འདུལ་བ་ཕྲན་ཚེགས་ཀྱི་གཞི

ชื่อสันสกฤต (อักษรทิเบต ตามตัวบท) བི་ན་ཡ་ཀྵུ་དྲ་ཀ་བསྟུ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๐ · หน้า 166b

སྙོམས་པར་ཞུགས། ང་འདུ་ཤེས་མེད་འདུ་ཤེས་མིན་སྐྱེ་མཆེད་ལས་ལངས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་ན། ཆུ་བོ་སྙན་ལྡན་གྱི་འགྲམ་གྱི་དགེ་སློང་རྣམས་ཀྱང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས་ཅི་ཡང་

མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས། ང་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ལངས་ནས་སྔ་མ་བཞིན་དུ་བསམ་གཏན་དང་པོའི་བར་ལ་སྙོམས་པར་ཞུགས་ན། ཆུ་བོ་སྙན་ལྡན་གྱི་འགྲམ་གྱི་དགེ་སློང་དག་ཀྱང་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ལངས་

ནས་སྔ་མ་བཞིན་དུ་བསམ་གཏན་དང་པོའི་བར་ལ་སྙོམས་པར་ཞུགས་ཀྱིས། མ་ལ་ད་ནི་ང་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། རྒྱུ་མཚན་དེ་དག་གིས་གང་ལ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་རྡུགས་པ་བསམ་གཏན་དང་པོ་

རྫོགས་པར་བྱས་ཏེ་གནས་པར་བྱའོ་སྙམ་ནས་ང་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། རྒྱུ་མཚན་དེ་དག་གིས་གང་ལ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་རྡུགས་པའི་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ། །དེ་ནས་ཆུ་བོ་སྙན་

ལྡན་གྱི་འགྲམ་གྱི་དགེ་སློང་དེ་དག་འདི་སྙམ་དུ་སེམས་ཏེ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ནི་ད་ལྟར་ཉིད་ཀྱི་གནས་པས་གནས་ཀྱིས། མ་ལ་བདག་ཅག་ཀྱང་རང་གི་གནས་པས་གནས་པར་བྱའོ་སྙམ་ནས་དེ་དག་ཀྱང་རང་གི་གནས་པས་གནས་པར་

བརྩམས་ཏེ། ཀུན་དགའ་བོ་དེ་ཙམ་གྱིས་ན་འཕགས་པའི་ཆོས་འདུལ་བ་ལ་འཕགས་པའི་ཡང་དག་པར་དགའ་བ་ཡིན་ཞིང་། དེ་ལྟར་ན་འཕགས་པའི་ཡང་དག་པར་དགའ་བས་ཡང་དག་པར་དགའ་བར་བྱས་པ་ཡིན་ནོ། །བཙུན་པ་འཕགས་པའི་

ཆོས་འདུལ་བ་ལ་འཕགས་པའི་ཡང་དག་པར་དགའ་བ་ནི་བཟང་ངོ་། །བཙུན་པ་འཕགས་པའི་ཆོས་འདུལ་བ་ལ་འཕགས་པའི་ཡང་དག་པར་དགའ་བ་ནི་ཤིན་ཏུ་བཟང་སྟེ། བཅོམ་ལྡན་འདས་ཀྱིས་ཆུ་བོ་སྙན་ལྡན་གྱི་འགྲམ་གྱི་དགེ་སློང་དག་

เล่ม ๑๐ · หน้า 167a

ཀྱང་འཕགས་པའི་ཡང་དག་པར་དགའ་བས་ཡང་དག་པར་དགའ་བར་མཛད་དོ། །བཅོམ་ལྡན་འདས་ཀྱིས་ཆུ་བོ་སྙན་ལྡན་གྱི་འགྲམ་གྱི་དགེ་སློང་རྣམས་འཕགས་པའི་ཡང་དག་པའི་དགའ་བས་ཡང་དག་པར་དགའ་བར་མཛད་དོ། །ཞེས་ཀུན་དུ་སྒྲ་གྲགས་པ་ཉེན་ཀོར་ན་འཁོད་

པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་ཐོས་ནས། དེ་རྣམས་བལྟ་བའི་ཕྱིར་འོང་བ་དང་། དེ་དག་ཉེ་བར་འོངས་པ་དེ་རྣམས་ལ་ཆོས་སྟོན་པར་བྱེད་དོ། །དེ་དག་ལ་ཆོས་སྟོན་པ་ན་ཁ་ནས་དྲི་མི་ཞིམ་པ་བྱུང་ནས་དེ་དག་ཕན་ཚུན་དུ་བལྟས་ནས་དྲིས་པ། འཕགས་པ་དྲི་མི་ཞིམ་པ་འདི་སུ་ལས་

བྱུང་། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོ་ཅག་གི་ཁ་ནས་བྱུང་ངོ་། །དེ་དག་གིས་སྨྲས་པ། འཕགས་པ་དག་ཅི་ཁྱེད་སོ་ཤིང་མི་འདོར་རམ། ཚེ་དང་ལྡན་པ་དག་མི་དོར་རོ། །འཕགས་པ་ཅིའི་སླད་དུ་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་

པ་ཅི་ཁྱེད་སོ་ཤིང་མ་ཟོས་པས་ཡོངས་སུ་དག་པར་འགྱུར་རམ། དེ་དག་ཅང་མི་ཟེར་བར་འཁོད་དོ། །སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་དག་གིས་ལེགས་པར་སྨྲས་སོ། །དེ་

ལྟ་བས་ན་གནང་གིས་དགེ་སློང་གིས་སོ་ཤིང་དོར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སོ་ཤིང་ལ་ཡོན་ཏན་ལྔ་སྟེ། ལྔ་གང་ཞེ་ན། མཁྲིས་པ་འདྲེན་པར་བྱེད། བད་ཀན་འདྲེན་པར་བྱེད། རླུང་འདྲེན་པར་བྱེད། ཁའི་དྲི་མི་ཞིམ་པ་སེལ་བར་བྱེད། ཡི་ག་འབྱེད་པར་བྱེད་ཅིང་དགེ་

སློང་དག་སོ་ཤིང་ནི་མིག་ལ་ཕན་པ་ཡང་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་སོ་ཤིང་དོར་བར་བྱའོ་ཞེས་གསུངས་པ་དང་། ཇི་ཙམ་ན་དགེ་སློང་གཞོན་ནུ་ཞིག་གིས་མི་དབེན་པར་འདུག་སྟེ། སོ་ཤིང་ཐུང་ངུ་ཞིག་དོར་བར་བརྩམས་པ་ན་བཅོམ་ལྡན་འདས་ཀྱང་ཕྱོགས་དེར་གཤེགས་སོ། །དེ་ནས་

དགེ་སློང་དེས་བཅོམ་ལྡན་འདས་མཐོང་བ་དང་སྤ་གོང་བར་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁ་གདངས་ཏེ་སོ་ཤིང་བཟའ་བ་གང་ཡིན་པ་ནི་བདག་གི་ཆ་མ་ཡིན་ནོ་སྙམ་ནས་དེས་མིད་པ་དང་མགྲིན་པར་ཐོགས་སོ། །སངས་རྒྱས་བཅོམ་ལྡན་འདས་

เล่ม ๑๐ · หน้า 167b

རྣམས་ནི་བསྙེལ་བ་མི་མངའ་བའི་ཆོས་ཅན་ཡིན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གཡོན་པ་འཁོར་ལོ་དང་། བཀྲ་ཤིས་དང་། གཡུང་དྲུང་ཅན་བསོད་ནམས་བརྒྱ་ཕྲག་དུ་མ་ལས་སྐྱེས་པ་འཇིགས་པ་རྣམས་ལ་དབུགས་འབྱིན་པར་མཛད་པས་མགོ་ནས་མནན་ཏེ། ཕྱག་གཡས་

པའི་མཛུབ་མོ་བཀུག་པས་ཁྲག་དང་བཅས་ཏེ་ཁ་ནས་ཕྱུང་སྟེ། དགེ་སློང་དེ་ལ་བཀའ་སྩལ་པ། དགེ་སློང་འདི་ཅི་ཡིན་དེས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་དག་མི་དབེན་པར་

སོ་ཤིང་ཟ་བ་ལས་གྱུར་ཏོ་སྙམ་དུ་མཁྱེན་ནས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་གཞོན་ནུ་ཆ་གེ་མོ་ཞིག་གིས་མི་དབེན་པར་འདུག་སྟེ་སོ་ཤིང་ཐུང་ངུ་ཞིག་ཟོས་པ་དང་། དེ་ལ་ཉེས་དམིགས་འདི་ལྟ་བུ་བྱུང་ངོ་། །དེ་ལྟ་བས་ན་དགེ་སློང་གིས་མི་དབེན་པར་འདུག་

སྟེ་སོ་ཤིང་བཟའ་བར་མི་བྱ། ཐུང་ངུར་ཡང་མི་བྱའོ། །དགེ་སློང་མི་དབེན་པར་འདུག་སྟེ་སོ་ཤིང་ཟ་འམ། ཐུང་ངུར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་མི་དབེན་པར་འདུག་སྟེ་སོ་ཤིང་བཟའ་བར་མི་བྱའོ་ཞེས་གསུངས་པ་དང་། དགེ་སློང་

གསར་བུ་རྣམས་གནས་བརྟན་དག་གི་ནང་དུ་འདུག་ནས་སོ་ཤིང་ཟ་བར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གསར་བུ་དག་གནས་བརྟན་རྣམས་ཀྱི་ནང་ན་འདུག་ཅིང་སོ་ཤིང་བཟའ་བར་མི་བྱ། མི་དབེན་པར་ཡང་མི་བྱའི་འོན་ཀྱང་གསུམ་ནི་དབེན་པར་བྱ་

སྟེ། བཤང་བ་དང་། གཅི་བ་དང་། སོ་ཤིང་བཟའ་བའོ། །བཅོམ་ལྡན་འདས་ཀྱིས་སོ་ཤིང་ཐུང་ངུ་བཟའ་བར་མི་བྱའོ་ཞེས་གསུངས་པ་དང་། དྲུག་སྡེ་རྣམས་ལྕུག་མ་རིང་པོ་རིང་པོ་དག་ཟ་བར་རྩོམ་པ་དགེ་སློང་དག་གིས་མཐོང་ནས་སྨོད་དེ། ཚེ་དང་ལྡན་པ་དག་ཅི་ལྷག་ཆད་དུ་བྱེད་དམ། འདི་ལ་

ལྷག་ཆད་ཅི་ཞིག་ཡོད། ཁྱོད་ཀྱིས་དགེ་སློང་སོ་ཤིང་ཐུང་ངུ་ཟོས་ཏེ་དེའུ་ཤི་བ་ལས་བཅོམ་ལྡན་འདས་ཀྱིས་བསྐྱབས་པ་མ་མཐོང་ངམ། ཅི་ཁྱེད་ཅག་ངེད་ཀྱི་ལྷུང་བཟེད་དང་ཆོས་གོས་འདོད་དམ། འདི་ལ་ཕན་ཡོན་གཞན་དག་ཀྱང་ཡོད་དེ་རྫ་མའི་འོག་ཏུ་བུད་པ་དང་། དགེ་སྦྱོང་བརྡབ་པའོ། །དེ་དག་

เล่ม ๑๐ · หน้า 168a

ཅང་མི་ཟེར་བར་འཁོད་ནས། སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་སོ་ཤིང་ཧ་ཅང་རིང་པོ་བཟའ་བར་མི་བྱ་སྟེ། དགེ་སློང་སོ་ཤིང་ཧ་ཅང་རིང་པོ་ཟ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་

རོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཅྭ་ལྔ་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་སོ་ཤིང་རིང་པོ་བཟའ་བར་མི་བྱའོ་ཞེས་གསུངས་པ་དང་། དགེ་སློང་དག་གིས་ཚད་ཇི་ཙམ་བཟའ་བར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་ཤིང་རྣམ་པ་གསུམ་

སྟེ། རིང་པོ་དང་འབྲིང་དང་ཐུང་ངུའོ། །རིང་པོ་ནི་སོར་བཅུ་གཉིས་སོ། །ཐུང་ངུ་ནི་སོར་བརྒྱད་དོ། །དེའི་བར་ནི་འབྲིང་པོའོ། །བཅོམ་ལྡན་འདས་ཀྱིས་ཕྱོགས་དབེན་པ་དག་ཏུ་སོ་ཤིང་བཟའ་བར་བྱའོ་ཞེས་གསུངས་པ་དང་། ནད་པ་དང་རྒན་པོ་འཁོགས་པ་དག་གིས་གནས་དབེན་པར་འགྲོ་མི་ནུས་

ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་ཆོལ་ཟངས་གཞག་པར་བྱའོ། །དགེ་སློང་དག་གིས་ཁང་བཟངས་སུ་དེ་བཞིན་གྱོ་མོ་དག་ཉེ་བར་བཞག་པ་དང་། དེ་ལ་རྐང་པས་རེག་པས་འགྱེལ་ཏེ་ས་གཞི་མ་རུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གླང་པོ་

ཆེའི་རྐང་པ་ལྟ་བུ་དག་ཉེ་བར་གཞག་པར་བྱའོ། །གཞན་དག་གིས་ཆོལ་ཟངས་མ་རྙེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་ཆུ་ཁུང་གི་སྒོར་བཟའ་བར་བྱའོ། །དགེ་སློང་དག་ཆུ་ཁུང་གི་སྒོ་ནས་ཧ་ཅང་ཐག་རིང་བ་ན་ཟ་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་

ཁུང་གི་སྒོ་ནས་ཁྲུ་གང་ཉེན་ཀོར་དུ་འདུག་སྟེ་བཟའ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་སོ་ཤིང་བཟའ་བར་བྱའོ་ཞེས་གསུངས་པ་དང་། དགེ་སློང་དག་གིས་སོ་ཤིང་ཟ་ཞིང་ལྕེ་མ་བཞར་བས་ཉེས་དམིགས་དེ་ཉིད་དུ་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་ཤིང་ཟོས་

ནས་ལྕེ་བཞར་བར་བྱའོ། །བཅོམ་ལྡན་འདས་ཀྱིས་སོ་ཤིང་ཟོས་ནས་ལྕེ་བཞར་བར་བྱའོ་ཞེས་གསུངས་པ་དང་། དགེ་སློང་རྣམས་ཅི་ཞིག་གིས་ལྕེ་བཞར་བར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་ལྕེ་བཞར་བཅང་བར་བྱའོ། །བཅོམ་

เล่ม ๑๐ · หน้า 168b

ལྡན་འདས་ཀྱིས་ལྕེ་བཞར་བཅང་བར་བྱའོ་ཞེས་གསུངས་པ་དང་། དྲུག་སྡེ་རྣམས་ཀྱིས་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་ལས་བྱས་པའི་ལྕེ་བཞར་བཅངས་པ་བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་ནས་སྨྲས་པ། འཕགས་པ་འདི་ཅི་ཞིག །བཞིན་བཟངས་བཅོམ་ལྡན་འདས་

ཀྱིས་ལྕེ་བཞར་གནང་ངོ་། །འཕགས་པ་ཅི་དགེ་སྦྱོང་ཁྱེད་འདོད་པའི་ཡོན་ཏན་གྱིས་གཟིར་ཏམ། དེ་དག་ཅང་མི་ཟེར་བར་འཁོད་དོ། །སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྕེ་བཞར་བཞི་བཅང་བར་བྱ་སྟེ། ར་གན་དང་

ཟངས་མ་དང་ལྕགས་དང་ཁར་བའི་འོ། །དགེ་སློང་དག་གིས་རྣོན་པོར་བྱས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣོན་པོར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་ལྕེ་བཞར་བཞི་བཅང་བར་བྱའོ་ཞེས་གསུངས་པ་དང་། དགེ་སློང་ཁ་ཅིག་གིས་མ་འབྱོར་ནས། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། གང་དག་གིས་མ་འབྱོར་པ་དེ་དག་གིས་སོ་ཤིང་དེ་ཉིད་བཀས་ཏེ། ལྕེ་བཞར་བར་བྱའོ། །དགེ་སློང་དག་གིས་སོ་ཤིང་བཀས་ནས་མ་སྦྱངས་པར་ལྕེ་བཞར་བ་དང་སྣད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་ཤིང་བཀས་ཏེ་ཕན་ཚུན་དྲུད་ནས་ལྕེ་བཞར་བར་བྱའོ། །

དགེ་སློང་དག་གིས་སོ་ཤིང་ཟོས་ནས་སྒྲ་མ་ཕྱུང་བར་དེ་བཞིན་བོར་བ་དང་། གཙུག་ལག་ཁང་དེ་ན་གནས་པ་དག་གི་མགོར་ཕོག་སྟེ། དེ་དག་ཕྱ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་མི་དོར་གྱི་འོན་ཀྱང་སྒྲ་དབྱུང་བར་བྱའོ། །དགེ་སློང་དག་སོ་ཤིང་འདོར་བ་ན་སྒྲ་འབྱིན་གྱི།

གཞན་ཡང་གང་ཅུང་ཟད་བཤང་བ་དང་། གཅི་བ་དང་མཆིལ་མ་དང་སྣབས་དང་། སྐྱུགས་པ་དང་འཁྲུ་བ་དག་དེ་བཞིན་བོར་བ་དང་། ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཅུང་ཟད་བཤང་བ་དང་། གཅི་བ་ལ་སོགས་པ་ཐམས་ཅད་

ལ་སྒྲ་དབྱུང་ཞིང་དོར་བར་བྱའོ། །བཅོམ་ལྡན་འདས་ཀྱིས་སོ་ཤིང་བཟའ་བར་བྱའོ་ཞེས་གསུངས་པ་དང་། དགེ་སློང་དག་ལམ་དུ་ཞུགས་པ་ན། ལམ་དུ་ཞུགས་པ་དེ་རྣམས་ལ་ཕྱོགས་ཁ་ཅིག་ན་ཤིང་དང་ལོ་མ་དང་ཡལ་ག་མེད་དེ་སོ་ཤིང་མ་རྙེད་ནས་དེ་དག་ཟན་གཅད་པར་བྱེད་པ་དང་།

เล่ม ๑๐ · หน้า 169a

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟན་གཅད་པར་མི་བྱའི། འོན་ཀྱང་ལྕི་བའི་ཕྱེ་མ་འམ། ལྕི་བས་ཁ་རུང་བར་བྱས་ལ་ལན་གསུམ་བཤལ་ནས་བཟའ་བར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་

མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་དགེ་ཚུལ་ཙུན་ད་དང་། སྒྲ་ཅན་ཟིན་དང་གཉིས་ཡོད་དོ། །དེ་ནས་དུས་གཞན་ཞིག་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་ལྗོངས་རྒྱུར་ཆས་པ་ན་དགེ་སྦྱོང་གི་མཆེད་ཙུན་ད་དང་། སྒྲ་ཅན་ཟིན་ལ་སྨྲས་པ། །དགེ་ཚུལ་དག་ང་ནི་

ལྗོངས་རྒྱུ་ཞིང་འགྲོ་ན། ཁྱེད་འདུག་གམ་འོན་ཏེ་འགྲོ། ཚེ་དང་ལྡན་པ་ཙུན་ངས་སྨྲས་པ། མཁན་པོ་བདག་ནི་ཁྱོད་ཁོ་ན་དང་ལྷན་ཅིག་མཆིའོ། །སྒྲ་ཅན་ཟིན་གྱིས་སྨྲས་པ། མཁན་པོ་བདག་ནི་འདི་ཉིད་ན་མཆིས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། སྒྲ་ཅན་ཟིན་གལ་ཏེ་དེ་ལྟ་ན་སུ་ལ་གཏད།

དེས་སྨྲས་པ། མཁན་པོ་བཙུན་པ་འཆར་ཀ་ལ་གཏད་དུ་གསོལ། དེའི་དྲུང་ན་མཆིས་སོ། །དེས་སྨྲས་པ། སྒྲ་ཅན་ཟིན་དེ་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་པས་ཁྱོད་ལ་གནོད་པ་བྱེད་པར་མི་འགྱུར་གྲང་། མཁན་པོ་དེ་ནི་བདག་གི་ཕ་མ་དང་འདྲ་བར་གནས་པ་ལགས་པས་དེས་གནོད་པ་ཅི་ཞིག་བགྱིད་

པར་འགྱུར། དེས་དེ་ལ་གཏད་ནས་ལྗོངས་རྒྱུར་ཆས་པ་དང་། དེ་དང་སྒྲ་ཅན་ཟིན་ཡང་གཙུག་ལག་ཁང་ནས་བྱུང་ངོ་། །དེས་སྨྲས་པ། སྒྲ་ཅན་ཟིན་འདི་དང་འདི་གྱིས་ཤིག །དེས་སྨྲས་པ། མི་བྱེད་དོ། །འཆར་ཀས་ཁྲོས་ཏེ་སྨྲས་པ། བླུན་པོ་འདི་ཙམ་ཡང་མི་བྱ་ན་གཞན་ཅི་ཞིག་བྱ་དེས་སྨྲས་པ། ཅི་ཁྱོད་

ངའི་སློབ་དཔོན་ཡིན་ནམ། མཁན་པོ་ཡིན་ནམ། མི་བྱེད་དོ། །འཆར་ཀ་ཇེ་ཁྲོས་ནས་དེས་དེའི་མགུལ་ནས་བཟུང་སྟེ་གཙུག་ལག་ཁང་ནས་བསྐྲད་པ་དང་། དེ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་ངུ་ཞིང་འདུག་གོ། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འཁོར་ལྔ་བརྒྱ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་

དུ་རྒྱལ་བྱེད་ཀྱི་ཚལ་དུ་འོངས་པ་དང་། དེས་དེ་ངུ་བ་མཐོང་ནས་སྨྲས་པ། འཕགས་པ་སྒྲ་ཅན་ཟིན་ཅི་སྟེ་བཤུམས། གཽ་ཏ་མཱི་བདག་བསྐྲད་དོ། །སུ་ཞིག་གིས། ཚེ་དང་ལྡན་པ་འཆར་ཀས་སོ། །དེས་བསམས་པ་བདག་གིས་སངས་རྒྱས་ཀྱི་སྲས་ལ་རྒྱབ་བསྟན་ཏེ་འགྲོ་བ་གང་ཡིན་པ་ནི་བདག་གི་ཆ་མ་

เล่ม ๑๐ · หน้า 169b

ཡིན་ནོ་སྙམ་ནས་དེ་དག་གིས་དེ་བསྐོར་ཏེ་འཁོད་དོ། །ཇི་ཙམ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་འོངས་པ་དང་། དེས་ཀྱང་དེ་ལ་དྲི་བར་བརྩམས་པ། འཕགས་པ་སྒྲ་ཅན་ཟིན་ཅི་སྟེ་བཤུམས། དེས་ཇི་ལྟར་གྱུར་པ་བསྙད་པ་དང་། དེས་ཀྱང་བསམས་

པ་བདག་གིས་སངས་རྒྱས་ཀྱི་སྲས་དང་། སངས་རྒྱས་ཀྱི་སྲུ་ལ་རྒྱབ་བསྟན་ཏེ་འགྲོ་བ་གང་ཡིན་པ་ནི་བདག་གི་ཆ་མ་ཡིན་ནོ་སྙམ་ནས་དེས་ཀྱང་དེ་བསྐོར་ཏེ་འདུག་གོ། །ཐ་གི་ཙམ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་འོངས་ཏེ་དེས་ཀྱང་དེ་ལ་དྲི་བར་བརྩམས་

པ། ཚེ་དང་ལྡན་པ་སྒྲ་ཅན་ཟིན་ཅི་སྟེ་བཤུམས། དེས་ཇི་ལྟར་གྱུར་པ་བསྙད་པ་དང་། དེས་བསམས་པ་བདག་གིས་སངས་རྒྱས་ཀྱི་སྲས་དང་། སངས་རྒྱས་ཀྱི་སྲུ་དང་། རྒྱལ་པོ་ལ་རྒྱབ་བསྟན་ཏེ་འགྲོ་བ་གང་ཡིན་པ་ནི་བདག་གི་ཆ་མ་ཡིན་ནོ་སྙམ་ནས་དེས་ཀྱང་དེ་བསྐོར་ཏེ་འདུག་གོ། །

བར་སྐབས་དེར་ཀུན་དགའི་ར་བའི་ནང་དུ་སྒྲ་མཐོན་པོ་སྒྲ་ཆེན་པོ་དང་། སྐྱེ་བོའི་ཚོགས་ཕལ་པོ་ཆེའི་སྒྲ་སྐད་བྱུང་བར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་

པ། ཀུན་དགའ་བོ་ཀུན་དགའི་ར་བ་ན་སྒྲ་མཐོན་པོ་སྒྲ་ཆེན་པོ་དང་། སྐྱེ་བོའི་ཚོགས་ཕལ་པོ་ཆེའི་སྒྲ་སྐད་གྲག་པ་འོ་ནི་ཅི་ཞིག །དེས་གནས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་དག་དགེ་སློང་དགེ་འདུན་

གྱི་གཙུག་ལག་ཁང་ནས་སྐྲོད་པར་བྱེད་དམ། བཅོམ་ལྡན་འདས་སྐྲོད་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་ནི་རང་གི་གནས་ཁང་ལ་དབང་གི་དགེ་འདུན་གྱི་གཙུག་ལག་ཁང་ལ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་གིས་དགེ་སློང་དགེ་འདུན་གྱི་གཙུག་ལག་ཁང་

ནས་བསྐྲད་པར་མི་བྱའོ། །སྐྲོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་སློང་དགེ་འདུན་གྱི་གཙུག་ལག་ཁང་ནས་བསྐྲད་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལ་ཅུང་ཟད་ཀྱང་མ་སྨྲས་པས་དེ་དག་

เล่ม ๑๐ · หน้า 170a

དབང་དུ་མ་གྱུར་ཅིང་མ་དུལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐུལ་གཞུག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཐུལ་གཞུག་པར་བྱའོ་ཞེས་བཀའ་སྩལ་ན། དེ་དག་གིས་ཇི་ལྟར་ཐུལ་གཞུག་པར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐུལ་

གཞུག་པ་ནི་ལྔ་སྟེ། མི་སྨྲ་བ་དང་མི་གདམས་པ་དང་ལོངས་མི་སྤྱོད་པ་དང་། དགེ་བའི་ཕྱོགས་རྒྱུན་གཅད་པ་དང་གནས་དགག་པའོ། །དེ་ལ་མི་སྨྲ་བ་ནི་སྨྲ་བར་མི་བྱ་བ་དང་། ཀུན་དུ་སྨྲ་བར་མི་བྱའོ། །མི་གདམས་པ་ནི་གདམས་པར་མི་བྱ་བ་དང་རྗེས་སུ་བསྟན་པར་མི་བྱའོ། །ལོངས་མི་སྤྱད་པ་

ནི་དེ་དག་ལས་རིམ་གྲོ་བདག་གིར་མི་བྱ་བ་དང་། ཟང་ཟིང་གི་ལོངས་སྤྱད་མི་བྱ་བ་དང་ཆོས་ཀྱི་ལོངས་སྤྱོད་ཀྱང་མི་བྱ་བའོ། །དགེ་བའི་ཕྱོགས་རྒྱུན་གཅད་པ་ནི་དེ་དག་གིས་དགེ་བའི་ཕྱོགས་གང་བརྩམས་པ་དེ་རྒྱུན་གཅད་པར་བྱ་བའོ། །གནས་དགག་པ་ནི་དེ་དག་གནས་འཆར་མི་

གཞུག་པའོ། །བཅོམ་ལྡན་འདས་ཀྱིས་ཐུལ་གཞུག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ཁྱད་པར་མེད་པར་ཐུལ་འཇུག་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ལྔ་དང་ལྡན་པའི་ལྷན་ཅིག་གནས་པའམ། ཉེ་གནས་ཐུལ་གཞུག་པར་བྱ་སྟེ། ལྔ་

གང་ཞེ་ན། མ་དད་པ་དང་། ལེ་ལོ་ཅན་དང་བཀའ་བློ་མི་བདེ་བ་དང་མ་གུས་པ་དང་སྡིག་པའི་གྲོགས་པོ་ཅན་ནོ། །དགེ་སློང་དག་གང་ཞིག་ཆོས་ལྔ་ཅར་དང་ལྡན་པ་དེ་ཁོ་ན་ཐུལ་འཇུག་པར་བྱེད་ཀྱི། གང་ཞིག་དེ་དག་ལས་གང་ཡང་རུང་བ་ཞིག་དང་ལྡན་པ་དེ་ནི་ཐུལ་འཇུག་པར་མི་བྱེད་ནས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ལྔ་པོ་འདི་དག་ལས་གང་ཡང་རུང་བ་ཞིག་དང་ལྡན་ན་དེ་ཡང་ཐུལ་གཞུག་པར་བྱའོ། །དེ་ཐུལ་བཅུག་པ་དང་གཞན་སྡུད་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཁན་པོ་དང་སློབ་དཔོན་དག་གིས་ཐུལ་བཅུག་པ་བསྡུ་བར་མི་བྱ་སྟེ།

བྱེད་ན་དབྱེན་དང་ཉེ་བའི་ཉེས་པ་སྦོམ་པོར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ལྷན་ཅིག་གནས་པའམ། ཉེ་གནས་ཐུལ་བཅུག་པ་སུས་ཀྱང་བསྡུ་བར་མི་བྱ་སྟེ། བྱེད་ན་དབྱེན་དང་ཉེ་བའི་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བཀའ་སྩལ་པ་དང་སུས་ཀྱང་མ་བསྡུས་པས་དེ་དག་ཤིན་ཏུ་མ་གུས་པར་གྱུར་ཏེ་

เล่ม ๑๐ · หน้า 170b

ཁ་ཅིག་ནི་ཡུལ་གཞན་དུ་འགྲོ། །ཁ་ཅིག་ནི་བསྟན་པ་ལས་འདའ་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་དེ་སྡུམས་བྱེད་པའི་དགེ་སློང་བསྐོ་བར་བྱའོ། །དེ་དག་གིས་མི་མཁས་པ་བསྐོས་ཏེ། དེ་སོང་ནས་ཚེ་དང་ལྡན་པ་ཁྱོད་ཀྱི་མཁན་པོ་ན་རེ་ཚུར་སྤྱོན་བཟོད་པ་

མཛོད་ཅིག་ཅེས་ཟེར་རོ་ཞེས་བྱས་པ་དང་། དེ་ཇེ་ཁེངས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་རང་གི་བློ་གྲོས་ཀྱིས་སྡུམས་བྱེད་པའི་མཁས་པ་བསྐོ་བར་བྱའོ། །ཐམས་ཅད་ལ་ཁྱད་པར་མེད་པར་བཟོད་པ་གསོལ་བས་དེ་དག་དགེ་བའི་ཆོས་མི་འཕེལ་

ཞིང་གསར་བུ་གཞན་དག་ཀྱང་བསྟན་པ་ལས་གྱེད་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ལྔ་དང་ལྡན་པ་ལ་བཟོད་པ་གསོལ་བར་བྱ་སྟེ། དད་པ་ཅན་དང་བརྩོན་འགྲུས་བརྩམས་པ་དང་། གུས་པ་དང་བཀའ་བློ་བདེ་བ་དང་དགེ་བའི་བཤེས་གཉེན་ཅན་ནོ། །

དགེ་སློང་དག་གང་ཞིག་ཆོས་ལྔ་ཅར་ལྡན་པ་དེ་ལ་བཟོད་པ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་དེ་དག་ལས་གང་ཡང་རུང་བ་ཞིག་དང་ལྡན་པ་དེ་ལ་བཟོད་པ་གསོལ་བར་བྱའོ། །དགེ་སློང་ཐུལ་གཞུག་པར་མི་འོས་པ་ཐུལ་འཇུག་ན་འགལ་ཚབས་ཅན་དུ་

འགྱུར་རོ། །ཐུལ་གཞུག་པར་འོས་པ་ཐུལ་མི་འཇུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཟོད་པ་གསོལ་བར་འོས་པ་ལ་བཟོད་པ་མི་གསོལ་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཟོད་པ་གསོལ་བར་མི་འོས་པ་ལ་བཟོད་པ་གསོལ་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ལ་ཆོས་གོང་མ་ལྔ་ལས་གང་ཡང་

རུང་བ་ཞིག་དང་ལྡན་པ་བཟོད་པ་གསོལ་ཏེ། གལ་ཏེ་སེམས་ངད་ལྡང་བར་འགྱུར་བ་ལྟ་ན་བཟོད་པ་གསོལ་བར་བྱའོ། །སེམས་ངད་མི་ལྡང་བ་ལྟ་ན་བཟོད་པ་གསོལ་བར་མི་བྱའོ། །གང་ཞིག་ཆོས་ལྔ་ཅར་དང་ལྡན་པ་དེ་ལ་ནི་བཟོད་པ་གསོལ་བར་མི་བྱ་བ་ཉིད་དེ། བཟོད་པ་གསོལ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་

རོ། །གང་ཞིག་བཟོད་པ་མི་བྱེད་པ་དེ་གལ་ཏེ་དགེ་ཚུལ་ཡིན་ན་ཆུ་ཚགས་དང་། རིལ་བ་དང་སྟོད་གཡོགས་དང་། སྨད་གཡོགས་བཅས་པ་བྱིན་ཏེ་བསྐྲད་པར་བྱའོ། །འོན་ཏེ་བསྙེན་པར་རྫོགས་པའམ་བསྙེན་པར་རྫོགས་པར་འདོད་པ་ཞིག་ཡིན་ན་ཡོ་བྱད་ལྔ་བྱིན་ཏེ་བསྐྲད་པར་བྱའི་སྒྲེན་མོར་ནི་མི་བྱའོ།། །།

เล่ม ๑๐ · หน้า 171a

སྡོམ་ནི། །ཁང་བཟངས་སྟེགས་བུ་དེ་བཞིན་དུ། །ལན་ཀན་དྲ་བ་ཟུ་ང་དང་། །ཕྱགས་མ་དང་ནི་ཡང་ཏོག་དང་། །ཡང་ཏོག་ལན་ཀན་གདགས་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་

བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་གནས་མལ་རྣམས་ཀྱི་ནང་ན་ཤིང་དྲུང་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །ལྷག་པར་རྙེད་ན་གནས་ཁང་ངམ།

སྔ་ཁང་ངམ་ཁང་པ་རྩེག་མའམ་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་གནས་ཁང་དག་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁང་བཟངས་བྱའོ། །བཅོམ་ལྡན་འདས་ཀྱིས་ཁང་བཟངས་བྱའོ་ཞེས་བཀའ་སྩལ་ན། དགེ་སློང་དག་གིས་ཇི་ལྟ་བུར་བྱ་བ་མི་ཤེས་

ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞི་སོ་ཕག་རིམ་པ་བདུན་ནམ་བརྒྱད་བརྩིགས་ཏེ་སྟེགས་བུ་པུས་མོ་ཙམ་དུ་ཕྱིན་པ་དང་ཀ་རྟེན་གཞག་གོ། །དེའི་སྟེང་དུ་ཀ་བའི་ཕྲེང་བ་གཟུགས་སོ། །ཀ་བ་རྣམས་ཀྱི་སྟེང་དུ་ཀ་ཞུའོ། །ཀ་ཞུའི་སྟེང་དུ་གདུང་ངོ་། །གདུང་

གི་སྟེང་དུ་སྤང་ལེབ་པོ། །དེ་རྣམས་ཀྱི་སྟེང་དུ་སོ་ཕག་གིས་གཡོགས་སོ། །དེ་ནས་སོ་ཕག་གི་ཕྱེ་མས་གཡོགས་ཏེ། ཁང་བཟངས་ནི་དེ་ལྟར་བྱའོ། །བཅོམ་ལྡན་འདས་ཀྱིས་ཁང་བཟངས་དེ་ལྟར་བྱའོ་ཞེས་བཀའ་སྩལ་ནས་དགེ་སློང་རྣམས་ཀྱིས་ཁང་བཟངས་བྱས་ཏེ་ལན་ཀན་མ་བྱས་ནས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལན་ཀན་བྱའོ། །ལན་ཀན་བྱས་པ་དང་དེ་ལྷུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྱོར་པར་བྱ་ཞིང་དེ་ལྕགས་ཀྱི་གཟེར་བུ་དག་གིས་གདབ་པར་བྱའོ། །དགེ་སློང་རྣམས་ཁང་བཟངས་སུ་ཟན་ཟ་བ་ན་བྱེའུ་དང་ཕུག་རོན་དག་གིས་

གཙེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱས་གཅད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་རྒྱས་གཅད་པར་བྱའོ་ཞེས་བཀའ་སྩལ་ན། དགེ་སློང་དག་གིས་ཇི་ལྟ་བུ་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱ་ནི་ལྔ་སྟེ། ཤ་ན་ལས་བྱས་པ་

เล่ม ๑๐ · หน้า 171b

དང་། རྩྭ་མུན་ཛ་ལས་བྱས་པ་དང་། རྩྭ་བལ་བ་ཛ་ལས་བྱས་པ་དང་། རྩྭ་ཀུ་ཤ་ལས་བྱས་པ་དང་། སྲད་བུ་ལས་བྱས་པའོ། །དགེ་སློང་དག་གིས་ཕྱོགས་གང་དུ་བྲེ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲྭ་བཞི་ནས་ཟུ་ང་ཐོགས་པ་དེ་དག་ལ་ལེགས་པར་

གདགས་པར་བྱའོ། །དེ་རྣམས་ཀྱིས་ཤིང་གི་ཟུ་ང་བཏགས་པ་དང་། ཉི་མས་གས་ཤིང་ཆར་གྱི་ཆུས་ཀྱང་རུལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྕགས་ལས་བྱས་པ་གདགས་པར་བྱའོ། །བྱ་རོག་དང་བྱེའུ་དང་ཕུག་རོན་དག་ཕྱིན་ཅད་མི་འོང་ནས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། ཕྱོགས་གཅིག་ཏུ་བྱ་རོག་གི་ཁུང་གདོད་པར་བྱ་ཞིང་དེ་ཡང་ཟན་ཟ་བའི་དུས་སུ་ཆོད་ལ་དགེ་སློང་དག་ཟན་ཟོས་ཟིན་ནས་ཡང་དབྱེ་བར་བྱའོ། །དགེ་སློང་ཞིག་ཟན་ཟ་བ་ན་དེའི་མདུན་ན་ཁྱི་ཞིག་བདག་ལ་གདོན་མི་ཟ་བར་སྦྱིན་པར་འགྱུར་རོ་སྙམ་ནས།

རེ་བཞིན་སྡོད་པ་ལས་དགེ་སློང་དེས་དེ་ལ་མ་བྱིན་པ་དང་། དེ་ཡི་ཆད་དེ་དུས་ལས་འདས་སོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུད་འགྲོའི་ཕྱིར་ཟས་ཀྱི་ཆང་བུ་གཞག་པར་བྱའོ། །བཅོམ་ལྡན་

འདས་ཀྱིས་དུད་འགྲོའི་ཕྱིར་ཟས་ཀྱི་ཆང་བུ་གཞག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དགོན་པ་པ་ཞིག་འདུག་པ་དེས་ཝ་རྣམས་ལ་ཟས་ཀྱི་ཆང་བུ་བྱིན་ཏེ་བྱ་རོག་དག་བསྐྲད་པ་དང་། དེ་དག་ཁྲོས་ནས་བྱ་རོག་གི་སྐད་དུ་རྐུན་པོའི་སྡེ་དཔོན་ལ་དགེ་སློང་འདི་ལ་གསེར་མང་དུ་

ཡོད་དོ་ཞེས་སྨྲས་སོ། །རྐུན་པོའི་སྡེ་དཔོན་དེ་བྱ་རོག་གི་སྐད་ལ་མཁས་པ་ཞིག་པས་དེས་དགེ་སློང་དེ་ལ་བརྡེག་པར་བརྩམས་པ་དང་། དེས་སྨྲས་པ། ཀྱེ་སྐྱེས་བུ་ང་ལ་ཅི་སྟེ་བརྡེག །དེས་སྨྲས་པ། འཕགས་པ་ཁྱོད་ལ་གསེར་ཡོད་པ་བྱིན་ཅིག །དེས་སྨྲས་པ། ཀྱེ་སྐྱེས་བུ་

ང་ལ་གསེར་གྱི་འབྱོར་པ་ག་ལ་ཡོད། དམིགས་མེད་པར་མ་རྡེག་ཤིག །དེས་སྨྲས་པ། ཁྱོད་ལ་གསེར་ཡོད་ཀྱིས་བྱིན་ཅིག །གལ་ཏེ་མི་སྟེར་ན་ཁྱོད་ངས་གསད་དོ། །དེས་སྨྲས་པ། ཀྱེ་སྐྱེས་བུ་ཁྱོད་ནི་གཅིག་གིས་བསླུས་ན་ཁྱོད་ལ་སུ་ཟེར་བ་སྨྲོས་ཤིག་རྐུན་པོའི་སྡེ་

เล่ม ๑๐ · หน้า 172a

དཔོན་གྱིས་སྨྲས་པ། བྱ་རོག་དག་ཟེར་རོ། །དེས་སྨྲས་པ། ཀྱེ་སྐྱེས་བུ་དེ་དག་ནི་ང་ལ་ཁྲོས་པ་ཡིན་ནོ། །ཅིའི་ཕྱིར། དེས་ཇི་ལྟར་གྱུར་པ་བསྙད་པ་དང་། རྐུན་པོའི་སྡེ་དཔོན་གྱིས་སྨྲས་པ། འཕགས་པ་གལ་ཏེ་ཁྱོད་ཀྱིས་བདག་ལ་དེ་སྐད་དུ་དྲང་པོར་མ་

སྨྲས་པར་གྱུར་ན་བདག་ཁྱོད་བསད་པར་གྱུར་ཏོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཉེས་དམིགས་འདི་དག་བསྡོས་ཏེ་བཞག་པ་ལས་གྱུར་གྱིས་དེ་ལྟ་བས་ན་སེམས་ཅན་ཐམས་ཅད་

ཀྱི་ཕྱིར་སྤྱི་ལ་ཅི་བདེ་བའི་ཟས་ཀྱི་ཆང་བུ་གཞག་པར་བྱའོ། །དབྱར་ཁང་བཟངས་ཆུས་གང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱབས་བྱའོ། །བཅོམ་ལྡན་འདས་ཀྱིས་སྐྱབས་བྱའོ་ཞེས་བཀའ་སྩལ་ན། དགེ་སློང་དག་སྐྱབས་ཇི་ལྟ་བུ་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། ཀ་བའི་བར་རྣམས་སུ་སྤང་ལེབ་ཀྱིས་གཅད་པར་བྱའོ། །ཐམས་ཅད་དུ་བཅད་པས་མུན་ནག་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་དུ་གཅད་པར་མི་བྱའི་འོན་ཀྱང་སྣང་བའི་ས་གཞག་པར་བྱའོ། །ཤིང་དག་མ་རྙེད་ནས་

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རེ་ལྡེ་འམ་སེག་གིས་གཅད་པར་བྱའོ། །དེ་དག་གིས་བཅད་པ་དང་ཆུས་རུལ་ཅིང་སྲིལ་དག་ཀྱང་ཞུགས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟླ་བ་བཞི་བཞིར་བཞག་ནས་ཕྱིས་དབྱུང་བར་བྱའོ། །སངས་རྒྱས་བཅོམ་ལྡན་

འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དུ་སྤྱོད་པ་ནི་ནང་པར་སྔར་ལངས་ནས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་ཉེ་བར་སོང་ནས་རྒྱལ་བྱེད་ཀྱི་ཚལ་རང་གིས་འཕྱག་གོ། །དེ་ནས་

དུས་གཞན་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་བྲེལ་བ་འགའ་ཞིག་བྱུང་ནས་དེ་མ་འོངས་པ་དང་། རྒྱལ་བྱེད་ཀྱི་ཚལ་མ་ཕྱགས་པར་ལུས་ཏེ་ཕྱག་དར་གྱིས་གང་བ་དེ་བཅོམ་ལྡན་འདས་འཆག་པས་གཟིགས་སོ། །གཟིགས་ནས་ཀྱང་ཀྱེ་མ་ལྷའི་དབང་པོ་བརྒྱ་བྱིན་གྱིས་རི་སྤོས་ཀྱི་ངད་

เล่ม ๑๐ · หน้า 172b

ལྡང་ལས་ཕྱགས་མ་ཁྱེར་ཏེ་འོངས་ཀྱང་བླ་ན་སྙམ་དུ་འཇིག་རྟེན་པའི་ཐུགས་བསྐྱེད་དེ། ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་པའི་ཐུགས་བསྐྱེད་པར་མཛད་པ་དེའི་ཚེ་སྲོག་ཆགས་གྲོག་སྦུར་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་ཤེས་སོ། །

གང་གི་ཚེ་འཇིག་རྟེན་ལས་འདས་པའི་སེམས་བསྐྱེད་པར་མཛད་པ་དེའི་ཚེ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་མི་ཤེས་ན་དུད་འགྲོའི་སྐྱེ་གནས་སུ་སུ་སོང་བའི་སྲོག་ཆགས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཅིའི་

ཕྱིར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་སྙམ་དུ་བསམས་ན་རྒྱལ་བྱེད་ཀྱི་ཚལ་ཕྱག་བཞེད་པར་མཐོང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་ཤེས་ནས་ཤིང་བལ་ལྟར་རེག་ན་འཇམ་པའི་ཕྱགས་མ་ལྔ་བརྒྱ་བླངས་ཏེ། བཅོམ་ལྡན་

འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསོད་ནམས་འདོད་པའི་སེམས་ཅན་རྣམས་ལ་བསོད་ནམས་ཀྱི་སྟེགས་ཉེ་བར་བསྟན་པའི་ཕྱིར་ཉིད་ཀྱིས་ཕྱགས་མ་བསྣམས་ཏེ་རྒྱལ་བྱེད་ཀྱི་ཚལ་འཕྱག་པར་ཞུགས་སོ། །བཅོམ་ལྡན་འདས་མཐོང་ནས་ཉན་ཐོས་ཆེན་པོ་ཤཱ་རིའི་བུ་

དང་མཽད་གལ་གྱི་བུ་དང་འོད་སྲུང་དང་ཀུན་དགའ་བོ་དང་ནམ་གྲུ་ལ་སོགས་པ་ཡང་འཕྱགས་པ་ལ་ཞུགས་སོ། །དེ་ནས་ཉན་ཐོས་ཆེན་པོ་དག་དང་ཐབས་ཅིག་རྒྱལ་བྱེད་ཀྱི་ཚལ་ཕྱགས་ནས་རིམ་གྲོའི་ཁང་པར་གཤེགས་ཏེ། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་

བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཕྱག་དར་འཆགས་པ་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། བདག་ཉིད་ཀྱི་སེམས་རབ་ཏུ་དང་བར་འགྱུར། གཞན་གྱི་སེམས་རབ་ཏུ་དང་བར་འགྱུར། ལྷ་རྣམས་

ཡིད་དགའ་བར་འགྱུར་མཛེས་པར་འགྱུར་བའི་དགེ་བའི་རྩ་བ་སོགས་པར་འགྱུར། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡང་ཕྱོགས་དེར་ཕྱིན་པ་དང་། དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཆེན་པོ་དང་

เล่ม ๑๐ · หน้า 173a

ཐབས་ཅིག་ཉིད་ཀྱིས་ཚལ་ཇི་ལྟར་ཕྱགས་པ་ཐོས་ནས་དེ་འདི་སྙམ་དུ་སེམས་ཏེ། གང་དུ་བཅོམ་ལྡན་འདས་ཉན་ཐོས་ཆེན་པོ་དང་ཐབས་ཅིག་ཉིད་ཀྱིས་ཕྱག་དར་མཛད་པ་དེའི་སྟེང་དུ་བདག་ཇི་ལྟར་འགྲོ་སྙམ་མོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ངོ་ཚ་ཤེས་པ་སྙིང་

ལ་ངོ་ཚ་ནས་དེ་ཉིད་དུ་འདུག་གོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་ཡིན་པས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྨས་པ། དགེ་སློང་དག་འོ་ནི་སུ་ཞིག །དགེ་སློང་རྣམས་ཀྱིས་གསོལ་པ། མགོན་མེད་ཟས་སྦྱིན་ལགས་ཏེ་གང་

དུ་བཅོམ་ལྡན་འདས་ཉན་ཐོས་ཆེན་པོ་དང་ཐབས་ཅིག་ཉིད་ཀྱིས་ཕྱག་དར་མཛད་པ་དེའི་སྟེང་དུ་སུག་པ་དོར་དུ་བཅོམ་ལྡན་འདས་ལ་གཡར་ཚ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆི་བར་མི་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། ཁྱིམ་བདག་སངས་རྒྱས་ཀྱི་བཀའ་

ཁ་ཏོན་བྱ་ཞིང་འཇུག་པར་བྱ་སྟེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ལ་གུས་པ་ཡིན་ལ། ཆོས་ནི་དགྲ་བཅོམ་པ་རྣམས་ཀྱི་ཡང་བླ་མ་ཡིན་ནོ། །དེ་ནས་མགོན་མེད་ཟས་སྦྱིན་ཚིགས་སུ་བཅད་པའི་དབྱངས་འདོན་ཅིང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཉེ་བར་སོང་ངོ་། །དེ་ནས་

བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་ལེན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་དགའ་བར་མཛད་དེ། བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་

པར་བསྟན། ཡང་དག་པར་ལེན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ནས་སོང་ངོ་། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཆོས་ལ་གུས་པ་སྐྱེས་

ཤིང་ཞེ་ས་དང་བཅས་པར་གྱུར་པས་དེ་ལྟར་ཆོས་ཀྱི་བསྔགས་པ་བརྗོད་པ་གང་ལགས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ད་ལྟར་འདོད་ཆགས་དང་བྲལ་བ་ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང་།

เล่ม ๑๐ · หน้า 173b

རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་ཞིང་ཐམས་ཅད་མཁྱེན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ལ་དབང་བརྙེས་ནས་ཆོས་ལ་

གུས་པ་སྐྱེས་ཤིང་ཞེ་ས་དང་བཅས་པར་གྱུར་པས་དེ་ལྟར་ཆོས་ཀྱི་བསྔགས་པ་རྗོད་པར་མཛད་པ་གང་ཡིན་པ་འདི་ལ་ངོ་མཚར་ཅི་ཞིག་ཆེ། འདས་པའི་དུས་ན་ང་འདོད་ཆགས་དང་བཅས་ཞེ་སྡང་དང་བཅས་གཏི་མུག་དང་བཅས། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་

དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་མ་གྲོལ་བས་ཆོས་ཀྱི་ཕྱིར་རང་གི་སྲོག་ཡོངས་སུ་བཏང་བ་གང་ཡིན་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་

རཱ་ཎ་སཱི་ན་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ། རྒྱལ་སྲིད་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ། འཐབ་པ་དང་། །རྩོད་པ་དང་། འཁྲུག་པ་དང་། འཁྲུག་ལོང་རབ་ཏུ་ཞི་བ། ཆོམ་རྐུན་མེད་

པ་སཱ་ལུ་དང་བུ་རམ་ཤིང་དང་། བ་ལང་དང་མ་ཧེ་ཕུན་སུམ་ཚོགས་པ། ཆོས་ཀྱི་རྒྱལ་པོ་ཆོས་དང་མཐུན་པས་ཆོས་བཞིན་བྱེད་དུ་འཇུག་གོ། །རྒྱལ་པོ་དེ་ཡང་དད་པ་ཅན་དགེ་བའི་བསམ་པ་བཟང་བ། བདག་དང་གཞན་ལ་ཕན་པར་ཞུགས་པ། སྙིང་རྗེ་ཅན་བདག་ཉིད་ཆེན་པོ་ཆོས་འདོད་

པ། སྐྱེ་དགུ་ལ་འོ་བྱམས་པ། ཐམས་ཅད་རབ་ཏུ་སྦྱིན་པ། ཐམས་ཅད་ཡོངས་སུ་གཏོང་བ་ཞིག་སྟེ། གཏོང་བ་ཆེན་པོ་ལ་འཇུག་གོ། །དེ་དུས་གཞན་ཞིག་ན་བཙུན་མོ་དམ་པ་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད་དགའ་བར་

བྱེད་དགའ་མགུར་སྤྱོད་པར་བྱེད་པ་ལས་བཙུན་མོ་ལ་སེམས་ཅན་ཞུགས་པར་གྱུར་ཏེ། དེ་ལ་ལེགས་པར་གསུངས་པ་ཉན་འདོད་པ་སྐྱེས་སོ། །དེས་རྒྱལ་པོ་ལ་སྨྲས་ནས། རྒྱལ་པོས་མཚན་མཁན་རྣམས་བོས་ཏེ་དྲིས་པ་དང་། དེ་དག་གིས་སྨྲས་པ། ལྷ་སེམས་ཅན་འདིའི་མཐུ་

เล่ม ๑๐ · หน้า 174a

ལགས་སོ། །དེ་ནས་རྒྱལ་པོས་ལེགས་པར་གསུངས་པའི་དོན་དུ་གསེར་སྲང་འབུམ་བསྐུར་ཏེ། གྲོང་དང་གྲོང་རྡལ་དང་། ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་དུ་བསྐོར་ཀྱང་ལེགས་པར་གསུངས་པ་མ་རྙེད་དོ། །ཇི་ཙམ་ན་ཟླ་བ་དགུ་ཚང་ནས་བཙུན་མོ་དེ་ལ་ཁྱེའུ་གཟུགས་

བཟང་བ། བལྟ་ན་སྡུག་པ་མཛེས་པ་མདོག་གསེར་གྱི་ཁ་དོག་ཅན། མགོ་གདུགས་ལྟ་བུ་དཔུང་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འདབ་ཆགས་པ། སྣ་མཐོ་བ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་པ་དང་། ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་

ཏུ་དེ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་གང་གི་སླད་དུ་ཁྱེའུ་འདི་མ་བཙས་པ་ཉིད་ནས་ལེགས་པར་གསུངས་པ་ཚོལ་བ་དེའི་སླད་དུ་ཁྱེའུའི་མིང་ལེགས་གསུངས་ཚོལ་ཞེས་

དེའི་མིང་ལེགས་གསུངས་ཚོལ་ཞེས་བྱ་བར་བཏགས་སོ། །ཁྱེའུ་ལེགས་གསུངས་ཚོལ་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་གཏད་ནས་དེ་མ་མ་བརྒྱད་ཀྱིས་

འོ་མ་དང་ཞོ་དང་མར་སར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། ཡོ་བྱད་ཀྱི་ཁྱད་པར་གཙོ་བོ་གཞན་དང་གཞན་དག་གིས་བསྐྱེད་བསྲིངས་ནས་རྫིང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡང་ལེགས་པར་གསུངས་པ་བཙལ་ན་མ་རྙེད་དོ། །

དེ་ཕ་འདས་ནས་རྒྱལ་སྲིད་ལ་བཞག་པ་དང་། བློན་པོ་རྣམས་ལ་སྨྲས་པ། གཙོ་བོ་དག་ང་ལ་ལེགས་པར་གསུངས་པ་དགོས་ཀྱིས་ལེགས་པར་གསུངས་པ་ཚོལ་ཅིག །དེ་ནས་བློན་པོ་དེ་རྣམས་ཀྱིས་གསེར་སྲང་འབུམ་བསྐུར་ཏེ་འཛམ་བུའི་གླིང་མཐའ་དག་གི་གྲོང་དང་། གྲོང་རྡལ་དང་།

ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་བསྐོར་ཀྱང་ལེགས་པར་གསུངས་པ་མ་རྙེད་དོ། །དེ་ནས་དེ་རྣམས་ཀྱིས་རྒྱལ་པོ་ལ་བྱས་པ་དང་། དེ་ནས་རྒྱལ་པོ་ལེགས་པར་གསུངས་པ་མཉན་པའི་ཕྱིར་རེ་བས་ཡོངས་སུ་གདུངས་པར་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་གྱི་

เล่ม ๑๐ · หน้า 174b

ཤེས་པ་དང་མཐོང་བ་ནི་འོག་ཏུ་འཇུག་པ་ཡིན་པས་དེས་རྒྱལ་པོ་ལེགས་པར་གསུངས་པའི་ཕྱིར་སྡུག་བསྔལ་བར་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། མ་ལ་བདག་གིས་རྒྱལ་པོ་བགམ་པར་བྱའོ་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གནོད་སྦྱིན་གྱི་གཟུགས་སུ་ལག་པ་དང་རྐང་པ་དང་།

མིག་མི་སྡུག་པར་བསྒྱུར་ནས་རྒྱལ་པོའི་མདུན་དུ་འདུག་ནས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ལེགས་པར་སྤྱད་པའི་ཆོས་སྤྱད་བྱ། །ཉེས་སྤྱད་དེ་ནི་སྤྱད་མི་བྱ། །ཆོས་སྤྱོད་འཇིག་རྟེན་འདི་དང་ནི། །ཕ་རོལ་དུ་ཡང་བདེ་བར་གནས། །དེ་ནས་རྒྱལ་པོས་ཚིགས་སུ་བཅད་པ་དེ་ཐོས་མ་

ཐག་ཏུ་དགའ་བ་དང་རབ་ཏུ་དགའ་བ་སྐྱེས་ནས་གནོད་སྦྱིན་ལ་སྨྲས་པ། གསང་བ་པོ་ཚིགས་སུ་བཅད་པ་དེ་ཡང་སྨྲོས་ཤིག །སྨྲོས་ཤིག་མཉན་པར་བྱའོ། །དེ་ནས་གནོད་སྦྱིན་དེས་རྒྱལ་པོ་ལ་སྨྲས་པ། ལྷ་བདག་གིས་སྨྲས་པ་གང་ཡིན་པ་དེ་མཛད་ན་གདོད་བདག་ཀྱང་བཀའ་སྩལ་པ་གང་

ལགས་པ་དེ་བགྱིད་དོ། །རྒྱལ་པོས་སྨྲས་པ། ཅི་སྨྲ། གནོད་སྦྱིན་གྱིས་སྨྲས་པ། ཉིན་ཞག་བདུན་དུ་སེང་ལྡིང་གི་ཤིང་དག་མེ་དོང་དུ་བུས་ནས་གལ་ཏེ་དེར་བདག་ཉིད་འདོར་ན་དེའི་འོག་ཏུ་བདག་གིས་ཚིགས་སུ་བཅད་པ་སྨྲའོ། །དེ་ཐོས་མ་ཐག་ཏུ་རྒྱལ་པོ་ཡིད་དགའ་ནས་གནོད་སྦྱིན་དེ་ལ་སྨྲས་

པ་དེ་བཞིན་བྱའོ། །དེ་ནས་རྒྱལ་པོ་དེས་ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ཏེ། ཞག་བདུན་ན་རྒྱལ་པོ་ལེགས་པར་གསུངས་པ་མཉན་པའི་ཕྱིར་མེ་དོང་དུ་བདག་ཉིད་འདོར་ན་གང་དག་ཡ་མཚན་བལྟ་བར་འདོད་པ་དེ་དག་ཀྱང་ཤོག་ཤིག་ཅེས་བྱས་སོ། །དེ་ནས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་ཡང་

འདུས། ནམ་མཁའི་ངོས་ལ་ཡང་ལྷ་བརྒྱ་སྟོང་དུ་མ་ཡང་འདུས་ཏེ་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་དག་པ་ཉིད་ཤེས་ནས་ཡ་མཚན་གྱི་ངོ་བོ་བལྟ་བའི་ཕྱིར་དེར་འཁོད་དོ། །དེ་ནས་གནོད་སྦྱིན་དེ་ནམ་མཁའ་ལ་འཕགས་ནས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་ཇི་

ལྟར་དམ་བཅས་པ་བཞིན་མཛོད་ཅིག །དེ་ནས་རྒྱལ་པོ་དེས་གཞོན་ནུ་ཐུ་བོ་རྒྱལ་སྲིད་ལ་བཞག་སྟེ། བློན་པོ་དང་། གྲོང་རྡལ་པ་དང་། ཡུལ་མི་རྣམས་ལ་ཡང་བཟོད་པ་གསོལ། སྐྱེ་བོའི་ཚོགས་ཀྱང་དབུགས་ཕྱུང་ནས་མེ་དོང་གི་དྲུང་དུ་ཉེ་བར་སོང་སྟེ་ཚིགས་སུ་བཅད་པ་སྨྲས་པ། མེ་དོང་

เล่ม ๑๐ · หน้า 175a

འཇིགས་པ་ཆེ་བྱེད་ཉི་མ་འཆར་ཀའི་འོད་དང་འདྲ་བ་འདིར། །ཆོས་ཕྱིར་སྲོག་ལ་འཛེམ་མེད་ངེས་པའི་ཡིད་ཀྱིས་རབ་ཏུ་མཆོང་བར་བྱ། །བདག་གི་བསོད་ནམས་མཐུ་ཡིས་མེ་དོང་འདི་ཡང་པད་མ་འཁྲིགས་པ་ཡི། །མཚོ་ཆུ་ཙན་དན་འདེ་གུས་བཅིན་པ་ལྟ་བུར་བསིལ་བ་

བཟང་གྱུར་ཅིག །དེ་སྐད་ཅེས་སྨྲས་ནས་བྱང་ཆུབ་སེམས་དཔའ་མེ་དོང་དེར་མཆོངས་པ་དང་། དེ་མཆོངས་མ་ཐག་ཏུ་མེའི་དོང་དེ་མཚོར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོའི་ཡ་མཚན་ལྷ་དང་མི་དད་པར་བྱེད་པའི་ཆོ་འཕྲུལ་དེ་མཐོང་ནས་གནོད་སྦྱིན་གྱི་གཟུགས་མི་སྣང་

བར་བྱས་ནས་རང་གི་གཟུགས་ཀྱིས་འདུག་སྟེ། དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། ལེགས་པར་སྤྱད་པའི་ཆོས་སྤྱད་བྱ། །ཉེས་སྤྱད་དེ་ནི་སྤྱད་མི་བྱ། །ཆོས་སྤྱོད་འཇིག་རྟེན་འདི་དང་ནི། །ཕ་རོལ་དུ་ཡང་བདེ་བར་གནས། །དེ་ནས་བྱང་ཆུབ་སེམས་དཔས་ཚིགས་

སུ་བཅད་པ་དེ་བཟུང་ནས་གསེར་གྱི་གླེགས་མ་དག་ལ་བྲིས་ཏེ་འཛམ་བུའི་གླིང་མཐའ་དག་གི་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་བསྐུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་

དེའི་དུས་ན་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ཏེ། དེའི་ཚེ་ཡང་ངས་ཆོས་ཀྱི་ཕྱིར་སྲོག་ཡོངས་སུ་བཏང་ན་ད་ལྟ་ལྟ་སྨོས་ཀྱང་ཅི་དགོས། དགེ་སློང་དག་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། ཆོས་ལ་གུས་པར་བྱ་བླ་མར་བྱ། མཉེས་པར་བྱ་མཆོད་པར་བྱ་སྟེ་ཆོས་ལ་གུས་པར་

བྱས། བླ་མར་བྱས། མཉེས་པར་བྱས། མཆོད་པར་བྱས་ཤིང་ཉེ་བར་བརྟེན་ཏེ་གནས་པར་བྱའོ་ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་

མངོན་པར་བསྟོད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཕྱག་དར་འཕྱག་པ་ལ་ཕན་ཡོན་ལྔ་ཡོད་དོ་ཞེས་བཀའ་སྩལ་པ་དང་དགེ་སློང་གནས་བརྟན་གནས་བརྟན་དག་བསམ་

เล่ม ๑๐ · หน้า 175b

གཏན་དང་འདོན་པ་བོར་ཏེ་རྒྱལ་བྱེད་ཀྱི་ཚལ་འཕྱག་པ་ལ་ཞུགས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་དགེ་སྐོས་ལས་དགོངས་ཏེ་གསུངས་ཀྱི་དགེ་སློང་གནས་བརྟན་གནས་བརྟན་དག་ནི་མ་ཡིན་ནོ། །འོན་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བའི་དགེ་སློང་

གི་ལས་ནི་གཉིས་ཏེ། འདི་ལྟ་སྟེ་བསམ་གཏན་དང་། གདོན་པའོ། །བཅོམ་ལྡན་འདས་ཀྱིས་ངས་དགེ་སྐོས་ལ་དགོངས་ཏེ་གསུངས་སོ་ཞེས་བཀའ་སྩལ་པ་དང་། དེས་རྒྱལ་བྱེད་ཀྱི་ཚལ་རིལ་ཕྱག་པར་མ་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ཙམ་སྦྱང་དགོས་

པ་དེ་དགེ་སྐོས་ཀྱིས་ཕྱག་པར་བྱ་ཞིང་གཞན་ཚེས་བརྒྱད་དང་བཅུ་བཞི་ལ་གཎྜཱི་བརྡུངས་ཏེ་དགེ་འདུན་ཐམས་ཅད་ཀྱིས་ཕྱག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཚེས་བརྒྱད་དང་བཅུ་བཞི་ལ་གཎྜཱི་བརྡུངས་ཏེ་དགེ་འདུན་ཐམས་ཅད་ཀྱིས་ཕྱག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་

ཁ་ཅིག་ལག་ན་ཕྱགས་མ་ཐོགས་ཏེ་གཏམ་བཟང་པོ་མ་ཡིན་པ་ཟེར་ཞིང་ལས་བྱེད་པ་དང་། རྒྱལ་བྱེད་ཀྱི་ཚལ་ན་གནས་པའི་མི་མ་ཡིན་པ་དང་། དགེ་སློང་གཞན་དག་ཀྱང་འཕྱ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་ངེས་པའི་གཏམ་ཆོས་དང་མཐུན་པར་

བྱ་བ་འམ་འཕགས་པའི་མི་སྨྲ་བས་ཕྱག་དར་བྱའོ། །དགེ་སློང་དག་རྒྱལ་བྱེད་ཀྱི་ཚལ་ཕྱགས་ནས་ལུས་ལ་རྡུལ་གྱིས་གོས་བཞིན་འདུག་པ་དང་། མ་དད་པ་དག་གིས་མཐོང་སྟེ་འཕྱ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱགས་ཏེ་ཕྱག་དར་བོར་ནས་གང་དག་ཁྲུས་བྱེད་པར་འདོད་པ་

དེ་དག་གིས་ནི་ཁྲུས་བྱའོ། །གང་དག་ཁྲུས་བྱ་བར་མི་འདོད་པ་དེ་དག་གིས་ནི་ལུས་ཆུས་ཕྱིས་ནས་ལག་པ་དང་རྐང་པ་བཀྲུས་ཏེ་འཇུག་པར་བྱའོ། །དེ་ཉིད་ཀྱིས་ཉིན་པར་གནས་མལ་ལ་བལྟ་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་འདུན་ཐམས་ཅད་དེ་བཞིན་དུ་ལྟ་ནས། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། དགེ་འདུན་ཐམས་ཅད་ཀྱིས་བལྟ་བར་མི་བྱའི་འོན་ཀྱང་གནས་འཆའ་བ་རྣམས་ཀྱིས་བལྟ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཕྱག་དར་བྱས་པའི་སྟེང་དུ་སངས་རྒྱས་ཀྱི་བཀའ་ཁ་ཏོན་བྱ་ཞིང་འགྲོ་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་ཆག་ཆག་བཏབ་ནས་ཕྱག་དར་

เล่ม ๑๐ · หน้า 176a

བྱེད་ཅིང་དཀྱིལ་འཁོར་བྱེད་དེ་དེས་ན་ཕྱོགས་དེར་འགྲོར་མི་རུང་ངོ་སྙམ་ནས་དགེ་སློང་དག་མི་འགྲོ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་གི་ཚིགས་སུ་བཅད་པ་གདོན་ཞིང་འགྲོ་བར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །དྲི་གཙང་ཁང་གི་གྲིབ་མ་

དང་། སྐུ་གཟུགས་དང་། མཆོད་རྟེན་གྱི་སྲོག་ཤིང་གི་གྲིབ་མ་དག་བྱུང་བ་དང་། དེ་དག་ལ་ཡང་དགེ་སློང་རྣམས་འགྱོད་ཅིང་མ་བགོམས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གྲིབ་མ་ནི་མི་བརྟན་པ་ཡིན་པས་དེ་ལ་ཡང་གཙུག་ལག་གི་ཚིགས་སུ་བཅད་

པ་གདོན་ཅིང་བགོམ་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །གེ་རའི་རྒྱལ་པོས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་གེ་རའི་ཁྱེའུ་བྲན་བུ་དང་། སྐྱོང་བ་ཞེས་བྱ་བ་གཉིས་སྐྱེས་སུ་བསྐུར་ཏེ། དེ་གཉིས་ལས་བྲན་བུ་ནི་བཟའ་བ་དང་བཏུང་བའི་ཆོ་ག་ལ་མཁས། སྐྱོང་བ་ནི་གནས་

མལ་གྱི་ཆོ་ག་ལ་མཁས་སོ། །མཐའ་འཁོབ་ན་གནས་པ་རྣམས་ནི་ཕལ་ཆེར་བརྐམ་ཆགས་ཅན་གྱི་རང་བཞིན་ཅན་ཡིན་པས་གང་གི་ཚེ་སྲང་དུ་འགྲོ་བ་དེའི་ཚེ་ཡུལ་མི་ལས་ཉ་དང་། ཤ་དང་། སྣུམ་ཁུར་དག་ཕྲོགས་ཤིང་ཟ་ནས་དེ་རྣམས་ཀྱིས་དེ་དག་ལ་བརྒྱབ་པ་དང་། དེ་གཉིས་ཀྱིས་

རྒྱལ་པོ་ལ་སྨྲས་པ། ལྷ་དེང་བདག་ཅག་སྲང་དུ་མཆིས་ནས་དེར་བདག་ཅག་གིས་ཉ་ལས་ཅུང་ཟད་ཅིག་སུག་ཉ་བགྱིས་ན་དེ་རྣམས་ཀྱིས་བདག་ཅག་བཙོགས་ཏེ་ཐ་མ་མ་གུམ་ཙམ་དུ་བགྱིས་སོ། །རྒྱལ་པོ་གསལ་རྒྱལ་གྱིས་དྲིལ་བསྒྲགས་ནས་སུས་ཀྱང་བྲན་བུ་དང་། སྐྱོང་བ་དག་བརྡེག་

པར་མི་བྱའི་འོན་ཀྱང་བདག་ཉིད་ཀྱི་རྫས་བསྲུང་བར་བྱའོ་ཞེས་བསྒོ་ནས་གང་གི་ཚེ་དེ་གཉིས་སྲང་དུ་འགྲོ་བ་དེའི་ཚེ་སྐྱེ་བོའི་ཚོགས་ཀྱིས་དེ་གཉིས་མཐོང་ནས་བདག་ཉིད་ཀྱི་རྫས་སྦེད་པར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་ལས་བྱེད་པ་ལས་ངལ་ཏེ་མལ་དུ་འཕྲེས་པ་དང་། བྲན་

བུ་དང་སྐྱོང་བ་དག་དེའི་རྐང་པ་མཉེད་ཅིང་དྲུང་ན་འཁོད་པས་རྒྱལ་པོ་བསྒུལ་ནས་བྲན་བུས་སྐྱོང་བ་ལ་སྨྲས་པ། སྐྱོང་བ་ལྷ་མནལ་ལོག་གམ། དེས་སྨྲས་པ། མནལ་ལོག་གོ། །རྒྱལ་པོས་ཐོས་ནས་བསམས་པ་གདོན་མི་ཟ་བར་འདི་གཉིས་གསང་གཏམ་ཅུང་ཟད་ཅིག་བྱེད་འདོད་

เล่ม ๑๐ · หน้า 176b

པར་གྱུར་ཏོ་སྙམ་ནས་དེས་གཉིད་ལོག་པ་ལྟར་རྫུས་ཏེ་འདུག་པ་དང་། བྲན་བུས་སྐྱོང་བ་ལ་སྨྲས་པ། སྐྱོང་བ་འཇིག་རྟེན་ཕ་རོལ་ཡོད་དམ་མེད་ཅིག་གུ། དེས་སྨྲས་པ། བྲན་བུ་འཇིག་རྟེན་ཕ་རོལ་ཡོད་རེ་སྐན། སྐྱོང་བས་སྨྲས་པ། བྲན་བུ་འཇིག་རྟེན་ན་དགྲ་བཅོམ་པ་ཡོད་དམ། དེས་

སྨྲས་པ། འཇིག་རྟེན་ན་དགྲ་བཅོམ་པ་ཡོད་རེ་སྐན། རྒྱལ་པོས་དེ་ཐམས་ཅད་ཐོས་ནས་དེས་བསམས་པ། འདི་གཉིས་ཀྱང་འདི་ལྟ་བུའི་སྡིག་པའི་ལྟ་བ་ཀུན་དུ་སྤྱོད་དེ། འདི་ལ་གཅིག་ནི་རྟག་པར་ལྟ། གཅིག་ནི་ཆད་པར་ལྟའོ་སྙམ་མོ། །ཀུན་ཏུ་ཡང་ཡུལ་ཀོ་ས་ལའི་རྒྱལ་

པོ་གསལ་རྒྱལ་གྱི་གེ་རའི་ཁྱེའུ་གཉིས་ལས་གཅིག་ནི་རྟག་པར་ལྟ། ཅིག་ཤོས་ནི་ཆད་པར་ལྟའོ་ཞེས་སྒྲ་གྲགས་པར་གྱུར་ཏོ། །དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཁྱུ་མཆོག་གི་ཚིག་རླབས་པོ་ཆེ་འདི་ལྟ་བུ་མགོ་གཅིག་བཟུང་ནས་སྨྲས་པ། སུ་གང་ཞིག་ངའི་ཁྱིམ་

དུ་མིར་གྱུར་ནས་དུས་བྱེད་པ་དེ་ཐམས་ཅད་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲགས་སོ། །རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ། གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདིར་འོངས་པ་དེའི་

ཚེ་དེ་ལ་ཁྱེའུ་འདི་གཉིས་ཐབས་ཞིག་བཤམས་ཏེ་སྦྱིན་ནོ་སྙམ་མོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་རྒྱལ་པོའི་དྲུང་དུ་སོང་བ་དང་། ཁྱེའུ་ཞིག་གིས་དེའི་སྟན་བཏིང་སྟེ་དུས་རན་པ་དང་འོང་ངོ་སྙམ་ནས་ཕྱིར་བྱུང་སྟེ་བྱིས་པ་རྣམས་དང་ལྷན་ཅིག་རྩེ་བར་བརྩམས་

སོ། །རྒྱལ་པོས་དེ་སོང་བར་ཤེས་ནས་བསམས་པ། འདི་གཉིས་ཐབས་བཤམས་ནས་སྦྱིན་པའི་དུས་དེ་ནི་འདི་ཡིན་ནོ་སྙམ་དུ་རིག་ནས་དེས་སྒོ་བ་ལ་གསང་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱེའུ་ཕྱིར་བྱུང་བ་གང་ཡིན་པ་དེ་ནང་དུ་མ་གཏང་ཤིག་ཅེས་བསྒོ་བ་དང་། སྒོ་བས་

དེ་ནང་དུ་མ་བཏང་ངོ་། ཁྱིམ་བདག་མགོན་མེད་ཟས་སྦྱིན་འགྲོ་བར་བརྩམས་ནས་སྟན་ལས་ལངས་ཏེ་ཕན་ཚུན་བལྟས་པ་དང་། རྒྱལ་པོས་སྨྲས་པ། ཁྱིམ་བདག་ཅི་ལྟ་ལྷ་སྟན་འཚལ་བའི་ཁྱེའུ་འོ། །དེས་སྨྲས་པ། ཁྱིམ་བདག་ངས་བྲན་བུ་དང་། སྐྱོང་བ་གཉིས་སྦྱིན་གྱིས་

เล่ม ๑๐ · หน้า 177a

ཁྱེར་ལ་སོང་ཤིག །དེས་རྒྱལ་པོའི་ངོར་ཁས་བླངས་ནས་དེས་བསམས་པ། ཅིའི་ཕྱིར་ལྷས་བྲན་བུ་དང་། སྐྱོང་བ་གཉིས་བདག་ལ་བྱིན་སྙམ་མོ། །ཡང་བསམས་པ། འདི་གཉིས་སྡིག་པའི་ལྟ་བ་ཅན་ཡིན་པས་ལྷས་བདག་བརྟག་པར་བཞེད་དོ་སྙམ་ནས་དེས་

དེ་གཉིས་ཁྱིམ་དུ་ཁྲིད་དེ་མཛོད་པ་བོས་ཏེ་སྨྲས་པ། ཀྱེ་སྐྱེས་བུ་འདི་དག་ཅི་འདོད་པ་དེ་ཐམས་ཅད་ཁྱོད་ཀྱིས་བྱིན་ཅིག །སྲང་དུ་སོང་སྟེ་སྐྱེ་བོའི་ཚོགས་ལ་སྨྲས་པ། བྲན་བུ་དང་། སྐྱོང་བ་ཅི་ལེན་པ་དེ་ཁྱེད་ཀྱིས་བྱིན་ལ་རིན་ཡང་རྩིས་ཏེ་ཞོག་ཤིག་དང་ངས་ཉིས་གྱུར་དུ་སྦྱིན་ནོ། །

དེ་དག་གིས་མཛོད་པའི་ལག་ནས་གང་ཅུང་ཟད་ཅི་བསླངས་པ་དེ་ཐམས་ཅད་ཐོབ་པ་དང་། དེ་དག་མགུ་ནས་སྨྲས་པ། ཀྱེ་སྐྱེས་བུ་ཁོ་བོ་ཅག་གིས་གང་བསླངས་པ་དེ་ཐམས་ཅད་ཁྱོད་ཀྱིས་ཁོ་བོ་ཅག་ལ་བྱིན་ན་ཁྱོད་ལ་སུ་ཞིག་གིས་བསྒོ། དེས་སྨྲས་པ། བདག་ལ་ཁྱིམ་

བདག་གིས་དེ་སྐད་དུ་བསྒོའོ། །དེ་དག་གིས་བསམས་པ། ཁྱིམ་བདག་ནི་བདག་ཅག་གི་ཕ་མ་དང་འདྲ་བར་གནས་ཏེ་གང་བསླངས་པ་དེ་ཐོབ་པོ་སྙམ་མོ། །དུས་གཞན་ཞིག་ན་དེ་དག་སྲང་དུ་སོང་བ་དང་། དེ་དག་ལ་སྐྱེ་བོའི་ཚོགས་ཀྱིས་སྒྲ་ཕྱུང་ནས་སྦྱིན་ཏེ། ཁ་ཅིག་ནི་བྲན་བུ་ངེད་ལས་

ཁྱེར་ཅིག་ཅེས་ཟེར། གཞན་དག་ཀྱང་ངེད་ལས་ཁྱེར་ཅིག་ཅེས་ཟེར་བ་དང་། དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཁྱེད་སྔོན་ངེད་མཐོང་ན་སྣོད་དུ་སྦེད་ན་ད་སྒྲ་ཕྱུང་ནས་སྟེར་བ་འདི་ལ་རྒྱུ་གང་ཞིག་ཡིན། དེ་དག་གིས་སྨྲས་པ། སྔོན་ནི་ཁྱེད་འཕྲོག་ཅིང་ཟ། ད་ནི་ཁྱིམ་བདག་གིས་རིན་

ཉིས་གྱུར་ཏུ་བྱིན་ནོ། །དེ་དག་གིས་བསམས་པ། ཁྱིམ་བདག་ནི་བདག་ཅག་ཤིན་ཏུ་ཕན་བསྒྲུབ་པ་ལྷུར་ལེན་ཏོ་སྙམ་ནས་དེ་དག་ཁྱིམ་བདག་གི་དྲུང་དུ་སོང་སྟེ་སྨྲས་པ། ཁྱིམ་བདག་བདག་ཅག་ལ་ལས་དབོག་ཏུ་གསོལ། ཤེས་ལྡན་དག་སྡོད་ཅིག་དང་ལས་ཀྱང་ཡོད་དོ། །ཇི་ཙམ་

ན་དུས་གཞན་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་བྲན་བུ་དང་སྐྱོང་བ་དག་ཁྲིད་ནས་རྒྱལ་བྱེད་ཀྱི་ཚལ་འཕྱག་ཏུ་སོང་ངོ་། །དེ་དེར་སོན་པ་དང་བྱ་བ་ཅུང་ཟད་ཅིག་བྱུང་ནས། དེས་སྨྲས་པ། བྲན་བུ་དང་། སྐྱོང་བ་ང་ལ་བྱ་བ་ཞིག་བྱུང་གིས་ཁྱེད་ཀྱིས་རྒྱལ་བྱེད་ཚལ་ཕྱོགས་ལ་ཤེག་ཤིག །

เล่ม ๑๐ · หน้า 177b

དེ་དག་གིས་ཕྱག་པར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཕྱག་དར་མི་ཟད་པ་དེ་ལྟར་བྱིན་གྱིས་བརླབས་སོ། །དེ་དག་ཇོ་བོ་ལ་སྙིང་ཉེ་བས་སྐྱོ་བཞིན་མ་བཏང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བྲན་བུ་དང་།

སྐྱོང་བ་དག་ལ་ལྷུང་བཟེད་ཀྱི་ལྷག་མ་ཞོག་ཤིག །དེས་དེ་དག་ལ་ལྷུང་བཟེད་ཀྱི་ལྷག་མ་བཞག་གོ། །ཕྱག་དར་བོར་བ་དང་། དེ་ཁོ་ན་བཞིན་དུ་ཟད་མ་ཤེས་ནས་དེ་དག་ཇི་སྲིད་ནམ་སྲོས་པར་གྱུར་པ་དེ་སྲིད་དུ་ལས་བྱེད་ཅིང་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་

དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་བྲན་བུ་དང་། སྐྱོང་བ་དག་དྲུང་དུ་སྙོལ་ཅིག །དགེ་སློང་རྣམས་ལ་ཡང་ངས་དགེ་སློང་དག་ཁྱེད་ཀྱིས་དགེ་བ་མི་སྤྱོམས་པ་དང་། སྡིག་པ་བཤགས་ཏེ་གནས་པར་བྱའོ་ཞེས་གསུངས་མོད་ཀྱི་འོན་ཀྱང་བྲན་བུ་དང་། སྐྱོང་བ་

དག་ལྟ་བ་དབྲལ་བར་བྱ་དགོས་པས་ཁྱེད་ལས་གང་གིས་གནས་པའི་སྙོམས་པར་འཇུག་པ་གང་ཐོབ་པ་དེས་གནས་པའི་སྙོམས་པར་འཇུག་པ་དེས་གནོས་ཤིག་ཅེས་བྱོས་ཤིག །བཙུན་པ་དེ་ལྟར་འཚལ་ལོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་

བྲན་བུ་དང་། སྐྱོང་བ་ལ་སྨྲས་པ། ཁྱེད་ཁོ་བོ་ཁོ་ནའི་དྲུང་དུ་ཉོལ་ཅིག །དགེ་སློང་རྣམས་ལ་ཡང་སྨྲས་པ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱི་ཞལ་ནས་ངས་དགེ་སློང་དག་ཁྱེད་ཀྱིས་དགེ་བ་མི་སྤྱོམས་པ་དང་། སྡིག་པ་བཤགས་ཏེ་གནས་པར་བྱའོ་ཞེས་གསུངས་

མོད་ཀྱི་འོན་ཀྱང་བྲན་བུ་དང་། སྐྱོང་བ་དག་ལྟ་བ་དབྲལ་བར་བྱ་དགོས་པས་ཁྱེད་ལས་གང་གིས་གནས་པའི་སྙོམས་པར་འཇུག་པ་གང་ཐོབ་པ་དེས་གནས་པའི་སྙོམས་པར་འཇུག་པ་དེས་གནོས་ཤིག་ཅེས་དེ་སྐད་བཀའ་སྩལ་ཏོ། །བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་

ཀྱིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་འཚལ་ལོ་ཞེས་སྨྲས་ནས། མཚན་མོ་ཐུན་དང་པོ་ལ་རྫུ་འཕྲུལ་བསྟན་པ་བརྩམས་ཏེ། ཁ་ཅིག་ནི་འབར་བར་བྱེད། ཁ་ཅིག་ནི་གློག་འགྱུ་བར་བྱེད་པ་དང་། བྲན་བུ་དང་། སྐྱོང་བས་སྨྲས་པ། འཕགས་པ་ཀུན་དགའ་བོ་འདི་ཅི་ཞིག་ལགས། དེས་

เล่ม ๑๐ · หน้า 178a

སྨྲས་པ། འདི་དག་ནི་དགྲ་བཅོམ་པ་རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་ཡིན་ནོ། །དེ་དག་གིས་སྨྲས་པ། ཀུན་དགའ་བོ་འཇིག་རྟེན་ན་དགྲ་བཅོམ་པ་མཆིས་པ་ལྟ་ཞིག་འདི་དག་མངོན་སུམ་ཁོ་ནར་མི་སྣང་ངམ། འདི་ལ་ཐེ་ཚོམ་ཟར་ཅི་ཞིག་ཡོད་ཅེས་བྱས་པ་དང་། དེ་དག་

ལས་གང་གི་ལྟ་བ་འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་སྙམ་པ་དེ་དང་བྲལ་ཞིང་འཇིག་རྟེན་ན་དགྲ་བཅོམ་པ་ཡོད་དོ་སྙམ་པ་ཡང་དག་པའི་ལྟ་བ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གུང་ཐུན་ལ་ཀྱེ་མ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་དག་འོངས་ཀྱང་བླ་ན་སྙམ་དུ་

འཇིག་རྟེན་པའི་ཐུགས་བསྐྱེད་པར་མཛད་དོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་པའི་ཐུགས་བསྐྱེད་པར་མཛད་པ་ཞེས་བྱ་བ་ནས། བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཐུགས་སེམས་ཀྱིས་ཤེས་ནས་བཅོམ་ལྡན་

འདས་ཀྱི་སྤྱན་སྔར་སོང་ངོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་རྣམས་ཀྱི་མཐུས་སྣང་བ་རྒྱ་ཆེན་པོ་བྱུང་བ་དང་། བྲན་བུ་དང་། སྐྱོང་བ་དག་གིས་སྨྲས་པ། འཕགས་པ་ཀུན་དགའ་བོ་འདི་ཅི་ཞིག་ལགས། དེས་སྨྲས་པ། འདི་དག་ནི་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་

ལྷ་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་པ་ཡིན་ནོ། །འཇིག་རྟེན་ཕ་རོལ་མཆིས་པ་ལྟ་ཞིག །འདི་དག་མངོན་སུམ་ཁོ་ནར་མི་སྣང་ངམ། འདི་ལ་ཐེ་ཙོམ་ཟར་ཅི་ཡོད་ཅེས་བྱས་པ་དང་། དེ་དག་ལས་གང་གི་ལྟ་བ་འཇིག་རྟེན་ཕ་རོལ་མེད་དོ་སྙམ་པ་དེ་དང་བྲལ་ཞིང་

འཇིག་རྟེན་ཕ་རོལ་ཡོད་དོ་སྙམ་པ་ཡང་དག་པའི་ལྟ་བ་སྐྱེས་སོ། །དེ་དག་དད་པ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །བཅོམ་ལྡན་འདས་ཀྱིས་དེ་དག་གི་བསམ་པ་དང་།

བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པ་མཛད་དོ། །དེ་ཐོས་ནས་བྲན་བུ་དང་། སྐྱོང་བ་དག་གིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་

เล่ม ๑๐ · หน้า 178b

ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་དག་བདེན་པ་མཐོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་གསོལ་པ། བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་ན།

བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་བྲན་བུ་དང་། སྐྱོང་བ་ཁྱེད་ཚུར་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་དགེ་སློང་ཚུར་ཤོག་ཅེས་བྱ་བས་ཀུན་ཏུ་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་མ་ཐག་ཏུ་དེ་དག་སྐྲ་བྲེགས་པ་དང་། སྣམ་སྦྱར་གྱོན་པ་དང་། ལག་ན་ལྷུང་བཟེད་དང་། བྱ་མ་བུམ་ཐོགས་པ་དང་། སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ལྟ་བུ་དང་། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་

ཏོ། །དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །མགོ་བྲེགས་ལུས་ལ་སྣམ་སྦྱར་བགོས་གྱུར་ཅིང་། །མོད་ལ་དབང་པོ་རབ་ཏུ་ཞིར་གནས་ཏེ། །སངས་རྒྱས་དགོངས་པས་ལུས་ཀྱི་ཆ་ལུགས་བསྒྱུར།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཅུ་

དྲུག་པ། བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་གདམས་ངག་གནང་བ་དང་། དེ་གཉིས་ཀྱིས་འབད་བརྩལ་བསྒྲིམས་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་སེམས་བོང་

བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཉམ་པ། སྟེའུ་དང་ཙན་དན་དུ་མཚུངས་པ། མ་རིག་པའི་སྒོ་ངའི་སྦུབས་དྲལ་བ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་རྙེད་པ་ལས་ཆགས་པ་དང་། བཀུར་

སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དུ་བཅས་པའི་ལྷ་རྣམས་ཀྱིས་མཆོད་པ་དང་། རྗེད་པ་དང་། གུས་པར་སྨྲ་བར་བྱ་བར་གྱུར་ཏོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བྲན་བུ་དང་། སྐྱོང་བ་དག་རབ་ཏུ་ཕྱུང་བ་དེའི་ཚེ་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་

เล่ม ๑๐ · หน้า 179a

ཀྱིས་བྲན་བུ་དང་། སྐྱོང་བ་དག་རབ་ཏུ་བྱུང་བ་གང་ཡིན་པ་ནི་མ་ལེགས་པ་ཞིག་མཛད་དེ་དེ་དག་ནི་སྡིག་པའི་ལྟ་བ་ཀུན་ཏུ་སྤྱོད་པའོ་ཞེས་མ་དད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ་ཉན་ཐོས་ཆེན་པོ་རི་རབ་དང་འདྲ་བ་དག་ལ་རྒྱལ་པོ་གསལ་རྒྱལ་མ་དད་པར་གྱུར་

གྱིས། དེའི་ཕྱིར་དེ་དག་གི་ཡོན་ཏན་བརྗོད་པར་བྱའོ་སྙམ་དུ་དགོངས་སོ། །བཅོམ་ལྡན་འདས་དེ་སྙམ་དུ་དགོངས་པ་དང་། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་

ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པ་སྟོན་པར་མཛད། ཡང་དག་པར་ལེན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད།

ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་ལེན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་

ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་སང་

བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་

ཀྱིས་བཤད་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བྲན་བུ་དང་། སྐྱོང་བ་དག་

เล่ม ๑๐ · หน้า 179b

གི་དྲུང་དུ་སོང་ལ་སོང་ནས་འདི་སྐད་ཅེས། སང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གདུགས་ཚོད་སྦྱར་བའི་ཚེ་ཁྱེད་གཉིས་ཀྱིས་ཆུ་རིམས་ཤིག་ཅེས་གྱིས་ཤིག །བཙུན་པ་དེ་ལྟར་འཚལ་ལོ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། ཚེ་དང་ལྡན་པ་བྲན་བུ་དང་།

སྐྱོང་བ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་བྲན་བུ་དང་། སྐྱོང་བ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱི་ཞལ་ནས་སང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་གདུགས་ཚོད་སྦྱར་བའི་ཚེ་ཁྱེད་གཉིས་ཀྱིས་ཆུ་རིམས་ཤིག་ཅེས་དེ་སྐད་བཀའ་སྩལ་ཏོ། །དེ་དག་

གིས་སྨྲས་པ། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་འཚལ་ལོ་ཞེས་སྨྲས་ནས་བསམས་པ། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་གནས་བརྟན་གནས་བརྟན་དག་བཞག་སྟེ། བདག་ཅག་ལ་སང་ཁྱེད་གཉིས་ཀྱིས་ཆུ་རིམས་ཤིག་ཅེས་

བཀའ་སྩལ། གདོན་མ་ཟོས་པར་བདག་ཅག་ཁོ་ནའི་ཡོན་ཏན་བརྫོད་པར་མཛད་པར་བཞེད་དེ་ལེགས་ཀྱིས་སྟོན་པའི་དགོངས་པ་རྫོགས་པར་བྱའོ་སྙམ་མོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དེ་ཉིད་ཀྱི་མཚན་མོ་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པ་ཡང་དག་པར་བསྒྲུབས་

ནས་ནང་པར་སྔར་ལངས་ཏེ་གདན་བཤམས། ཆུ་ར་བཞག་ནས་བཅོམ་ལྡན་འདས་ལ་ཕོ་ཉ་ལས་བཙུན་པ་གདུགས་ཚོད་དུས་སུ་བཤམས་ལགས་ཏེ། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ་ཞེས་དུས་བདས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་

སྔ་དྲོ་ཆོས་གོས་མནབས་ལྷུང་བཟེད་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་བསྐོར་ནས་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བཀད་ས་ག་ལ་བ་དེར་གཤེགས་སོ། །གཤེགས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་

བཞུགས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རྒྱལ་པོ་གསལ་རྒྱལ་གྱི་ཐོག་ཏུ་ཕོ་ཉ་བཏང་སྟེ། ལྷ་བདག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྡུམ་པར་གདུགས་ཚོད་ལ་སྤྱན་དྲངས་ན། དེའི་སླད་དུ་གཤེགས་ཤིང་རྗེས་སུ་ཡི་རང་བ་མཛད་པའི་

เล่ม ๑๐ · หน้า 180a

རིགས་སོ་ཞེས་བྱས་པ་དང་། དེ་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོས་བསྐོར་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་གདུགས་ཚོད་སྦྱར་བ་ལ་རྗེས་སུ་ཡི་རང་བར་བྱ་བའི་ཕྱིར་འོངས་ཏེ་རྒན་རིམས་བཞིན་དུ་ཕྱག་བྱས་ནས་འདུག་གོ། །དེ་ནས་

ཚེ་དང་ལྡན་པ་བྲན་བུས་རྒན་པའི་མཐའ་ལོགས་སུ་འདུག་ནས་ཇི་ལྟར་གཞོན་པའི་མཐར་ཕྱིན་ནས་འབོ་བ་དེ་ལྟར་ཆུའི་རྒྱུན་བྱིན་གྱིས་བརླབས་སོ། །ཚེ་དང་ལྡན་པ་སྐྱོང་བས་ཀྱང་ཇི་ལྟར་རྒན་པའི་མཐར་ཕྱིན་ནས་འབོ་བ་དེ་ལྟར་ཆུའི་རྒྱུན་བྱིན་གྱིས་བརླབས་པ་དང་། རྒྱལ་པོ་གསལ་

རྒྱལ་གྱིས་བསམས་པ། སྟོན་པའི་སྤྱན་སྔར་རྫུ་འཕྲུལ་རྣམ་པར་འཕྲུལ་བ་བྱེད་པའི་དགེ་སློང་གང་ཞིག་ཡིན་སྙམ་ནས་ཆུའི་རྒྱུན་གྱི་རྗེས་བཞིན་གཞོན་པའི་མཐར་སོང་བ་དང་། ཇི་ཙམ་ན་ཚེ་དང་ལྡན་པ་སྐྱོང་བ་མཐོང་ངོ་། །དེ་ནས་ཡང་ཕྱིར་ཆུའི་རྒྱུན་གྱི་རྗེས་བཞིན་རྒན་པའི་

མཐར་སོང་བ་དང་། ཇི་ཙམ་ན་ཚེ་དང་ལྡན་པ་བྲན་བུ་མཐོང་ནས་དེ་ཤིན་ཏུ་ཡ་མཚན་སྐྱེས་ནས་རོ་སྟོད་བསྟོད། ལག་པ་གཡས་པ་བརྐྱང་སྟེ། ཀྱེ་མའོ་སངས་རྒྱས། ཀྱེ་མའོ་ཆོས། ཀྱེ་མའོ་དགེ་འདུན། ཀྱེ་མའོ་ཆོས་ལེགས་པར་གསུངས་པ་ཉིད། ད་ལྟར་འདི་ན་བྲན་

བུ་དང་། སྐྱོང་བ་ལ་སོགས་པ་སྡིག་པའི་ལྟ་བ་ཅན་དག་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཏོ་ཞེས་ཆེད་དུ་རྗོད་པར་བྱེད་དོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་རང་གི་ལག་དར་ཏེ་བཟའ་བ་དང་བཅའ་བ་

གཙང་ཞིང་བསོད་པས་ཀུན་དུ་ཚིམ་པར་བྱེད། ཀུན་ཏུ་སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་རང་གི་ལག་དར་ཏེ་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པས་ཀུན་དུ་ཚིམ་པར་བྱས། ཀུན་དུ་བསྟབས་ནས་བཅོམ་ལྡན་འདས་གདུགས་ཚོད་གསོལ་ཏེ། ཕྱག་བཅབས་ལྷུང་བཟེད་

གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གསལ་རྒྱལ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཆོས་དང་མཐུན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་ལེན་དུ་

เล่ม ๑๐ · หน้า 180b

བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བྲན་བུ་དང་། སྐྱོང་བ་དག་

གིས་ལས་ཅི་ཞིག་བགྱིས་ན་དེས་ན་ཡུལ་མཐའ་འཁོབ་ཏུ་སྐྱེས་ཤིང་གཅིག་ནི་རྟག་པར་ལྟ། གཅིག་ནི་ཆད་པར་ལྟ་བར་གྱུར། ལས་ཅི་ཞིག་བགྱིས་ན་དེས་ན་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་

དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲན་བུ་དང་། སྐྱོང་བ་དག་གིས་སྔོན་གྱི་ཚེ་རབས་གཞན་དག་ཏུ་ལས་བྱས་ཤིང་བསགས་པ། ཚོགས་རྙེད་པ་ཞེས་བྱ་བ་ནས། ལུས་ཅན་རྣམས་ལ་འབྲས་བུར་སྨིན་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དགེ་

སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་འོད་སྲུང་ཞེས་བྱ་བ་ནས། དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེའི་བསྟན་པ་ལ་འདི་གཉིས་རབ་ཏུ་བྱུང་བར་གྱུར་ཏེ་དེ་ན་འདི་གཉིས་མཐའ་འཁོབ་ཏུ་དོང་ནས་གདམས་

ངག་མེད་པར་ཡིད་ལ་བྱ་བ་བསྐྱེད་དོ། །དེ་ན་འདི་གཉིས་ཀྱིས་མ་རྟོགས་པར་རྟོགས་སོ་སྙམ་པའི་འདུ་ཤེས་ཐོབ་པོ། །དེ་ནས་འདི་གཉིས་འཆི་བའི་དུས་ཀྱི་ཚེ་འཇིག་རྟེན་ལས་འདས་པ་ལ་ལོག་པར་ལྟ་བ་ཐོབ་པོ། །དེ་གཉིས་ལོག་པར་ལྟ་བས་ཉམས་ནས་སྨྲས་པ། ཡང་དག་

པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བསླུས་ཏེ། རེ་ཞིག་བདག་ཅག་ལ་ཡང་ཉོན་མོངས་པ་སྤངས་པའི་དགྲ་བཅོམ་པ་ཉིད་མེད་ན་གཞན་ལ་ལྟ་ཡོད་པར་འགྱུར་རེ་སྐན་ཞེས་སྨྲས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་

ལ་རབ་ཏུ་བྱུང་ནས་མཐའ་འཁོབ་ཏུ་གདམས་ངག་མེད་པར་ཡིད་ལ་བྱེད་པ་བསྐྱེད་པ་གང་ཡིན་པ་དེ་དག་ནི་བྲན་བུ་དང་། སྐྱོང་བ་འདི་དག་ཉིད་ཡིན་ནོ། །དེ་ན་འདི་དག་གིས་མཐའ་འཁོབ་ཏུ་སོང་སྟེ་གདམས་ངག་མེད་པར་ཡིད་ལ་བྱེད་པ་བསྐྱེད་ནས་ལྟ་བ་ལོག་པ་ཐོབ་པ་གང་ཡིན་པའི་ལས་

เล่ม ๑๐ · หน้า 181a

དེའི་རྣམ་པར་སྨིན་པས་ངན་སོང་རྣམས་ཀྱི་ནང་དུ་སྐྱེས་ནས་ལོ་མང་པོར་མཐའ་འཁོབ་རྣམས་སུ་སྐྱེས་ཤིང་ལོག་པར་ལྟ་བ་ཅན་དུ་གྱུར་ཏེ། ད་ལྟའི་བར་དུ་ཡང་མཐའ་འཁོབ་ཏུ་སྐྱེས་ནས་ལོག་པར་ལྟ་བ་ཅན་དུ་གྱུར་པ་ཡིན་ནོ། །གང་ཡང་འདི་དག་གིས་དེ་ན་བཀླགས་

པ་དང་། ཁ་ཏོན་བྱས་པ་དང་། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱས་པ་དེས་ན་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་

མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་གདམས་ངག་མེད་པར་བསམ་གཏན་བྱེད་པ་ལ་ཉེས་དམིགས། འདི་དག་དང་གཞན་ཡང་ཡོད་དེ། དེ་ལྟ་བས་ན་དགེ་སློང་གིས་གདམས་ངག་མེད་པར་བསམ་གཏན་མི་བྱའོ། །དགེ་སློང་

གདམས་ངག་མེད་པར་བསམ་གཏན་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག །ལས་གཅིག་ཏུ་དཀར་བ་རྣམས་ཀྱི་ཡང་གཅིག་ཏུ་དཀར། འདྲེན་མ་རྣམས་ཀྱི་ཡང་འདྲེན་

མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་དང་འདྲེན་མ་རྣམས་སྤངས་ནས། ལས་གཅིག་ཏུ་དཀར་བ་དག་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་གིས་དེ་ལྟར་བསླབ་པར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་

པ་དེས་དགོན་པར་སྤྱིལ་བུ་བྱེད་དུ་བཅུག་སྟེ། དེ་ན་དགེ་སློང་གཅིག་འདུག་པ་དེ་སོ་ཀ་ཚ་བས་རྨྱ་ནས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་ལུས་ཤ་བྲི་ངན་པ། ཉམ་ཆུང་བ། ཤིག་ཤིག་པོར་གྱུར་ནས་དེ་ཁྱིམ་བདག་ཤེས་པར་གྱིས་ཤིག །གཞན་ཞིག་ཏུ་འགྲོའོ་ཞེས་བྱས་པ་དང་།

དེས་སྨྲས་པ། འཕགས་པ་ཅུང་ཟད་ཅིག་བྲེལ་བར་མ་གྱུར་གྲང་། དེས་སྨྲས་པ། ཁྱིམ་བདག་བྲེལ་བ་ནི་ཅུང་ཟད་ཀྱང་མེད་མོད་ཀྱི་འོན་ཀྱང་སོ་ཀའི་དུས་ལ་བབ་པས་སྤྱིལ་བུ་དེ་ན་ཚ་སྟེ་སྐྱོའོ། །དེས་སྨྲས་པ། འཕགས་པ་བཞུགས་ཤིག་དང་། སའི་ཁང་པ་བགྱིད་དུ་སྩལ་

เล่ม ๑๐ · หน้า 181b

ལོ། །ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་བཅོམ་ལྡན་འདས་ནི་ཐུགས་རྗེ་ཅན་ཡིན་པས་གནང་བར་འགྱུར་རོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་

གནང་གིས་སའི་ཁང་པ་བྱེད་དུ་གཞུག་གོ། །བཅོམ་ལྡན་འདས་ཀྱིས་སའི་ཁང་པ་བྱེད་དུ་གཞུག་གོ། །ཞེས་བཀའ་སྩལ་པ་དང་། ཁྱིམ་བདག་དེས་སའི་ཁང་པ་བྱས་སོ། །དེ་དབྱར་གྱི་དུས་སུ་རླན་པར་གྱུར་པ་དང་། དགེ་སློང་དེ་ཁྱིམ་བདག་གི་དྲུང་དུ་སོང་ནས་སྨྲས་པ།

ཁྱིམ་བདག་ཤེས་པར་གྱིས་ཤིག །གཞན་ཞིག་ཏུ་འགྲོའོ། །དེས་སྨྲས་པ། འཕགས་པ་ཅུང་ཟད་བྲེལ་བར་མ་གྱུར་གྲང་། དེས་སྨྲས་པ། ཁྱིམ་བདག་བྲེལ་བ་ནི་ཅུང་ཟད་ཀྱང་མེད་མོད་ཀྱི་འོན་ཀྱང་སའི་ཁང་པ་ཚན་ཅན་འདིར་འདུག་མི་ཕོད་དོ། །དེས་སྨྲས་པ།

འཕགས་པ་གལ་ཏེ་དེ་ལྟ་ན་ཡང་ཐོག་བགྱིད་དུ་སྩལ་གྱིས་བཞུགས་ཤིག །དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །བཅོམ་ལྡན་འདས་ནི་ཐུགས་རྗེ་ཅན་ཡིན་པས་གནང་བར་འགྱུར་རོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་

པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་ཡང་ཐོག་བྱེད་དུ་གཞུག་གོ། །བཅོམ་ལྡན་འདས་ཀྱིས་ཡང་ཐོག་བྱེད་དུ་གཞུག་གོ་ཞེས་བཀའ་སྩལ་པ་དང་། ཁྱིམ་བདག་དེས་ཡང་ཐོག་བྱས་སོ། །དེ་རྡིབ་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། ལན་ཀན་གདགས་པར་བྱའོ། །དེ་འགུལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྟེན་མ་གཞུག་ཅིང་ལྕགས་གཟེར་དག་གིས་གདབ་པར་བྱའོ།། །།སྡོམ་ནི། ལན་ཚྭ་དང་ནི་སྦུ་བུ་རྭ། །ཁ་སྦྱར་སྨན་གྱི་ཕོར་བུ་དང་། །པར་ཏང་དང་ནི་གདིང་

བ་དང་། །རྐང་པའི་རྟེན་དང་རྡོ་བའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །ཚེ་དང་ལྡན་པ་པི་ལིན་ད་བད་སའི་བུ་གང་ནས་བཟུང་སྟེ་རབ་ཏུ་བྱུང་བ་དེ་ཚུན་ཆད་རྟག་ཏུ་ནའོ། །དེའི་དྲུང་དུ་ཚངས་པ་མཚུངས་པར་

เล่ม ๑๐ · หน้า 182a

སྤྱོད་པ་རྣམས་སོང་སྟེ་དྲིས་པ། གནས་བརྟན་བདེ་འམ། དེས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ན་སྟེ་མི་བདེའོ། །གནས་བརྟན་ཁྱོད་ཀྱིས་སྔོན་ཅི་དག་བསྲེལ། བཞིན་བཟངས་ལན་ཚྭའོ། །གནས་བརྟན་གལ་ཏེ་དེ་ལྟ་ན་ད་ཅི་སྟེ་མི་སྲེལ།

བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་ལན་ཚྭ་བསྲེལ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ལན་ཚྭ་བསྲེལ་བར་བྱའོ་ཞེས་

བཀའ་སྩལ་པ་དང་། དགེ་སློང་དག་གིས་བབ་བབ་ཏུ་བཞག་སྟེ་ཆུད་ཟོས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བབ་བབ་ཏུ་གཞག་པར་མི་བྱའི་འོན་ཀྱང་སྦུ་བུར་གཞག་པར་བྱའོ། །དེ་དག་གིས་སྨྱུག་མའི་སྦུ་བུར་བཞག་པ་དང་དེ་ཞུ་ནས། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། རྭའི་སྦུ་བུར་གཞག་པར་བྱའོ། །དགེ་སློང་དག་གིས་རྭ་ཙམ་པའི་ནང་དུ་བཅུག་སྟེ། དེའི་དྲི་མི་ཞིམ་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྭ་ཙམ་པའི་ནང་དུ་གཞུག་པར་མི་བྱའི་འོན་ཀྱང་བ་ལང་གི་གཅི་བ་དང་། ཚོས་ལ་བཀྲུས་ཏེ་

གཞུག་པར་བྱའོ། །གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །བཅོམ་ལྡན་འདས་ཀྱིས་ལན་ཚྭ་རྭའི་ནང་དུ་གཞུག་པར་བྱའོ་ཞེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་པི་ལིན་དའི་བུས་ལན་ཚྭ་རྭའི་ནང་དུ་བཅུག་ནས་བཞག་སྟེ་ཁ་གབ་མ་བཀབ་པས་རྡུལ་ཞུགས་སོ། །སྐབས་དེ་དགེ་སློང་

རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་གབ་དགབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཁ་གབ་གདབ་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཇི་ལྟ་བུས་དགབ་པ་མི་ཤེས་ནས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། རྭ་དེ་ཁོ་ན་ལྟ་བུ་གཉིས་པ་ཞིག་བྱས་ལ་རྭ་ཁ་སྦྱར་དུ་གཞག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །ཚེ་དང་ལྡན་པ་པི་ལིན་དའི་བུ་གང་ནས་བཟུང་སྟེ་རབ་ཏུ་བྱུང་བ་

เล่ม ๑๐ · หน้า 182b

ཚུན་ཆད་དེ་རྟག་ཏུ་ནའོ། །དེའི་དྲུང་དུ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་སོང་སྟེ་དྲིས་པ་གནས་བརྟན་བདེའམ། དེས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ན་སྟེ་མི་བདེའོ། །དེ་དག་གིས་སྨྲས་པ། གནས་བརྟན་ཁྱོད་ཀྱིས་སྔོན་ཅི་ཞིག་བཅངས། བཞིན་བཟངས་སྨན་གྱི་

ཕོར་བུའོ། །གནས་བརྟན་གལ་ཏེ་དེ་ལྟ་ན་ད་ཅི་སྟེ་མི་བཅང་། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་སྨན་ཕོར་བཅང་བར་

བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་ཡོད་ན་ཁྱིམ་བདག་ཅིག་ཡོད་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་རྩེ་བར་བྱེད། དགའ་བར་

བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་བུ་ཞིག་བཙས་ཏེ། དེ་བསྐྱེད་བསྲིངས་ནས་ཆེན་པོར་གྱུར་ཏོ། །དེ་དུས་གཞན་ཞིག་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། དེས་

ཁྲི་འབའ་ཞིག་ཐོབ་ཀྱི་མལ་སྟན་ནི་མེད་དོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། བུ་དེ་ཁྲི་སྟོང་པ་ལ་ཉལ་ཏེ་མལ་སྟན་མེད་པར་མཐོང་ནས་དེས་སྨྲས་པ། བུ་དགེ་སློང་འདི་རྣམས་ལ་མལ་སྟན་ཡོད་ན་ཁྱོད་ལ་ཅི་སྟེ་མེད། དེས་སྨྲས་པ། ཕ་

དགེ་སློང་འདི་དག་ནི་རབ་ཏུ་བྱུང་ནས་ཡུན་རིང་དུ་ལོན་པས་འདི་དག་གིས་མལ་སྟན་ཐོབ་ཀྱི་བདག་ནི་ད་གཟོད་རབ་ཏུ་བྱུང་བས་ན་བདག་གིས་མ་ཐོབ་པོ། །དེས་སྨྲས་པ། བུ་གལ་ཏེ་དེ་ལྟ་ན། ངས་ཁྱོད་ལ་པར་ཏང་ཞིག་བསྐུར་གྱིས་དེ་འདིར་ཐིང་ཤིག །དེས་སྨྲས་པ། བཅོམ་ལྡན་

འདས་ཀྱིས་མ་གནང་ངོ་། །བུ་བཅོམ་ལྡན་འདས་ནི་ཐུགས་རྗེ་ཅན་ཡིན་པས་གནང་བར་འགྱུར་རོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་དགེ་སློང་གིས་པར་ཏང་གདིང་བར་

เล่ม ๑๐ · หน้า 183a

བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་པར་ཏང་གདིང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དེས་པར་ཏང་དེ་གདིང་བ་མེད་པར་སྤྱད་པས་དྲི་མ་ཅན་དུ་གྱུར་ཏོ། །རེ་ཞིག་ཅིག་ན་ཁྱིམ་བདག་དེ་ཡང་གཙུག་ལག་ཁང་དུ་འོངས་པ་དང་པར་ཏང་དྲི་མ་ཅན་དེ་མཐོང་ནས་

དེས་ངོ་མ་ཤེས་ཏེ་སྨྲས་པ། བུ་ཁྱོད་ཤེས་ཉེན་ཅན་བསོད་ནམས་ཆེན་པོར་གྱུར་ཏམ། ཕ་ཅི་མངོན་པར་ཏང་གཞན་འདི་རྙེད་མོད། ཕ་གཞན་རྙེད་རེ་སྐན། བུ་ཅིའི་ཕྱིར་འདི་འདི་ལྟར་དྲི་མ་ཅན་དུ་གྱུར། ཕ་བདག་གིས་གདིང་བ་མེད་པར་སྤྱད་པས་སོ། །བུ་ཁྱོད་ཀྱིས་ཆེན་པོ་ལ་

འོས་པའི་གོས་འདི་ལྟ་བུ་ཡང་མ་རུང་བར་བྱས་སམ། ཀྱེ་མ་ཁྱོད་ཀྱིས་གདིང་བ་བཏིང་ནས་སྤྱད་ཀྱང་བླ་ན། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་གི་ཁྲ་བོ་ལ་ཡང་གདིང་བ་མེད་པར་སྤྱད་

པར་མི་བྱ་སྟེ། སྤྱོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་མཉན་པ་སྦྱིན་པར་བྱའོ་ཞེས་བཀའ་སྩལ་པ་དང་། ཆོས་སྨྲ་བ་

སེང་གེའི་ཁྲི་ལ་འདུག་པའི་རྐང་པ་འཕྱངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་རྟེན་བཅའ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་རྐང་རྟེན་བཅའ་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཇི་ལྟ་བུ་བཅའ་བ་མི་ཤེས་ནས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། སེང་གེའི་ཁྲི་བརྟན་པོ་གང་ཡིན་པ་ལ་ནི་སོ་ཕག་གི་ཐེམ་སྐས་བྱའོ། །འོན་ཏེ་ཡང་དང་ཡང་དུ་རྐྱོང་ན་ནི་ཤིང་གི་ཁྲིའུ་གཟུགས་སོ། །བསྐྱོད་དཀའ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་བ་བཞི་ལ་ལྕགས་ཀྱི་ཡང་

མིག་གདགས་པར་བྱ་ཞིང་དེ་དག་ནས་བཟུང་སྟེ། ཅི་དགར་སྤྱོད་པར་བྱའོ། །བསོད་ནམས་འདོད་པའི་དགེ་སློང་དག་དང་། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་རྐང་རྟེན་ལ་དྲིའི་ལག་རིས་དང་། དྲི་དག་གིས་བྱུགས་པ་དང་ཆོས་སྨྲ་བ་འགྱོད་དེ་དེ་ལ་རྐང་པ་

เล่ม ๑๐ · หน้า 183b

འཇོག་པར་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་སྟེང་དུ་ལོ་མའི་ཁྲེས་སམ། རྩྭ་བམ་གཞག་པར་བྱ་ཞིང་བཞག་ནས་རྐང་པ་གཞག་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་

ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་སེང་གེའི་ཁྲི་ལ་རྐང་རྟེན་གཟུགས་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དགོན་པ་པ་རྣམས་ལ་རྐང་རྟེན་མི་བདོག་ནས་དེ་དག་རྐང་པ་འཕྱང་བཞིན་ཆོས་སྟོན་པར་བྱེད་པས་ངལ་བར་གྱུར་ཏོ། །སྐབས་དེ་དགེ་སློང་རྣམས་

ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་རྡོ་གཞག་པར་བྱའོ།། །།སྡོམ་ནི། ཕྱི་བ་སེང་རས་མཆིལ་མའི་སྣོད། །ལུས་ཕྱི་བ་དང་གཞོང་རིངས་དང་། །གཅལ་དང་མེ་ཤེལ་དག་དང་ནི། །གཙོ་བླག་མཁན་

དང་ཤིང་ལེབ་པོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །ཚེ་དང་ལྡན་པ་པི་ལིན་དའི་བུ་གང་ནས་བཟུང་སྟེ་རབ་ཏུ་བྱུང་བ་ཚུན་ཆད་དེ་རྟག་ཏུ་ནའོ། །དེའི་དྲུང་དུ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་སོང་སྟེ་དྲིས་པ། གནས་བརྟན་བདེའམ།

དེས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ན་སྟེ་མི་བདེའོ། །གནས་བརྟན་ཁྱོད་ཀྱིས་སྔོན་ཅི་ཞིག་བཅངས། བཞིན་བཟངས་གདོང་ཕྱི་བའོ། །གནས་བརྟན་གལ་ཏེ་དེ་ན་ད་ཅི་སྟེ་མི་བཅང་། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་

གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་གདོང་ཕྱིས་བཅང་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །སོ་གའི་དུས་ལ་བབ་པ་དང་། ཚེ་དང་ལྡན་པ་

པི་ལིན་དའི་བུ་ཚ་བས་རྨྱ་སྟེ། སྐྱ་བོ་བསེང་བསེང་པོར་གྱུར་ཅིང་ལུས་ཤ་བྲི་ངན་པ། ཉམ་ཆུང་བ་ཤིག་ཤིག་པོར་གྱུར་ཏོ། །དེའི་དྲུང་དུ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་སོང་བ་དང་། དེ་དག་གིས་འདིའི་ལུས་ཀྱི་གནས་སྐབས་མཐོང་ནས་སྨྲས་པ། གནས་བརྟན་ཅི་སྟེ་སྐྱ་

เล่ม ๑๐ · หน้า 184a

བོ་བསེང་བསེང་པོ་ལུས་ཤ་བྲི་ངན་པ་ཉམ་ཆུང་བ་ཤིག་ཤིག་པོར་གྱུར། དེས་སྨྲས་པ། བཞིན་བཟངས་ཚ་བས་བདག་གི་ལུས་ཀྱི་གནས་འདི་ལྟ་བུར་གྱུར་ཏོ། །གནས་བརྟན་ཁྱོད་ཀྱིས་སྔོན་སོ་གའི་དུས་སུ་ཅི་ཞིག་བཅངས། བཞིན་བཟངས་སེང་རས་སོ། །གནས་

བརྟན་གལ་ཏེ་དེ་ལྟ་ན་ད་ཅི་སྟེ་མི་བཅང་། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་དགེ་སློང་གིས་སེང་རས་བཅང་བར་བྱའོ། །སངས་

རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ཞིག་ཆམ་ལུད་བདོ་སྟེ་ན་བ་དེས་ས་ལ་མཆིལ་མ་བོར་བས་མལ་གྱི་གཡས་གཡོན་གཉིས་མི་མཛེས་པར་བྱས་སོ། །ཇི་ཙམ་ན་དེའི་ལྷན་ཅིག་གནས་པ་ནང་པར་སྔར་

ལངས་ཏེ་གནས་ཁང་དུ་ཞུགས་ནས་ཕྱག་བྱས་ཏེ་ནད་དྲིས་ནས་བྱུང་ངོ་། །དེ་ཕྱག་འཚལ་བ་ན་དཔྲལ་བ་ལ་མཆིལ་མའི་ཐལ་བ་རེག་པ་དེ་དགེ་སློང་རྣམས་ཀྱིས་མཐོང་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་གང་དུ་ཁྱོད་ཀྱིས་དཔྲལ་བ་ལ་མཆིལ་མ་འདི་རེག །དེས་སྨྲས་པ།

མཁན་པོ་ཆམ་ལུད་ན་བ་དེས་ས་ལ་མཆིལ་མ་བོར་བར་མ་གྱུར་གྲང་། རེ་ཞིག་བལྟའོ་ཞེས་དེ་གནས་ཁང་དུ་ཞུགས་པ་དང་། ཇི་ཙམ་ན་མལ་གྱི་གློ་གཡས་གཡོན་དུ་མཆིལ་མ་བོར་བ་མཐོང་ངོ་། །དེས་དགེ་སློང་དག་ལ་བསྙད་པ་དང་། དེ་དག་འཕྱ་བར་བྱེད། སྨོད་པར་

བྱེད། ཁ་ཟེར་བར་བྱེད་དེ་ད་ཇི་ལྟ་བུ་ཞིག་ཏུ་གྱུར། དགེ་སློང་དག་མཆིལ་མས་དགེ་འདུན་གྱི་གནང་ཁང་མ་རུང་བར་བྱེད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གི་

གནས་མལ་བཅས་པར་མཆིལ་མ་དོར་བར་ཡང་མི་བྱ། མུན་པར་ཕྱག་བྱེད་པས་མགོས་དྲུང་དུ་གཏུགས་པར་ཡང་མི་བྱའི། ཚིག་ཙམ་གྱིས་ཕྱག་བྱ་ཞིང་གང་ཅུང་ཟད་བྱ་བ་ཡོད་ན་ཡང་དེར་ཚིག་ཙམ་གྱིས་དྲི་བར་བྱའོ། །གཞན་ཡང་གང་ལ་ཆམ་པ་དང་ཁ་ཆུ་བདོ་བ་དེས་མཆིལ་མའི་སྣོད་ཉེ་བར་གཞག་

เล่ม ๑๐ · หน้า 184b

པར་བྱའོ། །དགེ་སློང་དག་གིས་ཁམ་ཕོར་དུ་མཆིལ་མ་བོར་བ་དང་དེ་འདྲིལ་ཏེ་ཆེས་མང་དུ་མ་རུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཆིལ་མ་སྣོད་རྟེན་མ་དང་བཅས་པའམ། ཡང་ན་ཟངས་པོ་ཆེ་གཞག་པར་བྱའོ། །དགེ་སློང་དག་ཟངས་པོ་ཆེ་ཅི་འདྲ་བ་

ཡང་རུང་ཉེ་བར་འཇོག་པར་བྱེད་པས་དེ་ཡང་འདྲིལ་ཏེ་ཉེས་དམིགས་དེ་ཉིད་དུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གླང་པོ་ཆེའི་རྐང་པ་ལྟ་བུ་ཉེ་བར་གཞག་པར་བྱའོ། །གཞན་དག་ཅིག་མཆིལ་མ་འདོར་བ་ན་ཟེར་མ་ཡར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

གཅལ་དགྲམ་པར་བྱའོ། །དགེ་སློང་རྣམས་ཀྱིས་གཅལ་ཅི་ཞིག་གིས་དགྲམ་པ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་ཕག་གི་བུར་མ་འམ་བྱེ་མའོ། །དེར་སྦྲང་མ་དག་འདུ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྐྲད་པར་བྱའོ། །དྲི་མི་ཞིམ་

པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་དུས་སུ་བཤལ་བར་བྱའོ། །དགེ་སློང་དག་གིས་བཤལ་ནས་མ་བསྐམས་པ་དང་སྲོག་ཆགས་དག་བྱུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤལ་ནས་བསྐམ་པར་བྱའོ། །དགེ་སློང་གཞན་

དག་ཅིག་ལུད་པ་བདོ་ནས་དེ་དག་ཇི་སྲིད་དུ་བསྐམས་པ་དེའི་བར་དུ་ཉམ་ང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ཚབས་པོ་ཆེ་གང་དག་ཡིན་པ་དེ་དག་གིས་ནི་མཆིལ་མའི་སྣོད་གཉིས་ཉེ་བར་གཞག་པར་བྱའོ། །དགེ་སློང་ཁང་བཟངས་དག་ཏུ་

ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ཆགས་པ་དེ་དག་མཆིལ་མ་བྲོ་བ་དང་། དེ་དག་སེམས་ཡེངས་ཤིང་བབ་བབ་དུ་མཆིལ་མ་འདོར་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྗེད་ཕྱལ་བར་གནས་མལ་བཅས་པར་མཆིལ་མ་དོར་བར་མི་བྱའི་

འོན་ཀྱང་གཙུག་ལག་ཁང་གི་གྲྭ་བཞིར་ཀ་བའི་དྲུང་དུ་དགེ་འདུན་གྱི་མཆིལ་མའི་སྣོད་བཞི་གཞག་པར་བྱ་ཞིང་དེ་དག་ཏུ་ཀློག་པ་དང་། ཁ་ཏོན་བྱེད་པའམ། འཆགས་པས་དྲན་པ་ཉེ་བར་བཞག་སྟེ་མཆིལ་མ་དོར་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་

เล่ม ๑๐ · หน้า 185a

ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་གང་གི་ཀ་སྤུན་པོ་ཚེ་རབས་ལྔ་བརྒྱར་སེམས་ཅན་དམྱལ་བ་དག་གི་ནང་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བ་དག་གི་ནང་དུ་སྐྱེས་ཤིང་དེ་ནས་ཕྱིར་འདིར་སྐྱེས་པ་དེ་བྱིས་པའི་གནས་

སྐབས་ནས་ཁྱིམ་པ། ཁྱིམ་ལ་ལྷག་པར་ཆགས་པ། རྩེ་བའི་དགའ་བས་དགའ་བ་དང་། ཆ་བ་ལ་བརྩོན་པས་དམྱལ་བ་ལ་དམིགས་པའི་དྲན་པ་མ་སྐྱེས་སོ། །དེ་དུས་གཞན་ཞིག་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་བཅོམ་ལྡན་འདས་ཀྱིས་མདོ་

སྡེ་དང་། འདུལ་བ་དང་། ཆོས་མངོན་པའི་ཕྱོགས་དེ་དང་དེ་དག་ཏུ་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་དང་། ལྷ་དང་མི་དག་བཤད་པ་དང་། དེས་དམྱལ་བའི་གཏམ་ཐོས་ནས་སེམས་ཅན་དམྱལ་བའི་ཚོར་བ་མངོན་དུ་གྱུར་ཏེ་བ་སྤུའི་ཁུང་བུ་ཐམས་ཅད་ནས་ཁྲག་བྱུང་

སྟེ། ཆོས་གོས་དག་ཀྱང་ཁྲ་བོར་གྱུར། དྲི་ཡང་མི་ཞིམ་པར་གྱུར་ཏོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་དགེ་སློང་རྣམས་ཀྱིས་ལུས་ཕྱི་བ་བཅང་བར་བྱའོ། །

བཅོམ་ལྡན་འདས་ཀྱིས་ལུས་ཕྱི་བ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དེ་དག་གིས་ཆོས་གོས་ཀྱི་ཕྱི་རོལ་དུ་བགོས་པས་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནང་དུ་བགོ་བར་བྱའོ། །དེ་དག་གིས་དེ་ཁོ་ནས་ལུས་དྲུད་པས་རིལ་རྨ་

བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཁོ་ནས་དྲུད་པར་མི་བྱའི་འོན་ཀྱང་བསྐ་བའི་ཆུས་སྦངས་ནས་དལ་བུས་བགས་ཀྱིས་བཀྲུ་བར་བྱའོ། །ལུས་ཕྱི་བའི་གོས་ཀྱིས་རྣག་དང་ཁྲག་ཀྱང་དུས་དུས་སུ་བཀྲུ་བར་བྱ་ཞིང་དེ་ཡང་ཚོན་གྱིས་ཁ་བསྒྱུར་བར་བྱའོ། །

སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །ཚེ་དང་ལྡན་པ་པི་ལིན་དའི་བུ་གང་ནས་བཟུང་སྟེ་རབ་ཏུ་བྱུང་ཚུན་ཆད་དེ་རྟག་ཏུ་ནའོ། །དེའི་དྲུང་དུ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་སོང་སྟེ་དྲིས་པ། གནས་བརྟན་

เล่ม ๑๐ · หน้า 185b

བདེའམ། བཞིན་བཟངས་བདག་ན་སྟེ་མི་བདེའོ། །དེ་དག་གིས་སྨྲས་པ། གནས་བརྟན་ཁྱོད་ཀྱིས་སྔོན་ཅི་ཞིག་བཅངས། བཞིན་བཟངས་ལྕགས་ཀྱི་གཞོང་རིངས་སོ། །གནས་བརྟན་གལ་ཏེ་དེ་ལྟ་ན་ད་ཅི་སྟེ་མི་བཅང་། བཞིན་བཟངས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །

སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་དགེ་སློང་གིས་ལྕགས་ཀྱི་གཞོང་རིངས་བཅང་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་

སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་མཆོད་རྟེན་ལ་ཕྱག་འཚལ་བ་ན་དེ་དག་གི་རྐང་པ་ལ་འདམ་རྫབ་གོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅལ་དགྲམ་པར་བྱའོ། །དེ་དག་གཅལ་ཅི་ལས་འགྲམ་པ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། སོ་ཕག་གི་གཅལ་དགྲམ་པར་བྱ་ཞིང་དེ་ནས་སོ་ཕག་གི་ཕྱེ་མས་བཏབ་སྟེ་རྡོ་ཐལ་གྱིས་བྱུག་པར་བྱའོ། །མཆོད་རྟེན་གྱི་འཁོར་ས་ཆེན་པོར་གྱུར་ཏེ་མ་འབྱོར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེན་ཀོར་འདོམ་གང་དགྲམ་པར་བྱའོ། །འོན་

ཀྱང་མ་འབྱོར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་མི་འབྱོར་ན་སྤང་ལེབ་དགྲམ་པར་བྱའོ། །དེ་ཡང་མ་འབྱོར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བར་བར་ཏུ་སོ་ཕག་གཞག་པར་བྱའོ། །དགེ་སློང་སྒོ་གང་ལ་རྟེན་པ་རྣམས་

ཀྱི་ཁྱམས་སུ་འདམ་རྫབ་ཆགས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཡང་རིམ་པ་དེ་བཞིན་དུ་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་

ན་ཁྱིམ་བདག་ཅིག་འདུག་པ་དེས་དགོན་པར་སྤྱིལ་བུ་བྱེད་དུ་བཅུག་སྟེ། དེ་ན་དགེ་སློང་གཅིག་གནས་སོ། །དགུན་སྟོད་ཀྱི་དུས་ལ་བབ་པ་དང་། དེ་ལྷགས་པས་ཉེན་ནས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་ལུས་ཤ་བྲི་ངན་པ་རིད་པ་རྨྱ་བར་གྱུར་ནས་དེ་ཁྱིམ་བདག་དེའི་དྲུང་དུ་སོང་

เล่ม ๑๐ · หน้า 186a

སྟེ། ཁྱིམ་བདག་ཤེས་པར་གྱིས་ཤིག །གཞན་ཞིག་ཏུ་འགྲོའོ་ཞེས་བྱས་པ་དང་། དེས་སྨྲས་པ། འཕགས་པ་ཅུང་ཟད་བྲེལ་བར་མ་གྱུར་གྲང་། དེས་སྨྲས་པ། བྲེལ་བ་ནི་ཅུང་ཟད་ཀྱང་མེད་མོད་ཀྱི་འོན་ཀྱང་ལྷགས་པས་སྐྱོའོ། །དེས་སྨྲས་པ། འཕགས་

པ་བཞུགས་ཤིག་དང་། ཁྱེད་ལ་ནོར་བུ་མེ་ཤེལ་སྦྱིན་ཏོ། །དེས་སྨྲས་པ། ཁྱིམ་བདག་བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་བཅོམ་ལྡན་འདས་ནི་ཐུགས་རྗེ་ཅན་ཡིན་པས་གནང་བར་འགྱུར་རོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་

གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་དགེ་སློང་ནོར་བུ་མེ་ཤེལ་ཉེ་བར་གཞག་པར་བྱ་ཞིང་དེས་མེ་ཕྱུང་ལ་མེའི་བྱ་བ་བྱའོ། །ཁྱིམ་བདག་དེས་དགེ་སློང་དེ་ལ་ནོར་བུ་མེ་ཤེལ་བྱིན་ནས། དེ་དེས་མེ་འབྱིན་ཅིང་མེའི་བྱ་བ་བྱེད་དོ། །ཇི་

ཙམ་ན་རྐུན་པོ་ལྔ་བརྒྱ་རི་བྲགས་ཤིག་ཏུ་ལས་བྱེད་པར་འདོང་བ་ཕྱོགས་དེར་ཕྱིན་པ་དང་། དེ་དག་གིས་དགེ་སློང་དེ་ལ་སྨྲས་པ། འཕགས་པ་ལྷགས་པས་སྦྲེབས་ན་འདི་ན་མེ་ཡོད་དམ། དེས་སྨྲས་པ། བཞིན་བཟངས་མེད་དོ། །འཕགས་པ་ཁྱོད་མེའི་བྱ་བ་ཇི་ལྟར་བྱེད།

བཞིན་བཟངས་བདག་ནི་ནོར་བུ་མེ་ཤེལ་གྱིས་མེ་ཕྱུང་ནས་མེའི་བྱ་བ་བྱེད་དོ། །འཕགས་པ་ནོར་བུ་དེ་དག་ག་རེ། བཞིན་བཟངས་ཕྱོགས་འདི་ནའོ། །དེ་དག་གིས་དེ་མཐོང་ནས་རི་བྲགས་སུ་སོང་སྟེ། དེར་ལས་བྱས་ནས་བྱུང་སྟེ་སྨྲས་པ། ཤེས་ལྡན་དག་ཚུར་འཕགས་

པ་དེའི་ནོར་བུ་དབྲོག་གིས་འདོང་། དེ་དག་དེའི་དྲུང་དུ་དོང་ནས། སྨྲས་པ། ནོར་བུ་མེ་ཤེལ་དེ་ག་རེ་བཞིན་བཟངས་ཕྱོགས་འདི་ཉིད་ན་འདུག་གོ། །དེ་དག་གིས་དེ་ཁྱེར་ཏེ་སོང་ངོ་། །ཡང་དགེ་སློང་དེ་ལྷགས་པས་ཉེན་ནས་ཁྱིམ་བདག་དེའི་དྲུང་དུ་སོང་སྟེ་སྨྲས་པ། ཁྱིམ་བདག་

ཤེས་པར་གྱིས་ཤིག་གཞན་ཞིག་ཏུ་འགྲོའོ། །དེས་སྨྲས་པ། འཕགས་པ་ཆུང་ཟད་བྲེལ་བར་མ་གྱུར་གྲང་། དེས་སྨྲས་པ། ཁྱིམ་བདག་བྲེལ་བ་ནི་ཆུང་ཟད་ཀྱང་མེད་ཀྱི་འོན་ཀྱང་ལྷགས་པས་སྐྱོའོ། །དེས་སྨྲས་པ། འཕགས་པ་བདག་གིས་ཁྱོད་ལ་ནོར་བུ་མེ་ཤེལ་

เล่ม ๑๐ · หน้า 186b

མ་བྱིན་ཏམ། ཁྱིམ་བདག་བྱིན་ནོ། །དེ་ག་རེ་རྐུན་པོ་དག་གིས་ཕྲོགས་སོ། །ཆེན་པོ་ལ་འོས་པའི་ནོར་བུ་དེ་ལྟ་བུ་ཡང་ཁྱོད་ཀྱིས་རྐུན་པོ་ལ་བཀུར་བ་ལྟ། ཀྱེ་མ་ཁྱོད་ཀྱིས་ཕྱོགས་དབེན་པ་ཞིག་ཏུ་བཞག་མོད། སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་

ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིན་པོ་ཆེ་དེ་ལྟ་བུ་དག་མ་བྱིན་པ་ལེན་པ་རྣམས་ལ་བསྟན་པར་མི་བྱའི། འོན་ཀྱང་མེ་ཕྱུང་ལ་གཏད་པར་བྱའོ། །མེ་ཤེལ་ཇི་ལྟ་བར་ཆུ་ཤེལ་ཡང་དེ་དང་འདྲའོ། །སངས་རྒྱས་བཅོམ་ལྡན་འདས་

མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་རྣམས་བཙོ་བླག་མཁན་ལ་ཆོས་གོས་དག་འཁྲུར་འཇུག་གོ། །ཇི་ཙམ་དུས་གཞན་ཞིག་ན་མཉན་ཡོད་དུ་དུས་སྟོན་བྱུང་སྟེ། མཉན་ཡོད་ཀྱི་བྲམ་ཟེ་དང་། ཁྱིམ་བདག་

རྣམས་ཀྱི་གོས་ཚོན་སྣ་ཚོགས་ཅན་དག་བཙོ་བླག་མཁན་ལ་འཁྲུར་བཅུག་གོ། །ཉེ་དགའ་ཡང་ཉི་མ་ནུབ་ཀར་ཆོས་གོས་ངུར་སྨྲིག་གཅིག་ཁྱེར་ཏེ་བཙོ་བླག་མཁན་གྱི་དྲུང་དུ་སོང་ནས། བཞིན་བཟངས་ཆོས་གོས་འདི་ཁྲུས་ཤིག་ཅེས་བྱས་སོ། །དེས་སྨྲས་པ། འཕགས་པ་དེང་

འཇིག་རྟེན་པའི་གོས་མང་ཞིག་འཚལ་ཏེ་མཆིས་ཀྱིས་བཞུད་ཅིག་སང་བཀྲུ་བར་བགྱིའོ། །དེ་ཁྲོས་ནས་བསྡིགས་པར་བརྩམས་པ་དང་། དེས་སྨྲས་པ། འཕགས་པ་བསྡིགས་སུ་ཅི་མཆིས། གལ་ཏེ་མི་བཟོད་ན་ཞོག་ལ་བཞུད་ཅིག་སད་བཀྲུ་མོད་དེས་བཞག་སྟེ་སོང་བ་དང་།

དེའི་ཏུག་རིད་ཀྱིས་བཙོ་བླག་མཁན་སེམས་གཡེངས་པར་གྱུར་ནས་དེས་ཆོས་གོས་དེ་བུལ་ཏོག་གི་ནང་དུ་སྦངས་ནས་གོས་ཚོན་སྣ་ཚོགས་ཅན་རྣམས་ཀྱི་ནང་དུ་བཞག་པ་དང་། དེར་ཞག་ལོན་ནས་གོས་ཚོན་སྣ་ཚོགས་ཅན་རྣམས་ཀྱིས་ཐམས་ཅད་ཁྲ་བོར་བྱས་སོ། །བཙོ་བླག་

མཁན་ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། སྐྱེ་བོའི་ཚོགས་མ་དད་པར་གྱུར་ཏོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། བྲམ་ཟེ་དང་ཁྱིམ་བདག་དག་མ་དད་པར་གྱུར་པ་ཐོག་ཏུ་

เล่ม ๑๐ · หน้า 187a

བབ་པར་མཁྱེན་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་ཉེ་དགའས་ཆོས་གོས་ངུར་སྨྲིག་བཙོ་བླག་མཁན་ལ་འཁྲུར་བཅུག་པ་འཇིག་རྟེན་པའི་གོས་ཚོན་སྣ་ཚོགས་ཅན་རྣམས་ཀྱིས་ཁྲ་བོར་བྱས་སོ། །དེ་ལྟ་བས་ན་དགེ་སློང་གིས་གོས་ངུར་སྨྲིག་དག་བཙོ་

བླག་མཁན་ལ་འཁྲུར་མི་གཞུག་གོ། །དགེ་སློང་གོས་ངུར་སྨྲིག་དག་བཙོ་བླག་མཁན་ལ་འཁྲུར་འཇུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གོས་ངུར་སྨྲིག་དག་བཙོ་བླག་མཁན་ལ་འཁྲུར་མི་གཞུག་གོ། །ཞེས་བཀའ་སྩལ་པ་དང་། དྲུག་

སྡེ་རྣམས་ཀྱིས་གོས་དཀར་པོ་དག་འཁྲུར་གཞུག་པར་བརྩམས་སོ། །བཙོ་བླག་མཁན་གྱིས་དེ་དག་བག་མེད་པར་ཤིང་ལེབ་ལ་བརྡབས་ནས་བཀྲུས་པ་དང་། དེ་ན་གོས་ཁ་ཅིག་ནི་རལ། ཁ་ཅིག་ནི་མཐའ་ཟེགས་སོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་

གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་གིས་ཐམས་ཅད་དུ་བཙོ་བླག་མཁན་ལ་གོས་འཁྲུར་མི་གཞུག་གོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་

བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཐམས་ཅད་ཀྱིས་ཐམས་ཅད་དུ་བཙོ་བླག་མཁན་ལ་གོས་འཁྲུར་མི་གཞུག་གོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་བཙོ་བླག་མཁན་གྱི་འཁྲུ་སར་དོང་ནས། མགོ་ཆོས་གོས་ཀྱིས་དཀྲིས་ཏེ། བཙོ་བླག་མཁན་

བཞིན་དུ་སྔམ་པ་སུ་སུ་ཞིང་བདག་ཉིད་གོས་དག་འཁྲུ་བར་བྱེད་པ་བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་ནས་མ་དད་པར་གྱུར་ཏོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་བཙོ་བླག་

མཁན་གྱི་འཁྲུ་སར་སོང་སྟེ། བཙོ་བླག་མཁན་བཞིན་དུ་སྔམ་པ་སུ་སུ་ཞིང་བདག་ཉིད་ཀྱིས་གོས་དག་བཀྲུ་བར་མི་བྱའོ། །དགེ་སློང་བཙོ་བླག་མཁན་གྱི་འཁྲུ་སར་སོང་སྟེ། བཙོ་བླག་མཁན་བཞིན་དུ་སྔམ་པ་སུ་སུ་ཞིང་བདག་ཉིད་ཀྱིས་གོས་དག་འཁྲུ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་

เล่ม ๑๐ · หน้า 187b

རོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་བཙོ་བླག་མཁན་གྱི་འཁྲུ་སར་སོང་སྟེ། བཙོ་བླག་མཁན་བཞིན་དུ་སྔམ་པ་སུ་སུ་ཞིང་བདག་ཉིད་ཀྱིས་གོས་དག་

བཀྲུ་བར་མི་བྱའོ། །ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཤིང་ལེབ་ལ་འཁྲུ་བར་བྱེད་དེ་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་ལེབ་ལ་གོས་དག་བཀྲུ་བར་མི་བྱའི་འོན་ཀྱང་གཞོང་ཁུང་དུ་ཆུ་འཇམ་ཙམ་གྱི་ནང་དུ་དལ་བུས་བཟློག་

ཅིང་བཟློག་ཅིང་བདག་ཉིད་ཀྱིས་བཀྲུ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་གཞོང་ཁུང་དུ་དལ་བུས་བཟློག་ཅིང་བཟློག་ཅིང་བཀྲུ་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་གཞན་དག་ཅིག་གིས་ལག་པ་གཉིས་ཀྱིས་བཀྲུ་བར་མ་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། གང་དག་ལག་པ་གཉིས་ཀྱིས་འཁྲུ་བར་མི་ནུས་པ་དེ་དག་གི་རྐང་པ་གཉིས་ཀྱིས་བཀྲུ་བར་བྱའོ། །གཞན་དག་ཅིག་གི་ལག་པ་གཉིས་ཀྱིས་ཀྱང་མ་ནུས་ལ། རྐང་པ་གཉིས་ཀྱིས་ཀྱང་མ་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་ཞལ་

ཏ་གྱིས་ལ་གཞན་དག་འཁྲུར་ཆུག་ཤིག། །།སྡོམ་ནི། ཕྱི་བ་དང་ནི་སྦྲུལ་གྱི་རྙི། །རྡོ་ཕྲུ་འགྱོད་པ་ཉིད་དང་ནི། །ཚོན་གྱི་གཞོང་ཁུང་རྩིག་པ་དང་། །ཚོན་རྩི་རྣམ་པ་བཞི་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་

མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་རྣམས་ཁྲུས་བྱས་ནས་ལུས་གཤེར་བཞིན་དུ་ཆོས་གོས་དག་གྱོན་པ་དང་། དེ་དག་ཁྲ་བོ་དང་དྲི་མི་ཞིམ་པར་གྱུར་ཏོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་ལུས་ཕྱི་བ་བཅང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ལུས་ཕྱི་བ་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་གཞན་དག་ཅིག་ལ་དེ་མི་བདོག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་ལ་མི་བདོག་

เล่ม ๑๐ · หน้า 188a

པ་དེ་དག་གིས་རེ་ཞིག་ཙོག་ཙོག་པོར་འདུག་ལ་ཁྲུས་རས་ཀྱིས་ལུས་ཕྱིས་ཏེ་ཆོས་གོས་དག་བགོ་བར་བྱའོ། །དགེ་སློང་རྣམས་ཀྱིས་ལྷམ་ལ་རྡུལ་ཆགས་པར་གྱུར་ནས་དགེ་སློང་དག་གིས་དེ་དག་བརྡབས་སོ། །དེ་དག་བརྡབས་པ་དང་རལ་ཅིང་གཟུངས་ཀྱི་སྲད་བུ་དག་

ཀྱང་ཆད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷམ་བརྡབས་པར་མི་བྱའོ། །དགེ་སློང་དག་གིས་ཆུས་བཀྲུས་པ་དང་། དེ་དག་མ་རུངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུས་བཀྲུ་བར་མི་བྱའི་འོན་ཀྱང་རས་ཆུས་སྦངས་ལ་ཕྱི་བར་བྱ་སྟེ།

དེ་ལྟ་བས་ན་གནང་གིས་ལྷམ་ཕྱི་བ་བཅང་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཡུལ་ཙམ་པ་ན་དྲང་སྲོང་གར་གའི་རྫིང་བུའི་འགྲམ་ན་བཞུགས་སོ། །ཡུལ་ཙམ་པ་ན་ཙམ་པའི་ཀླུའི་བུ་མོ་དད་པ་ཅན་དགེ་བའི་བསམ་པ་བཟང་བ་ཞིག་ཡོད་པ་དེའི་བུ་མ་དད་པ་མ་དུལ་བ་

བྱེད་པ་ཞིག་གོ། །དེས་དེ་ཆོས་མཉན་པ་ཡང་དག་པར་ལེན་དུ་བཅུག་སྟེ། བུ་སོང་ལ་འཕགས་པ་རྣམས་ཀྱི་དྲུང་དུ་ཕྱིན་ནས་ཆོས་ཉོན་ཅིག་དང་། ཁྱེད་ལ་བསོད་ནམས་སུ་འགྱུར་རོ་ཞེས་བྱས་པ་དང་། དེ་དེས་ཡང་དག་པར་ལེན་དུ་བཅུག་པས་རང་བཞིན་གྱི་ཆ་ལུགས་ཀྱིས་ཆོས་

ཉན་པར་ཞུགས་པ་རྣམས་ཀྱི་ནང་དུ་སོང་ངོ་། །དེ་གཞོན་ནུ་ཞིག་གིས་མཐོང་ནས་དེ་སྔངས་ཏེ། ཚེ་དང་ལྡན་པ་དག་རྒྱབ་རིངས་པོ་རྒྱབ་རིངས་པོ་ཞེས་སྨྲས་པ་དང་ཐོས་ནས་དགེ་སློང་གང་དག་འདོད་ཆགས་དང་མ་བྲལ་བ་དེ་དག་སྔངས་ནས་དེ་དག་གིས་དེ་སྐེ་ནས་རྔ་མའི་སྲད་བུས་བཏགས་

ཏེ། གཙུག་ལག་ཁང་གི་སྟེང་ནས་འཕངས་སོ། །དེ་མས་མཐོང་སྟེ་སྨྲས་པ། བུ་ཁྱོད་ཀྱིས་འཕགས་པ་རྣམས་ལས་ཆོས་ཐོས་སམ། དེས་སྨྲས་པ། མ་དེ་འདྲ་བའི་འཕགས་པར་ནི་སུ་ཡང་མ་གྱུར་ཅིག །བུ་དེ་དག་གིས་ཁྱོད་ལ་ཅི་ཞིག་བྱས། དེས་ཇི་ལྟར་གྱུར་པ་བསྙད་པ་དང་།

དེས་སྨྲས་པ། བུ་དེ་བས་དང་དེ་དག་འཕགས་པ་ཡིན་ནོ། །གཞན་དག་ཅིག་གིས་ཁྱོད་མཐོང་དུ་ཟིན་ན་བསད་པར་གྱུར་ཏོ་ཞེས་པ་དང་། དེ་ཅང་མི་ཟེར་བར་འདུག་གོ། །དེ་ལ་ནེའུ་ལྡངས་རྣམས་ཀྱིས་བཞད་གད་དུ་མགྲིན་སྣད་མགྲིན་སྣད་ཅེས་སྨྲས་པ་དང་། དེ་དེ་དག་གིས་ཀུ་རེ་སྨྲས་

เล่ม ๑๐ · หน้า 188b

པས་ལུས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་ཤ་བྲི་ངན་པ་རྐེ་བ་སྐེམ་པོར་རེད་པར་གྱུར་ཏོ། །དེ་ལ་མས་སྨྲས་པ། བུ་ཁྱོད་ཅི་སྟེ་ལུས་སྐྱ་བོ་བསེང་བསེང་པོར་ཤ་བྲི་ངན་པ་རྐེ་བ་སྐེམ་པོར་གྱུར། དེས་སྨྲས་པ། མ་བདག་ལ་ཀླུ་གཞོན་ནུ་འདི་དག་མགྲིན་སྣད་མགྲིན་སྣད་ཅེས་

ཅོ་འདྲི་བར་བྱེད་དེ་ཅི་བྱའི་གཏོལ་མེད་དོ། །བུ་ཁྱོད་རང་གི་ཆ་ལུགས་ཀྱིས་སོང་བས་དེས་ན་གནས་སྐབས་འདི་ལྟ་བུར་གྱུར་གྱི་གལ་ཏེ་ཁྱོད་སྤྲུལ་པའི་གཟུགས་ཀྱིས་སོང་བར་གྱུར་ན་རྔ་མའི་རྙིས་བཏགས་པར་ཡང་མི་འགྱུར་རོ། །ད་སྤྲུལ་པའི་གཟུགས་ཀྱིས་སོང་ལ་ཆོས་

ཉོན་ཅིག་དང་ཁྱོད་ལ་ཐམས་ཅད་ལེགས་པར་འགྱུར་རོ། །འོན་ཏེ་རང་གི་གཟུགས་ཀྱིས་ཉན་ན་ཁྱོད་གནས་ན་འདུག་སྟེ་ཉོན་ཅིག་ཅེས་བྱས་པ་དང་། དེ་མ་དད་པའི་ཕྱིར་ཁས་མ་བླངས་ཏེ་མའི་ངོར་ཅང་མི་ཟེར་བར་འདུག་གོ། །དེས་བསམས་པ། འཕགས་པ་དག་

ཀླུ་གཞོན་ནུ་རྔ་མའི་རྙིས་འདོགས་པ་ནི་གང་སུ་ཡང་རུང་། ཆོས་ཉན་པར་འདོད་པ་དེ་དག་གི་ཡང་བར་ཆད་དུ་འགྱུར་བས་འདི་ཁོ་ན་བདག་གིས་བྱ་བ་ཡིན་ནོ་སྙམ་སྟེ། དེ་ཁ་དོག་འཕགས་པས་ནམ་སྲོས་པ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་

འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་པ་དང་། དེའི་ཚེ་ཙམ་པའི་ཀླུའི་བུ་མོའི་ཁ་དོག་གི་མཐུས་དྲང་སྲོང་གར་གའི་རྫིང་འགྲམ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །ཕྱོགས་གཅིག་ཏུ་འདུག་ནས་ཙམ་པའི་ཀླུའི་བུ་མོས་

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གི་བུ་མ་དད་པ་ཞིག་མཆིས་པ་དེ་བདག་གིས་ཆོས་ཉན་པ་ཡང་དག་པར་ལེན་དུ་སྩལ་ནས་དེ་ཆོས་ཉན་དུ་མཆིས་པ་དང་། འཕགས་པ་རྣམས་ཀྱིས་རྔ་མའི་རྙིས་སྐེ་ནས་བཏགས་ཏེ་བོར་བས་དེའི་མགྲིན་པ་སྣད་དེ།

དེ་ལ་ནེའུ་ལྡངས་རྣམས་ཀྱིས་མགྲིན་སྣད་མགྲིན་སྣད་ཅེས་གཙེས་ལགས་སོ། །དེ་དེ་ལྟར་གཙེས་པ་ན་ལུས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་། ཤ་བྲི་ངན་པ་རྐེ་བ་སྐེམ་པར་གྱུར་ན། ཀྱེ་མ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བར་དགོངས་ཏེ། གང་གིས་ན་འཕགས་པ་རྣམས་

เล่ม ๑๐ · หน้า 189a

ཀླུ་གཞོན་ནུ་རྔ་མའི་རྙིས་འདོགས་པར་མི་འགྱུར་བར་འཕགས་པ་རྣམས་དྲན་པར་བགྱིད་པ་ཆུང་ཟད་ཅིག་བཅར་གསོལ། བཅོམ་ལྡན་འདས་ཀྱིས་ཙམ་པའི་ཀླུའི་བུ་མོ་ལ་ཅང་མི་གསུང་བས་གནང་བ་དང་། དེ་ནས་ཙམ་པའི་ཀླུའི་བུ་མོ་བཅོམ་ལྡན་འདས་ཀྱི་ཞབས་ལ་

མགོ་བོས་ཕྱག་འཚལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ཉིད་ཀྱི་མཚན་མོ་འདས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་

སློང་དག་མདང་ཙམ་པའི་ཀླུའི་བུ་མོ་ང་ག་ལ་བ་དེར་འོངས་ཏེ་ཕྱིན་ནས་ངའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་པ་དང་། དེའི་ཚེ་ཙམ་པའི་ཀླུའི་བུ་མོའི་ཁ་དོག་གི་མཐུས་དྲང་སྲོང་གར་གའི་རྫིང་འགྲམ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །ཕྱོགས་

གཅིག་ཏུ་འདུག་ནས་ཙམ་པའི་ཀླུའི་བུ་མོས་ང་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གི་བུ་མ་དད་པ་ཞིག་མཆིས་པ་དེ་བདག་གིས་ཆོས་ཉན་པ་ཡང་དག་པར་ལེན་ཏུ་སྩལ་ནས་དེ་འཕགས་པ་རྣམས་ཀྱི་དྲུང་དུ་ཆོས་ཉན་དུ་མཆིས་པ་དང་། དེ་དག་གིས་དེ་རྔ་མའི་རྙིས་བཏགས་ཏེ་

བོར་བས་དེའི་མགྲིན་པ་སྣད་ནས། དེ་ལ་ནེའུ་ལྡངས་རྣམས་ཀྱིས་མགྲིན་སྣད་མགྲིན་སྣད་ཅེས་ཅོ་དྲི་བ་སྨྲས་ལགས་སོ། །དེ་ལ། དེ་སྐད་ཅེས་བགྱིས་པ་ན་ལུས་སྐྱ་བོ་བསེང་བསེང་པོར་གྱུར་ཅིང་ཤ་བྲི་ངན་པ། རྐེ་བ་སྐེམ་པོར་གྱུར་ན་ཀྱེ་མ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བར་དགོངས་

ཏེ་གང་གིས་ན་འཕགས་པ་རྣམས་ཀླུ་གཞོན་ནུ་རྔ་མའི་རྙིས་འདོགས་པར་མི་འགྱུར་བར་འཕགས་པ་རྣམས་དྲན་པར་བགྱིད་པ་ཅུང་ཟད་ཅིག་བཅར་གསོལ་ཞེས་ཟེར་རོ། །དགེ་སློང་དག་དེ་ལྟ་བས་ན་གང་ལ་ད་ལྟར་ལྷ་རྣམས་ཀྱང་ཀྱེ་མ་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་དགེ་བའི་ཆོས་རྣམས་

ལས་ཡོངས་སུ་ཉམས་པར་གྱུར་ཏོ་ཞེས་འཕྱ་བར་འགྱུར་བ་འདི་ནི་མཛེས་པ་མ་ཡིན་རུང་བ་མ་ཡིན་གྱིས་དེ་ལྟ་བས་ན་དགེ་སློང་གིས་ཀླུ་གཞོན་ནུ་རྔ་མའི་རྙིས་གདགས་པར་མི་བྱའི་འོན་ཀྱང་ཀླུ་གཞོན་ནུ་མཐོང་ན་སེ་གོལ་གྱི་སྒྲ་ཕྱུང་སྟེ། བཞིན་བཟངས་མཐོང་བའི་ལམ་ན་མ་འདུག་ཤིག་ཅེས་

เล่ม ๑๐ · หน้า 189b

བརྗོད་པར་བྱའོ། །གལ་ཏེ་མཐོང་བའི་ལམ་ན་མི་འདུག་ན་དེ་ལྟ་ན་ལེགས། ཇི་སྟེ་འདུག་ན་དབྱུག་གུ་སྐམ་ཁས་དལ་གྱིས་བླངས་ཏེ་བུམ་པའམ་རྫ་མར་བཅུག་ལ་དེ་ལ་བུ་ག་བཏོད་དེ་ཁ་བཅད་ནས་དབྱུང་བར་བྱའོ། །གལ་ཏེ་དབྱུག་གུ་སྐམ་ཁ་མེད་ན་ཤུར་བུའམ། ལྕགས་པོད་

དམ། རྒྱ་ཅང་གིས་སྐེ་ནས་བཏགས་ཏེ་དབྱུང་བར་བྱའོ། །ཇི་སྟེ་ཤུར་བུའམ། ལྕགས་པོད་དམ། རྒྱ་ཅང་མེད་ན་གདང་ཐག་གི་རྙིའམ། གྲེས་ཐག་གི་རྙི་ལ་རས་མས་དཀྲིས་ནས་དེས་གདགས་པར་བྱ་ཞིང་དེ་ནས་བུམ་པར་བཅུག་སྟེ་དབྱུང་བར་བྱའོ། །དགེ་སློང་དག་གིས་

དེ་དེ་བཞིན་དུ་ཕྱུང་ནས་ནགས་ཀྱི་ནང་དུ་བོར་བ་དང་། དེ་ཁྲོས་པའི་མེས་ནགས་བསྲེགས་ཏེ་དེ་ཡང་དེ་ཉིད་དུ་ཚིག་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནགས་ཀྱི་ནང་དུ་དོར་བར་མི་བྱའོ། །དགེ་སློང་དག་གིས་སྣང་བའི་གནས་སུ་བོར་བ་དང་། སྐད་ཅིག་ཀྱང་མ་ཐོགས་

པར་སྲོག་ཆགས་འོལ་བས་ཁྱེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་མོད་ཁོ་ན་ལ་ལྡོག་པར་མི་བྱའི་འོན་ཀྱང་སྣང་བའི་གནས་སུ་བཞག་ནས་ཇི་སྲིད་གནས་སུ་མ་ཞུགས་པ་དེ་སྲིད་དུ་བསྡད་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་

ལན་ད་ཀ་གནས་པ་ན་བཞུགས་སོ། །རྒྱལ་པོའི་ཁབ་ན་ཁྱིམ་བདག་ཅིག་འདུག་པ་རྡོའི་ལས་ལ་མཁས་པ་ཞིག་སྟེ། རྡོ་ཕྲུ་དག་བྱས་ཤིང་བྱས་ཤིང་འཚོང་ངོ་། །དུས་གཞན་ཞིག་ན་དེ་ལ་རྙེད་པ་མང་དུ་གྲུབ་ནས་དེས་བསམས་པ། གང་གིས་ན་བསོད་ནམས་སུ་ཡང་འགྱུར་ལ་རྙེད་པ་

ཡང་མང་དུ་འགྲུབ་པར་འགྱུར་བའི་ཐབས་དེ་གང་ཞིག་ཡིན་སྙམ་པ་དང་། དེ་དད་པ་ཅན་ཞིག་པས་དེ་འདི་སྙམ་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་སྤྱན་དྲངས་ལ། རྡོ་ཕྲུ་དག་ནས་བཤོས་གསོལ་ན་བདག་གི་བསོད་ནམས་སུ་ཡང་འགྱུར་ལ། རྙེད་པ་ཡང་མང་དུ་

འགྱུར་རོ་སྙམ་དུ་བསམས་སོ། །དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཞེས་བྱ་བ་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ནས་ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་

เล่ม ๑๐ · หน้า 190a

བདེ་བར་བཞུགས་པར་རིག་ནས་རང་གི་ལག་དར་ཏེ་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པས་ཀུན་ཏུ་ཚིམ་པར་བྱེད། ཀུན་ཏུ་སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མར་རང་གི་ལག་དར་ཏེ་བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པས་ཀུན་ཏུ་ཚིམ་པར་བྱས། ཀུན་ཏུ་

བསྟབས་ནས་བཅོམ་ལྡན་འདས་གདུགས་ཚོད་གསོལ་ཏེ་ཕྱག་བཅབས་ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྦྱིན་པ་དེ་ལ་རྗེས་སུ་ཡི་རང་བ་འདིས་རྗེས་

སུ་ཡི་རང་བ་མཛད་དོ། །མཆོད་སྦྱིན་ནང་ན་སྦྱིན་སྲེག་མཆོག །བསྡེབས་སྦྱར་ནང་ན་སྐྱོང་བྱེད་མཆོག །མི་ཡི་ནང་ན་རྒྱལ་པོ་མཆོག །ཆུ་བོའི་ནང་ན་རྒྱ་མཚོ་མཆོག །སྐར་མའི་ནང་ན་ཟླ་བ་མཆོག །གསལ་བའི་ནང་ན་ཉི་མ་མཆོག །སྟེང་དང་འོག་དང་ཐད་ཀར་ཡང་། །

སྐྱེ་བོའི་འགྲོ་བ་ཇི་སྙེད་པ། །ལྷ་དང་བཅས་པའི་འཇིག་རྟེན་ན། །མཆོད་བྱ་དམ་པ་རྫོགས་སངས་རྒྱས། །ཞེས་བྱ་བ་ནས་ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་བཞུད་དོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེས་ཡང་སངས་རྒྱས་ལ་སོགས་པ་

དགེ་སློང་གི་དགེ་འདུན་ཁྱིམ་དུ་བཤོས་ལ་སྤྱན་དྲངས་ནས་དེས་རྒན་རིམས་བཞིན་རྡོ་ཕྲུ་སར་པ་བྲིམས་ནས་སྤྱད་སྤྱད་པ་དེ་དག་ཉིད་ཀྱང་བྲིམ་པར་བརྩམས་པ་དང་། དགེ་སློང་རྣམས་འགྱོད་དེ་ལེན་པར་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་པས་ཡོངས་སུ་དག་

གོ་ཞེས་བྱས་ནས་བླང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཚོན་གྱི་ལས་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་

གིས་ཚོན་གཤེར་བར་བསྐོལ་བ་དང་། དེ་ཞོ་ཅན་ཡིན་པའི་ཕྱིར་བཙོས་པ་དང་མི་སྡུག་པར་གྱུར་ཅིང་དེ་དག་ཀྱང་མ་རུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྐམས་ནས་བསྐོལ་བར་བྱའོ། །དགེ་སློང་དག་གིས་ཉི་མ་ལ་བསྐམས་ཏེ་ནོན་ཆུང་བར་གྱུར་ནས།

เล่ม ๑๐ · หน้า 190b

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉི་མ་ལ་བསྐམ་པར་མི་བྱའོ། །དགེ་སློང་དག་གྲིབ་མ་ལ་སྐེམས་ཏེ་རླམས་ཁྱེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲིབ་མ་ལ་བསྐམ་པར་མི་བྱའི་འོན་ཀྱང་ཉི་མ་ཕྱེད་ཡོད་པ་ལ་བསྐམ་པར་བྱའོ། །དགེ་སློང་དག་གིས་ཚོན་

དང་ཆོས་གོས་དག་གཅིག་ཆར་ཆུར་བཅུག་སྟེ་བཙོས་པ་དང་། དེ་དག་མ་རུང་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོན་ལོགས་ཤིག་ཏུ་བསྐོལ་བར་བྱའོ། །དགེ་སློང་དག་ལན་གཅིག་ཁོ་ན་བསྐོལ་ཏེ་འདོར་བར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལན་

གསུམ་གྱི་བར་དུ་བསྐོལ་ནས་དོར་བར་བྱའོ། །དགེ་སློང་དག་གིས་ལན་གསུམ་གྱི་བར་དུ་བསྐོལ་ན་གཅིག་ཁོ་ནར་བཞག་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣོད་སོ་སོར་གཞག་པར་བྱའོ། །དགེ་སློང་དག་གིས་དང་པོ་ནི་གང་ཡིན། གཉིས་པ་ནི་གང་ཡིན།

གསུམ་པ་ནི་གང་ཡིན་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་དང་པོའོ། །འདི་ནི་གཉིས་པའོ། །འདི་ནི་གསུམ་པའོ་ཞེས་ཡི་གེ་བྲི་བར་བྱའོ། །དགེ་སློང་དག་གིས་ཚོན་ཉིད་དུ་ཆོས་གོས་དག་བཅུག་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། ཚོན་ཉིད་དུ་ཆོས་གོས་དག་གཞུག་པར་མི་བྱའི་འོན་ཀྱང་གཞོང་ཁུང་དུ་ཚོན་བླུགས་ལ་བསུག་པར་བྱའོ། །དགེ་སློང་གིས་ཧ་ཅང་གཤེར་བ་ལ་བསུགས་པས་དེ་འཁྲུས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧ་ཅང་གཤེར་བ་ལ་བསུག་པར་མི་བྱའོ། །དགེ་སློང་དག་

གིས་ཧ་ཅང་སྐམ་པ་ལ་བསུགས་པས་ཆོས་གོས་དག་ཁྲ་བོར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧ་ཅང་སྐམ་པོ་ལ་བསུག་པར་མི་བྱའི་འོན་ཀྱང་རན་ཙམ་ལ་བསུག་པར་བྱའོ། །དགེ་སློང་རྣམས་ཆོས་གོས་དག་ས་ལ་སྐེམས་པར་བྱེད་དེ། དེ་དག་རྡུལ་གྱིས་དྲི་

མ་ཅན་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ས་ལ་བསྐམ་པར་མི་བྱའོ། །དགེ་སློང་དག་གིས་རྩྭ་བཏིང་ནས་བསྐམས་ཏེ་ཚོན་ཕྱོགས་གཅིག་ཏུ་སོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟར་ཐག་ལ་བཏགས་ལ་དེར་བསྐམ་པར་བྱའོ། །དགེ་

เล่ม ๑๐ · หน้า 191a

སློང་དག་གིས་དེ་བཞིན་དུ་གཟར་ཐག་ལ་བཀལ་བས་བར་དུ་ཚོན་མ་ཆགས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲྭ་ནས་ཐ་གུས་བཏགས་ལ་རྒྱང་ཤིང་བྲེས་ནས་གཟུངས་བཏབ་སྟེ་བསྐམ་པར་བྱའོ། །དགེ་སློང་དག་གིས་བསུགས་ནས་མ་བཟློག་

སྟེ་ཚོན་ཕྱོགས་གཅིག་ཏུ་འདྲིས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དང་ཡང་དུ་བཟློག་པར་བྱའོ། །སྣམ་སྦྱར་གཞན་དག་ཅིག་ཚད་ཆེ་སྟེ་གཟར་ཐག་ལ་མ་ཤོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩྭ་བཏིང་ནས་བསྐམ་པར་བྱ་ཞིང་ཡང་དང་ཡང་

དུ་བཟློག་པར་བྱའོ། །དགེ་སློང་དག་ཆོས་གོས་རྙིང་པ་དག་ལ་ནི་ཚོན་སར་པ་ལྡུགས། ཆོས་གོས་སར་པ་དག་ལ་ནི་ཚོན་རྙིང་པ་ལྡུགས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོན་སར་པ་ཡང་སར་པ་ཁོ་ན་དག་ལ་བླུག་པར་བྱ་ཞིང་རྙིང་པ་ཡང་རྙིང་པ་དག་ལ་བླུག་

པར་བྱའོ། །དགེ་སློང་རྣམས་ཆོས་གོས་སར་པ་དག་ནི་གྲིབ་མ་ལ་སྐེམས། རྙིང་པ་དག་ནི་ཉི་མ་ལ་སྐེམས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སར་པ་དག་ནི་ཉི་མ་ལ་བསྐམ་པར་བྱ་ཞིང་། རྙིང་པ་དག་ནི་གྲིབ་མ་ལ་བསྐམ་པར་བྱའོ། །དགེ་སློང་དག་དང་པོར་

ནི་ཚོན་གསུམ་པ། དེའི་འོག་ཏུ་ནི་གཉིས་པ། དེའི་འོག་ཏུ་ནི་དང་པོ་ལྡུགས་པས་དང་པོ་ལྷག་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དང་པོར་དང་པོ་དང་གཉིས་པ་བླུག་པར་བྱ་ཞིང་ཕྱིས་གསུམ་པ་བླུག་པར་བྱའོ། །དགེ་སློང་དག་གིས་ཆུའི་ནང་དུ་མ་

བསུགས་པས་ཆོས་གོས་དག་ཁྲ་བོར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུའི་ནང་དུ་བསུག་པར་བྱའོ། །དགེ་སློང་དག་གིས་དེ་ཉིད་ཀྱི་ཉིན་པར་ཆུའི་ནང་དུ་བསུགས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱི་དེ་ཉིན་བསུག་པར་

བྱའོ། །དགེ་སློང་གཞན་དག་ཅིག་ཚོན་གྱི་ལས་བྱེད་པ་ན་རླུང་དང་ཆར་པ་བྱུང་ནས་དགེ་སློང་རྣམས་ཕྱོགས་གང་དུ་བསྐམ་ཞེས་ཆོས་གོས་དག་ཕན་ཚུན་སྦེད་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རླུང་དང་ཆར་པ་བྱུང་ན་ཁང་བཟངས་སུ་ཚོན་གྱི་ལས་བྱའོ། །

เล่ม ๑๐ · หน้า 191b

བཅོམ་ལྡན་འདས་ཀྱིས་རླུང་དང་ཆར་པ་བྱུང་ན་ཁང་བཟངས་སུ་ཚོན་གྱི་ལས་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཁང་བཟངས་སུ་ཚོན་གྱི་ལས་བྱས་པས་ཁང་བཟངས་ཚོན་གྱིས་སྦགས་ཉེ་བར་སྦགས་ཤིང་འདུག་པ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་

སྨྲས་པ། འཕགས་པ་ཁྲག་འདི་ག་ལས་བོ། །དགེ་སློང་དག་གིས་སྨྲས་པ། འདི་ཁྲག་མ་ཡིན་གྱི་ཁོ་བོ་ཅག་གིས་ཕྱོགས་འདིར་ཚོན་གྱི་ལས་བྱས་སོ། །དེ་དག་གིས་སྨྲས་པ། བདག་ཅག་གིས་ཁྲག་ཡིན་ནོ་སྙམ་དུ་བསམས་སོ། །སྐབས་དེ་དགེ་སློང་རྣམས་

ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱོགས་དེར་བ་ལང་གི་ལྕི་བ་འམ་འཇིམ་པས་བྱུག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་

སོ། །གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་རྒྱལ་བྱེད་ཀྱི་ཚལ་ཕུལ་བ་ན་དེའི་བློ་སྐྱེས་པ། བདག་གིས་རྒྱལ་བྱེད་ཀྱི་ཚལ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕུལ་ན་དེར་རྩིག་པ་དག་རི་

མོ་མ་བྲིས་པས་སོང་ལ་བཅོམ་ལྡན་འདས་ལ་བདས་པར་གསོལ་ཏེ་བྲིའོ་སྙམ་ནས། དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་

བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་འདིར་རྩིག་པ་དག་རི་མོ་མ་བྲིས་ཏེ་དེའི་སླད་དུ་གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་ད་རྩིག་པ་རི་མོ་བྲི་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། ཁྱིམ་བདག་གནང་གིས་བྲིས་ཤིག །བཅོམ་ལྡན་འདས་ཀྱིས་རྩིག་པ་རི་མོ་བྲི་བར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཚོན་སྣ་དུའི་རི་མོ་བྲི་བ་མ་ཤེས་ནས་དེ་དག་གིས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་

เล่ม ๑๐ · หน้า 192a

མགོན་མེད་ཟས་སྦྱིན་ལ་གནང་སྟེ། རྩིག་པ་རི་མོ་བྲི་བར་བྱའོ་ཞེས་བཀའ་སྩལ་པ་དེ་ཚོན་སྣ་དུ་ཞིག་གིས་བྲི་བར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མ་ཤེས་པ་དེ་ཁྱེད་ཀྱིས་དྲིས་པ་ལེགས་

སོ་ལེགས་སོ། །ཚོན་སྣ་བཞི་པོ་སྔོན་པོ་ཐམས་ཅད་དང་། སེར་པོ་ཐམས་ཅད་དང་། དམར་པོ་ཐམས་ཅད་དང་། དཀར་པོ་ཐམས་ཅད་ཀྱིས་བྲི་བར་བྱའོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཅུ་བདུན་པ། སྡོམ་ནི། མཁར་ལེན་པ་ཡི་སྤྱད་དག་

དང་། །བུ་ག་ཅན་གྱི་ཁྲིའུ་དང་ནི། །ཕྱག་དང་སྐྲ་རྣམས་བཟེད་པ་དང་། །ཕྲེང་བ་ཁབ་དང་ཚར་མའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་

གནས་པ་དེའི་ཁྱིམ་དུ་བསོད་སྙོམས་པ་ཞིག་དུས་དུས་སུ་འོང་ཞིང་དེས་དེ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་ལ་བཞག་གོ། །དུས་གཞན་ཞིག་ན་དེ་ལ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་གྱི་བསྔགས་པ་བརྗོད་པ་དང་། དེས་སྨྲས་པ། འཕགས་

པ་བདག་གིས་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡང་རུང་བ་ཞིག་བགྱིའོ། །བསོད་སྙོམས་པས་སྨྲས་པ། ཁྱིམ་བདག་ལེགས་ཀྱིས་དེ་བཞིན་དུ་གྱིས་ཤིག །འཕགས་པ་ཅི་ཞིག་བགྱི། ཁྱིམ་བདག་དགེ་འདུན་གྱི་གཙུག་ལག་ཁང་གྱིས་ཤིག །

འཕགས་པ་བདག་ལ་ཀཱར་ཥཱ་པ་ཎ་དག་ནི་མཆིས་ན། འོན་ཀྱང་ཆོས་ཀྱི་གྲོགས་བགྱིད་པ་མ་མཆིས་སོ། །ཁྱིམ་བདག་ཀཱར་ཥཱ་པ་ཎ་དག་བྱིན་ཅིག་དང་། ཁྱོད་ཀྱི་ཆོས་ཀྱི་གྲོགས་ང་ཡིན་ནོ། །འཕགས་པ་ལེགས་ཀྱིས་ཀཱར་ཥཱ་པ་ཎ་འདི་རེ་ཞེས་དེས་དེ་ལ་ཀཱར་ཥཱ་པ་ཎ་དག་

བྱིན་ནོ། །བསོད་སྙོམས་པ་དེས་བསམས་པ། འདི་ཕྱོགས་བཞིའི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ནོར་ཡིན་པས་འདི་ལས་ཇི་ལྟར་སྤྱད་པར་བྱ། བཞག་ལ་རེ་ཞིག་གཞན་བསླང་བར་བྱའོ་སྙམ་ནས་དེས་ཀཱར་ཥཱ་པ་ཎ་མཛོད་དུ་བཅུག་སྟེ་བཞག་གོ། །ཇི་ཙམ་

เล่ม ๑๐ · หน้า 192b

དུས་གཞན་ཞིག་ན་ཁྱིམ་བདག་དེས་བསམས་པ། འཕགས་པ་བདག་གི་གཙུག་ལག་ཁང་བྱེད་ཀྱིས་རེ་ཞིག་སོང་ལ་དེ་ན་ཅི་དག་བྱེད་བལྟའོ་སྙམ་མོ། །དེ་སོང་བ་དང་ཇི་ཙམ་ན་ཅི་ཡང་མི་སྣང་ནས། དེས་སྨྲས་པ། འཕགས་པ་བདག་གི་གཙུག་ལག་ཁང་

ཅུང་ཟད་ཀྱང་མ་བགྱིས་སམ། བསོད་སྙོམས་པས་སྨྲས་པ། རེ་ཞིག་གཙུག་ལག་ཁང་གི་མཁར་ལེན་པའི་ལག་སྤྱད་ཀྱང་མེད་ན་ཅིས་བྱ། འཕགས་པ་ཀྱེ་མ་ཀཱར་ཥཱ་པ་ཎ་དག་གར་མཆིས། ཁྱིམ་བདག་མཛོད་ན་འདུག་གོ། །འཕགས་པ་དེ་ཉིད་ལས་མཁར་ལེན་པའི་

ལག་ཆ་བགྱིད་དུ་སྩོལ་ཅིག །ཁྱིམ་བདག་ངས་ཇི་ལྟར་ཕྱོགས་བཞི་པའི་ནོར་གྱིས་མཁར་ལེན་པའི་ལག་ཆ་བྱེད་དུ་གཞུག །འཕགས་པ་གཙུག་ལག་ཁང་འདི་ཡང་ཕྱོགས་བཞིའི་དགེ་སློང་དག་ཁོ་ནའི་སླད་དུ་བགྱིད་ན་འདི་ལ་ཅི་ཞིག་འགལ། ཁྱིམ་བདག་བཅོམ་ལྡན་འདས་

ལ་ཞུའོ། །འཕགས་པ་དེ་བཞིན་མཛོད་ཅིག །དེས་གནས་སྐབས་དེ་དགེ་སློང་རྣམས་ལ་བསྙད་པ་དང་། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནོར་དེ་ཉིད་ལས་མཁར་ལེན་པའི་ལག་སྤྱད་བྱ་སྟེ། འདི་ལ་

འགྱོད་པར་མི་བྱའོ། །བསོད་སྙོམས་པ་དེ་གཙུག་ལག་ཁང་བྱེད་ཅིང་བསོད་སྙོམས་ལ་ཡང་རྒྱུ་བ་དང་། ཁྱིམ་བདག་གིས་སྨྲས་པ། འཕགས་པ་བདག་གིས་གཙུག་ལག་ཁང་མཛད་ཅིང་བསོད་སྙོམས་ལ་ཡང་རྒྱུའམ། འདི་ཉིད་ལས་མཁར་ལེན་པའི་བསོད་སྙོམས་

སུ་མཛོད་ཅིག་དང་བདག་གིས་ཀཱར་ཥཱ་པ་ཎ་གཞན་དག་ཀྱང་དབུལ་ལོ། །ཁྱིམ་བདག་མཁར་ལེན་པའི་ནོར་ལས་ཇི་ལྟར་བསོད་སྙོམས་སུ་བྱ། འཕགས་པ་འདི་བདག་ཉིད་ཀྱི་སེམས་ཀྱིས་བག་ཡངས་སུ་བགྱིས་པས་མཛོད་ཅིག །འདི་ལ་འགལ་བ་ཅི་ཞིག་མཆིས། དེས་

སྨྲས་པ། བཅོམ་ལྡན་འདས་ལ་ཞུའོ། །འཕགས་པ་དེ་བཞིན་མཛོད་ཅིག །དེས་གནས་སྐབས་དེ་དགེ་སློང་རྣམས་ལ་བསྙད་པ་དང་། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཁར་ལེན་བྱེད་པས་མཁར་

เล่ม ๑๐ · หน้า 193a

ལེན་གྱི་ནོར་ཁོ་ན་ལས་བསོད་སྙོམས་ཡོངས་སུ་སྤྱད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་མཁར་ལེན་པའི་ནོར་ཁོ་ན་ལས་བསོད་སྙོམས་ཡོངས་སུ་སྤྱད་པར་བྱའོ་ཞེས་བཀའ་སྩལ་པ་དང་། དེ་ཧ་ཅང་ངན་པ་ཟ་ནས། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། ཧ་ཅང་ངན་པ་བཟའ་བར་མི་བྱའོ། །དེ་ཧ་ཅང་བསོད་པ་བཟའ་བར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧ་ཅང་བསོད་པ་བཟའ་བར་མི་བྱའི་འོན་ཀྱང་གཙུག་ལག་ཁང་གཞན་གྱི་ཐད་ཙམ་དུ་ཡོངས་སུ་སྤྱད་པར་བྱའོ། །སངས་

རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ཞིག་འཁྲུ་བག་ན་བ་དེ་ཡང་དང་ཡང་དུ་ཆབ་ཁུང་སར་འགྲོ་བས་རྨྱའོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་

གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྲིའུ་བུ་ག་ཅན་བྱའོ། །བཅོམ་ལྡན་འདས་ཀྱིས་ཁྲིའུ་བུ་ག་ཅན་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་དག་གིས་ཁྱད་པར་མེད་པར་ཁྲིའུ་དག་ལ་མཚོན་གྱིས་ཕུག་སྟེ་བུ་ག་བཏོད་པ་དང་། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། སྦས་བཏགས་པ་དང་། འབྲེང་བུས་བཏགས་པ་གང་ཡིན་པ་དེ་ལ་ནི་ཕུག་ནས་བུ་ག་གདོད་པར་བྱའོ། །ཐེ་གུས་བཏགས་པ་གང་ཡིན་པ་དེ་ལ་ནི་བུ་ག་བཏོད་ལ་བཅིང་བར་བྱའོ། །དེ་བཤང་བ་བྱེད་པ་ན་རྐུབ་རུས་ན་ནས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། ཕྱོགས་དེར་ལོ་མའི་ཁྲེས་གཞག་པར་བྱའོ། །བཤང་བ་ས་ལ་ལྷུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོག་ཏུ་གྱོ་མོ་གཞག་པར་བྱའོ། །ཧ་ཅང་མཐོན་པོར་འཇོག་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ཧ་ཅང་མཐོན་པོར་གཞག་པར་མི་བྱའོ། །དེ་དྲི་མི་ཞིམ་པར་གྱུར་ཏེ་དགེ་སློང་དག་གིས་དེ་ཕྱུང་ནས་བོར་ཏེ་གཞན་བཞག་པ་དང་། དེ་ཡང་དྲི་མི་ཞིམ་པར་གྱུར་ཏོ། །དེ་ཡང་བོར་བ་དང་གཞན་མ་རྙེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་དོར་བར་

เล่ม ๑๐ · หน้า 193b

མི་བྱའི་གཉིས་བཅངས་ལ་གཅིག་བཀྲུས་ཏེ་བསྐམ་པར་བྱ་ཞིང་ཅིག་ཤོས་ཀྱང་དེ་བཞིན་དུ་བྱའོ། །འོན་ཏེ་གཉིས་སུ་མ་རྙེད་པར་གྱུར་ན་དེའི་སྟེང་དུ་ལོ་མ་སྦྲེལ་བ་གཞག་ཅིང་དེར་བཤང་བར་བྱ་སྟེ། དེ་ལྟ་བུ་གཞན་ཡང་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་

གྱོ་མོ་དེ་བཀྲུ་བར་བྱའོ་ཞེས་བཀའ་སྩལ་པ་དང་། དེ་བཀྲུས་ཀྱང་དྲི་མི་ཞིམ་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཏིལ་མར་གྱིས་བསྐུ་བར་བྱའོ། །འོན་ཀྱང་དྲི་མི་ཞིམ་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུངས་མར་

གྱིས་བསྐུ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ནད་པ་ལ་བལྟ་བར་བྱའོ་ཞེས་བཀའ་སྩལ་ནས། དེའི་དྲུང་དུ་ནད་པ་ལ་བལྟ་བའི་དགེ་སློང་རྒན་པོ་ཡང་འོང་ངོ་། །གཞོན་ནུ་དག་ཀྱང་འོང་ངོ་། །དེ་ནས་གཞོན་ནུ་གང་དག་ཡིན་པ་དེ་དག་ནི་དེ་ཕྱག་འཚལ་བར་བྱེད། རྒན་པོ་

གང་དག་ཡིན་པ་དེ་དག་ལ་ནི་ནད་པ་དེ་ཕྱག་འཚལ་བར་བྱེད་པས་དེ་སྐྱོ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབགས་པ་ལ་ཕྱག་མི་བྱ། འབགས་པས་ཕྱག་མི་བྱ། འབགས་པས་ཕྱག་བདག་གིར་མི་བྱ། འབགས་པ་ལས་ཕྱག་བདག་

གིར་མི་བྱའོ། །འབགས་པ་ལ་ཕྱག་བྱེད་དམ། འབགས་པས་ཕྱག་བྱེད་དམ། འབགས་པས་ཕྱག་བདག་གིར་བྱེད་དམ། འབགས་པ་ལས་ཕྱག་བདག་གིར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་

གྱིས་ཞུས་པ། བཅོམ་ལྡན་འདས་ཀྱིས་འབགས་པ་ལ་ཕྱག་མི་བྱ། འབགས་པས་ཕྱག་མི་བྱ། འབགས་པས་བདག་གིར་མི་བྱ། འབགས་པ་ལས་ཕྱག་བདག་གིར་མི་བྱའོ་ཞེས་གང་གསུངས་པ། བཙུན་པ་འབགས་པ་དུ་ཞིག་མཆིས་ལགས། ཉེ་བར་འཁོར་

འབགས་པ་ནི་གཉིས་ཏེ། ཟས་ཀྱིས་འབགས་པ་དང་། མི་གཙང་བས་འབགས་པའོ། །དེ་ལ་ཟས་ཀྱིས་འབགས་པ་ནི་སོ་ཤིང་དང་། བཟའ་བ་དང་། བཏུང་བ་དང་། འབྲས་བུ་དང་། རྩ་བ་ལ་སོགས་པ་ཟ་བས་བྲེལ་བའོ། །མི་གཙང་བས་འབགས་པ་ནི་

เล่ม ๑๐ · หน้า 194a

བཤང་བ་དང་། གཅི་བ་དང་། དེ་དག་བཀྲུ་བར་མི་གཙང་བའི་གནས་ཀྱི་བྱི་དོར་བྱ་བ་བྱེད་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་

ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ལ་བྲམ་ཟེ་པད་མའི་སྙིང་པོས་བཅོམ་ལྡན་འདས་ཀྱིས་ནམ་བདག་ཤིང་རྟ་ལ་འཚལ་བའམ། ཁ་ལོ་སྒྱུར་བའམ། ལྕག་སྒྲེང་བའམ། སྐད་ཆེར་སྨྲ་བ་གཟིགས་པ་དེའི་ཚེ་

བདག་ཕྱག་འཚལ་བར་གཽ་ཏ་མ་ཁྱོད་ཀྱིས་གཟུང་དུ་གསོལ། ནམ་སྲང་ན་མཆིས་སམ། ལྷམ་འབུད་དམ། ཤུལ་ལས་བྱོལ་ལམ། སུག་པ་བརྐྱང་པ་གཟིགས་པ་དེའི་ཚེ་བདག་ཕྱག་འཚལ་བར་གཽ་ཏ་མ་ཁྱོད་ཀྱིས་གཟུང་དུ་གསོལ། ནམ་འཁོར་གྱི་ནང་ནས་

མཆིས་སམ། སྟན་ལས་འཕགས་སམ། གཙུག་ཏོར་དང་། གདུགས་ཕོག་པ་དེའི་ཚེ་བདག་ཕྱག་འཚལ་བར་གཽ་ཏ་མ་ཁྱོད་ཀྱིས་གཟུང་དུ་གསོལ་ཞེས་གསོལ་པ་གང་ལགས་པ། བཙུན་པ་ཅི་ལགས་འཕགས་པའི་ཆོས་འདུལ་བ་ལ་དེ་ལྟ་བུ་དག་ཕྱག་

འཚལ་བར་ཆུད་དམ། ཉེ་བ་འཁོར་ཕྱག་བྱས་པ་མ་ཡིན་གྱི། ཉེ་བ་འཁོར་དེ་ནི་གུས་པར་སྨྲ་བའི་ཚིག་ཙམ་དུ་ཟད་ཀྱི་ལུས་འདུད་པ་དང་། ཚིག་ཏུ་འབྱིན་པ་གང་ཡིན་པ་དེ་ནི་མཆོད་པ་ཡིན་ནོ། ཉེ་བ་འཁོར་འོན་ཀྱང་འཕགས་པའི་ཆོས་འདུལ་བ་ལ་ནི་ཕྱག་གཉིས་

ཏེ། ཡན་ལག་ལྔ་པ་དང་། བྱིན་པ་ལ་འཁྱུད་པའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་དག་ཆོས་གོས་གང་དག་གྱོན་ནས་སྐྲ་དང་ཁ་སྤུ་འབྲེག་པ་བྱེད་པ་དེ་དག་ཉིད་གྱོན་ནས་ཟན་ཟ་བར་བྱེད། དེ་དག་ཉིད་དང་སྟོན་པ་ལ་ཕྱག་འཚལ་བར་བྱེད་པ་དང་། མ་དད་པ་

རྣམས་འཕྱ་བར་བྱེད་ཅིང་ཤཱཀྱའི་བུའི་དགེ་སློང་རྣམས་ནི་གཙང་སྦྲ་མེད་པ་སྟེ། ཆོས་གོས་གང་དག་གྱོན་ནས་སྐྲ་དང་ཁ་སྤུ་འབྲེག་པ་དེ་དག་ཉིད་གྱོན་ནས་ཟན་ཟ་བར་བྱེད་ཅིང་དེ་དག་ཉིད་དང་སྟོན་པ་ལ་ཕྱག་འཚལ་བར་བྱེད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་

เล่ม ๑๐ · หน้า 194b

འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་དག་གྱོན་ནས་སྐྲ་དང་ཁ་སྤུ་བྲེག་པར་མི་བྱའི་འོན་ཀྱང་སྐྲ་བཟེད་ཀྱི་གོས་བཅང་བར་བྱ་ཞིང་དེ་བགོས་ནས་སྐྲ་བྲེག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་སྐྲ་བཟེད་ཀྱི་གོས་བཅང་བར་བྱའོ་ཞེས་

གསུངས་པ་དང་། གཞན་དག་ཅིག་ལ་འབྱོར་པ་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་ལ་འབྱོར་པ་མེད་པ། དེ་དག་གིས་རྔུལ་གཟན་གྱིས་ལུས་དཀྲིས་ལ་སྐྲ་བྲེག་པར་བྱའོ། །དགེ་སློང་དག་གིས་སྐྲ་དང་ཁ་སྤུ་བྲེགས་ནས་དེ་བཞིན་དུ་སོང་བ་

དང་། བྲམ་ཟེ་དང་ཁྱིམ་བདག་དག་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ནི་སྤུ་གྲིའི་ལས་བྱས་ནས་ཁྲུས་མི་བྱེད་པས་གཙང་སྦྲ་མེད་པའོ་ཞེས་འཕྱ་བར་བྱེད་དོ། །སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

སྤུ་གྲིའི་ལས་བྱས་ནས་ཁྲུས་བྱའོ། །དགེ་སློང་གཞན་དག་ཅིག་ནི་རྒས་འཁོགས་ཤིང་ཉམ་ཆུང་བར་གྱུར། གཞན་དག་ཅིག་ནི་ན་ནས་ཁྲུས་ཀྱི་སྦྱོར་བ་མི་བཟོད་པར་གྱུར། གཞན་དག་ཅིག་ལ་ནི་ཆུའི་རྙེད་པ་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་

དག་གིས་ནི་ཡན་ལག་ལྔ་ཙམ་བཀྲུ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་དགེ་སློང་དག་ལ་མེ་ཏོག་གི་ཕྲེང་བ་འབུལ་

བ་དང་། དེ་དག་གིས་མ་བླངས་ནས་བྲམ་ཟེ་དང་ཁྱིམ་བདག་དག་གིས་སྨྲས་པ། འཕགས་པ་དག་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནས། ཅི་བདག་ཅག་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་དགེ་བའི་ལམ་རྒྱགས་བྲལ་ཏེ་མཆིའམ། བཞེས་ཤིག་

ཅེས་བྱ་བའི་བར་སྔ་མ་བཞིན་ནོ། །སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་མེ་ཏོག་གི་ཕྲེང་བ་ལེན་པར་རྗེས་སུ་གནང་ངོ་། །དེ་དག་གིས་བླངས་ཏེ་དེ་དག་ཉིད་ཀྱི་མདུན་དུ་བོར་བ་

เล่ม ๑๐ · หน้า 195a

དང་། དེ་དག་འཕྱ་ཞིང་འཕགས་པ་བདག་ཅག་གིས་རི་བའི་རིན་གྱིས་ཉོས་པ་ཡིན་ན་ཅི་ཁྱེད་ཀྱིས་བླངས་ཏེ་དོར་རམ་ཞེས་ཟེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོར་བར་མི་བྱའོ། །དགེ་སློང་དག་གིས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་

དག་ལ་བཏགས་པ་དང་དེ་དག་གིས་སྨྲས་པ། ཅི་འཕགས་པ་བདག་ཅག་གིས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་། སེན་མོའི་མཆོད་རྟེན་མ་མཐོང་སྙམ་མམ། བདག་ཅག་གིས་ཁྱེད་ལ་བྱིན་པ་ལགས་ཀྱི་བདག་ཅག་གིས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་

མཆོད་རྟེན་དག་ལ་ནི་དང་པོ་ཉིད་དུ་ཕུལ་ལོ། །དགེ་སློང་རྣམས་ཀྱིས་བླངས་ནས་གནས་ཁང་གི་སྒོར་བཞག་པ་དང་། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་གྱིས་མཐོང་ནས་དྲི་གཙང་ཁང་ཡིན་ནོ་སྙམ་སྟེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ཁང་གི་སྒོར་

གཞག་པར་མི་བྱའི་ནང་དུ་གཞག་པར་བྱའོ། །དགེ་སློང་དག་གིས་སྒོའི་དྲང་ཐད་དུ་བཞག་པས་ཉེས་དམིགས་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་ཞིམ་པོ་ཐམས་ཅད་མིག་ལ་ཕན་པས་ཕྱོགས་དབེན་པར་གཞག་ཅིང་བསྣམ་པར་བྱའོ། །བཅོམ་

ལྡན་འདས་ཀྱིས་གནས་དབེན་པར་གཞག་ཅིང་བསྣམ་པར་བྱའོ་ཞེས་གསུངས་པ་དང་། དགེ་སློང་དག་གིས་ཇི་ལྟར་གཞག་པ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔས་ལོགས་སུ་ཁབ་བམ་ཚེར་མ་བཏབ་ལ་འཕྱང་དུ་གཞུག་པར་བྱའོ།། །།སྡོམ་ནི།

སྟན་བཟང་དང་ནི་རྒྱབ་རྟེན་དང་། །དྲིས་བསྐུ་ལྷུང་བཟེད་བུ་ག་དང་། །འབྲུ་མར་སྣོད་ནི་གསུམ་དག་དང་། །གཏུར་ཐག་དང་ནི་ཁྲོན་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་དགེ་འདུན་ལ་ནི་འབྱོར་ན་སྟན་བཟང་པོ་གནང་གི་གང་ཟག་ལ་ནི་མི་གནང་ངོ་། །དགེ་འདུན་ལ་ནི་འབྱོར་ན་རྒྱབ་རྟེན་གནང་གི་གང་ཟག་ལ་ནི་མི་གནང་ངོ་། །སངས་རྒྱས་བཅོམ་ལྡན་འདས་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด