་བཀྱེ་བ་ཡིན། །ན་ལ་དས་སྨྲས་པ། མཁན་པོ་གལ་ཏེ་དེ་ལྟ་ན་ཚུར་སྤྱོན། བྱང་ཆུབ་སེམས་དཔའ་གཟིགས་ཀྱིས་བཞུད་དོ། །དེས་སྨྲས་པ། བུ་ད་ལྟར་བྱང་ཆུབ་སེམས་དཔའ་ལྷ་དབང་ཆེ་བར་

གྲགས་པ། དབང་ཆེ་བར་གྲགས་པ་རྣམས་ཀྱིས་བསྐོར་ཅིང་བཞུགས་ཏེ། དེ་བདག་ཅག་གིས་མཐོང་བར་སླ་བ་མ་ཡིན་གྱིས། གང་གི་ཚེ་ཕོ་བྲང་དུ་གཤེགས་ནས་མཚན་བཏགས་ཏེ་ཕྱིར་བྱུང་བ་དེའི་ཚེ་ལྟར་འདོང་ངོ་། །གང་གི་ཉིན་པར་བྱང་ཆུབ་སེམས་དཔའ་བལྟམ་པ་དེ་

ཉིད་ཀྱི་ཉིན་མོ་འདུན་པ་ལ་སོགས་པ་རིམ་གྲོ་པ་ལྔ་བརྒྱ་དང་། འདུན་མ་ལ་སོགས་པའི་རིམ་གྲོ་མ་ལྔ་བརྒྱ་དང་། གླང་པོ་ཆེ་མོ་ལྔ་བརྒྱ་དང་། རྟ་རྒོད་མ་ལྔ་བརྒྱ་ཡང་བཙས་ཤིང་འབྲངས། གཏེར་ལྔ་བརྒྱ་ཡང་ཁ་བྱེ་སྟེ་སྣང་ངོ་། བློན་པོ་རྣམས་ཀྱིས་རྒྱལ་པོ་ཟས་གཙང་ལ་

སྦྲན་པ། ལྷ་ཞལ་རྗེས་དགྱེས་པ་མཛད་དུ་གསོལ། གཞོན་ནུ་བལྟམ་པ་ན་དོན་འདི་སྙེད་གྲུབ་སྟེ། རིམ་གྲོ་པ་ལྔ་བརྒྱ་དང་། རིམ་གྲོ་མ་ལྔ་བརྒྱ་ཡང་བཙས། གླང་པོ་ཆེ་མོ་ལྔ་བརྒྱ་དང་། རྟ་རྒོད་མ་ལྔ་བརྒྱ་ཡང་འབྲངས། གཏེར་ལྔ་བརྒྱ་ཡང་ཁ་བྱེ་སྟེ་བསྟན་ལགས་

སོ། །རྒྱལ་པོ་ཟས་གཙང་གིས་ཐོས་ནས་ཡིད་བདེ་བ་སྐྱེས་ཏེ་སྨྲས་པ། ཤེས་ལྡན་དག་གཞོན་ནུ་བཙས་པ་ནི་ངའི་དོན་ཐམས་ཅད་དང་ལས་ཀྱི་མཐའ་ཐམས་ཅད་གྲུབ་པས་དེའི་ཕྱིར་གཞོན་ནུའི་མིང་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་གདགས་སོ་ཞེས་བྱང་ཆུབ་སེམས་དཔའི་མཚན་འདི་ལྟ་སྟེ་

དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་དེར་བཏགས་སོ། །བྱང་ཆུབ་སེམས་དཔའ་རིན་པོ་ཆེ་སྣ་བཞིའི་ཁྱོགས་ལ་བཞག་སྟེ་སེམས་ཅན་སྟོང་ཕྲག་དུ་མས་བསྐོར་ནས་ལྷ་དང་མིའི་བཀུར་སྟི་ཆེན་པོས་སེར་སྐྱའི་གཞིའི་གྲོང་ཁྱེར་དུ་ཞུགས་སོ། །བྱང་ཆུབ་སེམས་དཔའ་གྲོང་ཁྱེར་དུ་ཞུགས་

เล่ม ๑๐ · หน้า 267a

པ་ན་ཤཱཀྱ་ང་རྒྱལ་ཅན་མུར་ཅོར་སྨྲ་བ། ཐུག་ཐུབ་ཅན་རྣམས་ཐུབ་པ་བཞིན་དུ་ཅང་མི་སྨྲ་བར་འདུག་པ་དང་། རྒྱལ་པོ་ཟས་གཙང་གིས་སྨྲས་པ། ཤཱཀྱ་ང་རྒྱལ་ཅན་མུ་ཅོར་སྨྲ་བ་ཐུག་ཐུབ་ཅན་འདི་དག་གཞོན་ནུ་གྲོང་ཁྱེར་དུ་ཞུགས་པ་དང་ཐུབ་པ་བཞིན་དུ་ཅང་མི་སྨྲ་

བར་འདུག་པས་དེའི་ཕྱིར་གཞོན་ནུའི་མིང་ཤཱཀྱ་ཐུབ་པར་གདགས་སོ་ཞེས་དེ་ནི་བྱང་ཆུབ་སེམས་དཔའི་མཚན་གཉིས་པ་འདི་ལྟ་སྟེ་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེར་བཏགས་སོ། །ཤཱཀྱ་རྣམས་ལ་གནོད་སྦྱིན་གཉུག་མར་གནས་པ་ཤཱཀྱ་སྤེལ་བ་ཞེས་བྱ་བ་ཞིག་ཡོད་དེ། ཤཱཀྱ་སུའི་

བུའམ། བུ་མོ་བཙས་ཀྱང་རུང་དེ་དང་པོར་གནོད་སྦྱིན་ཤཱཀྱ་སྤེལ་བའི་རྐང་པ་ལ་ཕྱག་འཚལ་དུ་ཁྲིད་ནས་རྒྱལ་པོ་ཟས་གཙང་གིས་སྨྲས་པ། ཤེས་ལྡན་དག་དེང་ལ་གཞོན་ནུ་གནོད་སྦྱིན་ཤཱཀྱ་སྤེལ་བའི་རྐང་པ་ལ་ཕྱག་འཚལ་དུ་ཆུག་ཤིག །བློན་པོ་རྣམས་ཀྱིས་དེའི་

མདུན་དུ་ཁྲིད་པ་དང་། གནོད་སྦྱིན་ཤཱཀྱ་སྤེལ་བས་བྱང་ཆུབ་སེམས་དཔའ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་དེ་བརྟད་དེ་རིངས་པ་རིངས་པར་གོམ་པ་བསླང་ནས་བྱང་ཆུབ་སེམས་དཔའ་བསུ་སྟེ་རྐང་པ་ལ་ཕྱག་བྱས་པ་དང་། རྒྱལ་པོ་ཟས་གཙང་གིས་སྨྲས་པ། ཤེས་

ལྡན་དག་གནོད་སྦྱིན་ཤཱཀྱ་སྤེལ་བ་ཡང་གཞོན་ནུའི་རྐང་པ་ལ་ཕྱག་འཚལ་ཏེ། དེ་ལྟ་བས་ན་འདི་ནི་ལྷའི་ཡང་ལྷ་ཡིན་པས་དེའི་ཕྱིར་གཞོན་ནུའི་མིང་ལྷའི་ཡང་ལྷ་ཞེས་གདགས་སོ་ཞེས་དེས་ན་བྱང་ཆུབ་སེམས་དཔའི་མཚན་གསུམ་པ་འདི་ལྟ་སྟེ། ལྷའི་ཡང་ལྷ་ཞེས་བྱ་བ་དེར་བཏགས་

སོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བྱང་ཆུབ་སེམས་དཔའ་བྲམ་ཟེ་རྣམས་དང་། མཚན་མཁན་རྣམས་དང་། སྐར་མཁན་རྣམས་ལ་བསྟན་ནས། ཤེས་ལྡན་དག་གཞོན་ནུ་ཅིག་གང་དག་དང་ལྡན་ན་སྐྱེས་བུ་ཆེན་པོའི་འགྲོ་བ་གཉིས་སུ་འགྱུར་གྱི་གཞན་དུ་མ་ཡིན་ཏེ། གལ་

ཏེ་ཁྱིམ་པ་ཁྱིམ་ན་གནས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་མཐུན་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཞིང་། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་དག་ཡིན་ཏེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་།

เล่ม ๑๐ · หน้า 267b

རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་བློན་པོ་རིན་པོ་ཆེའོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་དག་བགོས་ཏེ་དད་པས་ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་ཕྱུང་ན་འཇིག་རྟེན་ན་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་སྒྲ་རྣམ་པར་གྲགས་པར་འགྱུར། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་ནམ། དེ་དག་གིས་སྨྲས་པ། ལྷ་དེ་ལྟ་ལགས་ཏེ། གཞོན་ནུ་ནི་གང་དག་དང་ལྡན་ན་སྐྱེས་བུ་ཆེན་པོའི་འགྲོ་བ་

གཉིས་སུ་འགྱུར་གྱི་གཞན་དུ་མ་ལགས་ཏེ་ཞེས་བྱ་བ་ནས་འཇིག་རྟེན་ན་སྒྲ་རྣམ་པར་གྲགས་པར་འགྱུར་བ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་ལགས་སོ། །ན་ལ་དས་སྨྲས་པ། མཁན་པོ་བྱང་ཆུབ་སེམས་དཔའ་སེར་སྐྱའི་གཞིའི་གྲོང་ཁྱེར་དུ་གཤེགས་ཏེ།

དེའི་མཚན་ཡང་བཏགས་ལགས་ཀྱིས་ཚུར་གཤེགས་གཟིགས་སུ་བཞུད་དོ། །དེས་སྨྲས་པ། བུ་ལེགས་ཏེ། དེ་བཞིན་བྱས་འདོང་ངོ་ཞེས་དེ་གཉིས་རྫུ་འཕྲུལ་གྱིས་ཆས་པ་དང་། བྱང་ཆུབ་སེམས་དཔའི་མཐུས་དེའི་རྫུ་འཕྲུལ་ཉམས་ཏེ་རྐང་པ་ཁོ་ནས་སེར་སྐྱའི་

གཞིའི་གྲོང་ཁྱེར་དུ་ཞུགས་ནས་རྒྱལ་པོ་ཟས་གཙང་གི་ཕོ་བྲང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོའི་ཕོ་བྲང་གི་སྒོ་ན་སྡོད་དོ། །དེ་ནས་དྲང་སྲོང་མི་དཀར་བས་མི་ཞིག་ལ་སྨྲས་པ། ཀྱེ་སྐྱེས་བུ་ཁྱེད་ཚུར་ཤོག་སོང་ལ་རྒྱལ་པོ་ཟས་གཙང་ལ་དྲང་སྲོང་མི་དཀར་བ་ལྷ་ལྟ་བར་འདོད་

དེ་སྒོ་ན་འདུག་གོ་ཞེས་སྦྲོན་ཅིག །དེ་སོང་ནས་རྒྱལ་པོ་ཟས་གཙང་ལ་ལྷ་དྲང་སྲོང་མི་དཀར་བ་ལྷ་ལྟ་བར་འཚལ་ཏེ་ཆབ་སྒོ་ན་མཆིས་སོ་ཞེས་སྦྲན་པ་དང་། དེས་སྨྲས་པ། ཤེས་ལྡན་དག་དྲང་སྲོང་མི་དཀར་བ་ལས་སུ་འགོག་ནང་དུ་ཤོག་ཤིག་དེ་ནང་དུ་ཞུགས་པ་དང་། རྒྱལ་པོ་ཟས་

གཙང་གིས་བྱོན་པ་ལེགས་སོ་ཞེས་བྱ་བའི་ཀུན་དུ་སྤྱོད་པས་ཀུན་དུ་སྤྱད་ནས་རྐང་པ་ལ་མཆོད་ཡོན་ཕུལ་ཏེ་སེང་གེའི་ཁྲི་ལ་འདུག་ཏུ་བཅུག་གོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་དེའི་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། དྲང་སྲོང་ཆེན་པོ་ཅི་ཞིག་གི་སླད་དུ་བྱོན། དེས་ཚིགས་

เล่ม ๑๐ · หน้า 268a

སུ་བཅད་དེ་སྨྲས་པ། རྒྱལ་ཆེན་བདག་ནི་ཁྱོད་ཀྱི་སྲས། །བལྟ་བར་འཚལ་ནས་མཆིས་ལགས་ཏེ། །འཇིག་རྟེན་གཙོ་བོ་རྣམ་འདྲེན་པ། །ཐུབ་པ་དེ་ནི་བལྟ་འཚལ་ལོ། །རྒྱལ་པོ་ཟས་གཙང་གིས་སྨྲས་པ། དྲང་སྲོང་ཆེན་པོ་གཞོན་ནུ་གཉིད་ལོག་གོ། །

དེས་སྨྲས་པ། མནལ་བཞིན་བལྟ་བར་བྱའོ། །རྒྱལ་པོ་ཟས་གཙང་གིས་སྨྲས་པ། དྲང་སྲོང་ཆེན་པོ་ལེགས་ཀྱིས་དེ་བཞིན་དུ་མཛོད་ལ་གཟིགས་ཤིག །དེས་སོང་ནས་བྱང་ཆུབ་སེམས་དཔའ་མིག་མི་འཛུམས་པར་གཟུགས་རྣམས་ལ་གཟིགས་པ་མཐོང་ངོ་། །མཐོང་

ནས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། རིགས་ཀྱི་རྟ་པོ་རྣམ་དག་ནི། །ནམ་གྱི་གུང་ལ་ཉལ་བ་ལྟར། །དགོས་པ་དོན་དུ་གཉེར་རྣམས་ཀྱི། །མིག་ལ་ཡུན་རིང་གཉིད་མི་གནས། །ཞེས་སྨྲས་ནས་སྨྲས་པ། ལྷ་ཅི་གཞོན་ནུ་བྲམ་ཟེ་རྣམས་དང་། མཚན་མཁན་རྣམས་

དང་། སྐར་མཁན་རྣམས་ལ་བསྟན་ཏམ། དེས་སྨྲས་པ། དྲང་སྲོང་ཆེན་པོ་བསྟན་ཏོ། །ལྷ་དེ་དག་གིས་ཅི་ཞིག་ཏུ་ལུང་བསྟན། རྒྱལ་པོ་ཟས་གཙང་གིས་སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་མཆིའོ། །དེས་བྱང་ཆུབ་སེམས་དཔའ་ལ་ཡན་མན་

བརྟག་པར་བརྩམས་པ་དང་། ཇི་ཙམ་ན་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་མཚན་རྣམས་མཐོང་ནས། དུས་ཅི་ཙམ་གྱིས་བདུད་རྩི་ཐོབ་པར་འགྱུར་ཞེས་བསམས་པ་ལ་ཞུགས་ནས་དེས་ལོ་ཉི་ཤུ་རྩ་དགུ་ལོན་པ་དང་ཁྱིམ་ནས་བྱུང་སྟེ་ལོ་དྲུག་ཏུ་དཀའ་བ་སྤྱད་ནས་བདུད་རྩི་

ཐོབ་པར་འགྱུར་བར་མཐོང་ངོ་། །དེ་ན་བདག་ཉིད་ཀྱི་རྒྱུད་བསམ་པ་ལ་ཞུགས་པ་དང་། བར་སྐབས་སུ་འཆི་བར་མཐོང་ནས་འདོད་པ་ན་སྤྱོད་པའི་སྲེད་པ་བྱུང་ནས་དེ་མིག་མཆི་མས་གང་བཞིན་ཚིགས་སུ་བཅད་དེ་སྨྲས་པ། ས་བདག་རྟོག་གེ་རྣམས་ཀྱི་བློ་གྲོས་འཁྲུལ། །དུས་ཀྱི་

མཐར་ནི་འཁོར་ལོས་སྒྱུར་མི་འབྱུང་། །བསོད་ནམས་མཆོག་ཅན་འདི་ནི་ཆོས་ཀྱི་མཛོད། །ཉེས་པ་རྣམས་ལས་རྒྱལ་ཏེ་སངས་རྒྱས་འགྱུར། །མི་ཡི་དབང་པོ་མཚན་གསལ་མིན་རྣམས་ཀྱིས། །གླིང་བཞི་རྣམས་ཀྱི་བདག་པོའི་དབང་ཕྱུག་འགྱུར། །ཤིན་ཏུ་མཚན་

เล่ม ๑๐ · หน้า 268b

གསལ་ཐུབ་དབང་རྫོགས་སངས་རྒྱས། །མི་མཆོག་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར། །དེ་ནས་རྒྱལ་པོས་དེ་མིག་མཆི་མས་གང་བ་མཐོང་ནས་བག་ཚ་སྟེ་མི་དགའ་ནས་སླར་ཚིགས་སུ་བཅད་དེ་སྨྲས་པ། སྐྱེས་པ་བུད་མེད་དག་ནི་གང་ཕྲད་ནས། །ངོམས་པར་མི་འགྱུར་དགའ་བ་

ཐོབ་འགྱུར་བ། །ལུས་བཟངས་དགའ་བྱེད་དེ་ནི་འདིར་གཟིགས་ནས། །ཅི་སླད་ཁྱོད་ཀྱི་ཞལ་ནི་མཆི་མར་བཅས། །བདག་གི་གཞོན་ནུ་འགའ་ལས་འཇིགས་པའམ། །ཚེ་ཟད་ཉེ་བར་གནས་པར་མི་འགྱུར་གྲང་། །དེ་སླད་དགེ་བ་འདི་མྱུར་བདག་ལ་གསུངས། །ཁྱོད་ཀྱི་བཤུམས་

མོ་བྱུང་བས་བདག་འདར་རོ། །དེས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། །གལ་ཏེ་འདི་ཡི་སྟེང་དུ་མཁའ་ལས་ནི། །རྡོ་རྗེའི་ཆར་དྲག་རབ་ཏུ་བབ་གྱུར་ཀྱང་། །ཐུབ་པ་ཆེན་པོའི་སྐུ་ཡི་སྤུ་ཉག་གཅིག །ཀུན་ཏུ་བསྐྱོད་པར་ནུས་པ་མ་ཡིན་ནོ། །ཚན་ཆེན་རླུང་གིས་རབ་ཏུ་བསྐྱོད་པ་ཡི། །

ཤིན་ཏུ་མི་བཟད་མཚོན་རྣོན་རྣམ་དག་དང་། །སྦྲུལ་གདུག་རྣམས་དང་ཤིན་ཏུ་གདུག་པའི་དུག །གཞོན་ནུའི་ལུས་ལ་བབ་ཀྱང་སྨས་མི་ནུས། །མི་དབང་བདག་ནི་ཆོས་མཆོག་མཛོད་འདི་དང་། །ཕྲད་ནས་དོན་མ་གྲུབ་པར་འཆི་འགྱུར་ཏེ། །ཞི་བ་མི་འཐོབ་རང་གི་ཉེས་མཐོང་ནས། །

དེ་ཡི་སླད་དུ་བདག་ནི་ངུ་བར་བས། །འཇིག་རྟེན་དག་ནི་གང་རྣམས་དུས་སུ་ནི། །སྨྲ་བའི་དམ་པ་མཚུངས་མེད་འདི་ཡི་ཆོས། །ཉན་ཅིང་ཐོས་ནས་རབ་ཞི་མཆོག་འགྲོ་བ། །བདེ་སྐྱིད་བསོད་ནམས་ཅན་དེ་རིམས་ནད་བྲལ། །རྒྱལ་པོ་ཟས་གཙང་གིས་བྱང་ཆུབ་སེམས་

དཔས་བདུད་རྩི་འཐོབ་པར་ཐོས་ནས་ཅང་མི་ཟེར་བར་འདུག་གོ། །ལོག་པའི་ལྟ་བས་ཉམས་པ་ནི་ཕལ་ཆེན་བརྫུན་སྨྲ་བ་དང་གཡོ་ཀུན་དུ་སྤྱོད་པ་ལ་ཞུགས་པ་ཡིན་པས་དྲང་སྲོང་མི་དཀར་བས་སྨྲས་པ། ལྷ་ཁྱོད་ཀྱི་གྲོང་ཁྱེར་ན་གནས་པའི་སྐྱེ་བོའི་ཚོགས་འདི་སྙམ་དུ་ཀྱེ་མ་དྲང་སྲོང་

མི་དཀར་བ་རྐང་གིས་སེར་སྐྱའི་གཞིའི་གྲོང་ཁྱེར་དུ་འོངས་ཀྱང་ཅི་མ་རུང་སྙམ་དུ་ཡུན་རིང་པོ་ནས་སྨོན་པས་བདག་སྐྱེ་བོ་ལ་སྙིང་བརྩེ་བའི་ཕྱིར་རྐང་ཁོ་ནས་སེར་སྐྱའི་གཞིའི་གྲོང་ཁྱེར་དུ་འོངས་ཏེ་རྐང་ཁོ་ནས་འབྱུང་གིས་གྲོང་ཁྱེར་མཛེས་པར་བགྱིད་དུ་སྩོལ་ཅིག །རྒྱལ་པོ་ཟས་གཙང་གིས་

เล่ม ๑๐ · หน้า 269a

བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དྲང་སྲོང་མི་དཀར་བ་རྐང་གིས་གྲོང་ཁྱེར་ནས་འབྱུང་གིས། གྲོང་ཁྱེར་དང་ལམ་མཛེས་པར་བྱེད་དུ་ཆུག་ལ་དྲིལ་སྒྲོགས་ཏེ་འདི་སྐད་དུ་སེར་སྐྱའི་གཞི་ན་གནས་པའི་སྐྱེ་བོའི་ཚོགས་དང་ཡུལ་སྣ་ཚོགས་ནས་ལྷགས་པ་

གཞན་གྱིས་ཀྱང་དྲང་སྲོང་མི་དཀར་བ་གྲོང་ཁྱེར་ནས་འབྱུང་བ་སུ་ཞིག་ཅེས་སྒོ་ཤིག །ལྷ་དེ་ལྟར་འཚལ་ལོ་ཞེས་བློན་པོ་རྣམས་ཀྱིས་སེར་སྐྱའི་གཞིའི་གྲོང་ཁྱེར་རྡོ་དང་། གསེག་མ་དང་། གྱོ་མོ་མེད་པར་བྱས། ཙན་དན་གྱི་ཆུས་ཆག་ཆག་བཏབ་དྲི་ཞིམ་པོའི་པོག་ཕོར་བཞག །

དར་གྱི་ལྡ་ལྡི་མང་པོ་བྲེས། རྒྱལ་མཚན་དང་བ་དན་བསྒྲེང་། མེ་ཏོག་སྣ་ཚོགས་བཀྲམ་ལྷ་རྣམས་ཀྱི་སྐྱེད་མོས་ཚལ་དགའ་བའི་ཚལ་བས་ཀྱང་ལྷག་པར་དགའ་དགའ་ལྟར་གྲོང་ཁྱེར་མཛེས་པ་དང་། ལམ་མཛེས་པར་བྱས་ནས་དྲིལ་བསྒྲགས་ཏེ། འདི་སྐད་ཅེས་ཤེས་ལྡན་གྲོང་

ཁྱེར་ན་གནས་པ་རྣམས་དང་། ཕོ་བྲང་འཁོར་བ་རྣམས་དང་། ཡུལ་སྣ་ཚོགས་ནས་ལྷགས་པའི་སྐྱེ་བོའི་ཚོགས་ཉོན་ཅིག །ལྷས་འདི་སྐད་ཅེས་དྲང་སྲོང་མི་དཀར་བ་སང་རྐང་གིས་སེར་སྐྱའི་གཞིའི་གྲོང་ཁྱེར་ནས་འབྱུང་གིས་དེའི་ཕྱིར་ཁྱེད་ཐམས་ཅད་ཀྱིས་དེ་སུ་ཞིག་ཅེས་བཀའ་སྩལ་

ཏོ། །ཇི་ཙམ་ནམ་ནངས་པ་དང་། དྲང་སྲོང་མི་དཀར་བ་མིའི་མཆོག་སྟོང་ཕྲག་དུ་མས་བཀུར་སྟི་ཆེན་པོས་བསྐྱལ་ནས་རྐང་གིས་སེར་སྐྱའི་གཞིའི་གྲོང་ཁྱེར་ནས་བྱུང་ངོ་། །དེས་རི་ཀི་སྐིན་དར་སོང་ནས་ཡང་བསམ་གཏན་དག་ཀྱང་བསྐྱེད། རྫུ་འཕྲུལ་ཡང་བསྒྲུབས་སོ། །དེའི་ཚེ་

རྣམ་པར་སྨིན་པའི་ལས་ཡོངས་སུ་ཟད་པས་ནད་ཀྱིས་ཐེབས་ཏེ། རྩ་བ་དང་། སྡོང་བུ་དང་། མེ་ཏོག་དང་། འདབ་མ་དང་། འབྲས་བུའི་སྨན་རྣམས་ཀྱིས་རིམ་གྲོ་བྱས་ཀྱང་ནད་དེ་ཉེ་བར་ཞི་བར་མ་གྱུར་ཏོ། །ན་ལ་དས་དེའི་ལུས་ཀྱི་གནས་སྐབས་ཤེས་ནས་རྐང་པ་ལ་ཕྱག་འཚལ་ཏེ་

སྨྲས་པ། མཁན་པོ་གང་ཅུང་ཟད་རབ་ཏུ་འབྱུང་བ་དེ་ཐམས་ཅད་ནི་བདུད་རྩི་དོན་དུ་གཉེར་བ་བདུད་རྩི་ཚོལ་བ་ལགས་ཏེ། དེའི་སླད་དུ་གལ་ཏེ་ཁྱོད་ཀྱིས་བདུད་རྩི་བརྙེས་ན། བདག་ལ་ཡང་བདུད་རྩིའི་བགོ་བཤའ་མཛད་དུ་གསོལ། དེས་སྨྲས་པ། བུ་ང་ཡང་གང་ཅུང་ཟད་རབ་ཏུ་བྱུང་བ་

เล่ม ๑๐ · หน้า 269b

དེ་ཐམས་ཅད་བདུད་རྩི་དོན་དུ་གཉེར་བ་དང་། བདུད་རྩི་ཚོལ་བ་ཡིན་ན་ངས་བདུད་རྩི་མ་རྙེད་དོ། །འོན་ཀྱང་ཁྱོད་ཤཱཀྱ་རྣམས་ཀྱི་ནང་དུ་གཞོན་ནུ་འཁྲུངས་པ་དེའི་སྤྱན་སྔར་རབ་ཏུ་བྱུང་ལ་རིགས་རློམ་པར་མ་བྱེད། རུས་རློམ་པར་མ་བྱེད། བྲམ་ཟེའི་བུའི་རློམ་པ་མ་བྱེད་པར་ང་རྒྱལ་ཆོག་ལ་

ཚངས་པར་སྤྱད་པ་སྤྱོད་ཅིག་དང་། དེས་ན་ཁྱོད་བདུད་རྩི་ཐོབ་པར་འགྱུར་རོ་ཞེས་སྨྲས་ནས། བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །མཐོན་པོའི་མཐའ་ནི་སྙིལ་བར་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་ཤི་བ་ཡིན། །ཞེས་བྱ་བས་དུས་ཀྱི་ཆོས་དང་

ལྡན་པར་གྱུར་ཏོ། །དེས་དེའི་རུས་བུ་ལ་རུས་བུའི་མཆོད་པ་བྱས་ནས་གྲོང་ཁྱེར་བཱ་རཱ་ཎ་སཱིར་སོང་སྟེ་དྲང་སྲོང་གི་ནང་ན་འདུག་གོ། །དེ་ན་ལ་ད་དང་རུས་མཐུན་པས་དེའི་མིང་དྲང་སྲོང་ན་ལ་ད་ཞེས་བྱ་བར་ཆགས་སོ། །གཞོན་ནུ་རབ་སྣང་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་།

ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་གཏད་ནས་དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་སར་དང་། མར་དཀར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་གཙོ་བོ་དག་གིས་བསྐྱེད་

བསྲིངས་པས་མཚེའུ་ན་འདུག་པའི་པད་མ་བཞིན་དུ་སྐྱེད་དྲག་པར་གྱུར་ཏོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་། གྲངས་དང་། རྩིས་དང་། ལག་རྩིས་དང་། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། ཡུལ་ཀྱི་དབང་ཕྱུག་ལ་གནས་པའི་མཐུ་ཐོབ་པ། ས་

ཆེན་པོའི་དཀྱིལ་འཁོར་རྣལ་དུ་ཕབ་སྟེ་གནས་པ་རྣམས་ཀྱི་བཟོའི་གནས་དང་། ལས་ཀྱི་གནས་ཐ་དད་པ་གང་དག་ཡིན་པ་འདི་ལྟ་སྟེ། གླང་པོ་ཆེའི་གཉར་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟའི་ཐབས་དང་། རལ་གྲིའི་ཐབས་དང་། འཕང་དཔྱད་དང་། ཕྱིར་བསྣུར་བ་

དང་། མདུན་དུ་བསྣུར་བ་དང་། ལྕགས་ཀྱུས་བསྒྱུར་ཐབས་དང་། ཞགས་པ་གདབ་པ་དང་། མདའ་བོ་ཆེ་འཕེན་པ་དང་། གཅད་པ་དང་། དྲལ་བ་དང་། འཛིན་སྟངས་དང་། གོམ་སྟབས་དང་། ཐོར་ཚུགས་དང་། རྒྱང་ནས་ཕོག་པ་དང་། སྒྲ་གྲག་པར་ཕོག་པ་དང་།

เล่ม ๑๐ · หน้า 270a

གནད་དུ་ཕོག་པ་དང་། མི་འཆོར་བར་ཕོག་པ་དང་། ཚབས་ཆེན་པོ་དེ་དག་ལ་མཁས་པར་གྱུར་ཏེ་གནས་ལྔ་ལ་ཡང་བྱང་བར་གྱུར་ཏོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་གཞོན་ནུའི་རོལ་པ་ལ་རོལ་པའི་ཚེ་གཞོན་ནུ་རབ་སྣང་ཡང་གཞོན་ནུའི་རྩེ་བ་

ལ་རྩེའོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་ཏུ་དབང་བསྐུར་བ་དེའི་ཚེ་གཞོན་ནུ་རབ་སྣང་ཡང་རྒྱལ་ཚབ་ཏུ་དབང་བསྐུར་ཏོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་རྒན་པོ་དང་ནད་པ་དང་ཤི་བ་གཟིགས་ནས་སྐྱོ་སྟེ་ས་འཚོ་མ་དང་། རི་དགས་སྐྱེས་དང་། གྲགས་འཛིན་མ་ལ་སོགས་

པ་བུད་མེད་དྲུག་ཁྲི་སྤངས་ནས་ནམ་གྱི་གུང་ལ་དཀའ་ཐུབ་ཀྱི་ནགས་སུ་གནས་ཏེ། གོང་མ་དང་འོག་མའི་རྣམ་པ་ལས་གྲོལ་བའི་དྲང་སྲོང་རྣམས་ཀྱི་ཐད་ནས་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་དང་། གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བ་དང་། རངས་བྱེད་ཀྱི་བུ་

ལྷག་སྤྱོད་ཀྱི་ཐད་ནས་གཟུགས་མེད་པའི་ཁམས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་བར་བྱས་ཏེ་ལུང་འབོགས་པ་མེད་པའི་ཕྱིར་དཀའ་བ་སྤྱད་པ་རུང་ངོ་སྙམ་ནས་ལོ་དྲུག་ཏུ་དཀའ་བ་སྤྱད་ན་ཁྱད་པར་རྟོགས་པ་ཐོབ་པར་མ་གྱུར་ཏེ། དབུགས་ཀྱང་ཅི་བདེར་བརྔུབས་ཤིང་ཅི་

བདེར་ཕྱུང་། ཞལ་ཟས་རགས་པ་འབྲས་ཅན་དང་ཟན་དྲོན་ཀྱང་གསོལ། མར་དཀར་དང་། ཏིལ་མར་གྱིས་ཀྱང་སྐུ་བྱུགས། ཆུ་གྲང་དྲོ་རན་པས་ཀྱང་སྐུ་ཁྲུས་མཛད་ནས་སྡེ་གྲོང་ཞེས་བྱ་བའི་གྲོང་དུ་གཤེགས་ནས་བུ་མོ་དགའ་མོ་དང་དགའ་སྟོབས་ལས་འོ་ཐུག་སྦྲང་རྩི་ཅན་ལན་བཅུ་

དྲུག་ཏུ་ཉིང་ཁུར་བྱས་པ་བཞེས་ཏེ་གསོལ་ནས། ཀླུའི་རྒྱལ་པོ་ནག་པོས་བསྟོད་ཅིང་རྩྭ་འཚོང་བཀྲ་ཤིས་ལས་རྩྭ་དག་བཞེས་ནས་བྱང་ཆུབ་ཀྱི་ཤིང་དྲུང་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། ཉིད་ཀྱིས་རྩྭ་མ་འཁྲུགས་མ་འཛིངས་པར་བཏིང་སྟེ་བཞུགས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་སྐུ་དྲང་པོར་

བསྲང་དགོངས་པ་མངོན་སུམ་དུ་བཞག་ནས་ཇི་སྲིད་ཟག་པ་ཟད་པ་མ་ཐོབ་པ་དེ་སྲིད་ཀྱི་བར་དུ་སྐྱིལ་མོ་ཀྲུང་མི་གཞིག་གོ་སྙམ་དུ་ཐུགས་བསྐྱེད་ཅིང་ཚིག་ཏུ་ཡང་གསུངས་ཏེ། དེས་ཇི་སྲིད་དུ་ཟག་པ་ཟད་པ་མ་བརྙེས་པ། དེ་སྲིད་དུ་སྐྱིལ་མོ་ཀྲུང་མ་བཤིག་གོ། །གང་གི་ཚེ་བཅོམ་

เล่ม ๑๐ · หน้า 270b

ལྡན་འདས་ཀྱིས་བདུད་འབྱུང་པོ་དཀྲིགས་ཕྲག་དྲུག་བཅུའི་འཁོར་ཅན་བྱམས་པའི་མཚོན་གྱིས་ཕམ་པར་མཛད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ཏེ། ཚངས་པས་བསྐུལ་ནས་ཡུལ་བཱ་རཱ་ཎ་སཱིར་གཤེགས་ཏེ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོ་ཆོས་དང་མཐུན་

པ་བསྐོར་བ་དེའི་ཚེ་གཞོན་ནུ་རབ་སྣང་ཡང་རྒྱལ་པོ་ཆེན་པོར་དབང་བསྐུར་བས་དབང་བསྐུར་རོ། །དེ་ན་ཡུལ་འཕགས་རྒྱལ་ན་རྒྱལ་པོ་རབ་སྣང་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་རྒྱལ་སྲིད་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་སྐྱེ་བོ་མང་པོ་དང་། མིས་གང་བ་འཐབ་

པ་དང་། རྩོད་པ་དང་། འཁྲུག་པ་དང་། འཁྲུག་ལོང་རབ་ཏུ་ཞི་བ་ཆོམ་རྐུན་དང་། ནད་མེད་པ་སཱ་ལུ་དང་། བུ་རམ་ཤིང་དང་། མ་ཧེ་ཕུན་སུམ་ཚོགས་པ་ཆོས་དང་མཐུན་པར་བྱེད་དུ་འཇུག་སྟེ། དེའི་མཐུས་རྟག་ཏུ་དགའ་སྟོན་གྱིས་རབ་ཏུ་དགའོ། །གྲོང་ཁྱེར་འཕགས་རྒྱལ་

དེ་ན་དབང་པོ་ལྔ་དང་། ཉེ་དབང་ལྔ་ཡོད་དོ། །རྫིང་བུ་ལྔ་བརྒྱ་ལས་ཝ་ནས་འབབ་པའི་ཆུ་ལྔ་བརྒྱ་རྒྱལ་པོའི་ཕོ་བྲང་མཛེས་པ་ཞེས་བྱ་བ་དེ་ཉིད་དུ་འབབ་བོ། །རྒྱལ་པོ་རབ་སྣང་ལ་ཡན་ལག་མཆོག་ལྔ་པོ་གླང་པོ་ཆེ་འདམ་བུའི་རི་དང་། གླང་པོ་ཆེ་མོ་བཟང་ལྡན་དང་། རྔ་མོ་རྒྱ་མཚོའི་

རྐང་པ་དང་། རྟ་གོས་མགྲིན་དང་། འཕར་མ་པ་ཁྭ་ཞེས་བྱ་བ་ཡོད་དེ། དེ་དག་ལས་འདམ་བུའི་རིས་ནི་ཉིན་ཞག་གཅིག་ལ་དཔག་ཚད་བརྒྱ་ཆོད་དོ། །བཟང་ལྡན་གྱིས་ནི་དཔག་ཚད་བརྒྱད་བཅུའོ། །རྒྱ་མཚོའི་རྐང་གིས་ནི་དཔག་ཚད་བདུན་བཅུའོ། །རྟ་གོས་མགྲིན་གྱིས་

ནི་དཔག་ཚད་ལྔ་བཅུའོ། །ཁྭས་ནི་དཔག་ཚད་ཉི་ཤུའོ། །དེ་དེ་ལྟར་འབྱོར་པ་ཕུན་སུམ་ཚོགས་པ་དེ་ཁམས་མ་མཉམ་པས་ནད་གཉིད་མེད་པ་ཞེས་བྱ་བས་ཐེབས་སོ། །རྒྱལ་པོ་དེ་ནི་མར་ལ་སྡང་ཞིང་ཆང་ལ་དགའ་བ་ཞིག་སྟེ། དེ་ལ་སྨན་པ་རྣམས་ཀྱིས་རྫས་ཀྱི་ཚོགས་ཀྱི་

ཁྱད་པར་སྣ་ཚོགས་དང་སྦྱར་བའི་མར་བླུད་ན་དེ་འཐུང་དུ་མི་བཏུབ་བོ། །དེ་ལ་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་རྣམས་ཀྱིས་མར་བླུད་པར་བྱས་ན་མར་ལ་ཇེ་ཁྲོ་བར་རྩོམ་ཞིང་གང་ཞིག་མར་གྱི་མིང་འབྱིན་པ་དེའི་མགོ་དྲུངས་ནས་བཅད་ནས་

เล่ม ๑๐ · หน้า 271a

ས་ལ་འདོར་བར་བྱེད་དོ། །དེ་གཉིད་མེད་པས་ནམ་གྱི་ཐུན་དང་པོ་ལ་ནི་བཙུན་མོའི་འཁོར་དང་ལྷན་ཅིག་དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱེད་དོ། །གཉིས་པ་ལ་ནི་གླང་པོ་ཆེ་དང་། རྟ་དག་ལ་བལྟའོ། །གསུམ་པ་ལ་ནི་འབངས་མེལ་ཚེ་བ་རྣམས་ལ་ད་ལྟར་མེལ་ཙེ་

སུ་བྱེད་ཅེས་འདྲི་ཞིང་། དེ་གང་ཞིག་ཚིག་དང་པོ་ལ་ནི་ལན་མི་གློན་པ་དེ་ལ་ཡང་བཟོད་དོ། །གཉིས་པ་ལ་ལན་མི་གློན་པ་དེ་ལ་ཡང་བཟོད་དེ། གང་ཞིག་གསུམ་པ་ལ་ལན་མི་གློན་པ་དེའི་ནི་མགོ་དྲུངས་ནས་བཅད་ནས་ས་ལ་འདོར་བར་བྱེད་པས་དེའི་མིང་རྒྱལ་པོ་རབ་སྣང་རྒྱལ་པོ་རབ་སྣང་ཞེས་

བྱ་བ་གང་ཡིན་པ་དེ་ནུབ་ནས་མིང་གཏུམ་པོ་རབ་སྣང་གཏུམ་པོ་རབ་སྣང་ཞེས་བྱ་བར་ཆགས་སོ། །དེས་དུས་གཞན་ཞིག་ན་བཙུན་མོའི་འཁོར་རྣམས་ལ་སྨྲས་པ། བུད་མེད་དག་ང་ནི་མེལ་ཙེ་བྱེད་ན་ཁྱེད་ཅིའི་ཕྱིར་མེལ་ཙེ་མི་བྱེད། དེ་དག་གིས་སྨྲས་པ། ལྷ་བདག་ཅག་ཀྱང་ཞུགས་ཚེ་བགྱིད་དོ། །

དེ་དག་གིས་མེལ་ཙེ་ཅུང་ཟད་ཅིག་བྱས་ནས་སྨྲས་པ། ལྷ་གལ་ཏེ་བདག་ཅག་གིས་རྟག་ཏུ་ཞུགས་ཚེ་བགྱི་ན་ལྷའི་ཐུགས་བསྲུང་བར་བགྱི་བའི་རྔོ་མི་ཐོག་གི་སྟེང་དུ་འདི་ནི་བདག་ཅག་གི་སུག་ལས་མ་ལགས་སོ། །དེས་སྨྲས་པ། གལ་ཏེ་འདི་ཁྱེད་ཀྱི་ལས་མ་ཡིན་ན་འོ་ན་འདི་སུའི་ལས་ཡིན། དེ་

དག་གིས་སྨྲས་པ། ལྷ་གཞོན་ནུ་རྣམས་ཀྱི་ལགས་སོ། །དེས་དེ་དག་བཏང་ནས་གཞོན་ནུ་རྣམས་ཀྱི་དྲུང་དུ་སོང་སྟེ་སྨྲས་པ། གཞོན་ནུ་དག་ང་ཡང་མེལ་ཙེ་བྱེད་ན་ཁྱེད་ཅིའི་ཕྱིར་མེལ་ཙེ་མི་བྱེད། དེ་དག་གིས་སྨྲས་པ། ལྷ་བདག་ཅག་ཀྱང་ཞུགས་ཚེ་བགྱིད་དོ། །དེ་དག་གིས་ཀྱང་མེལ་

ཙེ་ཅུང་ཟད་ཅིག་བྱས་ནས་སྨྲས་པ། ལྷ་གལ་ཏེ་བདག་ཅག་གིས་རྟག་ཏུ་ཞུགས་ཚེ་བགྱི་ན། རྒྱལ་པོའི་བྱ་བ་གང་དག་ལགས་པ་ཞེས་བྱ་བ་ནས། གནས་ལྔ་ལ་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། བྱང་བར་བགྱི་བའི་རྔོ་མི་ཐོག་གི་སྟེང་དུ་འདི་ནི་བདག་ཅག་གི་སུག་ལས་མ་

ལགས་སོ། །དེས་སྨྲས་པ། གལ་ཏེ་འདི་ཁྱེད་ཀྱི་ལས་མ་ཡིན་ན་འོ་ན་སུའི་ལས་ཡིན། དེ་དག་གིས་སྨྲས་པ། ལྷ་བློན་པོ་རྣམས་ཀྱི་ལགས་སོ། །དེས་དེ་དག་བཏང་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ང་ཡང་མེལ་ཙེ་བྱེད་ན་ཁྱེད་ཅིའི་ཕྱིར་མེལ་ཙེ་མི་བྱེད།

เล่ม ๑๐ · หน้า 271b

དེ་དག་གིས་སྨྲས་པ། ལྷ་བདག་ཅག་ཀྱང་ཞུགས་ཚེ་བགྱིད་དོ། །དེ་དག་གིས་ཀྱང་མེལ་ཙེ་ཅུང་ཟད་ཅིག་བྱས་ནས་སྨྲས་པ། ལྷ་གལ་ཏེ་བདག་ཅག་གིས་རྟག་ཏུ་ཞུགས་ཚེ་བགྱི་ན། ཆོས་དང་མཐུན་པར་རྒྱལ་སྲིད་བགྱི་བའི་རྔོ་མི་ཐོག་གི་སྟེང་དུ་འདི་ནི་བདག་ཅག་གི་སུག་

ལས་མ་ལགས་སོ། །དེས་སྨྲས་པ། གལ་ཏེ་འདི་ཁྱེད་ཀྱི་ལས་མ་ཡིན་ན་འོ་ན་སུའི་ལས་ཡིན། དེ་དག་གིས་སྨྲས་པ། ལྷ་ཁྲོམ་གྱི་རུའི་ལས་སོ། །དེས་དེ་དག་བཏང་ནས་ཁྲོམ་གྱི་རུའི་དྲུང་དུ་སོང་སྟེ་སྨྲས་པ། ཤེས་ལྡན་དག་ང་ཡང་མེལ་ཙེ་བྱེད་ན་ཁྱེད་ཅིའི་ཕྱིར་

མེལ་ཙེ་མི་བྱེད། ཁྲོམ་གྱི་རུས་སྨྲས་པ། ལྷ་བདག་ཅག་ཀྱང་ཞུགས་ཚེ་བགྱིད་དོ། །དེ་དག་གིས་ཀྱང་མེལ་ཙེ་ཅུང་ཟད་ཅིག་བྱས་ནས་སྨྲས་པ། ལྷ་བདག་ཅག་གིས་རྟག་ཏུ་ཞུགས་ཚེ་བགྱི་ན། ལྷ་ལ་རྒོལ་བ་དང་། ཕྱིར་རྒོལ་བ་རྣམས་དང་ལྷན་ཅིག་གཡུལ་སྤྲད་པའི་རྔོ་མི་ཐོག་

གི་སྟེང་དུ་འདི་ནི་བདག་ཅག་གི་སུག་ལས་མ་ལགས་སོ། །དེས་སྨྲས་པ། འདི་ཁྱེད་ཀྱི་ལས་མ་ཡིན་ན་འོ་ན་སུའི་ལས་ཡིན། དེ་དག་གིས་སྨྲས་པ། ལྷ་གྲོང་མི་དང་། ཡུལ་མི་རྣམས་ཀྱི་ལགས་སོ། །དེས་དེ་དག་བཏང་ནས་གྲོང་མི་དང་། ཡུལ་མི་རྣམས་ཀྱི་དྲུང་དུ་སོང་སྟེ་

སྨྲས་པ། ཤེས་ལྡན་དག་ང་ཡང་མེལ་ཙེ་བྱེད་ན་ཁྱེད་ཅིའི་ཕྱིར་མེལ་ཚེ་མི་བྱེད། དེ་དག་གིས་སྨྲས་པ། ལྷ་བདག་ཅག་ཀྱང་ཞུགས་ཚེ་བགྱིད་དོ། །དེས་དེ་དག་རྟག་ཏུ་མེལ་ཙེ་བྱེད་པ་བསྐོས་ནས། དེ་དག་རེས་སུ་བཅད་དེ་མེལ་ཙེ་བྱ་བར་བརྩམས་སོ། །ཇི་ཙམ་ན་སྤོས་འཚོང་

གི་ཁྱེའུ་ཞིག་ལ་རེས་བབ་པ་དང་། དེ་རྒྱལ་པོ་དེ་གཏུམ་པས་བསད་དུ་དོགས་ཏེ་ཡིད་མི་དགའ་ཞིང་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། དེ་སེམས་ཁོང་དུ་ཆུད་པ་གྲོགས་པོ་ཞིག་གིས་མཐོང་ནས་སྨྲས་པ། གྲོགས་པོ་ཅི་སྟེ་ལག་པ་འགྲམ་པ་

ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག །དེས་ཇི་ལྟར་གྱུར་པ་བསྙད་པ་དང་། དེའི་ཁྱིམ་དྲུང་ནས་འཛིན་པ་ཞིག་ཡོད་དེ། དེས་དེ་ལ་སྨྲས་པ། གྲོགས་པོ་ཁྱོད་ཀྱིས་ཁྱིམ་དྲུང་ནས་འཛིན་པ་ཞིག་ཡོད་ན་ཅིའི་ཕྱིར་དེ་ལ་མི་འཆོལ། དེས་སྨྲས་པ། གྲོགས་པོ་ཇི་ལྟར་

เล่ม ๑๐ · หน้า 272a

ཁོ་བོའི་སྲོག་ཕངས་པ་ལྟར་དེའི་ཡང་དེ་དང་འདྲ་ན། ཅིའི་ཕྱིར་ཁོ་བོའི་བཅོལ་བ་བྱེད། དེས་སྨྲས་པ། གྲོགས་པོ་དེ་ལ་ཀཱར་ཥཱ་པ་ཎ་དག་བྱིན་དང་གདོན་མི་ཟ་བར་མེལ་ཙེ་བྱེད་དོ། །དེས་དེ་ལ་བཅོལ་བ་དང་། དེས་སྨྲས་པ། ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་ཅིག་དང་

མེལ་ཙེ་བྱའོ། །དེས་སྦྱིན་ནོ་ཞེས་དམ་བཅས་པ་དང་། དེས་སྨྲས་པ། རེ་ཞིག་ཉིས་བརྒྱ་ལྔ་བཅུ་ཞིག་བྱིན་ཅིག །ལྷག་མ་ནི་གལ་ཏེ་ཁོ་བོ་གསོན་པོར་སླར་འཁོར་ན་བྱིན་ཅིག །ཅི་སྟེ་མ་ཡིན་ན་ཁྱོད་ཉིད་ཀྱི་ཡིན་གྱིས་ཅི་བདེར་གྱིས་ཤིག །དེས་སྨྲས་པ། ལེགས་ཏེ་དེ་བཞིན་

བྱའོ་ཞེས་དེས་དེ་ལ་ཀཱར་ཥཱ་པ་ཎ་ཉིས་བརྒྱ་ལྔ་བཅུ་བྱིན་པ་དང་། དེས་དེ་དག་བླངས་ནས་སྲང་དུ་སོང་སྟེ། དེས་དེར་ཤ་དང་ཆང་དང་ཁུར་བ་མང་དུ་ཉོས་སོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གི་ནང་མི་ཐམས་ཅད་མགྲོན་དུ་བོས་ཏེ་ཟན་བྱིན། ཆང་ཡང་ཅི་འདོད་པ་བླུད་ནས། སྨྲས་པ། ཤེས་

ལྡན་དག་ཁོ་བོ་ལ་མེལ་ཙེའི་རེས་བབ་ན་རྒྱལ་པོ་འདིའི་སྤྱོད་པ་ཅི་འདྲ་བ་སྨྲོས་ཤིག །དེ་དག་གིས་དེ་ལ་ཇི་ལྟ་བུ་ཡིན་པ་ཐམས་ཅད་བསྙད་པ་དང་། དེས་སྨྲས་པ། ཤེས་ལྡན་དག་ཁོ་བོས་ཅུང་ཟད་བྱས་པ་དྲན་པར་གྱིས་ཤིག །དེ་དག་གིས་སྨྲས་པ། ས་འཛིན་པ་ད་དུང་ཁྱོད་ཀྱིས་ཟན་

བྱིན་པ་དང་། སྐོམ་བླུད་པ་ཡང་མ་ཞུ་ན་ཅི་སྟེ་མི་དྲན། ཅི་བྱ་བ་སྨྲོས་ཤིག །དེས་སྨྲས་པ། གལ་ཏེ་མ་སྟེས་ཏེ་ཁོ་བོ་ཉལ་བ་ལ་རྒྱལ་པོས་མེལ་ཙེ་བ་དག་བྱུལ་ན་ཁྱེད་ཀྱིས་ཁོ་བོ་སློང་ཤིག །དེ་དག་གིས་སྨྲས་པ། ལེགས་ཏེ་དེ་བཞིན་བྱའོ། །དེ་ལ་བས་སྨད་དཀྲིས་ནས་མེལ་ཙེ་

བྱེད་པ་ན་ཐལ་བྱུང་གཉིད་ཀྱིས་ལོག་གོ། །ཇི་ཙམ་ན་རྒྱལ་པོ་དེ་ཁོ་ན་བཞིན་དུ་ཐུན་དང་པོ་ལ་བཙུན་མོའི་འཁོར་དག་དང་ལྷན་ཅིག་རྩེས་དགའ་བར་བྱས། དགའ་མགུར་སྤྱད་དེ། ཐུན་བར་མ་ལ་གླང་པོ་ཆེ་དང་། རྟ་དག་ལ་བལྟས་ནས་ཐུན་ཐ་མ་ལ་མེལ་ཙེ་བ་རྣམས་ལ་བརྟག་པར་བརྩམས་

པ་ན། དེ་དག་གིས་ས་འཛིན་པ་དེ་ལ་ས་འཛིན་པ་ལྷ་གཤེགས་ཀྱིས་ལོངས་ཤིག་ཅེས་བསླང་བ་དང་། དེ་མྱུར་བ་མྱུར་བ་ཁོ་ནར་ལངས་ནས་དེ་བཞིན་དུ་ལ་བས་སྨད་དཀྲིས་ཏེ་འདུག་གོ། །རྒྱལ་པོས་སུ་མེལ་ཙེ་བྱེད་ཅེས་སྒྲ་ཕྱུང་བ་དང་། ས་འཛིན་པས་བསམས་པ། གལ་ཏེ་ཚིག་

เล่ม ๑๐ · หน้า 272b

དང་པོ་ཁོ་ནའི་ལན་གླན་ཏེ་ཕྱིས་ལན་མ་གླན་དང་། རྒྱལ་པོ་འདིས་གདོན་མ་ཟོས་པར་བདག་གི་མགོ་དྲུངས་ནས་བཅད་དེ་ས་ལ་འདོར་རོ་སྙམ་དུ་རིག་ནས་ཅང་མི་ཟེར་བར་འདུག་གོ། །ལན་གཉིས་ཀྱི་བར་དུ་རྒྱལ་པོས་སུ་མེལ་ཙེ་བྱེད་ཅེས་སྒྲ་ཕྱུང་ན་ཡང་དེ་བཞིན་དུ་ཅང་མི་ཟེར་བར་འདུག་

གོ། །ལན་གསུམ་དུ་རྒྱལ་པོས་སུ་མེལ་ཙེ་བྱེད་ཅེས་སྒྲ་ཕྱུང་བ་དང་། དེས་སྨྲས་པ། ས་འཛིན་པ་བདག་གོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་ཅི་སེམས། དེ་སེམས་ངན་ལ་འཇིག་རྟེན་གྱི་སྒྲུང་གཏམ་ལ་ཡང་མཁས་པ་ཞིག་པས། དེས་སྨྲས་པ། འཇིག་

རྟེན་གྱི་བསམ་པ་སེམས་ལགས་སོ།། །།བར་སྡོམ་ནི། འུག་པ་ཁྲུང་ཁྲུང་མུན་ཛ་དང་། །ནག་མོ་སྲེག་པ་བུམ་པ་དང་། །ལན་ཚྭ་ཕྱེ་དང་ཤི་བ་དང་། །དོང་ཐགས་རྫ་མ་སྡིག་པའོ། །ས་འཛིན་པ་འཇིག་རྟེན་གྱི་བསམ་པ་ཇི་ལྟ་བུ་ཞིག་སེམས། ལྷ་སྲོག་ཆགས་

འུག་པ་སྒྲོ་དང་བཅས་པ་དང་། སྒྲོ་མ་མཆིས་པ་སྲང་ལ་གཞལ་ན་མཉམ་པ་ཁོ་ནར་འགྱུར་ཏེ། དེ་ངོ་མཚར་ཆེ་ལགས་སོ། །ས་འཛིན་པ་ཅི་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་འུག་པ་ཞིག་ཁྱེར་ཏེ་འོངས་ནས། དེ་

རྒྱལ་པོའི་མདུན་དུ་སྒྲོ་དང་བཅས་ཏེ་བཅལ་ནས་ཡང་སྒྲོ་བཏོགས་ཏེ་བཅལ་ན་དེ་ཁོ་ན་དང་མཉམ་མོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་འདི་ལ་རྒྱུ་ཅི་ཞིག་ཡོད། དེས་སྨྲས་པ། ལྷ་འདིའི་སྒྲོ་དག་གིས་རླུང་འཛིན་པའི་སླད་དུའོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་ཁྱོད་ནི་

མཁས་པ་ཞིག་གོ། །དེས་ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ། །ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ། །ས་འཛིན་པ་ནམ་ངོ་མ་ལངས་ཏེ་ནངས་ནས་མགོ་ལ་བྱུགས་ཏེ་རྒྱལ་པོའི་ཕོ་བྲང་ནས་བྱུང་བ་དང་། སྤོས་འཚོང་གི་ཁྱེའུ་དེས་ཀཱར་ཥཱ་པ་ཎ་ཉིས་བརྒྱ་ལྔ་བཅུ་

པོ་དེ་དག་ཀྱང་དེ་ལ་བྱིན་ནོ། །ཡུལ་འཕགས་རྒྱལ་ན་གང་དང་གང་ལ་རེས་བབ་པ་དེས་ཀཱར་ཥཱ་པ་ཎ་ལྔ་བརྒྱས་དེས་གླས་ཏེ་གཏོང་བས་དེ་རྟག་ཏུ་མེལ་ཙེ་ཁོ་ན་བྱེད་པར་གྱུར་ཏོ། །ཡང་རྒྱལ་པོས་དེ་ཁོ་ན་བཞིན་དུ་སུ་མེལ་ཙེ་བྱེད་ཅེས་སྨྲས་པ་དང་། དེས་སྔ་མའི་ཚུལ་དུ་སྨྲས་པ། ལྷ་

เล่ม ๑๐ · หน้า 273a

བདག་ཞུགས་ཚེ་བགྱིད་དོ། །རྒྱལ་པོས་དེ་ཁོ་ན་བཞིན་དུ་ས་འཛིན་པ་ཅི་སེམས་ཞེས་སྨྲས་པ་དང་། དེས་སྨྲས་པ། ལྷ་འཇིག་རྟེན་པའི་བསམ་པ་སེམས་ལགས་སོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་འཇིག་རྟེན་གྱི་བསམ་པ་ཇི་ལྟ་བུ་ཞིག་སེམས། ལྷ་

ཁྲུང་ཁྲུང་ཞེས་བགྱི་བའི་བྱ་དེ་དག་ལ་འོ་མ་དང་ཆུ་བསྲེས་ཏེ་སྩལ་ན། དེ་དག་འོ་མ་ནི་འཚལ། ཆབ་ནི་འདོར་རོ། །ས་འཛིན་པ་ཅི་དེ་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་ཁྲུང་ཁྲུང་ཞིག་ཁྱེར་དེ་འོངས་ནས་དེ་རྒྱལ་པོའི་དྲུང་

དུ་འོ་མ་ཆུ་དང་བསྲེས་ཏེ་བླུད་པ་དང་དེས་འོ་མ་ནི་འཐུངས་ཆུ་ནི་བོར་རོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ཉི་ཤུ་བཞི་པ། རྒྱལ་པོས་སྨྲས་པ། ས་འཛིན་པ་འདི་ལ་རྒྱུ་ཅི་ཞིག་ཡོད། དེས་སྨྲས་པ། ལྷ་འདིའི་མཆུ་ལ་སྐྱུར་མཆིས་ཏེ་དེས་དེ་འཚལ་བའི་

འོ་མ་ཞོར་འགྱུར་བའི་སླད་དུའོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་གོ། །ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ། །ཡང་རྒྱལ་པོས་དེ་བཞིན་དུ་སུ་མེལ་ཙེ་བྱེད་ཅེས་སྨྲས་པ་དང་། དེས་སྔ་མའི་ཚུལ་

དུ་སྨྲས་པ། ལྷ་བདག་ཞུགས་ཚེ་བགྱིད་དོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་ཅི་སེམས། དེས་སྨྲས་པ། ལྷ་འཇིག་རྟེན་པའི་བསམ་པ་སེམས་ལགས་སོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག་སེམས། ལྷ་རྩྭ་མུན་ཛ་ཐོ་བས་བརྡུངས་པ་དང་།

མ་བརྡུངས་པ་སྲང་ལ་བཅལ་ན་མཉམ་པ་ཁོ་ནར་འགྱུར་ལགས་སོ། །ས་འཛིན་པ་ཅི་དེ་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་རྩྭ་མུན་ཛ་ཁྱེར་ཏེ་འོངས་ནས། རྒྱལ་པོའི་མདུན་དུ་ཇི་ལྟར་བསྟན་པ་བཞིན་བྱས་ན་

ཐམས་ཅད་དེ་བཞིན་དུ་གྱུར་པ་དང་། རྒྱས་པོས་སྨྲས་པ། ས་འཛིན་པ་འདི་ལ་རྒྱུ་ཅི་ཞིག་ཡོད། །ལྷ་ཐོ་བས་བརྡུངས་པས་རླུང་བསྡུས་པའི་སླད་དུའོ། །ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་གོ། །དེས་ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་

เล่ม ๑๐ · หน้า 273b

ཟེར་བར་འདུག་གོ། །ཡང་རྒྱལ་པོས་དེ་བཞིན་དུ་སུ་མེལ་ཙེ་བྱེད་ཅེས་སྨྲས་པ་དང་། དེས་སྔ་མའི་ཚུལ་དུ་སྨྲས་པ། ལྷ་ས་འཛིན་པ་བདག་གོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་ཅི་སེམས་ལྷ་འཇིག་རྟེན་པའི་བསམ་པ་སེམས་ལགས་སོ། །ས་འཛིན་པ་འཇིག་རྟེན་

པའི་བསམ་པ་ཇི་ལྟ་བུ་ཞིག་སེམས། ལྷ་ཤིང་སྤྲ་མགོ་ནག་མོ་ཞེས་བགྱི་བ་དེའི་ལུས་ཇི་ཙམ་པ་མཇུག་མ་ཡང་དེ་ཙམ་མོ། །ས་འཛིན་པ་ཅི་དེ་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་སྤྲ་མགོ་ནག་མོ་ཞིག་ཁྱེར་ཏེ་འོངས་

ནས། རྒྱལ་པོའི་མདུན་དུ་ཇི་ལྟ་བ་བཞིན་དུ་བསྟན་ན་ཐམས་ཅད་དེ་བཞིན་དུ་གྱུར་པ་དང་། རྒྱལ་པོས་སྨྲས་པ། ས་འཛིན་པ་ཁྱོད་ཀྱིས་ཇི་ལྟར་ཤེས། ལྷ་བདག་གིས་སོ་གའི་དུས་ན་འདི་འཇུག་པའི་ཚེ་མཇུག་མས་མགོ་སླེབས་པ་མཐོང་ལགས་སོ། །ས་འཛིན་པ་ཁྱོད་ནི་མཁས་

པ་ཞིག་གོ། །ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ། །ཡང་རྒྱལ་པོས་སུ་མེལ་ཙེ་བྱེད་ཅེས་སྨྲས་པ་དང་། དེས་སྔ་མའི་ཚུལ་དུ་སྨྲས་པ། ལྷ་ས་འཛིན་པ་བདག་གོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་ཅི་སེམས།

ལྷ་འཇིག་རྟེན་པའི་བསམ་པའོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག །ལྷ་སྲེག་པའི་གཤོག་པ་བཀྲ་བ་ཡང་ཇི་སྙེད་པ་མི་བཀྲ་བ་ཡང་དེ་ཁོ་ན་སྙེད་མཆིས་སོ། །ས་འཛིན་པ་ཅི་དེ་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་

ལེགས་སོ། །དེས་ཕྱི་དེ་ཉིན་རྒྱལ་པོའི་མངོན་སུམ་དུ་བྱས་ན་དེ་ཐམས་ཅད་དེ་བཞིན་དུ་གྱུར་པ་དང་། རྒྱལ་པོས་སྨྲས་པ། ས་འཛིན་པ་ཁྱོད་ཀྱིས་ཇི་ལྟར་ཤེས་ལྷ་སྔོན་བདག་གིས་བགྲངས་ལགས་སོ། །ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་གོ། །ལྷའི་བཀའ་དྲིན་

ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ། །རྒྱལ་པོས་ཡང་དེ་བཞིན་དུ་སུ་མེལ་ཙེ་བྱེད་སྨྲས་པ་དང་། དེས་སྔ་མའི་ཚུལ་དུ་སྨྲས་པ། ལྷ་ས་འཛིན་པ་བདག་གོ། །རྒྱལ་པོས་སྨྲས་པ་ཅི་སེམས། ལྷ་འཇིག་རྟེན་པའི་བསམ་པའོ། །

เล่ม ๑๐ · หน้า 274a

ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག །ལྷ་བྱེ་མ་བུམ་པ་གང་གི་ནང་དུ་ཆབ་བུམ་པ་གང་བླུགས་ན་ཆབ་དེ་ཐམས་ཅད་དེའི་ནང་དུ་ཤོང་ངོ་། །ས་འཛིན་པ་ཅི་དེ་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་

དེ་ཉིན་མངོན་སུམ་དུ་བྱས་ན་དེ་ཐམས་ཅད་དེ་བཞིན་དུ་གྱུར་པ་དང་། རྒྱལ་པོས་སྨྲས་པ། ས་འཛིན་པ་ཁྱོད་ཀྱིས་ཇི་ལྟར་ཤེས། ལྷ་བྱེ་མ་ཆུ་ལས་བྱུང་བའི་སླད་དུའོ། །ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་གོ། །ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ། །ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་

ཟེར་བར་འདུག་གོ། །ཡང་རྒྱལ་པོས་དེ་བཞིན་དུ་སུ་མེལ་ཙེ་བྱེད་ཅེས་སྨྲས་པ་དང་། དེས་སྔ་མའི་ཚུལ་དུ་ལྷ་ས་འཛིན་པ་བདག་གོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་ཅི་སེམས། ལྷ་འཇིག་རྟེན་པའི་བསམ་པའོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག་སེམས།

ལྷ་ཆབ་ཕུལ་གང་གི་ནང་དུ་ལན་ཚྭ་ཕུལ་གང་སྩལ་ན་ཆབ་ཕུལ་གང་ཁོ་ནར་འགྱུར་རོ། །ས་འཛིན་པ་ཇི་དེ་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་མངོན་སུམ་དུ་བྱས་པ་ན་ཐམས་ཅད་དེ་བཞིན་དུ་གྱུར་པ་དང་། རྒྱལ་པོས་སྨྲས་པ།

ས་འཛིན་པ་འདི་ལ་རྒྱུ་ཅི་ཡོད། ལྷ་ལན་ཚྭ་ཆབ་ལས་བྱུང་བའི་སླད་དུའོ། །ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་གོ། །ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ། །ཡང་རྒྱལ་པོས་དེ་བཞིན་དུ་སུ་མེལ་ཙེ་བྱེད་ཅེས་སྨྲས་པ་དང་། དེས་

སྔ་མའི་ཚུལ་དུ་སྨྲས་པ། ལྷ་ས་འཛིན་པ་བདག་གོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་ཅི་སེམས། ལྷ་འཇིག་རྟེན་པའི་བསམ་པའོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག །ལྷ་ཞིབ་ཕུལ་གང་གི་ནང་དུ་ཆབ་ཕུལ་གང་སྩལ་ན་སླ་བར་ཡང་མི་འགྱུར་གར་བར་ཡང་

མི་འགྱུར་རོ། །ས་འཛིན་པ་ཅི་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་མངོན་སུམ་དུ་བྱས་ན་ཐམས་ཅད་དེ་བཞིན་དུ་གྱུར་པ་དང་། རྒྱལ་པོས་སྨྲས་པ། ས་འཛིན་པ་འདི་ལ་རྒྱུ་ཅི་ཡོད། ལྷ་བདག་ཅག་ས་འཛིན་པ་

เล่ม ๑๐ · หน้า 274b

རྣམས་ནི་ཕྱེ་འཚལ་བ་ལགས་པས་བདག་གིས་ལན་དུ་མ་མཐོང་ལགས་སོ། །ས་འཛིན་པ་ཁྱོད་ནི་དྲན་པ་ཅན་ཞིག་གོ། །ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ། །ཡང་རྒྱལ་པོས་དེ་བཞིན་དུ་སུ་མེལ་ཙེ་བྱེད་ཅེས་རྨས་པ་དང་། དེས་

སྔ་མའི་ཚུལ་དུ་སྨྲས་པ། ལྷ་ས་འཛིན་པ་བདག་གོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་ཅི་སེམས། ལྷ་འཇིག་རྟེན་པའི་བསམ་པའོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག །ལྷ་གུམ་པ་དང་། གསོན་པོ་གཉིས་སྲང་ལ་བཅལ་ན་མི་མཉམ་པར་

འགྱུར་རོ། །ས་འཛིན་པ་ཅི་དེ་དེ་ལྟར་འགྱུར་རམ། ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་མངོན་སུམ་དུ་བྱས་ན་ཐམས་ཅད་དེ་བཞིན་དུ་གྱུར་པ་དང་། རྒྱལ་པོས་སྨྲས་པ། ས་འཛིན་པ་འདི་ལ་རྒྱུ་ཅི་ཡོད། ལྷ་གུམ་པ་མི་མ་ལགས་

པས་མདངས་ཕྲོགས་པའི་སླད་དུའོ། ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་གོ། །ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ། །ཡང་རྒྱལ་པོས་དེ་བཞིན་དུ་མེལ་ཙེ་སུ་བྱེད་ཅེས་རྨས་པ་དང་། དེས་སྔ་མའི་ཚུལ་དུ་སྨྲས་པ། ལྷ་

ས་འཛིན་པ་བདག་གོ། །རྒྱལ་པོས་སྨྲས་པ། ས་འཛིན་པ་ཅི་སེམས། ལྷ་འཇིག་རྟེན་པའི་བསམ་པའོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག །ལྷ་དོང་བརྐོས་པ་ལ་ས་དེ་དེ་ཉིད་དུ་སྩལ་ན་མཉམ་པར་མི་འགྱུར་ལགས་སོ། ས་འཛིན་པ་ཅི་དེ་དེ་

ལྟར་འགྱུར་རོ། །ལྷ་སྤྱན་སྔར་བབ་པར་བགྱིའོ། །ས་འཛིན་པ་ལེགས་སོ། །དེས་ཕྱི་དེ་ཉིན་མངོན་སུམ་དུ་བྱས་ན་ཐམས་ཅད་དེ་བཞིན་དུ་གྱུར་པ་དང་། རྒྱལ་པོས་སྨྲས་པ། ས་འཛིན་པ་འདི་ལ་རྒྱུ་ཅི་ཡོད། ལྷ་མི་མ་ལགས་པས་མདངས་ཕྲོགས་པའི་སླད་དུའོ། །ས་

འཛིན་པ་ཁྱོད་ནི་མཁས་པ་ཞིག་གོ། །ལྷ་ཁྱོད་ཀྱི་བཀའ་དྲིན་ལགས་སོ་ཞེས་བྱས་པ་དང་། རྒྱལ་པོ་ཅང་མི་ཟེར་བར་འདུག་གོ། །ཡང་རྒྱལ་པོས་དེ་བཞིན་དུ་མེལ་ཙེ་སུ་བྱེད་ཅེས་རྨས་པ་དང་། དེས་སྔ་མའི་ཚུལ་དུ་སྨྲས་པ། ལྷ་ས་འཛིན་པ་བདག་གོ། །རྒྱལ་པོས་སྨྲས་པ།

เล่ม ๑๐ · หน้า 275a

ས་འཛིན་པ་ཅི་སེམས། ལྷ་འཇིག་རྟེན་པའི་བསམ་པའོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག །ལྷ་ཐ་ག་པས་ཉིན་མཚན་དུ་གོས་བཏགས་ན་གར་མཆིས་པ་མ་འཚལ་ཏོ། །ཀྱེ་ས་འཛིན་པ་གར་སོང་མི་ཤེས་པ་ཡུས་སོ། །ལྷ་སར་གྱུར་པ་ལགས་སོ། །ཀྱེ་ས་འཛིན་པ་

སར་གྱུར་པ་ལྟ་ཞིག །ཡང་རྒྱལ་པོས་དེ་བཞིན་དུ་མེལ་ཙེ་སུ་བྱེད་རྨས་པ་དང་། དེས་སྔ་མའི་སྔ་མའི་ཚུལ་དུ་སྨྲས་པ། ལྷ་ས་འཛིན་པ་བདག་གོ། །ས་འཛིན་པ་ཅི་སེམས། ལྷ་འཇིག་རྟེན་པའི་བསམ་པའོ། །ས་འཛིན་པ་འཇིག་རྟེན་པའི་བསམ་པ་ཇི་ལྟ་བུ་ཞིག །ལྷ་རྫ་མཁན་གྱིས་ཉིན་མཚན་དུ་

སྣོད་བགྱིས་ན་དེ་གར་མཆིས་མ་འཚལ་ཏོ། །ཀྱེ་ས་འཛིན་པ་གར་སོང་མི་ཤེས་པ་ཡུས་སོ། །ལྷ་སར་གྱུར་ཏོ། །ཀྱེ་ས་འཛིན་པ་སར་གྱུར་པ་ལྟ་ཞིག །ཀྱེ་ས་འཛིན་པ་ཁྱོད་ནི་མཁས་པ་ཞིག་སྟེ། ཐམས་ཅད་ཤེས་ན་ང་གཉིད་མེད་པ་འདི་ལ་རྒྱུ་ཅི་ཡོད། ལྷ་མི་འཇིགས་པ་སྩལ་ན་སྨྲ་བར་བགྱིའོ། །ས་

འཛིན་པ་མི་འཇིགས་པ་སྦྱིན་གྱིས་བག་མ་ཚ་བར་སྨྲོས་ཤིག །ལྷ་ཁྱོད་ནི་སྡིག་པ་ལས་སྐྱེས་སོ། །ས་འཛིན་པ་ཅི་ཁྱོད་ང་ལ་མི་སྙན་པར་ཟེར་རམ། ལྷ་དེ་སྐད་མ་གསུང་ཤིག །ལྷ་ལ་བདག་གིས་མི་སྙན་པ་ཇི་སྐད་དུ་བགྱིས། ལྷ་མི་སྙན་པ་མ་བགྱིས་ཏེ་ལྷའི་མངོན་སུམ་དུ་བགྱིའོ། །ས་འཛིན་པ་

ལེགས་སོ། །དེས་དོང་བརྐོས་བ་ལང་གི་ལྕི་བ་སྐམ་པོས་བཀང་སྟེ། དེའི་སྟེང་དུ་མལ་བཅས་ནས་ཕྱི་དེ་ཉིན་རྒྱལ་པོ་ལ་ལྷ་མལ་འདིར་གཟིམས་ཤིག་ཅེས་སྨྲས་པ་དང་། རྒྱལ་པོས་དེར་ཉལ་ལོ། །ཉལ་མ་ཐག་ཏུ་གཉིད་ཀྱིས་ལོག་པར་གྱུར་ཏོ། །གང་གི་ཚེ་སད་པ་དེའི་ཚེ་ལྷ་ཁྱོད་ཀྱིས་གཟིགས་སམ་ཞེས་སྨྲས་པ་

དང་། དེས་བདག་གིས་མངོན་སུམ་དུ་བྱས་པ་ཤེས་ནས་བཙུན་མོའི་འཁོར་དུ་སོང་སྟེ་མ་ལ་དྲིས་པ། ཡུམ་བདག་སུ་ལས་སྐྱེས་པ་བརྫུན་མ་གསུང་བར་དྲང་པོར་གསུང་ཤིག །ལྷ་སྨྲ་བར་བགྱིའི། བདག་ལ་མི་འཇིགས་པ་སྩོལ་ཅིག །ཡུམ་གསོལ་ལོ། །ལྷ་ཁྱོད་ཀྱི་ཡབ་བཙུན་མོའི་འཁོར་རྒྱ་ཆེན་

པོ་དང་ལྡན་པས་དེ་ལྗོངས་ཤིག་ཏུ་སོང་བ་ན་བདག་ཟླ་མཚན་དང་ལྡན་པར་གྱུར་ཏེ། དེའི་ཚེ་བདག་ཟླ་མཚན་གྱི་ཁྲུས་བགྱིད་པ་ན། སྡིག་པ་ཞིག་མཐོང་བ་དང་། བདག་གིས་བློ་སྐྱེས་པ། ཇི་སྟེ་འདི་ཕོ་ཞིག་ཏུ་གྱུར་ན་བདག་འདི་དང་ལྷན་ཅིག་འདོད་པའི་ལོངས་སྤྱོད་དགའ་མགུར་སྤྱད་པར་བྱའོ་སྙམ་པ་དང་། སྟེས་

เล่ม ๑๐ · หน้า 275b

ཏེ་དེ་ཕོ་ཞིག་ཏུ་གྱུར་ནས་དེ་དང་བདག་ལྷན་ཅིག་ཏུ་འདོད་པའི་ལོངས་སྤྱོད་དགའ་མགུར་སྤྱད་པ་དང་། དེ་ལས་ཁྱོད་སྐྱེས་པར་གྱུར་ཏོ། དེས་བསམས་པ། ས་འཛིན་པ་དེ་ནི་མཁས་པ་ཞིག་སྟེ། དེས་བདག་ཤེས་ན་དེ་ལ་བདག་གིས་མི་འཇིགས་པ་བྱིན་པས་དེ་གསད་དུ་ནི་མི་རུང་གི་གཞན་སུ་ལ་ཡང་མི་ཟེར་བར་བྱ་

བའི་ཕྱིར་བྱ་དགའ་བྱིན་ལ་ཡུལ་དབྱུང་ངོ་སྙམ་ནས། དེས་དེ་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་ཏེ་ཡུལ་ཕྱུང་ངོ་།། །།སྡོམ་ནི། འཚོ་བྱེད་དང་ནི་གསེར་འོད་དང་། །ཨེ་ལའི་འདབ་དང་ན་ལ་དང་། །རབ་བྱུང་སྐྲ་ཅན་ཟས་དང་ནི། །འབྲུ་མར་སྣོད་ནི་ཐ་མའོ། །རྒྱལ་པོ་གཏུམ་པོ་རབ་སྣང་གིས་བསམས་པ། བདག་གི་

ནད་འདི་གཞི་ཆེར་གྱུར་པས་སྨན་པ་དག་བསྡུས་ལ་དཔྱད་བྱའོ་སྙམ་དུ་བསམས་ནས། དེས་ཡུལ་ན་གནས་པའི་སྨན་པ་ཐམས་ཅད་བསྡུས་ཏེ་སྨྲས་པ། ཤེས་ལྡན་དག་ངའི་ནད་འདི་ལྟ་བུ་ལ་དཔྱད་གྱིས་ཤིག །དེ་དག་གིས་སྨྲས་པ། ལྷ་བདག་ཅག་གིས་ཁྱོད་ཀྱི་དཔྱད་པ་བགྱིད་པའི་རྔོ་མི་ཐོག་སྟེ།

འོན་ཀྱང་རྒྱལ་པོའི་ཁབ་ན་རྒྱལ་པོ་གཟུགས་ཅན་སྙིང་པོའི་བུ་སྨན་པའི་རྒྱལ་པོ་འཚོ་བྱེད་ཅེས་བགྱི་བ་མཆིས་ཏེ། གལ་ཏེ་ན་དེས་ལྷའི་དཔྱད་བགྱིད་རྔོ་ཐོག་གོ། །དེས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཡི་གེ་སྤྲིངས་ཏེ། སྨན་པའི་རྒྱལ་པོ་འཚོ་བྱེད་ཚུར་ཐོང་ཤིག །ཡང་ན་ངའོ་ནིར་འོང་གིས་རྩྭ་དང་།

ཆས་སྟ་གོན་གྱིས་ཤིག་ཅེས་བྱས་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོས་ཡི་གེ་བཀླགས་ནས་སྔངས་ཏེ་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་སྟེ། གལ་ཏེ་འཚོ་བྱེད་མ་བཏང་ན་དེ་ལ་ཅི་དང་ཅི་དགོས་པ་དེ་འགུགས་པས་དོན་གྱིས་བདག་ཀྱང་དེའི་དཔྱས་པར་གྱུར་པས་མ་ལེགས་སོ་

སྙམ་ནས་དེ་ཡིད་མི་བདེ་བ་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་མཐོང་ངོ་། །དེ་ནས་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། ལྷ་ཅིའི་སླད་དུ་ཕྱག་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་བཞུགས། དེས་སྨྲས་པ། བུ་ཁྱོད་ཀྱིས་འདི་ལྟ་བུའི་བཟོ་བསླབས་པ་དེས་ན་གནོད་པར་གྱུར་ཏོ། །འཚོ་བྱེད་

ཀྱིས་སྨྲས་པ། ཇི་ལྟར་གནོད་པར་གྱུར། དེས་ཇི་ལྟར་གྱུར་པ་བརྗོད་པ་དང་། ལྷ་བཀའ་ལུང་སྩལ་དུ་གསོལ་མཆི་བར་བགྱིའོ། །བུ་རྒྱལ་པོ་དེ་གཏུམ་པོ་ཞིག་སྟེ། ཅིའི་ཕྱིར་ཡང་སེམས་ཅན་གསོད་པར་བྱེད་པས་ཁྱོད་མི་གསད་གྲང་། ལྷ་བདག་སྲུང་མི་ནུས་པའི་སྨན་པ་དེ་ཅི་འདྲ་བ་ཞིག་སྟེ། ཐུགས་

เล่ม ๑๐ · หน้า 276a

མི་ཆུང་བར་བདག་གཏང་དུ་གསོལ། དེས་སྨྲས་པ། བུ་གལ་ཏེ་དེ་ལྟ་ན་སོང་ལ་ཇི་ལྟར་ང་དང་། བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་དང་། ཡུལ་སྣ་ཚོགས་ནས་འོངས་པའི་སྐྱེ་བོའི་ཚོགས་རྣམས་མྱ་ངན་སྐྱེ་བར་མི་འགྱུར་བ་དེ་ལྟར་ཁྱོད་ཀྱིས་

བག་ཡོད་པར་གྱིས་ཤིག །དེས་ལྷ་ཅིའི་སླད་དུ་དེ་ལྟར་གྱུར། བདག་གིས་ནད་པའི་སེམས་བསྲུང་རྔོ་ཐོག་གོ་ཞེས་བྱས་པ་དང་རྒྱལ་པོ་ཅང་མི་ཟེར་བར་འདུག་གོ། །འཚོ་བྱེད་ཀྱིས་འཕར་མ་པའི་མི་དེ་ལ་དྲིས་པ། ཀྱེ་སྐྱེས་བུ་རྒྱལ་པོ་དེའི་སྤྱོད་པ་ནི་ཅི་འདྲ་བ་ཞིག་ནད་ནི་ཇི་ལྟ་བུ་ཞིག་གིས་ཐེབས།

དེས་ཇི་ལྟར་གྱུར་པ་རྒྱས་པར་བསྙད་དོ། །དེ་ནས་འཚོ་བྱེད་ཀྱིས་ཆང་གི་ཁ་དོག་དང་། ཆང་གི་དྲི་དང་། ཆང་གི་རོ་བྲོ་བའི་མར་སྦྱར་ནས་དགེ་མཚན་དང་། བཀྲ་ཤིས་དང་། བདེ་ལེགས་དག་བྱས་ཏེ་གྲོགས་པོ་དང་། གཉེན་དང་། ཕུ་ནུ་བོ་རྣམས་ལ་སྦྲན་ནས་ཡུལ་འཕགས་རྒྱལ་དུ་སོང་ངོ་། །

དེ་མཐར་གྱི་ཡུལ་ཀ་ནྱཱ་ཀུབ་ཛར་ཕྱིན་པ་དང་། དེ་ན་གནས་པའི་སྨན་པའི་ཁྱེའུ་ཞིག་ཡོད་པ་དེས་ཇི་ལྟར་སྨན་པའི་རྒྱལ་པོའི་འཚོ་བྱེད་འོངས་ཏེ་འཕགས་རྒྱལ་དུ་འགྲོ་བ་ཐོས་སོ། །དེས་ཨ་རུ་ར་གཅིག་ཁྱེར་ཏེ་དེའི་དྲུང་དུ་སོང་སྟེ་ཕན་ཚུན་ཡང་དག་པར་དགའ་བ་དག་བྱས་ནས། འཚོ་བྱེད་ཀྱིས་

སྨྲས་པ། ཀྱེ་ཆོས་ཀྱི་སྤུན་རྒྱལ་པོ་གཏུམ་པོ་རབ་སྣང་དེ་ནད་ཇི་ལྟ་བུ་ཞིག་གིས་ཐེབས། ཁྱེད་ཅག་གིས་དེའི་དཔྱད་མ་བྱས་སམ། དེས་སྨྲས་པ། རྒྱལ་པོ་དེ་གཉིད་མེད་པའི་ནད་ཀྱིས་ཐེབས་ཏེ། དེ་ལ་མར་ཕན་ན་དེ་མར་ལ་ནི་སྡང་། ཆང་ལ་ནི་དགའ་ཞིང་གཏུམ་སྟེ། གང་ཞིག་དེའི་མདུན་དུ་མར་གྱི་

མིང་འབྱིན་པ་དེའི་མགོ་དྲུངས་ནས་བཅད་དེ་ས་ལ་འདོར་བས་དེ་དག་འཇིགས་ནས་འབྲོས་ན་སུ་ཞིག་དེའི་དཔྱད་བྱེད་པར་ནུས། འཚོ་བྱེད་ཀྱིས་སྨྲས་པ། དེའི་ཕྱིར་ངས་ཆང་གི་ཁ་དོག་དང་། ཆང་གི་དྲི་དང་། ཆང་གི་རོ་བྲོ་བའི་མར་བསྐོལ་ཏེ་ཁྱེར་ཏེ་འོངས་ཀྱིས་འདོང་། གང་གི་ཚེ་ངས་ཁྱོད་ལ་བརྡ་བྱས་པ་

དེའི་ཚེ་ཁྱོད་ཀྱིས་མར་འདི་ཙམ་གྱི་ཚོད་ཅིག་བྱིན་ཅིག །ང་ནི་དེའི་མདུན་ནས་འགྲོ་ཡིས་ཁྱོད་ཀྱིས་རེ་ཞིག་ཙམ་ཞིག་དེའི་རིམ་གྲོ་གྱིས་ཤིག་དང་། སོས་ནས་ངས་ཁྱོད་ལ་རྔན་པ་རབ་ཏུ་མང་པོ་སྦྱིན་ཞིང་སྦྱིན་དུ་ཡང་གཞུག་གོ། །དེས་སྨྲས་པ། ལེགས་ཀྱིས་བཞུད་དོ་ཞེས་དེ་དེ་དང་ལྷན་ཅིག་དོང་ངོ་། །འཚོ་

เล่ม ๑๐ · หน้า 276b

བྱེད་རིམ་གྱིས་འཕགས་རྒྱལ་དང་ཉེ་བར་ཕྱིན་པ་དང་། རྒྱལ་པོ་རབ་སྣང་གིས་ཇི་ལྟར་སྨན་པའི་རྒྱལ་པོ་འཚོ་བྱེད་འོངས་པ་ཐོས་ནས་དེས་བསམས་པ། དེ་ནི་རྒྱལ་པོའི་བུ་ཡང་ཡིན་ལ་སྨན་པའི་རྒྱལ་པོ་ཡང་ཡིན་པས་མཆོད་པ་དང་བཀུར་སྟིས་གྲོང་ཁྱེར་དུ་འོང་བར་བྱའོ་སྙམ་ནས་དེས་གྲོང་ཁྱེར་

མཛེས་པ་དང་། ལམ་མཛེས་པར་བྱས་ཏེ། བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་དང་བཅས་པས་བསུ་ནས་སྨན་པའི་རྒྱལ་པོ་འཚོ་བྱེད་མི་སྟོང་ཕྲག་དུ་མས་བསྐོར་ཏེ་གྲོང་ཁྱེར་དུ་འོངས་སོ། །དེ་ནས་དེ་ལམ་གྱིས་དུབ་པ་ངལ་བསོ་སྟེ་ཅུང་ཞིག་བསྡད་ནས་རྒྱལ་

པོ་གཏུམ་པོ་རབ་སྣང་གིས་འཚོ་བྱེད་ལ་བདག་གཉིད་མེད་པའི་ནད་དཀྱེལ་ཆེར་གྱུར་ན་དཔྱད་གྱིས་ཤིག་ཅེས་སྨྲས་པ་དང་། དེས་སྨྲས་པ། ལྷ་བགྱི་མོད་ཀྱི་འོན་ཀྱང་འདི་ལ་སྨན་འཚལ་ན་དེ་དག་ཀྱང་ཡུལ་སྣ་ཚོགས་དང་། གནས་སྣ་ཚོགས་ན་མཆིས་ཏེ། སྨན་ཁ་ཅིག་བདག་གིས་ངོ་འཚལ་ལ་གཞན་

གྱིས་མ་འཚལ་བ་ཡང་མཆིས། ཁ་ཅིག་གཞན་གྱིས་འཚལ་ལ་བདག་གིས་མ་འཚལ་བ་ཡང་མཆིས། ཁ་ཅིག་བདག་གིས་ཀྱང་འཚལ་ལ་གཞན་གྱིས་ཀྱང་འཚལ་བ་ཡང་མཆིས། ཁ་ཅིག་ཐག་རིང་པོ་ན་ཡང་མཆིས། ཁ་ཅིག་ཉེ་བ་ན་ཡང་མཆིས་པས་ཁྱོད་ཀྱིས་གླང་པོ་ཆེ་མོ་བཟང་ལྡན་

བདག་ཅག་ལ་ཅི་བདེར་མཛོད་ཅིག །རྒྱལ་པོས་འཚོ་བྱེད་ལེགས་ཀྱིས་དེ་བཞིན་དུ་གྱིས་ཤིག་ཅེས་སྨྲས་ནས། དེས་གླང་པོ་ཆེ་འདུལ་བ་རྣམས་ལ་བསྒོ་བ། འཚོ་བྱེད་གླང་པོ་ཆེ་མོ་བཟང་ལྡན་ཅི་བདེར་སྤྱོད་དུ་བཅུག་གིས་ཁྱེད་ཅག་གིས་མ་དགག་ཤིག །བློན་པོ་དང་ཆབ་སྒོ་བ་རྣམས་ལ་ཡང་བསྒོ་

བ། འདི་ཉིན་པར་ཡང་རུང་མཚན་མོ་ཡང་རུང་གླང་པོ་ཆེ་བཟང་ལྡན་ལ་ཞོན་ཏེ་འགྲོ་ཞིང་འོང་བ་ཁྱེད་ཅག་གིས་མ་དགག་པར་ཇི་ལྟར་འདོད་པར་དགའ་མགུར་འགྲོ་ཞིང་འོང་དུ་ཆུག་ཤིག །བློན་པོ་དང་། ཆབ་སྒོ་བ་དང་། གླང་པོ་ཆེ་འདུལ་བ་རྣམས་ཀྱིས་སྨྲས་པ། ལྷ་ཇི་ལྟར་བཀའ་སྩལ་པ་བཞིན་འཚལ་

ལོ། །སྨན་པའི་རྒྱལ་པོ་འཚོ་བྱེད་གླང་པོ་ཆེ་མོ་བཟང་ལྡན་ལ་ཞོན་ཏེ་མིག་སློབ་པར་རྩོམ་པ་ན་སྔ་དྲོ་སོང་ཞིང་རེས་འགའ་ཕྱི་དྲོ་སླར་འོང་ངོ་། །གུང་ལ་སོང་ཞིང་རེས་འགའ་ཕྱི་དྲོ་འོང་ངོ་། །ཕྱི་དྲོ་སོང་ཞིང་རེས་འགའ་ནུབ་མོའི་ཐུན་འདའ་ཞིང་འོང་སྟེ། དེ་དེ་ལྟར་ཡིད་ཆེས་པ་བསྐྱེད་པའི་རྟགས་ཀྱིས་འགྲོ་བ་

เล่ม ๑๐ · หน้า 277a

དང་། འོང་བར་བྱེད་དོ། །རྒྱལ་པོས་སྨྲས་པ། འཚོ་བྱེད་དཔྱད་གྱིས་ཤིག །དེས་སྨྲས་པ། ལྷ་རེ་ཞིག་ཁྲུས་མཛོད་ཅིག །དེས་བཀྲུས་ནས། ཡང་སྨྲས་པ། འཚོ་བྱེད་ངས་ཁྲུས་བྱས་ན་ཅི་སྡོད། དེས་སྨྲས་པ། ལྷ་རེ་ཞིག་གདུགས་ཚོད་གསོལ་ཅིག །དེས་ཟན་བཟའ་

བར་བརྩམས་པ་དང་། འཚོ་བྱེད་ཀྱིས་སྨྲས་པ། ལྷ་བདག་གིས་ཡུལ་མ་ག་དྷཱའི་སྐྱེམས་ཤིན་ཏུ་བདའ་བ་ཞིག་འཚལ་ཏེ་མཆིས་ཀྱིས། གལ་ཏེ་ལྷ་གསོལ་ན་ཅུང་ཟད་ཅིག་གསོལ་ལོ། །རྒྱལ་པོས་སྨྲས་པ། འཚོ་བྱེད་ལེགས་ཀྱིས་འོ་ན་ཅིག་བལྟའོ། །དེས་སྨན་པའི་ཁྱེའུ་དེ་ལ་དེ་ཙམ་

གྱི་ཚོད་ཅིག་བྱིན་ཅིག་པའི་བརྡ་བྱས་པ་དང་། དེས་དེ་ཙམ་གྱི་ཚོད་ཅིག་བྱིན་ནས་རྒྱལ་པོས་འཐུངས་སོ། །འཐུངས་མ་ཐག་ཏུ་གཉིད་ཀྱིས་ལོག་པ་དང་། འཚོ་བྱེད་གླང་པོ་ཆེ་མོ་བཟང་ལྡན་ལ་ཞོན་ཏེ་བྲོས་སོ། །རྒྱལ་པོ་ཡང་ནམ་ཕྱེད་ན་སད་དོ། །ཇི་ཙམ་ན་དེ་ལ་མར་གྱི་སྒྲེགས་པ་བྱུང་བ་དང་།

དེས་མི་ཞིག་ལ་བོས་ཏེ་ཀྭའེ་སྐྱེས་བུ་འཚོ་བྱེད་བོས་ཤིག །དེས་ང་ལ་མར་བླུད་ཀྱིས་མགོ་དྲུངས་ནས་བཅད་དེ་ས་ལ་དོར་རོ། །དེས་ཀུན་ཏུ་བཙལ་བར་བརྩམས་ན་མི་སྣང་ནས་དེས་དེ་ལ་སྨྲས་པ། ལྷ་མི་གདའ་སྟེ། དེ་གདོན་མ་འཚལ་བར་བྲོས་སོ། །རྒྱལ་པོ་ཇེ་ཁྲོས་ནས་སྨྲས་པ། ཀྭའེ་སྐྱེས་བུ་

འཕར་མ་པ་ཁྭ་བོས་ཤིག་ཅེས་བསྒོ་བ་དང་། དེས་དེ་བོས་སོ། །དེས་ཀྱེ་འཕར་མ་པ་ཁྭ་སོང་ལ་མྱུར་དུ་གླང་པོ་ཆེ་འདམ་བུའི་རི་ལ་ཞོན་ཏེ་འཚོ་བྱེད་སྐེ་ནས་ཐོགས་ལ་ཁྲིད་དེ་ཤོག་ཤིག །དེའི་མགོ་དྲུངས་ནས་བཅད་དོ། །གལ་ཏེ་སྒྱུ་མཁན་དེས་ཁྱོད་ལ་ཅུང་ཟད་ཅིག་བྱིན་ན་ཁྱོད་ཀྱིས་བླང་བར་མི་བྱའོ། །

ལྟ་དེ་ལྟར་འཚལ་ལོ་ཞེས་འཕར་མ་ཁྭས་རྒྱལ་པོ་གཏུམ་པོ་རབ་སྣང་གི་ལྟར་མཉན་ནས་མྱུར་བར་གླང་པོ་ཆེ་འདམ་བུའི་རི་ལ་ཞོན་ཏེ་རྗེས་བཞིན་དུ་སོང་ངོ་། །དེས་དེ་སྐྱུ་རུ་རའི་ཚལ་དུ་ཞུགས་པ་མཐོང་ནས་སྨྲས་པ། འཚོ་བྱེད་ལྷ་གསུང་གིས་ཚུར་ཤོག་འདོང་། དེས་སྨྲས་པ། ཀྱེ་ཁྭ་ཅི་རིངས་ཚུར་རེ་ཞིག་

སྐྱུ་རུ་ར་ཟོ་ཤིག །དེས་སྨྲས་པ། ལྷས་ང་ལ་དེ་སྒྱུ་མཁན་ཡིན་པས་ཁྱོད་ཀྱིས་དེ་ལས་ཅུང་ཟད་ཀྱང་མ་ལེན་ཅིག་ཅེས་བསྒོའོ། །འཚོ་བྱེད་ཀྱིས་སྨྲས་པ། ཀྭའེ་ཁྭ་གལ་ཏེ་དེ་ལྟ་ན་ཁྱོད་ཀྱིས་ཕྱེད་ཟོ། །ངས་ཀྱང་ཕྱེད་བཟའོ། །དེས་བསམས་པ། ཕྱེད་བཟའ་སྟེ་ཕྱེད་ལ་སྒྱུ་ཇི་ལྟ་བུ་ཞིག་བྱར་ཡོད་སྙམ་དུ་རིག་

เล่ม ๑๐ · หน้า 277b

ནས་སྨྲས་པ། འཚོ་བྱེད་བཟའ་ཡིས་བྱིན་ཅིག །དེ་སྐྱུ་རུ་ར་ཕྱེད་ཟོས་ཏེ། སེན་མོའི་བར་ཕྱེ་མས་བཀང་བའི་སེན་མོས་བཅད་པའི་ཕྱེད་བྱིན་ནོ། །དེས་དེ་ཟོས་པ་དང་དེ་མཛེ་ཅན་ཞིག་པས་ཡན་མན་གཉི་གར་འཁྲུས་སོ། །དེས་དེ་རི་འོར་ཞིག་ཏུ་བཞག་ནས་རི་འོར་པ་དེ་དག་ལ་བསྒོ་བ། ཤེས་ལྡན་དག་རྒྱལ་པོ་

གཏུམ་པོ་རབ་སྣང་གི་ཡན་ལག་གི་མཆོག་གསུམ་ནི་གླང་པོ་འདམ་བུའི་རི་དང་། གླང་པོ་ཆེ་མོ་བཟང་ལྡན་དང་། འཕར་མ་པ་ཁྭ་འདི་ཡིན་ན་འདི་ན་སྟེ་འདི་དཔྱད་འདིས་རིམ་གྲོ་གྱིས་དང་སོས་པར་འགྱུར་རོ། །གཞན་དུ་ན་རྒྱལ་པོས་ཁྱེད་ཅག་ངེས་པར་ཕུང་བར་བྱེད་དོ་ཞེས་སྨྲས་ནས་སོང་ངོ་། །དེ་དག་གིས་དེའི་

རིམ་གྲོ་བྱས་པ་དང་སོས་པར་གྱུར་ནས་སོང་ངོ་། །རྒྱལ་པོ་ཡང་སྨན་པའི་ཁྱེའུ་དེས་ཇི་ལྟར་བསྟན་པའི་དཔྱད་ཀྱིས་རིམ་གྲོ་བྱས་པས་དེ་ཡང་སོས་པར་གྱུར་ཏོ། །འཕར་མ་པ་ཁྭ་ཡང་རིམ་གྱིས་རྒྱལ་པོའི་དྲུང་དུ་ཕྱིན་པ་དང་། རྒྱལ་པོས་དྲིས་པ་ཁྭ་འཚོ་བྱེད་དེ་ག་རེ་ལྷ་བྲོས་ལགས་སོ། །ཁྭ་གལ་ཏེ་བྲོས་ན་མ་

ལེགས་པ་ཞིག་བྱས་སོ། །ལྷ་ཅི་སྟེ་ཁུགས་པར་གྱུར་ན་དེ་ལ་ལྷས་ཅི་ཞིག་བགྱིས་པར་འགྱུར། ཁྭ་ངས་དེའི་མགོ་དྲུངས་ནས་གཅད་དེ་ས་ལ་བོར་བར་འགྱུར་རོ། །ལྷ་སྨན་པའི་རྒྱལ་པོ་གང་གིས་ལྷ་དང་བདག་ཀྱང་སོས་པར་བགྱིས་པ་དེ་ལྟ་བུ་དགུམ་པ་དེ་ནི་རིགས་པ་མ་ལགས་སོ། །ཁྭ་གལ་ཏེ་དེ་ལྟ་ན་དེ་ལ་ཅི་

ཞིག་བྱ། ལྷ་རྔན་པ་རྒྱ་ཆེར་སྩལ་མོད། ལེགས་ཀྱིས་དེ་བཞིན་དུ་བྱའོ། །དེས་དེ་ལ་ཡི་གེ་སྤྲིང་སྟེ། སྨན་པའི་རྒྱལ་པོ་འཚོ་བྱེད་ཁྱོད་ཅི་སྟེ་བྲོས། ཁྱོད་རྔན་པ་སྦྱིན་གྱིས་ཚུར་ཤོག་རྔན་པ་ལོང་ཤིག །འཚོ་བྱེད་ཀྱིས་དེ་ལ་སྤྲིང་པ། ལྷ་ཁྱོད་ཀྱི་བཀའ་དྲིན་ལ་བདག་གི་ཁྱིམ་ན་ནོར་ཙམ་མཆིས་སོ། །འོན་

ཀྱང་གལ་ཏེ་ལྷས་བདག་ལ་ཐུགས་དཔག་མཛད་ན་སྨན་པའི་ཁྱེའུ་གང་གིས་ལྷའི་རིམ་གྲོ་བགྱིས་པ་དེ་ལ་བྱ་དགའ་སྩལ་བའི་རིགས་སོ། །རྒྱལ་པོས་ཁྱེའུ་དེ་ལ་རྔན་པ་མང་དུ་བྱིན་ནོ། །འཚོ་བྱེད་ལ་ཡང་བརྒྱ་སྟོང་རི་བའི་རས་ཡུག་ཆེན་གྱི་གོས་བསྐུར་བ་དང་། འཚོ་བྱེད་ཀྱིས་བསམས་པ། གོས་འདི་ནི་

རྒྱལ་པོ་ལ་འོས་པ་ཡིན་ཏེ། སུ་ལ་སྦྱིན་སྙམ་ན་དེས་བཅོམ་ལྡན་འདས་ནི་ཆོས་ཉིད་ཀྱིས་བདག་གི་ཕ་ཡིན་པས་འདི་ལ་དབུལ་ལོ་སྙམ་དུ་བསམས་ནས་དེས་དེ་བཅོམ་ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་འདི་ཆོས་

เล่ม ๑๐ · หน้า 278a

གོས་སུ་གྱིས་ལ་ང་ལ་ཕུལ་ཅིག །ཚེ་དང་ལྡན་པ་ཀུན་དགའ་བོས་དེ་བླངས་ནས་བླངས་པ་དེས་བཅོམ་ལྡན་འདས་ཀྱིས་ཆོས་གོས་གསུམ་ལངས་པ་བས་ལྷག་པར་མཐོང་ནས་དེས་དྲུབ་པར་བརྩམས་ན་དེ་ལས་བཅོམ་ལྡན་འདས་ཀྱི་ཆོས་གོས་གསུམ་དང་། ཚེ་དང་ལྡན་པ་ཀུན་དགའ་བོའི་སྟོད་

གཡོགས་སུ་སྨད་གཡོགས་དང་བཅས་པ་དང་། སྒྲ་ཅན་ཟིན་གྱི་རྔུལ་ཟན་ཡང་ལངས་སོ། །དགའ་ལྡན་གྱི་གནས་ན་སངས་རྒྱས་ཀྱིས་གསུངས་པའི་དྲི་བ་འདི་སྐད་དུ། བདག་པོ་རྒྱལ་པོ་གང་ཞིག་ནི། །ཆགས་ན་རྡུལ་དང་ལྡན་པ་ཡིན། །རྡུལ་མེད་ན་ནི་རྡུལ་བྲལ་འགྱུར། །གང་གིས་འདིར་ནི་ཆགས་

ཞེས་བརྗོད། །བློ་ངན་ཇི་ལྟར་མྱ་ངན་བྱེད། །མཁས་པ་ཇི་ལྟར་དགའ་བར་འགྱུར། །གང་གིས་ལྡན་པ་ལས་བྲལ་ནས། །འདི་ན་གྲུབ་དང་བདེ་ཞེས་བརྗོད། །ཅེས་བྲིས་ཏེ། འདུག་པ་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ་སུས་ཀྱང་གཟུང་བར་ཡང་མི་ནུས། དེ་དག་གི་དོན་

སྨྲ་བར་ཡང་མི་ནུས་སོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བ་དེའི་ཚེ་ཡང་དྲི་བ་དེ་དག་གཟུང་བར་ནུས་ཀྱི་དེ་དག་གི་དོན་སྨྲ་བར་ནི་མི་ནུས་སོ། །རེ་ཞིག་ཅིག་ན་གནོད་སྦྱིན་གྱི་བདག་པོ་རྣམ་ཐོས་ཀྱི་བུ་བྱ་བ་ཞིག་གི་ཕྱིར་དགའ་ལྡན་གྱི་ལྷའི་ནང་དུ་སོང་བ་དང་། དེས་དྲི་བ་དྲིས་པ་དེ་དག་མཐོང་

ངོ་། །དེ་ནས་ཡ་མཚན་སྐྱེས་ཏེ་དེ་བཟུང་ན་དོན་ཁོང་དུ་ཆུད་པར་མ་ནུས་ཏེ། དེས་དེ་དག་ཕོ་བྲང་ལྕང་ལོ་ཅན་དུ་ཁྱེར་ནས་སྤང་ལེབ་ལ་བྲིས་ཏེ་བཞག་གོ། །དེའི་ཚེ་རྡོ་འཇོག་ཅེས་བྱ་བ་ན་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཅེས་བྱ་བ་གནས་པ་དེ་ཡུན་རིང་པོ་ནས་བདག་གིས་ནམ་ཞིག་སངས་རྒྱས་བཅོམ་ལྡན་འདས་མཐོང་ཞེས་

དེ་སྙམ་དུ་སྨོན་ཏོ། །དེའི་མཛའ་བོ་གནོད་སྦྱིན་གསེར་འོད་ཅེས་བྱ་བ་དེ་བྱ་བ་ཞིག་གི་ཕྱིར་གནོད་སྦྱིན་གྱི་བདག་པོ་རྣམ་ཐོས་ཀྱི་བུའི་ཕོ་བྲང་ལྕང་ལོ་ཅན་དུ་སོང་བ་དང་། དེས་དྲི་བ་དེ་དག་སྤང་ལེབ་ལ་བྲིས་པ་མཐོང་ནས་དེས་དེ་དག་བླངས་ཏེ་ཆུབ་པར་བྱས་ནས་དཔྱད་པར་བརྩམས་ན་དོན་ཁོང་དུ་མ་ཆུད་ནས་དེས་རྡོ་འཇོག་ཏུ་ཁྱེར་

ཏེ་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ལ་བྱིན་ནས་སྨྲས་པ། གྲོགས་པོ་དྲི་བ་འདི་དག་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་ན། འདི་དག་ནི་དོན་སུས་ཀྱང་མ་རྟོགས་ཀྱིས་ཁྱོད་ཀྱིས་འདི་དག་དང་གསེར་འབུམ་ཁྱེར་ལ་གྲོང་དང་། གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་བསྐོར་ཏེ་འདི་སྐད་ཅེས་གང་གིས་དྲི་བ་འདི་

เล่ม ๑๐ · หน้า 278b

དག་གི་དོན་སྨྲ་ནུས་པ་དེ་ལ་ངས་གསེར་འབུམ་སྦྱིན་ཞིང་བཀུར་སྟི་ཆེན་པོས་ཀྱང་རིམ་གྲོ་བྱའོ་ཞེས་སྨྲོས་ཤིག །གལ་ཏེ་འགའ་ཞིག་གིས་སྨྲ་བར་ནུས་ན་དེ་ལ་གསེར་འབུམ་བྱིན་ཅིག །ཇི་སྟེ་མ་ནུས་ན་གྲོང་ཁྱེར་དང་། གྲོང་རྡལ་མ་ཡིན་ནོ་ཞེས་སྒྲོགས་ལ་གཞན་དུ་སོང་ཤིག །དེས་དེ་བཟུང་ནས་ཀུན་ཆུབ་པར་

བྱས་ཏེ། བདག་ཉིད་བྲམ་ཟེའི་ཁྱེའུའི་གཟུགས་སུ་སྤྲུལ་ནས། གསེར་འབུམ་ཁྱེར་ཏེ་གྲོང་དང་། གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་བསྐོར་ནས་བཱ་རཱ་ཎ་སཱིར་ཕྱིན་ཏོ། །དེ་བཱ་རཱ་ཎ་སཱིའི་ལམ་པོ་ཆེ་དང་། སྲོང་དང་། བཞི་མདོ་དང་། སུམ་མདོ་དག་ཏུ་ཤེས་ལྡན་བཱ་རཱ་ཎ་སཱིའི་གྲོང་ན་གནས་པ་དང་། ཡུལ་

སོ་སོ་ནས་འོངས་པའི་སྐྱེ་བོའི་ཚོགས་དག་ཉོན་ཅིག །བདག་གིས་དྲི་བ་འདི་དག་ཁྱེར་ཏེ་འོངས་ཏེ་གང་ཞིག་འདི་དག་གི་དོན་སྨྲ་བར་ནུས་པ་དེ་ལ་ངས་གསེར་འབུམ་འདི་སྦྱིན་ཞིང་བཀུར་སྟི་ཆེན་པོས་ཀྱང་རིམ་གྲོ་བྱའོ་ཞེས་བསྒྲགས་པ་དང་། ཁ་ཅིག་ནི་མཁས་པ་སྙེམས། ཁ་ཅིག་ནི་ཡ་མཚན་སྐྱེས་ནས་སྲོག་

ཆགས་བརྒྱ་སྟོང་ཕྲག་དུ་མ་འདུས་ཀྱང་སུས་ཀྱང་དོན་སྨྲ་བར་མ་ནུས་སོ། །དེས་གྲོང་ཁྱེར་དང་། གྲོང་རྡལ་མ་ཡིན་ནོ་ཞེས་བསྒྲགས་པར་བརྩམས་པ་དང་། བཱ་རཱ་ཎ་སཱི་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་གིས་སྨྲས་པ། རེ་ཞིག་གྲོང་དང་། གྲོང་རྡལ་མ་ཡིན་ནོ་ཞེས་མ་སྒྲོགས་པར་བདག་ཅག་གི་སྐྱེ་བོས་

ངེས་པར་བཀུར་བའི་དགེ་སྦྱོང་དང་། བྲམ་ཟེ་དགོན་པའི་གནས་ན་འདུག་པ་གང་དག་ཡིན་པ་དེ་དག་ཇེ་འོང་དུ་ཆུག་ལ་ཕྱིས་གྲོང་ཁྱེར་དང་། གྲོང་རྡལ་མ་ཡིན་ནོ་ཞེས་སྒྲོགས་ཤིག །དེས་སྨྲས་པ། དེ་དག་གང་ཞིག་ཡིན། ན་ལ་ད་ལ་སོགས་པའོ། །དེས་ལེགས་ཀྱིས་དེ་བཞིན་བྱའོ་ཞེས་སྨྲས་ནས། དེ་

སྡོད་པ་དང་། ཇི་ཙམ་ཞིག་ན་ན་ལ་ད་འོངས་སོ། །དེས་དེའི་མདུན་དུ་འདུག་སྟེ་སྨྲས་པ། དྲང་སྲོང་ཆེན་པོ་བདག་གིས་དྲི་བ་འདི་དག་ཁྱེར་ཏེ་འོངས་ཏེ། གང་ཞིག་འདི་དག་གི་དོན་སྨྲ་བར་ནུས་པ་དེ་ལ་གསེར་འབུམ་འདི་ཡང་སྦྱིན་ཞིང་བཀུར་སྟི་ཆེན་པོས་ཀྱང་རིམ་གྲོ་བྱའོ། །ན་ལ་དས་དེ་དག་བཀླགས་ནས་སྨྲས་པ།

བྲམ་ཟེའི་ཁྱེའུ་ལེགས་ཀྱིས་དེ་བཞིན་དུ་བྱས་ཏེ་སྨྲའོ། །ཡུན་ཇི་སྲིད་ཅིག་ན་ལོ་བཅུ་གཉིས་འདས་ནས་སོ། །དྲང་སྲོང་ཆེན་པོ་དུས་དེ་ནི་རིངས་སོ། །དྲུག་ནའོ། །དེ་ཡང་རིངས་སོ། །གསུམ་ནའོ། །གཅིག་ནའོ། །ཟླ་བ་དྲུག་ནའོ། །ཟླ་བ་གསུམ་ནའོ། །ཟླ་བ་ནའོ། །ཟླ་བ་ཕྱེད་ནའོ། །ཞག་བདུན་འདས་ནའོ། །

เล่ม ๑๐ · หน้า 279a

ཨེ་ལའི་འདབ་ཀྱིས་དྲང་སྲོང་ཆེན་པོ་ལེགས་ཀྱིས་དེ་ལྟར་བྱོས་ཤིག །དེ་བར་དུ་སྡོད་དོ་ཞེས་སྨྲས་ནས་དེ་སྡོད་པ་དང་། དྲང་སྲོང་ན་ལ་དའི་སྨོས་འདྲིན་དགེ་སློང་ལྔ་པོ་ཡིན་པས་དེ་དེ་དག་གི་དྲུང་དུ་སོང་ནས་སྨྲས་པ། ཤེས་ལྡན་དག་བྲམ་ཟེའི་ཁྱེའུ་ཞིག་གིས་དྲི་བ་འདི་དག་དང་། གསེར་འབུམ་ཁྱེར་

ནས་བདག་གི་དྲུང་དུ་འོངས་ཏེ་གང་ཞིག་དྲི་བ་འདི་དག་གི་དོན་སྨྲ་ནུས་པ་དེ་ལ་གསེར་འབུམ་འདི་སྦྱིན་ཞིང་བཀུར་སྟི་ཆེན་པོས་ཀྱང་རི་མོར་བྱའོ་ཞེས་ཟེར་ན་དྲི་བ་འདི་དག་གི་དོན་མང་ལ་ཚིག་ཉུང་བས་ཁོང་དུ་ཆུད་པར་དཀའ་ན་འདི་ལ་ཇི་ལྟར་བསྒྲུབ་པར་བྱ། དེ་དག་གིས་སྨྲས་པ། ན་ལ་ད་སོང་ལ་སངས་རྒྱས་བཅོམ་

ལྡན་འདས་ལ་ཞུས་ཤིག །ཤེས་ལྡན་དག་ཅི་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངམ། བྱུང་ངོ་། །གང་ན་བཞུགས། དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ནའོ། །དེ་དགའ་བ་དང་མགུ་བ་སྐྱེས་ནས་མྱུར་བ་མྱུར་བར་བཅོམ་ལྡན་འདས་གང་ན་བ་དེར་སོང་བ་དང་། ན་ལ་དས་སངས་རྒྱས་བཅོམ་ལྡན་འདས་

སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་ཅན་རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་སྟེ། ཇི་ལྟར་དགེ་བའི་རྩ་བ་བསགས་པའི་སེམས་ཀྱིས་ཐོག་མ་

སངས་རྒྱས་མཐོང་བ་ལྟར། ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་གོམས་པར་བྱས་པའམ། བུ་མེད་པས་བུ་རྙེད་པའམ། དབུལ་པོས་གཏེར་མཐོང་བའམ། རྒྱལ་སྲིད་ལ་མངོན་པར་དགའ་བ་རྒྱལ་སྲིད་ཀྱི་དབང་བསྐུར་བ་ནི་དེ་ལྟར་ཉམས་བདེ་བར་འགྱུར་བ་མ་ཡིན་ནོ། །མཐོང་ནས་ཀྱང་བཅོམ་ལྡན་

འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་

པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་མཛད་པ་དང་། དེ་ཐོས་ནས་དྲང་སོང་ན་ལ་དས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེས་བདེན་པ་མཐོང་ནས་ཞབས་ལ་ཕྱག་འཚལ་ཏེ་གསོལ་པ། བཙུན་པ་བདག་ལེགས་པར་

เล่ม ๑๐ · หน้า 279b

གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་ན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་ཚངས་པར་སྤྱད་པ་སྤྱོད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ན་ལ་ད་ཁྱོད་ཀྱིས་བྲམ་ཟེའི་ཁྱེའུ་དེ་ལ་དྲི་བའི་དོན་སྨྲའོ་ཞེས་དམ་བཅས་པས་དེའི་ཕྱིར་སོང་ལ་

རེ་ཞིག་སྔར་དམ་བཅས་པ་དེ་ཚར་ཕྱུང་སྟེ་ཕྱིས་རབ་ཏུ་བྱུང་ཤིག །དེས་གསོལ་པ། བཙུན་པ་བདག་གིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་ཐོབ་མོད་ཀྱི་འོན་ཀྱང་དྲི་བ་དེ་དག་གི་དོན་བདག་གིས་སྨྲ་རྔོ་མི་ཐོག་ན་དེར་མཆིས་ཏེ་ཅི་ཞིག་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ན་ལ་ད་སོང་ལ་སོན་ནས་འདི་སྐད་དུ་རེ་ཞིག་དྲི་བ་

དེ་དག་སྨོས་ཤིག་ཅེས་གྱིས་ཤིག །གང་གི་ཚེ་དེས་འདི་སྐད་ཅེས་ནི། བདག་པོ་རྒྱལ་པོ་གང་ཞིག་ནི། །ཆགས་ན་རྡུལ་དང་ལྡན་པ་ཡིན། །རྡུལ་མེད་ན་ནི་རྡུལ་བྲལ་འགྱུར། །གང་གིས་འདིར་ནི་ཆགས་ཞེས་བརྗོད། །བློ་ངན་ཇི་ལྟར་མྱ་ངན་བྱེད། །མཁས་པ་ཇི་ལྟར་དགའ་བར་འགྱུར། །གང་གི་ལྡན་པ་ལས་

བྲལ་ནས། །འདི་ནི་གྲུབ་དང་བདེ་ཞེས་བརྗོད། །ཅེས་སྨྲས་པར་གྱུར་པ་དེའི་ཚེ་ཁྱོད་ཀྱིས་འདི་སྐད་ཅེས་སྨྲོས་ཤིག །དྲུག་པ་བདག་པོ་རྒྱལ་པོ་ནི། །ཆགས་ན་རྡུལ་དང་ལྡན་པ་ཡིན། །རྡུལ་མེད་ན་ནི་རྡུལ་བྲལ་འགྱུར། །ཆགས་ན་བྱིས་པ་ཞེས་འདིར་བརྗོད། །བློ་ངན་དེ་ལྟར་མྱ་ངན་བྱེད། །མཁས་པ་དེ་ལྟར་དགའ་

བར་འགྱུར། །འདི་ཡི་ལྡན་པ་ལས་བྲལ་ནས། །འདི་ནི་གྲུབ་དང་བདེ་ཞེས་བརྗོད། །གལ་ཏེ་བརྡ་མ་ཕྲད་དོ་ཞེས་ཟེར་ན་དེ་ལ། །ལེགས་པར་གསུངས་པ་ཤེས་པ་གཅེས་པ་སྟེ། །ཐོས་དང་ཏིང་འཛིན་ཤེས་པ་གཅེས་པ་ཡིན། །མི་གང་གྱ་ཚོམ་བག་མེད་གྱུར་པས་ནི། །མི་ཤེས་དེ་ལ་ཐོས་པ་དོན་མི་ཆེ། །ཞེས་

སྨྲོས་ཤིག །གལ་ཏེ་སངས་རྒྱས་གསུང་དག་སྨྲ་མོད་ཀྱི། ཁྱོད་ལ་མཚན་ནི་མི་སྣང་ངོ་། །འདི་ལ་བདག་གི་བློ་རྨོངས་ཀྱིས། ཐེ་ཚོམ་མྱུར་དུ་གཅད་པར་གྱིས་ཞེས་ཟེར་ན། །དེའི་མདུན་དུ་སེན་མོས་རྩྭ་ཆོད་ཅིག །གལ་ཏེ་ཅི་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངམ་ཞེས་ཟེར་ན་བྱུང་ངོ་ཞེས་

སྨྲོས་ཤིག །ཇི་སྟེ་གང་ན་བཞུགས་ཞེས་ཟེར་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ནའོ་ཞེས་གྱིས་ཤིག །བཙུན་པ་དེ་བཞིན་དུ་འཚལ་ཞེས་རིགས་ཀྱི་བུ་ན་ལ་དས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏེ་བྲམ་ཟེའི་ཁྱེའུ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བྲམ་ཟེའི་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་

เล่ม ๑๐ · หน้า 280a

ཁྱེའུ་དེ་རེ་ཞིག་དྲི་བ་དེ་དག་སྨྲོས་ཤིག །དེས་ཚིགས་སུ་བཅད་དེ་སྨྲས་པ། བདག་པོ་རྒྱལ་པོ་གང་ཞིག་ནི། །ཆགས་ན་རྡུལ་དང་ལྡན་པ་ཡིན། །རྡུལ་མེད་ན་ནི་རྡུལ་བྲལ་འགྱུར། །གང་གིས་འདིར་ནི་ཆགས་ཞེས་བརྗོད། །བློ་ངན་ཇི་ལྟར་མྱ་ངན་བྱེད། །མཁས་པ་ཇི་ལྟར་དགའ་བར་འགྱུར། །

གང་ཞིག་ལྡན་པ་ལས་བྲལ་ནས། །འདི་ནི་གྲུབ་དང་བདེ་ཞེས་བརྗོད། །དེས་སྨྲས་པ། དྲུག་པ་བདག་པོ་རྒྱལ་པོ་ནི། །ཆགས་ན་རྡུལ་དང་ལྡན་པ་ཡིན། །རྡུལ་མེད་ན་ནི་རྡུལ་བྲལ་འགྱུར། །ཆགས་ན་བྱིས་པ་ཞེས་འདིར་བརྗོད། །བློ་ངན་དེ་ལྟར་མྱ་ངན་བྱེད། །མཁས་པ་དེ་ལྟར་དགའ་བར་འགྱུར། །འདི་

ཡི་ལྡན་པ་ལས་བྲལ་ནས། །འདི་ན་གྲུབ་དང་བདེ་ཞེས་བརྗོད། །བྲམ་ཟེའི་ཁྱེའུས་སྨྲས་པ། །དྲང་སྲོང་ཆེན་པོ་བརྡ་མ་ཕྲད་དོ། །དེས་སྨྲས་པ། ལེགས་པར་གསུངས་པ་ཤེས་པ་གཅེས་པ་སྟེ། །ཐོས་དང་ཏིང་འཛིན་ཤེས་པ་གཅེས་པ་ཡིན། །མི་གང་གྱ་ཚོམ་བག་མེད་གྱུར་པས་ནི། །མི་ཤེས་དེ་ལ་ཐོས་པ་

དོན་མི་ཆེ། །བྲམ་ཟེའི་ཁྱེའུས་སྨྲས་པ། ན་ལ་ད། སངས་རྒྱས་གསུང་དག་སྨྲ་མོད་ཀྱི། །ཁྱོད་ལ་མཚན་ནི་མི་སྣང་ངོ་། །འདི་ལ་བདག་གི་བློ་རྨོངས་ཀྱིས། །ཐེ་ཚོམ་མྱུར་དུ་གཅད་པར་གྱིས། །ན་ལ་དས་དེའི་མདུན་དུ་སེན་མོས་རྩྭ་བཅད་པ་དང་། དེས་སྨྲས་པ། ན་ལ་ད་ཅི་སངས་རྒྱས་བཅོམ་ལྡན་

འདས་འཇིག་རྟེན་དུ་བྱུང་ངམ། དེས་སྨྲས་པ། བྲམ་ཟེའི་ཁྱེའུ་བྱུང་ངོ་། །གང་ན་བཞུགས། ཡུལ་བཱ་ར་ཎ་སཱི་འདི་ཉིད་ནའོ། །ཕྱོགས་གང་ན། དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ནའོ། །བྲམ་ཟེའི་ཁྱེའུས་བསམས་པ། གལ་ཏེ་བདག་གིས་འདི་ལ་རང་གི་རིགས་བསྙད་ན་ནི་འདིས་བརྙས་པར་འགྱུར་

རོ། །འོན་ཏེ་བྲམ་ཟེའི་ཁྱེའུའི་ཆ་ལུགས་ཁོ་ནས་སོང་ན་ནི་བཱ་རཱ་ཎ་སཱི་ན་གནས་པའི་བྲམ་ཟེ་རིག་པ་གསུམ་དང་ལྡན་པའམ། ཁ་ཅིག་བྲམ་ཟེའི་ཁྱེའུ་རིགས་མཐོན་པོ་ལས་སྐྱེས་པ་དག་དགེ་སྦྱོང་གཽ་ཏ་མའི་དྲུང་དུ་སོང་ངོ་ཞེས་མ་དད་པར་འགྱུར་རོ། །གལ་ཏེ་རང་གི་ཆ་ལུགས་ཀྱིས་སོང་ན་ནི་བདག་དང་།

ཀླུ་མང་པོ་འཁོན་ཡོད་པས་ལ་ལས་བདག་ལ་གནོད་པ་བྱས་སུ་འོང་བས་མ་ལ་བདག་གིས་བདག་ཉིད་འཁོར་ལོས་སྒྱུར་བར་མངོན་པར་སྤྲུལ་ལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོའོ་སྙམ་མོ། །དེ་ནས་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱིས་བདག་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོར་མངོན་པར་སྤྲུལ་ཏེ།

เล่ม ๑๐ · หน้า 280b

རིན་པོ་ཆེ་སྣ་བདུན་གྱིས་ནི་མདུན་དྲངས། ཁྲོམ་གྱི་རུ་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་ནི་བསྐོར། བུ་སྟོང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་ཅིང་ཟླ་བ་ཁམ་པ་ལྟ་བུར་བསྐོར། མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ཕོངས་པ་སྣ་ཚོགས་དང་། མིའི་མཆོག་

སྟོང་ནི་ཕྱི་བཞིན་འབྲང་། རྩིབས་སྟོང་དང་ལྡན་པའི་གདུགས་ནི་སྟེང་ནས་འཛིན་ཅིང་ཉི་མ་འོད་སྟོང་གི་འོད་ཀྱིས་སྣང་བས་ཟླ་བ་རྒྱུ་སྐར་དང་གཟའ་དང་བཅས་པའི་གཞལ་མེད་ཁང་གིས་མཛེས་པ་ཡང་ཟིལ་གྱིས་གནོན་པའི་འོད་ཀྱང་ཟིལ་གྱིས་མནན་ནས་དྲང་སྲོང་སྨྲ་བ་ག་ལ་བ་དེར་སོང་ངོ་། །ཡང་

དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ། །འཁོར་དེ་དག་གིས་ཀླུའི་རྒྱལ་པོ་ཨེ་ལའི་འདབ་རྒྱང་རིང་པོ་ནས་མཐོང་ངོ་། །མཐོང་ནས་ཀྱང་ངོ་མཚར་དུ་གྱུར་ཏེ་མིག་བགྲད་ནས་རྟོག་པ་རྣམ་པ་སྣ་ཚོགས་སྐྱེས་ཏེ། ཁ་ཅིག་ནི་འདི་སྐད་དུ་ཤེས་ལྡན་དག་

རྒྱལ་པོ་འདི་ག་ལས་འོངས་པ་ཞིག་ཅེས་ཟེར་རོ། །གཞན་དག་ན་རེ་ཤེས་ལྡན་དག་གང་ལ་འདི་ལྟ་བུའི་འབྱོར་པ་ཕུན་སུམ་ཚོགས་པ་ཡོད་པ་འདི་རྒྱལ་པོ་མ་ཡིན་གྱི་སའི་སྟེང་གི་སའི་དབང་ཕྱུག་གང་ཞིག་ཡིན་ཞེས་ཟེར་རོ། །གཞན་དག་ནི་འདི་རྒྱལ་པོ་མ་ཡིན་གྱི་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་

འདས་ལ་བལྟ་བའི་ཕྱིར་འདིར་འོངས་སོ་ཞེས་ཟེར་རོ། །དེ་ན་གང་དག་ཆགས་པའི་དབང་དུ་སོང་བ་དེ་དག་གིས་དེ་མཐོང་ནས་བདག་ཀྱང་འདི་འདྲ་བར་ནམ་ཞིག་འགྱུར་ཞེས་ཆགས་པ་བསྐྱེད་དོ། །དེ་དག་དེ་ལྟར་རྣམ་པ་དུ་མར་རྟོག་པ་ན་ཀླུའི་རྒྱལ་པོ་ཨེ་ལའི་འདབ་བཅོམ་ལྡན་འདས་ག་ལ་བ་དེར་

སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་བླུན་པོ་ཁྱོད་ཡང་དག་པར་རྫོགས་

པའི་སངས་རྒྱས་འོད་སྲུང་གི་བསླབ་པའི་མཚམས་ལས་འདས་པས་ཀླུའི་སྐྱེ་གནས་སྨད་པར་སྐྱེས་ན། ད་ངའི་འཁོར་ཡང་བསླུ་བར་འདོད་དམ་ཅི་སོང་ལ་སྤྲུལ་པ་ཐོང་སྟེ་རང་གི་ཆ་ལུགས་ཀྱིས་ཤོག་ཤིག །དེས་གསོལ་པ། བཙུན་པ་བདག་དང་། ཀླུ་མང་པོ་ཁོན་མཆིས་པས་ལ་ལས་

เล่ม ๑๐ · หน้า 281a

བདག་ལ་གནོད་པ་བགྱིས་སུ་མཆིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་སོང་ལ་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ལ་བསྲུང་བར་གྱིས་ཤིག །བཙུན་པ་དེ་ལྟར་འཚལ་ལོ་ཞེས་གནོད་སྦྱིན་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ལྟར་

མཉན་ནས་ཀླུའི་རྒྱལ་པོ་ཨེ་ལའི་འདབ་བསྲུང་བ་ལྷུར་ལེན་ཅིང་ཕྱི་བཞིན་འབྲང་ངོ་།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་ཉི་ཤུ་ལྔ་པ། དེ་ནས་ཀླུའི་རྒྱལ་པོ་ཨེ་ལའི་འདབ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་སྟེ་རང་གི་རང་བཞིན་དུ་མངོན་པར་བསྒྱུར་ནས་མཇུག་མ་ནི་

རྡོ་འཇོག་ན་འདུག །མགོ་བདུན་པོ་ནི་བཱ་རཱ་ཎ་སཱི་ན་འདུག་སྟེ། མགོ་རེ་རེ་ལ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་གྲུབ་པའི་ཤིང་ཨེ་ལ་སྐྱེས་པས་ཀུན་ནས་སྲིན་བུའི་རིགས་བརྒྱ་ཕྲག་དུ་མས་ནི་གང་། སྦྲང་བུའི་ཚོགས་དུ་མ་ནི་ལྡིང་ཞིང་འབབ། རྣག་དང་ཁྲག་གི་དྲི་མནམ་ཞིང་རབ་ཏུ་མནམ་

པ་ནི་འཛག་གོ། །དེ་ནས་སེམས་ཅན་རྣམས་ཀྱིས་མཐོང་ན་མིག་བསྒྱུར་བ་དེ་ལྟ་བུར་ལུས་བསྒྱུར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་པ་དང་། འཁོར་དེ་དག་གིས་ཀླུའི་རྒྱལ་པོ་ཨེ་

ལའི་འདབ་ཀྱི་ལུས་མཐོང་ན་མི་འདོད་པ་ཤིན་ཏུ་འཇིགས་སུ་རུང་བ། འདོད་ཆགས་དང་མ་བྲལ་བ་འཇིགས་པ་དང་། མྱ་ངན་དང་། སྐྱོ་བར་བྱེད་པ་ཆེ་ཞིང་གས་པ། རྩུབ་པ། མདངས་མེད་པ། ཁ་དོག་གི་རྣམ་པ་དང་དབྱིབས་ཀྱི་ཁྱད་པར་དུ་མ་དང་ལྡན་པ་མཐོང་ངོ་། །མཐོང་ནས་ཀྱང་སྐྲག་ནས་

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིས་པ་ཤིན་ཏུ་འཇིགས་སུ་རུང་བ་འདི་གང་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ནི་འཁོར་ལོས་སྒྱུར་བའི་ཆ་ལུགས་འཆང་ཞིང་ངའི་དྲུང་དུ་འོངས་པ་གང་

ལ་ཁྱེད་ཀྱིས་འཁོར་བའི་སྒོའི་ཁྱད་པར་འདོད་པས་ཆགས་པ་བསྐྱེད་པ་དེ་ཡིན་ཏེ། དེའི་ད་ལྟའི་ལུས་འདི་ནི་མི་འདོད་པའི་ལས་ཀྱི་ཉེས་པས་མངོན་པར་གྲུབ་པ་རང་བཞིན་པ་ཡིན་ནོ། །སྔ་མ་ནི་སྤྲུལ་པ་ཡིན་ནོ། །དེ་དག་གིས་ལས་ཆུད་མི་ཟ་བ་ཐོས་པས་ཡིད་མི་བདེ་བ་སྐྱེས་ཏེ་ཅང་མི་ཟེར་བར་འདུག་གོ། །

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด