འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ

ชื่อสันสกฤต (อักษรทิเบต ตามตัวบท) ཨཱརྱཱ་མོ་གྷ་བཱ་ཤ་ཀལྤ་རཱ་ཛཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๙๒ · หน้า 258b

གཤེགས་པའི་སྤྱིའི་རིགས་འདི་དང་། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་ཆོ་ག་ཞིབ་མོ་གསང་བ་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་གྱི་ཆོ་ག་དང་། ཐམས་ཅད་དུ་སྤྱིའི་དངོས་གྲུབ་རིག་སྔགས་འཆང་ཁྱོད་ལ་འགྲུབ་ཀྱིས། ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་

པོ་རྗེས་སུ་ཟུང་ཤིག་དང་། རིག་སྔགས་འཆང་ཇི་ལྟར་ཡིད་ལ་བྱེད་པ་དེ་ལྟར་འདོད་པ་དང་། མཆོག་ཐམས་ཅད་ཇི་ལྟར་ཡིད་ལ་བསམས་པ་དེ་ཐམས་ཅད་རྗེས་སུ་སྦྱིན་ནོ། །འདི་ནི་ཁྱོད་ཀྱི་སྐྱེ་བའི་འཁོར་བ་ཐ་མ་ཡིན་ཏེ་སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་། མངལ་དུ་

གནས་པ་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །རིག་སྔགས་འཆང་ཁྱོད་ཤི་འཕོས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཚེ་དཔག་མེད་མངོན་སུམ་དུ་མཐོང་བར་འགྱུར། མངོན་སུམ་དུ་ཆོས་ཉན་པར་འགྱུར་

རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་ཚེའི་ཚད་བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་གྲངས་མེད་བགྲང་དུ་མེད་པར་འགྱུར་རོ་ཞེས་ཚིག་ཏུ་གསུང་ངོ་། །དེ་ནས་རིག་སྔགས་འཆང་གིས་ཁྲོ་བོའི་རྒྱལ་པོ་གང་ལ་ཁྲོ་བོའི་རྒྱལ་པོ་མེ་ཏོག་གམ། ཅོད་པན་ལ་མངོན་པར་གཏོར་ན།

དེས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་སྐུར་བཞུགས་ཏེ། རིག་སྔགས་འཆང་ནམ་མཁའ་ལ་འགྲོ་ཞིང་དོན་ཡོད་པའི་ཡེ་ཤེས་བཀོད་པ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ། །ཡངས་པ་ཆེན་པོས་རྣམ་པར་ཐར་པའི་དཀྱིལ་འཁོར་དོན་ཡོད་པའི་

ཞགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །སྐུ་གཟུགས་བསྒྲུབ་པ་དེ་ཁོ་ན་ཉིད་ཅེས་པ་འདི་གལ་ཏེ་རིག་སྔགས་འཆང་སྐལ་བ་ཆུང་བ་མནར་མེད་པར་གཞོལ་བ། མཚམས་མེད་པ་ལྔ་བྱེད་པས་དེ་ལན་ཅིག་ངེས་པར་བསྒྲུབས་པ་ཙམ་གྱིས་མདུན་དུ་རང་གི་གཟུགས་ཀྱིས་

ངེས་པར་མཆིས་པར་འགྱུར་རོ། །གལ་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་དང་དུས་གསུམ་དུ་གཤེགས་པའི་སངས་རྒྱས་ལ་སྡང་བས་ཁྲག་དབྱུང་བར་སེམས་བསྐྱེད་པ་དེས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་དང་། དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཀྱིས་

เล่ม ๙๒ · หน้า 259a

དགོངས་པའི་དམ་ཚིག་ཆེན་པོའི་བྱིན་གྱིས་བརླབས་དེ་རིག་སྔགས་འཆང་བསྒྲུབས་ན་རྨི་ལམ་དུ་བདག་གི་གཟུགས་མཐོང་བ་སྩལ་བར་བགྱི་ཞིང་ཡིད་ལ་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །མཆོག་ཐམས་ཅད་རྗེས་སུ་སྩལ་བར་བགྱི་ཞིང་སྡིག་

པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་བགྱིའོ། །དྲི་མ་མེད་པར་རྣམ་པར་ཐར་པའི་འོད་ཟེར་གྱི་དཀྱིལ་འཁོར་ལ་རྣམ་པར་ལྟ་བ་ཞེས་བྱ་བ་ཏིང་ངེ་འཛིན་འཐོབ་བོ། །སད་ནས་འཇིག་རྟེན་པ་ཐམས་ཅད་ཀྱི་མཆོད་པའི་འོས་ཆེན་པོ་གཅིག་པུར་འགྱུར་རོ། །སྐྱེ་བོ་ཐམས་ཅད་

ཀྱིས་མཆོད་པར་བྱ་བ་ཆེན་པོར་འགྱུར་རོ། །སྒྲིབ་པ་དང་བྲལ་ཞིང་རྣམ་པར་དག་པ། སྒོ་ཀུན་དུ་དྲི་མ་མེད་པར་སྣང་བ་ཞེས་བྱ་བའི་ལུས་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ། །སེམས་ཅན་གང་དག་གིས་དེ་མཐོང་བར་གྱུར་པ་དེ་དག་ཐམས་ཅད་སྒྲིབ་པ་དང་བྲལ་བར་འགྱུར་

རོ། །ནད་ཐམས་ཅད་དང་བྲལ་ཞིང་ཉོན་མོངས་པ་དང་བྲལ་བར་འགྱུར་རོ། །གདོལ་པས་ཀྱང་དད་པ་དང་། གུས་པས་སྒྲུབ་པ་རྣམ་པ་གསུམ་དང་། ཆོ་ག་གཞན་གྱིས་ཀྱང་ངེས་པར་ཡིད་ལ་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི། རང་གི་གཟུགས་ཀྱིས་

མཐོང་བ་སྩལ་བར་བགྱི་ན། མིར་གྱུར་པ་དད་པའི་རྗེས་སུ་འབྲང་བ་སྡོམ་བརྩོན་ཅན་གྱིས་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དྲན་པ་ཙམ་གྱིས་བདག་རང་གི་གཟུགས་ཀྱིས་མདུན་ན་མཆིས་པར་བགྱི་ཞིང་ཡིད་ལ་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་སྟེ། འདི་ལ་ཐེ་ཙོམ་

དང་ཡིད་གཉིས་བསྐྱེད་པར་མི་བྱའོ། །དེ་ལྟ་མོད་ཀྱི་བཅོམ་ལྡན་འདས་སེམས་ཅན་ཚེ་གཅིག་པུ་པ་དེ་ལ་རིག་སྔགས་སྒྲུབ་པའི་དངོས་གྲུབ་རྗེས་སུ་སྩལ་བར་བདག་གིས་རྔོ་མི་ཐོགས་ལགས་སོ། །གང་ཡང་ཕྱི་མའི་ཚེ་ཕྱི་མའི་དུས་ན་དགེ་སློང་དག་དང་། རིག་སྔགས་འཆང་བའི་

སེམས་ཅན་སེར་སྣ་ཅན། སེམས་གྱ་གྱུ་བ་གཉིས་སུ་མི་བྱེད་པ། ངོ་གཉིས་ཅན། སེར་སྣ་ཅན། བྱས་པ་མི་གཟོ་བ། ཕ་རོལ་གྱི་རྫས་ལ་བརྐམ་ཆགས་ཅན། གསང་སྔགས་རྐུ་བ། ཡི་གེ་རྐུ་བ། གདུག་པ། ཕྲག་དོག་ཆེ་བ། ཁེངས་བ། གཞན་གྱི་རྫས་འཕྲོག་པ།

เล่ม ๙๒ · หน้า 259b

མཁན་པོ་དང་སློབ་དཔོན་ཕྱག་རྒྱ་དང་དཀྱིལ་འཁོར་སྟོན་པའི་བླ་མ་ལ་མ་གུས་པ། རིག་སྔགས་ཀྱི་ཆོ་ག་ཞིབ་མོ་འདི་སྟོན་པ་ལ་མ་གུས་པ་ཉིད་བརྐམ་ཆགས་ཅན། བྱས་པ་མི་གཟོ་བ་ཉིད་དག་འབྱུང་སྟེ། སེམས་ཅན་དེ་དག་ལ་བསྐྱང་བར་བསྟན་པའམ། དངོས་གྲུབ་བསྟན་པར་རྡོ་

མི་ཐོགས་ལགས་སོ། །བདག་ལ་ཡང་བརྙས་པར་བགྱིད་པའི་སེམས་ཅན་དེ་ལྟ་བུ་མང་དུ་འབྱུང་སྟེ། བདག་ལའང་སུན་པར་བགྱིད་པ། བདག་ལའང་མ་གུས་པར་བགྱིད་པ། ཀུན་ནས་མནར་སེམས་དང་སྡང་བས་ཁྲག་འབྱིན་པར་བགྱིད་པ་དག་འབྱུང་ངོ་། །བདག་

ལའང་འཁུ་བར་བགྱིད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་དང་། སྤྱིའི་རིགས་ཀྱི་དམ་ཚིག་སུན་པར་བགྱིད་པའི་སེམས་ཅན་དེ་ནི་སྨད་པར་འོས་པ་ཞེས་བརྗོད་པར་བགྱིའོ། །རིག་སྔགས་ཀྱི་ཆོ་ག་ཞིབ་མོ་དང་། དམ་ཚིག་ཀུན་ནས་

འཇོམས་པར་བགྱིད་པའི་གདོལ་བ་ཞེས་རིག་པར་བགྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཀུན་ནས་འཇོམས་པ་ཞེས་རིག་པར་བགྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་། གསང་བ་དང་། དཀྱིལ་འཁོར་ཀུན་ནས་འཇོམས་པ་ཞེས་

རིག་པར་བགྱིའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དམ་ཚིག་དང་། གསང་བ་དང་། རིག་སྔགས་འཆང་གི་དཀྱིལ་འཁོར་དང་། ཕྱག་རྒྱ་ཀུན་ནས་འཇོམས་པ་ཞེས་རིག་པར་བགྱིའོ། །དེ་དག་གིས་བདག་ལ་སྨད་པས་སེམས་ཅན་དེ་དག་གི་སྡིག་པས་གདོལ་

པ་ཞེས་བགྱི་སྟེ། དགེ་སློང་དག་དང་། རིག་སྔགས་འཆང་དེ་དག་ནི་སྨད་པར་འོས་པར་རིག་པར་བགྱིའོ། །ཚིག་པ་ཀ་བ་ཚིག་པ་ལྟ་བུ། རིག་སྔགས་ཉམས་པ། ལོག་འདྲེན་གྱིས་ཟིན་པ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱིས་སྨད་པ་ཞེས་བགྱིའོ། །འཇིག་རྟེན་པ་

དང་། འཇིག་རྟེན་ལས་འདས་པ་ཆུད་གཟན་པ། རིག་སྔགས་ཉམས་པ། དམྱལ་བར་གཞོལ་བ་དེ་དག་ནི་བདག་གིས་མནོངས་ཏེ། བདག་གིས་ཡོངས་སུ་སྤངས་པ་མ་ལགས་སོ། །དེ་ལྟ་མོད་ཀྱི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཡོངས་སུ་སྤངས་

เล่ม ๙๒ · หน้า 260a

པ། དུས་གསུམ་དུ་གཤེགས་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་སྤངས་པ། རྡོ་རྗེའི་དམ་ཚིག་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་ཐམས་ཅད་སྤངས་བ། ཐུབ་པ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་དང་། དམ་ཚིག་ཡོངས་སུ་སྤངས་

པས་བགེགས་དང་ལོག་འདྲེན་ཐམས་ཅད་དང་། སྡང་བ་ཐམས་ཅད་ཀྱིས་ཟིན་ཅིང་ནད་ཀྱིས་ཡོངས་སུ་ཟིན་པར་འགྱུར་བ་དེ་དག་ནི་བདག་གིས་མནོངས་ཏེ། བདག་གིས་ཡོངས་སུ་མ་སྤངས་སོ། །དེ་ལྟར་མོད་ཀྱིས་རིག་སྔགས་འཆང་བསྲེགས་པ། དཀྱིལ་འཁོར་དང་དམ་ཚིག་བསྲེགས་པ།

ཕྱག་རྒྱ་བྱེད་པ་དང་བཅས་པར་བསྲེགས་པ། གསང་བ་བསྲེགས་པ། དེ་བཞིན་གཤེགས་པའི་དམ་ཚིག་དང་རིགས་སུན་པར་བྱེད་པ། སྡིག་པའི་དགེ་སློང་མང་པོ་དེ་དག་ནི་དེས་ན་བསྐལ་པ་མང་པོ་རྡུལ་ཕྲ་མོ་བསགས་པའི་བསྐལ་བར་སྡུག་བསྔལ་ཉམས་སུ་མྱོང་སྟེ། འཇིག་

རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་བདེ་བ་ཅན་མེད་དོ། །དེ་ལྟ་བས་ན་སེམས་ཅན་རིག་སྔགས་ཀྱི་ཆེད་དུ་རིག་སྔགས་རྗེས་སུ་སེམས་པས་བྱམས་པའི་སེམས་སུ་བྱའོ། །གང་གི་དྲུང་དུ་ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། རིག་སྔགས་གསང་བ་རྙེད་པར་འགྱུར་

བ་དེ་ལ་དེས་གུས་པ་ཆེན་པོ་དང་། བླ་མར་བགྱི་བ་ཆེན་པོ་བསྐྱེད་པར་བགྱི། ཕ་དང་མ་དང་འདྲ་བའི་སེམས་བསྐྱེད་པར་བགྱི། ཕ་དང་མའི་གུས་པ་བགྱི། སྟོན་པའི་གུས་པ་བགྱི། རང་གི་ཤ་དང་། ཁྲག་དང་། རྐང་ཡང་གཏང་བར་བགྱི། གོས་དང་། རྒྱན་དང་།

བཟའ་བ་དང་། བཏུང་བ་དང་། སྟན་དང་། བགོ་བས་རིམ་གྲོ་དང་མཆོད་པ་བགྱི་སྟེ། དེ་ལ་ནི་བདག་གིས་མཆོད་པར་བགྱི། རྗེད་པ་དང་བླ་མར་བགྱིའོ། རྟག་ཏུ་རྗེས་སུ་འབྲང་བར་བགྱི། དྲན་པ་ཙམ་གྱིས་ཀྱང་བདག་གི་གཟུགས་མཐོང་བ་རྗེས་སུ་སྩལ་བར་བགྱི། རྒྱུན་

དུ་རྗེས་སུ་འབྲང་བར་བགྱི། བདག་རྒྱུན་དུ་རྗེས་སུ་འབྲང་བ་ནི་ཇི་ལྟར་ཆབ་ཀྱི་ནང་དུ་ཏིལ་མར་གྱི་ཐིགས་པ་སྩལ་བ་ལྟར་དངོས་གྲུབ་ཀུན་དུ་མཆི་བར་བགྱི། རྒྱ་མཚོའི་དུས་རླབས་བཞིན་དུ་ཐམས་ཅད་དུ་མཆི་བར་བགྱིའོ། །བདག་གིས་ཞགས་པ་དང་། ལྕགས་ཀྱུས་

เล่ม ๙๒ · หน้า 260b

དམྱལ་བ་ཐམས་ཅད་དྲང་བར་བགྱི། བདེ་བར་གཤེགས་པའི་ལམ་ལ་སོ་སོར་གཞག་པར་བགྱི། སྟོབས་དང་། བརྩོན་འགྲུས་དང་། གཟི་བརྗིད་ཆེན་པོ་འཇུག་པར་བགྱི། ཐམས་ཅད་དུ་སྒྲུབ་པ་དང་། དངོས་གྲུབ་དང་། མཆོག་སྩལ་བར་བགྱིའོ། །དེ་ནས་ཙནྡན་

གྱི་གཟུགས་འདི་མཐོང་བས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཀྱི་གཟུགས་མཐོང་སྟེ། དེ་མཚུངས་པར་འཚལ་བར་བགྱི་སྟེ་བདག་རང་གི་གཟུགས་ཀྱིས་རྒྱུན་ཁོ་ནར་གནས་པར་བགྱིའོ། །གང་ན་ཆོ་ག་འདི་གནས་པ་དེ་མཆོད་རྟེན་དང་བཅས་པར་མཚུངས་

པར་རིག་པར་བགྱིའོ། །ས་ཕྱོགས་དེ་ནི་སྟོན་པ་བླ་མ་བཞུགས་པའི་གནས་སུ་རིག་པར་བགྱིའོ། །གང་ན་དུས་གསུམ་དུ་གཤེགས་པའི་སྤྱིའི་དམ་ཚིག་གནས་པ་འདི་སངས་རྒྱས་ཀྱི་གནས་སོ་ཞེས་རིག་པར་བགྱིའོ། །དེ་གསང་བའི་དཀྱིལ་འཁོར་རྨད་དུ་བྱུང་བ་ཞེས་རིག་

པར་བགྱིའོ། །ལྷ་ཐམས་ཅད་ཀྱི་གནས་དང་དམ་ཚིག་གོ་ཞེས་རིག་པར་བགྱིའོ། །དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་གནས་བྱང་ཆུབ་ཀྱི་སྙིང་པོ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བདུད་འདུལ་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་དག་

པར་སྟོན་པའི་གནས་སོ་ཞེས་རིག་པར་བགྱིའོ། །ས་ཕྱོགས་འདི་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་གི་གནས་བཀོད་པས་བརྒྱན་པར་རིག་པར་བགྱི་སྟེ། དེ་ལ་ཐེ་ཙོམ་དང་ཡིད་གཉིས་བསྐྱེད་པར་མི་བྱའོ། །དེ་ནས་དེའི་འོག་ཏུ་གནས་ཐམས་ཅད་དུ་གཏོགས་པའི་དངོས་

གྲུབ་ཆེན་པོ་སྒྱུ་མ་ཆེན་པོའི་རྣམ་པར་འཕྲུལ་པའི་གནས་བྱེད་པར་འདོད་པ་དང་། དགོས་པ་ཐམས་ཅད་བྱེད་པར་འདོད་ན་རིག་སྔགས་འཆང་དེས་དྲི་སྣ་ཚོགས་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་སོར་བཅུ་དྲུག་པ་ཤིན་ཏུ་མཛེས་པ། སྐུ་ཤིན་ཏུ་

ཚད་དང་ལྡན་པ། ཕྱག་དྲུག་པ། དེ་བཞིན་དུ་ཞལ་གསུམ་པ་བྱ་སྟེ། དང་པོ་ནི་ཞི་བའི་ཞལ་རས་ཅན་ཚངས་པའི་ཆ་བྱད་འཆང་བ། སྤྱན་གསུམ་པ། རལ་པའི་ཐོག་ཚུགས་ཀྱིས་བརྒྱན་པ། འོད་དཔག་མེད་པའི་དབུ་རྒྱན་འཆང་བ། ཟླ་གམ་ཅན་ནོ། །ཞལ་

เล่ม ๙๒ · หน้า 261a

གཡས་པ་ནི་ཁྲོ་བོའི་རྒྱལ་པོ་གཟུགས་ཅན། གཟུགས་བསྒྱུར་བ། སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཀྱི་སྟེང་གི་རལ་པ་ལ་འོད་དཔག་མེད་པའི་དབུ་རྒྱན་འཆང་བ། ཟླ་གམ་གཡས་ཕྱོགས་ན་གནས་པའོ། །གཡོན་པ་ནི་ཞལ་ཁྲོ་གཉེར་ཅན།

ཁྲོས་པའི་ལྟ་སྟངས་སུ་ལྟ་པ། སྤྱན་གསུམ་པ། རལ་པའི་ཐོར་ཚུགས་འཆང་བ། འོད་དཔག་མེད་པའི་དབུ་རྒྱན་འཆང་བ། གཡས་ཕྱོགས་ཟླ་གམ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་འདོམ་གང་གིས་ལེགས་པར་བརྒྱན་པ། ཞགས་པ་ཐོགས་པ། པདྨ་

ཐོགས་པ། མདུང་རྩེ་གསུམ་པ་ཐོགས་པ། དགྲ་སྟ་ཐོགས་པ། དབུགས་འབྱིན་པ། རིན་པོ་ཆེའི་དབྱུག་པ་ཐོགས་པ། པདྨའི་གདན་ལ་བཞུགས་པའོ། །གཡས་ན་ལྷ་མོ་སྒྲོལ་མ་ཐལ་མོ་སྦྱར་ཅིང་འདུད་པའོ། །གཡོན་ན་དཀར་མོ་ཐལ་མོ་སྦྱར་ཏེ་ཡིད་ཙམ་དུ་འདུད་པ།

རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མེ་ཏོག་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པར་བྱའོ། །ཞབས་ཀྱི་དྲུང་དུ་རིག་སྔགས་འཆང་གསེར་གྱི་རྒྱན་གྱིས་བརྒྱན་པ། ལག་ན་མེ་ཏོག་ཐོགས་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཁ་བལྟས་ནས་པུས་མོ་བཙུགས་ཏེ་

འདུག་པར་བྱའོ། །ལྷག་མ་མ་ཡིན་པའི་ཚོན་རྩིས་ཚད་དང་ཚད་མ་འདྲེས་པར་སྤྱན་དང་། སྨིན་མ་དང་། མཆུ་དང་། སེན་མོའི་གནས་ཀྱིས་གནས་སུ་སྦྱར་བར་བྱའོ།། །།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། །བམ་པོ་ཉི་ཤུ་པ།

དེ་ནས་རྫས་བཤད་པར་བྱ་སྟེ། འཇིགས་པ་མེད་པས་སྤོས་ཀྱི་རིགས་ཙནྡན་དང་། ཏ་ག་ར་དང་། པུ་ཤེལ་ཅི་དང་། ལི་ཤི་དང་། ནཱ་ག་པུས་པ་དང་། སྤྲྀ་ཀ་དང་། རྒྱ་སྐྱེགས་དང་། ཁ་བར་ཎི་ཁ་དང་། སྤང་སྤོས་དང་། ན་ལ་ད་དང་། གུར་གུམ་དང་། གླ་རྩི་དང་། ག་བུར་

དང་། སྒྲོན་ཤིང་དང་། གནྡ་པྲི་ཡང་ཀུ་དང་། ཀུན་དུ་རུ་དང་། ཤ་ཁ་ར་དང་། པདྨ་གེ་སར་དང་། དུ་རུ་སྐ་དང་། ཏིལ་མར་དང་། སྤྲ་ཚིལ་དང་། ལྷན་ཅིག་སྦྱར་བའི་ཕྱེ་མ་ཞིབ་མོ་ཤིན་ཏུ་འཇམ་པ། ཤིན་ཏུ་མཉེན་པ། མཆོག་འདི་གཙང་མ་གཙང་སྦྲ་སྤྱོད་པས་

เล่ม ๙๒ · หน้า 261b

ཐུབ་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགེ་ཞིང་ཤིན་ཏུ་དུལ་བ། རབ་ཏུ་ཞི་བའི་རྣམ་པར་ཤིན་ཏུ་མཛེས་པར་བྱའོ། །གསང་སྔགས་བརྒྱད་སྟོང་བཟླས་བརྗོད་བྱས་པས། ལན་ཅིག་བསྒྲུབས་པ་ནི་མཆོག་ཡིན་ཏེ། འདི་ཡོངས་སུ་རྫོགས་ནས་ཁྲོ་བོའི་རྒྱལ་

པོས་ཐམས་ཅད་ལ་མངོན་དུ་གཏོར་ཏེ་དེ་ནས་རིག་སྔགས་འཆང་གིས་ལས་བརྩམ་མོ། །དེ་ནས་རིག་སྔགས་འཆང་གཙང་མར་གྱུར་པས་གོས་གཙང་མ་བགོས་ཏེ། ཤིན་ཏུ་ཁྲུས་བྱས་ལ་དྲིས་བྱུགས་པས་དཀྱིལ་འཁོར་གྲུ་བཞི་ཤིན་ཏུ་མཛེས་པ་གསལ་བ། ཀོ་ལའི་

ཚད་ཙམ་གྱི་དཀྱིལ་འཁོར་བཟང་པོ་ལེགས་པར་བྱུགས་པ་ཤིན་ཏུ་གསལ་བ་བྱའོ། །དྲི་སྣ་ཚོགས་ཀྱིས་བྱུགས་པ་ཤིན་ཏུ་འཇམ་པ་ལ་ཙནྡན་དཀར་པོ་དང་། གུར་གུམ་གྱིས་དབུས་སུ་ལས་ཀྱི་དཀྱིལ་འཁོར་རྣམ་པར་ཕྱེ་བ་བྲི་བར་བྱའོ། །འདིར་ནི་པདྨའང་བྱས་ཏེ། །

འདབ་མ་བརྒྱ་རྩ་བརྒྱད་པ་གེ་སར་དང་སྙིང་པོར་བཅས་པ། ཤིན་ཏུ་མཛེས་པ། ཤིན་ཏུ་བཟང་བ། ཙནྡན་དང་གུར་གུམ་གྱིས་བྲི་བར་བྱ་སྟེ། དེར་ཚོན་རྩི་གཞན་ནི་སྤྱད་པར་མི་བྱའོ། །བུམ་པ་སྤོས་ཆུས་བཀང་བ་དང་། དེ་བཞིན་དུ་དྲི་ཆུ་དང་། གཏོར་མ་ཐམས་ཅད་

དྲི་སྣ་ཚོགས་ཀྱིས་བསྒོས་པ་དང་། ཅི་ཡོད་པའི་གཏོར་མ་གཞག་སྟེ། དེ་ནས་འདིར་དཀྱིལ་འཁོར་བྱ་བ་ནི་གནས་སམ་དགོན་པའམ། ཁྱིམ་མམ་གང་དུ་གནས་པར་གྱུར་པ་དེར་ཁྲུ་གང་ཚད་དམ་ཁྲུ་དོའམ་ཁྲུ་གསུམ་མམ་ལྷག་པར་ཡང་བྱའོ། །དེ་བཞིན་དུ་བདུག་སྤོས་དང་།

ཙནྡན་དང་། ཨ་ག་རུ་དང་། དུ་རུ་སྐ་དང་། ཀུན་ཏུ་རུའོ། །བ་དན་ཁ་དོག་སྣ་ཚོགས་པས་དཀྱིལ་འཁོར་ཀུན་ནས་བརྒྱན་པར་བྱའོ། །མེ་ཏོག་ཕྲེང་བ་དགྲམ་བྱ་ཞིང་། །དྲི་དང་བྱུག་པ་དེ་ཉིད་དང་། །ཀུན་དུ་མར་མེའི་ཕྲེང་བའོ། །དེ་ནས་དྲི་ལས་བྱས་པའི་འཕགས་

པ་སྤྱན་རས་གཟིགས་དབང་ཕྱུག་དཀྱིལ་འཁོར་གྱི་དབུས་སུ་པདྨའི་གེ་སར་གྱི་སྟེང་དུ་བཞག་པ་ལ། རིག་སྔགས་འཆང་མངོན་དུ་ཕྱོགས་པར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་གཞན་མི་སྨྲ་བར་བཟླས་བརྗོད་བརྒྱད་སྟོང་བརྩམ་པར་བྱའོ། །བརྒྱད་སྟོང་རྫོགས་པ་དང་

เล่ม ๙๒ · หน้า 262a

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ལས་འོད་ཟེར་སྣ་ཚོགས་འབྱུང་ཞིང་ཆེར་གཡོ་བར་འགྱུར། རང་གི་ལག་པ་གཡས་པ་འབར་བར་འགྱུར་རོ། །གཟུགས་བརྙན་ལས་རིག་སྔགས་འཆང་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་འདོད་པའི་

ལས་ཐམས་ཅད་གྲུབ་བོ། །དོན་ཡོད་པ་ཆེན་པོའི་འཁོར་ལོ་རྣམ་པར་འཕྲུལ་པའི་དངོས་གྲུབ་དང་། ཐམས་ཅད་དུ་དགོས་པ་གྲུབ་པ་དེ་ཁོ་ན་ཉིད་གྲུབ་བོ། །ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་མཆོག་ཏུ་གྲུབ་བོ། །ཁྱོད་ཀྱིས་སྒྲུབ་པའི་ཆོ་ག་རྒྱ་ཆེར་མཆོག་

ཏུ་གྲུབ་བོ་ཞེས་སྒྲ་འབྱུང་ངོ་། །དེ་ནས་རིག་སྔགས་འཆང་གིས་དགོས་པ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་ཆོ་ག་ཇི་ལྟར་དགོས་པར་བྱ་སྟེ། སློབ་མ་གཞུག་པ་དང་། དམ་ཚིག་ནི་འདིར་དགོས་པ་ཞེས་བྱའོ། དེ་ནས་རིག་སྔགས་འཆང་གིས་གང་གི་ཚེ་དགོས་པ་བྱུང་

བ་དེའི་ཚེ་དྲི་ལས་བྱས་པའི་མགོན་པོ་ལ་སྔར་མཆོད་པ་བྱ་སྟེ། དེ་ནས་དགོས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མདུན་དུ་བཞག་ལ། བཟླས་བརྗོད་བརྒྱད་བརྒྱ་བྱས་ན་དགོས་པ་སྣ་ཚོགས་རྨི་ལམ་དུ་སྟོན་ཅིང་ཇི་ལྟར་བསམས་

པ་ཐམས་ཅད་སྟོན་པར་འགྱུར་རོ། །དེའི་མདུན་དུ་ཙནྡན་དཀར་པོ་ལས་དཀྱིལ་འཁོར་བྱས་ལ། ཙནྡན་དཀར་པོའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་ཐལ་བ་ལ་བཟླས་བརྗོད་ལན་བརྒྱ་རྩ་བརྒྱད་བྱ་སྟེ། རང་གི་ལུས་མཐའ་དག་ཁྱབ་པར་བསྐུ་ཞིང་། ཐལ་བ་དེ་ཉིད་དང་།

ཡུངས་ཀར་གྱི་བྱུག་པ་ཕྱོགས་བཞིར་གཏོར་ན་འཇིག་རྟེན་དབང་ཕྱུག་གི་གཟུགས་ཇི་ལྟ་བ་དེ་ལྟར་འཇིག་རྟེན་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་སྟེ། ཇི་སྲིད་དུ་ཕྱིར་བསྡུ་བ་མ་བྱས་པ་དེ་སྲིད་དུ་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་སྣང་བར་འགྱུར་རོ། །དྲི་ཆུ་དང་ཡུངས་ཀར་

གྱིས་མངོན་དུ་ཕྱོགས་པར་གཏོར་ན་ཕྱིར་བསྡུ་བ་བྱས་པར་འགྱུར་རོ། །ཐལ་བ་དེས་རབ་ཏུ་བདུགས་ཏེ་དུར་ཁྲོད་ཀྱི་ནང་དུ་ཞུགས་ན་འབྱུང་པོའི་དཔུང་དང་འཁོར་དང་བཅས་པ་མདུན་ན་ཉེ་བར་གནས་པར་འགྱུར་རོ། །གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་ཐམས་

เล่ม ๙๒ · หน้า 262b

ཅད་མདུན་ན་ཉེ་བར་གནས་ཤིང་དབང་དུ་གྱུར་ནས་གནས་ཏེ། བདག་དང་ནོར་གྱིས་བགྱི་བ་ཅི་མཆིས་ཞེས་བྱ་བ་བྱེད་དོ། །རང་ལ་བྱུགས་ཏེ་ཚོགས་ཀྱི་ནང་ངམ། དགེ་འདུན་གྱི་ནང་དུ་ཞུགས་ན་སྟོན་པ་མཐོང་བ་ཇི་ལྟར་རིག་སྔགས་འཆང་སྣང་ཞིང་མཐོང་སྟེ། མཆོད་

པའི་འོས་ཆེན་པོར་འགྱུར་རོ། །ཕྱག་བྱ་བའི་འོས་སུ་འགྱུར། དོན་དང་མཆོད་པ་ཆེན་པོ་འཐོབ་པར་འགྱུར་རོ། །ཐལ་བས་ལུས་བསྐུས་ཏེ་ཀླུའི་མཚོར་ཞུགས་ན་ཀླུའི་རྒྱལ་པོ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཐམས་ཅད་དབང་དུ་གྱུར་ནས་གནས་ཏེ་བཀའ་བཞིན་བྱེད་པར་འགྱུར་ཞིང་ཇི་

སྲིད་འཚོའི་བར་དུ་ཉེ་བར་གནས་པར་འགྱུར་རོ། །རང་ལ་བྱུགས་ཏེ་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན། རྒྱལ་པོ་བཙུན་མོ་དང་འཁོར་དུ་བཅས་པ་རྣམས་དབང་དུ་འགྱུར་ཏེ། ཅི་བགྱི་ཞེས་བྱ་བ་བྱེད་ཅིང་མདུན་ན་ཉེ་བར་གནས་པར་འགྱུར་རོ། །འཇིག་རྟེན་གྱི་བླ་མ་ཇི་ལྟ་བ་དེ་བཞིན་

དུ་མཆོད་པ་ཆེན་པོ་འབྱུང་བར་འགྱུར། དོན་ཆེན་པོ་དང་མཆོད་པ་ཆེན་པོ་འཐོབ་པར་འགྱུར། ཇི་སྲིད་འཚོའི་བར་དུ་ཉེ་བར་གནས་པར་འགྱུར་ཏེ། སྟོན་པ་འདྲེན་པ་ཇི་ལྟ་བ་བཞིན་ནོ། །གང་དང་གང་ལ་ཐལ་བས་རེག་པ་ཙམ་གྱིས་དེ་དང་དེའི་ནད་ཐམས་ཅད་བྲལ་བར་འགྱུར་

སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་ངན་འགྲོའི་སྒོ་ཐམས་ཅད་གཅད་པར་འགྱུར། མཆོག་ཏུ་བདེ་བ་དང་ལྡན་པར་འགྱུར་རོ། །ཤི་འཕོས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །བྱས་པ་མི་གཟོ་བ། གསང་སྔགས་ཀྱི་གདོལ་

པ། མ་གུས་པ། བླ་མར་མི་བྱེད་པ། རློམ་སེམས་ཅན། ང་རྒྱལ་དང་ལྡན་པ། བདུད་ཀྱི་ཕྱོགས་པ། སྐྱེས་བུ་གཏི་མུག་ཅན། བསོགས་པ་ལ་ཞེན་པ། ཁེངས་པ། ང་རྒྱལ་ཅན་དེ་དག་གིས་གང་དུ་ཡང་དངོས་གྲུབ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་དག་ཡུན་

རིང་པོར་ཐར་པ་མི་རྙེད་པས་དུས་གསུམ་གྱི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། གང་ཡང་རིག་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་སྨད་པ། སྐྱེ་བ་བརྒྱུད་པར་རང་གི་རྒྱུད་ལ་དངོས་གྲུབ་བསྲེགས་པ། འཇིག་རྟེན་འདི་དང་ཕ་རོལ་ཆུད་གསོན་པ་

เล่ม ๙๒ · หน้า 263a

དག་ནི་མ་གཏོགས་ཏེ། དེ་ལྟ་མོད་ཀྱི་འདིར་བདག་གིས་ཅུང་ཟད་ཀྱང་མ་ནོངས་ཏེ། སྡུག་བསྔལ་མང་པོ་དང་ཆེན་པོའི་སེམས་ཅན་དགྲོལ་བར་རྔོ་མི་ཐོགས་ལགས་སོ། །སངས་རྒྱས་ཐུགས་རྗེ་ཆེན་པོས་བཀའ་སྩལ་པའི་ཡིད་ལ་བགྱི་བ་བསྐལ་པ་བགྲངས་པར་

ཡིད་ལ་བགྱིས་པས་དགྲོལ་བར་རྡོ་མི་ཐོགས་ལགས་སོ། །དེ་ལྟ་མོད་ཀྱི་སྡུག་བསྔལ་མང་པོ་བརྒྱུད་པར་ཉམས་སུ་མྱོང་བར་འགྱུར་རོ། །དངོས་གྲུབ་ནི་བྱམས་པས་འཐོབ་སྟེ། བྱམས་པ་དང་། གསང་སྔགས་ཀྱི་གོ་ཆ་བགོས་པ། བྱམས་པའི་རལ་གྲི་ཐོགས་པ།

སེམས་ཅན་ཐམས་ཅད་ལ་ཕན་ཞིང་མཉེས་གཤིན་པ་ལ་དེ་ཁོ་ན་ཉིད་སྒྲུབ་པའི་དངོས་གྲུབ་འདི་དག་འཇིག་རྟེན་འདྲེན་པས་རྗེས་སུ་གནང་ངོ་། །མགོན་པོ་འདི་མཐོང་བ་ཙམ་གྱིས་སྤོས་ཀྱི་གཟུགས་ཀྱི་འཇིག་རྟེན་མགོན་པོ་མཐོང་བ་དང་། འཇིག་རྟེན་འདྲེན་པ་རང་གི་གཟུགས་

སུ་མངོན་སུམ་དུ་མཐོང་བ་མཚུངས་པ་ཉིད་དུ་ཁོང་དུ་ཆུད་པར་བགྱིའོ། །སངས་རྒྱས་བྱེ་བ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་མངོན་སུམ་དུ་མཐོང་བ་ཁོ་ན་དང་། འཇིག་རྟེན་གྱི་མགོན་པོ་མཐོང་བ་མཚུངས་པ་ཁོ་ནར་ཁོང་དུ་ཆུད་པར་བགྱི་སྟེ། འདི་ལྟར་ཤེས་པར་བྱའོ།

དེ་ནས་ཕྱིར་མི་ལྡོག་པའི་གནས་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་ཆེན་པོ་སྒྲུབ་པར་འདོད་པའི་དགེ་སློང་ངམ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། རྒྱལ་པོའམ། བློན་པོ་ཆེན་པོའམ། རིག་སྔགས་འཆང་ངམ། གཞན་གང་ཡང་རུང་བའི་རིག་

སྔགས་འཆང་གིས་ཕྱིར་མི་ལྡོག་པའི་གནས་ཐོབ་པར་འདོད་པ་དང་། དུས་གསུམ་དུ་གཤེགས་པའི་སངས་རྒྱས་མཐོང་བར་འདོད་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་མཐོང་བར་འདོད་པ་དང་། རིག་སྔགས་འཆང་གི་དཀྱིལ་འཁོར་གྱི་ལྷ་

ཐམས་ཅད་མཐོང་བར་འདོད་པ་དང་། འཕགས་པ་རྡོ་རྗེ་འཛིན་མཐོང་བར་འདོད་པ་དང་། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་སྤྱིའི་དམ་ཚིག་མཐོང་བར་འདོད་ན་ཆོ་ག་འདི་བསྒྲུབ་པར་བྱ་སྟེ། སྙིང་པོ་དང་བཅས། བྱ་བ་དང་བཅས་པ་དེས་མྱུར་བ་དང་། ཤིན་

เล่ม ๙๒ · หน้า 263b

ཏུ་མྱུར་བ་དང་། མགྱོགས་པར་འཇིག་རྟེན་ཐམས་ཅད་ཀྱི་མངོན་སུམ་དུ་ཆོ་འཕྲུལ་རྨད་དུ་བྱུང་བ་གསང་བ་སྟོན་པར་མཐོང་སྟེ། འདི་ལ་སོམ་ཉི་དང་ནེ་མནུར་བསྐྱེད་པར་མི་བྱའོ། །ཐེ་ཙོམ་དང་ཡིད་གཉིས་བསྐྱེད་པར་མི་བྱའོ། །དེ་ནས་རིག་སྔགས་འཆང་གིས་འཕགས་

པ་སྤྱན་རས་གཟིགས་དབང་ཕྱུག་གསེར་གྱི་མདོག་ཅན་སོར་བཞིའི་ཚད་ཙམ། ཚངས་པའི་ཆ་བྱད་འཆང་བ། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ་བྱ་སྟེ། ཤིན་ཏུ་ཚད་དང་ལྡན་པ། ཆ་བྱད་མཛེས་པ། ཆ་ཤིན་ཏུ་རྣམ་པར་མཛེས་པ། ཕྱག་གཉིས་པ། སྤྱན་གསུམ་པ།

འོད་དཔག་མེད་པའི་དབུ་རྒྱན་ཅན། གཡས་ན་ཟླ་བ་ཚེས་པ། ཕྱག་གཡོན་ན་པདྨ་དང་། རིལ་བ་སྤྱི་བླུགས་བསྣམས་པ། ཕྱག་གཡས་མི་འཇིགས་པ་སྦྱིན་པ། སྐུའི་ནང་ག་བུར་དང་། གླ་རྩི་དང་རིང་བསྲེལ་གྱིས་བཀང་བ། གཡས་ན་ལྷ་མོ་སྒྲོལ་མ་དངུལ་ལས་བྱས་པ་

ཐལ་མོ་སྦྱར་ཏེ་ཡིད་ཙམ་འདུད་པ། གསེར་གྱི་རྒྱན་གྱིས་བརྒྱན་པ་དང་། གཡོན་ན་དངུལ་ལས་དཀར་མོ་ཐལ་མོ་སྦྱར་ཏེ་ཡིད་ཙམ་འདུད་པ་པདྨའི་གདན་ལ་བཞུགས་པར་བྱའོ། །སྟེང་གི་གཡས་ཕྱོགས་ན་འོད་དཔག་མེད་སྐྱིལ་མོ་ཀྲུང་བཅས་བཅས་ཏེ་བཞུགས་པ་དང་། གཡོན་ན་

ཤཱཀྱའི་རྒྱལ་པོ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ་དགོད་པར་བྱའོ། །འོད་འདོམ་གང་དང་བཅས་པས་ལེགས་པར་བརྒྱན་པར་བྱ་ཞིང་། གནད་དང་གནད་ཤིན་ཏུ་རྣམ་པར་འབྱེས་པ། སྐྲ་དང་། དཔྲལ་བ་དང་། སྨིན་མ་དང་། ཤངས་དང་། སྙན་དང་། ཞལ་དང་།

མགུལ་པ་དང་། དཔུང་པ་དང་། ནུ་མ་དང་། རྐེད་པ་དང་། བརླ་དང་། པུས་མོ་དང་། བྱིན་པ་དང་། ཞབས་དང་། ཕྱག་གི་སོར་མོ་མཉམ་ཞིང་ཐམས་ཅད་དུ་མཛེས་པ། སྐུ་ཆུ་ཞེང་གབ་ཅིང་མཐོ་དམན་རན་པ། མཆོད་ཕྱིར་ཐོགས་པ་དཀར་པོ་འཆང་བ་བྱའོ། །ལས་

ཤིན་ཏུ་ཡོངས་སུ་རྫོགས་ཤིང་ཤིན་ཏུ་མཐར་ཕྱིན་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་ཟིན་པར་རིག་ནས། དེ་ནས་རིག་སྔགས་འཆང་གིས་རྒྱུ་སྐར་བཟང་པོའི་ཟླ་བ་ཉའམ། ཚེས་བརྒྱད་དམ། བཅྭ་ལྔའམ། བཅུ་གསུམ་མམ། བཅུ་

เล่ม ๙๒ · หน้า 264a

བཞིའམ། རྒྱུ་སྐར་བཀྲ་ཤིས་པ་རྒྱལ་གྱི་ཉི་མ་དང་མཐུན་པ་རྙེད་ནས་དཀྱིལ་འཁོར་བསྒྲུབ་པར་བྱ་སྟེ། དཀྱིལ་འཁོར་ཤིན་ཏུ་མཛེས་པར་བྱ་བ་ནི་གྲུ་བཞི་ལ་ཆ་ལེགས་པར་ཕྱེ་བ། ཀོ་ལའི་ཚད་ཙམ་ལ་ཐེམ་སྐས་བཞིས་བརྒྱན་པ། ཁྲུ་གསུམ་པར་རྣམ་པར་དབྱེ་

བར་བྱ་སྟེ། ཆུང་བ་དང་ལྷག་པར་ནི་མི་བྱའོ། །ལེགས་པར་བྱུགས་པ་ཤིན་ཏུ་འཇམ་པ། སྙི་བ། མཉེན་པ། དབྱིབས་ལེགས་པ་ལ་ཚོན་རྩི་སྣ་ཚོགས་ཀྱིས་རྣམ་པར་དབྱེ་ཞིང་དཀྱིལ་འཁོར་དམ་པ་ཐིག་གདབ་པ་ནི་ཤིན་ཏུ་རྣམ་པར་མཛེས་པ། སྒོ་བཞི་པ་ལ་དཀྱིལ་

འཁོར་གྱི་དབུས་ཀྱི་སྙིང་པོར་པདྨའི་རིགས་ཀྱི་དཀྱིལ་འཁོར་དོན་ཡོད་པའི་ཞགས་པའི་དཀྱིལ་འཁོར་བྲིའོ། །ཕྱི་རོལ་གྱི་དཀྱིལ་འཁོར་གྱི་གནས་སུ་ཆ་རྣམ་པ་བརྒྱད་དུ་ཕྱེ་ལ། ལྷོའི་གྲྭའི་གནས་སུ་དེ་བཞིན་གཤེགས་པའི་རིགས་ཚོན་སྣ་ཚོགས་ཀྱིས་བྲིའོ། །དེ་ནས་བྱང་

གི་གྲྭར་བྲི་བ་ནི་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ཚོན་རྩི་སྣ་ཚོགས་ཀྱིས་རྣམ་པར་བཀྲ་བར་བྲིའོ། །དེ་ནས་ནུབ་ཀྱི་གྲྭར་བྲི་བ་ནི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་སྣ་ཚོགས་ཀྱིས་རྣམ་པར་བཀྲ་བར་བྲིའོ། །དེ་ནས་ཤར་གྱི་གྲྭར་གླང་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་ཚོན་རྩི་སྣ་ཚོགས་ཀྱིས་

རྟག་ཏུ་ཤིན་ཏུ་མཛེས་པ་དང་། ཤིན་ཏུ་གསལ་བར་བྲིའོ། །ཤར་ཕྱོགས་ཀྱི་དཀྱིལ་འཁོར་གྱི་སྒོར་རི་བོ་པོ་ཊ་ལ་མེ་ཏོག་དང་ཤིང་ལྗོན་པ་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པ་རིའི་ལྷ་དང་བཅས་པ་བྲིའོ། །ལྷོ་ཕྱོགས་ཀྱི་སྒོར་རི་རབ་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོས་ཀུན་ནས་

དཀྲིས་པ་དང་། སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷ་བྲིའོ། །བྱང་ཕྱོགས་ཀྱི་སྒོར་ནི་སྤོས་ཀྱི་ངད་ལྡང་དྲི་ཟའི་ཚོགས་ཀྱིས་གང་བ་ཤིང་ལྗོན་པ་སྣ་ཚོགས་ཀྱིས་ཤིན་ཏུ་མཛེས་པ་བྲིའོ། །ནུབ་ཕྱོགས་ཀྱི་སྒོར་རི་ཏི་སེ་ལྷ་རྣམས་ཀྱི་གནས་མེ་ཏོག་སྣ་ཚོགས་དང་། འཁྲི་ཤིང་དང་། ཤིང་

ལྗོན་པ་སྣ་ཚོགས་མཆོག་གིས་རྟག་ཏུ་གང་བ་བྲིའོ། །ལེགས་པར་ཟིན་ནས་ཀུན་ཏུ་ནི་མདུང་རྩེ་གསུམ་པའི་བར་ཕྲེང་ངོ་། །དེ་བཞིན་གཤེགས་པའི་རིགས་སུ་དེ་བཞིན་གཤེགས་པ་དང་། རྡོ་རྗེའི་རིགས་ཉིད་གཞག་གོ། །ནོར་བུའི་རིགས་སུ་དེ་བཞིན་གཤེགས་པ་གཞག་

เล่ม ๙๒ · หน้า 264b

ཅིང་དེ་བཞིན་གཤེགས་པའི་རིགས་དང་། ཐམས་ཅད་དུ་རྡོ་རྗེ་འཛིན་པ་བཞག་ན་སྤྱིའི་རིགས་འགྲུབ་བོ། །ལྷ་མོ་སྒྲོལ་མ་ནི་རི་བོ་པོ་ཊ་ལ་ལ་གཞག་གོ། །རི་རབ་ལ་ནི་གོས་དཀར་མོའོ། །དཔེ་མེད་མ་ནི་ཏི་སེའི་རྩེ་མོར་རོ། །སྒྲོལ་མ་བདུན་ནི་སྤོས་ཀྱི་ངད་ལྡང་ལ་གཞག་གོ །

ཤར་ཕྱོགས་ཀྱི་སྒོར་ཕོ་ཉ་མོ་ཞིབ་ཕོ་ཉ་མོ་བདུན་གྱིས་ཡོངས་སུ་བསྐོར་བའོ། །ལྷོ་ཕྱོགས་ཀྱི་སྒོར་ནི་སྲིན་མོ་རལ་པ་གཅིག་མ་སྲིན་མོ་བདུན་གྱིས་ཡོངས་སུ་བསྐོར་བའོ། །ནུབ་ཕྱོགས་ཀྱི་སྒོར་རྡོ་རྗེ་ལུ་གུ་རྒྱུད་ལུ་གུ་རྒྱུད་བདུན་གྱིས་ཡོངས་སུ་བསྐོར་བའོ། །བྱང་ཕྱོགས་ཀྱི་སྒོར་

ཁྲོ་གཉེར་ཅན་མོ་ཁྲོ་གཉེར་ཅན་བདུན་གྱིས་ཡོངས་སུ་བསྐོར་བའོ། །དེ་ནས་འཇིགས་པ་མེད་པས་མགོན་པོ་འཇིག་རྟེན་གྱི་བླ་མའི་གཟུགས་གསེར་གྱི་མདོག་ཅན་རིང་བསྲེལ་དང་ལྡན་པ་དོན་ཡོད་པའི་རྒྱལ་པོ་རྣམ་པར་འཕྲུལ་པའི་དཀྱིལ་འཁོར་གྱི་སྙིང་པོ་པདྨ་རྒྱ་ཆེན་པོའི་དཀྱིལ་

འཁོར་དུ་གཞག་པར་བྱའོ། །གྲྭར་རྒྱལ་པོ་ཆེན་པོ་བཞི་སྟོབས་པོ་ཆེ་གོ་ཆ་བགོས་པ། དྲག་ཤུལ་གྱི་གཟུགས་ཅན། མཚོན་ཆ་འབར་བ་ཐོགས་པ་གཞག་པར་བྱའོ། །གང་ཞིག་ཐུབ་པ་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ། སྤྱིའི་རིགས་ཡང་དག་པར་འབྱུང་བ། དོན་ཡོད་

པའི་རྒྱལ་པོ་རྣམ་པར་འཕྲུལ་པ། འཇིག་རྟེན་དབང་ཕྱུག་མཆོག་སྦྱིན་པ་དང་བཅས་པ། དོན་ཡོད་པའི་ཞགས་པ་རྣམ་པར་འཕྲུལ་པ་བསྒྲུབ་པའི་ཆེད་དུ་ཆོ་ག་སྣ་ཚོགས་དྲན་པར་བྱའོ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རྣམ་ཐར་དཀྱིལ་འཁོར་དེ་ཉིད་ནི། །ལེགས་པར་

བསྒྲུབས་པ་མཐོང་ཙམ་དང་། །བཀླགས་པས་དངོས་གྲུབ་བླ་མེད་འགྱུར། །དེ་བས་རྟག་ཏུ་འབད་པ་ཡིས། །སྒྲུབ་པར་བྱེད་པ་མི་མཁས་སོ། །དེ་ནས་རིག་སྔགས་འཆང་གཙང་མར་གྱུར་པ་ཤིན་ཏུ་ཁྲུས་བྱས་པ་གོས་གཙང་མ་བགོས་པས་དར་དང་བ་དན་སྣ་ཚོགས་བཟང་པོས་

དཀྱིལ་འཁོར་བརྒྱན་པར་བྱའོ། །རོ་བྲོ་བའི་མཆོག་རྒྱ་ཆེན་པོས་སྣོད་སྣ་ཚོགས་ལེགས་པར་བཀང་བ་དང་། གསེར་དང་དངུལ་གྱི་སྣོད་དུ་མཆོད་ཡོན་དབུལ་ཞིང་རོ་སྣ་ཚོགས་ཀྱི་གཏོར་མ་གཞག་པར་བྱའོ། །དེ་བཞིན་དུ་འབྲས་བུ་སྣ་ཚོགས་གཞག་པར་བྱའོ། །གཟུགས་

เล่ม ๙๒ · หน้า 265a

རྣམ་པ་སྣ་ཚོགས་པའི་ཁ་ཟས་ཀྱི་གཏོར་མ་ཡང་བསྒྲུབ་བོ། །མེ་ཏོག་སྣ་ཚོགས་བཀྲམ་ཞིང་གཏོར་མ་སྣ་ཚོགས་ཀྱིས་བཀང་བྲ་དང་། བུམ་པ་དང་། རྫེའུ་དང་། ཕོར་ཟླུམ་དང་། ཁམ་ཕོར་དང་། དབྱིབ་མོ་དག་ཀྱང་དགང་ངོ་། །ཀུན་དུ་དྲི་ཆུས་བསྐོས་པ་

ཡི། །རྒྱ་ཆེན་གཏོར་མ་ཀུན་དུའོ། །སྣ་ཚོགས་པ་ཡི་པོག་ཕོར་ནས། །སྣ་ཚོགས་བདུག་སྤོས་དབུལ་བ་ནི། །ཨ་ག་རུ་དང་། ཙནྡན་དང་། སྤྲྀ་ཀ་དང་། དུ་རུ་སྐ་དང་། ཀུན་ཏུ་རུ་དང་། གུ་གུལ་དང་། སྒྲོན་ཤིང་དང་། ཤྲི་བེཥྚ་ཀ་དང་། ས་ར་དང་། སར་ཛ་ར་ས་དང་།

དེ་བཞིན་དུ་ག་བུར་དང་། གླ་རྩི་དང་། གུར་གུམ་དང་། ཤ་ཁ་རའི་བདུག་སྤོས་འདི་དག་ནི་རབ་ཏུ་ཕུལ། ཐམས་ཅད་དུ་སྒྲུབ་པ་བླ་ན་མེད་པ་ཡིན་ནོ། །སྣ་ཚོགས་པ་ཡི་དྲི་དག་དང་། །ཕྱེ་མ་བྱུག་པ་སྣ་ཚོགས་ཉིད། །ཤེས་རབ་ཅན་གྱིས་ཀུན་ཏུ་ནི། །དཀྱིལ་འཁོར་དག་

ལ་གཞག་པར་བྱ། །ལྷ་རྫས་ཀྱི་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་དང་། ཟངས་ཀྱི་མེ་ཏོག་དང་། བྱི་རུ་དང་ནི་མུ་ཏིག་དང་། །ཨིནྡྲ་ནཱི་ལ་དག་དང་ནི། །པདྨ་རཱ་ག་དག་ཀྱང་ངོ་། །གསེར་དང་དངུལ་གྱི་བུམ་པ་རིན་པོ་ཆེ་སྣ་བདུན་ཅན་ཡང་གྲྭ་བཞིར་གཞག་

པར་བྱའོ། །འབྲས་ཡོས་དང་། ཡུངས་ཀར་དང་བསྲེས་པས་དཀྱིལ་འཁོར་ཀུན་དུ་གཏོར་རོ། །ཀུན་ནས་མེ་ཏོག་ཕྲེང་བ་ནི། །རྨད་བྱུང་དཀྱིལ་འཁོར་ལ་གཞག་ཅིང་། །ཀུན་ནས་མར་མེའི་ཕྲེང་བ་ཡང་། །དཀྱིལ་འཁོར་རྨད་དུ་བྱུང་ལ་བཞག །རིག་སྔགས་འཆང་ཉིན་

ཞག་གཅིག་གནས་པར་གྱུར་པས་ཡང་བཟླས་བརྗོད་རྒྱ་ཆེར་བྱས་ལ་ཆོ་གས་བསྲུང་བ་དང་། ཕྱོགས་བཅིང་བ་དང་། ཀུན་ནས་དཀྱིལ་འཁོར་བཅིང་བ་བྱས་ལ་དཀྱིལ་འཁོར་གྱི་ལས་བྱའོ། །དེ་ནས་སློབ་མ་གཞུག་པར་བྱ་སྟེ། བླ་མ་མཁན་པོ་འམ། སློབ་དཔོན་ནམ། ཕའམ་

རྒྱལ་པོའམ། བློན་པོ་ཆེན་པོ་ལ་དམ་ཚིག་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་གསང་བ་བསྟན་ཏེ། མགོན་པོ་འཇིག་རྟེན་གྱིས་བླ་མ་མཐོང་ཞིང་དཀྱིལ་འཁོར་རྨད་དུ་བྱུང་བ་མཐོང་ནས་ཕྱག་བྱ་ཞིང་མཆོད་པ་དང་། མེ་ཏོག་དང་། བདུག་སྤོས་དབུལ་བ་བྱས་ལ་བསྐོར་བ་

เล่ม ๙๒ · หน้า 265b

བྱའོ། །དེ་ནས་རིག་སྔགས་འཆང་གིས་ཐམས་ཅད་ལ་བྱམས་པའི་སེམས་མཉམ་པར་བཞག་སྟེ། སྐྱིལ་མོ་ཀྲུང་བཅས་ནས་འདུག་ལ་མི་སྨྲ་བར་ཡ་མཚན་དུ་སྣང་བར་མཐོང་གི་བར་དུ་དོན་ཡོད་པའི་ཞགས་པའི་སྙིང་པོ་བཟླས་བརྗོད་བྱས་ལ་དཀྱིལ་འཁོར་ཀུན་ཏུ་ཁྲོ་བོའི་རྒྱལ་

པོས་ལན་བརྒྱ་རྩ་བརྒྱད་དབང་བསྐུར་ཞིང་ཡུངས་ཀར་དང་། ཆུ་དང་མེ་ཏོག་གིས་དཀྱིལ་འཁོར་ཀུན་ཏུ་ལན་བརྒྱ་རྩ་བརྒྱད་གཏོར་བའི་མོད་ལ་རྟག་ཏུ་ཕྱག་རྒྱ་ལན་བརྒྱ་རྩ་བརྒྱད་བཅིངས་ལ་དཀྱིལ་འཁོར་ཀུན་ཏུ་མེ་ཏོག་དང་། བདུག་སྤོས་དང་། དྲི་ཕུལ་ནས་མགོན་པོ་

འཇིག་རྟེན་དབང་ཕྱུག་དོན་ཡོད་པའི་ཞགས་པ་མཐོང་ན་དོན་ཡོད་པ་ཉིད་མཆོད་པར་བྱའོ། །དེ་ནས་མགོན་པོ་ཕྱག་ན་རྡོ་རྗེ་དང་། རིག་སྔགས་ཀྱི་རྒྱལ་པོ་བླ་ན་མེད་པ་མཆོད་པ་བྱེད་དོ། །དེ་ནས་ལྷ་མོ་སྒྲོལ་མ་དང་། ཀུན་དུ་ལྷ་མོ་ཐམས་ཅད་ལའོ། །དེ་ནས་དཀྱིལ་འཁོར་

གྱི་ལྷ་ཐམས་ཅད་ལའོ། །དེ་ནས་རིའི་རྒྱལ་པོ་རྣམས་ལ་གནས་པའི་རིའི་ལྷ་ཐམས་ཅད་ལའོ། །ཐམས་ཅད་དང་སྒོ་སྲུངས་ལ་རྟག་ཏུ་མཆོད་པ་བྱའོ། །དེ་ནས་ཕྱོགས་བཞི་ཀུན་དུ་རིག་སྔགས་འཆང་གིས་རྟག་ཏུ་མཆོད་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ་འཇིགས་

པ་མེད་པས་ལག་པའི་ཕྱག་རྒྱ་བཅིང་བར་བྱའོ། །བྱམས་པའི་སེམས་དང་སྙིང་རྗེའི་ལྷག་པའི་བསམ་པ་ཉིད་ཀྱིས་དོན་ཡོད་པའི་ཞགས་པ་རྟག་ཏུ་དྲན་པར་བྱ་ཞིང་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་མོ། །གསང་སྔགས་བརྗོད་མ་ཐག་ཏུ་དཀྱིལ་འཁོར་དང་ས་གཞི་གཡོ་ཞིང་གང་

དཀྱིལ་འཁོར་དུ་ཞུགས་པའི་མོད་ལ་སྙིང་དགའ་བ་དང་། སེམས་བདེ་བ་འཐོབ་བོ། །འོད་ཟེར་བྱེ་བ་ཁ་དོག་སྣ་ཚོགས་རྣམ་པར་བཀྲ་བ་འབྱུང་ཞིང་དཀྱིལ་འཁོར་གྱི་སྙིང་པོ་ན་དོན་ཡོད་པའི་ཞགས་པ་འགུལ་བར་འགྱུར། དཀྱིལ་འཁོར་གྱི་སྙིང་པོ་འབར་བར་འགྱུར། དེ་བཞིན་

གཤེགས་པ་ཐམས་ཅད་དང་། དེ་བཞིན་དུ་ཕྱག་ན་རྡོ་རྗེ་འབར་བར་འགྱུར། དཀྱིལ་འཁོར་ལ་གནས་པའི་ལྷ་དང་ལྷ་མོ་ཐམས་ཅད་འབར་བར་འགྱུར། ལྷ་གཡོ་བར་འགྱུར་ཞིང་དཀྱིལ་འཁོར་ཀུན་ནས་ལེགས་སོ་ཞེས་སྒྲ་གྲག་པར་འགྱུར་རོ། །དེ་ནས་ཇི་ལྟར་གསེར་བཀོད་པ་དེ་ལྟར་

เล่ม ๙๒ · หน้า 266a

དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོ་དང་། མགོན་པོ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་དང་། སྒྲོལ་མ་དང་། དཀར་མོ་གསེར་གྱི་མདོག་གིས་བཀོད་པ་ཆེན་པོའི་དཀྱིལ་འཁོར་གྱི་ནང་

ནས་བཞེངས་པར་འགྱུར། སྐུ་གསེར་མདོག་ཅན་གཟུགས་བཟང་པོས་བདག་ཉིད་ཀྱི་རང་གི་ངོ་བོ་སྟོན་པ་སྣང་བར་འགྱུར། ཕྱོགས་བཅུ་ཀུན་དུ་རྟག་ཏུ་གཟིགས་པར་འགྱུར་རོ། །ཐམས་ཅད་དུ་རྟག་ཏུ་སེམས་བརྟན་པོར་བྱ་སྟེ། རིག་སྔགས་འཆང་བྱམས་པ་དང་བཅས་པའི་

སེམས་བརྟན་པོར་གྱུར་བས་མེ་ཏོག་དང་རོལ་མོའི་སྒྲ་དབུལ་ཞིང་དོན་ཡོད་པའི་རྒྱལ་པོ་ཡང་དྲན་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པས་ཕྱག་གསེར་གྱི་མདོག་ཅན་བརྐྱང་སྟེ། རིག་སྔགས་འཆང་གི་སྤྱི་བོར་བཞག་ནས་ལེགས་སོ་ཞེས་བྱ་བ་སྦྱིན་པར་མཛད་ཅིང་རིག་

སྔགས་འཆང་ཁྱོད་ཀྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་དང་། ཆོ་ག་ཞིབ་མོ་མཐའ་དག་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་གྲུབ་སྟེ། སྐྱེས་བུ་དམ་པ་ཁྱོད་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་ལུང་བསྟན་གྱིས་རང་གི་ངོ་བོ་ཉིད་ཀྱིས་ཡོངས་སུ་དག་

ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སྐྱེས་བུ་དམ་པ་ཁྱོད་རང་གི་ངོ་བོ་ཕྱིར་མི་ལྡོག་པ་དང་། དོན་ཡོད་པའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་བར་བྱོས་ཤིག །དཀྱིལ་འཁོར་འདི་ལ་བརྟེན་པའི་

སྐྱེ་བོ་དགེ་བ་དང་ལྷག་པའི་བསམ་པ་ལ་ཞུགས་པ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་མྱ་ངན་ལས་འདས་པར་ལུང་བསྟན་གྱི་བར་དུ་ཕྱིར་མི་ལྡོག་པར་འགྱུར་རོ། །ཇི་སྟེ་སེམས་ཅན་ངན་པ་རིག་སྔགས་ཀྱི་གདོལ་པ་སྨད་པ་དག་དེར་ཞུགས་ན་གཟུགས་བརྙན་ལས་ཁྲག་འཛག་

ཅིང་སྒྲ་མི་ཟད་པ་འབྱུང་སྟེ། མགོན་པོ་འདི་མི་མཐོང་། ས་འདི་གཡོ་བར་མི་འགྱུར། དཀྱིལ་འཁོར་འདི་འབར་བར་མི་འགྱུར་ཏེ། དེའི་ཚེ་རིག་སྔགས་འཆང་ལ་རྨི་ལམ་དུ་སྟོན་ཏེ་དེ་ཉིད་ཀྱང་གཞན་དུ་མི་འགྱུར་རོ། །ཇི་ལྟར་མངོན་སུམ་པ་དེ་བཞིན་དུ་རྨི་ལམ་དུ་སྟོན་ཅིང་ཡིད་ལ་

เล่ม ๙๒ · หน้า 266b

བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལྟ་བས་ན་རིག་སྔགས་འཆང་གིས་ལེགས་པར་བརྟག་ཅིང་སོ་སོར་བརྟགས་ཏེ། སེམས་ཅན་དཀྱིལ་འཁོར་དུ་ཞུགས་པར་བྱའོ། །སྒྲུབ་པ་པོ་བདེན་པར་སྨྲ་བ་དང་། དབང་པོ་ཡང་དག་པར་བསྡམས་པ། སེམས་ཅན་

ཐམས་ཅད་ལ་བྱམས་པ། སེམས་ཅན་ཐམས་ཅད་ལ་བརྩེ་བ་ཅན། གཞན་ལ་ཡང་དག་པར་སྨྲ་བ། ཚིག་བརྟགས་པ་དད་པ་ཅན། གུས་པ་དང་ལྡན་པ་ཉིད། མར་འཛིན་པ། ཕར་འཛིན་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་རྟག་ཏུ་བླ་མ་ལ་གུས་པ་ཉིད་ཀྱི་སེམས་

ཅན་འདི་དག་གཞུག་པར་བྱའོ། །རབ་ཏུ་བག་ཡོད་པ་དང་། རྟག་ཏུ་གཙང་ཞིང་གཙང་སྦྲ་དང་ལྡན་པ་དང་། ཁ་ཟས་ངན་པ་དང་། ལྷག་མ་དང་། འབགས་པ་དང་འདྲེས་པ་དང་། ཁ་གཅིག་ཏུ་བསྲེས་པ་དང་། ཆུང་ཟད་བཀྲུས་པ་དང་། ཆང་དང་། ཤ་དང་། ཀུན་དོང་དང་།

སྒོག་སྐྱ་དང་། ཀེའུ་དང་བསྲེས་པའི་ཁ་ཟས་དག་སྤང་བར་བྱ་ཞིང་། རང་གི་ཁ་འཕྲོ་ཡང་སྤང་བར་བྱའོ། །ལྷག་མ་ནི་རྟག་ཏུ་སྤང་བར་བྱ་སྟེ། འདི་དག་སྒྲུབ་པའི་ཆོ་ག་ལ་དྲན་པར་བྱའོ། །ལག་པ་འབགས་པས་གདོང་ལ་རེག་པར་མི་བྱ། ལྷུང་བཟེད་དོར་བར་མི་བྱའོ། རྟག་

ཏུ་ཁ་མ་ཕྱེད་ཕྱེད་དུ་གཅོད་པ་དང་། མཆོག་ཏུ་འབགས་པ་འདི་དག་ནམ་ཡང་བཟའ་བར་མི་བྱའོ། །གཙང་མས་ཟས་གཙང་མ་བཟའ་ཞིང་ལག་པའི་སོར་མོ་བསྡམས་པས་ཁ་གདོང་ལ་སོགས་པ་ལ་མི་རེག་པར་འདི་དག་ཟ་བ་ཉིད་ནི་མཆོག་ཏུ་མཛེས་ཤིང་བློ་དང་ལྡན་པ་ཡིན་ནོ། །

དེ་ནས་རིག་སྔགས་འཆང་གིས་ལས་ཤིན་ཏུ་ཡོངས་སུ་རྫོགས་པར་བྱས་ཤིང་དཀྱིལ་འཁོར་གྱི་བྱ་བ་ལེགས་པར་རྫོགས་ན་དེ་ལ་ཁྲག་འཛག་པར་མི་འགྱུར་རོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་བརྐྱང་བས་རིག་སྔགས་འཆང་གི་ལག་པ་ནས་བཟུང་

ནས་དཀྱིལ་འཁོར་གྱི་ནང་དུ་འཇུག་པར་མཛད་ཅིང་ཤིན་ཏུ་དྲི་མ་མེད་པར་སྣང་བ་ཞེས་བྱ་བའི་ནོར་བུ་ཉིད་ཀྱི་མགུལ་པ་ནས་བཀྲོལ་ཏེ་རིག་སྔགས་འཆང་གི་མགུལ་དུ་འདོགས་པར་མཛད་དོ། །སྤྱི་བོར་ཕྱག་འཇོག་པར་མཛད་ཅིང་འདི་ལ་སྲས་ཀྱི་ཐུ་བོ་ཞེས་གསུང་ངོ་། །མགུལ་པར་ནོར་

เล่ม ๙๒ · หน้า 267a

བུ་བཅིངས་པ་ཙམ་གྱི་མོད་ལ་དེ་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱིའི་རིགས་ཀྱི་གསང་བའི་དམ་ཚིག་དང་དཀྱིལ་འཁོར་མཐོང་བར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་རིགས་ཐམས་ཅད་དུ་དོན་ཡོད་པའི་རིག་

སྔགས་འཆང་གི་རྒྱལ་པོ་འཁོར་ལོས་སྒྱུར་བར་འགྱུར་རོ། །དོན་ཡོད་པའི་རྒྱལ་པོའི་ཆོ་ག་ཞིབ་མོ་དང་། དཀྱིལ་འཁོར་ཆེན་པོ་རྟག་ཏུ་མངོན་དུ་འགྱུར་ཞིང་རྒྱལ་མཚན་གྱི་རྩེ་མོ་ཉིད་སྨིན་མཚམས་ན་འདུག་པར་འགྱུར་རོ། །རྒྱ་ཆེན་པོ་དྲི་མ་མེད་པར་སྣང་བ་དོན་ཡོད་པའི་ཡེ་ཤེས་རྣམ་

པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་སྟེ། གང་ཏིང་ངེ་འཛིན་རྗེས་སུ་ཐོབ་པས་འཇིག་རྟེན་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་སྟོན་པར་འགྱུར་རོ། །ཕྱག་རྒྱ་དང་། དཀྱིལ་འཁོར་དང་། ཆོ་ག་ཞིབ་མོ་དང་། སྒྲུབ་པ་དང་། དམ་ཚིག་དང་། གསང་

བ་ཐམས་ཅད་ཀྱི་མཐུ་ཆེན་པོ་སྟོན་པར་འགྱུར་རོ། །དོན་ཡོད་པ་ཆེན་པོའི་འཁོར་ལོས་སྒྱུར་བའི་རྣམ་པར་འཕྲུལ་པ་ཐམས་ཅད་སྟོན་པར་འགྱུར་རོ། །དོན་ཡོད་པའི་དམ་ཚིག་གི་བྱིན་གྱིས་བརླབས་དང་། དེ་བཞིན་གཤེགས་པའི་གསང་བའི་དམ་ཚིག་མཐའ་ཡས་པ་ཐོབ་སྟེ། གང་

དམ་ཚིག་ཐོབ་པས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་མཚུངས་པར་ཤེས་པར་འགྱུར་རོ། དེ་བཞིན་གཤེགས་པའི་དམ་ཚིག་མཉམ་པ་ཉིད་ཀྱི་རྣམ་པར་འཕྲུལ་པ་སྟོན་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་དཀྱིལ་འཁོར་གྱི་ཆོ་གའི་བྱ་བ་

ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་སྤྱན་རས་གཟིགས་དབང་ཕྱུག་རིང་བསྲེལ་དང་བཅས་པ་དེ་ཡང་ས་ཕྱོགས་དབེན་པའི་གནས་གཙང་མར་གོས་གཙང་མའི་གདན་བཤམས་ལ་དེའི་སྟེང་དུ་གཞག་པར་བྱའོ། །ཨ་ག་རུའི་བདུག་སྤོས་འབུལ་ཞིང་ཉིན་གཅིག་བཞིན་དུ་ནང་པར་

སྔར་གཞན་མི་སྨྲ་བར་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱ་སྟེ། རིག་སྔགས་ཀྱི་རྒྱལ་པོས་མཆོད་པ་དབུལ་བར་བྱའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་བརྙན་འབར་བར་འགྱུར་ཏེ། ཉིན་གཅིག་བཞིན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་

เล่ม ๙๒ · หน้า 267b

གཟུགས་བརྙན་སྨྲ་བར་འགྱུར། ཚིག་འབྱིན་པར་འགྱུར་རོ། །ད་ལྟར་གྱི་བཞིན་དུ་དེ་ཐམས་ཅད་སྨྲ་བར་འགྱུར་ཏེ། དགེ་བ་དང་། མི་དགེ་བ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་ཐམས་ཅད་སྨྲ་བར་འགྱུར་རོ། །ཚེ་རིང་བའམ། ཚེ་ཡོངས་སུ་ཟད་པ་དེ་

ཐམས་ཅད་སྟོན་ཅིང་སྨྲ་བར་འགྱུར་རོ། །རྒྱལ་པོ་བརྗེ་བའམ། དགྲ་འཐབ་པའམ། ཕ་རོལ་གྱི་དམག་ཚོགས་འཐབ་པའམ། ལོ་ཉེས་པ་དང་། མི་ངས་དང་། དགོན་པ་དང་། ནད་དང་། ན་བ་དང་། གདོན་དང་། གནོད་པ་དང་། འཚེ་བ་དང་། གྲང་བ་དང་། རླུང་དང་

ཚ་བ་དང་། སེར་བ་དང་། ཆོམ་པོའི་འཇིགས་པ་དང་། རྐུན་པོའི་འཇིགས་པ་དང་། གཅན་གཟན་གཏུམ་པོའི་འཇིགས་པ་དང་། སྦྲུལ་གདུག་པའི་འཇིགས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། འབྲས་བུ་འཕེལ་བ་དང་། འབྲུ་འཕེལ་བ་དེ་ཐམས་ཅད་སྨྲ་བར་འགྱུར་ཞིང་

དེའི་ཐབས་ཐམས་ཅད་ཀྱང་རབ་ཏུ་སྟོན་པར་འགྱུར་རོ། །རིག་སྔགས་འཆང་ལ་ཉིན་གཅིག་བཞིན་དུ་ཁྱད་པར་དུ་གྱུར་པ་རྣམ་པ་མང་པོ་རབ་ཏུ་སྟོན་པར་འགྱུར་རོ། །ཁ་ཅིག་ལ་བསྟན་པར་མི་བགྱི་སྟེ། སྡང་སེམས་ཅན་རིག་སྔགས་ཀྱི་གདོལ་པ་རྐུན་མ། བྱས་པ་མི་གཟོ་བ། བརླང་བ།

འཕགས་པའི་དགེ་འདུན་ལ་འཁུ་བ། འཕགས་པའི་དགེ་འདུན་ལ་འཕྲོག་པ། བསླབ་པ་མི་འདོད་པ་དང་ཡང་དག་པར་ལྡན་པ་དེ་དག་གི་ལག་ཏུ་བསྟན་པར་མི་བགྱི། རྣ་བར་བསྒྲགས་པར་མི་བགྱི། སྐྲའི་རྩེ་མོ་ཙམ་དུ་སྣང་བ་ཡང་བསྟན་པར་མི་བགྱིའོ། །ཆོ་ག་ཞིབ་མོ་འདི་ནི་ཡི་གེའི་འབྲུ་

གཅིག་ཙམ་ཡང་བསྟན་པར་མི་བགྱིའོ། །རྗེས་སུ་འཇུག་པར་མི་བགྱིའོ། །དེ་ནས་རིག་སྔགས་འཆང་དངོས་གྲུབ་མཆོག་ཐོབ་པར་འགྱུར་ཏེ། མཆོག་ཏུ་ཡིད་བརྟན་པ། རྣམ་པར་ཐར་པ་མཆོག་གི་དཀྱིལ་འཁོར་གསང་བ་ཐོབ་པར་འགྱུར་རོ། །གང་གི་དྲུང་ནས་རིག་སྔགས་ཀྱི་རྒྱལ་

པོའི་རིག་སྔགས་ཀྱི་དཀྱིལ་འཁོར་ཆེན་པོ་ལག་ཏུ་འཐོབ་པར་འགྱུར་བ་དེ་ལ་སྟོན་པ་དང་། བླ་མའི་འདུ་ཤེས་བསྐྱེད་པར་བགྱིད། བདག་དང་འདྲ་བར་མཆོད་པ་སྣ་ཚོགས་ཀྱིས་གུས་པར་བགྱིད་ན་བདག་ལ་གུས་པ་དང་བླ་མར་བགྱིས་པ་ལགས། མཆོད་པ་དང་རྗེད་པ་བགྱིད་པ་

เล่ม ๙๒ · หน้า 268a

ལགས་སོ། །དེ་ལྟ་བས་ན་དད་པའི་རྗེས་སུ་འབྲང་བས་བྱམས་པ་བསྒོམས་པ་དང་། སྙིང་རྗེ་བསྐྱེད་པས་དངོས་གྲུབ་ཆེན་པོ་འཐོབ་པར་འགྱུར་རོ། །ཇི་སྟེ་བགྱི་བ་འདི་ལས་འདའ་བར་མི་བགྱིད་པའི་སེམས་ཅན་དེ་ལ་བདག་གིས་རྟག་པར་རྒྱུན་མི་འཆད་པར་དྲན་པ་

དང་། བདག་བརྗོད་པ་ཙམ་གྱིས་རང་གི་ཤིན་ཏུ་ཡོངས་སུ་དག་པའི་རང་གི་ངོ་བོས་བདག་མདུན་ན་མཆིས་པར་བགྱི་ཞིང་ཡིད་ལ་རེ་བ་ཐམས་ཅད་དང་མཆོག་ཡོངས་སུ་རྫོགས་པར་བགྱིའོ། །ཇི་སྟེ་བདག་ཇི་ལྟར་དམ་བཅས་པ་ལས་གཞན་དུ་བགྱིད་ན་བདག་གིས་སངས་རྒྱས་བཅོམ་ལྡན་

འདས་དེ་དག་ལ་བསླུས་པ་ལགས་སོ། །རིག་སྔགས་ཀྱི་གདོལ་པ་རྐུན་མར་གྱུར་པ་ལ་ནི་མི་བགྱིད་དེ། དམ་བཅས་པ་བཞིན་དུ་སྨྲ་བར་མི་བགྱིད་དེ། རིག་སྔགས་འཆང་གིས་རྟག་ཏུ་གཙང་བར་བགྱི། རྟག་ཏུ་འཛུམ་པ་དང་། རྟག་ཏུ་བྱམས་པ་དང་། སྙིང་རྗེ་སྒོམ་པ་ཡིད་

ལ་བགྱིད་ན། དེ་ལ་བདག་གིས་རྟག་ཏུ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་བར་བགྱི། དེ་དགེ་བའི་སྤྱོད་པ་ཐམས་ཅད་དང་ལྡན་པར་བགྱི། དོན་ཡོད་པ་ཡངས་པ་ཆེན་པོའི་དངོས་གྲུབ་རྗེས་སུ་སྩལ་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་

ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བ་ལ། རྒྱ་མཚོའི་དུས་རླབས་ལྟར་ཐམས་ཅད་ཀུན་ཏུ་མཆི་བར་བགྱིའོ། །ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་ཐམས་ཅད་ཡོངས་སུ་ཟད་པར་བགྱི་བའི་སླད་དུ་བདག་དགའ་བས་ཀུན་ཏུ་མཆི་བར་བགྱིའོ། །སེམས་ཅན་

གང་ལ་བྱམས་པ་དང་། སྙིང་རྗེ་མཆིས་པའི་སེམས་ཅན་ཕ་རོལ་དེ་རྣམས་ཀྱི་བསམ་པ་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པར་བགྱིའོ། །དེ་ལྟ་བས་ན་རིག་སྔགས་འཆང་གིས་ཤིན་ཏུ་སྡོམ་པས་བསྡམས་ཤིང་རིག་སྔགས་བརྗོད་པར་བགྱིའོ། །ཡོངས་སུ་གཏོང་པའི་ལག་

པར་བགྱི་ཞིང་སྤར་ཆུམ་པར་མི་བགྱི་སྟེ། ལག་པ་བརྐྱང་བར་བགྱིའོ། །གཏོར་བ་མང་བས་དེ་བཞིན་གཤེགས་པ་དམ་ཚིག་ལ་གནས་པར་བགྱིའོ། །སྔགས་ལེགས་པར་སྤྱད་པར་བགྱི་སྟེ། དོན་ཡོད་པའི་རྒྱལ་པོའི་སྤྱད་པ་བགྱི་ཞིང་རྟག་ཏུ་ཡིད་ལ་བགྱིའོ། །དེ་ནས་བདག་

เล่ม ๙๒ · หน้า 268b

དང་ཆོས་ཀྱི་མཆོག་ལ་དགའ་བ་ཞེས་བགྱིའོ། །རང་གི་གཟུགས་བརྙན་བྱ་བའི་དཀྱིལ་འཁོར་གྱི་ཆོ་གའོ།། །།དེ་ནས་ཁྲོ་བོའི་རྒྱལ་པོ་བཤད་པར་བྱ་སྟེ། དོན་ཡོད་རྒྱལ་པོ་རྨད་བྱུང་ཆེ། །ཀུན་ཏུ་དངོས་གྲུབ་ཐོགས་མེད་ཅིང་། །དཀྱིལ་འཁོར་ཀུན་ལ་དབང་བསྐུར་བ། །སྡང་

བ་ཐམས་ཅད་རབ་ཏུ་འཇོམས། །བདུད་དང་བགེགས་ནི་རྣམ་པར་འཇིག །གནོད་སྦྱིན་སྲིན་པོ་གསང་བ་པ། །འབྱུང་པོ་ཐམས་ཅད་རབ་ཏུ་འབྲོས། །གདོན་གྱི་གཙོ་བོ་སྐྲོད་བྱེད་ཅིང་། །སྡང་བ་ཐམས་ཅད་རབ་ཏུ་འཇོམས། །སྡང་བའི་ཀླུ་རྣམས་རྣམ་འཇིག་ཅིང་། །འཇིགས་

ཕོངས་རྣམས་ལ་མི་འཇིགས་སྩོལ། །རིག་འཛིན་རྣམས་ལ་གྲུབ་སྩོལ་བ། །དོན་ཡོད་ཞགས་པའི་དངོས་གྲུབ་མཆོག །དུས་གསུམ་གཤེགས་པའི་སངས་རྒྱས་སྟོན། །སྤྱི་ཡི་རིགས་ནི་རབ་སྟོན་པ། །དོན་ཡོད་སྤྱི་ཡི་གསང་བ་ནི། །རྟག་ཏུ་གཞན་མིན་སྙིང་པོ་ཉིད། །ཁྲོ་

བོའི་རྒྱལ་པོ་བླ་མེད་པ། །དེ་ནི་བདག་གིས་རབ་ཏུ་བཤད། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྱང་ཆུབ་སེས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་རྒྱལ་པོས་ཁྲོ་བོའི་གཟུགས་སུ་གནས་ཏེ་སྡང་བ་ཐམས་ཅད་འཇིགས་པར་བྱེད་

པར་གྱུར་ཅིང་ལག་ན་ཞགས་པ་ཐོགས་ཏེ་ཁྲོ་བོ་འདི་སྨྲས་སོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་བཛྲ་དྷ་རེ་བྷྱཿ། ཨོྃ་ཙ་ར་ཙ་ར། ཙུ་རུ་ཙུ་རུ། མ་ཧཱ་ཀཱ་རུ་ཎི་ཀ །ཙི་རི་ཙི་རི། བི་རི་བི་རི། མ་ཧཱ་པདྨ་ཧ་སྟ། ཀ་ལ་ཀ་ལ། ཀུ་ལུ་ཀུ་ལུ། མ་ཧཱ་སྠཱ་མ་པྲཱ་པ་ཏེ། ཙ་ར་

ཙ་ར། ཙ་ཙ་ར་ནི་ཤཱ་ཙ་རེ། ཤྭ་ར་ཨེ་ཧྱེ་ཧི། བུདྡྷྱ་བུདྡྷྱ་དྷཱ་བ་དྷཱ་བ། ཀི་ཎི་ཀི་ཎི། པ་ར་མ་ཤུདྡྷ་ས་ཏྭ། ཀ་ར་ཀ་ར། ཀི་རི་ཀི་རི། མ་ཧཱ་པ་ཤུ་པ་ཏི། བེ་ཥ་དྷ་ར། ཧཱ་ཧཱ་ཧཱི་ཧཱི་ཧཱུ་ཧཱུ། ཨོྃ་ཀ་ར་བྲཧྨ་བེ་ཥ་དྷ་ར། ས་ར་ས་ར། བ་ར་བ་ར། བ་ར་ར་ཤྨི་ཤ་ཏ་ས་ཧ་སྲ། པྲ་ཏི་མཎྜི་ཏ།

ཤ་རཱི་རཱ་ཡ། ཛྭ་ལ་ཛྭ་ལ། སུ་རུ་སུ་རུ། མུ་རུ་མུ་རུ། ས་ན་ཏ་ཀུ་མཱ་ར། རུ་དྲ་བིཥྟུ་བཱ་ས་བ། དྷ་ན་དཱ། རྀ་ཥི་ནཱ་ཡ་ཀ། བ་ཧུ་བི་བི་དྷ། བེ་ཥ་དྷ་ར། དྷ་ར་དྷ་ར། ས་མནྟ་ཨ་བ་ལོ་ཀི་ཏ། བི་ལོ་ཀི་ཏ། ལོ་ཀེ་ཤྭ་ར། མ་ཧེ་ཤྭ་ར། མུ་ཡ་མུ་ཡ། མུཉྩ་མུཉྩ། བནྡྷ་བནྡྷ། ཏཱ་

เล่ม ๙๒ · หน้า 269a

ཌ་ན་ཏ་ར་ཛ་ན། རཱ་ཛ་ཏ་སྐ་ར། ཨགྣི་ཨུ་ད་ཀ །པི་ཥ་ཤ་སྟ་བ་རི་མོ་ཙ་ཀ །ཀ་ཎ་ཀ་ཎ། ཙ་ལ་ཙ་ལ། བོ་དྷྱང་ག །ཙ་ཏུ་རཱ་རྱ་ས་ཏྱ་སཾ་པྲ་ཀཱ་ཤ་ཀ །ཏ་མ་ཏ་མ། ས་མ་ས་མ། མ་ས་མ་ས། མ་ཧཱ་ཏ་མོ྅ན་དྷ་ཀཱ་ར། པྲ་ཤ་མན། མི་ལི་མི་ལི། ཨེ་ནེ་པ།

ཙརྨ་པ་རི་ཀ་ར། ཨེ་ཧྱེ་ཧི། མ་ཊ་མ་ཊ། བི་ཤུདྡྷ་བི་ཥ་ཡ། ནི་བཱ་སི་ན། མ་ཧཱ་ཀཱེ་རུ་ཎི་ཀ །ཤྭེ་ཏ་ཡཛྙོ་པ་བཱི་ཏ། རཏྣ་མ་ཀུ་ཊ་མཱ་ལཱ་དྷ་ར། སརྦ་ཛྙཱ་ཤི་ར་སི་ཀྲྀ་ཏ། ཀ་ར་པུ་ཊ། ས་མཱ་དྷྱ་པྲ་ཀཾ་པྱ། ཥཊྤཱ་ར་མི་ཏཱ། པ་རི་པཱུ་ར་ཀ་མ་ཧཱ། སརྦ་ས་ཏྭ་སནྟ་ཏི་བ་རི་པཱ་ཙ་ཀ །སརྦ་མར་དུཥྚ་པྲ་

མརྡ་ཀ །སརྦ་སིདྡྷི་ཨཱ་ཤཱ་པ་རི་པཱུ་ར་ཀ །ཨ་བྷི་ཥིཉྩཾ་ཏུ་མཱ་ན། སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀཻ་ར། བྷ་ག་བཱ་ན། ཨ་མོ་གྷ་རཱ་ཛ་ཧཱུྃ་ཕཊ། ན་མཿསྟུ་ཏེ་སྭཱ་ཧཱ། ཁྲོ་བོའི་རྒྱལ་པོ་དོན་ཡོད་པའི་ཞགས་པའོ། །ཨོྃ་བི་ཀྲྀ་ཏ་དཾ་ཥྚྲེ། ཨ་མོ་གྷ་ས་མ་ཡེ་ཨ་བི་ཥིཉྩཾ་མཱཾ། སརྦ་བི་དྱཱ་ཨ་མོ་གྷ་ཨ་བྷེ་ཥེ་ཀཻར་

ཧཱུྃ་མི་ལི་མི་ལི་སྭཱ་ཧཱ། དེ་ཁྲོ་བོའི་རྒྱལ་པོའི་སྙིང་པོའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དོན་ཡོད་པ་ཆེན་པོའི་སྙིང་པོ་གསུངས་མ་ཐག་ཏུ་དེ་ནས་རི་ཆེན་པོ་པོ་ཊ་ལ་རྣམ་པ་དྲུག་ཏུ་རབ་ཏུ་གཡོ་བར་བརྩམས་ཏེ། ཀླུའི་ཚོགས་ནི་འཁྲུགས་སོ། །ལྷའི་ཚོགས་ཐམས་

ཅད་ནི་དགའ་བར་གྱུར་ཏོ། །སྡང་བའི་གནོད་སྦྱིན་དང་། སྲིན་པོ་དང་། བགེགས་དང་། ལོག་འདྲེན་ནི་འབར་བར་གྱུར་ཏོ། །བདུད་ལ་སོགས་པ་སྡང་བ་ནི་ཡང་དག་པར་རབ་ཏུ་ཞི་བར་འགྱུར་ཏོ། །ངན་སོང་གི་སྡུག་བསྔལ་ཐམས་ཅད་ནི་རབ་ཏུ་ཞིའོ། །དཀྱིལ་འཁོར་གྱི་

ལྷ་ཐམས་ཅད་ནི་མཆོག་ཏུ་དགའ་བར་འགྱུར་རོ། །སྡང་བ་དང་། རབ་ཏུ་སྡང་བ་ཐམས་ཅད་དང་། གདོན་ཐམས་ཅད་ནི་མི་སྣང་བར་གྱུར་ཏོ། །ནད་ཐམས་ཅད་ནི་རབ་ཏུ་ཞིའོ། །རིམས་ཐམས་ཅད་ལས་ནི་རྣམ་པར་གྲོལ་ལོ། །ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ལས་ནི་ཡོངས་སུ་གྲོལ་

ལོ། །མེ་ཏོག་གི་ཆར་ཆེན་པོ་རབ་ཏུ་བབ་སྟེ་དེ་བཞིན་གཤེགས་པ་ལ་མཆོད་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་གྱུར་ཏོ། །དེ་ནས་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་དང་། དཀྱིལ་འཁོར་ལ་བརྟེན་པའི་

เล่ม ๙๒ · หน้า 269b

ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཚིག་གཅིག་ཏུ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་ལེགས་སོ་ལེགས་སོ། །སྙིང་རྗེ་ཆེན་པོ་ཅན་མཆོག་ཏུ་དོན་ཡོད་པའི་རིག་སྔགས་འདི་སྨྲས་ཟིན་གྱིས་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་

དང་། རིགས་སྤྱིའི་དམ་ཚིག་དང་། སྙིང་པོ་དང་། ཁྲོ་བོའི་དེ་ཁོ་ན་ཉིད་གསང་བ་དང་། དཀྱིལ་འཁོར་དང་། སྒྲུབ་པའི་ཆོ་ག་དོན་ཡོད་པའི་རྒྱལ་པོའི་དཀྱིལ་འཁོར་རབ་ཏུ་སྨྲོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་

དོན་ཡོད་པའི་ཞགས་པའི་སྙིང་པོ་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་དེ་བཞིན་གཤེགས་པའི་སྤྱན་སྔར་བཤད་དོ། །དཀྱིལ་འཁོར་གྲུ་བཞི་པ་ཤིན་ཏུ་མཛེས་པ་ཀོ་ལའི་ཚད་ཙམ་ཤིན་ཏུ་རྣམ་པར་མཛེས་པའི་གྲྭ་བཞི་དང་། སྒོ་བཞི་དང་། ཐེམ་སྐས་བཞི་དང་། རྟ་བབས་དང་། མདའི་ཁ་

ཁྱེར་དང་། ཀུན་ནས་རྡོ་རྗེའི་རྣམ་པ་དག་ཀྱང་བྱ་སྟེ། ཚོན་རྩི་སྣ་ཚོགས་རྣམ་པར་མཛེས་པའི་ཐིག་སྐུད་ཀྱིས་དཀྱིལ་འཁོར་ཐིག་གདབ་པར་བྱའོ། །རི་མོ་མཁན་གཙང་མས་སྣོད་སར་པ་དང་པིར་གཙང་མས་དཀྱིལ་འཁོར་དམ་པ་ལེགས་པར་བྲིའོ། །དཀྱིལ་འཁོར་སྙིང་པོ་རྣམ་དབྱེ་བ། །

དབུས་སུ་ལེགས་པ་རྣམ་ཕྱེ་ལ། །ཀུན་ནས་པདྨའི་ཕྲེང་བ་དང་། །རྡོ་རྗེ་མདུང་རྩེ་གསུམ་པ་དགོད། །དབུས་སུ་འཁོར་ལོ་རྟ་བྲི་བ། །ཤིན་ཏུ་བལྟ་སྡུག་འཁོར་ལོ་དགོད། །དབུས་དེར་རྒྱལ་བ་གཞག་པར་བྱ། །ཤཱཀྱའི་རྒྱལ་པོ་དེ་བཞིན་གཤེགས། །གཡས་སུ་ཁྲོ་བོའི་རྒྱལ་པོ་

ཡི། །འཇིག་རྟེན་དབང་ཕྱུག་འདྲེན་པ་པོ། །གཡོན་དུ་རྡོ་རྗེ་འཛིན་བཞག་པ། །རྔ་ཡབ་རྡོ་རྗེ་ལག་ཐོགས་གཞག །དེའི་འོག་ཏུ་འོད་ཟེར་དང་ལྡན་པར་བྱ་བ་ནི་ལྕགས་ཀྱུ་དང་། དགྲ་སྟ་དང་། གོ་ཆ་དང་། དབྱུག་པ་དང་། ཞགས་པ་དང་། དགྲ་སྟ་ལུ་གུ་རྒྱུད་ཅན་དང་། མདུང་

རྩེ་གསུམ་པ་དང་། གླེགས་བམ་མོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འོག་ཏུ་དཀར་ཤམ་ཆེན་མོ་དང་། གོས་དཀར་མོ་དང་། དཀར་མོ་ཆེན་མོ་རལ་པ་ཅན་དང་། དབྱུག་པ་དང་། རིལ་བ་སྤྱི་བླུགས་ཕྱག་ན་ཐོགས་པ་བྱའོ། །དེའི་འོག་ཏུ་སྲིན་མོ་རལ་པ་གཅིག་མ་

เล่ม ๙๒ · หน้า 270a

ཞེས་བྱ་བ་ནི་མཆེ་བ་གཙིགས་པ་འཇིགས་སུ་རུང་ཞིང་མི་སྡུག་པ་སྦྲུལ་སེ་རལ་ཁར་ཐོགས་པ། ཕྱག་བཞི་པ། གཡས་པ་ན་རྡོ་རྗེ་དང་དགྲ་སྟ། གཡོན་པའི་སོར་མོ་གཅིག་ལྷ་མ་ཡིན་དང་ལོག་འདྲེན་ལ་བསྡིགས་ཤིང་ཁྲག་འཛག་པའི་མགོའི་ཅོ་ཏོ་ནས་འཛིན་པ་དང་། ཁྲག་

གི་སྣོད་ཡོངས་སུ་འཛིན་པ། གླང་པོ་ཆེའི་པགས་པ་རློན་པའི་སྟོད་གཡོགས་འཕྱང་བ་དང་། སྨད་གཡོགས་ཅན་བྱའོ། །མཐའི་གྲྭར་པདྨ་དང་རྡོ་རྗེ་བཞག་པ་ནི་འབར་བའི་ཕྲེང་བ་ཅན་ཤིན་ཏུ་བཟང་པོ་གཞག་པར་བྱའོ། །ཤར་ཕྱོགས་ཀྱི་སྒོར་རྡོ་རྗེ་འཇིགས་བྱེད་མིག་དེའི་སྐུ་འབར་

བའི་ཕྲེང་བ་ཅན་གཞག་པར་བྱའོ། །ལྷོ་ཕྱོགས་ཀྱི་སྒོར་ཀི་ལི་ཀི་ལ་ཞེས་བྱ་བའི་རྡོ་རྗེའི་ལོག་འདྲེན་དེ་ཉིད་རྡོ་རྗེ་དང་། དགྲ་སྟ་དང་། ཞགས་པ་ཕྱག་ན་ཐོགས་པར་བྱའོ། །ནུབ་ཕྱོགས་ཀྱི་སྒོར་པདྨ་ཆེན་པོའི་རིགས་མཛེས་མ་ཞེས་བྱ་བའི་ཕོ་ཉ་མོ་བྱ་བ་ནི། ཕྱག་ན་པདྨ་ཐོགས་པར་བྱའོ། །

བྱང་ཕྱོགས་ཀྱི་སྒོར་རྡོ་རྗེ་ཆེན་པོའི་རྩེ་མོ་ཞེས་བྱ་བའི་ཆོ་གས་རྡོ་རྗེ་དང་ཞགས་པ་ཕྱག་ན་ཐོགས་པའོ། །དེ་ནས་འཇུག་པའི་སྒོར་ཙནྡན་གྱི་ཆུ་གུར་གུམ་དང་། གླ་རྩི་དང་། ག་བུར་གྱིས་བསྒོས་པའི་ཆུས་བུམ་པ་བཀང་ལ་རས་དཀར་པོས་དཀྲིས་ཤིང་རྒྱན་གྱིས་བརྒྱན་པ་རིན་པོ་ཆེ་སྣ་

བདུན་ཅན་རྟག་ཏུ་གཞག་པར་བྱའོ། །ཇི་སྙེད་པའི་གཏོར་མ་སྣ་ཚོགས་ཡོངས་སུ་བཤམས་པས་ཀྱང་མཆོད་པར་བྱ། རྣམ་པ་སྣ་ཚོགས་པས་དཀྱིལ་འཁོར་ལེགས་པར་བརྒྱན་པར་བྱའོ། །བདུག་སྤོས་ཀྱིས་བཀང་བ་དང་། མར་མེའི་ཕྲེང་བ་དང་། མེ་ཏོག་དང་། དྲི་དང་།

བྱུག་པས་མཆོད་པར་བྱའོ། །ཇི་སྲིད་འཇུག་གི་བར་དུ་སློབ་མ་རྣམས་ཆོ་གས་བསྲུངས་ལ། དེ་ནས་དོན་ཡོད་པའི་སྙིང་པོ་བཟླས་བརྗོད་བྱ་ཞིང་དོན་ཡོད་པའི་ཁྲོ་བོས་དབང་བསྐུར་བར་བྱའོ། །དབང་བསྐུར་བ་ཙམ་གྱིས་ཀྱང་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་

ཡོངས་སུ་གཟུང་བར་འགྱུར་རོ། །འཇིག་རྟེན་གྱི་མགོན་པོའི་བྱིན་གྱི་རླབས་ཀྱིས། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་དམ་ཚིག་གི་རྗེས་སུ་ཞུགས་པར་འགྱུར་རོ། །དོན་ཡོད་པའི་ཞགས་པའི་རིགས་ཀྱི་དམ་ཚིག་དང་། དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར་རོ། །

เล่ม ๙๒ · หน้า 270b

གང་བསམས་པ་དང་གང་བཅོལ་བ་དེ་ཐམས་ཅད་འབྱོར་བར་འགྱུར་རོ། །དེ་བཞིན་དུ་དམ་ཚིག་ཐམས་ཅད་ཀྱི་རྗེས་སུ་ཞུགས་པར་འགྱུར་རོ། །དམ་ཚིག་དང་། དཀྱིལ་འཁོར་དང་། གསང་སྔགས་དང་། ཕྱག་རྒྱ་དང་། ཆོ་ག་ཞིབ་མོ་ཐམས་ཅད་མངོན་དུ་འགྱུར་རོ། །སྡིག་པ་དང་།

གདུག་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པར་འགྱུར་རོ། །ལྷ་དང་། ལྷ་མ་ཡིན་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། གསང་བ་པ་དང་། རིག་སྔགས་འཆང་གི་གནས་ཕུག་

དྲི་མ་མེད་པ་དང་ནམ་མཁའི་རྗེས་སུ་རྒྱུ་བ་དང་། ཆུ་ན་རྒྱུ་བ་དང་། ནགས་དང་། སྐྱེད་མོས་ཚལ་ན་སྤྱོད་པའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བའི་དྲུག་ཆ་ལ་ཐམས་ཅད་དུ་དབང་དུ་འགྱུར་རོ། །གསང་བ་པ་ཐམས་ཅད་ཀྱང་འདིའི་མངག་གཞུག་པར་འགྱུར་རོ། །གང་ཞིག་དེ་ལ་

མི་ཕན་པར་འདོད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་གང་རིག་སྔགས་འཆང་ལ་མི་ཕན་པར་སེམས་པ་དེ་ཐམས་ཅད་ཀྱི་དེ་དག་གི་གནས་དང་

ལུས་ཉིད་རྣམ་པར་གཞིག་པའི་ཕྱིར་སྡིག་པ་རྣམས་འབབ་པར་འགྱུར་རོ། །དེ་ནས་དངུལ་ལས་ཁྲོ་བོའི་རྒྱལ་པོ་སོར་བཅུ་གཉིས་ཀྱི་ཚད་ཙམ་བྱས་ཏེ། ཤིན་ཏུ་མཛེས་པ། ཤིན་ཏུ་ཚད་དང་ལྡན་པ། ཞལ་གསུམ་པ། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་ཅིང་རྒྱན་ཐམས་ཅད་

ཀྱིས་བརྒྱན་པ། རྒྱལ་བ་འོད་དཔག་ཏུ་མེད་པའི་དབུ་རྒྱན་ཅན། ཟླ་བ་དབུ་ལ་ཐོགས་པ། ཞལ་དང་པོ་ཁྲོ་བོའི་གཟུགས་གཡོན་པ་དང་གཡས་པ་ཞི་བའི་གཟུགས་ཞལ་ཅུང་ཟད་འཛུམ་པ། སྤྱན་གསུམ་པ། ཕྱག་བཞི་པ། པདྨ་འཛིན་པ། ཞགས་པ་འཛིན་པ། རལ་གྲི་

དང་མདུང་རྩེ་གསུམ་པ་འཛིན་པའོ། །གཡས་སུ་ལྷ་མོ་སྒྲོལ་མ་མེ་ཏོག་འབུལ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །གཡོན་དུ་ལྷ་མོ་རིག་སྔགས་ཀྱི་རྒྱལ་མོ་ནོར་བུ་རིན་པོ་ཆེ་ཆེན་པོ་འབུལ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །འཇིག་རྟེན་དབང་ཕྱུག་གི་

เล่ม ๙๒ · หน้า 271a

ཞབས་ཀྱི་དྲུང་དུ་རིག་སྔགས་འཆང་པུས་མོ་བཙུགས་པ། ལག་ན་པོག་ཕོར་དང་བགྲང་ཕྲེང་ཐོགས་ཏེ་བཅོམ་ལྡན་འདས་ལ་བལྟའོ། །གཟུགས་བརྙན་དེ་ཉིད་ཀྱི་མདུན་དུ་ཙནྡན་དཀར་པོའི་དཀྱིལ་འཁོར་བྱ་ཞིང་གུར་གུམ་གྱིས་མཆོད་པ་བྱའོ། །དཀྱིལ་འཁོར་དེའི་

སྟེང་དུ་ཁྲོ་བོའི་རྒྱལ་པོ་བཞག་སྟེ། དེའི་སྤྱན་སྔར་བཟླས་བརྗོད་སྟོང་ཕྲག་བརྒྱ་བྱའོ། །དེ་ནས་གཟུགས་བརྙན་དེ་འགུལ་ཞིང་གཡོ་བར་འགྱུར། འཆག་པར་འགྱུར། འོད་ཟེར་འབྱུང་བར་འགྱུར། ཚིག་འབྱིན་པར་འགྱུར། ལེགས་སོ་ཞེས་བྱ་བ་སྦྱིན་པར་འགྱུར། ཕྱག་

གཡས་པ་སྤྱི་བོར་འཇོག་པར་འགྱུར། ཡིད་ལ་བསམས་པ་དང་མཆོག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །རིག་སྔགས་འཆང་དེ་ཡང་བདག་ཉིད་འབར་བར་འགྱུར། ནམ་མཁའ་ལ་འཕགས་པར་འགྱུར་ཞིང་དོན་ཡོད་པ་ཡངས་པར་སྣང་བ། དངོས་གྲུབ་དྲི་མ་

མེད་པར་གྲགས་པ་ཞེས་བྱ་བའི་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བར་འགྱུར་རོ། །རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་པོ་རྣམས་ཀྱི་གཙོ་བོ་དང་རྒྱལ་པོར་འགྱུར་རོ། །ཚེ་ལྷའི་བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་གཉིས་

སུ་འགྱུར་རོ། །བསྐལ་པའི་མཇུག་རྫོགས་ཏེ་དེ་ཉིད་ཀྱི་མཚན་མོ་འདས་པ་དང་། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཇི་ལྟར་བདེ་བ་ཅན་བཞིན་དུ་འཇིག་རྟེན་གྱི་ཁམས་འདི་གཞལ་མེད་ཁང་གི་རྣམ་པར་འཕྲུལ་བར་འགྱུར་ཞིང་ཚེའི་ཚད་བསྐལ་པ་དཔག་ཏུ་

མེད་པར་འགྱུར་རོ། །དོན་ཡོད་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། ཆོ་ག་ཞིབ་མོ་ཐམས་ཅད་ཀྱི་ཆོས་སྟོན་པར་འགྱུར་རོ། །དེའི་འོག་ཏུ་འཇིག་རྟེན་པའི་སྒྲུབ་པ་ནི་དེ་ཉིད་ཀྱི་སྤྱན་སྔར་བཟླས་བརྗོད་བརྒྱད་སྟོང་བྱའོ། །བཟླས་བརྗོད་རྫོགས་པའི་

མོད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁྲོ་བོའི་རྒྱལ་པོ་རང་གི་གཟུགས་ཀྱིས་མདུན་ན་བཞུགས་པར་འགྱུར་ཏེ། འཇིག་རྟེན་པའི་ཆོ་ག་ཞིབ་མོ་དང་། གསང་སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ཐམས་ཅད་དང་། མིག་འཕྲུལ་དང་། བཞད་

เล่ม ๙๒ · หน้า 271b

གད་དང་། ཕུར་པས་གདབ་པ་དང་། བསྲེག་པ་དང་། འཕང་བ་དང་། གསད་པ་དང་། དབང་དུ་བྱ་བ་དང་། སྒྱུ་མ་བསྟན་པ་དང་། བདག་བསྲུང་བ་དང་། གཞན་བསྲུང་བ་དང་། མི་སྣང་བའི་ཆོ་ག་སྨྲ་བ་དང་། ནོར་བསྒྱུར་བ་སྨྲ་བ་དང་། ས་གཞི་སྨྲ་བ་དང་། རྒྱུ་བ་

དང་། ནམ་མཁའ་ལ་འགྲོ་བ་དང་། ཆུ་རྒལ་བ་དང་། མེ་དང་། ཆུ་དང་། དུག་དང་། མཚོན་ཆ་ལས་རྒལ་བ་དང་། རྨོངས་བྱེད་དང་། རྨུགས་བྱེད་དང་། རེངས་བྱེད་དང་། བཅིང་བ་དང་། རྒྱ་མཚོ་ཆེན་པོ་བསྐྱོད་པ་དང་། རོ་ལངས་བསླང་བ་དང་། ཤི་བ་གསོ་བ་དང་།

ཟླ་བ་དང་ཉི་མ་དབབ་པ་དང་། དགུག་པ་དང་། བདེན་པ་བསྟན་པ་དང་། ནད་ལ་སོགས་པ་ཐམས་ཅད་རབ་ཏུ་ཞི་བ་དང་། དགོས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །གནོད་སྦྱིན་དགུག་པ་དང་། འབྱུང་པོ་དགུག་པ་དང་། ཀླུ་དང་ལྷ་དགུག་པ་དང་། བུད་

མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དགུག་པ་དང་། བཏང་བ་དང་། དགོས་པ་ལ་སོགས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །དྲན་པ་ཙམ་གྱི་མོད་ལ་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། ལས་ཐམས་ཅད་བྱེད་པར་འགྱུར་རོ། །བཀླགས་པ་ཙམ་གྱིས་ལས་

དང་། དངོས་གྲུབ་དང་། སྒྲུབ་པ་ཐམས་ཅད་སྟོན་པར་འགྱུར། ཕྱིར་རྒོལ་བ་དང་། དགྲ་དང་། ཕ་རོལ་གྱི་དམག་ཚོགས་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། སྡང་བའི་སེམས་ཅན་ཐམས་ཅད་ཕྱིར་ཟློག་པར་འགྱུར་རོ། །དྲན་པ་ཙམ་གྱིས་མཆོག་

ཏུ་འགྲུབ་པར་འགྱུར་ཏེ། སྐལ་བ་ངན་པ་དང་། ནོར་ཆུད་ཟ་བ་དང་། མི་འགྲུབ་པ་དང་། སྡིག་པའི་རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། སྒྲིབ་པ་དང་། སྡིག་པ་གཞིག་པར་བྱ་བ་ལ་མཆོག་ཏུ་གྲུབ་པ་ཡིན་ནོ། །ཁྲོ་བོའི་རྒྱལ་པོའི་ཞབས་ནས་བཟུང་

སྟེ། བཟླས་བརྗོད་སྟོང་རྩ་བརྒྱད་བྱས་ན་སྔོན་བསགས་པའི་བསོད་ནམས་དང་སྐལ་བ་མངོན་དུ་འགྱུར་ཏེ། ཚེའི་མཐར་ཐུག་གི་བར་དུ་དཔལ་ཆེན་པོ་དང་། ཆེ་བ་ཉམས་སུ་མྱོང་བར་འགྱུར་རོ། །ཞལ་དུ་བལྟས་ཏེ་བཟླས་བརྗོད་སྟོང་རྩ་བརྒྱད་བྱས་ན་དབང་ཕྱུག་ཆེན་པོའི་དངོས་

เล่ม ๙๒ · หน้า 272a

གྲུབ་ཐོབ་པར་འགྱུར་རོ། །རྐེད་པའི་གནས་ནས་བཟུང་སྟེ། བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ན་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་འགྱུར། རྒྱལ་པོ་བཙུན་མོ་དང་། འཁོར་དང་བཅས་པ་རྣམས་དབང་དུ་གྱུར་ནས་གནས་ཏེ། བདག་ཉིད་དང་ནོར་གྱིས་ཇི་སྲིད་འཚོའི་བར་

དུ་ཉེ་བར་གནས་པར་འགྱུར་རོ། །ཅོད་པན་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ། ཁྲོ་བོའི་རྒྱལ་པོའི་དབུ་ལ་བཅིངས་ན་ངེས་པར་དབང་བསྐུར་བ་འཐོབ་པར་འགྱུར་ཏེ། འདི་ལ་ཐེ་ཙོམ་དང་ཡིད་གཉིས་བསྐྱེད་པར་མི་བྱའོ།། །།འཕགས་པ་དོན་ཡོད་པའི་ཞགས་

པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་ཉི་ཤུ་གཅིག་པ། དེ་ནས་ཕྱག་ན་རྡོ་རྗེ་དོན་ཡོད་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་གྱི་འཁོར་གྱི་དཀྱིལ་འཁོར་དེར་ནམ་མཁའ་ལས་བབས་ནས། འཁོར་གྱི་དཀྱིལ་འཁོར་ཆེན་པོའི་མདུན་དུ་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་དང་།

བཀུར་སྟི་མངོན་དུ་བྱས་ཏེ། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཕྱག་འཚལ་ཏེ་སོང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་

སྤྱན་རས་གཟིགས་དབང་ཕྱུག་གང་ན་བ་དེ་ལོགས་སུ་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལྷ་རྫས་ཀྱི་མཆོད་པ་ཆེན་པོས་མཆོད་པ་བྱས་སོ། །མེ་ཏོག་དང་། བདུག་སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་

དང་། གོས་དང་། རྒྱན་དང་། ལྷབ་ལྷུབ་དང་། སིལ་སྙན་དང་། ཕེག་རྡོབ་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་ནས་ལན་བདུན་བསྐོར་བ་བྱ་བ་བྱས་སོ། །རི་པོ་ཊ་ལའི་གཞལ་མེད་ཁང་ན་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་

མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་གིས་ཀྱང་མཆོད་པ་བྱས་སོ། །དཀྱིལ་འཁོར་གྱི་ལྷ་དེ་དག་ལ་ཡང་མཆོད་པ་བྱས་སོ། །འཁོར་ཆེན་པོ་དེ་དག་ལ་ཡང་མཆོད་པ་བྱས་སོ། །ལྷན་ཅིག་ལྷགས་པའི་འཁོར་དེ་དག་ཐམས་ཅད་ལ་ཡང་མཆོད་པ་དང་།

เล่ม ๙๒ · หน้า 272b

མངོན་དུ་བསྟོད་པ་དང་། ཕྱག་བྱས་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་ཡུད་ཙམ་ཞིག་ཅང་མི་སྨྲ་བར་འདུག་པར་གྱུར་ཏོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་འགྱིང་བག་ཅན། བརྗིད་བག་གི་བགྲོས་ཀྱིས་ལངས་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་

སུ་སོང་སྟེ་ཕྱིན་ནས་རྡོ་རྗེ་གསོར་ཞིང་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཕགས་པ་

སྤྱན་རས་གཟིགས་དབང་ཕྱུག་གི་དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོ་འདི་ཤིན་ཏུ་ཟབ་པ། ཤིན་ཏུ་རྟོགས་པར་དཀའ་བ། རྒྱ་མཚོ་ཆེན་པོ་ལྟ་བུར་ཤིན་ཏུ་ཟབ་པ། རི་རབ་ཆེན་པོ་ལྟ་བུར་ཤིན་

ཏུ་མི་གཡོ་ཞིང་མི་སྒུལ་བ། མཆོག་ཏུ་རྙེད་པར་དཀའ་བ་ཤིན་ཏུ་གཟུང་བར་དཀའ་བའི་ཕྱག་རྒྱ་མང་པོ་དང་། གསང་སྔགས་མང་པོ་དང་། དཀྱིལ་འཁོར་སྒྲུབ་པ་མང་པོ་དང་། རི་མོའི་སྐུ་གཟུགས་བྲི་བ་མང་པོ་དང་། སྒྲུབ་པ་གསང་བ་རྣམ་པ་མང་པོ་དང་། དེ་བཞིན་གཤེགས་པའི་རྣམ་པར་

འཕྲུལ་བ་མང་པོ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ་དོན་ཡོད་པ་བཀླགས་པས་འགྲུབ་པར་འགྱུར་བ་མང་པོ་ལ་བཅོམ་ལྡན་འདས་བདག་མཆོག་ཏུ་ཡ་མཚན་དུ་གྱུར་ན་ཇི་ལྟར་བསྒྲུབ་པར་རྡོ་ཐོགས། ཇི་ལྟར་ངེས་པར་གཟུང་བར་རྡོ་ཐོགས་ལགས།

གསང་སྔགས་ཐ་དད་པ་དང་། ཕྱག་རྒྱ་ཐ་དད་པ་དང་། དཀྱིལ་འཁོར་སྒྲུབ་པ་ཐ་དད་པ་དང་། རས་ཀྱི་རི་མོའི་སྐུ་གཟུགས་ཐ་དད་པ་དང་། གཏོར་མ་ཐ་དད་པ་དང་། མེ་ཏོག་དང་། བདུག་སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། མཆོད་ཡོན་དང་། ཞབས་བསིལ་

དང་། སྤྱན་དྲང་བ་དང་གཤེགས་སུ་གསོལ་བ་དང་། དགུག་པ་དང་། དམ་ཚིག་དང་། ཁྲུས་དང་། སྨྱུང་བ་དང་། ཕྱག་རྒྱ་བཅིང་བ་དང་། རབ་ཏུ་འཇུག་པ་དང་། བཟླས་བརྗོད་དང་། སྦྱིན་སྲེག་དང་། སླར་གཤེགས་སུ་གསོལ་བའམ། ངེས་པར་བཟུང་བའམ། དྲན་པར་བགྱི་

เล่ม ๙๒ · หน้า 273a

བར་རྡོ་ཐོགས། བཅོམ་ལྡན་འདས་རྨོངས་པ་ཆེན་པོ་སེམས་ཀྱི་སྤྱོད་པ་རྨུགས་པར་གྱུར་པའི་རིགས་ཀྱི་བུ་རྣམས་མ། རིགས་ཀྱི་བུ་མོ་རྣམས་སམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དགེ་སྦྱོང་ངམ། བྲམ་ཟེའམ། རྒྱལ་རིགས་

སམ། རྗེའུ་རིགས་སམ། དམངས་རིགས་ཀྱིས་རིག་སྔགས་འཆང་དེ་རྣམས་ཀྱི་དོན་ཡོད་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་འདི་ངེས་པས་གཟུང་བར་ཇི་ལྟར་རྫོ་ཐོགས། རིག་སྔགས་འཆང་དེ་རྣམས་ཀྱིས་ཇི་ལྟར་བསྒྲུབ་པར་རྔོ་ཐོགས། བཅོམ་ལྡན་འདས་བདག་གི་སྙིང་ལ་མཆོག་ཏུ་ཡ་མཚན་སྐྱེས་པ་

དེ་དག་བཅོམ་ལྡན་འདས་ཀྱིས་ཐེ་ཚོམ་བཅད་པའི་སླད་དུ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཐེ་ཙོམ་བཅད་པའི་སླད་དུ་ཞུས་པ་ལུང་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་

སྩལ་ཏོ། །ལག་ན་རྡོ་རྗེ་དངོས་གྲུབ་ཀྱི་སྤྱོད་པ་གསང་བ་རྣམ་པ་སྣ་ཚོགས་གསང་སྔགས་འཆང་སྒྲུབ་པ་པོ་བསྒྲུབ་པ་ལ་གང་གི་ཚེ་དངོས་གྲུབ་ལས་དབུགས་ཕྱུང་བ་དེའི་ཚེ་བློ་གྲོས་ཆེན་པོའི་ཆེན་པོར་འབོགས་པར་འགྱུར། དངོས་གྲུབ་ཆེན་པོའི་ཆེན་པོ་འགྲུབ་པར་འགྱུར། བསོད་ནམས་ཀྱི་ཕུང་པོ་

ཆེན་པོའི་ཆེན་པོ་རབ་ཏུ་སྐྱེ་བར་འགྱུར། དགེ་བའི་རྩ་བ་ཆེན་པོའི་ཆེ་པོ་དང་ལྡན་པར་འགྱུར། ཕ་རོལ་ཏུ་ཕྱིན་པ་དྲུག་གི་དངོས་གྲུབ་ཆེན་པོའི་ཆེན་པོ་འཐོབ་པར་འགྱུར། ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་དངོས་གྲུབ་གང་གིས་བསྒྲུབ་པའི་ཆོ་གའི་བསྒྲུབ་པའི་ཆོ་གའི་དངོས་གྲུབ་འཐོབ་པར་

འགྱུར་བའི་དངོས་གྲུབ་དམ་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་གང་ལ་ཡུངས་ཀྱི་འབྲུ་ཙམ་གྱི་བྱང་ཆུབ་ཀྱི་ས་བོན་གྱི་འབྲས་བུ་ཐོབ་པ་ཡོད་པ་དེ་ལ་ལག་ན་རྡོ་རྗེ་དངོས་གྲུབ་དམ་པ་མཆོག་ཏུ་འགྱུར་རོ། །ལག་ན་རྡོ་རྗེ་རིགས་ཀྱི་བུའམ། རིགས་

ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དགེ་སྦྱོང་ངམ། བྲམ་ཟེའམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། གཞན་གང་ཡང་རུང་བ་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་གང་གི་

เล่ม ๙๒ · หน้า 273b

ལག་ཏུ་དེ་བཞིན་གཤེགས་པའི་སྐུའི་རིག་བསྲེལ་ཡུངས་ཀར་གྱི་འབུམ་ཙམ་གཅིག་ཐོབ་པར་གྱུར་ལ་དེས་རིང་བསྲེལ་དེ་ཟ་མ་ཏོག་གི་ནང་དུ་བཅུག་སྟེ་ཉིན་གཅིག་བཞིན་དུ་མཆོད་པ་དང་། དཀྱིལ་འཁོར་དང་། ཁྲུས་ལ་སོགས་པ་བྱེད་ཅིང་བདུག་པ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་།

ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་མཆོད་པ་བྱེད་ན་ལག་ན་རྡོ་རྗེ་རིག་སྔགས་འཆང་དེ་དངོས་གྲུབ་དམ་པ་དང་། མཆོག་དང་། བླ་ན་མེད་པ་འཐོབ་པར་འགྱུར་རོ། །གང་དང་གང་དུ་དགོས་པར་སྦྱར་བ་དེ་དང་དེ་དངོས་གྲུབ་ཆེན་པོ་མཆོག་ཏུ་འགྱུར་

རོ། །རིང་བསྲེལ་ཡུངས་ཀར་གྱི་འབྲུ་ཙམ་ཞིག་ལ་མཆོད་པ་བྱས་པ་དེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། བྲམ་ཟེའམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། གཞན་བུད་མེད་དམ། སྐྱེས་པའམ། ཁྱེའུའམ། བུ་མོ་དེ་དག་

གིས་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་ལ་སྐད་ཅིག་གཅིག་གིས་མཆོད་པ་བྱས་པར་འགྱུར། རྗེད་པ་དང་། གུས་པ་དང་། བསྟོད་པ་དང་། ཕྱག་བྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་དག་གི་དྲུང་དུ་དགེ་བའི་རྩ་བ་བསྐྱེད་

པར་འགྱུར། དེ་དག་གི་དྲུང་དུ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་དག་གི་དྲུང་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གཞན་གང་སུ་ཡང་རུང་བ།

དགེ་སྦྱོང་ངམ། བྲམ་ཟེའམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། སྐྱེས་པའམ། བུད་མེད་དམ། ཁྱེའུ་འམ། བུ་མོ་དེ་དག་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་

ལུང་བསྟན་པར་འགྱུར་རོ། །ཤེས་རབ་དང་། ཐབས་ལ་མཁས་པའི་དགེ་བའི་རྩ་བ་དཔག་ཏུ་མེད་པར་འགྱུར་རོ། །རིག་སྔགས་འཆང་ཆེན་པོའི་དངོས་གྲུབ་དཔག་ཏུ་མེད་པར་འགྱུར་རོ། །དོན་ཡོད་པའི་ཆོ་ག་ཞིབ་མོའི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་ཀྱི་དངོས་གྲུབ་དཔག་

เล่ม ๙๒ · หน้า 274a

ཏུ་མེད་པ་འཐོབ་པར་འགྱུར་རོ། །དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོའི་རིག་སྔགས་རིམ་པར་ཕྱེ་བའི་དངོས་གྲུབ་དཔག་ཏུ་མེད་པ་འཐོབ་པར་འགྱུར་རོ། །ལག་

ན་རྡོ་རྗེ་དེ་ལྟར་རིང་བསྲེལ་ཡུངས་ཀར་གྱི་འབྲུ་ཙམ་ཞིག་ལ་མཆོད་པ་བྱེད་པ་དེ་ཡོན་ཏན་ཆེན་པོའི་ཆེན་པོར་བརྗོད་པའི་རྣམ་པར་འཕྲུལ་པའི་བྱིན་གྱི་རླབས་ཀྱི་རྫུ་འཕྲུལ་གྱི་ཏིང་ངེ་འཛིན་འཐོབ་པར་ཡང་དག་པར་འགྱུར་རོ། །དེ་ལྟར་དངོས་གྲུབ་ཆེན་པོའི་ཆེན་པོ་འཐོབ་པར་འགྱུར་རོ། །དེ་ལྟ་མོད་

ཀྱི་ལག་ན་རྡོ་རྗེ་ཁྱོད་སོང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཡོངས་སུ་དྲིས་ཤིག་དང་། དྲིས་པ་དེའི་ལན་ལྡོན་པར་འགྱུར་རོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དགའ་བ་དང་། མགུ་བ་དང་། ཡི་རངས་པ་

དང་། རབ་ཏུ་དགའ་བ་དང་། དགའ་བ་དང་། ཡིད་བདེ་བ་བསྐྱེད་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་པོས་ཕྱག་འཚལ་ཏེ། སོང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གང་ན་བ་དེ་ལོགས་སུ་སོང་སྟེ་ཕྱིན་ནས། བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ལན་གསུམ་བསྐོར་བ་བྱས་ནས་བཞིན་འཛུམ་པ་དང་། གདོང་ཁྲོ་གཉེར་མེད་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མིག་མི་འཛུམས་པར་ལྟ་

ཞིང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་འདུག་ནས་རྡོ་རྗེ་གསོར་ཞིང་གདོང་དུ་བལྟས་ཏེ་རྟོག་ཅིང་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་

སྨྲས་སོ། །ལག་ན་རྡོ་རྗེ་ཁྱོད་མི་གཡོ་བར་མདུན་དུ་འདུག་སྟེ་རྡོ་རྗེ་གསོར་ཞིང་ལ་ཅི་ཞིག་བལྟ། ཅི་ཞིག་ཡོངས་སུ་དྲི་བར་འདོད། ཅི་ཞིག་གསོལ་བ་འདེབས་པར་འདོད། ལག་ན་རྡོ་རྗེ་དེ་ང་ལ་སྨྲོས་ཤིག །ལག་ན་རྡོ་རྗེ་ཁྱོད་ལ་སྐབས་ཕྱེའི་ཡོངས་སུ་དྲིས་ཤིག་དང་། དྲིས་པ་དེ་

เล่ม ๙๒ · หน้า 274b

ཐམས་ཅད་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་

མོ་ཤིན་ཏུ་རྟོགས་པར་དཀའ་བ་ཤིན་ཏུ་ཟབ་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་གསང་སྔགས་མང་པོ་དང་། ཕྱག་རྒྱ་མང་པོ་དང་། དཀྱིལ་འཁོར་སྒྲུབ་པ་མང་པོ་དང་། རས་ཀྱི་སྐུ་གཟུགས་བྲི་བ་མང་པོ་ཡོངས་སུ་བསྒྲགས་པ་འདི་

བཅོམ་ལྡན་འདས་ཇི་ལྟར་ངེས་པར་གཟུང་བར་ནུས། དངོས་གྲུབ་ཇི་ལྟར་ཤེས་པར་བགྱི། རྒྱ་མཚོ་ཆེན་པོ་ལྟར་ཟབས་ཆེ་བ། རི་རབ་དང་མཚུངས་པར་མི་གཡོ་བ། ནམ་མཁའ་ལྟར་མཐའ་ཐུག་པ་མ་མཆིས་པ། ཤིན་ཏུ་རྟོགས་པར་དཀའ་བ། འདི་ཇི་ལྟར་ཤེས་པར་བགྱི། གནས་

ནི་གང་། འགྲོ་བ་ནི་གང་། འབྱུང་བ་ནི་གང་། སྒྲུབ་པའི་གནས་ནི་གང་། དངོས་གྲུབ་དམ་པའི་གནས་ནི་གང་། སྔ་མ་ནི་གང་། ཕྱི་མ་ནི་གང་། དབུས་ནི་གང་། ཐ་མ་ནི་གང་ལགས། མང་དུ་ཡོངས་སུ་ཞུའོ། །དཀྱིལ་འཁོར་དང་ཕྱག་རྒྱ་རིམ་པར་ཕྱེ་བ་དང་གསང་སྔགས་དང་སྒྲུབ་

པའི་ཆོ་ག་དང་། དམ་ཚིག་སོ་སོ་ཐ་དད་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དོན་ཡོད་པའི་རྒྱལ་པོ་ཆེན་པོའི་ཆོ་ག་ཞིབ་མོ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་ཆེན་པོ་རིམ་

པར་ཕྱེ་སྟེ་རྗེས་སུ་གཟུང་བ་དེ་ངེས་པར་གཟུང་བར་ཇི་ལྟར་ནུས། བཅོམ་ལྡན་འདས་བདག་གི་ཐེ་ཙོམ་ཆེན་པོ་དང་། མཆོག་ཏུ་ངོ་མཚར་དུ་གྱུར་པ་དེ་ཐུགས་རྗེ་ཆེན་པོས་བདག་ལ་བཀའ་སྩལ་དུ་གསོལ། ཇི་ལྟར་གྲུབ་ན་ཕྱག་རྒྱ་དང་། གསང་སྔགས་དང་བཅས་པའི་དཀྱིལ་འཁོར་རིམ་

པར་ཕྱེ་བ་དང་། རས་ཀྱི་རི་མོའི་ཆོ་ག་མཐའ་དག་ངེས་པར་གཟུང་བར་འགྱུར་བ། ཐེ་ཙོམ་བཅད་པའི་སླད་དུའོ། །སེམས་དཔའ་ཆེན་པོས་བཀའ་སྩལ་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གནོད་སྦྱིན་གྱི་སྡེ་དཔོན་

เล่ม ๙๒ · หน้า 275a

ཆེན་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ལག་ན་རྡོ་རྗེ་ཡུན་རིང་པོ་ཞིག་ནས་སྤོབས་པ་གང་ཞིག་སྐྱེས་ཏེ། ང་ལ་ཡོངས་སུ་འདྲི། ལག་ན་རྡོ་རྗེ་ཉོན་ཅིག་དང་བཤད་པར་བྱའོ། །གང་ཡང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སངས་རྒྱས་བཅོམ་ལྡན་འདས་ནི་

ཁ་དོག་གཅིག་པ། རྟགས་གཅིག་པ། ཆོས་གཅིག་ལ་ཞུགས་པ། དབྱིངས་དང་ཁམས་དང་། སྙིང་པོ་གཅིག་པ། སངས་རྒྱས་འབྱུང་བ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་གཅིག་པའོ། །དེ་ལྟ་མོད་ཀྱི་ལག་ན་རྡོ་རྗེ་གང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་དག་ནི་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་ཉིད་དང་། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་དང་། སྐུ་ཚེའི་འདུ་བྱེད་སྣ་ཚོགས་པ་ཉིད་དང་། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་སྣ་ཚོགས་པ་ཉིད་དང་། ལུང་བསྟན་པ་སྣ་ཚོགས་པ་ཉིད་དང་། ཉན་ཐོས་

དང་རང་སངས་རྒྱས་ཀྱི་དགེ་འདུན་སྣ་ཚོགས་པ་ཉིད་དང་། བྱང་ཆུབ་སེམས་དཔའི་ཚོགས་སྣ་ཚོགས་པ་ཉིད་དང་། གཞན་ཡང་སངས་རྒྱས་ཀྱི་སྐུ་ཐ་དད་པ་ཉིད་དུ་ཡང་དག་པར་ཤེས་སོ། །དེ་ལྟ་མོད་ཀྱི་ལག་ན་རྡོ་རྗེ་དེ་བཞིན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་དོན་ཡོད་པའི་

ཞགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་འདི་ཡང་གཅིག་ཉིད་ལས་དེ་ཐམས་ཅད་དུ་རྗེས་སུ་འགྲོའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས་རྣམ་པར་འཕྲུལ་པའི་རྫུ་འཕྲུལ་གྱི་དངོས་གྲུབ་ཀྱི་གནས་དང་།

སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་གནས། བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ལ་ཇི་ལྟ་ཇི་ལྟར་དུལ་བར་བྱེད་པ་དེ་ལྟ་དེ་ལྟར་དངོས་གྲུབ་རྗེས་སུ་འཐོབ་ཅིང་དེ་ལྟ་དེ་ལྟར་བསམ་པ་དག་པ་འཐོབ་པར་འགྱུར་རོ། །དེ་ལྟ་དེ་ལྟར་དགེ་བའི་རྩ་བ་ཆེན་པོས་བསྐྱེད་པར་འགྱུར་རོ། །དེ་ལྟ་

དེ་ལྟར་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་ལྟ་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ། །དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའི་ཡུལ་ལ་རྣམ་པར་འཕྲུལ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ལྡན་པར་འགྱུར་རོ། །

เล่ม ๙๒ · หน้า 275b

དེ་ལྟ་དེ་ལྟར་གཟུངས་དང་། ཏིང་ངེ་འཛིན་ཡོངས་སུ་དག་པར་འཐོབ་པར་འགྱུར་རོ། །དེ་ལྟ་དེ་ལྟར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་དང་། ཉོན་མོངས་པ་སྤོང་བའི་ཏིང་ངེ་འཛིན་དང་། སྤྱན་

རས་གཟིགས་དབང་ཕྱུག་གི་ཏིང་ངེ་འཛིན་དང་། རྣམ་པར་འཐོར་བའི་ཏིང་ངེ་འཛིན་དང་། འོད་ཟེར་རབ་ཏུ་འགྱེད་པའི་ཏིང་ངེ་འཛིན་དང་། དགའ་བ་སྤོང་བའི་ཏིང་ངེ་འཛིན་དང་། སྟོབས་བཀོད་པའི་ཏིང་ངེ་འཛིན་དང་། ཆོས་ལ་རྣམ་པར་བལྟ་བའི་ཏིང་ངེ་འཛིན་དང་། ལག་ན་རིན་ཆེན་ཕྱག་རྒྱའི་

ཏིང་ངེ་འཛིན་དང་། དྲི་མ་མེད་པའི་འབྱུང་གནས་ཀྱི་ཏིང་ངེ་འཛིན་དང་། རྣམ་པར་སྣང་མཛད་ཀྱི་སྙིང་པོའི་ཏིང་ངེ་འཛིན་དང་། ཉི་མ་རབ་ཏུ་གྲོལ་བའི་ཏིང་ངེ་འཛིན་དང་། རིན་པོ་ཆེའི་སྙིང་པོའི་ཏིང་ངེ་འཛིན་དང་། ཟླ་བའི་སྙིང་པོའི་ཏིང་ངེ་འཛིན་དང་། ཀུན་དུ་བལྟ་བའི་འོད་ཟེར་གྱི་ཏིང་ངེ་འཛིན་དང་།

ཆོས་ཀྱི་སྒྲོན་མའི་ཏིང་ངེ་འཛིན་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་གཙུག་ལ་རྣམ་པར་བལྟ་བའི་ཏིང་ངེ་འཛིན་དང་། ཡུལ་ལ་རྣམ་པར་འཕྲུལ་པ་ཀུན་དུ་བཀོད་པའི་ཏིང་ངེ་འཛིན་དང་། སྒྲོན་མ་འབར་བའི་ཏིང་ངེ་འཛིན་དང་། ཆགས་པ་མེད་པའི་ཏིང་ངེ་འཛིན་དང་། ཕྱིར་མི་ལྡོག་པའི་

འབྱུང་གནས་ཀྱི་ཏིང་ངེ་འཛིན་དང་། ཟླ་བ་རྫོགས་པའི་ཏིང་ངེ་འཛིན་དང་། ཤིན་ཏུ་རབ་ཏུ་གནས་པའི་ཏིང་ངེ་འཛིན་དང་། ཤིན་ཏུ་རབ་ཏུ་སངས་རྒྱས་པའི་ཏིང་ངེ་འཛིན་དང་། འགྲོ་བ་ཡོངས་སུ་དག་པའི་ཏིང་ངེ་འཛིན་དང་། ཉི་མ་ཀུན་དུ་ལྟ་བའི་ཏིང་ངེ་འཛིན་དང་། ཡིད་གཉིས་ཡང་དག་པར་འཇོམས་

པའི་ཏིང་ངེ་འཛིན་དང་། ཀུན་དུ་ཕྱག་རྒྱའི་རྣམ་པའི་ཏིང་ངེ་འཛིན་དང་། ཀུན་ནས་དཀྱིལ་འཁོར་ཡོངས་སུ་དག་པའི་ཏིང་ངེ་འཛིན་དང་། ཕྱག་རྒྱའི་མཚན་ཉིད་ལ་ཀུན་དུ་ལྟ་བའི་ཏིང་ངེ་འཛིན་དང་། དཀྱིལ་འཁོར་ཡོངས་སུ་དག་པ་ཡང་དག་པར་འཛིན་པའི་ཏིང་ངེ་འཛིན་དང་། ཀུན་དུ་ལྟ་བའི་འོད་

ཟེར་གྱི་ཏིང་ངེ་འཛིན་དང་། པདྨ་བཀོད་པའི་ཏིང་ངེ་འཛིན་དང་། དོན་ཡོད་པ་ཀུན་དུ་ལྟ་བའི་ཏིང་ངེ་འཛིན་དང་། དོན་ཡོད་པ་དྲི་མ་མེད་པའི་ཏིང་ངེ་འཛིན་དང་། ཀུན་ཏུ་དོན་ཡོད་པ་དྲི་མ་མེད་པའི་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་དང་། རྒྱ་ཆེན་པོ་དབུགས་འབྱིན་པ་དོན་ཡོད་པ་རིན་པོ་ཆེའི་ཏིང་ངེ་

เล่ม ๙๒ · หน้า 276a

འཛིན་དང་། དཔུང་རྒྱན་གྱི་ཏིང་ངེ་འཛིན་དང་། དཔུང་རྒྱན་རྒྱལ་མཚན་གྱི་ཏིང་ངེ་འཛིན་དང་། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་དང་། སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་ཏིང་ངེ་འཛིན་དང་། དོན་ཡོད་པའི་ལྕགས་ཀྱུའི་ཏིང་ངེ་འཛིན་དང་། པདྨའི་ལྕགས་ཀྱུའི་

ཏིང་ངེ་འཛིན་དང་། དྲི་མ་མེད་པའི་ལྕགས་ཀྱུའི་ཏིང་ངེ་འཛིན་དང་། ཀུན་ནས་འདྲེན་པའི་ལྕགས་ཀྱུའི་ཏིང་ངེ་འཛིན་དང་། དོན་ཡོད་པའི་འོད་ཟེར་གྱི་ལྕགས་ཀྱུའི་ཏིང་ངེ་འཛིན་དང་། ཀུན་དུ་ལྟ་བའི་གཟི་བརྗིད་ཀྱི་ཏིང་ངེ་འཛིན་དང་། རྟོགས་པ་དྲི་མ་མེད་པ་ཐོབ་པའི་ཏིང་ངེ་འཛིན་དང་། ཀུན་དུ་

ལྟ་བ་རབ་ཏུ་གསལ་བའི་ཏིང་ངེ་འཛིན་དང་། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་གྱི་གཙོ་བོ་ལྔ་བཅུ་རྩ་གཉིས་པོ་འདི་དག་འཐོབ་པར་འགྱུར་ཏེ། ཏིང་ངེ་འཛིན་རེ་རེ་ལ་ཡང་འཁོར་བྱེ་བ་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་དེ་ཐམས་ཅད་

རྗེས་སུ་འཐོབ་པར་འགྱུར་རོ། །ལག་ན་རྡོ་རྗེ་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་འཕྲུལ་པ་འདིའི་བྱིན་གྱིས་བརླབས་ཀྱིས་ཀྱང་དོན་ཡོད་པའི་ཞགས་པའི་སྙིང་པོ་ཀློག་པ་དང་། འཆང་བ་དང་། བརྗོད་པ་དང་། སྒྲུབ་པ་དང་། ཕྱག་རྒྱ་འཆིང་བས་ཡོན་ཏན་དེ་དག་འཐོབ་པར་འགྱུར་རོ། །

ལག་ན་རྡོ་རྗེ་དོན་ཡོད་པའི་ཞགས་པའི་སྙིང་པོ་འཆང་བ་དང་། བརྗོད་པ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ཉིན་ལན་གསུམ་མཚན་ལན་གསུམ་དྲན་པར་བྱེད་ན་ལག་ན་རྡོ་རྗེ་སེམས་ཅན་དེ་དངོས་གྲུབ་དོན་ཡོད་པ་འཐོབ་པར་འགྱུར་ཏེ། རྣམ་པར་འཕྲུལ་པ་དོན་ཡོད་པ་དང་། དེ་བཞིན་

གཤེགས་པ་བལྟ་བ་དོན་ཡོད་པ་འཐོབ་པ་དང་། གཟུངས་དོན་ཡོད་པ་འཐོབ་པ་དང་། ཏིང་ངེ་འཛིན་དོན་ཡོད་པ་འཐོབ་པ་དང་། བསོད་ནམས་སོགས་པ་དོན་ཡོད་པ་འཐོབ་པ་དང་། དེ་བཞིན་གཤེགས་པའི་ཡུལ་ལ་རྣམ་པར་འཕྲུལ་པ་དོན་ཡོད་པ་དང་། བྱང་ཆུབ་སེམས་དཔའི་ཡུལ་ལ་

རྣམ་པར་འཕྲུལ་པ་དོན་ཡོད་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱི་རྣམ་པར་འཕྲུལ་པ་དོན་ཡོད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དོན་ཡོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་དོན་ཡོད་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དོན་ཡོད་པ་དང་།

เล่ม ๙๒ · หน้า 276b

ཕྱིར་མི་ལྡོག་པའི་གནས་སུ་འགྲོ་བ་དོན་ཡོད་པ་དང་། བློ་རྒྱས་པ་དོན་ཡོད་པ་དང་། ཤེས་རབ་ཟབ་མོ་རྣམ་པར་འཕྲུལ་པ་དོན་ཡོད་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པ་དོན་ཡོད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་། རིམ་གྲོ་དང་། བླ་མ་དང་། གུས་པར་བྱ་

བ་དོན་ཡོད་པ་དེའི་ཕྱིར་ལག་ན་རྡོ་རྗེ་དོན་ཡོད་པའི་ཞགས་པ་ཞེས་མིང་དུ་གདགས་པ་བྱས་ན་ལག་ན་རྡོ་རྗེ་རིག་སྔགས་འཆང་རྣམས་ལ་ཇི་ལྟར་རྨོངས་པ་སྐྱེ་བར་འགྱུར། སེམས་འཁྲུག་པར་འགྱུར། དྲན་པ་དང་བློ་གྲོས་རྨོངས་པར་འགྱུར་ཏེ། དེའི་གནས་ན་མི་སྣང་ན་སུ་ཞིག་སྨྲ་བར་ནུས། དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་དོན་ཡོད་པ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་གང་ཡིན་པ་དེ་དོན་ཡོད་པ་ཞགས་པའི་མིང་དུ་དམིགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ནི་དོན་ཡོད་པ་སྟེ། ཡེ་ཤེས་དོན་ཡོད་པ་གང་ཡིན་པ་དེ་དོན་ཡོད་པའི་ཞགས་པའི་མིང་དུ་

དམིགས་སོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ་ནི་དོན་ཡོད་པ་སྟེ། སྒྱུ་མ་ལྟ་བུ་གང་ཡིན་པ་དེ་དོན་ཡོད་པའི་ཞགས་པའོ། །ཡེ་ཤེས་གང་ཡིན་པ་དེ་ཞགས་པའོ། །དེ་སྙིང་པོའོ། །སྙིང་པོ་

གང་ཡིན་པ་དེ་དོན་ཡོད་པའི་ཞགས་པའི་སྙིང་པོ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ཞེས་དོན་ཡོད་པའི་ཞགས་པའི་སྙིང་པོའི་མིང་དུ་དམིགས་སོ། །གང་ཡིད་ལ་སེམས་པ་དང་། གང་དོན་དུ་གཉེར་བ་དེ་ཐམས་ཅད་འདྲེན་

པར་འགྱུར། འགུགས་པར་འགྱུར། ལེན་པར་འགྱུར་ཏེ། ཤིན་ཏུ་རིང་པོ་ནས་ཀྱང་ཡེ་ཤེས་ཀྱི་ཞགས་པས་འགུགས་པར་འགྱུར་རོ། ལག་ན་རྡོ་རྗེ་དེ་བས་ན་དེ་དོན་ཡོད་པའི་ཞགས་པའི་སྙིང་པོའི་མིང་དུ་དམིགས་སོ། །ལག་ན་རྡོ་རྗེ་གང་གིས་ཏིང་ངེ་འཛིན་འདི་འཐོབ་པ་དེ་ལ་ཇི་ལྟར་རྨོངས་

པ་སྐྱེ་བར་འགྱུར། བློ་དམན་པར་འགྱུར་ཏེ་གནས་འདི་ནི་མི་སྣང་ངོ་། །ལག་ན་རྡོ་རྗེ་གཞན་ཡང་གཟུངས་ཀྱི་སྒོ་དུ་མ་འཐོབ་སྟེ། གང་གིས་གཟུངས་འཐོབ་པ་དེས་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོ་འདིའི་གསང་སྔགས་མཐའ་དག་རྫོགས་པ་དང་། གསང་སྔགས་དང་། ཕྱག་རྒྱ་

เล่ม ๙๒ · หน้า 277a

དང་། གསང་སྔགས་རིམ་པར་ཕྱེ་བ་དང་། དཀྱིལ་འཁོར་ཁ་ཏོན་ཉིད་དུ་གནས་ཏེ་ཐམས་ཅད་སོ་སོར་ཡང་དག་པར་ཤེས་སོ། །འདི་ལྟ་སྟེ་དོན་ཡོད་པའི་རྒྱ་མཚོ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་ལྕགས་ཀྱུ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་པདྨའི་ལྕགས་ཀྱུ་

ཞེས་བྱ་བའི་གཟུངས་དང་། དོན་ཡོད་པར་རབ་ཏུ་གནས་པ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་རྣམ་པ་སྣང་མཛད་ཀྱི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་དང་། དོན་ཡོད་པ་ལྷུན་པོའི་སྙིང་པོ་ཡངས་པ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་དྲི་མ་མེད་པའི་པདྨ་ཞེས་བྱ་བའི་གཟུངས་དང་།

དོན་ཡོད་པའི་འོད་ཟེར་རབ་ཏུ་སྣང་བ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་རྣམ་པར་འཕྲུལ་པའི་འོད་ཟེར་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་ཕྱག་རྒྱ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་རྡོ་རྗེ་ཞེས་བྱ་

བའི་གཟུངས་དང་། དོན་ཡོད་པ་རབ་ཏུ་གནས་པ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་ཡངས་པ་སྣང་བ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་དངོས་གྲུབ་ཅེས་བྱ་བའི་གཟུངས་དང་། དོན་ཡོད་པ་དྲི་མ་མེད་པའི་འབྱུང་གནས་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་བློ་རྒྱས་པ་ཞེས་

བྱ་བའི་གཟུངས་དང་། དོན་ཡོད་པའི་འབར་བའི་ཕྱག་རྒྱ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་ཉི་མའི་སྙིང་པོ་ཞེས་བྱ་བའི་གཟུངས་དང་། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཀྱིལ་འཁོར་གསང་བ་དོན་ཡོད་པ་ཞེས་བྱ་བའི་གཟུངས་འཐོབ་སྟེ། གང་གིས་

གཟུངས་དེ་རྣམས་ཐོས་པ་ཙམ་གྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བའི་དཀྱིལ་འཁོར་མཐའ་དག་རྫོགས་པ་དང་། གསང་སྔགས་དང་། ཆོ་ག་དང་།

ཆོ་ག་ཞིབ་མོ་རྒྱ་ཆེན་པོ་ཁ་ཏོན་ཏུ་གནས་ཤིང་ཐམས་ཅད་སོ་སོར་ཡང་དག་པར་ཤེས་ཏེ། གང་གིས་མཐུ་འདི་རབ་ཏུ་ཐོབ་པ་ལ་རྨོངས་པ་སྐྱེ་བར་མི་འགྱུར། དྲན་པ་ཉམས་པར་མི་འགྱུར། དྲན་པ་ཞན་པར་མི་འགྱུར། དྲན་པ་རྨུགས་པར་མི་འགྱུར། དྲན་པ་འཁུམས་པར་མི་འགྱུར། དྲན་པ་

เล่ม ๙๒ · หน้า 277b

མི་བརྟན་པར་མི་འགྱུར། དྲན་པ་གཞན་དུ་རྒྱུ་བར་མི་འགྱུར། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། སེར་སྣ་དང་། ཕྲག་དོག་གི་རྗེས་སུ་འགྲོ་བར་མི་འགྱུར། དྲན་པ་སྡིག་པ་ཅན་དུ་མི་འགྱུར། དྲན་པ་འཇིག་རྟེན་པའི་མི་དགེ་བ་བྱེད་པར་མི་འགྱུར་ཏེ། རྟག་ཏུ་བློ་

ཡངས་ཤིང་རབ་ཏུ་གསལ་བར་འགྱུར་རོ། །རྟག་ཏུ་མི་མཉམ་པ་དང་མཉམ་པའི་དྲན་པ་དང་། བློ་རྒྱ་མཚོ་ལྟ་བུར་འགྱུར་རོ། །རྟག་ཏུ་དྲན་པ་ཟབ་ཅིང་རྒྱ་མཚོ་ཆེན་པོ་བསགས་པ་ལྟ་བུར་འགྱུར་རོ། །ལག་ན་རྡོ་རྗེ་དོན་ཡོད་པའི་ཞགས་པའི་སྙིང་པོའི་གཟུངས་ཆོ་ག་ཞིབ་མོའི་རྒྱལ་པོ་དེ་ལྟར་

གོ་སྐབས་ཡངས་པ་ལ་གང་གིས་གཟུངས་འདི་ཐོབ་པ་དེ་ལག་ན་རྡོ་རྗེ་ཇི་ལྟར་དྲན་པ་རྨོངས་པར་འགྱུར། གཞན་ཡང་ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་ལུས་ཡོངས་སུ་དག་པ་དང་། ཡིད་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། མདངས་ཡོངས་སུ་དག་པ་དང་། མིག་

ཡོངས་སུ་དག་པ་དང་། རྣ་བ་ཡོངས་སུ་དག་པ་དང་། སྣ་ཡོངས་སུ་དག་པ་དང་། ལྕེ་ཡོངས་སུ་དག་པ་དང་། དབང་པོ་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ། །དོན་ཡོད་པའི་ཞགས་པའི་སྙིང་པོ་བཀླགས་པ་ཙམ་དང་། མཉན་པ་ཙམ་དང་། མཐོང་བ་ཙམ་དང་། ལྷག་པའི་བསམ་པ་

ཙམ་གྱིས་དེ་རྣམས་ཡོན་ཏན་གྱི་ཕན་ཡོན་ཆེན་པོའི་ཆེན་པོ་འདི་ཐོབ་སྟེ། གང་གིས་མཐུ་འདི་རབ་ཏུ་ཐོབ་པ་དེ་ལག་ན་རྡོ་རྗེ་ཇི་ལྟར་རྨོངས་པ་སྐྱེ་བར་འགྱུར། དེ་ལྟ་མོད་ཀྱི་ལག་ན་རྡོ་རྗེ་ཡུད་ཙམ་ཞིག་སྡོད་ཅིག་དང་། དེ་བཞིན་གཤེགས་པའི་འཁོར་མང་པོའི་དབུས་སུ་ཇི་ལྟར་མངོན་སུམ་

དུ་འགྱུར་བ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བབ་པར་བསྟན་པར་བྱའོ། །དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཆོ་ག་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་གྱི་རྫུ་འཕྲུལ་དམ་པའི་ཡུལ་གྱི་མཐུ་ཆེན་པོའི་ཆེན་པོ་

བསྟན་པར་བྱའོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་ནས་དོན་ཡོད་པའི་ཡོན་ཏན་བཀོད་པའི་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་འདི་དག་དང་། གཟུངས་ཀྱི་སྒོ་འདི་དག་མངོན་

เล่ม ๙๒ · หน้า 278a

སུམ་དུ་ཐོས་ནས་དགའ་བ་དང་། མགུ་བ་དང་། ཡི་རངས་པ་དང་། རབ་ཏུ་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། སྙིང་དགའ་བས་དགའ་བ་ཆེན་པོ་ཉིད་ཐོབ་པར་གྱུར་ནས་སྨྲས་པ། བདག་ལུས་དང་སེམས་ཤིན་ཏུ་སྦྱངས་པས་ཡོངས་སུ་དགའ་བ་ཡིད་ལ་བགྱིད་པས་ངེས་པར་གནས་

པར་བགྱིའོ། །ཡིད་ལ་བགྱིད་པ་མཆོག་ཏུ་དགའ་བ་དང་ངོ་མཚར་དུ་གྱུར་པ་དང་། སོམ་ཉིར་གྱུར་པ་དང་བྲལ་བ་དང་། འགྱོད་པ་མཆིས་པས་གནས་པར་བགྱིའོ། །རྣམ་པར་ཐར་པའི་དཀྱིལ་འཁོར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ། འཕགས་པ་སྤྱན་རས་གཟིགས་

དབང་ཕྱུག་གི་དོན་ཡོད་པའི་ཞགས་པའི་སྙིང་པོའི་མཐུའི་རྣམ་པར་འཕྲུལ་པ་འདི་ནི་མཆོག་ཏུ་རྙེད་པར་དཀའ་བའོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དྲི་མ་མེད་པར་ཀུན་ཏུ་སྣང་བའི་ནོར་བུ་རིན་པོ་ཆེ་

ཆེན་པོ་ཆོས་ཀྱི་དགའ་བར་ཕུལ་ནས་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ནས། ལན་གསུམ་བསྐོར་བ་བྱས་ནས་སོང་སྟེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་ཅིང་འགྱིང་བག་དང་། བརྗིད་བག་གི་འགྲོས་ཀྱིས་སོང་ནས་རང་གི་སྟན་ལ་འདུག་སྟེ། བཞིན་འཛུམ་པས་བཅོམ་ལྡན་འདུས་ཀྱི་ཞལ་དུ་བལྟས་

ནས་སྙིང་ཡོངས་སུ་དགའ་བས་བཅོམ་ལྡན་འདས་ལ་རྟོག་ཅིང་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ངོ་མཚར་མཆོག་ཏུ་རྨད་དུ་བྱུང་བ་སྙིང་རྗེ་དམ་པ་རྒྱ་ཆེན་པོའི་ལྷག་པའི་བསམ་པའི་དམིགས་པས་སེམས་ཅན་ཐམས་ཅད་བསྒྲལ་

བའི་ཕྱིར་འོད་ཟེར་དྲི་མ་མེད་པར་སྣང་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕུལ་ཏེ་ནམ་མཁའ་ལ་འཕགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ནོར་བུ་རིན་པོ་ཆེ་དེ་ནམ་མཁའི་དཀྱིལ་དུ་

འཕགས་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆེར་གཡོས་པར་གྱུར་ཏོ། །འོད་ཟེར་གྱི་སྣང་བ་ཆེན་པོ་ཉི་མ་བྱེ་བ་བརྒྱ་སྟོང་བས་ལྷག་པའི་འོད་ཟེར་བྱུང་བར་གྱུར་ཏོ། །སྣང་བ་གང་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་རེག་པ་ཙམ་གྱིས་སྡིག་

เล่ม ๙๒ · หน้า 278b

པ་ཐམས་ཅད་དང་། དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ངན་སོང་གི་འགྲོ་བ་ལས་ཡོངས་སུ་གྲོལ་བར་གྱུར་ཏོ། །གང་ཡང་གླིང་བཞི་བའི་ཡི་དགས་དང་། དམྱལ་བ་དེ་དག་ལ་ཡང་སྣང་བ་དེས་སྣང་བར་གྱུར་པས་ཉི་ཚེ་བའི་དམྱལ་བ་རྣམས་

ཀྱི་གཏུབ་པ་མེད་པར་གྱུར་ཏེ། སེམས་ཅན་དེ་དག་ཀྱང་ཡོངས་སུ་ཐར་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐལ་བ་མཉམ་པར་སྐྱེས་ཏེ། ལུས་ཡོངས་སུ་དག་པར་གྱུར་ཏོ། །གང་ཡང་མནར་མེད་པའི་དམྱལ་བ་ཆེན་པོ་བཅུ་དྲུག་པོ་དེ་དག་ཀྱང་འོད་ཟེར་གྱི་སྣང་བ་དེས་རེག་པས་དམྱལ་བ་དེ་དག་ཐམས་

ཅད་དུ་པདྨའི་མཚོ་བྱུང་བར་གྱུར་ཅིང་། སེམས་ཅན་དེ་དག་ཀྱང་ཡོངས་སུ་ཐར་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐལ་བ་མཉམ་པར་པདྨ་ལས་རྫུས་ཏེ་སྐྱེས་སོ། །གྲང་བའི་དམྱལ་བ་གང་ཡིན་པ་དེ་དག་ཀྱང་དྲོ་ཞིང་བདེ་བ་དང་། རེག་ན་བདེ་བར་གྱུར་ཏོ། །

ཚ་བའི་དམྱལ་བ་གང་ཡིན་པ་དེ་དག་ཀྱང་བསིལ་བར་གྱུར་ཅིང་། རེག་ན་བདེ་བ་དང་། རབ་ཏུ་དགའ་བར་གྱུར་ཏོ། །གང་ཡང་དུད་འགྲོའི་སྐྱེ་གནས་སུ་སོང་བ་རི་དགས་དང་། བྱ་དང་། ཐ་ན་སྦྲང་བུ་དང་། ཤ་སྦྲང་དག་ཀྱང་འོད་ཟེར་དེས་རེག་པ་དུད་འགྲོའི་སྐྱེ་གནས་སུ་སོང་བ་དེ་དག་ཐམས་ཅད་དགའ་ལྡན་

དུ་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །སེམས་ཅན་གང་དག་བཅིངས་པར་གྱུར་པ་དེ་དག་ཀྱང་འོད་ཟེར་དེས་རེག་པས་སེམས་ཅན་བཅིངས་པ་ལས་ཡོངས་སུ་གྲོལ་བར་གྱུར་ཏོ། །སུ་མི་འདོད་པ་དང་། ལྕགས་སྒྲོག་དང་། ལྕགས་ཀྱུ་ལུ་གུ་རྒྱུད་ཀྱིས་བཅིང་བ་དེ་དག་ཀྱང་དུ་མ་བུར་གྱུར་ཏོ། །གང་སྣོད་མ་ཡིན་

པ་དེ་ཡང་འོད་ཟེར་དེས་ཕོག་པས་མཐོང་བ་ཡོངས་སུ་དག་པ་འཐོབ་བོ། །གང་ཤ་བཀྲ་དང་མཛེའི་ནད་ཀྱིས་ལག་པ་དང་། རྐང་པ་དང་། རྣ་བ་དང་། སྣ་མཆང་བ་ཡང་འོད་ཟེར་དེས་ཕོག་པས་ལུས་ཡོངས་སུ་རྫོགས་པ་དང་། ལུས་ཡོངས་སུ་དག་པར་གྱུར་ཏོ། །གང་འབྲས་བུའི་ཤིང་ལྗོན་པ་

དང་། མེ་ཏོག་གི་ཤིང་ལྗོན་བའི་ཤིང་ལྗོན་པ་ཡོངས་སུ་སྐམས་པར་གྱུར་པ་ཡང་འོད་ཟེར་དེས་རེག་པས་མེ་ཏོག་དང་། འདབ་མ་དང་། འབྲས་བུ་བྱུང་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དུ་གཏོགས་པ་གང་དུ་འོད་ཟེར་བབ་པའི་སངས་རྒྱས་ཀྱི་ཞིང་དུ་གཏོགས་པ་དེ་ན་ཡང་སངས་རྒྱས་ཀྱི་ཞིང་སོ་

เล่ม ๙๒ · หน้า 279a

སོའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་གི་བྱེ་མ་དགུ་བཅུ་རྩ་དགུ་སྙེད་བཞུགས་ཏེ། དེ་བཞིན་གཤེགས་པ་སོ་སོའི་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པའི་གཞལ་མེད་ཁང་དང་། སེང་གེའི་

ཁྲི་དང་བཅས་པའི་གཞལ་མེད་ཁང་བྱུང་བར་གྱུར་ཏོ། །ནམ་མཁའི་དཀྱིལ་གང་དུ་འོད་ཟེར་གྱི་སྣང་བས་རེག་པའི་ནམ་མཁའི་དཀྱིལ་དེར་ཡང་ཕྱོགས་བཅུར་ཀུན་དུ་རིན་པོ་ཆེའི་རང་བཞིན་གྱི། སྤྲིན་བརྩེགས་པས་ཁེབས་པར་གྱུར་ཏེ་ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་ཚོགས་ཀྱི་ཆར་རབ་

ཏུ་འབབ་བོ། །ལྷ་རྫས་ཀྱི་རྒྱན་དང་། ཅོད་པན་དང་། དཔུང་རྒྱན་དང་། གདུ་བུ་དང་། དོ་ཤལ་དང་། སེ་མོ་དོ་དང་། རྣ་རྒྱན་དང་། གསེར་གྱི་སྐུད་པ་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་བོ། །ཚོན་ཁ་དོག་རྣམ་པ་སྣ་ཚོགས་པའི་ལྷ་རྫས་ཀྱི་གོས་རྨད་དུ་བྱུང་བ་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་

བོ། །ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་བོ། །ལྷ་རྫས་ཀྱི་བྱུག་པ་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་བོ། །ལྷ་རྫས་ཀྱི་བདུག་པ་སྣ་ཚོགས་དང་། ཙནྡན་སྦྲུལ་གྱི་སྙིང་པོའི་ཆར་རབ་ཏུ་འབབ་བོ། །ཚོན་ཁ་དོག་སྣ་ཚོགས་པའི་ལྷ་རྫས་ཀྱི་གོས་དང་། བ་དན་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་བོ། །

ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། ཨུཏྤལ་སྔོན་པོ་དང་། པ་རི་ཤ་ཀ་དང་། ཙམ་པ་ཀ་དང་། ཨ་ཏི་མུག་ཏ་ཀ་དང་། ཨ་ཤོ་ཀ་དང་། སྐྱ་སྣར་དང་། ཀ་དམ་པ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོའི་མེ་ཏོག་གི་ཆར་རབ་ཏུ་བབས་ཏེ། ཕྱོགས་

བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱེད་དོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཡང་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་ཡང་དག་པར་གནས་པར་གྱུར་ཏེ། གྲུ་བཞི་པ་ཀ་བ་བཞི་དང་། སྒོ་བཞི་དང་ལྡན་པ་ཤིན་ཏུ་འབར་བ། ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་ལན་ཀན་

གྱིས་ཡོངས་སུ་བསྐོར་ཅིང་མུ་ཏིག་གི་དྲ་བ་སྣ་ཚོགས་ཀྱིས་བརྒྱན་པ་གསེར་གྱི་དྲིལ་བུ་སྣ་ཚོགས་ཕྱག་འཕྱང་བ་གོས་སྣ་ཚོགས་ཀྱི་ཕྲེང་བས་མཛེས་པར་བྱས་པ། ཆུ་ཤིང་གི་རྒྱལ་མཚན་སྣ་ཚོགས་བསྒྲེང་བ། ནོར་བུ་རིན་པོ་ཆེ་སྣ་ཚོགས་བཀྲམ་པ། གྲྭར་ལྷ་རྫས་ཀྱི་རྔ་ཡབ་སྣ་ཚོགས་ཀྱིས་མཛེས་པར་

เล่ม ๙๒ · หน้า 279b

བྱས་པ། གོ་སྐབས་རྒྱ་ཆེ་བའི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་འབྱུང་ཞིང་སྣང་ངོ་། །ནམ་མཁའི་དཀྱིལ་ན་ཡང་ལྷ་རྣམས་ལྷ་རྫས་རྣམས་ཀྱི་མེ་ཏོག་དང་། བདུག་སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་

དང་། རོལ་མོའི་སྒྲ་སྣ་ཚོགས་དང་། སིལ་སྙན་དང་། ཕེག་རྡོབ་པས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་ཅིང་འཁོད་དེ། དེ་ལྟར་དོན་ཡོད་པའི་ཆོ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་བྱིན་གྱིས་རླབས་རྨད་དུ་བྱུང་བ་ཆེན་པོའི་ཆེན་པོ་རབ་ཏུ་བསྟན་ཅིང་ཡ་མཚན་རྨད་དུ་བྱུང་བའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་

པ་ཆེན་པོའི་ཆེན་པོར་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་འདི་བསྟན་ནས་རྣམ་པར་འཕྲུལ་པའི་བཀོད་པ་ཆེན་པོས་རང་གི་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་

ལོགས་སུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་མངོན་དུ་བལྟས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་

ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ། ཕྱག་རྒྱ་དང་། དཀྱིལ་འཁོར་རིམ་པར་ཕྱེ་བ། གསང་སྔགས་ཀྱི་སྙིང་པོ་གསང་བ་རིག་

སྔགས་ཀྱི་རྒྱལ་པོ་ཆེན་པོ་བདག་གི་སྙིང་པོ་གསང་བ། རིག་སྔགས་ཀྱི་རྒྱལ་པོ་དོན་ཡོད་པའི་ལྕགས་ཀྱུ་དང་། དོན་ཡོད་པའི་ཁྲོ་བོའི་ལྕགས་ཀྱུ་དང་། རིག་སྔགས་ཀྱི་རྒྱལ་པོ་དོན་ཡོད་པར་འདྲེན་པ། ནོར་བུ་རིན་པོ་ཆེ་ཆེན་པོ་གསུམ་མཆིས་ཏེ། བཅོམ་ལྡན་འདས་བདག་གིས་དེ་བཅོམ་

ལྡན་འདས་ཀྱི་སྤྱན་སྔར་འཁོར་མང་པོའི་ནང་དུ་ཡོངས་སུ་བསྒྲགས་པར་བགྱིའོ། །གང་གི་དྲན་པ་ཙམ་གྱིས་དོན་ཡོད་པའི་སྙིང་པོའི་ཆོ་ག་ཞིབ་མོའི་ཕྱག་རྒྱ་དང་། དཀྱིལ་འཁོར་དང་། གསང་སྔགས་དང་ཆོ་ག་རིམ་པར་ཕྱེ་བ་མཐའ་དག་རྫོགས་པར་མངོན་དུ་གནས་པར་འགྱུར་ཏེ་ཐམས་ཅད་སོ་སོ་

เล่ม ๙๒ · หน้า 280a

ཉིད་དུ་གནས་སོ། །གསང་སྔགས་འདིས་གཟིར་བས་ཐམས་ཅད་མདུན་དུ་གནས་སོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། སེམས་ཅན་དག་པ་ཆེན་པོ་ཁྱོད་

ཀྱིས་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་རིག་སྔགས་ཀྱི་རྒྱལ་པོ་དོན་ཡོད་པའི་ལྕགས་ཀྱུ་སྨྲས་པ་ལེགས་སོ་ལེགས་སོ། །རིག་སྔགས་འཆང་ཐམས་ཅད་ཀྱི་དོན་དང་། སེམས་ཅན་ཐམས་ཅད་ཀྱི་དོན་ཆེན་པོའི་ཕྱིར་སེམས་ཅན་ཐམས་ཅད་དག་པ་ཆེན་པོ་ཁྱོད་ཀྱིས་དེའི་དུས་ལ་བབ་པར་ཤེས་ན་

ད་སྨྲོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ཀྱིས་བསྐུལ་བར་རིག་ནས་བཞིན་འཛུམ་ཞིང་མིག་མི་འཛུམས་པར་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་མངོན་དུ་ཕྱོགས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་

སྔར་འཁོར་མང་པོའི་ནང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའི་ལྕགས་ཀྱུ་དོན་ཡོད་པའི་ཞགས་པ་འདི་སྨྲས་སོ། །དུས་གསུམ་དུ་གཤེགས་ཤིང་སོ་སོ་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འཕགས་པ་

རྡོ་རྗེ་འཛིན་རིག་སྔགས་ཀྱི་དབང་པོ་ཆེན་པོ་འཁོར་གྱི་ཚོགས་དང་བཅས་པ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་གྱི་རིག་སྔགས་ཀྱི་ལྷ་ཐམས་ཅད་དང་། ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་ཐམས་ཅད་ལ་ཕྱག་འཚལ་ལོ། །རང་སངས་རྒྱས་དང་། འཕགས་པ་

ཉན་ཐོས་ཀྱི་དགེ་འདུན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལ་སོགས་པ་དགའ་ལྡན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་གྱི་ཚོགས་ལ་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་འོད་དཔག་

མེད་བདེ་བ་ཅན་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དཀྱིལ་འཁོར་གྱི་ཚོགས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་དེ་བཞིན་གཤེགས་པ་དང་། དཀྱིལ་འཁོར་གསང་བ་དང་། གསང་སྔགས་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་ཆོ་ག་

เล่ม ๙๒ · หน้า 280b

ཞིབ་མོ་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རིག་སྔགས་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་སྐུ་སེམས་ཅན་ཐམས་

ཅད་ལ་བྱམས་པ་ཀུན་ནས་དོན་ཡོད་པའི་དཀྱིལ་འཁོར་གྱི་རིག་སྔགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བགེགས་དང་། ལོག་འདྲེན་དང་། སྡང་བ་དང་། བདུད་ལ་སོགས་པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པའི་སེམས་དཔའ་ཆེན་པོ་མཆོག་སྦྱིན་ལྕགས་ཀྱུ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ།

ཨོཾ་ཨཱ་ཀརྵ་ཡ། པདྨ་ཧསྟ། མ་ཧཱ་ཨ་མོ་གྷ་ཨཾ་ཀུ་ཤི། ཙ་ར་ཙ་ར། ཙ་ཙ་ར། སཉྩ་ར། ས་མནྟེན། མ་ཧཱ་པཱ་ཤ། ཨཾ་ཀུ་ཤ། བྷུ་ཛ་བ་ར་ད་བྷུ་ཛ་ཨཾ་ཀུ་ཤ་པཱ་ཤ་དྷ་ར། དྷ་ར་དྷ་ར། ས་མནྟ་མུ་དྲཱ། མནྟྲ་མཎྜ་ལ། པ་ཊ་ལ་དྷ་ར་ཨཾ་ཀུ་ཤ །པཱ་ཤེ་ན། དྷཱ་ར་ཡ་ཧཱུྃ་ཧཱུྃ། མ་ཧཱ་བྲཧྨ། བེ་ཥ་དྷ་ར། ཨ་མོ་

གྟ་རཱུ་པ། ཨཾ་ཀུ་ཤ་དྷ་ར། ཏ་ར་ཏ་ར། ཏ་ཏ་ར། ས་ན་ཏཱ་ར་ཡ། མ་ཧཱ་མུ་དྲཱ། མཎྜ་ལ། ཨ་མོ་གྷ་ཨཾ་ཀུ་ཤ་བ་ར་ད། མ་ཧཱ་ཀཱ་རུ་ཎི་ཀ །ཏྲི་ལོ་ཙ་ན། བཤུ་པ་ཏི། བེ་ཥ་དྷ་ར། ཨཱི་ཤྭ་ར། མ་ཧེ་ཤྭེ་ར། པ་ར་མ་ཀཱ་རུ་ཎེ་ཀ །མ་ཧ་དྷུ་ཏེ་ཤྭ་ར་ཡ་མ་བ་རུ་ཎ། ན་མ་སྐྲྀ་ཏ། ཀུ་མཱ་ར། ཏྲཻ་ལོ་ཀྱ་བ་

རད། དམ་ཀ །ཤ་མ་ཀ །ཤཱ་ས་ཀ །རཀྵ་ཀ །མ་ཧཱ་བིདྱཱ། ཨ་མོ་གྷ། མཎྜ་ལ། པཱུ་ཛི་ཏ། རཏྣ་མ་ཀུ་ཊ། མཱ་ལ་དྷ་ར། དྷུ་རུ་དྷུ་རུ། མ་ཧཱ་ཨཾ་ཀུ་ཤ་ཨཀྵ་དྷ་ར་ཧཱུྃ་ཧཱུྃ། བྷ་ར་བྷ་ར། སམྦྷ་ར་སམྦྷ་ར། ས་མནྟྭ་མུ་དྲཱ་མཎྜ་ལཾ་བཱུ་ར་ཡ་ཧཱུྃ་ཧཱུྃ། ཧྲི་ད་ཡ་ཨཾ་ཀུ་ཤི །ཨ་བ་ལོ་ཀཱ་ཡ། མཱ་ན་སཱ་

དྷ་ཡ་སིད་དྷི་ར། ཨཱ་ཀརྵ་ཡ། མུ་དྲཱ་མནྟྲ། མཎྜ་ལ། པ་ཊ་ལཾ། ས་མ་ཡ། བིགྷཾ་པྲ་སཱ་དྷ་ཡ་མཱ་རཾ། ཧ་ར་ཧ་ར། སརྦ་པཱ་པ་ཀི་ལ་བི་ཥ་མ་ལ། མཱ་ཏ་སརྱ། ཧུ་རུ་ཧུ་རུ། མ་ཧཱ་ཨཾ་ཀུ་ཤི །ཧཱུྃ་ཧཱུྃ། བུདྡྷ་བུདྡྷ། བོ་དྷ་ཡ་བོ་དྷ་ཡ། ཏུ་རུ་ཏུ་རུ། མ་ཧཱ་བོ་དྷི་ས་ཏྭ་ཨཾ་ཀུ་ཤ་རཏྣ་པཱ་ཤཾ་དྷ་ར།

ནཱ་ནཱ་བི་ཙི་ཏྲ་ཨཱ་བྷ་ར་ཎ་བི་བྷཱུ་ཥི་ཏ། ཨ་མི་ཏཱ་བྷ། ཛི་ན་མ་ཀུ་ཊ་དྷ་ར། དྷ་ར་དྷ་ར། པདྨ་པཱ་ཤ་ཨཾ་ཀུ་ཤ་དྷ་ར། སརྦ་བིདྱཱ་མནྟྲ་མུ་དྲཱ་མཎྜཱ་ལ། བྲ་བར། སཱ་དྷ་ཡ་སཱ་དྷ་ཡ། བི་ཤྭ་རཱུ་པ་དྷ་ར། ས་ཧ་སྲབྷུ་ཛ། ས་ཧ་སྲ་ནེ་ཏྲ། སཽ་མྱ་མུ་ཁ། པ་ར་མ་ཀཱ་རུ་ཎི་ཀ་ས་ཏྭ་བཏ་ས་ལ། སརྦ་མནྟཱ་མུ་དྲཱ།

เล่ม ๙๒ · หน้า 281a

པྲ་སཱ་དྷ་ཀ །མ་ཧཱ་བ་ར་ད་ས་དཱ་ན་མཿསྟུ་ཏེ། ཨ་མོ་གྷ་ཨཾ་ཀུ་ཤ །པདྨ་བྷུ་ཛ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་སྨྲས་མ་ཐག་ཏུ་རི་པོ་ཊ་ལ་ཆེན་པོ་བྲག་དང་། ནགས་ཚལ་དང་། སྐྱེད་མོས་ཚལ་དུ་བཅས་པའི་གནས་

ཀྱི་གཞལ་མེད་ཁང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཏེ། ལྷ་རྫས་ཀྱི་མེ་ཏོག་གི་ཆར་ཆེན་པོ་བབ་བོ། །དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་ཕྱག་རྒྱ་དང་། གསང་སྔགས་དང་བཅས་པའི་དཀྱིལ་འཁོར་རིམ་པར་ཕྱེ་བའི་ཆོ་ག་

ཞིབ་མོ་འདིའང་སོ་སོར་ལེའུར་ཕྱེ་བ་མཐའ་དག་རྫོགས་པར་ནམ་མཁའ་ལ་གནས་སོ། །གང་གསང་སྔགས་ཀྱི་ཡིག་འབྲུའང་གསེར་ལ་བཻ་ཌཱུརྱས་ཡི་གེར་བྲིས་པ་སྤྲིན་གྱི་རིམ་པ་ན་སྣང་སྟེ། ཡི་གེའི་ཕྲེང་བ་མཉམ་ཞིང་གསལ་ལ་ཟུར་ཕྱིན་པར་བྲིས་པ། ཐིག་གི་ཕྲེང་བ་གཤིབས་པས་བརྒྱན་པ་སྣང་ངོ་། གང་

ལག་པའི་ཕྱག་རྒྱའང་པདྨའི་ནང་ནས་བྱུང་བ། ཕྱག་རྒྱ་བཅིང་བ་སྣ་ཚོགས་འོད་ཟེར་འབར་བ་ནམ་མཁའ་ལ་གནས་སོ། །གང་མཚན་མའི་ཕྱག་རྒྱའང་རིན་པོ་ཆེ་སྣ་བདུན་གྱི་པདྨ་ལ་རབ་ཏུ་གནས་པ་ནམ་མཁའ་ལ་གནས་པར་གྱུར་ཏོ། །གང་རས་ཀྱི་རི་མོའི་སྐུ་གཟུགས། གཟུགས་རྣམ་པ་སྣ་ཚོགས་

འཛིན་པ། རྣམ་པར་བཀྲ་བ་ཆོ་ག་དང་། ཡོ་བྱད་དང་བཅས་པ་རིམ་པར་ཕྱེ་བ་བྲིས་པའང་ནམ་མཁའ་ལ་གནས་སོ། །གང་དཀྱིལ་འཁོར་རིམ་པར་ཕྱེ་བ་དེ་དཀྱིལ་འཁོར་རྣམ་པ་སྣ་ཚོགས་གྲུ་བཞི་པ། གྲྭ་བཞི་ཆ་མཉམ་པ་རྣམ་པར་ཕྱེ་བ་དཀྱིལ་འཁོར་ཤིན་ཏུ་སྤྲས་ཤིང་བརྒྱན་པ། གཟུགས་

རྣམ་པ་སྣ་ཚོགས་ཀྱིས་མཛེས་པའི་གཞལ་མེད་ཁང་ཡང་ནམ་མཁའ་ལ་གནས་སོ། །དཀྱིལ་འཁོར་ཆེན་པོ་ན་གནས་པའི་རིག་སྔགས་ཀྱི་ལྷ་ཕོ་ཉ་དང་། ཁྲོ་བོ་དང་བཅས་པ་གཞལ་མེད་ཁང་ན་རྗེས་སུ་རྒྱུ་བ་དག་ཀྱང་ནམ་མཁའི་དཀྱིལ་ན་གནས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱེད་དོ།

ཕྱོགས་སོ་སོའི་དེ་བཞིན་གཤེགས་པ་མང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱང་ཕྱོགས་བཅུ་ཀུན་གྱི་ནམ་མཁའི་དཀྱིལ་ན་དེ་བཞིན་གཤེགས་པའི་སྐུ་བཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པའི་སྐུ་དེ་དག་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་

เล่ม ๙๒ · หน้า 281b

ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྤྱན་རས་གཟིགས་དབང་ཕྱུག་ལེགས་སོ་ལེགས་སོ། །རིག་སྔགས་ཀྱི་མཆོག་དམ་པ་དོན་ཡོད་པའི་ལྕགས་ཀྱུའི་རིག་སྔགས་ཀྱི་རྒྱལ་པོ་མཐའ་དག་རྫོགས་པར་སྨྲས་པ་གང་གིས་དོན་ཡོད་པའི་ཞགས་པའི་

སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོར་གསང་སྔགས་དང་། ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་དེ་དག་ཐམས་ཅད་དོན་ཡོད་པའི་ལྕགས་ཀྱུའི་གསང་སྔགས་ཀྱི་ཞགས་པས་ཀུན་ནས་དྲངས་སོ། །འཁོར་འདིའི་ནང་ན་ནམ་མཁའི་དཀྱིལ་ན་རབ་ཏུ་གནས་པ་དེ་ཕྱི་མའི་ཚེ་ཕྱི་

མའི་དུས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དགེ་སྦྱོང་ངམ། བྲམ་ཟེའམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། གཞན་སུ་ཡང་རུང་བ་བུད་མེད་དམ། སྐྱེས་པའམ།

ཁྱེའུའམ། བུ་མོ་རིག་སྔགས་འཛིན་པ་ཐམས་ཅད་ཀྱིས་དོན་ཡོད་པའི་ཞགས་པའི་ལྕགས་ཀྱུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའི་གཟུངས་འདི་དྲན་པར་བྱེད་ན་ལན་ཅིག་དྲན་པ་ཙམ་གྱིས་ཀྱང་མོད་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་

བྱས་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་དང་། གསང་སྔགས་དང་། དཀྱིལ་འཁོར་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་དེ་ཐམས་ཅད་སོ་སོར་དེ་ལ་ཁ་ཏོན་ཉིད་དུ་གནས་ཏེ། དེ་དག་ཐམས་ཅད་རིམ་གྱིས་དྲན་པ་དང་། བློ་རྒྱ་མཚོ་

བསགས་པ་དང་། ཤེས་རབ་འཕེལ་བར་འགྱུར་རོ། །གསང་སྔགས་དང་། ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་སོ་སོ་ལ་བློ་འཇུག་པར་འགྱུར་རོ། །ནམ་ཡང་བློ་དམན་པར་མི་འགྱུར་ཞིང་ནམ་ཡང་བརྗེད་ངས་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་

པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། མཆོག་ཆེན་པོ་སྦྱིན་པ། ལག་ན་པདྨ། མཆོག་ཏུ་སྙིང་རྗེ་ཅན་ཁྱོད་ཀྱིས་ཆོ་ག་རྒྱ་ཆེན་པོ་སྨྲས་པ་ལེགས་སོ་ལེགས་སོ། །དེ་ནས་གནོད་སྦྱིན་གྱི་སྡེ་

เล่ม ๙๒ · หน้า 282a

དཔོན་ཆེན་པོ་ཕྱག་ན་རྡོ་རྗེས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་གྱི་ཡོན་ཏན་མཐའ་ཡས་པ་འདི་མཐོང་ནས་དབུགས་ཆེར་འབྱིན་པར་གྱུར་ཅིང་མཆོག་ཏུ་དགའ་བ་ཆེན་པོ་ཐོབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་

ཕྱུག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་འདིའི་ནང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་དོན་ཡོད་པའི་ལྕགས་ཀྱུའི་བྱ་བའི་ཡོ་བྱད་དང་ཆོ་ག་བཤད་དོ། །བཅོམ་ལྡན་འདས་དེ་ནས་རིག་སྔགས་འཆང་གང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་དོན་ཡོད་

པའི་ཞགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ་རྣམ་པར་ཐར་པའི་དཀྱིལ་འཁོར་འདི་བསྒྲུབ་པར་འཚལ་བ་དང་། གང་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ཕའམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དགེ་སྦྱོང་ངམ།

བྲམ་ཟེའམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། གཞན་སུ་ཡང་རུང་བ་བུད་མེད་དང་། སྐྱེས་པའམ། ཁྱེའུ་འམ། བུ་མོ་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་ཀློག་པར་འཚལ་བ་དང་། བསྟན་པར་འཚལ་བ་དང་། བཟླས་བརྗོད་ཀྱི་ཆོ་ག་བགྱི་བར་

འཚལ་བ་དང་། མཐའ་དག་རྫོགས་པར་བསྒྲུབ་པར་འཚལ་བ་དེས་སྔོན་རོལ་དུ་ཕྱོགས་བཅུར་ཐལ་མོ་སྦྱར་ཏེ། ཕྱག་འཚལ་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ་མཆིས་ལ་གཞན་མི་སྨྲ་བར་དོན་ཡོད་པའི་ལྕགས་ཀྱུའི་སྙིང་པོ་འདི་ལན་གསུམ་དྲན་པར་བགྱི་ཞིང་། ཡང་ཐལ་མོ་སྦྱར་ཏེ་ཕྱག་བགྱིའོ།

དེ་ནས་དྲན་པ་ཙམ་གྱི་མོད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཀུག་པར་འགྱུར་ཏེ། རི་བོ་ཊ་ལའི་གཞལ་མེད་ཁང་དང་བཅས་པ་དང་། འཁོར་གྱི་དཀྱིལ་འཁོར་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་

དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་བཅས་པ་བཀུག་པར་འགྱུར་རོ།། །།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་ཉི་ཤུ་གཉིས་པ། དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་

เล่ม ๙๒ · หน้า 282b

པ། རྣམ་པར་ཐར་པའི་དཀྱིལ་འཁོར་ཕྱག་རྒྱ་དང་བཅས་པ་གསང་སྔགས་རིམ་པར་ཕྱེ་བའི་ཆོ་ག་ཞིབ་མོ་དང་། སྒྲུབ་པའི་ཆོ་གའི་རྣམ་པ་རྒྱ་ཆེན་པོ་མཐའ་དག་རྫོགས་པ་འདི་ཡང་བཀུག་པར་འགྱུར་རོ། །དཀྱིལ་འཁོར་ན་གནས་པའི་རིག་སྔགས་ཀྱི་ལྷ་འཁོར་དང་བཅས་པ་བཀུག་པར་འགྱུར་ཏེ།

ཐམས་ཅད་ཡིད་རབ་ཏུ་དགའ་བར་གྱུར་པས་དངོས་གྲུབ་དམ་པ་རྗེས་སུ་སྩོལ་བར་འགྱུར་རོ། །དེ་ནས་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་དྲན་པར་བགྱི་སྟེ། ཇི་ལྟར་ཤིན་ཏུ་རྒྱ་ཆེར་ཡིད་ལ་བགྱིས་པ་དེ་ལྟར་བསྒྲུབ་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཀྱི་ཁ་ནས་དྲན་པ་

མཉན་ཞིང་རྒྱ་ཆེ་བ་དང་། བློ་དང་མདངས་དྲི་མ་མ་མཆིས་པར་འཇུག་པར་བགྱིད་དེ། ཞུགས་པ་ཙམ་གྱི་མོད་ལ་ལྕེ་པདྨའི་འདབ་མ་ལྟ་བུར་འཇམ་པར་འགྱུར་ཞིང་། ཁ་ནས་ཨུཏྤ་ལའི་དྲི་འབྱུང་བར་འགྱུར་རོ། །དབྱངས་སྙན་ཅིང་མཉེན་པ་དང་། འཇམ་པ་དང་། ཟབ་པ་དང་། ཚིག་རྣམ་

པར་དག་པར་འགྱུར་རོ། །མི་འམ་ཅིའི་དབྱངས་དང་། སྒྲ་སྙན་པ་དང་། དབྱངས་མཉེན་པ་དང་། དགའ་བར་བྱེད་པའི་དབྱངས་སུ་འགྱུར་ཞིང་ཀ་ལ་པིང་ཀའི་དབྱངས་སུ་འགྱུར་རོ། །ཇི་སྟེ་དུས་གསུམ་དུ་ལན་གསུམ་དུ་དྲན་པར་བགྱི་ན་གསང་སྔགས་དང་། ཆོ་ག་ཞིབ་མོ་དང་། དཀྱིལ་

འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། ཆོ་ག་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སྤྱིའི་དངོས་གྲུབ་དེ་རྫོགས་པར་འགྱུར་ཞིང་སྤྱོད་པར་འགྱུར་རོ། །བགེགས་དང་ལོག་འདྲེན་དང་བདུད་ལ་སོགས་པ་སྡང་བའི་འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། སྔོན་

གྱི་སྒྲིབ་པ་དང་། དམྱལ་བར་མཆི་བའི་སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་དོན་ཡོད་པའི་ལྕགས་ཀྱུ་འདི་ལན་གསུམ་དྲན་པར་བགྱིས་པ་ཙམ་གྱིས་སྐད་ཅིག་དེ་ཉིད་ཀྱི་མོད་ལ་བདག་རང་དང་།

རང་གི་གནས་ཀྱི་ཁང་པ་དང་། སློབ་མ་དང་། བསྙེན་བཀུར་དང་། འཁོར་དང་བཅས་པ་མི་གཙང་བ་ཡང་གཙང་བར་འགྱུར། ཡོངས་སུ་མ་དག་པའང་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །དྲི་མ་དང་བཅས་པའང་ཤིན་ཏུ་དྲི་མ་མ་མཆིས་པར་འགྱུར་རོ། །ཞེ་སྡང་དང་བཅས་པའང་ཞེ་སྡང་དང་

เล่ม ๙๒ · หน้า 283a

བྲལ་བར་འགྱུར་རོ། །གཏི་མུག་དང་བཅས་པའང་གཏི་མུག་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བཅས་པའང་འདོད་ཆགས་དང་བྲལ་བར་འགྱུར་རོ། །སྒྲིབ་པ་དང་བཅས་པའང་སྒྲིབ་པ་དང་བྲལ་བར་འགྱུར་རོ། །བགེགས་དང་བཅས་པ་དང་། བདུད་དང་ལོག་འདྲེན་

གྱིས་ཡོངས་སུ་ཟིན་པའང་བགེགས་དང་། ལོག་འདྲེན་དང་། བདུད་ལ་སོགས་པ་དང་བྲལ་བར་འགྱུར་རོ། །སེམས་ཀྱི་སྡིག་པའང་སྡིག་པ་དང་བྲལ་བར་འགྱུར་རོ། །ཐུན་མོང་མ་ཡིན་པའང་ཐུན་མོང་དུ་གྱུར་ཅིང་བསྲུངས་པར་འགྱུར་རོ། །མི་སྨྲ་བའི་བརྟུལ་ཞུགས་མ་མཆིས་པར་

ཡང་མི་སྨྲ་བའི་བརྟུལ་ཞུགས་ཆེན་པོ་དང་ལྡན་པར་འགྱུར་རོ། །སྨྱུང་བ་མ་བགྱིས་པའང་སྨྱུང་བ་བགྱིས་པར་འགྱུར་རོ། །རིག་སྔགས་ཀྱི་གནས་དང་ཡུལ་དང་དཀྱིལ་འཁོར་ཐམས་ཅད་དུ་ཚངས་པར་མི་སྤྱོད་པའང་ཚངས་པར་སྤྱོད་པ་ཆེན་པོར་འགྱུར་རོ། །ཚངས་པའི་གནས་ཆེན་པོ་ལ་གནས་

པར་འགྱུར་རོ། །དགེ་བ་མི་སྤྱོད་པའང་དགེ་བ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཆོས་མི་སྤྱོད་པའང་ཆོས་སྤྱོད་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །བསོད་ནམས་མི་བགྱིད་པའང་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་འཕེལ་བར་འགྱུར་རོ། །དུལ་བའི་སྤྱོད་པ་མཆིས་པའང་དུལ་བའི་སྤྱོད་པ་ཆེན་

པོ་དང་ལྡན་པར་འགྱུར་རོ། །དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་མ་མཐོང་བ་དང་། དམ་ཚིག་མ་མཆིས་པའང་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་མཐོང་བ་དང་། དམ་ཚིག་འཚལ་བར་འགྱུར་རོ། །རིག་སྔགས་ཀྱི་གནས་དང་འཁོར་ཐམས་ཅད་

དུ་སངས་རྒྱས་དང་། ཆོས་མཐོང་བར་མི་འཚལ་བའང་བྱང་ཆུབ་དང་། ཆོས་དང་། དམ་ཚིག་དང་ལྡན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མ་བསམས་པའང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསམས་པར་འགྱུར་རོ། །སངས་རྒྱས་ཀྱི་ས་བོན་གྱི་ཡུལ་དུ་

མ་གྱུར་པའང་བྱང་ཆུབ་ཀྱི་ས་བོན་དང་ལྡན་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང་མི་འབྲལ་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བགྱི་བ་ལ་མཁས་པར་འགྱུར་རོ། །ཚུལ་ཁྲིམས་དང་མི་འབྲལ་ཞིང་ཏིང་ངེ་འཛིན་རབ་ཏུ་འཐོབ་པར་འགྱུར་རོ། །སྦྱིན་པ་དང་

เล่ม ๙๒ · หน้า 283b

ཡོངས་སུ་གཏོང་བ་དང་མི་འབྲལ་ཞིང་སྦྱིན་པ་དང་། ཡོངས་སུ་གཏོང་བ་དང་། སྦྱིན་པའི་ཚོགས་ཆེན་པོ་དང་ལྡན་པར་འགྱུར་རོ། །བཟོད་པ་དང་མི་འབྲལ་ཞིང་བཟོད་པ་ཆེན་པོའི་བཟོད་པའི་རྗེས་སུ་སྤྱོད་པར་འགྱུར་རོ། །བརྩོན་འགྲུས་དང་མི་འབྲལ་ཞིང་བརྩོན་འགྲུས་ཀྱི་སྟོབས་ཆེན་པོའི་གོ་ཆ་

བརྟན་པ་བགོས་པར་འགྱུར་རོ། །བསམ་གཏན་དང་མི་འབྲལ་ཞིང་བསམ་གཏན་ཆེན་པོ་འཐོབ་པ་དང་། ཏིང་ངེ་འཛིན་དང་ལྡན་པར་འགྱུར་རོ། །ཤེས་རབ་དང་ཐབས་ཅད་ལ་མཁས་པ་ཞན་པའང་ཤེས་རབ་དང་ཐབས་ལ་མཁས་པ་རྒྱ་ཆེན་པོར་འགྱུར་རོ། །རིག་སྔགས་དང་། གསང་སྔགས་

ཉམས་པའང་། གསང་སྔགས་དང་། ཕྱག་རྒྱ་ཡོངས་སུ་ཚང་བ་དང་། ཆོ་ག་ལ་མཁས་པར་འགྱུར་རོ། །དགེ་བའི་བཤེས་གཉེན་དང་བྲལ་བའང་དགེ་བའི་བཤེས་གཉེན་ཆེན་པོའི་ལམ་ལ་རབ་ཏུ་གནས་པར་འགྲུབ་པར་འགྱུར་རོ། །འཇིག་རྟེན་ཐམས་ཅད་དུ་སྙིང་དུ་སྡུག་པ་དང་། བླ་མར་

བགྱིས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱིས་མཆོད་པ་དང་། མངོན་དུ་ཕྱག་བགྱི་བར་འགྱུར་རོ། །ཚིག་བཙུན་པར་ཡང་འགྱུར་རོ། །བསམ་པ་ཡོངས་སུ་དག་པར་ཡང་འགྱུར་རོ། །དེ་ལྟར་དོན་ཡོད་པ་ཆེན་པོའི་ཆོ་ག་རྒྱ་ཆེན་པོ་འདི་དག་ནི་ཐམས་ཅད་དུ་དངོས་གྲུབ་དོན་ཡོད་པ།

མཆོག་ཏུ་རྙེད་པར་དཀའ་བ། དགེ་བ་དོན་ཡོད་པ་འདི་དོན་ཡོད་པའི་ལྕགས་ཀྱུས་འདྲེན་པར་བགྱིད་དོ། །དངོས་གྲུབ་ཐམས་ཅད་འགུགས་པར་བགྱིད་དོ། །སྒྲུབ་པ་ཐམས་ཅད་འདྲེན་པར་བགྱིད་དོ། །སངས་རྒྱས་ཀྱི་ཆོས་ཇི་སྙེད་པ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་

རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། མི་འཇིགས་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། དོན་དམ་པ་དང་། སྟོང་པ་ཉིད་འདྲེན་པར་བགྱིད་དེ་དོན་ཡོད་པའི་ལྕགས་ཀྱུ་འདིས་འདྲེས་པར་བགྱིད། ཡངས་

པར་བགྱིད། དངོས་གྲུབ་མཆོག་འདྲེན་པར་བགྱིད་དོ། །དེ་ལྟར་མཐུ་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། ཡོན་ཏན་ཆེན་པོར་བརྗོད་པས་བསོད་ནམས་ཀྱི་འབྲས་བུ་ཆེན་པོ་སྩོལ་བར་བགྱིད་དོ། །དེ་ལྟར་དགེ་བའི་རྩ་བ་ཆེན་པོ་དང་ལྡན་ཞིང་ཀུན་ཏུ་སོགས་པར་བགྱིད་པས་རིག་སྔགས་

เล่ม ๙๒ · หน้า 284a

ཀྱི་རྒྱལ་པོ་དོན་ཡོད་པའི་ལྕགས་ཀྱུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ནི་མཆོག་ཏུ་གྲུབ་པ་བླ་ན་མེད་པ་ལགས་སོ། །དེ་ནས་རིག་སྔགས་འཆང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ།

དགེ་བསྙེན་མའམ། དགེ་སྦྱོང་ངམ། བྲམ་ཟེའམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། གཞན་དུ་ཡང་རུང་བ། བུད་མེད་དམ། སྐྱེས་པའམ། ཁྱེའུ་འམ། བུ་མོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་ཀྱིས་དགུག་པར་

འཚལ་བ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ཉིད་ཀྱི་རང་གི་གཟུགས་སུ་མཐོང་བར་འཚལ་ན་དེས་ཆོ་ག་འདི་བགྱིའོ། །གཙང་མ་ཤིན་ཏུ་ཁྲུས་བགྱིས་པ། གོས་གཙང་མ་བགོས་པ། བའི་རྣམ་ལྔའི་ཆུ་ས་བསངས་པའི་མཆོད་ཕྱིར་ཐོགས་བཏགས་པས་རས་དམར་པོའི་

སྐུད་པའི་མཆོད་ཕྱིར་ཐོགས་ཁ་དོག་བཟང་པོ་གནས་བདུན་དུ་ཡོངས་སུ་གཟུང་སྟེ། མཚོག་མ་དང་། སྤྱི་གཙུག་བཅིང་བ་དང་། གནས་གསུམ་པོ་དཔུང་པ་གཉིས་སུ་བཅིང་བ་དང་། ལག་ངར་གཉིས་སུ་བཅིང་བ་དང་། དེ་ནས་རྐེད་པར་བཅིངས་པས། ས་ཕྱོགས་གཙང་མར་འདུག་ནས་སམ།

གནས་གཞན་གང་ཡང་རུང་བ་དབེན་ཞིང་འཁྲུག་པ་མ་མཆིས་པ་དང་། དཀྱིལ་འཁོར་གྱི་སྟེགས་གྲུ་བཞི་པ་ཤིན་ཏུ་རྣམ་པར་མཛེས་པ་ཁྲུ་བཞིའི་ཚད་ཙམ་ལ་འཕང་སོར་བརྒྱད་ཀྱི་ཚད་ཙམ་ཀུན་ནས་ཟླུམ་པོ་ལེགས་པར་བྱུགས་པ་ཤིན་ཏུ་འཇམ་པ་བགྱིའོ། །དེ་ནས་ཚོན་སྣ་ཚོགས་ཀྱི་སྐུད་པས་རྣམ་པར་

མཛེས་པར་ཐིག་གདབ་བཅིང་ཚོན་རྩི་སྣ་ཚོགས་ཀྱིས་བྲི་བར་བགྱིའོ། །སྙིང་པོའི་དཀྱིལ་འཁོར་ནི་ཁྲུ་གང་ཙམ་གྱི་ཚད་ལ་གྲུ་བཞི་པ་རྣམ་པར་ཕྱེ་བ། ཤིན་ཏུ་མཛེས་པ། གྲུ་བཞི་ཀུན་ནས་ཁ་ཁྱེར་གྱི་རྣམ་པ་ཅན་བགྱིའོ། །དབུས་སུ་པདྨ་བགྱིའོ། །འདབ་མ་བརྒྱ་རྩ་བརྒྱད་པ། འདབ་མ་ཐམས་ཅད་

ལ་ལྕགས་ཀྱུ་བྲི་ཞིང་དབུས་ཀྱི་སྙིང་པོ་གེ་སར་དང་བཅས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་བགྱིའོ། །འོད་ཀྱི་ཕྲེང་བ་ཟླུམ་པོ་ཚོན་རྩི་སྣ་ཚོགས་ཀྱིས་རྣམ་པར་མཛེས་པར་བགྱིའོ། །སྙིང་པོའོ་དཀྱིལ་འཁོར་གྱི་གྲྭ་བཞིར་ལྕགས་ཀྱུ་དང་ཞགས་པ་ཀུན་ནས་ཟླུམ་པོའང་བགྱིའོ། །ཕྱི་རོལ་གྱི་

เล่ม ๙๒ · หน้า 284b

དཀྱིལ་འཁོར་ཀུན་དུ་མཚན་མའི་ཕྱག་རྒྱ་སྣ་ཚོགས་ཀྱང་བྲི་བར་བགྱིའོ། །དཀྱིལ་འཁོར་གྱི་གྲྭ་བཞིར་རྣམ་པར་ཕྱེ་བར་རྒྱལ་པོ་ཆེན་པོ་བཞི་འབར་བའི་ནང་ན་གོ་ཆ་བགོས་པ། དྲག་ཤུལ་གྱི་གཟུགས་ཅན་འཇིགས་པར་བགྱིད་པ་བྲིའོ། །སྒོ་བཞི་རྣམ་པར་ཕྱེ་བར་ཡང་དཀྱིལ་འཁོར་གྱི་ལྷ་བྲི་བར་

བགྱི་སྟེ། ཤར་ཕྱོགས་ཀྱི་སྒོར་རྡོ་རྗེ་འཆང་ཞི་བའི་གཟུགས་ཅན་བཞིན་འཛུམ་པ། རྡོ་རྗེ་འགྱིང་བག་ཅན་དུ་འཛིན་པ། རི་རབ་ཀྱི་སྟེང་ན་འབར་བའི་ནང་ན་མཆིས་པ་བྲིའོ། །ལྷོ་ཕྱོགས་ཀྱི་སྒོར་ཁྲོ་བོའི་རྒྱལ་པོ་དྲག་ཤུལ་གྱི་གཟུགས་ཅན་འཇིགས་པར་བགྱི་དང་། པདྨ་དང་ཞགས་པ་ཐོགས་

པ། མེ་ཏོག་ཁ་ཕྱེ་བའི་སྟེང་ན་འབར་བའི་ནང་ན་མཆིས་པའོ། །ནུབ་ཕྱོགས་ཀྱི་སྒོར་དབང་པོ་རྡོ་རྗེ་ཐོགས་པ། མིག་གསུམ་པ་རིའི་སྟེང་ན་འབར་བའི་ནང་ན་མཆིས་པ་བྲིའོ། །བྱང་ཕྱོགས་ཀྱི་སྐོར་དོན་ཡོད་པའི་ཞགས་པ་གདོང་ཁྲོ་གཉེར་ཅན། པདྨ་དང་ཞགས་པ་ཐོགས་པ། པདྨའི་འདབ་

མའི་སྟེང་ན་འབར་བའི་ནང་ན་ལྕགས་ཀྱུ་དང་ལྷན་ཅིག་མཆིས་པ་བྲིའོ། །དཀྱིལ་འཁོར་ཁོ་ར་ཁོར་ཡུག་ཏུ་གོས་དང་། བ་དན་དང་། མདའ་དང་། རྒྱལ་མཚན་ཀུན་གྱིས་བརྒྱན་པར་བགྱིའོ། །ཚོན་སྣ་ལྔའི་སྐུད་པས་ཁོ་ར་ཁོར་ཡུག་ཏུ་དཀྲི་བར་བགྱིའོ། །གཏོར་མ་ཐམས་ཅད་དཀར་པོ་གཞག་

གོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཀུན་དུ་དངུལ་དང་གསེར་གྱི་སྣོད་རྣམ་པ་སྣ་ཚོགས་པ་གཞག་གོ། །སྙིང་པོའི་དཀྱིལ་འཁོར་ཁོ་ར་ཁོར་ཡུག་ཏུ་དངུལ་གྱི་སྣོད་བཀང་བ་བཞི་དང་། འོ་མས་བཀང་བ་བཞི་དང་། མཆོད་ཡོན་དང་། ཞབས་བསིལ་བའི་སྣོད་བཞི་དང་། དྲིའི་སྣོད་བཞི་དང་། དྲིས་

བཀང་བའི་སྣོད་བཞི་དང་། དངུལ་གྱི་ཕོག་པོར་ཨ་ག་རུ་དང་། ཙནྡན་དང་། དུ་རུ་སྐའི་བདུག་སྤོས་བསྲེགས་པ་བཞི་གཞག་གོ། །ཕྱི་རོལ་གྱི་དཀྱིལ་འཁོར་ཁོ་ར་ཁོར་ཡུག་ཏུ་ས་ལས་བྱས་པའི་སྣོད་བཀང་བ་དང་། གཏོར་མའི་སྣོད་བུམ་པ་ཡོངས་སུ་བཀང་བ་དྲུག་ཅུ་རྩ་བཞི་དང་། བདུག་

པ་སྣ་ཚོགས་བསྲེགས་པའི་པོག་ཕོར་བརྒྱད་འཇིགས་པ་མེད་པར་གཞག་པར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་ཚེས་བཅུ་བཞི་ནས་ཟླ་བ་ཉ་ཚེས་བཅྭ་ལྔའི་བར་གྱི་ཉིན་ཞག་གཅིག་སྨྱུང་བ་བགྱིས་པས་འབྲས་ཡོས་དང་། ཡུངས་ཀར་ལ་དོན་ཡོད་པའི་རྒྱལ་པོའི་སྙིང་པོས་ལན་བརྒྱ་

เล่ม ๙๒ · หน้า 285a

རྩ་བརྒྱད་ཡོངས་སུ་བཟླས་པས་དཀྱིལ་འཁོར་དུ་གཏོར་བར་བགྱིའོ། །ཡུངས་ཀར་དང་། དྲི་ཆབ་ལ་ཁྲོ་བོའི་རྒྱལ་པོས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པས་དཀྱིལ་འཁོར་ཀུན་དུ་གཏོར་ཞིང་དཀྱིལ་འཁོར་དབང་བསྐུར་བར་བགྱིའོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་མར་མེ་དྲུག་

ཅུ་རྩ་བཞི་སྤར་བར་བགྱིའོ། །མེ་ཏོག་ཇི་སྙེད་པ་མང་པོ་དགྲམ་ཞིང་ཁོ་ར་ཁོར་ཡུག་ཏུ་ཕྲེང་བ་གཞག་པར་བགྱིའོ། །རིག་སྔགས་འཆང་གིས་དོན་ཡོད་པའི་ལྕགས་ཀྱུས་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་པས་དཀྱིལ་འཁོར་ཀུན་དང་། ཕྱོགས་བཞི་དང་། སྟེང་དང་། འོག་

ཏུ་གཏོར་ན་དཀྱིལ་འཁོར་བཅིང་བ་བགྱིས་པར་འགྱུར་རོ། །ཕྱོགས་བཅིང་བ་དང་། སྤྱི་གཙུག་བཅིང་བ་དང་། བདག་བསྲུང་བ་བགྱིས་པར་འགྱུར་རོ། །བགེགས་དང་། ལོག་འདྲེན་དང་། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། བདུད་ལ་སོགས་པ་ཐམས་ཅད་བཅིངས་

པར་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་མཐོང་བ་དང་། དེ་བཞིན་གཤེགས་པའི་བསླབ་པའི་གཞི་འཛིན་པ་དེ་ཐམས་ཅད་བཀུག་པར་འགྱུར་རོ། །དཀྱིལ་འཁོར་ཀུན་

ནས་བསྲུང་བའི་སླད་དུ་གཤིན་རྗེ་དང་། ཆུ་ལྷ་དང་། གཞོན་ནུ་དང་། ཀུ་བེ་ར་དང་། རྒྱལ་པོ་ཆེན་པོ་བཞི་དཔུང་དང་། འཁོར་དང་བཅས་པ། ལྕགས་ཀྱུ་དང་། ཞགས་པས་བཀུག་པར་འགྱུར་ཏེ། དཀྱིལ་འཁོར་ཀུན་ནས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་བགྱིད་པར་འགྱུར་རོ།

འོག་གི་སའི་ལྷ་མོ་སའི་འོག་ན་གནས་པ་རྣམས་དང་ལྷན་ཅིག་དཀྱིལ་འཁོར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་སླད་དུ་མཆིས་པར་འགྱུར་རོ། །སྟེང་ནས་ནམ་མཁའ་ལ་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་དང་། མཚན་མོའི་ལྷ་དང་། ཉི་མ་

དང་། ཟླ་བ་རྒྱུ་སྐར་དང་བཅས་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་བགྱིས་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་ཕྱག་བགྱི་བའི་ལས་བགྱི་སྟེ། རིག་སྔགས་འཆང་གིས་རྩྭ་ཀུ་ཤའི་སྟེང་དུ་ཤར་ཕྱོགས་ཀྱི་སྒོར་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་སྐྱིལ་མོ་ཀྲུང་བཅས་ཏེ།

เล่ม ๙๒ · หน้า 285b

མཆིས་ལ་གཞན་མི་སྨྲ་བར་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བགྱིས་ལ། དཀྱིལ་འཁོར་གྱི་སྙིང་པོར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཞག་པར་བགྱི་ཞིང་། མེ་ཏོག་རེ་རེ་ལ་བཟླས་བརྗོད་བགྱིས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་

མདུན་དུ་དོར་བར་བགྱིའོ། །དེ་ནས་ཁྲོ་བོའི་རྒྱལ་པོས་ཡུངས་ཀར་གྱི་འབྲུ་རེ་རེ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་པས་གཏོར་བར་བགྱིའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་དོན་ཡོད་པའི་ཞགས་པའི་ལྕགས་ཀྱུས་བཟླས་བརྗོད་སྟོང་རྩ་བརྒྱད་བགྱིས་པས་

དབུལ་བར་བགྱིའོ། །རིལ་བུ་རེ་རེ་ལ་བཟླས་བརྗོད་བགྱིས་པའི་བདུག་སྤོས་དབུལ་བར་བགྱིའོ། །ཡུངས་ཀར་རེ་རེ་ལ་བཟླས་བརྗོད་བགྱིས་ལ། སྙིང་པོའི་དཀྱིལ་འཁོར་གྱི་སྟེང་དུ་དོར་བར་བགྱིའོ། །སྟོང་རྩ་བརྒྱད་རྫོགས་པ་དང་། ཐུན་ཐ་མའི་ནམ་ནངས་ཀར་གྱ་ནོམ་པ། ཡིད་དུ་འོང་

ཞིང་དགའ་བ་དང་། རབ་ཏུ་དགའ་བར་བགྱིད་པར་ས་གཡོ་བར་འགྱུར་ཞིང་། སྒྲ་མཉེན་པ་དང་། སྙན་ཅིང་འཇེབས་པ་དང་། ཡིད་དུ་འོང་བ་ཟབ་མོ་ཟབ་མོ་དང་། ཀ་ལ་པིང་ཀ་དང་། མིའམ་ཅིའི་སྒྲ་དབྱངས་ལྟ་བུ་འབྱུང་བར་འགྱུར་ཏེ། རིག་སྔགས་འཆང་གི་སེམས་བརྟན་པོར་བགྱི་

ཞིང་མཆོག་ཏུ་དགའ་བ་ཡིད་ལ་བགྱིད་པས་བཟླས་བརྗོད་བགྱིའོ། །དེ་ནས་དཀྱིལ་འཁོར་གྱི་སྙིང་པོ་ནས་འོད་ཟེར་རྣམ་པ་སྣ་ཚོགས་མང་པོ་འབྱུང་ཞིང་ཕྱོགས་དང་། ཕྱོགས་མཚམས་ཀུན་ཏུ་མཆི་ཞིང་སྣང་བར་འགྱུར་ཏེ། ནམ་མཁའི་དཀྱིལ་ན་སྤྲིན་བརྩེགས་པའི་ཕུང་པོ་བཞིན་དུ་

འོད་ཟེར་གྱི་གཟུགས་སུ་གྱུར་ནས་གནས་པར་འགྱུར་རོ། །དེ་ནས་སྔོན་མ་བྱུང་བའི་དྲི་ཞིམ་པོ་རྨད་དུ་འབྱུང་བར་འགྱུར་ཞིང་ལྷའི་ཙནྡན་དང་། གོ་ཤིཪྵའི་ཙནྡན་དང་། ཙནྡན་སྦྲུལ་གྱི་སྙིང་པོ་དང་། ག་བུར་དང་། གླ་རྩིའི་དྲི་འབྱུང་སྟེ། དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་དྲི་

གནས་པར་འགྱུར་རོ། །ལྷ་རྫས་ཀྱི་བདུག་སྤོས་ཀྱི་དྲི་ཞིམ་པོ་སྔོན་མ་བྱུང་བ་རྨད་དུ་བྱུང་བ་བཻ་ཌཱུརྱ་སྔོན་པོའི་སྤྲིན་བརྩེགས་པ་ལྟ་བུའི་བདུག་སྤོས་ཀྱི་སྤྲིན་ནམ་མཁའི་དཀྱིལ་ན་གནས་པར་ཡང་འགྱུར་ཏེ། ཕྱོགས་བཅུ་ཀུན་ཏུ་བདུག་སྤོས་ཀྱི་དྲི་རྒྱས་པར་འགྱུར་རོ། །དེ་ནས་སྙིང་པོའི་

เล่ม ๙๒ · หน้า 286a

དཀྱིལ་འཁོར་གྱི་དབུས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ཉིད་ཀྱི་རང་གི་གཟུགས་ཀྱིས་འབྱུང་བར་འགྱུར་ཏེ། ཚངས་པ་བཟང་པོའི་ཆ་ལུགས་ཅན། རལ་པའི་ཐོག་ཚུགས་ཀྱིས་བརྒྱན་པ། དོན་ཡོད་པའི་ཞགས་པའི་གཟུགས་ལག་པ་བཞི་པ།

པདྨ་དང་། ཞགས་པ་ཐོགས་པ། རྒྱལ་བ་འོད་དཔག་ཏུ་མེད་པའི་དབུ་རྒྱན་ཅན། དབུ་རྒྱན་ཟླ་བ་ཚེས་པས་བརྒྱན་པ། མདུང་རྩེ་གསུམ་པ་ཐོགས་ཤིང་དབུགས་འབྱིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ། རང་གི་འོད་དང་གཟི་བརྗིད་ཀྱིས་

ཤིན་ཏུ་འབར་བ། བཞིན་འཛུམ་ཞིང་ཉི་མ་སྟོང་བས་ལྷག་པའི་འོད་ཟེར་གྱི་སྣང་བ་དང་ལྡན་པ། ཁྲུ་བརྒྱད་ཙམ་གྱི་ལུས་བཟང་པོས་དཀྱིལ་འཁོར་གྱི་སྙིང་པོའི་པདྨའི་སྟན་ལས་ལངས་ཏེ། ནམ་མཁའ་ལ་མཆིས་ནས་ཞི་བའི་གཟུགས་ཅན་བྱམས་པའི་སེམས་དང་། སྙིང་རྗེ་ཆེན་པོ་ཡིད་ལ་

བགྱིས་པས་དཀྱིལ་འཁོར་ཀུན་དུ་ལྟ་ཞིང་ཕྱོགས་བཅུར་རྟོག་པར་བགྱིད་དོ། །དེ་ནས་རིག་སྔགས་འཆང་ལ་ལེགས་སོ་ཞེས་བྱ་བའི་སྒྲ་འབྱུང་སྟེ། རིག་སྔགས་འཆང་ཆེན་པོ་ལེགས་སོ་ལེགས་སོ། །ལག་པ་གཡས་པ་བརྐྱང་བའི་ལག་མཐིལ་ཤིན་ཏུ་བཟང་པོ་འོད་ཟེར་བྱེ་བ་བརྒྱ་སྟོང་

ཕྲག་སྟོང་གིས་ལེགས་པར་བརྒྱན་པའི་ལག་པ་རིག་སྔགས་འཆང་གི་སྤྱི་བོར་འཇོག་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལག་པ་སྤྱི་བོར་བཞག་མ་ཐག་ཏུ་དེ་ནས་རིག་སྔགས་འཆང་དེ་ནམ་མཁའ་ལ་མཆིས་ཏེ། དོན་ཡོད་པའི་ཞགས་པ་དང་། ལྕགས་

ཀྱུ་རྒྱ་ཆེན་པོ་འོད་ཟེར་སྣང་བ་བཀོད་པ་རྣམ་པར་འཕྲུལ་པ་ཞེས་བྱ་བ་སྒྱུ་མ་ལྟ་བུའི་ཤུགས་ཀྱི་དཀྱིལ་འཁོར་ཞེས་བྱའི་ཏིང་ངེ་འཛིན་འཐོབ་སྟེ། ཏིང་ངེ་འཛིན་གཞན་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བྱེ་མ་སྙེད་འཐོབ་བོ། །ཀུན་དུ་དོན་ཡོད་པར་ལྟ་བ་ནོར་བུའི་སྙིང་པོ་རྒྱ་ཆེན་པོར་གྲགས་པ་

དོན་ཡོད་པའི་ལྕགས་ཀྱུའི་གཟུངས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའི་གཟུངས་འཐོབ་པར་འགྱུར་ཏེ། གང་གིས་གཟུངས་ཐོབ་པའི་མོད་ལ་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བའི་ཆོ་ག་ཞིབ་མོ་བྱང་ཆུབ་སེམས་དཔའ་

เล่ม ๙๒ · หน้า 286b

ཐམས་ཅད་ཀྱིས་ཕྱག་བགྱིས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་མཐའ་དག་རྫོགས་པར་ཁ་ཏོན་ཉིད་དུ་གནས་སོ། །གཞན་ཡང་པདྨ་རྒྱ་ཆེན་པོའི་དཀྱིལ་འཁོར་མཐའ་དག་དང་། རྡོ་རྗེའི་རིགས་དང་། དེ་བཞིན་གཤེགས་པའི་རིགས་དང་། ནོར་བུའི་རིགས་དང་། གླང་པོ་ཆེའི་

རིགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་དང་། གསང་བ་ཆེན་པོའི་སྙིང་པོ་དང་། ཕྱག་རྒྱ་དང་བཅས་པའི་གསང་སྔགས་རིམ་པར་ཕྱེ་བ་གསང་བ་དང་། ཆོ་ག་ཞིབ་མོའི་རྣམ་པ་ཐམས་ཅད་ཁ་ཏོན་ཉིད་དུ་གནས་སོ། །རིག་སྔགས་འཆང་གི་འཁོར་ལོས་སྒྱུར་

བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱ་ཀླུང་གི་བྱེ་མ་དགུ་བཅུ་རྩ་གཉིས་པ་རྣམས་ཀྱི་གཙོ་བོ་དང་། མཆོག་དང་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རིག་སྔགས་འཆང་དེ་ལ་སྨྲས་པ། རིག་སྔགས་

འཆང་ཇི་ལྟར་ཡིད་ལ་བྱེད་པ་དང་། བསམ་པ་སྨྲོས་ཤིག་དང་། མཆོག་དེ་ཐམས་ཅད་རྗེས་སུ་སྦྱིན་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་ཇི་ལྟར་ཡིད་ལ་བསམས་པ་དང་། མཆོག་མངོན་པར་འདོད་པ་དེ་ཐམས་ཅད་སྨྲ་ཞིང་མཆོག་ཡིད་ལ་རེ་བ་ཐམས་ཅད་སྦྱིན་པར་འགྱུར་རོ། །

གཞན་ཡང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དགོས་པ་སྣ་ཚོགས་ད་ལྟར་བྱུང་བ་རྣམས་སྨྲ་ཞིང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་སྨྲའོ། །ལོ་ལེགས་པ་དང་། ལོ་ཉེས་པ་དང་། བདེ་བ་དང་། ནད་དང་། འཇིགས་པ་དང་། ལྷག་པར་འཇིགས་པ་དང་།

ཕ་རོལ་གྱི་དམག་ཚོགས་དང་། རང་གི་དམག་ཚོགས་དང་། ཕྱིར་རྒོལ་བ་དང་། དགྲ་བོ་དང་། ཡམས་ཀྱི་ནད་དང་། མི་ངས་དང་། གནོད་པ་དང་། ནད་འགོ་བ་དང་། འཚེ་བ་དང་། གཟའ་འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། མཚང་འདུ་བ་དང་། འགྱེད་པ་དང་། གཡུལ་

འགྱེད་པ་དང་། ཆར་ཆེས་པ་དང་། ཆར་དཀོན་པ་དང་། དུས་མ་ཡིན་པའི་ཆར་དང་། ཚེ་རིང་བ་དང་། ཚེ་ཐུང་བ་དང་། ཚེ་ཡོངས་སུ་ཟད་པ་དང་། དུས་མ་ཡིན་པར་འཆི་བ་གང་། འབྱོར་པ་དང་། རྒྱུད་པ་དང་། དགེ་བ་དང་། མི་དགེ་བ་དང་། སྐྱེ་བ་དང་། འགག་པ་དང་། འགྲུབ་པ་དང་།

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด